Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 62

Văn bản gốc(Tây Tạng)

Trang 7 / 24 (50.000 ký tự/trang)
་བྱས་ལ། ཆུའི་དབང་བསྐུར་བ་དང་། སངས་རྒྱས་ལྔའི་ཅོད་པན་དང་། དར་དཔྱངས་དང་། རྡོ་རྗེ་ཕྲེང་བ་དང་། རྡོ་རྗེའི་བདག་པོ་དང་། རྡོ་རྗེ་མིང་གི་དབང་བསྐུར་བས་ཡང་བཅོམ་ལྡན་འདས་ལ་ཕྱག་བྱས་
ཏེ། བཅོམ་ལྡན་འདས་ལས་དེ་བླངས་ནས། །དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་དང་། རྡོ་རྗེ་བརྟུལ་ཞུགས་ཀྱང་བླངས་ནས་མེ་ཏོག་ལ་སོགས་པ་དང་། སྒེག་མོ་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ་ཚིགས་སུ་བཅད་པ་རྣམ་པ་ལྔས་རྗེས་སུ་གནང་བ་དང་། ཧཱུྃ་བཞི་པ་དང་

གཟེངས་བསྟོད་པ་དང་། ལུང་བསྟན་པ་ཡང་བླངས་ལ། ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་བཟླས་པ་བྱས་ནས་བདག་གི་ཧཱུྃ་མཛད་རྡོ་རྗེའོ་ཞེས་རང་གི་མིང་ནས་བརྗོད་པ་བྱས་ལ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་
ཆེན་པོ་བཅིངས་ཏེ། དེའི་སྔགས་ཨ་ཞེས་བྱ་བའི་མཐའ་དང་བཅས་པ་རྣམ་པར་སྣང་མཛད་ཀྱི་གནས་སུ་དེ་བཞིན་གཤེགས་པའི་རྡོ་རྗེའི་བདག་ཉིད་དབབ་པར་བྱའོ། །བཛྲ་ཧཾ་ཞེས་རྡོ་རྗེའི་ང་རྒྱལ་དུ་རྣམ་པར་བསྒོམས་ལ། རྡོ་རྗེ་དེ་བཛྲ་དྷ་ཏུ་ར་ཧཾ་ཞེས་བྱ་བས་རྣམ་པར་སྣང་མཛད་དུ་བསྒོམ་པར་
བྱའོ། །དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བྱང་ཕྱོགས་ཀྱི་སྒོར། དེའི་སྔགས་ཨ་ཞེས་བྱ་བའི་མཐའ་དང་བཅས་པས་རྡོ་རྗེ་དྲིལ་བུར་བདག་ཉིད་དབབ་པར་བྱས་ལ། བཛྲ་གྷཎྜེ་ཧོ་ཞེས་ང་རྒྱལ་བསྐྱེད་ནས། དེ་བཛྲ་ཨཱ་བེ་ཤ་ཀྲོ་དྷ་ཧཾ་ཞེས་ཁྲོ་བོ་རྡོ་རྗེ་འབེབས་པ་བསྒོམ་
པར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་བསྒྲུབ་པར་འགྱུར་རོ། །རྡོ་རྗེ་སློབ་དཔོན་སེམས་དཔའ་ནི། །རྡོ་རྗེ་ལྕགས་ཀྱུ་བཅིངས་ནས་ནི། །སེ་གོལ་མང་པོ་བརྡབ་བགྱིས་ལ། །སངས་རྒྱས་ཐམས་ཅད་བསྡུ་བར་བགྱི། །ཨོཾ་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿཞེས་ལན་ཉི་ཤུ་རྩ་གཅིག་བཟླ་བར་བྱའོ། །དེ་ནས་རྡོ་རྗེ་ཁྲོ་
བོ་ཡི། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་། །མཚན་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་རབ་ཏུ་བརྗོད་པར་བགྱིའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་རང་རང་གི་སྒོ་ནས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ། ཧཱུྃ་བཞི་པས་མཆོད་ཡོན་ཕུལ་ལ། དཔལ་རྣམ་པར་སྣང་མཛད་ལ་སོགས་པ་
བཟླས་ནས་བསྐལ་པ་བཟང་པོའི་མཐར་ཐུག་པའི་བར་དུ་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་བྱ་སྟེ། རང་གི་སྔགས་བརྗོད་ལ། དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨཱ་ཧ་ཞེས་བརྗོད་དོ། །དེ་ནས་རང་གི་སྔགས་དང་སྙིང་པོ་བརྗོད་པར་བྱ་སྟེ། དེ་ལྟར་ན་འགྲུབ་པར་འགྱུར་རོ། །དེ་ནས་
དམ་ཚིག་གི་ཕྱག་རྒྱ་རྣམས་བཤད་དེ། རྡོ་རྗེ་གཉིས་ལས་བྱུང་བ་ནི། །དམ་ཚིག་མཆོག་ཏུ་གྲགས་པ་ཡིན། །དེ་དག་བཅིང་བ་བཤད་བྱ་བ། །ཁྲོ་བོ་བཅིང་བ་བླ་ན་མེད། །ལག་ངར་རྡོ་རྗེར་བྱས་ནས་སུ། །མཐེའུ་ཆུང་ལྕགས་ཀྱུར་བཅིང་བར་བྱ། །མཛུབ་མོ་གཉིས་ཀྱིས་བསྡིགས་པ་ནི། །འཇིག་

རྟེན་གསུམ་ལས་རྒྱལ་ཞེས་བྱ། །དེ་བཞིན་མཛུབ་མོ་ངོས་སྦྱར་ཏེ། །ནོར་བུ་འདྲ་བར་རབ་ཏུ་དགུག །གུང་མོ་མཉམ་བསྒྲེང་པདྨར་བྱ། །གུང་མོ་མཛུབ་མོ་གཉིས་ཀས་བསྡིགས། །མཛུབ་མོ་གཉིས་ཀ་རྡོ་རྗེར་བྱ། །གཡས་པ་ལྕགས་ཀྱུ་དགུག་པར་བྱ། །དེ་ཉིད་ཧཱུྃ་ཞེས་བྱ་བར་
འདུད། །ལེགས་པ་སྦྱིན་པ་དེ་བཞིན་ཏེ། །མཛུབ་གཉིས་དཔྲལ་བའི་གཉེར་མར་གཞག །སྙིང་གར་མཛུབ་མོས་ཉི་མར་བསྐོར། །ལག་པ་བརྐྱང་སྟེ་སྤྱི་བོར་གཞག །མཛུབ་མོ་ཁ་ནས་དགོད་ལྟར་བྱས། །མཛུབ་མོའི་སེན་མོ་སྦྱར་བར་བྱ། །གཡས་པས་རལ་གྲི་བཅིངས་པའོ། །གུང་
མཛུབ་མཉམ་བསྒྲེང་འཁོར་ལོ་ཡི། །ཁ་ཡི་ནང་ནས་དབྱུང་བ་དང་། །མཛུབ་མོ་གུང་མོར་རྡོ་རྗེར་བྱ། །མཛུབ་མོ་ཡིས་ནི་མགུལ་པར་བསྐོར། །མཛུབ་མོ་གཉིས་ནི་མཆེ་བ་ཆེ། །མཛུབ་མོ་གཉིས་ནི་རྡོ་རྗེར་བཅིངས། །སྒེག་མོ་ལ་སོགས་པའི་ནི་རྡོ་རྗེ་དབྱིངས་ལ་སོགས་པ་ཉིད་ལ་ཧཱུྃ་ཞེས་བྱ་
བས་རྡོ་རྗེ་བསྡམས་པ་དེ་ཇི་ལྟ་བ་བཞིན་དུ་བཅིངས་སོ། །སྙིང་གར་མཐེ་བོ་བསྙམས་ལ་གཞག །རབ་ཏུ་བརྐྱང་བ་ཕྲེང་བའོ། །ཐལ་མོ་སྦྱར་ཏེ་ཁ་ནས་བྱུང་། །གར་ལས་ཐལ་སྦྱར་སྤྱི་བོར་གཞག །རྡོ་རྗེ་བཅིངས་པ་ཐུར་དུ་བླུགས། །རང་གི་ཐལ་སྦྱར་གྱེན་དུ་གཏོར། །མཐེ་བོང་མཉམ་
སྟེ་རབ་ཏུ་བསྡམས། །རབ་ཏུ་བརྐྱང་སྟེ་བྱུག་པའོ། །མཛུབ་མོ་གཅིག་པོ་དགུག་པའོ། །མཐེ་བོ་གཉིས་ནི་མདུད་པ་དོར། །མཐེ་བོ་མཛུབ་མོ་གདུ་བུར་བཅིང་། །རྡོ་རྗེ་ཁུ་ཚུར་མཛུབ་མོ་བསྡམས། །ཐུགས་ཀར་ཡི་གེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ལ། ཡི་གེ་ཧཱུྃ་ཉིད་
ཟློས་ཤིང་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ། །དེ་ནས་ཕྱག་རྒྱའི་ངེས་པ་བཤད་དེ། །རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་། རྣམ་པར་སྣང་མཛད་དང་། རྡོ་རྗེ་ཧཱུྃ་མཛད་དང་། རིན་ཆེན་ཧཱུྃ་མཛད་དང་། ཆོས་ཀྱི་ཧཱུྃ་མཛད་དང་། ལས་ཀྱི་ཧཱུྃ་མཛད་ཀྱི་གནས་ཉིད་དོ། །དེ་ནས་རིན་ཆེན་ཧཱུྃ་མཛད་
ལ་སོགས་པའི་སྔགས་བཤད་དེ། ཨོཾ་བཛྲ་བྷྲྀ་ཀུ་ཊི་ཀྲོ་དྷ་ན་ཡ་སརྦ་རཏྣ་མ་ཧྲཱིཿཕཊ། ཨོཾ་བཛྲ་དྲྀཥྚཱི་ཀྲོ་དྷ་དྲི་ཤུ་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་བི་ཤྭ་ཀྲོ་དྷ་ཀུ་རུ་སརྦ་བི་ཤྭ་རཱུ་པ་ཏྲ་ཡ་ས་ད་ཡ་ཧཱུྃ་ཕཊ། འདིའི་ཕྱག་རྒྱ་ནི་སེམས་མ་རྡོ་རྗེ་མ་ནས་བརྩམས་ཏེ་བལྟ་བར་བྱའོ། །དེ་ཡང་། རིག་པ་དམ་པ་ཐམས་

