Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 62

Văn bản gốc(Tây Tạng)

Trang 2 / 24 (50.000 ký tự/trang)
ྡོ་རྗེ་བླ་ན་མེད་པ་འདི། །བདག་སྟེ་བདག་གི་ལག་ཏུ་བྱིན། །རྡོ་རྗེ་ལ་ནི་རྡོ་རྗེ་གནས། །དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་མཐར་ཐུག་པའི་བར་དུ་བསྐྱེད་པ་དང་། སྤྲོ་བ་དང་། བསྡུ་བ་དང་། གནས་པ་དང་། བརྟན་
པར་གྱུར་པ་དང་། རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ན་གནས་པའི་རྡོ་རྗེའི་དབུས་སུ་འདུག་སྟེ། ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་དང་། དབང་བསྐུར་བའི་རྗེས་ཐོགས་ལ། ཆེད་དུ་བརྗོད་པར་བལྟ་བར་བྱའོ། །རྡོ་རྗེ་རྒྱལ་པོ་ལ་སོགས་པ་ཆེད་དུ་བརྗོད་པ་ནི་འདི་ཡིན་
ཏེ། ཨེ་མའོ་རྡོ་རྗེ་ལས་བྱུང་བའི། །ལྕགས་ཀྱུ་ངེས་པའི་རྒྱལ་པོ་བདག །གང་ཕྱིར་ཀུན་དུ་སངས་རྒྱས་ཁྱབ། །གྲུབ་ཕྱིར་ཀུན་ནས་སྤྱན་འདྲེན་ནོ། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། །ཡེ་ཤེས་བླ་ན་མེད་པ་འདི། །སངས་རྒྱས་ཀུན་གྱི་དོན་བསྒྲུབ་ཕྱིར། །ཀུན་ནས་སྤྱན་དྲངས་
དམ་པའོ། །ཨེ་མའོ་བདག་ནི་རང་བཞིན་བདག །རང་བྱུང་བ་དག་དགྱེས་བྱེད་ན། །འདོད་ཆགས་བྲལ་རྣམས་དག་བྱའི་ཕྱིར། །འདོད་ཆགས་ཀྱིས་ནི་འདུལ་བར་བྱེད། །སངས་རྒྱས་ཀུན་གྱི་འདོད་ཆགས་ཀྱིས། །ཡེ་ཤེས་འདི་ནི་དྲི་མ་མེད། །འདོད་ཆགས་ཀྱིས་ནི་ཆགས་བྲལ་
བཅོམ། །བདེ་བ་ཐམས་ཅད་སྦྱིན་པར་བྱེད། །ཨེ་མའོ་ཐམས་ཅད་མཁྱེན་ཀུན་གྱིས། །ལེགས་བྱིན་ནང་ན་བདག་མཆོག་པས། །རྣམ་རྟོག་བྲལ་བ་དེ་དག་གིས། །ངེས་པར་དགྱེས་པ་བསྐྱེད་པ་ཡིན། །སངས་རྒྱས་ཀུན་གྱིས་ལེགས་བྱིན་པའི། །འདི་ནི་རབ་ཏུ་འཇུག་
བྱེད་པས། །རྡོ་རྗེ་ཐམས་ཅད་དགྱེས་པར་བྱེད། །ལྷ་རྫས་དགྱེས་པ་སྤྲེལ་བའོ། །ཨེ་མའོ་ཆགས་མེད་རྒྱལ་བ་ཡང་། །ཁམས་གསུམ་དབང་པོས་དགོངས་པས་ན། །རྡོ་རྗེ་རིན་ཆེན་དམ་པ་ཡི། །དབང་གི་མཆོག་ནི་བདག་ཡིན་ནོ། །སངས་རྒྱས་ཀུན་གྱི་སེམས་

དཔའི་དབྱིངས། །དབང་བསྐུར་དེ་ནི་བདག་ཡིན་ཏེ། །བདག་གི་ལག་ཏུ་བྱིན་པས་ན། །རིན་ཆེན་ལ་ནི་རིན་ཆེན་བཞག །ཨེ་མའོ་སེམས་ཅན་ཁམས་ཀུན་དུ། །སྣང་བྱེད་གཟི་བརྗིད་དཔེ་མེད་བདག །གང་ཕྱིར་སངས་རྒྱས་དག་པ་ཡི། །འདྲེན་པ་
རྣམས་ཀྱང་སྦྱོང་བར་བྱེད། །སངས་རྒྱས་ཀུན་གྱི་སྣང་བ་འདི། །མི་ཤེས་མུན་ནག་འཇོམས་མཛད་པ། །ཤིན་ཏུ་ཕྲ་རྡུལ་ཇི་སྙེད་པའི། །ཉི་མའི་འོད་པས་ཤིན་ཏུ་ལྷག །ཨེ་མའོ་དོན་ཀུན་གྲུབ་པ་དང་། །དགོངས་པ་ཐམས་ཅད་རྫོགས་པ་ཡི། །དོན་རྣམས་ཐམས་ཅད་
རྫོགས་བྱེད་པའི། །དྲི་མེད་པར་ནི་བདག་ཡིན་ནོ། །སངས་རྒྱས་ཀུན་གྱི་དགོངས་པ་ཀུན། །ཡོངས་སུ་རྫོགས་པར་བྱེད་པ་ཡི། །ཡིད་བཞིན་ནོར་བུའི་རྒྱལ་མཚན་འདི། །སྦྱིན་པའི་ཕ་རོལ་ཕྱིན་པའི་ཚུལ། །རྟག་ཏུ་མཉམ་པར་གཞག་རྣམས་ཀྱིས། །སངས་རྒྱས་དོན་
ལ་རབ་སྦྱོར་ཕྱིར། །ཨེ་མའོ་བདག་ནི་ཀུན་མཆོག་གི། །བཞད་ཆེན་རྨད་དུ་བྱུང་བ་ཡིན། །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རྨད་བྱུང་བསྐྱེད་པ་སྟོན་པ་པོ། །དགྱེས་ཆེན་བསྐྱེད་པའི་ཡེ་ཤེས་ཏེ། །གཙུག་ལག་གཞན་གྱིས་ཤེས་མི་ནུས། །ཨེ་མའོ་རང་བྱུང་
གདོད་ནས་དག །དམ་པའི་དོན་ནི་བདག་ཡིན་ཏེ། །གང་ཕྱིར་གཟིངས་འདྲའི་ཆོས་རྣམས་ལ། །རྣམ་པར་དག་པར་དམིགས་པར་གྱུར། །སངས་རྒྱས་ཀུན་གྱི་འདོད་ཆགས་ཀྱི། །དེ་ཡི་ཁོ་ན་རྟོག་པ་འདི། །བདག་སྟེ་བདག་གི་ལག་ཏུ་བྱིན། །ཆོས་ལ་ཆོས་ནི་གནས་པར་
འགྱུར། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །འཇམ་དབྱངས་བདག་ནི་ཡིན་པར་དགོངས། །གང་ཕྱིར་ཤེས་རབ་གཟུགས་མེད་ཀྱང་། །དབྱངས་ཉིད་དུ་ནི་དམིགས་པ་ཡིན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །དགྲ་
རྣམས་ཐམས་ཅད་ཚར་གཅོད་ཅིང་། །སྡིག་པ་ཐམས་ཅད་འཇོམས་པའི་མཆོག །རྡོ་རྗེ་དམ་པ་ཆོས་ཅན་གྱིས། །ཨེ་མའོ་རྡོ་རྗེ་འཁོར་ལོ་བདག །གང་ཕྱིར་སེམས་བསྐྱེད་ཙམ་གྱིས་ཀྱང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །

ཆོས་རྣམས་ཐམས་ཅད་རྣམ་པར་སྦྱོང་། །ཕྱིར་མི་ལྡོག་པའི་འཁོར་ལོ་ཡང་། །བྱང་ཆུབ་སྙིང་པོ་ཡིན་པར་དགོངས། །ཨེ་མའོ་རང་བྱུང་རྣམས་ཀྱིས་གསང་། །ལྡེམ་པོ་དག་ཏུ་བདག་དགོངས་ཏེ། །གང་ཕྱིར་དམ་པའི་ཆོས་འཆད་པ། །ཚིག་གི་སྤྲོས་ལས་རྣམ་པར་བྲལ། །
འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་བཟླས་པར་བརྗོད་པ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྔགས་འདི་མྱུར་དུ་གྲུབ་པར་འགྱུར། །ཨེ་མའོ་སངས་རྒྱས་རྣམས་ཀྱིས་ངེས། །ཕྲིན་ལས་མང་པོ་ཀུན་བདག་ཡིན། །སངས་རྒྱས་དོན་ཀུན་ལྷུན་གྲུབ་ཕྱིར། །རྡོ་རྗེ་
ལས་ནི་འཇུག་པར་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ལས་རྣམས་ཐམས་ཅད་བྱེད་པའི་མཆོག །བདག་སྟེ་བདག་གི་ལག་ཏུ་བྱིན། །ལས་རྣམས་ཀུན་ནི་བྱེད་དུ་བཅུག །ཨེ་མའོ་བརྩོན་འགྲུས་གོ་ཆ་ནི། །བརྟན་པའི་བདག་ཉིད་རབ་བརྟན་བདག །དེ་ནི་བརྟན་
ཕྱིར་ལུས་མིན་ཡང་། །རྡོ་རྗེའི་ལུས་སུ་བྱེད་པའི་མཆོག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བྱམས་པའི་གོ་ཆ་དམ་པ་སྟེ། །བརྩོན་འགྲུས་བརྟན་པས་སྲུང་བ་ཆེ། །གྲོགས་པོ་ཆེན་པོར་བརྗོད་པ་ཡིན། །ཨེ་མའོ་བདག་ནི་སངས་རྒྱས་རྣམས། །ཐུགས་རྗེ་ཅན་གྱི་
ཐབས་ཆེན་ཏེ། །ཞི་ཡང་སེམས་ཅན་དོན་དུ་ནི། །མ་རུངས་པར་ནི་སྟོན་པར་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །མ་རུངས་ཐམས་ཅད་འདུལ་བའི་མཆོག །ཀུན་གྱི་མཆོག་ནི་འདུལ་བྱེད་པ། །རྡོ་རྗེ་མཆེ་བའི་མཚོན་རྣོ་སྟེ། །ཐབས་དང་སྙིང་རྗེའི་བདག་ཉིད་དོ། །ཨེ་
མའོ་རབ་ཏུ་བརྟན་བཅིངས་པའི། །དམ་ཚིག་བདག་སྟེ་བསྟན་པ་དག །བསམ་པ་ཐམས་ཅད་རབ་འགྲུབ་ཕྱིར། །གྲོལ་བ་རྣམས་ཀྱང་བཅིང་བར་བྱེད། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་རྒྱ་བཅིང་བ་ཆེ་ཞིང་བརྟན། །སངས་རྒྱས་ཀུན་དུ་མྱུར་འགྲུབ་ཕྱིར། །དམ་ཚིག་ཤིན་ཏུ་
འདའ་བར་དཀའ། །དེ་ནས་མི་བསྐྱོད་པའི་ང་རྒྱལ་གྱིས་རྡོ་རྗེ་སེམས་མ་བསྐྱེད་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་གྱིས་རིན་ཆེན་སེམས་མ་བསྐྱེད་པར་བྱའོ། །འོད་དཔག་ཏུ་མེད་པའི་ང་རྒྱལ་གྱིས་ཆོས་ཀྱི་སེམས་མ་བསྐྱེད་པར་བྱའོ། །དོན་ཡོད་པར་གྲུབ་པའི་ང་རྒྱལ་གྱིས་

ལས་ཀྱི་སེམས་མ་བསྐྱེད་པར་བྱའོ། །འདི་རྣམས་ཀྱི་ཆེད་དུ་བརྗོད་པ་ནི། འདི་ཡིན་ཏེ། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །སེམས་དཔའི་རྡོ་རྗེ་བརྟན་པའི་བདག །གང་ཕྱིར་བརྟན་པས་ལུས་མེད་ཀྱང་། །རྡོ་རྗེའི་ལུས་སུ་གྱུར་པ་ཡིན། །ཨེ་མའོ་སངས་
རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་རིན་ཆེན་བདག་ཉིད་གྲགས། །གང་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །དབང་གི་ཚུལ་ནི་བརྟན་པོ་ཡིན། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀྱི་རྡོ་རྗེ་གཙང་མ་བདག །གང་ཕྱིར་རང་བཞིན་རྣམ་དག་པས། །འདོད་ཆགས་ཡིན་ཡང་དྲི་མ་མེད། །
ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །ལས་ཀྱི་རྡོ་རྗེ་མང་པོ་བདག །གང་ཕྱིར་གཅིག་ཀྱང་སེམས་ཅན་ཁམས། །མ་ལུས་པར་ནི་ལས་ཟད་བྱེད། །ཡང་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་གྱིས། སྒེག་མོ་ལ་སོགས་པ་བཞི་བསྐྱེད་དེ། འདི་རྣམས་ཀྱི་ཆེད་དུ་བརྗོད་པ་ནི་འདི་ཡིན་ཏེ།
ཨེ་མའོ་རང་བྱུང་རྣམས་ཀྱི་ནི། །མཆོད་པ་བདག་འདྲ་གཞན་མེད་དེ། །གང་ཕྱིར་འདོད་པ་དགའ་མཆོད་པས། །མཆོད་པ་ཐམས་ཅད་བྱས་པར་འགྱུར། །ཨེ་མའོ་རིན་ཆེན་མཆོད་པ་བཞེས། །བདག་དང་འདྲ་བ་གྲགས་པ་མེད། །གང་ཕྱིར་ཁམས་གསུམ་རྒྱལ་མཆོག་
ཀྱང་། །རབ་ཏུ་མཆོད་པ་བྱེད་པར་འགྱུར། །ཨེ་མའོ་བདག་ནི་ཀུན་གཟིགས་པའི། །གླུ་མཆོག་ཚུལ་གྱི་མཆོད་པ་ཡིན། །གང་ཕྱིར་སྒྲ་བརྙན་འདྲ་བ་ཡི། །མཆོད་པ་རྣམས་ཀྱིས་མཉེས་པར་བྱེད། །ཨེ་མའོ་མཆོག་ཀུན་དོན་མཛད་པའི། །མཆོད་པ་རྒྱ་ཆེར་བདག་ཡིན་ཏེ།
གང་ཕྱིར་རྡོ་རྗེ་གར་ཆོ་གས། །སངས་རྒྱས་མཆོད་པ་རབ་ཏུ་བྱེད། །ཡང་མི་བསྐྱོད་པ་ལ་སོགས་པའི་ང་རྒྱལ་གྱིས། རྡོ་རྗེ་བདུག་པ་མོ་ལ་སོགས་པ་བཞི་བསྐྱེད་དེ། འདི་རྣམས་ཀྱི་ཆེད་དུ་བརྗོད་པ་ནི་འདི་ཡིན་ཏེ། ཨེ་མའོ་བདག་ནི་མཆོད་པ་ཆེ། །རབ་ཏུ་ཚིམ་ལྡན་དགེ་བ་ཡིན། །གང་
ཕྱིར་སེམས་ཅན་དབང་ལྡན་པས། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །ཨེ་མའོ་མེ་ཏོག་མཆོད་པའི་བདག །ཐམས་ཅད་ཀྱིས་ནི་རྒྱན་བྱེད་དེ། །གང་ཕྱིར་མཆོད་ནས་དེ་བཞིན་གཤེགས། །རིན་ཆེན་ཉིད་དུ་མྱུར་དུ་འགྲུབ། །ཨེ་མའོ་མཆོད་པའི་མར་མེ་ནི། །རྒྱ་ཆེན་དགེ་