ཅད་ཀྱི། །འཇིག་རྟེན་གསུམ་ལས་རྒྱལ་ཞེས་བཤད། །ཅེས་བཤད་པ་ཡིན་ནོ། །རྡོ་རྗེ་དེ་དང་ཧཱུྃ་མཛད་ཀྱིས་ཕྱག་རྒྱའི་ཚོགས་བསྡུས་པ་ནི། འདིར་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཡིན་པར་བཤད་ཀྱི། །རྡོ་རྗེ་ཧཱུྃ་མཛད་གཞན་དུ་གྱུར་པ་ནི་མི་རིགས་ཏེ། རྒྱུད་
ཐམས་ཅད་ལས་ཁམས་གསུམ་རྣམ་པར་རྒྱལ་བ་ཉིད་རྡོ་རྗེ་ཧཱུྃ་མཛད་ཡིན་པར་བསྟན་ཏོ། །དེའི་རྗེས་ལ་དེ་བཞིན་དུ་ལྗགས་ལ་རྡོ་རྗེ་བཀོད་དེ། གོ་རིམས་ཇི་ལྟ་བ་བཞིན་དུ་སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་ཆོས་ཀྱི་ཡི་གེ་དགོད་པར་བྱའོ། །དེ་ནི་འདི་ཡིན་ཏེ། ཧཱུྃ་ནི་རྡོ་རྗེ་སེམས་དཔའ་
འོ། །ཏྲཱཾ་ནི་རིན་ཆེན་སེམས་མའི་འོ། །ཧྲཱིཿནི་ཆོས་ཀྱི་སེམས་མའི་འོ། །ཨ་ནི་ལས་ཀྱི་སེམས་མའི་འོ། །ཧཱུྃ་བཛྲ་སཏྭ་བཛྲི། ཏྲཱཾ་རཏྣ་བཛྲི་ཧྲཱིཿ། དྷརྨཱ་བཛྲི། ཨ་ཀརྨ་བཛྲི་ཧཱུྃ་ཧེ་ཏྲཾ་ཏཾ། ཧི་ཧི་དེ་ཧ་དྷིཀ །དྷི་ཧཱུྃ། གྲཾ་ཀྲི། བཾ་དྲི་ཨཿཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འོ། །མ་ཧཱ་ར་ཧེ་ཧཱུྃ། རཱུ་པ་ཤྭོ་
བྷེ་ཧཱུྃ། ཤྲོ་ཏྲ་སཽ་ཁྱེ་ཧཱུྃ། སརྦ་པཱུ་ཛེ་ཧཱུྃ། པྲ་ཧླ་ད་ནི་ཧཱུྃ། ཕ་ལ་ག་མེ་ཧཱུྃ། སུ་ཏི་ཛཱ་ཏྲི་ཧཱུྃ། སུ་གནྡྷ་ཀི་ཧཱུྃ། ཨ་ཡ་ཧི་ཛ་ཧཱུྃ། ཨ་ཧི་ཧཱུྃ་ཧཱུྃ་ཧཱུྃ་ཧེ་སྥོ་ཊ་བཾ་ཧཱུྃ། གྷཎྜ་ཨ་ཨ་ཧཱུྃ་ཞེས་བྱ་བ་ནི་རྡོ་རྗེ་སྒེག་མོ་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་བར་གྱི་ཡིན་ནོ། །དེའི་རྗེས་ལ་ཡི་གེ་ཨ་ལས་ཐུགས་ཀར་སྣ་ཚོགས་
རྡོ་རྗེ་བསྐྱེད་ལ་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནི་འདི་ཡིན་ཏེ། ཁྲོ་བོའི་ཁུ་ཚུར་གཉིས་བྱས་ལ། །གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་འདི། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །བསྒྱིང་བཅས་བསོར་བས་གཉིས་ག་
ཡིས། །ཞེས་པ་ནི་རིན་ཆེན་ཧཱུྃ་མཛད་དང་། རྡོ་རྗེ་སེམས་དཔའ་དང་། སེམས་མ་རྡོ་རྗེ་མའིའོ། །ལྕགས་ཀྱུ་འཛིན་ལྟར་གནས་པ་དང་། །མདའ་འཕང་བ་ཡི་ཚུལ་དང་ནི། །ལེགས་སོ་ཞེས་པ་སྙིང་གར་བཤད། །དབང་བསྐུར་བ་ནི་རྡོ་རྗེ་གཉིས། །ཞེས་བྱ་བ་ནི་རིན་ཆེན་ཧཱུྃ་མཛད་དང་།
ཁྲོ་བོ་རྡོ་རྗེ་ཁྲོ་གཉེར་ཅན་དང་། རིན་ཆེན་སེམས་མའིའོ། །སྙིང་གར་ཉི་མ་བརྟན་པར་བྱ། །གཡོན་པ་ལ་ནི་གྲུ་མོ་གཟུགས། །དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ། །གཡས་པ་ཡི་ནི་གཡོན་པ་དབྱེ། །ཞེས་བྱ་བ་ནི་ཆོས་ཀྱི་ཧཱུྃ་མཛད་དང་། རྡོ་རྗེ་ཆོས་དང་། ཆོས་ཀྱི་སེམས་མའོ། །

སྙིང་གར་གཡོན་པ་རལ་གྲི་མདུང་། །མགལ་མེའི་འཁོར་ལོ་བསྐོར་བ་དང་། །རྡོ་རྗེ་གཉིས་ཀ་ཁ་ནས་དབྱུང་། །རྡོ་རྗེ་གར་བསྐོར་དགྲོལ་བ་ཡིས། །ཐལ་མོ་འགྲམ་པ་སྤྱི་བོར་གཞག །ཅེས་བྱ་བ་ནི་ལས་ཀྱི་ཧཱུྃ་མཛད་དང་། རྡོ་རྗེ་ལས་དང་། ལས་ཀྱི་སེམས་མའོ། །གོ་ཆ་མཐེ་
ཆུང་མཆེ་བ་མཆོག །ཁུ་ཚུར་གཉིས་ནི་མནན་པའོ། །རྡོ་རྗེ་བསྒྱིངས་པའི་ཚུལ་གྱིས་སུ། །བསམ་པ་གཡོས་པས་སྡུད་པར་བྱའོ། །ཕྲེང་བ་བཅིངས་པ་ཁ་ནས་དབྱུང་། །གར་ལས་ཐལ་སྦྱར་སྤྱི་བོར་བཞག །ཐུར་དུ་བླུགས་དང་གྱེན་དུ་གཏོར། །མཐེ་བོང་མཉམ་
ཏེ་རབ་ཏུ་བསྡམས། །རབ་ཏུ་བརྐྱང་ནས་བྱུག་པ་ནི། །མཆོད་པའི་ཕྱག་རྒྱ་རབ་ཏུ་བསྟན། །མཛུབ་མོ་ལྕགས་ཀྱུ་བཅིང་བ་ནི། །མཐེ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཆོད་པའི་མདུད་པ་མཛུབ་གཉིས་གདུབ། །རྒྱབ་གཉིས་ཀྱང་ནི་མཉམ་སྟེ་མནན། །སྒོ་སྲུང་གི་ནི་ཕྱག་རྒྱ་
ཀུན། །ལས་ཀྱི་ཕྱག་རྒྱ་གར་ལས་བྱུང་། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ནི་ཇི་ལྟར་བྲིས་པའི་རྗེས་སུ་འབྲངས་ཏེ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་དང་། རིན་ཆེན་དང་། ཆོས་དང་། ལས་ཀྱི་ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་
སེམས་མ་རྡོ་རྗེ་དང་། རིན་ཆེན་མ་དང་། ཆོས་མ་དང་། རྡོ་རྗེ་ལས་མ་ཡང་ཡིན་པ་ལས་འདི་རྣམས་ནི་རྡོ་རྗེའི་ནང་དུ་ཆུད་པའི་ལྷ་མོའི་གཟུགས་འཛིན་མ་ཡིན། །བདག་ཉིད་ཆེན་པོ་གང་གང་གིས། །ཕྱག་རྒྱ་གང་དང་གང་བཅིངས་པ། །བཟླས་པའི་སྙིང་པོའི་དོན་དུ་ནི། །དེར་
ནི་བདག་ཉིད་བསྒོམ་པར་བྱ། །ཞེས་བྱ་བའི་ཕྱག་རྒྱ་ཐམས་ཅད་ཀྱི་དམ་ཚིག་གོ། །གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་བཀན་ལ། ལག་པ་གཡས་པའི་མཛུབ་མོ་དང་། མཐེ་བོ་གཉིས་ཀྱི་མཐེའུ་ཆུང་ནས་བརྩམས་ཏེ། ཕྱེ་ནས་ཐལ་མོ་ཁང་སྟོང་དུ་བྱ་བ་འདི་ནི་
བྱམས་པ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་སྟེ། འདི་རྣམས་ཀྱི་རིག་པ་ཡང་སྔར་བཤད་པ་ཡིན་ནོ། །རིག་པ་དེ་ཉིད་དེ་རྣམས་ཀྱི་ལྗགས་ལ་བཀོད་པ་འདི་ནི་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཡི་གེ་ཨ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསྐྱེད་ལ་བྲིས་པ་དང་། རྗེས་སུ་མཐུན་

པར་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བ་ནི་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ལ་བྲིས་པ་དང་རྗེས་སུ་མཐུན་པ་ཁོ་ནར་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །རིག་པ་དེ་ཉིད་ཀྱང་སྤྱི་ཡིན་ནོ། །མཐེ་བོས་
མཐེའུ་ཆུང་བཅིངས་ནས་ནི། གཡོན་པ་སོར་མོ་དབུས་མ་གསུམ། །རྩེ་གསུམ་པ་ཡི་དབུས་མ་རྩེ། །རྡོ་རྗེ་ཕྱག་རྒྱར་བཟུང་བ་སྟེ། །རྡོ་རྗེ་རིག་པ་དམ་པ་སྟེ། །རྡོ་རྗེ་མཐུ་ཞེས་བྱ་བའོ། །དེ་ནས་རབ་ཏུ་བཤད་པ་ནི། །རྡོ་རྗེ་སྒྱུ་མ་ལ་སོགས་བཏགས། །རྡོ་རྗེ་བཅིང་བ་དམ་བཅས་
ཏེ། །གཡོན་པ་རྡོ་རྗེ་བཅིང་བར་བྱ། །རྡོ་རྗེ་ཁུ་ཚུར་ཞེས་བཤད་དེ། །རྡོ་རྗེ་རིགས་ནི་ཀུན་གྱི་འདིའོ། །རྡོ་རྗེ་དེ་ནི་གཉིས་བྱས་ཏེ། མཚན་མ་ཀུན་ནི་ངེས་གཞག་གོ། །རྡོ་རྗེ་རིགས་ནི་ཐམས་ཅད་ཀྱི། །ཕྱག་རྒྱ་རྣམས་ཀྱང་འབྱུང་བ་དེ། །མདུན་དུ་བརྐྱང་སྟེ་བཞག་པ་དང་། །
མཛུབ་མོ་མཐེབ་བསྟན་བཅས་པ་དང་། །ཨོཾ་ཞེས་བྱ་བ་སྤྱི་བོར་སྦྱར། །རྡོ་རྗེ་སྟེང་དུ་བཞག་པའོ། །རིག་པའི་རྒྱལ་པོའི་ཕྱག་རྒྱ་ཆེན་པོའི་ཚོགས་རྣམས་སོ། །རབ་ཏུ་བརྐྱང་ནས་ལག་གནས་པ། །ལག་པའི་རྒྱབ་ཏུ་དེ་བཞིན་ཏེ། །ཁུ་ཚུར་བརྐྱང་ལ་ལག་ངར་བསྐུམ། །ཁ་
ཕྱོགས་སུ་ནི་བསྐོར་བར་བྱ། །རྡོ་རྗེ་ཁྲོ་བོའི་ཕྱག་རྒྱའི་ཚོགས་སོ། །གཡོན་པའི་མཐེ་བོའི་སྟེང་དུ་གཞག །ཕྲེང་བ་བཅིངས་པའི་ཐབས་སུ་སྦྱར། །ནོར་སྦྱིན་པར་ནི་གཡས་པ་སྟེ། །རལ་གྲི་ཕྱག་རྒྱ་ཁུ་ཚུར་གཅིག །ཚོགས་ཀྱི་བདག་པོ་ཆེན་པོའི་ཕྱག་རྒྱའི་ཚོགས་སོ། །གཡས་
པ་མདུན་དུ་མདུང་རིང་འཛིན། །ལག་པ་བརྐྱང་པའང་དེ་བཞིན་ཏེ། །གཡས་པ་འོད་ནི་འབར་བ་བསྟན། །རྡོ་རྗེ་ཁུ་ཚུར་བསྐྱོད་པའོ། །ཕོ་ཉའི་ཕྱག་རྒྱ་ཆེན་པོའི་ཚོགས་སོ། །བསྒྱིངས་བཅས་མཛུབ་མོ་ཁར་མཆེ་བ། །དབྱུག་པ་བསྣུན་ཅིང་མནན་པ་དང་། །དཔུང་པ་
བསྐུམ་ཞིང་བཅར་བ་དང་། །གཡས་པ་གཡོན་གྱི་འདྲེན་པའོ། །བྲན་གྱི་ཕྱག་རྒྱ་ཆེན་པོའི་ཚོགས་སོ། །དེ་ནས་ཨུ་མ་ལ་སོགས་པའི་མ་མོ་རྣམས་ཀྱི་ཕྱག་རྒྱ་བཤད་པར་བྱ་སྟེ། གཡོན་པ་རྡོ་རྗེ་མཛུབ་བཅིངས་པས། །རྩེ་གསུམ་མཚན་མ་མནན་པར་བྱ། །འདི་

བཅིངས་པས་ནི་ཡང་དག་པར། །རིག་པ་དམ་པ་རང་འགྲུབ་འགྱུར། །རྡོ་རྗེ་རིགས་ནི་ཐམས་ཅད་ཀྱི། །གཡོན་པ་རྡོ་རྗེ་གཙོ་བོར་འདུས། །དམ་ཚིག་གོ་ན་ཇི་བཞིན་པར། །ཕྱག་རྒྱ་བཅིང་བར་བཤད་པར་བྱ། །ཐམས་ཅད་འཁོར་ལོ་སོར་རྩེ་གསུམ། །དྲིལ་བུའི་ཕྱག་རྒྱ་དེ་བཞིན་
ནོ། །དེ་བཞིན་ཨོཾ་གྱི་ཕྱག་རྒྱ་དང་། །སེང་གེའི་རྣམ་པར་ཡོངས་སུ་བཟུང་། །རིག་པའི་རྒྱལ་པོའི་ཕྱག་རྒྱ་རྣམས་སོ། །འབར་བ་ཀུན་དུ་འཛིན་པ་དང་། །འདི་ནི་ཡང་དག་འདུས་པ་ཉིད། །དབྱིག་པའི་ཁུ་ཚུར་འཛིན་པ་དང་། །ཁ་འགྲམ་ཕྱག་རྒྱ་བསྐོར་བའོ། །ཁྲོ་བོའི་
དམ་ཚིག་རྣམས་སོ། །བཏུད་པའི་ཕྱག་རྒྱ་དང་ཕྲད་པ། །རྡོ་རྗེས་མནན་ནས་བཏུད་པ་སྟེ། །སྤྱི་བོར་གཞག་པ་ཚོགས་ཀྱི་སྟེ། །དཀྱིལ་འཁོར་གྱི་ནི་བསྲུང་བའོ། །ཚོགས་རྣམས་ཀྱི་ནི་དམ་ཚིག་གོ། །ལག་པ་བསྐུམ་པ་ཁར་བཞག་སྟེ། །རྒྱབ་ཏུ་ཡང་ནི་བསྐོར་བར་བྱ། །
འབར་དང་མེ་སྟག་སྟོང་པ་སྟེ། །དེ་ནས་ཁར་ཡང་གནས་པར་བྱ། །ཕོ་ཉ་མོའི་དམ་ཚིག་རྣམས་སོ། །མཐའ་མ་གཉིས་ནི་ཁར་བཅུག་དང་། །གཅོད་ཅིང་རབ་ཏུ་གནོན་པའོ། །དཔུང་པ་བསྣོལ་བས་བསྣོལ་བ་དང་། །མྱུར་དུ་ཕྱོགས་པའང་དེ་བཞིན་ནོ། །བྲན་མོ་རྣམས་ཀྱི་
དམ་ཚིག་གོ། །དེ་ནས་ལྷ་ཆེན་པོ་ལ་སོགས་པའི་ལྕེ་ལ་དེའི་སྔགས་དགོད་པ་འདི་ནི་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཡི་གེ་ཨ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་དེ་བཞིན་དུ་བསྐྱེད་ལ། དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བ་ནི། ལས་ཀྱི་ཕྱག་རྒྱར་འགྱུར་རོ། །རང་གི་སྙིང་གར་
རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ། ཕྱག་རྒྱ་ཆེན་པོ་བྲིས་པ་དང་རྗེས་སུ་མཐུན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། བསྐལ་པ་བཟང་པོ་རྣམས་དང་། ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་ནི་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །དཔལ་ཧཱུྃ་མཛད་
ལ་སོགས་པ་ནི་སངས་རྒྱས་ལྔའི་ཅོད་པན་དང་། རྡོ་རྗེ་ཕྲེང་བ་དང་། དར་དཔྱངས་ཀྱི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །དེ་ནས་མཆོད་ཡོན་ཕུལ་ལ་མཆོད་པ་བྱ་སྟེ། དེ་ལ་རེ་ཞིག་རིན་པོ་ཆེ་ལ་སོགས་པའི་རྒྱུ་ལས་བྱས་པའི་བུམ་པ་སྔར་བཤད་པའི་མཚན་ཉིད་དང་ལྡན་པ།

རྡོ་རྗེ་ལ་སོགས་པ་རང་རང་གི་མཚན་མ་ཅན་ལ་རྣམ་པར་སྣང་མཛད་ལ་སོགས་པའི་རང་གི་སྔགས་བརྒྱ་རྩ་བརྒྱད་བཟླས་པ་དང་བུམ་པ་གང་བ་རྣམས་ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་དབུལ་བར་བྱའོ། །རས་ཟུང་འབུམ་མམ། ཁྲི་འམ། བརྒྱ་འམ། སྟོང་ངམ། རེ་རེ་ཞིང་
ངམ། ཐམས་ཅད་ལ་སྤྱིར་ཟུང་གཅིག་དབུལ་བའམ། བླ་རེ་རྣམ་པ་སྣ་ཚོགས་པ་དང་། གྲྭ་བཞིར་བ་དན་སྣ་ཚོགས་བཏགས་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱང་ཨོཾ་དང་རྡོ་རྗེ་ཧཱུྃ་མཛད་ཡོངས་སུ་བཟླས་ཤིང་བཛྲ་སྥ་ར་ཎ་ཁཾ་ཞེས་བྱ་བ་འདིས་ལྷ་ཐམས་
ཅད་ལ་དབུལ་བར་བྱའོ། །མེ་ཏོག་གི་ཤིང་བརྒྱའམ། སྟོང་ངམ། བཞིའམ། ཤིང་དང་མེ་ཏོག་ཐམས་ཅད་ཀྱང་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པ་དང་། ཨོཾ་བཛྲ་པུཥྤེ་ཧཱུྃ་ཞེས་བྱ་བ་མེ་ཏོག་གི་ཕྱག་རྒྱ་དང་བཅས་པས་མེ་ཏོག་ལ་མངོན་པར་བཟླས་པ་དང་། བྱུག་པ་ནི་དྲི་ཞིམ་ཞིང་
དྲི་བཟང་པོས་བསྒོས་པའི་དྲི་བཟང་པོ་ཐམས་ཅད་ལ་དབུལ་བར་བྱའོ། །རྡོ་རྗེ་མེ་དང་། ཨོཾ་བཛྲ་གནྡྷེ་ཞེས་བྱ་བ་འདིའི་ཕྱག་རྒྱ་དང་བཅས་པ་དང་། ག་བུར་དང་། ཨ་ག་རུ་དང་། ཏུ་རུ་སྐ་དང་། ཙནྡན་ལ་སོགས་པ་ལེགས་པར་སྦྱར་བ་ལ། རྡོ་རྗེ་མེ་དང་། ཨོཾ་བཛྲ་དྷཱུ་པེ་ཧཱུྃ་ཞེས་བྱ་བ་
འདིས་བདུག་སྤོས་ཀྱི་ཕྱག་རྒྱ་དང་ལྡན་པས། སྤོས་སྣོད་འབུམ་མམ། ཁྲིའམ། སྟོང་ངམ། བརྒྱའམ། ཅི་འབྱོར་པ་རྣམས་དང་། མར་མེ་འབུམ་མམ། ཁྲིའམ་སྟོང་ངམ། བརྒྱའམ། དེ་བཞིན་དུ་མར་མེའི་སྣོད་ཆེན་པོ་སྡོང་བུ་འབར་བ་དང་བཅས་པ་སྟོང་ངམ། བརྒྱའམ།
བཅུ་འམ་གཅིག་ལ་རྡོ་རྗེ་མེ་དང་ཨོཾ་བཛྲ་ཨཱ་ལོ་ཀེ། ཞེས་བྱ་བ་འདི་མར་མེའི་ཕྱག་རྒྱ་དང་ལྡན་པས་ཡོངས་སུ་བཟླས་ལ། བཛྲ་སྥ་ར་ཎ་ཁཾ་ཞེས་ཟློས་ཤིང་དབུལ་བར་བྱའོ། །སྭེ་བྷི་ཀ་ལ་སོགས་པ་ལྷ་བཤོས་ཀྱི་ཞལ་ཟས་འབུམ་མམ། ཁྲིའམ་སྟོང་ངམ། བརྒྱའམ། གྲངས་བཅུ་སྙེད་
དང་། བཟའ་བ་དང་། བཅའ་བ་རྣམ་པ་སྣ་ཚོགས་པ་ལ་དེ་བཞིན་དུ་རྡོ་རྗེ་མེ་ཡོངས་སུ་བཟླས་ལ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤན་ཏྭཱཏ་ཅེས་ཟློས་ཤིང་དབུལ་བར་བྱའོ། །རོལ་མོའི་ཆ་བྱད་བཅུ་པོའམ། སྟོང་ཕྲག་བརྒྱ་འམ་སྟོང་ངམ། རོལ་མོའི་ཆ་བྱད་བཅུ་པོ་ཧཱུྃ་ཞེས་བྱ་བ་