བ་བདག་ཡིན་ཏེ། །གང་ཕྱིར་གནས་བཅས་མྱུར་དུ་ནི། །སངས་རྒྱས་ཀུན་གྱི་སྤྱན་ཡང་ཐོབ། །ཨེ་མའོ་དྲི་ཡི་རང་བཞིན་གྱི། །མཆོད་པའི་ལྷ་རྫས་ཡིད་འོང་བ། །དེ་བཞིན་གཤེགས་པ་རྣམས་ཀྱི་དྲི། །ལུས་རྣམས་ཀུན་ལ་འབྱིན་པར་འགྱུར། །དེ་ནས་རྣམ་པར་སྣང་མཛད་
ཀྱི་ང་རྒྱལ་གྱིས། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞི་བསྐྱེད་དེ། འདི་རྣམས་ཀྱི་ཆེད་དུ་བརྗོད་པ་ནི། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་སྤྱན་འདྲེན་བརྟན་པའི་བདག །གང་ཕྱིར་བདག་གིས་སྤྱན་དྲངས་པས། །དཀྱིལ་འཁོར་ཀུན་ལ་བརྟན་པར་འགྱུར། །
ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་ཞགས་པ་དམ་པོའི་བདག །རྡུལ་ཕྲན་ཞུགས་པ་ཐམས་ཅད་ཀྱང་། །བདག་གིས་སླར་ཡང་དྲང་བར་བྱ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་ལྕགས་སྒྲོག་དམ་པོའི་བདག །བཅིངས་པ་ཀུན་ལས་གྲོལ་བ་རྣམས། །སེམས་
ཅན་དོན་ཀུན་བཅིང་བར་འདོད། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་དབབ་པ་བརྟན་པའི་བདག །ཀུན་གྱི་བདག་ཏུ་གྱུར་ནས་ཀྱང་། །བྲན་དུ་ཡང་ནི་གྱུར་པ་ཡིན། །ཞེས་བྱ་བ་ཡིན་ནོ། །འདི་ཙམ་གྱིས་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་བརྟན་པ་ཡིན་ནོ།། །།
དེ་ནས་བདག་ཉིད་རྣམ་པར་སྣང་མཛད་དང་ཐ་མི་དད་པར་བསམས་ལ་བསྡུ་བར་བྱའོ། །དེ་ནས་བསྡུ་བས་བྱིན་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡྷ་ནཾ་ཀ་རོ་མི་ཞེས་བརྗོད་ཅིང་། ཨེ་མའོ་ཀུན་དུ་བཟང་
པོ་ཡི། །བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག །དེ་བཞིན་གཤེགས་པའི་འཁོར་ལོ་ཡི། །དབུས་ན་དེ་བཞིན་གཤེགས་པ་མཛེས། །ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་བསམ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཞུགས་ཏེ་སླར་བྱུང་ནས། རྡོ་རྗེ་
སེམས་མ་ལ་སོགས་པ་དང་གཅིག་ཏུ་གྱུར་ཏེ། ཡང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་མཛད་དེ། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་ཆེན་གདོང་ནས་སྐྱེ་བ་མེད། །རྡུལ་ཕྲན་ཐམས་ཅད་ཇི་སྙེད་ཀྱི། །སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར། །དེ་ནས་དཔལ་རྡོ་རྗེ་སེམས་དཔའི་

གནས་ན་གནས་པའི་རྣལ་འབྱོར་པས། དེ་བཞིན་གཤེགས་པ་ཐམས་ཅད་ལས་ཕྲེང་བའི་དབང་བསྐུར་བ་ལ་སོགས་པ་བླངས་ནས། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ། རྣམ་པར་སྣང་
མཛད་ལ་སོགས་པའི་ཕྱག་རྒྱ་བཞིས་རྒྱས་བཏབས་ནས། སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པ་དང་། རིགས་ཐམས་ཅད་ལ་རྒྱས་གདབ་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བ་དང་། རྗེས་སུ་མཉེས་པར་བྱ་
བ་དང་། དགྱེས་པ་དང་། དབང་བསྐུར་བ་དང་། འོད་ཀྱིས་སྣང་བར་བྱ་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱོར་བ་དང་། འཛུམ་པ་རྨད་དུ་བྱུང་བ་ལ་ངེས་པར་སྦྱོར་བ་དང་། ཤིན་ཏུ་རྣམ་པར་དག་པའི་ཏིང་ངེ་འཛིན་རྫོགས་པར་བྱ་བ་དང་། ཉོན་མོངས་པ་དང་ཉེ་
བའི་ཉོན་མོངས་པ་གཅོད་པ་དང་། དཀྱིལ་འཁོར་ཆེན་པོར་འཇུག་པ་དང་། སྤྲོས་པ་མེད་པའི་ཆོས་ལ་ངེས་པར་སྦྱོར་བ་དང་། མཆོད་པ་མ་ལུས་ཤིང་ལུས་པ་མེད་པས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། ཐེག་པ་གཞན་ལ་འདོད་པ་དང་། སེམས་ཅན་ཉོན་མོངས་པ་ལ་
སོགས་པའི་འཇིགས་པ་རྣམས་ལས་བསྲུང་བ་དང་། སྲུང་བ་ཐམས་ཅད་ལས་ཡོངས་སུ་བསྐྱབ་པ་དང་། སྐུ་དང་གསུང་དང་ཐུགས་གཅིག་ཏུ་བྱས་པ་ཉིད་ཀྱི་བཅིང་བ་ཉིད་ཀྱི་ཁུ་ཚུར་དང་། དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་
པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། སྨོན་ལམ་དང་། ཐབས་རྫོགས་པར་བྱ་བ་དང་། རྡོ་རྗེ་ལྕགས་ཀྱུས་སེམས་ཅན་ཐམས་ཅད་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་དགུག་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་ལ་གཞུག་པ་དང་། ཐེག་པ་
གཞན་འདོད་པ་ལ་སེམས་དྲལ་བ་དང་། རང་བཞིན་གྱིས་འོད་གསལ་ཞིང་སྐྱེ་བ་མེད་པར་དབབ་པ་དང་། དམ་པའི་ཆོས་ཀྱི་གྲོང་ཁྱེར་བསྐྱང་པ་ཉིད་ལ་སྦྱར་བར་བྱའོ། །འདི་ནི་ལས་ཀྱི་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཡིན་ནོ།། །།དེ་ནས་རྡོ་རྗེ་གནོད་སྦྱིན་

ཡོངས་སུ་བཟླས་པའི་སྤོས་ཆུས། མཆོད་པའི་ཡན་ལག་རྣམས་བསངས་ལ། རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པས་ཡོངས་སུ་བཟླས་ལ། བཛྲ་པུཥྤེ་ཧཱུཾ་ཞེས་བྱ་བ་དང་། མེ་ཏོག་གི་ཕྱག་རྒྱས་མེ་ཏོག །བཛྲ་གནྡྷེ་ཧཱུཾ་ཞེས་བྱ་བ་དང་། དྲིའི་ཕྱག་རྒྱས་དྲི། བཛྲ་དྷཱུ་པེ་ཧཱུཾ་ཞེས་བྱ་བ་དང་།
བདུག་པའི་ཕྱག་རྒྱས་བདུག་པ་དང་། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ་ཅེས་བྱ་བ་དང་། རལ་གྲིའི་ཕྱག་རྒྱས་ནི་བཤོས་ཏེ། རྡོ་རྗེ་བསྡམས་པ་ལས་རལ་གྲིས་འདེབས་པའི་ཚུལ་དུ་བྱེད་པ་ནི་རལ་གྲིའི་ཕྱག་རྒྱའོ། །བཛྲ་ཨཱ་ལོ་ཀེ་ཞེས་བྱ་བ་དང་། མར་མེའི་ཕྱག་རྒྱ་ནི་མར་
མེའོ། །ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་བྱ་བ་དང་། ཏིལ་དང་། ནས་དང་། ཀུ་ཤ་དང་། འབྲས་ཡོས་དང་། མེ་ཏོག་དཀར་པོ་དྲི་ཞིམ་པ་དང་། ཙནྡན་དཀར་པོའི་ཆུ་དུང་ལ་སོགས་པའི་སྣོད་དུ་བླུགས་ལ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་མཚན་ཉིད་ཅན་གྱིས་མཆོད་ཡོན་གྱི་ཕྱག་རྒྱ་དང་ལན་གསུམ་
མམ་བདུན་ནམ། ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ལ་གཞག་པར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་སྒོ་དབྱེ་བ་བྱས་ལ། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་བཟླས་ལ། རྡོ་རྗེ་སེམས་དཔའ་སྦྱོར་བདག་ཉིད། ལག་ངར་གཉིས་ནི་རྡོ་རྗེ་བཙིར། །རྡོ་རྗེ་
སེ་གོལ་བརྡབས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །གཡོན་པའི་སེ་གོལ་བརྡབས་པ་དང་། །གཡས་པ་ཡིས་ནི་གྲུབ་པར་འགྱུར། །གཡས་པ་ཐལ་མོ་ཞེས་བྱ་སྟེ། །འདུས་པ་ཡང་ནི་གཉི་ག་ཡིན། །ཞེས་བྱ་བ་ནི་རྡོ་རྗེ་བསྡུ་བའི་ཕྱག་རྒྱའི་མཚན་ཉིད་དོ། །
ཨོཾ་བཛྲ་ས་མཱ་ཛ། ཛཿཧཱུཾ་བཾ་ཧོཿ ཞེས་བྱ་བ་ནི་རྡོ་རྗེ་བསྡུ་བའི་ཕྱག་རྒྱའི་སྙིང་པོའོ། །འདི་ནི་བཀའ་ཙམ་གྱིས་བསྒྲགས་པས། འཁོར་ལོའི་ཚོགས་ནི་འཁོར་བཅས་པའི། །སངས་རྒྱས་ཐམས་ཅད་གཤེགས་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །དེ་ནས་རྡོ་རྗེ་སེམས་དཔའ་
ཡི། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་། །མིང་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་རབ་ཏུ་བརྗོད་པར་བགྱི། །དེ་ནས་སྒོ་རྣམས་ཐམས་ཅད་དུ། །ལྕགས་ཀྱུ་ལ་སོགས་ལས་བགྱིས་ནས། །ལས་ཆེན་མཆོག་གི་ཕྱག་རྒྱ་ཡིས། །དམ་ཚིག་རྣམས་ནི་གཞག་པར་བགྱི། །དམ་

ཚིག་མཆོག་གི་ཕྱག་རྒྱ་དང་། །སེམས་དཔའི་རྡོ་རྗེ་ལ་སོགས་པས། །དེ་ལྟར་སེམས་དཔའ་ཆེན་པོ་བསྒྲུབ། །ཛཿཧཱུཾ་བཾ་ཧོཿཞེས་བྱར་བརྗོད། འདི་སྐད་ཅེས་སྟོན་ཏེ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་པ་དང་། སྲུང་བ་ཡང་བྱས་ལ།
རྡོ་རྗེ་ཁུ་ཚུར་གྱིས་སྒོ་ཡང་བཅད་དེ། རྡོ་རྗེ་སེམས་དཔས་མཆོད་ཡོན་ཕུལ་ལ། རྡོ་རྗེ་དབྱིངས་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། བཛྲ་དྷཱ་ཏུ་དྲྀ་ཤྱ་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་བལྟ་བར་བྱས་ལ། ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ་ས་མ་ཡ་ཧོ་ཨ་ཧཾ་ཞེས་
བྱ་བ་དང་། དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་སྙིང་པོ་དང་། སྔགས་ལན་གསུམ་བརྗོད་ལ་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་ཀྱང་། དེ་རྣམས་ལ་རྒྱས་བཏབ་སྟེ། དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་སངས་རྒྱས་ལ་སོགས་པས་དབང་བསྐུར་ལ།
མཆོད་ཡོན་ཕུལ་ནས་མཆོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་བྱ་བ་དང་། མེ་ཏོག་གིས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་བྱ་བ་དང་དྲིས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་
ཡེ་ཧཱུཾ་ཞེས་བྱ་བ་དང་བདུག་པས་སོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཅེས་བྱ་བ་དང་བཤོས་ཀྱིས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དཱི་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་བྱ་བ་དང་མར་མེས་མཆོད་པ་བྱ་ཞིང་། སྒེག་མོ་ལ་སོགས་པ་མཆོད་པ་བརྒྱད་ཀྱིས་ཡང་
དག་པར་མཆོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ནཾ་ནིརྱཱ་ཏ་ན་པཱུ་ཛ་སྥ་ར་ཎ་ཀརྨ་བཛྲི་ཧཱུཾ་ཨཿ ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ཨཱཏྨ་ནཾ་ནིརྱཱ་ཏ་ན་པཱུ་ཛ་སྥ་ར་ཎ་ཀརྨ་གྲྀ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ཨཱཏྨ་ནཾ་ནིརྱཱ་ཏ་ན་ཨ་ནུ་རཱ་ག་ཎ་པཱུ་ཛ་སྥ་ར་ཎ་ཀརྨ་བཱ་ཎེ་ཧཱུཾ་ཧོཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ནཾ་ནིརྱཱ་ཏ་ན་སཱ་དྷུ་ཀ་ར་པཱུ་ཛ་སྥ་
ར་ཎ་ཀརྨ་ཏུཥྚི་ཨཿ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཥེ་ཀེ་རཏྣེ་བྷྱོ་བཛྲ་མ་ཎི་ཨོཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་སཱུ་རྱེ་བྷྱོ་བཛྲ་ཏེ་ཛ་ནི་ཛྭཱ་ལ་ཧྲཱིཿ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨཱ་ཤ་པ་རི་པཱུ་ར་ཎ་ཙིཧྣ་མ་ཎི་དྷྭ་ཛཱ་གྲེ་བྷྱོ་བཛྲ་དྷྭ་ཛ་གྲེ་ཏྲཱཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པྲཱི་ཏི་པྲ་མོ་དྱ་ཀཱ་རེ་བྷྱོ་བཛྲ་ཧཱ་སྱ་ཧཱཿ ཨོཾ་

སརྦ་ཏ་ཐཱ་ག་ཏ་ཨ་ནུ་ག་ཏ་བཛྲ་དྷརྨ་ཏ་ས་མཱ་ཏི་བྷི་སྟུ་ནོ་མི་མ་ཧཱ་དྷརྨ་གྲྀ་ཧྲཱིཿ ཨོཾ་སརྦ་ཏ་ཐཱ་ག་ཏ་པྲཛྙཱ་པཱ་ར་མི་ཏཱ་ནིར་ཧ་རཻ་ཏུ་ནོ་མི་མ་ཧཱ་གྷོ་ཥ་ནུ་གེ་དྷཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་ཨཀྵ་པ་རི་བཱ་ར་ཏ་དི་སརྦ་སཱུ་ཏྲཱན་ཏྲ་ན་ཡཻ་སྟུ་ནོ་མི་སརྦ་མཎྜ་ལེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་སནྡྷ་བྷཱ་ཥ་བུདྡྷ་སཾ་གཱི་ཏི་པིརྒེ་ཡཾ་སྟུ་ནོ་
མི་བཛྲ་བཱརྩེ་བཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པ་པཱུ་ཛ་མེ་གྷ་ས་སྥ་ར་ཎ་པཱུ་ཛ་ཀརྨེ་ཀ་ར་ཀ་ར། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པྲ་ས་ར་སྥ་ར་ཎ་པཱུ་ཛ་ཀརྨེ་ཀི་རི་ཀི་རི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀ་ཛྭ་ལ་སྥ་ར་ཎ་པཱུ་ཛ་ཀརྨེ་ཀ་ར་ཀ་ར། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་ས་མུ་དྲ་སྥ་ར་ཎ་པཱུ་ཛ་ཀརྨེ་ཀུ་རུ་ཀུ་རུ་ཞེས་བྱ་བས་
སེམས་དཔའ་བཅུ་དྲུག་དང་འདྲ་བའི་རིག་མ་ལས་ཀྱི་ཕྱག་རྒྱ་དང་ལྡན་པ་རྣམས་ཀྱིས་མཆོད་པར་བྱའོ། །དེའི་ཕྱག་རྒྱ་ནི་འདི་རྣམས་ཡིན་ཏེ། རྡོ་རྗེ་བསྡམས་པ་དཀུར་བཞག་སྟེ། །བཙིར་བ་གཉིས་སུ་བྱས་པ་ཡིས། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནི། །བསྒྱིངས་བཅས་
བསོར་བ་གཉིས་ཀ་ཡིས། །ལྕགས་ཀྱུ་འཛིན་ལྟར་གནས་པ་དང་། མདའ་འཕངས་པ་ཡི་ཚུལ་དང་ནི། །ལེགས་སོ་ཞེས་པ་སྙིང་གར་བཞག །དབང་བསྐུར་བ་ནི་རྡོ་རྗེ་གཉིས། །སྙིང་གར་ཉི་མ་བསྟན་པར་བྱ། །གཡོན་པ་ལ་ནི་གྲུ་མོ་གཟུགས། །དེ་བཞིན་ཁ་
ཕྱོགས་བསྐོར་བར་བྱ། །གཡས་པ་ཡིས་ནི་གཡོན་པར་དབྱེ། །སྙིང་གར་གཡོན་པ་རལ་གྲི་འདུད། །མགལ་མེ་འཁོར་ལོ་བསྐོར་བ་དང་། །རྡོ་རྗེ་གཉིས་ཀ་ཁ་ནས་དབྱུང་། །རྡོ་རྗེ་གར་བསྐོར་བཀྲོལ་བ་ཡི། །ཐལ་མོ་འགྲོམ་པ་སྤྱི་བོར་གཞག །གོ་ཆ་མཐེའུ་ཆུང་ཕྱེ་བ་
དང་། །ཁུ་ཚུར་གཉིས་ནི་མནན་པའོ། །དེ་ནས་ཕྱག་བཞི་བྱས་ལ། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་གནས་ཏེ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་འདིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་བདག་ཉིད་བསྒོམ་མོ། །
དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བྱ་བས་རང་བཞིན་གྱིས་དག་པར་མོས་པར་བྱས་ལ། ཨོཾ་སརྦ་ས་མ་ཡོ྅ཧཾ་ཞེས་བྱ་བས་བདག་མེད་པའི་མཉམ་པ་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བསམ་པར་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའི་ཡི་གེ་

བརྒྱ་པ་རྡོ་རྗེའི་ཚིག་གམ་ཡིད་ཀྱིས་བཟླས་ལ། ཐམས་ཅད་བདག་ཡིན་ནོ་ཞེས་བསྒོམས་ལ། ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྱུང་བར་བསམ་ཞིང་། བཟླས་པ་ལ་བརྩོན་པར་བྱས་ན་དེ་ལྟ་བུས་ནི་ཐམས་ཅད་ཀྱིས་བཟླས་པར་འགྱུར་རོ། །ཇི་སྲིད་སྐྱོ་བར་
མ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམས་ལ་སྐྱོ་བར་གྱུར་ན་ཡང་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ལ། མཆོད་ཡོན་ཕུལ་ཏེ་མཆོད་ལ་ཕྱག་བཞི་བྱས་ནས། ཕྱག་རྒྱ་གང་དང་གང་ནས་བྱུང་བ་དེ་དང་དེ་ཉིད་ལས་བཀྲོལ་ལ། རྡོ་རྗེ་སེམས་མ་ལ་སོགས་པའི་ཕྱག་རྒྱས་བཛྲ་མུཿཞེས་བྱ་བ་
དང་། དགྲོལ་བར་བྱའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གནས་ཀྱི་ངེས་པ་ནི་བཤད་ཟིན་ཏོ། །མི་བསྐྱོད་པ་ལ་སོགས་པའི་གནས་ནི། རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་ཆོས་དང་། རྡོ་རྗེ་ལས་ཀྱི་གནས་ཉིད་ཡིན་ནོ། །རྣམ་པར་སྣང་མཛད་ཀྱི་གནས་
ནི་སྤྱི་གཙུག་ཡིན་ནོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་སྙིང་ག་ནས་བྱུང་བ། རང་གི་དབང་བསྐུར་བའི་གནས་སུ་གནས་པ་དང་། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བྱ་བས་ཕྱག་རྒྱ་ཐམས་ཅད་དབང་བསྐུར་བར་བྱའོ། །དེའི་རྗེས་ལ་སརྦ་མུ་ཏྲཾ་མཻ་ཏྲི་ཀུ་རུ་བ་ར་ཀ་བ་ཙེ་ན་བཾ་ཞེས་བྱ་
བ་དང་། མཛུབ་མོ་གཉིས་ཀྱིས་སྔ་མ་བཞིན་དུ་གོ་ཆ་བགོས་ལ། ཐ་མར་མཉམ་པའི་ཐལ་མོས་སྔ་མ་བཞིན་དུ་མཉེས་པར་བྱས་ལ། རྡོ་རྗེ་སེམས་དཔའ་དང་ཡི་གེ་བརྒྱ་པ་བཟླས་ནས། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར། དགེ་བའི་རྩ་བ་ཡོངས་སུ་བསྔོ་སྟེ། བདག་གི་ཆོ་ག་
མ་ཚང་བ་གང་དག་བགྱིས་པ་དེ་བཟོད་པར་མཛོད་ཅིག་ཅེས་གསོལ་བ་བཏབ་ལ། མཆོད་ཡོན་ཕུལ་ནས། ཨོཾ་ཀྲྀ་ཏོ་བ་སརྦྦ་སཏྭཱ་རྠ་སིདྡྷེ་མ་དཏྟཱ་ཡ་ཐཱ་ནུ་ག་གཙྪ་ཏྭཱཾ་བུདྡྷཱ་བི་ཥ་ཡཾ། པུ་ན་ར་ག་མ་ན་ཡཙྪ་ཞེས་བྱ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གཤེགས་པའི་ཕྱིར་
བསྐུལ་བར་བྱ་ཞིང་། ཨོཾ་བཛྲ་སཏྭ་མུཿཞེས་བྱ་བའི་སྙིང་པོ་འདིས། རྡོ་རྗེ་སེམས་མའི་ཕྱག་རྒྱ་གྱེན་དུ་དགྲོལ་བར་བྱའོ། །དེ་ལྟར་ན་ཐམས་ཅད་ཀྱང་གཤེགས་སུ་གསོལ་བར་འགྱུར་རོ། །ཇི་ལྟ་བ་བཞིན་དུ་སྤྲུལ་པའི་འཁོར་ལོའི་ཚོགས་དང་བཅས་པ་རྣམས་ནི། དེ་

བཞིན་དུ་ཡིད་ཀྱིས་ལེགས་པའི་སྦྱོར་བས་རང་གི་ལུས་ལ་བཅུག་ལ། རྡོ་རྗེ་སྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་བདག་ཉིད་བསྲུང་བ་བྱས་ནས་ལངས་ཏེ། དཀྱིལ་འཁོར་གྱི་ལས་དང་། གླེགས་
བམ་བཀླག་པ་ལ་སོགས་པ་བྱའོ། །དེ་ལྟར་ཉིན་རེ་ཞིང་ཐུན་བཞིར་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གམ། དུས་ཇི་སྲིད་ཀྱི་ལྷ་རྣམས་ལས་གནང་བ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བྱའོ། །ཡང་ན་སྔ་མ་བཞིན་དུ་རྣལ་འབྱོར་
ཆེན་པོ་དང་། མཆོད་པ་ལ་སོགས་པ་བྱས་ལ། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །དེ་ནས་བཛྲ་ཨཱཏྨ་ཀོ་ལ་སོགས་པའི་སྙིང་པོ་གསུམ་བཟླས་ལ། དེའི་དོན་གསུམ་པོ་རྣམ་
པར་བསྒོམས་ནས། ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལ་སོགས་པའི་སྔགས་ལྔ་པོས་རང་གི་སྙིང་གར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྤྲུལ་ལ། སྔར་བཤད་པའི་སྙིང་པོས་དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་གནས་ཇི་ལྟ་བ་བཞིན་དུ་བཀོད་དེ། ནམ་མཁའ་དང་མཉམ་
པའི་སྦྱོར་བས་ཞུགས་ལ། བཛྲ་ཨཱཏྨ་ཀོ་ལ་སོགས་པའི་སྔགས་ཀྱིས་དེ་རྣམས་དང་གཅིག་ཏུ་གྱུར་པར་བྱས་ལ། བཛྲ་དྷཱ་ཏུ་ར་ཧཾ་སྭ་ཡཾ་ཞེས་བྱ་བས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བདག་ཉིད་ངེས་པར་བྱས་ཏེ། ཐམས་ཅད་ཀྱང་བདག་ཉིད་ཁོ་ན་ཡིན་ནོ་ཞེས་
བསྒོམས་ལ། དཔལ་རྡོ་རྗེ་སེམས་དཔའི་སྙིང་པོའམ། སྔགས་ཟློས་ཤིང་ལྷ་ཐམས་ཅད་ཀྱི་ཞལ་ནས་ཀྱང་སྔགས་ཀྱི་སྒྲ་འབྱུང་བར་ཡང་བསམ་པར་བྱའོ། །ཕྱོགས་དེ་ལྟ་བུ་ལ་སོགས་པས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་འགྲུབ་པར་འགྱུར་རོ། །ངལ་
ཞིང་དུབ་ན་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་དང་། མཆོད་པ་དང་། ཕྱག་བཞི་བྱས་ལ། ཐུན་བཞིའི་ཐ་མར་ཡང་མཚན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པ་སྔོན་དུ་འགྲོ་བའི་མཆོད་པ་བྱས་ལ་གཤེགས་སུ་གསོལ་བར་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གསང་

སྔགས་རྣམས་ནི། རྣལ་འབྱོར་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པས། དཀྱིལ་འཁོར་བསྒོམ་པར་མི་ནུས་པ་གང་ཡིན་པ་དེས་ནི་རྣལ་འབྱོར་ཆེན་པོ་བྱས་ལ། ཐམས་ཅད་ཀྱི་སྔགས་རེ་རེ་ཞིང་བཟླས་བརྗོད་འབུམ་འབུམ་བྱས་ལ། བཛྲོ་ཏིཥྛ་ཞེས་ལན་འབུམ་
བཟླས་ལ་རྡོ་རྗེ་སློང་བའི་ཕྱག་རྒྱ་བཅིངས་ནས། མཚན་ཐོག་ཐག་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་རོ། །དེ་ནས་བརྩམས་ཏེ་དེས་བུམ་པ་ལ་སོགས་པ་དེ་ནམ་མཁའ་ལ་འཇོག་པར་ནུས་པར་འགྱུར་རོ། །རྡོ་རྗེ་མཛུབ་སོར་གཉིས་ལེགས་པར། །རབ་མཉམ་
གཞག་པས་བསྙམས་ནས་ནི། །ཤི་བ་ཐམས་ཅད་སློང་བ་སྟེ། །རྡོ་རྗེ་སློང་བ་ཞེས་བྱའོ། །བཛྲ་ཨཱ་བེ་ཤ་ཨ་ཞེས་བྱ་བ་ཡང་བཟླས་བརྗོད་འབུམ་བྱས་ལ། རྡོ་རྗེ་དྲིལ་བུ་མར་ལ་བྱུགས་ཏེ། སྲེག་བླུགས་སྟོང་གིས་མངོན་པར་སྦྱངས་ལ། རྡོ་རྗེ་འབེབས་པའི་ཕྱག་རྒྱས་
བཟུང་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་དེ་འགྲུབ་པར་འགྱུར་ལ་ལག་ན་ཐོགས་པ་ཐམས་ཅད་འབེབས་པར་འགྱུར་རོ། །སྔོན་དུ་བསྙེན་པའི་ཆོ་གའོ།། །།དེ་ལྟར་སྔོན་དུ་བསྙེན་པ་བྱས་ནས། གཙུག་ལག་ཁང་ངམ། ཀུན་དགའ་ར་བ་འམ།
ཡུལ་ལམ། གྲོང་ཁྱེར་གྱི་ཤར་རམ། བྱང་གི་ཕྱོགས་ཀྱི་ཆར་རམ། རང་ཡིད་དང་མཐུན་པ་དེར་དཀྱིལ་འཁོར་བྲི་བར་བྱའོ། །དེར་ཤིན་ཏུ་མཉམ་ཞིང་སྣུམ་ལ་ཤར་དུ་གཞོལ་བ། ཚད་དང་ལྡན་ཞིང་ཚ་སྒོ་ཅན་མ་ཡིན་པའི་སའི་ཆར་རྒྱལ་པོས་ནི་ཁྲུ་བརྒྱ་འམ་ལྔ་
བཅུའོ། །བློན་པོ་དང་བློན་པོ་ཆེན་པོས་ནི་ཁྲུ་ལྔ་བཅུའམ་ཉི་ཤུ་རྩ་ལྔའོ། །ཚོང་དཔོན་ནམ་དེད་དཔོན་གྱིས་ནི་ཁྲུ་ཉི་ཤུའམ་དེའི་ཕྱེད་དོ། །སྒྲུབ་པ་པོས་ནི་ཁྲུ་བཅུ་གཉིས་སམ་དྲུག་པ་བྱའོ། །དེ་ལ་དང་པོ་ཁོ་ནར་མངོན་པར་འདོད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ། མི་རུས་ཀྱི་ཕྱེ་
མ་ཁྲག་དང་དུག་དང་བཅས་པ་དང་། མངོན་སྤྱོད་ཀྱི་སྦྱིན་སྲེག་གྱི་ཆོ་གས་དཀྱིལ་འཁོར་གྱི་བགེགས་བཟློག་ལ། བདག་དང་སློབ་མ་དང་ས་བདག་ལ་སོགས་པ་ཞི་བར་བྱེད་པའི་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་ས་སྦྱང་དུ་གཞུག་པར་བྱ་སྟེ། འདོམ་གང་ཙམ་ལ་ལྐོག་མའམ་ལྟེ་བའམ་