དང་། རོལ་མོའི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་སོར་མོ་རྣམས་ཀྱིས་དེའི་ཚུལ་དུ་བྱེད་པས་དབུལ་བར་བྱའོ། །རོལ་མོའི་ཆ་བྱད་བཅུ་པོ་ནི་པི་ཝང་གླིང་བུ་དང་། མུ་ར་ཛ་དང་། མུ་ཀུན་ད་དང་། ཀ་ན་སམ་དང་། མ་རཱི་དང་། མྲྀ་ཏང་ག་དང་། པ་ཊ་ཧ་དང་། ཀུཉྫ་དང་། ཏི་མི་ལི་བརྡུང་བའི་
ཚུལ་དུ་བྱེད་པའོ། །ཕྱི་རོལ་དུ་གར་དང་རོལ་མོ་བྱ་བ་དང་། ཅོད་པན་དང་གདུ་བུ་དང་། རྣ་རྒྱན་ལ་སོགས་པའི་མཆོད་པ་རྣམས་ཀྱང་། ཨོཾ་ཞེས་བྱ་བ་མངོན་པར་བཟླས་ཏེ་དབུལ་བར་བྱའོ། །དེ་བཞིན་དུ་དར་དཔྱངས་པར་བྱ་བ་དང་། མེ་ཏོག་ཆུན་འཕྱང་གི་རྣམ་པར་
བརྒྱན་པ་དང་། དྲ་བ་དང་དྲ་བ་ཕྱེད་པ་དང་ཟླ་བ་ཕྱེད་པས་ཉེ་བར་མཛེས་པར་བྱས་པ་དང་། རྟ་དང་གླང་པོ་ཆེ་དང་། བ་ལང་གི་ཁྱུ་ཤིན་ཏུ་བཏགས་པ་རྣམས་ཀྱང་དབུལ་བར་བྱའོ། །རྟ་བབས་ཡིད་དུ་འོང་བ་དྲིལ་བུ་ལ་སོགས་པ་བཏགས་པ་ཡང་བཛྲ་སྥ་ར་ཎ་ཁཾ་ཞེས་བྱ་བ་འདིས་འབུལ་
ལོ། །ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ཏ། བཛྲ་རཏྣ་མ་ནུཏྟ་རཾ། བཛྲ་དྷརྨ་ག་ཡ་ནེ། བཛྲ་ཀརྨ་ཀ་རོདྦྷ་བེ། ཞེས་ཟློས་ཤིང་གར་བྱས་ལ། རྡོ་རྗེ་སྒེག་མོ་ལ་སོགས་པ་མཆོད་པ་རྣམ་པ་བརྒྱད་ཁྲོ་བོའི་ཁུ་ཚུར་གཉིས་མ་གཏོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་ཐམས་ཅད་
མཆོད་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཛུབ་མོ་གཉིས་བརྐྱང་བ་ནི་ཁྲོ་བོའི་ཁུ་ཚུར་གཉིས་སུ་འགྱུར་རོ། །ཡང་རྡོ་རྗེ་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ལས་ཀྱི་ཕྱག་རྒྱ་བཅུ་དྲུག་གིས་ཡང་དག་པར་མཆོད་ལ། ཁྲོ་བོའི་རིགས་ཐམས་ཅད་
ལ་དངོས་གྲུབ་ཐམས་ཅད་འགྲུབ་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་དོན་མཛོད་ཅིག་ཅེས་གསོལ་བ་གདབ་པར་བྱའོ། །དེ་ནས་སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ་བཞག་ལ། ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱ་སྟེ། འབྲས་ཡོས་བྱ་ཞིང་ཏིལ་དང་བཅས། །འབྲས་
ཆེན་མེ་ཏོག་ཆུ་དང་བཅས། །སྲན་ཆན་བཅས་ཤིང་མང་དུ་བྱ། །སྣུམ་ཁུར་ལ་སོགས་བཟའ་བ་རྣམས། །ཞེས་བྱ་བའི་གཏོར་མ་ལ་ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པ་བཟླས་ནས། ཤར་ཕྱོགས་ནས་བརྩམས་ཏེ་གསུམ་གསུམ་གཏོར་བར་བྱ་ཞིང་དྲི་དང་མེ་ཏོག་དང་།

བདུག་པ་དང་། མར་མེ་དང་། མཆོད་ཡོན་རྣམས་ཀྱང་ཐོག་མ་དང་ཐ་མར་འབུལ་ལོ། །དེ་ལ་དང་པོར་རེ་ཞིག་མཎྜལ་རྣམས་བྱེད་དུ་གཞུག་པར་བྱའོ། །དེ་ནས་ནི་སྤྱན་དྲང་ངོ་། །དེ་ནས་དམ་ཚིག་བསྟན་ལ་མཆོད་ཡོན་ཕུལ་ཏེ། དྲི་ལ་སོགས་པས་ལེགས་
པར་མཆོད་ལ་གཏོར་མ་ཕུལ་ཏེ་དེ་ནས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་སྔགས་དང་ཕྱག་རྒྱ་ནི་འདི་རྣམས་ཡིན་ཏེ། ཤར་ཕྱོགས་སུ་ཁ་བལྟས་ཏེ། རྐང་པ་གཡས་པ་བརྐྱང་བའི་ཚུལ་གྱིས་འདུག་ནས། ལག་པ་གཡོན་པ་རྡོ་རྗེའི་ཕྱག་རྒྱ་བསྟན་ལ། གཡས་
པའི་རྡོ་རྗེ་ཕྱག་རྒྱ་སྟ་ཟུར་ཕྱོགས་སུ་བཞག་སྟེ། གཡས་པའི་མཛུབ་མོ་ལྕགས་ཀྱུ་ལྟར་སྤྱན་དྲངས་པ་ནི་བརྒྱ་བྱིན་གྱི་སྤྱན་དྲངས་པའི་ཕྱག་རྒྱའོ། །དེ་ལ་མཛུབ་མོ་ལྕགས་ཀྱུར་མ་བྱས་པ་ནི་བརྒྱ་བྱིན་གྱི་དམ་ཚིག་གི་ཕྱག་རྒྱའོ། །རྐང་པ་གཡོན་བརྐྱང་པའི་ཚུལ་གྱིས་འདུག་ལ།
སྤྱན་དྲངས་པའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །དེ་ནས་འདིའི་སྔགས་ན་མོ་བཛྲ་སྱ་ཙ་དི་ཤི་དི་ཤི་བཛྲ་པ་ཎེ་རཀྵ་རཀྵ་སྭཱ་ཧཱ། མེའི་ཕྱོགས་སུ་བལྟས་ནས་ལག་པ་གཡས་པའི་མཛུབ་མོ་ཟླུམ་པོར་བཀུག་སྟེ། གུང་མོའི་ཚིགས་གསུམ་པར་བཙུགས་
ལ། མཐེ་བོ་ལག་མཐིལ་དུ་བཞག་པ་ནི་མེ་ལྷ་སྤྱན་དྲངས་པའི་ཕྱག་རྒྱའོ། །སྤྱན་དྲངས་པའི་ཕྱག་རྒྱ་ལས་མཐེ་བོ་ངོས་ལ་མཛུབ་མོ་བཙུགས་པ་ནི་མེ་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་མཐེ་བོའི་ངོས་ལ་བཙུགས་ཏེ་ཕྱིར་དྲག་ཏུ་བརྐྱང་བ་ནི་སླར་བཏང་
བའི་ཕྱག་རྒྱའོ། །དེའི་སྔགས་ནི་ཨགྣ་ཡེ་ཧཱུཾ་ཨེ་ཧྱ་ཀཱ་བ་ལི་ཛྭ་ལ་ཛྭ་ལ་དཱ་ཧ་ཤི་ཁི་ཏོ་ལི་པི་རཱུ་པཀྵ་སྭཱ་ཧཱ། གཤིན་རྗེའི་ཕྱོགས་སུ་བལྟས་ནས་སྙིམ་པ་མདུན་དུ་བཞག་སྟེ། སོར་མོ་ཕན་ཚུན་བསྣོལ་ལ་ཁུ་ཚུར་བཅངས་ནས་སྲིན་ལག་གཉིས་བསྒྲེངས་ཏེ། གཤིབས་ལ་གཡབ་སྟེ་
ནང་དུ་བཞག་པ་ནི་གཤིན་རྗེ་སྤྱན་དྲངས་པའི་ཕྱག་རྒྱའོ། །སྲིན་ལག་གཉིས་ཀ་ཡང་ཕྱི་རོལ་ཏུ་དེ་བཞིན་དུ་གཤིབས་ཏེ་བསྒྲེང་བ་སྙིང་གར་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་ལས་སྲིན་ལག་སྦྱར་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཡ་མཱ་ཡ་སྭཱ་ཧཱ། བདེན་