པུས་མོ་ནུབ་པ་ཙམ་དུ་འོག་ཏུ་བརྐོས་ལ། སྤོས་ཆུ་དྲི་ཞིམ་པོས་སྦྲུས་པའི་སས་བཀང་ལ། རྡོ་རྗེ་རྩེ་མོ་ཡོངས་སུ་བཟླས་པའི་སྤོས་ཆུས་ཆག་ཆག་བཏབ་སྟེ། འཐས་པར་བཅགས་ལ་ཤིན་ཏུ་མཉམ་པར་བྱས་པ། ཁང་པ་བརྩེགས་པའི་ནང་དུ་ཆུད་པ། རྟ་བབས་བཞིས་མཛེས་
པར་བྱས་པ། སྒོ་བཞི་དང་སྐར་ཁུང་གིས་ཡོངས་སུ་བསྐོར་བ། ཐ་མར་དྲིལ་བུ་ལེགས་པར་བཏགས་པ་དང་བཅས་པའི་རྒྱལ་མཚན་དང་། བླ་རེའི་མཆོད་པ་སྣ་ཚོགས་བྲེས་པ། སངས་རྒྱས་རིན་པོ་ཆེ་ལ་སོགས་པའི་རས་རིས་དང་སྐུ་གཟུགས་ཀྱིས་ཉེ་བར་བརྒྱན་པ། གྲྭ་བཞིར་
སྤོས་སྣོད་གཞག་པ། མེ་ཏོག་དང་མར་མེ་དང་གོས་ལ་སོགས་པས་ཉེ་བར་མཛེས་པར་བྱས་ལ་དྲིས་བྱུགས་ཏེ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་སྤོས་ཆུས་ཡོངས་སུ་བསངས་ལ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་བདུན་བཟླས་པར་བྱའོ། །ས་སྦྱང་བ་དང་ཡོངས་
སུ་གཟུང་བའི་ཆོ་གའོ།། །།དེ་ནས་བདག་ཉིད་ཁྲུས་བྱས་ཤིང་ལུས་དྲིས་བྱུགས་ལ། ཇི་སྙེད་པའི་གོས་དང་རྒྱན་གདགས་ཤིང་། ཤིན་ཏུ་དམར་བའི་གོས་བགོས་ལ། །མེ་ཏོག་གི་ཕྲེང་བ་གདགས་ཤིང་གདོང་དྲི་ཞིམ་པར་བྱས་ལ། ཡར་གྱི་ངོའི་ཚེས་བརྒྱད་
ནས་བརྩམས་ཏེ། ཚེས་བཅུའམ། ཚེས་བཅུ་གསུམ་མམ་བཅུ་བཞི་ནས་བརྩམས་ཏེ། བཅོ་ལྔའི་བར་དུ་དཀྱིལ་འཁོར་གྱི་ལས་བྱའོ། །གཉུག་མར་གནས་པའི་སའི་ཆར་ནི་ཕྱག་དར་དང་། སྐྱང་ནུལ་བྱས་ལ། དེ་བཞིན་དུ་ལག་པས་རེག་པར་བྱས་ནས། རྡོ་རྗེ་སེམས་
དཔའ་བཟླ་བར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་སྤྱད་པར་བྱའོ། །ཡང་ན་ཚེས་བཅོ་ལྔའི་སྔ་དྲོ་ནས་བརྩམས་ཏེ་བྱའོ། །དཀྱིལ་འཁོར་དུ་འཇུག་པའི་ཞག་ནི། སློབ་དཔོན་སློབ་མ་དང་བཅས་པས་སྨྱུང་བར་གནས་པར་བྱའོ། །དེ་ལ་རེ་ཞིག་དཀྱིལ་འཁོར་
གྱི་སའི་དབུས་སུ་འདུག་ལ། བདག་བསྲུང་བ་དང་། བགེགས་གཞོམ་པ་ལ་སོགས་པ་བྱའོ། །དེ་ནས་རྡོ་རྗེའི་འཁོར་ལོས་དཀྱིལ་འཁོར་སྤྲུལ་ལ། ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བ་དང་སྡོམ་པ་བཟུང་ལ། རྣལ་འབྱོར་ཆེན་པོ་དང་ཁང་པ་བརྩེགས་

པ་དང་། གདན་ལ་སོགས་པ་བསྐྱེད་ལ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་
པར། །གྱུར་པར་བདག་ནི་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་ལྡོག་པར་ནི་བདག་གྱུར་ཏེ། དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་
རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པ་མཆོག་ཡིན་ནོ། །དེ་ནས་ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ཏེ། སྤོས་སྣོད་ལག་ཏུ་ཐོགས་ཏེ། སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་
དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །ཞེས་བརྗོད་ལ། དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་ལས་ཀྱི་རྒྱལ་པོའི་
མཆོག་རྣམ་པར་བསྒོམས་ནས། ཡང་སྒོ་དབྱེ་བ་སྔོན་དུ་འགྲོ་བས། རྡོ་རྗེ་སེམས་དཔའི་གནས་སུ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་གནས་པའི་བར་དུ་བྱས་ནས། དེའི་སྔགས་ཟློས་པ་ལ་བརྩོན་པའི་རྣལ་འབྱོར་པ་ལ། སྒྲུབ་པའི་གྲོགས་མཆོག་དེ་བཞིན་གཤེགས་
པའི་ང་རྒྱལ་དང་ལྡན་པས་དཀྱིལ་འཁོར་བྲི་བའི་ཕྱིར། མཚན་བརྒྱ་རྩ་བརྒྱད་པས་གསོལ་བ་གདབ་པར་བྱའོ། །དེ་ནས་ལངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་གང་བར་མངོན་
སུམ་དུ་བསམས་ལ། བདག་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཡིན། །བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །ཕྱག་ན་རྡོ་རྗེ་བརྟན་བདག་ཡིན། །བདག་པོ་རྡོ་རྗེ་ཆེན་པོ་བདག །

བྱིན་གྱིས་བརླབས་པ་མི་འདོར་རོ། །དེ་ནས་བཛྲ་དྲྀཥྚི་མ་ཊ་ཞེས་བྱ་བ་མིག་གཉིས་སུ་བཀོད་ལ། ཡི་གེ་ཨ་ལས་རྐང་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེ་བསྐྱེད་ལ། རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། བཛྲ་སཏྭ་ཨུཏྟིཥྛཱ་ཞེས་བྱ་བས་དཀྱིལ་འཁོར་དེ་ནམ་མཁའི་སྟེང་དུ་བཏེག་གོ། །
དེ་ནས་རང་གི་དམ་ཚིག་གི་ཕྱག་རྒྱ་དེས་བདག་ཉིད་ལན་ཅིག་བྱིན་གྱིས་བརླབས་ལ། ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཀུན་དུ་རྣམ་པར་བལྟས་ནས་ནི། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་ནས། །བསྒྱིངས་པའི་ཚུལ་གྱིས་ཡོངས་
སུ་བསྐོར། །རྡོ་རྗེའི་ལྟ་བས་ཕྱོགས་དང་མཚམས་དང་། དཀྱིལ་འཁོར་བཅིང་བ་དང་། ར་བ་དང་དྲ་བ་བྱས་ནས། རྐང་མཐིལ་ནས་ཡོངས་སུ་གཟུང་སྟེ། ས་གཞི་ནས་རི་རབ་ཀྱི་རྩེ་མོའི་བར་དུ། རྡོ་རྗེའི་རང་བཞིན་དུ་བྱས་ལ། །ཡང་བགེགས་གཞོམ་པ་ལ་སོགས་པ་
བྱས་ནས། སྔགས་དང་ཕྱག་རྒྱ་འདི་དང་ལྡན་པས། གསང་བའི་དཀྱིལ་འཁོར་དགུག་པར་བྱའོ། །ཨོཾ་བཛྲ་སརྦ་མཎྜ་ལ་ཧཱུཾ་ཛཿ རྡོ་རྗེ་ཁུ་ཚུར་གཉིས་མཛུབ་མོ་དང་། མཐེ་བོང་རྡོ་རྗེར་བྱ་བ་ནི། །དཀྱིལ་འཁོར་ཐམས་ཅད་དགུག་པ་ཡིན་ནོ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་དང་།
མ་ཧཱ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷྱ་ཧཱུཾ་ཞེས་བྱ་བ་འདིས་ཡང་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱ་ཉིད་འདིའི་ཕྱག་རྒྱ་ཡིན་ནོ། །དེ་ནས་སེང་ལྡེང་ལས་བྱས་པའི་རྡོ་རྗེའི་ཕུར་བུ། དབུས་དང་གྲྭ་བཞིར་རྡོ་རྗེས་བརྡུང་བར་བྱ་སྟེ། ཨོཾ་བཛྲ་ཀི་ལ་ཡ་
སརྦ་བིགྷྣཾ་བནྡྷ་ཧཱུཾ་ཞེས་བྱ་བའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ལ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་སྟེ། རྡོ་རྗེ་རྩེ་ལྔ་པ་བླངས་ལ། ཧཱུཾ་ཟློས་ཤིང་དེ་དང་དཀྱིལ་འཁོར་གྱི་གྲྭ་བཞི་དང་དཀྱིལ་འཁོར་གྱི་ལྟེ་བར་ཕུར་བུ་ལྔ་བསྐྱེད་ལ། ལག་པ་གཡས་པ་རྡོ་རྗེ་རྩེ་གསུམ་པར་བྱས་པས་
བརྡུང་ཞིང་འདི་སྐད་ཅེས་བཟླས་པར་བྱའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཕཊ། ཀི་ལ་ཡ་ཀི་ལ་ཡ་སརྦ་པཱ་པཾ་ཕཊཿབཛྲ་ཀི་ལ་ཡ། བཛྲ་དྷ་རོད་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་ནས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་བསང་ཆུའི་བུམ་པ་དཀྱིལ་འཁོར་གྱི་སྒོར་བཞག་ལ།

རྡོ་རྗེ་ཁུ་ཚུར་གྱི་ལས་ཀྱི་ཕྱག་རྒྱས་བསྲུང་བ་ཐམས་ཅད་བརྟན་པར་བྱས་ལ། རྡོ་རྗེ་གོ་ཆས་གོ་བསྐོན་པར་བྱ་སྟེ། དེ་ཡང་བཅིང་བའི་ཆོ་གའི་སྦྱོར་བ་ལ། །རྡོ་རྗེ་ཁུ་ཚུར་རབ་ཏུ་བརྟན། །རྡོ་རྗེ་གོ་ཆས་གོ་བསྐོན་པས། །དཀྱིལ་འཁོར་ཀུན་ནས་བསྲུང་བར་བྱ། །ཞེས་
གསུངས་པ་ཡིན་ནོ། །ཡང་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། དཀྱིལ་འཁོར་ཡོངས་སུ་བརྟག་སྟེ། དཀྱིལ་འཁོར་གྱི་གནས་དྲིས་ཉེ་བར་བྱུགས་ལ། དེ་བཞིན་གཤེགས་པ་ལྔའི་གནས་སུ་ཙནྡན་དང་གུར་གུམ་ལ་སོགས་པའི་ལྡེ་གུས་དཀྱིལ་འཁོར་གྲུ་བཞི་པར་བྱས་ལ། ལྷག་
མ་རྣམས་ནི་ཟླུམ་པོར་བྱ་ཞིང་རང་རང་གི་སྔགས་ཀྱང་ལན་བདུན་བདུན་དུ་བཟླ་བར་བྱའོ། །དེ་ནས་ནམ་མཁའི་ཕྱོགས་ནས་དེ་བཞིན་གཤེགས་པ་ལ་སོགས་པ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་མཉེས་པ་ལ་སོགས་པ་བྱས་ལ་རང་གི་སྙིང་གར་བཅུག་སྟེ། མཆོད་པ་ལྔ་
པོས་ལེགས་པར་མཆོད་དོ། །དེ་ནས་དབང་བསྐུར་བའི་བུམ་པ་འབྲུ་ལ་སོགས་པ་ཐམས་ཅད་དང་ལྡན་པར་ཆུ་ཉུང་ཟད་ཅིག་བླུགས་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པ་བཟླས་པའི་མཆོད་ཡོན་ཕུལ་ཏེ། སྤོས་ཆུ་དང་མེ་ཏོག་ཀྱང་བཅུག་ལ་སྤོས་ཀྱིས་བདུགས་ཏེ། ཆོ་ག་
བཞིན་དུ་ལྷག་པར་གནས་པར་བྱའོ། །ཉིན་ཞག་གཉིས་པ་ལ་ཐུན་གསུམ་དུ་ཡང་དག་པར་བཟླས་པར་བྱ་ཞིང་། དེས་དབང་བསྐུར་བར་བྱའོ། །ཡང་དཀྱིལ་འཁོར་དུ་བཟླས་ལ། འོག་ནས་བཤད་པའི་དེའི་མཚན་ཉིད་བདག་ཉིད་ཆེན་པོས་ཤེས་པར་བྱས་ལ། རྡོ་རྗེ་སེམས་དཔའི་
སྤྱན་སྔར་གཞག་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སེམས་དཔའ་དང་། སངས་རྒྱས་སྤྱན་ལ་རེ་རེ་ཞིང་མར་ལ་སོགས་པའི་སྲེག་བླུགས་དབུལ་བར་བྱའོ། །ལྷག་པར་གནས་པའི་སྦྱིན་སྲེག་གི་ཆོ་གའོ།། །།དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ། ཉེ་རེག་
བྱས་ནས། མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། མེ་ཏོག་ལ་སོགས་པ་དང་སྒེག་མོ་ལ་སོགས་པས་དེ་བཞིན་གཤེགས་པ་ལ་མཆོད་ལ། ཕྱག་བྱས་ནས་སློབ་མ་ལྷག་པར་གནས་པར་བྱའོ། །དེ་ལ་རེ་ཞིག་དང་པོར་ཁྲུས་ལེགས་པར་བྱའོ། །གོས་གཙང་མ་བགོ་ཞིང་།

ལག་ན་མེ་ཏོག་ཐོགས་པའི་སློབ་མས་སློབ་དཔོན་ལ་ཕྱག་བྱས་ལ། འདི་སྐད་སྨྲར་གཞུག་གོ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་
སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་སྟེ།
རྟོག་པ་རྣམས་ནི་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོར་ལྡན་པས་ཉོན། །བརྗོད་ངས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་
སྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་མ་ལུས་ད་ལྟར་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེས་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་ལ་ཡང་། རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །
ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང་། །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་ཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པས་འཇིགས་པ་རྣམས་ཀྱི་
རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམས་རྒྱལ་ཐུགས་རྗེ་ཆེར་ལྡན་པའི། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་
མཆི་ཞིང་། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པ། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་རྣམ་པར་གཟུང་བར་བགྱི། །སེམས་ཅན་

རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་བཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་
རབ་བླ་ན་མེད་པ་ནི། །བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པའི་སྔགས་ལ་མཁས་པ་ཡིས། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་
གནས་ལ་བདག་ནི་གནས་པར་བགྱི། །ཞེས་ལན་གསུམ་བརྗོད་དོ། །བདག་གིས་དེ་སྐད་ཅེས་བརྗོད་པའི་དགེ་བའི་རྩ་བ་འདིས། །བདག་གིས་བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་
བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་ཐམས་ཅད་དང་། ཐབས་ཀྱི་བྱེ་བྲག་ཐམས་ཅད་ཀྱིས་བཏུལ་ནས། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་གཞག་པར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་
གྱུར་ཀྱང་། སེམས་ཅན་འགའ་ཡང་ཡོངས་སུ་མྱ་ངན་ལས་འདའ་བ་མེད་དོ་ཞེས་སེམས་བསྐྱེད་པར་བགྱིའོ། །བདག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་དུ་རྗེས་སུ་རྟོགས་པར་བགྱིའོ། །བདག་གིས་མ་ཡེངས་པའི་སེམས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་
སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བགྱིའོ། །བདག་གིས་ཐེག་པ་གཅིག་གི་ཚུལ་དུ་གནས་པར་ཡང་རྟོགས་པར་བགྱིའོ། །བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས་པར་སོ་སོར་རྟོགས་པར་བྱ་བའི་ཕྱིར་བསླབ་པར་བགྱིའོ། །
བདག་གིས་སྟོབས་བཅུ་དང་མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་སོར་རྟོགས་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་བགྱིའོ། །དེ་བཞིན་དུ་བདག་གིས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་མ་ལུས་པའི་