བྲལ་གྱི་ཕྱོགས་སུ་རྐང་པ་མཉམ་པས་འདུག་ལ། ལག་པ་གཡས་པའི་ཁུ་ཚུར་བཅངས་པ་ལས་མཛུབ་མོ་དང་གུང་མོ་རལ་གྲི་འདྲ་བར་གཤིབས་ཏེ་བསྒྲེང་ལ་བཞག །ལག་པ་གཡོན་པ་དེ་ལྟར་བྱས་ཏེ། སྟ་ཟུར་ཕྱོགས་སུ་བཞག་ལ། གཡོན་པའི་མཛུབ་མོ་བཀུག་སྟེ་གཡབ་
པ་ནི་བདེན་བྲལ་སྤྱན་དྲངས་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་ལག་པ་གཡོན་པ་སྟ་ཟུར་ཕྱོགས་སུ་རལ་གྲི་འདྲ་བར་བཞག་པ་ནི་བདེན་བྲལ་གྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲངས་པའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་སརྦ་བྷུ་ཏ་བ་ཡཾ་ཀ་
ར་ཀུ་རུ་ཀུ་རུ་སྭཱ་ཧཱ། ཆུ་ལྷའི་ཕྱོགས་སུ་རྐང་པ་མཉམ་པས་འདུག་ལ། ལག་པ་གཡས་པ་ཁུ་ཚུར་བཅངས་ལ། མཐེ་བོ་དང་མཛུབ་མོ་གཅིག་ཏུ་སྦྱར་ཏེ། ཞགས་མིག་ལྟར་བྱས་ལ་གཡོན་པའི་ཁུ་ཚུར་ཡང་དེ་ལྟར་བྱས་ཏེ། སྙིང་གར་བཞག་ལ་གཡོན་པའི་མཛུབ་མོ་ལྕགས་ཀྱུར་
བྱས་པ་ནི་ཆུ་ལྷ་སྤྱན་དྲངས་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གཡོན་པའི་མཛུབ་མོ་ཁུ་ཚུར་གྱི་ཚུལ་དུ་བཞག་པ་ལས་ཞགས་མིག་ལྟར་བྱས་པ་ནི་ཆུ་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཨོཾ་ཏྲཱིང་ཏཱི་
བུ་ཏྲ་ཏྲཱི་ཏྲཱི་ཤི་ཁི་ཏི། ལི་པི་རཱུ་པཀྵ་སྭཱ་ཧཱ། རླུང་ལྷའི་ཕྱོགས་སུ་བལྟས་ཏེ་འདུག་ལ། ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ་གུང་མོ་བསྒྲེང་བའི་ཚིགས་དང་པོར་མཛུབ་མོ་བཀུག་པའི་ཐོར་ཏོ་བཙུགས་ལ། ལག་པ་གཡས་པ་ཡང་དེ་བཞིན་དུ་བྱས་ཏེ། སྟ་ཟུར་ལོགས་སུ་
བཞག་ཅིང་མཐེ་བོང་བསྒུལ་བ་ནི་རླུང་ལྷ་སྤྱན་དྲངས་པའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་སྔ་མ་བཞིན་དུ་བཞག་པ་ནི་རླུང་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲངས་པའི་ཕྱག་རྒྱ་ལས་མཐེ་བོ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཨོཾ་སྭ་ས་ཁ་ཁ་མུ་ཁ་སྭཱ་ཧཱ།
ཀུ་བེ་ར་ལ་མངོན་དུ་བལྟས་ཏེ་འདུག་ནས་ལག་པ་གཉིས་ཐལ་མོ་སྦྱར་ལ་རྡོ་རྗེ་བཅིང་བ་ནང་དུ་བཟློག་སྟེ། མཐེའུ་ཆུང་གཉིས་གཤིབས་ལ་བརྐྱང་དེའི་རྒྱབ་ཏུ་སྲིན་ལག་གཉིས་སོ་སོར་གནས་ནས། གུང་མོ་གཉིས་རྡོ་རྗེ་ལྟར་བཀུག་སྟེ་གཡབ་པ་ནི་ཀུ་བེ་ར་སྤྱན་དྲངས་པའི་ཕྱག་རྒྱའོ། །

ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་ནང་དུ་རྡོ་རྗེ་བཅིང་བའི་ཚུལ་དུ་བཞག་པ་ནི་ཀུ་བེ་རའི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲངས་པའི་ཕྱག་རྒྱ་ལས་གུང་མོ་གཉིས་བརྐྱང་པ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགས་སུ་
བལྟས་ཏེ་འདུག་ལ་ལག་པ་གཅིག་ཏུ་ཐལ་མོ་སྦྱར་བ་བྱས་ལ། སྲིན་ལག་དང་མཐེའུ་ཆུང་ནང་དུ་བཀུག་སྟེ་བསྣོལ་ལ། གུང་མོ་གཉིས་གཤིབས་ཏེ་བསྒྲེང་བའི་རྒྱབ་ལོགས་སུ་མཛུབ་མོ་གཉིས་རྡོ་རྗེ་འདྲ་བ་བྱ། མཐེ་བོ་གཉིས་རབ་ཏུ་གཤིབས་ཏེ་བཞག་ལ། དེ་གཉིས་
ལས་མཛུབ་མོ་གཉིས་ཕན་ཚུན་རྩེ་སྤྲད་ནས་ནང་དུ་གཡབ་པ་ནི་དབང་ལྡན་སྤྱན་དྲངས་པའི་ཕྱག་རྒྱའོ། །དེ་ཉིད་ལས་སྔ་མ་ལྟར་མཛུབ་མོ་རྡོ་རྗེའི་ཚུལ་དུ་བཞག་པ་ནི་དབང་ལྡན་གྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲངས་པའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་བཏང་བའི་
ཕྱག་རྒྱའོ། །སྔགས་ནི་ཛྲུཾ་ཛྲུཾ་ཤི་བ་ཛྲུཾ་སྭཱ་ཧཱ། གཡོན་པ་བརྐྱང་བའི་གནས་པས་འདུག་ལ། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་བཞག་ལ། སྟེང་དུ་བལྟས་ཏེ་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་ནི། ཚངས་པ་ལ་སོགས་པ་སྤྱན་དྲང་བར་བྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་སྔ་
མ་ལྟར་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲངས་པའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་འདི་ཡིན་ཏེ། ཨུརྡྷཾ་བྲཧྨ་ཎེ་སྭཱ་ཧཱ། སཱུརྱ་གྲ་ཧ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཙནྡྲ་ཡ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། རྐང་པ་མཉམ་པར་གནས་
པས་འདུག་ལ། ལག་པ་གཉིས་གཅིག་ཏུ་སྦྱར་ཏེ། སོར་མོ་རྣམས་མཚམས་མེད་པར་རྩེ་མོ་ཕན་ཚུན་སྦྱར། མཐེ་བོ་ཟླུམ་པོར་བྱས་ལ། འོག་ཏུ་བལྟས་ཏེ་སའི་ལྷ་ལ་སོགས་པ་མཛུབ་མོ་ལྕགས་ཀྱུས་སྤྱན་དྲང་བ་ནི་འོག་གི་ལྷ་སྤྱན་དྲངས་པའི་ཕྱག་རྒྱའོ། །སྤྱན་
དྲངས་པའི་ཕྱག་རྒྱ་ལས་སྔ་མ་བཞིན་དུ་མཛུབ་མོ་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །མཛུབ་མོ་གཉིས་བཏང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཨ་དྷོ་པྲི་ཐི་བྷྱཿསྭཱ་ཧཱ་ཨ་སུ་རེ་བྷྱཿསྭཱ་ཧཱ། ན་གེ་བྷྱཿསྭཱ་ཧཱ། དེ་ནས་རང་གི་སྔགས་དེ་ཉིད་ཀྱིས་ཐམས་ཅད་ལ་

འཐོར་འཐུང་ཕུལ་བ་བདག་དང་སློབ་མའི་ཚོགས་སུ་བཅས་པ་ལ་བགེགས་མེད་པར་མཛོད་ཅིག །ལས་ཀྱི་དངོས་གྲུབ་ཀྱང་བདག་ལ་སྩོལ་ཅིག །ཅེས་བརྗོད་ལ་ཐམས་ཅད་སླར་བཏང་ངོ་། །ཡང་ན་དཔུང་བཟངས་ཀྱིས་ཞུས་པ་ལས་འབྱུང་བའི་ཚིགས་སུ་བཅད་པ་
རྣམས་ཀྱིས་གཏོར་མ་དབུལ་བར་བྱ་སྟེ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་ཚོགས་བཅས་གཡོག་འཁོར་
དང་བཅས་ལ། །བདག་གིས་པུས་མོ་ས་ལ་བཙུགས་ནས་སུ། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་དུ་འདིར་བྱོན་ཅིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་
ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་། །རིན་ཆེན་གནས་ན་ལྷག་པར་གནས་པ་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་སིལ་མ་ཅན་ན་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་
ཁྱེར་སྟོང་པ་དང་། །ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་ངམ་གྲོང་ཁྱེར་གནས་དག་གམ། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་དང་ནི། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་བཞི་མདོ་དག་དང་སུམ་མདོ་དང་། །གང་དག་ལམ་ཆེན་དང་ནི་
ཤིང་གཅིག་དང་། །དུར་ཁྲོད་ཆེན་པོའམ་ནགས་ཚལ་ཆེན་པོའམ། །སེང་གེ་དྲེད་དང་གཅན་གཟན་གནས་དག་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་
ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བྱུག་པ་རྣམས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་བས། །འདི་དག་བཞེས་ཏེ་བཏུང་ཞིང་བསྣམས་ནས་སུ། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །དེ་ལྟར་གདོན་ལ་མཆོད་པ་བྱས་ནས་ནི། །དེ་ནས་

ཕྱོགས་སྐྱོང་རྣམས་ལ་གཏོར་མ་སྦྱིན། །ཤར་ཕྱོགས་རྡོ་རྗེ་ཅན་དེ་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ། །དབང་ལྡན་ལྷ་སྟེ་འབྱུང་པོའི་
བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ལ། །སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་
སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དམག་དང་དཔུང་དང་ཐབས་ཅིག་ཏུ། །མེ་ཏོག་དྲི་དང་བྱུག་པ་གཏོར་མར་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། །བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད། །དེ་ལ་འདི་ནི་ཕྱི་དང་
ནང་དུ་བཅས་པའི་གཏོར་མ་སྦྱིན་པའི་སྔགས་སོ། །ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤན་ན་ཏྭཱཏ། དེ་ནས་ཉེ་རེག་བྱས་ལ་ཤར་ཕྱོགས་ཀྱི་སྒོ་ལ་མངོན་པར་བལྟས་ཏེ། གནས་པའི་ལས་ཐམས་ཅད་པའི་ཐབ་ཁུང་གི་དབུས་སུ་དཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་
འཁོར་གྱི་ལྷ་ཐམས་ཅད་ཀྱི་སྔགས་ཟློས་ཤིང་མེ་ཏོག་གིས་བཞུགས་སུ་གསོལ་ལ། སྦྱིན་སྲེག་གི་ཆོ་གས་དཔལ་རྡོ་རྗེ་ཧཱུྃ་མཛད་ཀྱི་སྔགས་ཀྱིས་བའི་མར་ལས་སྦྱིན་བླུགས་བརྒྱ་རྩ་བརྒྱད་དབུལ་ལོ། །དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་ཀྱིས་ཀྱང་ཁྲོ་བོ་རྡོ་རྗེ་འབེབས་
པའི་མཐར་ཐུགས་པའི་བར་ཡང་སྲེག་བླུགས་བདུན་བདུན་དབུལ་ལོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པ་མེ་ཐབ་ལས་མེ་ཏོག་གིས་སྤྱན་དྲངས་ཏེ་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་ཀྱིས་བྲིས་པའི་དཀྱིལ་འཁོར་དུ་རང་རང་གི་གནས་སུ་བཞུགས་སུ་གསོལ་བར་
བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ། བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །དེ་ལ་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་