བར་ལ་མངོན་པར་གནས་པར་བྱ་བའི་ཕྱིར་མངོན་པར་བསྒྲུབ་པར་བགྱིའོ། །འདི་ཉིད་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་རྡོ་རྗེ་ལྟ་བུ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
བཀའ་བཞིན་བྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་སྟེ་འདི་ཉིད་ནི་བཅོམ་ལྡན་འདས་ཀུན་དུ་བཟང་པོའོ། །དེའི་དགེ་བའི་རྩ་བ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པར་བྱས་པའི་སྟོབས་ཀྱིས་བདག་སེམས་བསྐྱེད་པ་འདི་ལ་གནས་པས་ཀུན་
དུ་བཟང་པོའི་སྤྱོད་པ་ཞེས་བྱ་བ་སྒོ་མཐའ་ཡས་པ་ལ་གནས་པ་མཐའ་མེད་པར་གྱུར་པ་རྫོགས་པར་བྱས་ནས། གདུལ་བྱའི་འགྲོ་བའི་ཚོགས་མ་ལུས་པ་རྣམས་ལ་སྤྱོད་པའི་རབ་ཏུ་དབྱེ་བའི་སྒོ་མང་པོ་བསྟན་པས་ཡང་དག་པར་མགུ་བར་བྱ་བ་དང་། ཡང་དག་པར་དགའ་བར་
བྱ་བ་དང་། ཡང་དག་པར་གཟེངས་བསྟོད་པ་ལ་ངེས་པར་སྦྱར་བར་བགྱིའོ། །དེ་ནས་ས་མ་ཡ་ཨ་ཞེས་བཟླས་པས་སློབ་མའི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་དེ་བཞག་ལ། སུ་ར་ཏ་ས་མ་ཡ་སྟྭཾ་ཨ་ཧོ། །བཛྲ་སིདྡྷྱ་ཡ་ཐཱ་སུ་ཁཾ་ཞེས་བྱ་བའི་སྙིང་པོ་ཡང་སྙིང་
གར་བཟླས་ལ། སྤྱི་བོར་སྤོས་ཆུས་བརླན་པའི་ལག་པ་བཞག་སྟེ། རྡོ་རྗེ་སེམས་དཔའ་བཟླས་ཤིང་། རྡོ་རྗེ་བསམ་པར་བྱའོ། །དཔྲལ་བར་ཡི་གེ་ཏྲཾ་ལས་རིན་པོ་ཆེ། ལྐོག་མར་ཡི་གེ་ཧྲཾ་ལས་པདྨ། སྤྱི་བོར་ཀཾ་ལས་སྣ་ཚོགས་རྡོ་རྗེ་བསམས་ལ། བཛྲ་སཏྭ་བཛྲ་རཏྣ། བཛྲ་དྷརྨ།
བཛྲ་ཀརྨ་ཞེས་ཟློས་ཤིང་། རང་གི་སྙིང་ག་ལ་སོགས་པ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རྡོ་རྗེ་དྲིས་དེ་རྣམས་ཀྱི་ལག་པར་དྲི་སྦྱིན་པར་བྱ་སྟེ། མེ་ཏོག་གིས་མེ་ཏོག་གོ། །བདུག་པས་བདུག་སྤོས་དབུལ་ལོ། །མར་མེས་མར་མེའི་སྣང་བ་བྱའོ། །དེ་ནས་ཨུ་དུམྺཱ་ར་དང་ཨ་ཤྭདྠ་ལ་
སོགས་པའི་སོ་ཤིང་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་བཅིངས་པ། རྡོ་རྗེ་བཞད་པ་བཟླས་ལ་སྦྱིན་པར་བྱའོ། །དེས་ཀྱང་ཤར་རམ་བྱང་དུ་བལྟས་ཏེ་རྩེ་མོ་ཉིད་ནས་བཅའ་བར་བྱའོ། །དེ་ནས་ཀུ་ཤ་སར་པ་ལ་རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་སེམས་དཔའ་ཡོངས་སུ་བཟླས་པ་བྱིན་ནས།

འདིས་ནི་གདན་དུ་གདིང་ཞིང་། འདིས་ནི་སྔགས་སུ་གྱིས་ལ་ཉོལ་ཅིག་ཅེས་བསྒོའོ། །དེ་ནས་དཔུང་པ་གཡོན་པར་ནི། །རྡོ་རྗེ་སྲུང་བ་བཟླས་པ་ཡི། །སྲུང་སྐུད་མདུད་པ་གསུམ་ལྡན་པའི། །བདག་ཉིད་ཀྱིས་ནི་ལེགས་པར་བཅིང་། །དེ་ནས་ཟབ་ཅིང་རྒྱ་ཆེ་བའི་ཆོས་
ཅི་ནུས་པར་བསྟན་པས། ཐམས་ཅད་ལ་གཟེངས་བསྟོད་པ་བྱས་ནས། བཞིན་བཟངས་དག་ལོངས་ཤིག །ནང་པར་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་རོ་ཞེས་བསྒོ་བ་ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས་ཉི་མ་ཤར་ཀར་དཀྱིལ་འཁོར་དེ་དེ་བཞིན་དུ་སྟེང་
དུ་ནམ་མཁའ་ལ་བཞག་ལ་ཐིག་གདབ་པར་བྱའོ། །དེ་ལ་དང་པོར་རེ་ཞིག་ཚོན་རྩི་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། དཀར་པོ་དྲི་ཞིམ་པོས་བསྒོས་པས་སྲད་བུ་སོ་སོར་བསྒྱུར་ལ། གོ་རིམས་འདི་ཉིད་ཀྱིས་བཞག་ནས། དེ་ལ་ཧཱུཾ་ཏྲཱཾ་ཧྲཱིཿཨ་ཨོཾ་
ཞེས་བྱ་བས་རང་རང་གི་ས་བོན་ལས་མི་བསྐྱོད་པ་ལ་སོགས་པ་སྲད་བུ་ལ་བཀོད་དེ། དཱིཔྟ་དྲྀཥྚི་ཨཾ་ཀུ་ཤ་ཛཿཞེས་བྱ་བ་མིག་གཉིས་སུ་བཀོད་ལ། །རབ་ཏུ་གཡོ་ཞིང་འབར་བའི་མིག །མིག་གི་རྫི་མ་འདྲེན་པ་ནི། །ཞེས་བྱ་བའི་འབར་བའི་ལྟ་བས། མི་བསྐྱོད་པ་ལ་སོགས་པ་
ལ་བསྐུལ་ཞིང་། བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའི་ཐིག་གདབ་པར་བྱ་བའི་ཕྱིར། རྡོ་རྗེའི་ཐིག་བདག་ལ་སྩོལ་ཅིག །ཅེས་བྱ་བས་ཀྱང་བསྐུལ་བར་བྱའོ། །དེ་ནས་རང་གི་ས་བོན་གྱི་འོད་ཀྱིས་བསྐུལ་བའི་མི་བསྐྱོད་པ་ལ་སོགས་པས་བཏབ་པའི་སྲད་བུ་འབར་བའི་
ལྕགས་ཀྱུས་བཀུག་སྟེ། རང་གི་ལག་ན་གནས་པ་ལ། །སྲད་བུ་དེས་གང་བར་བྱས་ལ། ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿ སྤ་ར་སྤ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿཨ་ཏྱན་ཏ། ཨ་ནུ་པྲ་བིཥྚ། སརྦ་དྷརྨཱཿཨོཾ་བཛྲ་སཏྭ་ཧཱུཾ་ཞེས་ཟློས་ཤིང་བསྒྲིལ་བར་བྱའོ། །བསྒྲིལ་ནས་མིག་གཡས་
དང་གཡོན་གཉིས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བ་བསྐྱེད་ལ། བཛྲ་དྲྀཥྚ་མ་ཊ་ཞེས་བྱ་བས་བརྟན་པར་བྱས་ལ། སྲད་བུ་དེ་དྲིས་བྱུགས་པའི་གསེར་ལ་སོགས་པའི་སྣོད་དུ་ལེགས་པར་བཞག་ལ། དྲི་དང་མེ་ཏོག་དང་བདུག་སྤོས་ལ་སོགས་པས་མཆོད་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་

ཏི་ཀྲ་མ་ཧཱུཾ་ཞེས་བྱ་བ་རྡོ་རྗེ་བསྡམས་པས་བཟུང་སྟེ། ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་སེམས་དཔའ་བཅུ་དྲུག་བཟླས་པའི་དྲིས། དཀྱིལ་འཁོར་གྱི་ས་གཞི་ཡང་བྱུགས་ལ། ཕྱི་རོལ་ཀུན་དུ་མེ་ཏོག་གིས་མཛེས་པར་བྱས་ནས། བར་སྣང་ལ་བཞུགས་པའི་རིགས་
ཐམས་ཅད་ལ་མཆོད་ཡོན་ཕུལ་ཏེ། མེ་ཏོག་ལ་སོགས་པ་དང་། སྒེག་མོ་ལ་སོགས་པས་ཐམས་ཅད་མཆོད་ལ། ཕྱག་བྱས་ཏེ། མིག་གཡས་དང་གཡོན་དུ་ཡི་གེ་ཛ་སེར་པོ་བཀོད་ལ། ཉི་མ་དང་ཟླ་བ་སེར་པོར་སྣང་བ་བསྐྱེད་དེ། གླུ་དང་རོལ་མོ་ལ་སོགས་པ་དང་བཅས་
པས་དཀྱིལ་འཁོར་བརྟག་པར་བྱའོ། །དེ་ལ་རེ་ཞིག་སྔར་སྔགས་བཟླས་པའི་སྲད་བུ་དྲི་ཞིམ་པ་ཐ་མ་དཀར་པོ་དང་ལྡན་པ། ཡིད་ཀྱིས་བཛྲ་དྷཱ་ཏུ་ཞེས་བྱ་བའི་རྡོ་རྗེའི་ཚིག་གིས་བཟླས་ལ་རྣམ་པར་སྣང་མཛད་དུ་གྱུར་པར་བྱས་ནས། སྒྲུབ་པ་པོའི་གྲོགས་མཆོག་བཛྲ་ཀརྨ་ཞེས་
བརྗོད་དེ་རང་གི་སྙིང་ག་ནས་རྡོ་རྗེ་ལས་ཀྱི་གཟུགས་སུ་སྤྲུལ་བར་བྱའོ། །དེ་ནས་བཛྲ་སཏྭ་ཞེས་བརྗོད་དེ། རྡོ་རྗེ་སེམས་དཔར་བདག་ཉིད་བསམས་ལ་སྲད་བུ་དེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། ཛ་ཞེས་བྱ་བས་སྒྲུབ་པའི་གྲོགས་མཆོག་རྡོ་རྗེ་ལས་ཀྱི་གཟུགས་ཅན་
གྱི་ལག་ཏུ་སྲད་བུ་དེ་བཏང་ལ། ཕྱོགས་ཐམས་ཅད་དུ་མཉམ་པ་ཉིད་དུ་བསྒོམ་ཞིང་། ཤར་ཕྱོགས་སུ་བལྟས་ཏེ། རྡོ་རྗེ་སྲད་བུས་གདབ་པར་བྱའོ། །ཡང་སློབ་དཔོན་ལྷོར་འདུག་ལ་བྱང་དུ་བལྟས་ཏེ། གཉིས་པ་གདབ་པར་བྱའོ། །དེ་ནས་མེའི་ཕྱོགས་ཀྱི་ཆར་
གནས་པ་ལ། བྱང་དུ་བལྟས་ཏེ་ཕྱིའི་དཀྱིལ་འཁོར་གྱི་ཤར་དུ་ཐིག་གདབ་པོ། །རླུང་གི་ཕྱོགས་སུ་གནས་ཏེ། ལྷོ་ཕྱོགས་སུ་བལྟས་ལ་ནུབ་ཀྱི་ཐིག་གདབ་པོ། །དེ་ཉིད་དུ་འདུག་སྟེ་བྱང་གི་ཐིག་གདབ་པོ། །ཡང་མེའི་ཕྱོགས་སུ་འདུག་སྟེ་ལྷོ་ཕྱོགས་ཀྱི་ཐིག་གདབ་པར་
བྱའོ། །ཁ་ཁྱེར་གྱི་ཐིག་ཀྱང་གདབ་པར་བྱའོ། །ཡང་མེའི་མཚམས་སུ་གནས་ཏེ་རླུང་གི་མཚམས་ཀྱི་བར་གྱི་ཐིག་གདབ་པ་དང་། ཡང་བདེན་བྲལ་གྱི་མཚམས་སུ་གནས་ཏེ་དབང་ལྡན་གྱི་མཚམས་ཀྱི་བར་དུ་ཐིག་གདབ་པར་བྱ་ཞིང་། སློབ་དཔོན་དང་སྒྲུབ་པའི་

གྲོགས་མཆོག་བསྐོར་ཕྱོགས་སུ་འགྲོ་བར་བྱའོ། །དེ་ལ་རེ་ཞིག་སྲད་བུའི་སྔགས་ནི། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བ་དང་། ཛ་ཛ་ཛ་ཞེས་བྱ་བ་གསུམ་གྱིས་སྒྲུབ་པའི་གྲོགས་མཆོག་གིས་དྲང་བར་བྱའོ། །དེ་ལ་སྒོ་ནི་ཆ་བརྒྱད་པའོ། །སྒོ་ཁྱུད་
ནི་སྒོའི་ཚད་ཀྱི་ཕྱེད་དོ། །ཁ་ཁྱེར་ཕྱིའི་ཐམས་ཅད་དང་ནང་གི་ཀུན་ནི་སྒོའི་ཕྱེད་དོ། །ཚོན་སྣ་ལྔའི་ས་ནི་ཁ་ཁྱེར་གྱི་ཕྱེད་ཀྱི་ཚད་དུ་བྱའོ། །རྟ་བབས་ནི་སྒོའི་སུམ་འགྱུར་དུ་བྱའོ། །ནང་གི་དཀྱིལ་འཁོར་ནི་ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ལ་ཟུར་བཞི་པ་སྒོ་བཞི་པ་ཁ་ཁྱེར་གྱིས་ཡོངས་སུ་བསྐོར་བ། ཀ་
བ་བརྒྱད་དང་ལྡན་པར་ཐིག་བཏབ་ལ། སེང་ལྡེང་གི་ཕུར་བུ་འོག་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་ལ། སྟེང་རྡོ་རྗེ་རྩེ་ལྔ་པའི་དབྱིབས་ཅན་གྱི་ཕུར་བུ་ལ། རྡོ་རྗེ་ཕུར་བུའི་སྔགས་བཟླས་ལ། རྡོ་རྗེ་ཐོ་བས་བརྡུངས་ཏེ་སྔ་མ་བཞིན་དུ་བཏབ་ལ། དེ་ལ་བརྟོད་པའི་སྲད་བུས་ནང་གི་དཀྱིལ་འཁོར་
དང་། ཕྱིའི་རྡོ་རྗེའི་ཕྲེང་བ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་གཡས་ནས་བསྐོར་བའི་རིམ་གྱིས་གདབ་པར་བྱའོ། །དཀྱིལ་འཁོར་གྱི་ཚད་ཀྱི་ཉིས་འགྱུར་ལ། མཐའ་སྐོར་ཁྲུ་དྲུག་པར་བྱ་བ་ནི་ཚད་ཆུང་ངུ་ཡིན་ཏེ། གཞན་དག་ཏུ་ནི་ཇི་ཙམ་འཚམ་པར་བྱའོ། །ད་ནི་ལུང་ལས་གསུངས་
པའི་ཐིག་གི་མཚན་ཉིད་བརྗོད་པར་བྱ་སྟེ། སར་པ་ལས་ནི་བཀལ་ནས་ཀྱང་། །ཚད་དང་ལྡན་པ་མཛེས་པ་ཡི། །ཐིག་གིས་མཁས་པ་ཅི་ནུས་ཀྱིས། །དཀྱིལ་འཁོར་གྱི་ནི་ཐིག་གདབ་པོ། །གྲུ་བཞིར་བགྱི་ཞིང་སྒོ་བཞི་དང་། །རྟ་བབས་བཞིས་ནི་མཛེས་བགྱིས་ལ། །ཐིག་བཞི་
དང་ནི་ལྡན་གྱུར་པ། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དུ། །སྒོ་ཁྱུད་ཀྱི་ནི་ནང་རྣམས་སུ། །རྡོ་རྗེ་རིན་ཆེན་སྤྲས་པར་ནི། །དཀྱིལ་འཁོར་ཕྱི་རོལ་ཐིག་གདབ་པོ། །དེ་ཡི་རིམ་པའི་ནང་ཞུགས་ལ། །འཁོར་ལོ་འདྲ་བར་རྡོ་རྗེ་ཡི། །ཐིག་གིས་ཡོངས་སུ་བསྐོར་
བྱ་ཞིང་། །ཀ་བ་བརྒྱད་ཀྱིས་མཛེས་བགྱིས་པར། །ཕྱོགས་ཀུན་མཉམ་པ་ཉིད་དམིགས་ལ། །ཤེས་རབ་ཅན་གྱིས་ཐིག་གདབ་པོ། །ཤར་དང་ནུབ་དང་བྱང་དང་ལྷོར། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །ནང་དང་ཕྱི་རོལ་གྱི་ཁ་ཁྱེར་དང་། དྲ་བ་དང་དྲ་བ་ཕྱེད་པ་དང་།

རྔ་ཡབ་དང་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ཡང་བྲི་བ་དང་། དཀྱིལ་འཁོར་གྱི་གྲྭའི་མཚམས་ཐམས་ཅད་དུ། རླུང་གིས་བསྐྱོད་པའི་དྲིལ་བུ་བཏགས་པའི་བ་དན་སྣ་ཚོགས་བཏགས་པ་དང་། དེའི་སྒོ་རྣམས་ཀྱི་ནི་ཁྱུད་ཀྱི་མཚམས་རྣམས་སུ། ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་
རྗེ་རིན་པོ་ཆེས་མཛེས་པར་བྲི་བར་བྱའོ། །གལ་ཏེ་བགེགས་བྱུང་བ་བཟློག་པར་འདོད་ན། ཕུར་བུའི་སྔགས་ལེན་འབུམ་བཟླས་པའི་ཕུར་བུ་དཀྱིལ་འཁོར་གྱི་ལྟེ་བར་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་གདབ་པར་བརྟན་པ་དང་། དབྱིབས་འདྲ་བའི་ཕུར་བུས་བགེགས་ཐམས་ཅད་ལ་
གདབ་པར་བྱའོ། །དེ་ཡང་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་ལྟེ་བ་ལ་བཏགས་ནས། ཤར་ནས་བསྐོར་ཕྱོགས་སུ་ཟླུམ་པོར་བསྐོར་བའི་འོད་ཀྱི་དཀྱིལ་འཁོར་ཐིག་བཏབ་པ་དེའི་ཕྱི་རོལ་ཏུ་ཁོར་ཡུག་ཆེན་པོ། དེ་བཞིན་དུ་ཟླུམ་པོར་ཐིག་བཏབ་ལ། འོད་ཀྱི་དཀྱིལ་འཁོར་དེར་
གྲོག་མཁར་གྱི་ས་ལ་སོགས་པ་ལས་བགེགས་ཀྱི་གཟུགས་བརྙན་བྱས་ལ། བརྒྱ་བྱིན་གྱི་གཟུགས་བརྙན་ཤར་ཕྱོགས་ན་གནས་པ་ལ། ཡི་གེ་ཨི་ལས་བརྒྱ་བྱིན་མདོག་སེར་པོའོ། །མེ་ལ་སོགས་པའི་གཟུགས་བརྙན་ལ་ཡང་དེ་བཞིན་ཏེ། རཾ་ལས་མེ་ལྷ་དམར་པོ། ཨོཾ་ཧཾ་
ལས་གཤིན་རྗེ་མདོག་ནག་པོ། ཀཾ་ལས་སྲིན་པོ་ནག་པོ། །བཾ་ལས་ཆུ་ལྷ་དཀར་པོ། ཡཾ་ལས་རླུང་ལྷ་དུད་ཀ །ཕཊ་ལས་ལུས་ངན་པོ་སེར་པོ། སུམྦྷ་ཞེས་བྱ་བ་ལས་དབང་ལྡན་དཀར་པོ་བསྐྱེད་ལ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་བཀུག་ཏ་བཅུག་ལ་བཅིངས་ཏེ་དབང་དུ་བྱས་
ནས་ཕུར་བུས་གདབ་པོ། །ཤིན་ཏུ་ཡང་ཡུན་རིང་དུ་བགེགས་མེད་པར་བྱེད་འདོད་པས་སས་དགབ་པར་བྱའོ། །དེ་ལྟ་ན་ཡང་གལ་ཏེ་བགེགས་བྱེད་ན། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ལ་འདོད་པའི་རྒྱལ་པོས་བཀུག་ནས། ལྕགས་ཀྱུ་ལ་སོགས་པས་ཀྱང་དགུག་པ་ལ་སོགས་པ་བྱས་ཏེ།
རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ། རྐང་པ་གཡོན་པས་བགེགས་ཀྱི་གཟུགས་བརྙན་མནན་ཏེ། ཧཱུཾ་བཾ་ཧཱུཾ་ཞེས་བྱ་བ་ལ་སོགས་པས་སྤེལ་བའི་ཚུལ་གྱིས། གཡོན་པ་བརྐྱང་བའི་གནས་པས་འདུག་ལ། བགེགས་བྱེད་པའི་སྤྲིན་ལ་སོགས་པ་ལ་མངོན་པར་བལྟས་ཏེ། ཕྱག་

རྒྱ་འཕངས་ཏེ་བསྟན་ལ་ནམ་མཁའི་ཁམས་ཐམས་ཅད་དུ་སྤྲོས་པས་འོད་ཟེར་འབར་བ་ཀུན་དུ་འཁྲུག་པའི་རྡོ་རྗེ་ཧཱུཾ་མཛད་ཀྱིས། རྐང་པ་བཏེག་ཅིང་བསྣུན་པས། སྤྲིན་ལ་སོགས་པ་ཐལ་བར་བྱས་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་བཅོམ་པ་ཉིད་དུ་
འགྱུར་རོ། །ཡང་ན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱས་ལ། དེའི་འོག་ཏུ་ཨ་ལས་རྣམ་པར་སྣང་མཛད་དུ་གྱུར་ནས། རྒྱུད་ལས་བཤད་པའི་རྣམ་པར་སྣང་མཛད་ཀྱི་སྐུར་ངེས་པར་བྱས་ལ་ཧཾ་ལས་འཕགས་པ་མི་གཡོ་བ་ཡིད་ཀྱིས་ཐུགས་ཀ་ནས་ཕྱུང་སྟེ། བཛྲ་ཧཾ་བནྡྷ་ཞེས་ཡིད་
ལ་བརྗོད་ལ། ཕྱིའི་དཀྱིལ་འཁོར་གྱི་ཕྱི་རིམ་དུ་རླུང་གི་ཕྱོགས་སུ་དྲིའི་ཐིག་ལེ་བདུན་བྱས་ཏེ། ཐིག་ལེ་རེ་རེ་ཞིང་ཡང་རེ་རེའི་ནང་དུ་ཆུད་པར་བྱས་ལ། དབུས་མ་དང་ཐ་མ་ཡང་ཐིག་ལེ་བདུན་དང་ལྡན་པར་བྱས་ཏེ། ཐིག་ལེ་བདུན་པོ་དེ་དག་ཀྱང་རླུང་ལྷ་བདུན་པོ་རི་དྭགས་ལ་ཞོན་པ་
མདོག་ནག་པོ། འཕགས་པ་མི་གཡོ་བས་ཞགས་པས་བཀུག་ནས་བཅིངས་པར་གྱུར་པར་བསམས་ལ། དེ་རྣམས་ཀྱི་དབུས་མ་གཅིག་ནི་གཙོ་བོ་ཡིན་ལ། ལྷག་མ་ཐིག་ལེ་དྲུག་པོ་ནི་དེ་བསྐོར་ཏེ་ཀུན་ནས་གནས་པར་བསམ་མོ། །དེ་ནས་ཁམ་ཕོར་ཨ་ལས་རི་རབ་ཏུ་བསམས་ལ། དེའི་
སྟེང་དུ་ཨ་ཉིད་ལས་དབང་ཆེན་གྱི་དཀྱིལ་འཁོར་ཐམས་ཅད་དུ་རྡོ་རྗེས་གཡོགས་པ། དབུས་སུ་ཡང་རྡོ་རྗེ་རྩེ་ལྔ་པ་ཡི་གེ་ཧཱུཾ་གི་ས་བོན་ལས་བྱུང་བ་མཚམས་རྣམས་སུ་མདུང་རྩེ་གསུམ་པ་རྣམ་པར་བསམས་ལ། དེ་བཞིན་དུ་བཛྲ་ཧཾ་བནྡྷ་ཞེས་བརྗོད་དེ། ཁམ་ཕོར་དེས་ཇི་སྐད་དུ་བཤད་པའི་
ཐིག་ལེ་བདུན་དགབ་པར་བྱའོ། །དེ་ནས་ཁམ་ཕོར་དང་རི་རབ་ཀྱི་སྟེང་དུ་ཨོཾ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསམས་ཏེ། འཕགས་པ་མི་གཡོ་བ་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཡོན་བརྐྱང་བས་རི་རབ་མནན་ནས། རལ་གྲི་དང་ཞགས་པས་རླུང་རྣམས་ལ་
སྡིགས་མཛུབ་མཛད་པར་བསམས་ཏེ། དེ་ལྟ་བུས་ནི་རླུང་རྣམས་ཐམས་ཅད་བཅིང་བ་བྱས་པར་འགྱུར་རོ། །དེ་ལ་ཆུ་ལ་སོགས་པའི་བགེགས་བཟློག་པར་བཤད་པར་བྱ་སྟེ། ཧཾ་ལས་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པའི་འཕགས་པ་མི་གཡོ་བར་བདག་ཉིད་

བསྐྱེད་ལ། གྲོག་མཁར་གྱི་ས་འམ། བ་གླང་གི་ལྕི་བ་ས་ལ་མ་ལྷུང་བས་བགེགས་ཀྱི་གཟུགས་བརྙན་བྱས་ནས། ཁཾ་ལས་རལ་གྲི། རཾ་ལས་མེའི་སྙིང་པོ་བསྐྱེད་ལ། ཀིཾ་ལས་ཞགས་པ་དང་། ལྕགས་ཀྱུ་བསྐྱེད་དེ། ལག་པ་གཡོན་པས་བཟུང་ལ། ལག་པ་གཡས་
པས་ལྕགས་ཀྱུ་དང་ཞགས་པས་དྲངས་ནས། བགེགས་ཀྱི་གཟུགས་བརྙན་གྱི་ནང་དུ་བཅུག་སྟེ། གཡོན་བརྐྱང་བའི་གནས་པས་གནས་ལ། རྐང་པ་གཡོན་པས་སྤྱི་བོ་ནས་བཙིར་ལ། འདི་སྐད་ཅེས་བརྗོད་དོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ།
ཏྲ་ཀ་ཧཾ་མཾ་ཞེས་བརྗོད་ནས་གཟུགས་བརྙན་དེ་རལ་གྲིས་གཏུབ་པར་བྱའོ། །དུག་དང་སྐེ་ཚེ་དང་ལན་ཚྭ་ལ་སོགས་པས་གཟུགས་བརྙན་བསྐུས་ལ་མེས་གདུང་བར་བྱའོ། །མེ་ཡིས་གདུངས་པས་དེ་ཉིད་ཀྱང་། །གདུངས་པར་འགྱུར་བར་ཐེ་ཚོམ་མེད། །ཚངས་པའམ་བརྒྱ་བྱིན་
ཡིན་ན་ཡང་། དེ་ཡི་མོད་ལ་མྱུར་དུ་འཚིག །ཅེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །ལས་འདི་དག་ཀྱང་འཕགས་པ་མི་གཡོ་བའི་རྣལ་འབྱོར་གྱིས་དེའི་གསང་སྔགས་ཁྲི་བཟླས་པའི་སྔོན་དུ་བསྙེན་པ་བྱས་ནས་དེའི་འོག་ཏུ་ལས་བྱའོ། །ཡང་
ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་འདིས་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་སྐུ་མདོག་ནག་པོ་ཞལ་བཞི་པ། ཕྱག་བཞི་པ། ཞབས་དྲུག་པ། ཕྱག་གཡས་གཉིས་ན་རལ་གྲི་དང་དགྲ་སྟ་བསྣམས་པ། ཕྱག་གཡོན་གཉིས་ན་ཞགས་པ་གཏུན་ཤིང་བསྣམས་པ། ལྷོ་ཕྱོགས་
སུ་གཟིགས་པ། ཁྲོ་བོའི་ཚོགས་རྣམས་ཀྱིས་ནམ་མཁའི་ཁམས་ཀུན་དུ་གང་བར་མཛད་པ་རྣམ་པར་བསམས་ལ། མདུང་ཐུང་གི་ཕྱག་རྒྱ་བཅིངས་ལ། སྤྲིན་ལ་སོགས་པ་བཟློག་པའི་བསམ་པས། ཚམ་ངམ་དང་བཅས་པས་རབ་ཏུ་སྦྱར་བར་བྱའོ། །རྡོ་རྗེ་བསྡམས་པ་
ནང་དུ་བཅིངས་ལ། མཛུབ་མོ་གཉིས་སྦྱར་བ་ནི་མདུང་ཐུང་གི་ཕྱག་རྒྱའོ། །དེ་ལྟར་ན་ཡང་གལ་ཏེ་བགེགས་རྣམས་ཞི་བར་མ་གྱུར་ན། ཁམ་ཕོར་སོ་མ་བཏང་བ་གཉིས་ཀྱི་ནང་དུ་ཁྲག་དང་དུར་ཁྲོད་ཀྱི་སོལ་བ་དང་། དུག་དང་། སྐེ་ཚེ་དང་། ད་དུ་རའི་ལོ་མའི་ཁུ་བས་སྔགས་