ཞུགས་པ་ལ་སྣོད་དུ་གྱུར་པ་དང་། མ་གྱུར་པ་བརྟག་མི་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཁ་ཅིག་ནི་སྡིག་པ་ཆེན་པོ་བགྱིད་པ་ཡང་མཆིས་ཏེ། དེ་དག་གིས་རྡོ་རྗེ་ཧཱུྃ་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཏེ་མཐོང་ན་ངན་སོང་ཐམས་ཅད་དང་བྲལ་བར་འགྱུར་
རོ། །བཅོམ་ལྡན་འདས་ནོར་དང་བཟའ་བ་དང་། བཏུང་བ་དང་། འདོད་པའི་ཡོན་ཏན་ཐམས་ཅད་ལ་སོགས་པ་དང་། དམ་ཚིག་ལ་མི་དགའ་བ་དང་། སྔར་སྤྱད་པ་ལ་སོགས་མི་ནུས་པའི་སེམས་ཅན་དག་ཀྱང་མཆིས་ཏེ། དེ་དག་ཀྱང་འདིར་ཇི་ལྟར་འཚལ་བ་བཞིན་དུ་
བགྱིད་ཅིང་ཞུགས་པ་རྣམས་ཀྱི་བསམ་པ་ཐམས་ཅད་རྫོགས་པར་འགྱུར་རོ། །བཅོམ་ལྡན་འདས་སེམས་ཅན་ཁ་ཅིག་ནི་གར་དང་། གླུ་དང་གད་མོ་དང་། རྩེད་མོ་དང་། ཁ་ཟས་དང་། སྤྱོད་པ་ལ་དགའ་བ་རྣམས་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་
མངོན་པར་རྟོགས་པའི་ཆོས་ཉིད་ཁོང་དུ་ཆུད་པས་ལྷ་གཞན་གྱི་རིགས་དང་དཀྱིལ་འཁོར་དུ་འཇུག་གིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རེ་བ་ཐམས་ཅད་ཡང་དག་པར་གྱུར་པ་བླ་ན་མེད་པའི་དགའ་བ་དང་། མགུ་བ་དང་། རངས་པར་འགྱུར་བ་དེར་ནི་བསླབ་པའི་
ཚིག་གིས་འཇིགས་ཤིང་སྐྲག་ནས་མི་འཇུག་པ་དག་ཀྱང་མཆིས་ཏེ། དེ་དག་ངན་སོང་གི་དཀྱིལ་འཁོར་གྱི་ལམ་དུ་འཇུག་པར་ཁ་བལྟས་ཤིང་གནས་པ་རྣམས་ཀྱང་དགའ་བ་དང་། མགུ་བའི་དམ་པ་འགྲུབ་ཅིང་། བདེ་བ་དང་། ཡིད་བདེ་བ་མྱོང་བར་བགྱི་བ་དང་། ངན་
སོང་གི་རྒྱུད་ཐམས་ཅད་དུ་ཁ་བལྟས་པའི་ལམ་ལས་བཟློག་པར་བགྱི་བའི་སླད་དུ། རྡོ་རྗེ་ཧཱུྃ་མཛད་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་ཏུ་རུང་ངོ་། །བཅོམ་ལྡན་འདས་ཆོས་ཅན་གྱི་སེམས་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་
རབ་དམ་པ་འགྲུབ་པའི་ཐབས་ཀྱིས་འབད་ཅིང་། ཉོན་མོངས་པ་དག་ཀྱང་མཆིས་ཏེ། དེ་དག་ཀྱང་རྡོ་རྗེ་ཧཱུྃ་མཛད་ཀྱི་དཀྱིལ་འཁོར་འདིར་ཞུགས་མ་ཐག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འགྲུབ་པར་དཀའ་བ་མ་ལགས་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་འཚལ་ཞེས་ཞུ་བར་

བྱའོ། །དེ་ནས་སློབ་མ་གཞུག་པར་བྱ་སྟེ་དེ་ལ་བསླབ་པའི་གཞི་ལྔ་ཡོངས་སུ་གཟུང་བའི་དགེ་བསྙེན་ནམ། དགེ་སྦྱོང་ངམ་དགེ་སློང་གི་སྡོམ་པ་ཡོངས་སུ་བླངས་ལ། སློབ་དཔོན་དུ་དབང་བསྐུར་བར་འོས་པས་སློབ་དཔོན་གྱི་ཞབས་གཉིས་ལ་ཕྱག་བྱས་
ཏེ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་སྩལ་དུ་གསོལ། །
དེ་ནས་སློབ་མ་ལ་རྡོ་རྗེ་སྲུང་བ་ཡོངས་སུ་བཟླས་པའི་རས་སྔོན་པོའི་སྟོད་གཡོགས་དང་སྨད་གཡོགས་བསྐོན་ཞིང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྒོ་སྲུང་བཞི་བཟླས་པའི་གདོང་གཡོགས་བཅིངས་ལ། ཕྱག་བཞི་བྱེད་དུ་གཞུག་པར་བྱའོ། །ཡང་ལག་ན་མེ་ཏོག་ཐོགས་པའི་སློབ་
མས། སློབ་དཔོན་ལ་ཕྱག་བྱས་ལ། ལག་ན་མེ་ཏོག་ཐོགས་པ་ཉིད་དང་། བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་ཡང་བྱས་ནས། འདི་སྐད་ཅེས་བརྗོད་པར་བྱའོ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པའི་ཉི་མ་མ་ལུས་པ། །སངས་
རྒྱས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བའི། །མི་ལྡོག་འཁོར་ལོའི་འབྱོར་པར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་
བའི་རིགས་མཐོ་ཐམས་ཅད་དུ། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང་། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་ཀུན་ནི་ཡིད་འོང་བ། །སློབ་དཔོན་
ཆེན་པོ་བདག་ལ་སྩོལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་རིགས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་ཞེས་བྱ་འདི་ཉིད་ནི། བྱང་ཆུབ་

སེམས་ནི་ཡོངས་འཛིན་ཅིང་། །དམ་ཚིག་སྡོམ་དང་གསང་བ་ཡི། །འཁོར་ལོ་འདིར་ཡང་འཇུག་པར་འཚལ། །དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གསང་བ་ཆེན་པོའི་རིགས་དག་པ། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་
དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །
བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་དང་། །ཉིན་དང་
མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའོ། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་
མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ་ལས་གཞན་པ་བཅུ་བཞི་འདི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་
མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་པ་ལོག་པར་མི་སྤྱད་ཅིང་། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་
བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་རྣམས་དང་། །ཡིད་ཀྱི་རྣམ་པ་

གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོང་། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤངས། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་ལ། །ཁྱོད་ཀྱིས་བརྙས་པར་
མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས་ཀྱང་འདི་སྐད་བརྗོད་བྱ་སྟེ། །སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་
བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །ཞེས་བྱ་བ་ལ་སོགས་པ་ནས། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །གང་ཞིག་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ། དེང་ཁྱོད་
ཅེས་བྱ་བ་ལ་སོགས་པ་བརྗོད་པར་མི་བྱ་སྟེ། སློབ་དཔོན་གྱིས་རྗེས་སུ་གནང་བ་དང་། དབང་བསྐུར་བར་ཡང་མི་བྱ་ཞིང་། འཇུག་པ་ཙམ་ཞིག་བྱེད་དུ་གཞུག་གོ། །དེ་ནས་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བ་འདིས། བྱང་ཆུབ་སེམས་ནི་བླ་མེད་པས། །དམ་པ་དག་ནི་བསྐྱེད་ནས་སུ། །
དེ་ཡི་སྙིང་གར་སྙིང་པོས་ནི། །རྡོ་རྗེ་རབ་ཏུ་གཞག་པར་བྱ། །སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿབཛྲ་སིདྡྷྱ་ཡ་ཐཱ་སུ་ཁཾ། དེ་ནས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ། །མེ་ཏོག་གི་ཕྲེང་བ་གདགས་ཤིང་གདོང་དྲི་ཞིམ་པར་བྱས་ལ། ཡོན་གྱི་མཆོག་
བླངས་ལ། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། ཨོཾ་གྲྀཧྣ་བཛྲ་ས་མ་ཡ་ཧཱུྃ་ཞེས་བྱ་བ་འདིས་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་རང་ཉིད་ཀྱིས་བཅིངས་ལ། སློབ་མ་རྣམས་འཆིང་དུ་གཞུག་གོ། །རྡོ་རྗེ་བསྡམས་པ་ནང་བཅིངས་ནས། །ཡིད་ཀྱིས་ཁྲོས་པ་དགབ་བྱ་ཞིང་། །རྡོ་རྗེ་
མཐེ་བོ་དམ་པ་སྟེ། །ཁྲོ་བོ་ཏི་རཱིནྟི་རིར་བཤད། །དེ་ནས་དེ་ཉིད་མཐེ་བོ་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ལ། ཨོཾ་བཛྲ་ས་མ་ཡ་པྲ་བེ་ཤ་ཡ་མི་ཞེས་བྱ་བའི་སྙིང་པོ་འདིས་གཞུག་པར་བྱའོ། །ཤར་ཕྱོགས་ཀྱི་སྒོ་ནས་རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱ་ཞིང་། ལྷོ་ཕྱོགས་

ནས་ཞགས་པས་གཞུག་པར་བྱའོ། །ནུབ་ཕྱོགས་ནས་ལྕགས་སྒྲོག་གིས་བསྡམ་པར་བྱའོ། །བྱང་ཕྱོགས་ནས་རྡོ་རྗེ་འབེབས་པས་དབབ་པར་བྱའོ། །དེ་ནས་ཡང་ཤར་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། །ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་པ་ཡང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་
ལ་སྨྲ་བར་མ་བྱེད་ཅིག །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་སློབ་དཔོན་རང་ཉིད་ཀྱིས་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་གྱེན་དུ་བསྟན་པ་བཅིངས་ལ། སློབ་མའི་སྤྱི་བོར་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱིས།
གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། མནའི་སྙིང་པོ་འདི་ལན་ཅིག་བརྗོད་པའི་ཆུ་རྡོ་རྗེ་སློབ་མ་དེ་ཉིད་འཐུང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེ་ལ་མནའི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་
དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲ་ཨུ་ད་ཀ་ཋ། དེ་ནས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་
ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པས་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེའི་རྗེས་ལ་ཡི་གེ་ཨ་རྡོ་རྗེ་འོད་ཟེར་གྱི་ཕྲེང་བ་དང་ལྡན་པ་རང་གི་སྙིང་གར་བསམ་པར་བྱའོ། །དེ་ནས་སློབ་མའི་སྙིང་
ག་དང་དཔྲལ་བ་དང་། ལྐོག་མ་དང་སྤྱི་བོ་རྣམས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་ཏྲཱཾ་ཧྲཱིཿཨ་འདི་དག་ལས་རྡོ་རྗེ་རྩེ་ལྔ་པ་འབར་བ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་གོ་རིམས་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་