བྲིས་ལ། ཡུངས་ཀར་ལ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས། ཁམ་ཕོར་ཁ་སྦྱར་ཏེ། དེའི་ནང་དུ་བཞག་ལ། མེའི་བགེགས་ལ་སོགས་པ་བསམས་ལ། སྲེག་བླུགས་བརྒྱའམ་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་དེ་དག་འཇིག་
པའམ། འཆི་བའམ། མི་མ་ཡིན་པས་གཟུང་བར་འགྱུར་རོ། །ཡང་ན་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་ཡི་གེ་ཧཱུཾ་བཟླས་བརྗོད་འབུམ་བྱས་ལ། །མི་རུས་ཀྱི་རྒྱུ་ལས་བྱས་པའི་ཕུར་བུ་སོར་བཞི་པའི་ཚད་ཙམ་ལ། ལན་བརྒྱ་རྩ་བརྒྱད་བཟླས་ལ། དེ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་ལ་
སོགས་པས་བཀུག་ཅིང་བཅུག་སྟེ་བཅིངས་ནས། གཟུགས་བརྙན་ལ་ཕུར་བུས་གདབ་བོ་དེ་ནས་མེའི་ཚ་བ་ཞི་བར་བཤད་པར་བྱ་སྟེ། མེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་པདྨའི་དབུས་སུ་གནས་པའི་འཁོར་ལོ། དེའི་སྟེང་དུ་བཾ་གཉིས་ནས་བཅོམ་ལྡན་འདས་
རྣམ་པར་སྣང་མཛད་དུང་དང་ཀུནྡ་ལྟར་དཀར་བར་བཞུགས་ཏེ། མཚོ་ཆེན་པོ་མ་དྲོས་པ་འདྲ་བའི་རྒྱ་མཚོ་ཆེན་པོ་བཞི་ལས། ཆུ་བོ་བཞི་འབབ་པ་ལྟ་བུའི་ཆར་གྱི་རྒྱུན་བབས་པས་ཕྱོགས་བཅུར་འགེངས་པར་གྱུར་པར་བསམ་པར་བྱའོ། །རྡོ་རྗེ་ཅན་དང་རྡོ་རྗེ་མེ་ལྟར་འབར་བས་ཁམ་ཕོར་གྱི་
རི་རབ་དང་། ཕུར་བུ་ཡང་དག་པར་བསྲུངས་ལ། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་འཇིགས་བྱེད་ཅན་དག་གིས། དེ་རྣམས་ཀྱི་ནམ་མཁའ་བཅིང་བར་བྱས་ལ། རྡོ་རྗེ་བཅིངས་པས་དྲ་བ་བྱའོ། །ཡང་ན་མངོན་སྤྱོད་ཀྱི་སྦྱིན་སྲེག་གིས་བགེགས་བཟློག་པར་བྱའོ། །དེ་ནས་དཀྱིལ་འཁོར་
གྱི་དབུས་ན་གནས་པའི་ཕུར་བུ་ཧཱུཾ་བཞིས་བཏོན་ལ། འོག་ནས་བཤད་པའི་ཚོན་སྣ་ལྔས་ཕུར་བུའི་བུ་ག་བཀང་ལ། མཉམ་པོར་གཞག་གོ། །དེ་ནས་ཧི་ཞེས་བྱ་བས་མིག་གཡས་པ་དང་། གཡོན་པར་ཉི་མ་དང་ཟླ་བ་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཀུན་དུ་བལྟས་ལ། སྒོ་རྣམས་བྱའོ་དེ་ནས་
ཚོན་རྩི་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་བ་འདིས་ཕྱག་རྒྱ་དང་ལྡན་པས་ཚོན་རྩི་ཐམས་ཅད་ལ་ལན་བདུན་གྱི་བར་དུ་མངོན་པར་བཟླས་ན། རྡོ་རྗེའི་རང་བཞིན་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེའི་

ཕྱག་རྒྱ་གཉིས་ལས་ནི། །མཛུབ་མོ་རྩེ་མོ་མཉམ་སྦྱར་བ། །བྱས་ནས་ཚོན་རྩི་ཐམས་ཅད་ནི། །འབར་བའི་ལྟ་བས་དགུག་པར་བྱ། །ཧི་ཞེས་བྱ་བ་དང་། རྡོ་རྗེ་ཉི་མའི་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱ་དང་། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཐའ་སྦྱར་བར་བྱའོ། །ཨོཾ་བཛྲ་ཙི་ཏྲ་ས་མ་
ཡ་ཧཱུཾ་ཞེས་ཟློས་ཤིང་དབང་ལྡན་ཕྱོགས་ནས་བརྩམས་ཏེ། གཡས་ནས་བསྐོར་བས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཚོན་རྩི་དགྱེ་བར་བྱ་སྟེ། ཕྱིས་ཅི་བདེར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་བའི་རིམ་པ་འདིས་ཅི་བདེར་དགྱེའོ། །
ཁྲུ་དྲུག་པར་བྱ་བ་ནི་ཚོན་རྩིའི་རི་མོ་ཆུང་ཚད་ཡིན་ཏེ། དེ་ཕན་ཆད་ཁྲུ་བསྐྱེད་པས་རྐང་པ་ཡང་བསྐྱེད་པར་བྱའོ། །དེ་ཡང་རྡོ་རྗེ་རྩེ་མོའི་རྒྱུད་ལས། སྔོན་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལ་དམིགས་པ་སྟེ། །པདྨ་རཱ་གའི་རང་བཞིན་གཞན། །དེ་བཞིན་གཞན་དག་མར་གཏ་འདྲ། །
དཀར་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །ཅེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །ཤར་ཕྱོགས་སུ་ནི་སྔོན་པོ་ཆེ། །ལྷོར་ནི་སེར་པོ་དང་ལྡན་པ། །ནུབ་ཀྱི་ཕྱོགས་ནི་དམར་པོ་སྟེ། །བྱང་ནི་ལྗང་གུར་ཡང་དག་ལྡན། །དབུས་ཀྱི་ས་ཡི་ཆ་ཉིད་ནི། །ཤེལ་
ལྟར་སྣང་བ་བླ་ན་མེད། །རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང་། །རབ་མཉམ་གཞག་སྟེ་དེ་ཡིས་བྲི། །རྡོ་རྗེ་ཀ་བའི་ནང་ལོགས་སུ། །ཟླ་བའི་དཀྱིལ་འཁོར་ལྔས་བརྒྱན་ལ། །དབུས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །སངས་རྒྱས་ཀྱི་ནི་གཟུགས་གཞག་ཅིང་། །སངས་རྒྱས་ཀྱི་ནི་ཕྱོགས་
ཀུན་གྱི། །དཀྱིལ་འཁོར་རྣམས་ཀྱི་དབུས་རྣམས་སུ། །རིམ་བཞིན་དུ་ནི་དམ་ཚིག་མཆོག །བཞི་པོ་ལེགས་པར་གཞག་པར་བྱ། །དཀྱིལ་འཁོར་བཞི་པོ་དེ་དག་ཏུ། །རྡོ་རྗེ་གོམ་པས་སོང་ནས་ནི། །མི་གཡོ་བ་ལ་སོགས་པ་ཡི། །སངས་རྒྱས་བཞི་པོ་ཐམས་ཅད་གཞག །མི་གཡོ་
བ་ཡི་དཀྱིལ་འཁོར་དུ། །རྡོ་རྗེ་འཛིན་སོགས་མཉམ་པར་གཞག །རིན་ཆེན་འབྱུང་ལྡན་དཀྱིལ་འཁོར་དུ། །རྡོ་རྗེ་སྙིང་སོགས་རྫོགས་པར་གཞག །ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། །རྡོ་རྗེ་སྤྱན་སོགས་རྫོགས་པར་བཞག །གདོན་མི་ཟ་བའི་དཀྱིལ་འཁོར་དུ། །རྡོ་རྗེ་

རྒྱ་གྲམ་ལ་སོགས་གཞག །འཁོར་ལོ་ཡི་ནི་གྲྭ་རྣམས་སུ། །རྡོ་རྗེ་ལྷ་མོ་རྣམས་ཀྱང་གཞག །དཀྱིལ་འཁོར་ཕྱི་རོལ་གྲྭ་རྣམས་སུ། །སངས་རྒྱས་མཆོད་པ་རྣམས་ཀྱང་གཞག །སྒོ་རྣམས་ཀུན་གྱི་ནང་དུ་ནི། །སྒོ་སྲུང་བཞི་ཡང་གཞག་པར་བྱ། །དཀྱིལ་འཁོར་
ཕྱི་རིམ་ཕྱོགས་སུ་ནི། །སེམས་དཔའ་ཆེན་པོ་རྣམས་ཀྱང་གཞག །དེ་ལ་རྡོ་རྗེ་ཤུགས་ཀྱི་སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། དེ་ལ་འདིའི་ཕྱག་རྒྱ་ནི་འདི་ཡིན་ཏེ། ཡིད་ཀྱིས་རི་མོ་བཏེག་ནས་ནི། །རྡོ་རྗེ་སྲད་བུའམ་གཞན་ཡང་རུང་། །ཕྱིར་བྱུང་ནང་དུ་ཞུགས་ཀྱང་རུང་། དམ་
ཚིག་ཉམས་པ་དེ་མི་འགྱུར། །དེ་ལ་བཅོམ་ལྡན་འདས་རྣམ་པར་རྡོ་རྗེ་སྣང་མཛད་ནི། སྐུ་མདོག་དཀར་པོ་སེང་གེའི་གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། བྱང་ཆུབ་མཆོག་གི་ཕྱག་རྒྱས་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། ཉི་མའི་དཀྱིལ་འཁོར་གྱི་འོད་མངའ་བ། དར་ལའི་
སྟོད་གཡོགས་དང་། སྨད་གཡོགས་མནབས་པ། རིན་པོ་ཆེའི་ཅོད་པན་དང་། དར་དཔྱངས་ཀྱི་དབང་བསྐུར་བ་དང་ལྡན་པ། ཞལ་བཞི་པ་ཞལ་དང་པོ་ཤར་དུ་གཙིགས་པའོ། །དེ་བཞིན་དུ་མི་བསྐྱོད་པ་ལ་སོགས་ཡང་དེ་བཞིན་ཏེ། སྐུ་མདོག་ཀྱང་སྔོན་པོ་དང་། སེར་པོ་དང་།
དམར་པོ་དང་། ལྗང་གུ་དང་། གླང་པོ་ཆེ་ལ་སོགས་པའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྡོ་རྗེ་རྩེ་ལྔ་པ་དང་། རྡོ་རྗེ་རིན་པོ་ཆེ་དང་། རྡོ་རྗེ་པདྨ་དང་། སྣ་ཚོགས་རྡོ་རྗེ་ལ་སོགས་པ་བསྣམས་པའོ། །ཉི་མའི་དཀྱིལ་འཁོར་གྱི་འོད་མངའ་བ། རིན་པོ་ཆེའི་ཅོད་པན་དང་།
དར་དཔྱངས་ཀྱི་དབང་བསྐུར་བ་དང་ལྡན་པ། ཞལ་གཅིག་པ་རྣམ་པར་སྣང་མཛད་ལ་མངོན་སུམ་དུ་ཕྱོགས་པ་རྣམས་རང་རང་གི་ཕྱག་རྒྱ་ཆེན་པོ་དང་བཛྲ་དྷཱ་ཏུ་ཞེས་བྱ་བ་དེ་བཞིན་གཤེགས་པ་ལྔའི་སྙིང་པོ་ཟློས་ཤིང་བཞུགས་སུ་གསོལ་ལ། བྲིས་པ་ལྟར་བར་སྣང་ལ་མངོན་དུ་
བཞུགས་པ་རྣམས་ཀྱང་དེ་བཞིན་དུ་ཕབ་སྟེ་གཅིག་ཏུ་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར། སཏྭ་བཛྲི་ཞེས་བྱ་བས་རྡོ་རྗེ་སེམས་མ་སྐུ་མདོག་སྔོན་མོ། རྡོ་རྗེ་རྩེ་ལྔ་པ་དམར་པོ་བཀོད་ལ། བཛྲ་ཨཱ་བེ་ཤ་ཨ་ཞེས་བྱ་བས་དབབ་པར་བྱའོ། །

གཡས་སུ་རཏྣ་བཛྲི་ཞེས་བྱ་བས་རིན་ཆེན་སེམས་མ་སྐུ་མདོག་སེར་མོ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྩེ་མོ་རྡོ་རྗེ་རྩེ་ལྔ་པས་མཚན་པའོ། །རྒྱབ་ཏུ་དྷརྨ་བཛྲི་ཞེས་བྱ་བས་རྡོ་རྗེ་ཆོས་མ་སྐུ་མདོག་དམར་མོ། པདྨ་དཀར་དམར་འདབ་མ་བཅུ་དྲུག་པ་ལ་འདབ་མ་བརྒྱད་ཐུར་དུ་གྱེས་པ།
འདབ་མ་བརྒྱད་གྱེན་དུ་བལྟས་པ། ཁ་མ་བྱེ་བའི་ནང་ན་རྡོ་རྗེ་རྩེ་ལྔ་པ་ཆུད་པའོ། །གཡོན་དུ་ཀརྨ་བཛྲི་ཞེས་བྱ་བས། རྡོ་རྗེ་ལས་མ་སྐུ་མདོག་ལྗང་གུ །སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ། ཁ་དོག་ལྔ་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་བསྐལ་པ་བཟང་པོའི་
མཐར་ཐུག་པའི་བར་ནི། ཕྱག་རྒྱ་ཆེན་པོས་རང་རང་གི་མཚན་མ་རྡོ་རྗེ་ལ་སོགས་པ་བསྣམས་པ། རབ་ཏུ་དགྱེས་པས་སྤྱན་གདངས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཡིན་ནོ། །རྣམ་པར་སྣང་མཛད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་ལ། འདི་དག་ཐམས་ཅད་
ཀྱང་ཆོས་ཀྱི་དབྱིངས་ལ་དམིགས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། རྣམ་པར་སྣང་མཛད་ལ་མངོན་པར་ཕྱོགས་པར་བྱའོ། །མི་བསྐྱོད་པའི་མདུན་དུ་ནི་རྡོ་རྗེ་སེམས་དཔའ་འོ། །གཡས་སུ་ནི་རྡོ་རྗེ་རྒྱལ་པོའོ། །གཡོན་དུ་ནི་རྡོ་རྗེ་ཆགས་པའོ། །རྒྱབ་ཏུ་ནི་རྡོ་རྗེ་
ལེགས་པའོ། །རིན་ཆེན་འབྱུང་ལྡན་གྱི་མདུན་དུ་ནི་རྡོ་རྗེ་རིན་ཆེན་ལ་སོགས་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ལྷག་མ་ནི་ཤེས་པ་ཁོ་ནར་ཟད་དོ། །ཕྱིའི་དཀྱིལ་འཁོར་གྱི་ཁྱམས་ལ་བྱམས་པ་ལ་སོགས་པ། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བཞིས་
སྟོང་དུ་མ་ཚང་བ། ཤར་ཕྱོགས་ལ་སོགས་པའི་ཕྱོགས་སུ་ཆ་མཉམ་པོ་གོ་རིམས་བཞིན་དུ་བྲི་བར་བྱའོ། །དེ་ལ་ཤར་ཕྱོགས་པ་རྣམས་ནི་རྡོ་རྗེ་རྩེ་ལྔ་པ་བསྣམས་པའོ། །ལྷོ་ཕྱོགས་པ་རྣམས་ནི་རྡོ་རྗེ་རིན་པོ་ཆེ་བསྣམས་པའོ། །ནུབ་ཕྱོགས་པ་རྣམས་ནི་རྡོ་རྗེ་པདྨ་བསྣམས་
པའོ། །བྱང་ཕྱོགས་པ་རྣམས་ནི་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །དེ་ནས་འདི་རྣམས་ཀྱི་དགོད་པའི་རིམ་པ་དང་། མཚན་ནི་འདི་དག་ཡིན་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཞེས་བྱ་བ་འདི་ནི་རིག་པའོ། །དེ་ལ་དེ་རྣམས་ཀྱི་