རང་དང་སློབ་མའི་སྙིང་གར་དབྱེ་བར་བྱས་ནས་རང་གི་སྙིང་ག་ལས་ཡི་གེ་ཨ་ཕྱུང་ནས། སློབ་མའི་སྙིང་ག་ལ་གནས་པའི་རྡོ་རྗེའི་དབུས་སུ་བློས་བཅུག་སྟེ། ལུས་ཐམས་ཅད་ཀུན་དུ་གང་བར་གྱུར་པར་བསམས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དུ་གཞུག་གོ། །འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་
ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་འདི། །དེ་རིང་ཉིད་དུ་དབབ་པར་ཤོག །ཨོཾ་བཛྲ་ཨཱ་བེ་ཤ་ཞེས་བཅུའམ། ཉི་ཤུའམ། སུམ་ཅུའམ། བཞི་བཅུའམ། ལྔ་བཅུའམ། དྲུག་ཅུའམ། བདུན་ཅུའམ། བརྒྱད་ཅུའམ། དགུ་བཅུའམ། བརྒྱ་བཟླས་ནས་བཅོམ་ལྡན་
འདས་རྡོ་རྗེ་ཧཱུྃ་མཛད་སྐུ་མདོག་དཀར་པོ་འོད་ཟེར་དམར་པོ་ཀུན་དུ་འཁྲུགས་པས་ཡོངས་སུ་གང་བར་བསམས་ན་ངེས་པར་དབབ་པར་འགྱུར་རོ། །ཡང་གལ་ཏེ་བབས་པར་མ་གྱུར་ན་དེའི་ཚེ་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་དྲིལ་བུ་དང་བཅས་པ་བཅིངས་ལ། རྐང་པ་གཡོན་པས་དེའི་
རྐང་པ་གཡས་པ་མནན་ནས་དེ་ཉིད་ལ་དབབ་པར་བྱ་བའི་ཕྱིར། སྟེང་གི་ནམ་མཁའི་ཕྱོགས་སུ་རྣམ་པར་སྣང་མཛད་རྡོ་རྗེ་ཧཱུྃ་མཛད་ཀྱི་སྟེང་ན་ཁྲོས་པས་ཡི་གེ་ཧཱུྃ་གི་འོད་ཟེར་གྱི་ཚོགས་ཀྱིས་མནན་པར་མཛད་པ་དང་། འོག་ནས་ཀྱང་རྡོ་རྗེ་རླུང་གི་དཀྱིལ་འཁོར་ཡི་གེ་ཧཱུྃ་གིས་འདེགས་པར་གྱུར་ལ།
དེ་བཞིན་དུ་མི་བསྐྱོད་པ་ལ་སོགས་པ་ཤར་ཕྱོགས་ལ་སོགས་པར་བཞུགས་པས། ཧཱུཾ་ཏྲཱཾ་ཧྲཱིཿཨ། ཞེས་བྱ་བའི་རང་རང་གི་ས་བོན་གྱི་འོད་ཀྱི་ཚོགས་ཡང་དག་པར་འབེབས་པར་མཛད་པར་བསམ་ཞིང་ཧཱུྃ་བཛྲ་ཨཱ་བེ་ཤ་ཨ་ཞེས་ལན་བརྒྱ་ཟློས་ཤིང་དེ་དབབ་པར་བྱའོ། །གལ་ཏེ་སྡིག་པ་ཤིན་ཏུ་ཆེ་བས་
བབས་པར་མ་གྱུར་ན་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་དྲལ་བར་བྱའོ། །དེ་ནས། ཡམ་ཤིང་དམར་པོ་རྣམས་ཀྱི་མེ། །རལ་པར་རྡོ་རྗེ་ཁྲོ་བོ་ཡི། །མཉམ་པར་གཞག་པས་སྙོམས་ཞུགས་ལ། །ཏིལ་བསྲེགས་པས་ནི་སྡིག་བསྲེགས་ཤིས། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་

བྱ་བ་དང་ལག་པ་གཡས་པའི་སྟེང་དུ་ཏིལ་ནག་པོ་ལས་སྡིག་པའི་གཟུགས་བརྙན་བྱས་ལ། ཧཱུྃ་དབུས་སུ་བསམ་པའི་མཛུབ་མོ་དང་མཐེ་བོས་སྦྱིན་སྲེག་བྱའོ། །དེ་ནས་སྦྱིན་སྲེག་གི་ཐབ་ཁུང་ལས་བྱུང་བའི་འབར་བའི་ཕྲེང་བ་ཀུན་དུ་འཁྲུགས་པའི་རྡོ་རྗེའི་ལུས་ལ་འབར་བས་སྡིག་པ་རྣམས་བསྲེག་
པར་གྱུར་པར་བསམ་པར་བྱའོ། །དེ་ནས་ཡང་རྡོ་རྗེ་འབེབས་པའི་ཕྱག་རྒྱ་དེ་བཞིན་དུ་བཅིངས་ལ་དབབ་པ་བྱས་ན་ངེས་པར་འབབ་པར་འགྱུར་རོ། །དེ་ལྟ་བུས་ཀྱང་འབབ་པར་མ་གྱུར་པ་གང་ཡིན་པ་དེ་ལ་དབང་བསྐུར་བར་མི་བྱའོ། །བབས་ནས་སྐད་ཅིག་མ་དེ་ཉིད་ལ་མངོན་པར་
ཤེས་པ་ལྔ་ལ་སོགས་པ་རྫོགས་པར་འགྱུར་རོ། །དེ་ནས་བབས་པར་ཤེས་པ་དང་། ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པས་ན། །ཞེས་བྱ་བ་ལ་སོགས་པས་གླུ་བླངས་ལ། ཁྲོ་བོའི་ཁུ་ཚུར་གྱིས་དེ་བཞིན་དུ་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དྲལ་བར་བྱའོ། །གལ་ཏེ་བབས་ནས་རྡོ་རྗེ་
སེམས་དཔས་ཁྲོ་བོའི་ཁུ་ཚུར་བཅིངས་ནས་དེའི་ཚེ་སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་གྱི་ཁྲོ་བོའི་ཁུ་ཚུར་བཅིང་བར་བྱའོ། །དེ་བཞིན་དུ་གལ་ཏེ་རྡོ་རྗེ་བཞད་པའི་ཁྲོ་བོའི་ཁུ་ཚུར་བཅིངས་ནས་དེའི་ཚེ་རྡོ་རྗེ་ཆོས་ཀྱི་ཁྲོ་བོའི་ཁུ་ཚུར་གྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། དེ་ལྟ་བུས་ནི་བྱིན་གྱིས་བརླབ་
པར་འགྱུར་རོ། །དེ་ནས་དེའི་ལྕེ་ལ་རྡོ་རྗེ་བསམས་ལ་སྨྲོས་ཤིག །རྡོ་རྗེ་ཞེས་བརྗོད་པར་བྱའོ། །དེ་ནས་ནི་ཐམས་ཅད་སྨྲ་བར་འགྱུར་རོ། །དེ་ནས་པྲ་ཏཱིཙྪ་བཛྲ་ཧོཿ། ཞེས་བྱ་བས་ཕྲེང་བ་དེ་དཀྱིལ་འཁོར་ཆེན་པོར་དོར་བར་བྱའོ། །དེ་ནས་གང་དུ་བབས་པར་གྱུར་པ་དེ་ཉིད་ལ་འབབ་
པར་འགྱུར་རོ། །དེ་ནས་ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཧི་མཱཾ་སཏྭ་མཧཱ་བ་ལ་ཞེས་བྱ་བས་ཕྲེང་བ་དེ་དེའི་མགོ་ལ་བཅིང་བར་བྱའོ། །དེ་ནས། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པཱ་
ཤྱ་ཞེས་བྱ་བ་འདིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བར་དུ་དཀྱིལ་འཁོར་ཆེན་པོ་བསྟན་པར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་སློབ་མའི་སྙིང་གར་དབབ་པའི་

ཕྱག་རྒྱ་དགྲོལ་དུ་གཞུག་པར་བྱའོ། །དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ནང་ངམ་ཕྱི་རོལ་དུ་ཟླ་བའི་དཀྱིལ་འཁོར་ཤར་སྒོ་ལ་མངོན་པར་ཕྱོགས་པར་བྲིས་ལ་དེར་སློབ་མ་བཞག་སྟེ། དཔལ་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པས་
ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ་དབང་བསྐུར་བར་བྱ་བ་ནི། མཆོད་ཡོན་བསྟབ་ནས། དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་། དུང་དང་རོལ་མོ་ལ་སོགས་པའི་སྒྲ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་བཀྲ་
ཤིས་ཀྱི་ཚིགས་སུ་བཅད་པས་མངོན་པར་དགའ་བར་བྱ་ཞིང་། དང་པོར་རེ་ཞིག་ཆུའི་དབང་བསྐུར་རོ། །དེ་ནས་ནི་ཕྱག་རྒྱའི་དབང་བསྐུར་བ་དང་། ཅོད་པན་དང་། དར་དཔྱངས་དང་། རྡོ་རྗེ་དང་བདག་པོ་དང་། མིང་གི་དབང་བསྐུར་བས་དབང་བསྐུར་ནས་ཡང་མེ་ཏོག་ལ་སོགས་པ་དང་སྒེག་
མོ་ལ་སོགས་པ་མཆོད་པ་བརྒྱད་ཀྱིས་ཡང་དག་པར་མཆོད་པར་བྱའོ། །སློབ་མས་ཀྱང་ཐལ་མོ་བསྐོར་ཏེ། སློབ་དཔོན་ལ་ཕྱག་བྱས་ལ་ཡོན་གྱི་མཆོག་ཕུལ་ཏེ་མེ་ཏོག་ལ་སོགས་པའི་དབང་བསྐུར་བ་ཡང་བླང་བར་བྱའོ། །སློབ་དཔོན་གྱིས་དབང་བསྐུར་བ་ནི་ཇི་སྐད་དུ་བསྟན་པའི་
གནས་སུ་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཞག་ལ། དེའི་ལུས་ལ་དཔལ་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པ་དམ་ཚིག་གི་ཕྱག་རྒྱས་བཀོད་དེ། ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་དྲྀ་ཌྷོ་མེ་བྷ་བ་ཛཿཧཱུྃ་བཾ་ཧོཿཧཱུྃ་ཕཊ་ཅེས་བྱ་བ་འདིས་ཡང་རྣམ་པར་རྒྱལ་བའི་བུམ་པ་ལ་སྟོང་རྩ་བརྒྱད་
བཟླས་པར་བྱའོ། །དེ་ནས་འདི་ཉིད་ཟློས་ཤིང་རྣམ་པར་རྒྱལ་བའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བ་ཟློས་ཤིང་ཆུའི་དབང་བསྐུར་བ་སྦྱིན་པར་བྱའོ། །འདི་སྐད་ཀྱང་བརྗོད་པར་བྱ་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་
ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུས་འགྲུབ་བོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །སྐྱེ་བོ་འདུས་པའི་ནང་གནས་ན། །དད་པ་མེད་པས་བགད་པར་འགྱུར། །དེ་ནས་ཆོ་ག་ཐམས་