མཚན་ནི། བྱམས་པ། སེང་གེ། རབ་གསལ། ཐུབ་པ། མེ་ཏོག །མེ་ཏོག་གཉིས་པ། སྤྱན་ལེགས། དེད་དཔོན། ལག་ཆེན། སྟོབས་ཆེན། རྒྱུ་ཀར་རྒྱལ་པོ། རྩི་སྨན། སྙན་པ། ཏོག །འོད་ཆེན་པོ། གྲོལ་བའི་ཕུང་པོ། རྣམ་པར་སྣང་མཛད།
ཉི་མའི་སྙིང་པོ། ཟླ་འོད་འཕྲོ། འོད་བཟང་། མྱ་ངན་མེད། སྐར་རྒྱལ། རབ་གསལ། ཕྲེང་ཐོགས། ཡོན་ཏན་འོད། དོན་གཟིགས། མར་མེ། མཐུ་ལྡན། སྨན་པ། དེས་པ། མཛོད་སྤུ། བསྟན་ལྡན། ལྷའི་དཔལ། གདུལ་དཀའ། ཡོན་ཏན་རྒྱལ་མཚན། སྒྲ་གཅན། ཚོགས་
ཅན། ཚངས་པའི་དབྱངས། ཚིག་བརྟན། མི་འགྱིང་པ། འོད་མཛད། ལྷུན་ཆེན། རྡོ་རྗེ་སྡོམ་པ་ཅན། མི་བསྙེངས་པ། རིན་ཆེན། པདྨའི་སྤྱན། སྟོབས་སྡེ། མེ་ཏོག་འོད་ཟེར། ཡེ་ཤེས་དགྱེས། གཟི་ཆེན། ཚངས་པ། འོད་དཔག་མེད། ཀླུ་སྦྱིན། བརྟན་པར་གཤེགས།
དོན་ཡོད་མཐོང་། བརྩོན་འགྲུས་སྦྱིན། བཟང་སྐྱོང་། དགའ་བོ། འཆི་མེད། སེང་གེའི་རྒྱལ་མཚན། རྒྱལ་བ། ཆོས། མཆོག་ཏུ་དགའ་བའི་རྒྱལ་པོ། ཁ་ལོ་སྒྱུར། དགྱེས་པར་གཤེགས། ཆུ་ལྷ། ཡོན་ཏན་ལག །སྤོས་ཀྱི་གླང་པོ། རྣམ་པར་གཟིགས། འབྲུག་སྒྲ།
ལེགས་སེམས། ཡིད་བཟངས། དྲི་མེད། ཟླ་བ་གྲགས་ཆེན། གཙུག་ན་ནོར་བུ། དྲག་ཤུལ་ཅན། སེང་གེ་སྟབས། ལྗོན་པ། རྣམ་པར་རྒྱལ་བ་ཅན། ཤེས་རབ་བརྩེགས། ལེགས་གནས། བློ་གྲོས། ཡན་ལག་སྐྱེས། བློ་མཐའ་ཡས། གཟུགས་བཟང་། མཁྱེན་ལྡན། འོད་
ཟེར། བརྟུལ་ཞུགས་བརྟན། བཀྲ་ཤིས། བདེན་པའི་ཏོག །པདྨ། སྲེད་མེད་ཀྱི་བུ། ལག་བཟངས། ཡེ་ཤེས་འབྱུང་གནས། ཡོན་ཏན་འོད་འཕྲོ། ཚངས་པས་བྱིན། རིན་ཆེན་འབྱུང་གནས། ལྷའི་མེ་ཏོག །དོན་ལེགས་སེམས་དཔའ། ཆོས་ཀྱི་དབང་ཕྱུག །བློ་གྲོས་གྲགས་པ། སྤོབས་
པ་བརྩེགས་པ། རྡོ་རྗེ་རྒྱལ་མཚན། ཕན་པར་བཞེད་པ། རྣམ་པར་རོལ་ལྡན། མུན་པ་དང་བྲལ་བ། སྒྲ་གཅན་ལྷ། རི་བོའི་རྒྱལ་མཚན། ཚོགས་ཅན་འོད། རིན་ཆེན་སྙིང་པོ། །ཤིན་ཏུ་མཐོར་གཤེགས། སྐར་རྒྱལ། རུ་རིངས། ཡོན་ཏན་གྲགས། ཉི་ཟླ། ཉི་མའི་འོད། སྐར་མཁན། སེང་

གེའི་ཏོག །དུས་མཁྱེན་རྒྱལ་པོ། དཔལ་གྱི་སྙིང་པོ། སྲིད་མཐའ་གཟིགས་པ། གློག་གི་འོད། གསེར་གྱི་འོད། སེང་གེས་བྱིན་པ། གཞན་གྱིས་མི་ཐུབ་པའི་རྒྱལ་མཚན། མཆོག་དགའ་གྲགས་པ། བརྩོན་འགྲུས་བརྟན་པ། གྲགས་པ་རྫོགས་པ། བསྙེངས་པ་དང་བྲལ་བ། མཆོད་འོས་ལྷ།
སྒྲོན་མ་ཆེན་པོ། འཇིག་རྟེན་འོད། སྤོས་དྲི་ཞིམ་པ། ཡོན་ཏན་མཆོག་འཛིན། མུན་པ་དང་རྣམ་པར་བྲལ་བ། སེང་གེའི་འགྲམ་པ། རིན་ཆེན་གྲགས་པ། སྐྱོན་རབ་ཞི་བ། བདུད་རྩི་འཆང་བ། །མིའི་ཟླ་བ། ཤིན་ཏུ་གཟིགས་པ། རབ་ཏུ་བརྒྱན་པ། ནོར་བུའི་འོད། རི་བོ་བརྩེགས་པའི་ཏོག །
ཆོས་ཀྱི་འབྱུང་གནས། ཚེ་སྦྱིན། རིན་ཆེན་འབྱུང་གནས། སྐྱེ་དབང་མཚུངས་པ། སྟོབས་ཀྱིས་གཤེགས་པ། བློ་གནས། གདུགས་མཛེས་པ། གཙོ་བོ་ཤིན་ཏུ་འཕགས་དཔལ། སེང་གེའི་སྒྲ། རྣམ་རོལ་ལྡན་པ། ཀླུའི་འོད། མེ་ཏོག་རི་བོ། ཀླུ་དགའ། སྤོས་ཀྱི་
དབང་ཕྱུག །ཤིན་ཏུ་གྲགས་པ། སྟོབས་ཀྱི་ལྷ། ཡོན་ཏན་ཕྲེང་ལྡན། ཀླུའི་ལག་པ། མིག་བརྒྱན་པ། ལེགས་པར་སྦྱང་བའི་བློ། ཟིལ་གནོན་ཡེ་ཤེས། མཐའ་ཡས་པའི་སྤྱན། བདེན་པར་གསུང་། ཉི་མའི་འོད། ངེས་པའི་བློ། མཐའ་ཡས་གཟུགས། རྣམ་པར་
སྣང་མཛད། རིན་ཆེན་ཏོག །ཐེ་ཚོམ་རྣམ་པར་སྤངས་པ། འཇིག་རྟེན་འདས་པ། དོན་ཡོད། རྣམ་པར་གནོན་པ། རྟོག་པར་མཛད་པ། མེ་ཏོག་རྒྱལ་མཚན། རི་དབང་རྒྱལ་པོ། གཟི་བརྗིད་ཆེན་པོ། དོན་མཛད་གཟིགས་པ། གྲགས་པ་མཐའ་ཡས། རིན་ཆེན་ལྷ། དོན་
གནས་མཁྱེན་པ། བློ་རྫོགས་པ། མྱ་ངན་མེད་པ། དྲི་མ་དང་བྲལ་བ། ཚངས་ལྷ། སའི་དབང་ཕྱུག །མེ་ཏོག་སྤྱན། རྣམ་པར་འབྱེས་པའི་སྐུ། ཆོས་ཀྱི་འོད། ཀུན་གཟིགས། ཡོན་ཏན། འོད་གསལ། ཟླ་བའི་ཞལ། རིན་ཆེན་འོད། རིན་ཆེན་ཏོག །གྲགས་པའི་བླ་མ། འོད་
བྱེད། གཟི་བརྗིད་དཔག་མེད། དུས་མཁྱེན། སེང་གེའི་སྐུ། མཁས་བློ། །རྒྱལ་བར་དཀའ། ཡོན་ཏན་ཕུང་པོ། ཟླ་བའི་ཏོག །མཐུ་ཐོབ། མཐུ་སྩལ་མཐའ་ཡས། ཟླ་བ། དྲི་མེད། དོན་ཐམས་ཅད་གཟིགས་པ། དཔའ་བོ། འབྱོར་ལྡན། བསོད་ནམས། སྒྲོན་མ། ཡོན་ཏན་

འོད་འཕྲོ། བློ་ཡངས། ལེགས་སྐྱེས། ནོར་ལྷ། ཡིད་གཉིས་སྤོང་། འཛིན་པ་དཔག་མེད། མཆོག་སྲེད། ཆོམ་མེད། མི་གནས་པ། དེར་གནས། ཚོགས་ཅན་གཙོ་བོ། འགྲོ་བའི་འོད་ཟེར། ཕལ་ཆེན་རྒྱལ་བ། གཟི་བརྗིད་མཐའ་ཡས། དོན་གྱི་བློ་
གྲོས། སྨན་པའི་རྒྱལ་པོ། ཐ་བ་སྤངས་པ། རིམས་ནད་མེད་པ། ལེགས་སྦྱིན། གྲགས་སྦྱིན། མེ་ཏོག་བྱིན། སྐྱེས་བུས་བྱིན། རྡོ་རྗེ་སྡེ། ཕལ་ཆེན་སྦྱིན། ཞི་བའི་བློ་གྲོས། སྤོས་ཀྱི་གླང་པོ། སྲེད་མེད་ཀྱི་བུ། དེས་པ། མི་ཚུགས་པ། ཉི་ཟླ། གློག་གི་ཏོག །མཆོད་པ་
ཞེས་བྱ་བ་སྟེ། ཉིས་བརྒྱ་ལྔ་བཅུར་གཅིག་གིས་མ་ཚང་བ་ནི་ཤར་ཕྱོགས་ཀྱི་ཁྱམས་ཀྱི་ནང་དུ་བྲི་བར་བྱའོ། །དཔལ་སྦས། ཡེ་ཤེས་ཉི་མ། དོན་གྲུབ། ལྷུན་པོ་བརྩེགས། དགྲ་འདུལ། པདྨ། དགྲ་བཅོམ་གྲགས་པ། ཡེ་ཤེས་འགྲོས། ཉོན་མོངས་བྲལ། འདམ་བུ།
སྤོས་བཟངས། ཡུལ་འཁོར་རངས། ལྷ་གྲགས། སྲིད་མཐའ་གཟིགས། ཟླ་བ། སྒྲ་གཅན། རིན་ཆེན་ཟླ་བ། སེང་གེའི་རྒྱལ་མཚན། བསམ་གཏན་དགྱེས། རྫོགས་ལྡན། རྣམ་པར་རོལ་པ། ཡོན་ཏན་རིན་ཆེན། དགྲ་བཅོམ་གྲགས་པ། པདྨའི་ངོས། མཛོད་སྤུ་ལྡན།
སྤོབས་པ་གྲགས། རྡོ་རྗེ་ནོར་བུ། ཚེ་དཔག་མེད། ནོར་བུ་བཀོད། དབང་ཆེན། ཡོན་ཏན་འབྱུང་གནས། ལྷུན་པོ་གྲགས། འོད་ཟེར་བཅུ་པ། མ་སྨད་པ། གླང་པོའི་འགྲོས། ཡིད་འཐད། རིན་ཆེན་ཟླ་བ། ཞི་བ། རབ་གསལ་རྒྱལ་པོ། ཁ་ལོ་སྒྱུར། དགའ་བའི་དབང་
ཕྱུག །གཙུག་ན་རིན་པོ་ཆེ། བསྙེངས་བྲལ། རིན་ཆེན་སྙིང་པོ། ཟླ་ཞལ། དྲི་མ་མེད་པར་གྲགས་པ། ཞི་བའི་གཟི་བརྗིད། དགའ་བའི་ཏོག །སྒྲ་གཅན་ལྷ། ན་ཚོད་བཟང་པོ། ལྷ་དགའ། རིན་ཆེན་ཕུང་པོ། མཛེས་པར་གཤེགས། སེང་གེའི་ཕྱོགས་པ། ཤིན་ཏུ་
མཐོར་གཤེགས། སྐྱེ་བའི་དབང་པོ། བློ་གྲོས་བཟང་པོ། འཇིག་རྟེན་འོད། རིན་ཆེན་གཟི་བརྗིད། སྐལ་ལྡན། ཤིང་རྟ། ཀུན་དུ་རྒྱལ་བ། དགའ་བ་བཀོད་པ། སྟེགས་མཛད་པ། སྤོས་ཀྱི་གླང་པོ། བློ་གྲོས་འོད་འཕྲོ། རི་བོའི་རྒྱལ་མཚན། རིན་ཆེན་སྤོས་བཟངས།

ཆོས་བརྟན། གཟི་བརྗིད་དྲག་ཤུལ་ཅན། ཆོས་ཀྱི་ནོར་བུ། བཟང་པོས་བྱིན་པ། བདེ་གཤེགས་ཟླ་བ། ཚངས་པའི་དབྱངས། སེང་གེའི་ཟླ་བ། །ཚུངས་པ་མེད་པའི་དཔལ། ལེགས་པར་སྐྱེས་པ། ཐུབ་པ་མེད་པའི་ཚོགས། གྲགས་པའི་བཤེས་གཉེན། བདེན་པ། དཀའ་
ཐུབ་ཆེན་པོ། ལྷུན་པོའི་འོད་ཟེར། ཡོན་ཏན་བརྩེགས་པ། མཆོད་པ་གྲགས་པ། ཆོས་གྲགས། སྦྱིན་པའི་འོད། གློག་འབྱིན། བདེན་པར་གསུང་བ། འཚོ་བྱེད། ན་ཚོད་བཟང་པོ། ལེགས་པའི་ཚོགས་ཅན། རྣམ་པར་ངེས་པའི་བློ་གྲོས། སྲིད་མཐའ་ནོར་བུའི་སྤོས།
རྒྱལ་བས་དགྱེས་པ། སེང་གེའི་འོད་ཟེར། རྣམ་པར་སྣང་མཛད། གྲགས་པ་མཆོག །ཐུགས་རབ་ཏུ་གཞུངས་པ། ནོར་བུའི་ཟླ་བ། དྲག་ཤུལ་འོད་ཟེར། བརྟུལ་ཞུགས་ཐུབ་མེད། འགྲོ་བས་མཆོད་པ། ནོར་བུའི་ཚོགས། འཇིག་རྟེན་བླ་མ། གླང་ཆེན་སེང་གེ། ཟླ་བ། རིན་ཆེན་
འོད་ཟེར། སྒྲ་གཅན་སྦེད་པ། ཡོན་ཏན་རྒྱ་མཚོ། འོད་ཟེར་ལྡན་པ། རབ་ཏུ་ཞི་བའི་སྟོབས། འཇིག་རྟེན་བཟང་པོ། མྱ་ངན་མེད་པ། ཤུགས་བཅུ་པ། སྟོབས་ལ་དགྱེས་པ། མཐུ་དཔལ། མཐུ་ཐོབ་པ། མཐུ་ཆེན་པོ། ཡོན་ཏན་སྙིང་པོ། བདེན་པར་སྤྱོད་པ། དགེ་མཆོག་
རྒྱལ་པོ། སྐར་རྒྱལ། འོད་ཟེར་ཆེན་པོ། གློག་གི་འོད། ཡོན་ཏན་རྒྱ་ཆེན་རིན་པོ་ཆེ། དཔལ་འོད། བདུད་འདུལ་བར་མཛད་པ། གོ་ཆ་བགོས་པ། སེང་གེའི་ཕྱག །མེ་ཏོག་བཟང་པོ། རིན་ཆེན་མཐོན་པོ། རྒྱ་མཚོ། ས་འཛིན། དོན་གྱི་བློ་མངའ་བ། ཡོན་ཏན་བསགས་པ། ཡོན་ཏན་
ཚོགས། རིན་ཆེན་མེ། འཇིག་རྟེན་འདས་པ། འཇིག་རྟེན་ཟླ་བ། དབྱངས་སྙན་པ། ཚངས་པའི་ཏོག །ཚོགས་ཅན་གཙོ་བོ། སེང་གེའི་སྟབས། དྲག་ཤུལ་གྱིས་བྱིན་པ། ཆོས་ཀྱི་དབང་ཕྱུག །གཟི་བརྗིད་འོད། འོད་ཟེར་ཆེན་པོ། རིན་ཆེན་སྙིང་པོ། རིན་ཆེན་གྲགས་པ། ཚོགས་
ཅན་གསལ་བ། གྲགས་པ་མཐའ་ཡས། འོད་ཟེར་དོན་ཡོད། ལྷའི་དྲང་སྲོང་། སྐྱེ་བའི་དབང་པོ། དགེ་འདུན་བརྟན། ཕྱ