ཅད་རྗེས་སུ་སྤྱད་ལ། སློབ་མ་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་བྱིན་ནས་གཟེངས་བསྟོད་པ་དང་། ལུང་བསྟན་པས་སློབ་མ་ཐམས་ཅད་ལ་ལུང་བསྟན་པར་བྱའོ། །དེ་ནས་གསང་བའི་དབང་བསྐུར་བ་བཤད་པར་བྱ་སྟེ།
སློབ་དཔོན་དུ་དབང་བསྐུར་བར་འོས་པ་བཅུག་ནས་དཀྱིལ་འཁོར་དང་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་ཐམས་ཅད་དང་། སློབ་དཔོན་གྱི་ལས་ཐམས་ཅད་བསླབ་པར་བྱའོ། །འདི་ཙམ་གྱིས་ནི་གསང་བའི་དབང་བསྐུར་བས་དབང་བསྐུར་བར་འགྱུར་བ་ཡིན་ནོ། །ཡང་ན་རྩ་བའི་དཀྱིལ་འཁོར་
ལས་ཁྲུ་གཉིས་ཙམ་ཡོངས་སུ་དོར་བར་དབུས་མའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཙམ་གྱི་ཁྲུ་བཞི་པ་ལ་འཇུག་པའི་སྒོ་ལ་མངོན་པར་ཕྱོགས། སྒོ་ནུབ་ཏུ་བལྟས་པའི་དཀྱིལ་འཁོར་ཚོན་སྣ་ལྔས་བྲིས་པ་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ནས། དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་འབར་
བ་ལེགས་པར་བྲིས་ནས་རྩ་བའི་དཀྱིལ་འཁོར་བཞིན་དུ་དཀྱིལ་འཁོར་དེ་མཆོད་ལ་གླང་པོ་ཆེའི་གདན་ལ་ཟླ་བའི་དཀྱིལ་འཁོར་དར་གྱིས་བཀབ་པ་ལ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་ལ་དེའི་དབུས་སུ་བཞག་ལ། དབང་བསྐུར་བར་འོས་པ་དེ་ཡང་དེ་བཞིན་དུ་བྱིན་གྱིས་བརླབས་
ནས། གདན་གྱི་སྟེང་ན་གཡོན་བརྐྱང་བའི་གནས་པས་དབང་ཕྱུག་ཆེན་པོའི་སྟེང་དུ་ཇི་ལྟ་བ་བཞིན་དུ་བཞག་ནས། གླང་པོ་ཆེའི་སྟེང་དུ་བླ་རེས་བྲེས་པ་དང་། གཡས་ལོགས་སུ་རྡོ་རྗེ་ཧཱུྃ་མཛད་བཟླས་པའི་དར་དང་མེ་ཏོག་གི་ཆུན་འཕྱང་དང་། རིན་པོ་ཆེའི་ཏོག་ཅན་གྱི་གདུགས་ཀྱིས་
བརྒྱན་པ་དང་། གཡོན་ལོགས་སུ་ཡི་གེ་ཨོཾ་བཟླས་པའི་གོས་སྣ་ཚོགས་དང་། རྒྱལ་མཚན་དང་བ་དན་སྣ་ཚོགས་བསྒྲེང་བ་བཞག་སྟེ། མཆོད་ཡོན་བྱིན་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། དུང་དང་རྔ་བོ་ཆེ་དང་། རྔ་རིངས་དང་། ཟངས་དུང་ལ་སོགས་པ་རོལ་
མོའི་ཕྱག་རྒྱས་བྱིན་གྱིས་བརླབས་པ་དང་། ཕྱི་རོལ་དུ་གར་དང་གླུ་དང་རོལ་མོ་ལ་སོགས་པས་ཡང་དག་པར་མཆོད་ལ། ཡོན་གྱི་མཆོག་བླངས་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་། མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པས་བསྟོད་ལ། དང་པོར་ནི་བུམ་པ་གང་བས་སོ། །དེ་

ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་ཟློས་ཤིང་དེའི་བུམ་པས་སོ། །དེའི་རྗེས་ལ་རྣམ་པར་རྒྱལ་བའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ལ་དེས་དབང་བསྐུར་ཞིང་འཐུང་དུ་ཡང་བཅུག་ནས། བུམ་པས་ཡང་དབང་བསྐུར་བ་ནི་ཆུའི་དབང་བསྐུར་བ་ཉིད་དོ། །
དེ་ལ་སྦྱོར་བ་ནི་འདི་ཡིན་ཏེ། ཨོཾ་བཛྲ་ཨཾ་ཀུ་ཤ་མ་ཧཱ་ཀྲོ་དྷ་ཨཱ་ཀཪྵ་ཡ་སརྦ་ས་མ་ཡ་ཧཱུྃ་ཛཿབཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བ་ནས་དེ་བཞིན་དུ། ཨོཾ་བཛྲ་ཛྭ་ལ་ཨགྣི་པྲཱ་དཱིཔྟི་ཨཱ་ཀཪྵ་ཡ་སརྦ་ཏ་ཐཱ་ག་ཏཾ་མ་ཧཱ་བཛྲ་ས་མ་ཡ་ཧཱུྃ་ཛཿབཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བའི་བར་ནི་རྣམ་པར་རྒྱལ་བའི་བུམ་པའི་
དབང་བསྐུར་བ་སྟེ། སྦྱོར་བ་ལྷག་མ་ནི་སྔར་བཤད་པ་ཉིད་ཡིན་ནོ། །དེ་ནས་ཕྱག་རྒྱ་དང་། ཅོད་པན་དང་། དར་དཔྱངས་དང་། རྡོ་རྗེ་དང་བདག་པོ་དང་། མིང་གི་དབང་བསྐུར་བ་བྱིན་ལ། དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་ཀྱང་བྱིན་ནས་མེ་ཏོག་དང་སྒེག་མོ་ལ་སོགས་
པས་ཡང་དག་པར་མཆོད་དེ། རིན་པོ་ཆེའི་མིག་ཐུར་རམ། གསེར་ལ་སོགས་པའི་ཐུར་མ་ཐོགས་ལ། མདུན་དུ་འདུག་ནས་ཚིག་འདི་སྐད་དུ་གསལ་བར་བརྗོད་པར་བྱ་སྟེ། །དེ་ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །
བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །དེ་ལ་འདིའི་སྙིང་པོ་ནི། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཞེས་བྱ་བ་ཡིན་ནོ། །དེ་ནས་མེ་ལོང་བླངས་ལ་ཆོས་ཀྱི་མཚན་ཉིད་བསྟན་པར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་
གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་དུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་ཨ་ལས་བྱུང་བའི་
ཆོས་ཀྱི་དྲིལ་བུ་དཀྲོལ་དུ་གཞུག་པར་བྱའོ། །ཆོས་རྣམས་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱོས།

ཤིག་ཅེས་བརྗོད་དེ། གཞུ་བྱིན་ལ་ཕྱོགས་བཞིར་མདའ་བཞི་དང་། སྟེང་དུ་གཅིག་འོག་ཏུ་གཅིག་འཕེན་དུ་གཞུག་པར་བྱའོ། །ཧོ་ཞེས་བྱ་བ་ནི་མདའ་སྦྱིན་པའི་སྙིང་པོའོ། །ཡང་མེ་ལོང་བླངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་
ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །འདི་སྐད་ཅེས་ཀྱང་བརྗོད་པར་བྱའོ། །གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པར་ཤེས་པར་གྱིས་ཤིག །དེ་ལ་མེ་ལོང་
གི་སྔགས་ནི་ཨོཾ་བཛྲ་སཏྭ་ཞེས་བྱའོ། །དེ་ནས་རྐང་པ་གཉིས་ཀྱི་བར་དུ་ཆོས་ཀྱི་འཁོར་ལོ་བཞག་ལ་ལག་པ་གཡས་སུ་དུང་བྱིན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །དི་རིང་ཕན་ཆད་
འཇིག་རྟེན་ལ། སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པས། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་
རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཀུན་དུ་ཁྱོད་ལ་སྲུང་བར་བྱེད། །ཅེས་བྱ་བས་རྡོ་རྗེ་འཁོར་ལོ་དང་རྡོ་རྗེ་སྨྲ་བའི་ཆོས་ཀྱི་ཡི་གེ་དང་བཅས་པ་སྦྱིན་པར་བྱའོ། །ཡང་། འཇིག་རྟེན་ཀུན་
ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བར། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་རྡོ་རྗེ་དང་། པདྨ་དང་ནོར་བུའི་འཁོར་ལོ་རབ་ཏུ་བསྐོར་ཞེས་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་ཡང་སྦྱིན་པར་བྱའོ། །
དེ་ནས་ཐམས་ཅད་གཟེངས་བསྟོད་པས། །ཀུན་དུ་སངས་རྒྱས་བདག་བསྒོམ་པའོ། །རྡོ་རྗེ་མིང་དབང་བསྐུར་བས་ཀྱང་། །དེ་བཞིན་གཤེགས་པར་ལུང་བསྟན་ཉིད། །ཨོཾ་འདི་ནི་ངས་ཁྱོད་ལུང་བསྟན་ཡིན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་གྲུབ་

པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ། སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿདེ་ལ་གཟེངས་བསྟོད་པ་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ། །གཡོན་པས་ཆོས་གོས་
འཛིན་པའི་ཚུལ་དུ་བྱས་ལ། གཡས་པས་མཆོག་སྦྱིན་པའི་ཚུལ་དུ་བྱའོ། །དེ་ནས་སློབ་མ་རྣམས་དབུགས་དབྱུང་བ་བྱས་ལ། ཐམས་ཅད་ལ་གསང་བའི་ཡེ་ཤེས་བསླབ་པར་བྱའོ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་
བར། །ཁྱེད་ཀྱིས་ནམ་ཡང་མ་བྱེད་ཅིག །མཧཱ་ས་མ་ཡ་ཧ་ན་ཕཊ། དེ་ནས་སྔགས་བྱིན་ལ་རང་གི་ལྷའི་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ། །ཆོ་ག་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྱོད་ཀྱིས་གཞན་ཕྱག་རྒྱ་མི་མཁས་པ་གང་ལ་ཡང་ཕྱག་རྒྱ་གཅིག་ཙམ་ཡང་སྟོན་པར་མ་བྱེད་ཅིག །དེ་ཅིའི་
ཕྱིར་ཞེ་ན། འདི་ལྟར་སེམས་ཅན་དེ་རྣམས་ཀྱིས་དཀྱིལ་འཁོར་མ་མཐོང་བར་སེམས་དཔའི་ཕྱག་རྒྱ་བཅིང་བ་ལ་སྦྱོར་བར་བྱེད་ཀྱང་། དེ་རྣམས་ཀྱིས་དངོས་གྲུབ་ཇི་ལྟ་བ་བཞིན་དུ་ཐོབ་པར་མི་འགྱུར་བ་དང་དེ་ནས་ད་སོམ་ཉི་ཟ་བར་གྱུར་པས་ཡ་ང་བ་མ་སྤངས་པར་མྱུར་བ་ཉིད་དུ་དུས་བྱས་ནས་
སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྟུང་བར་འགྱུར་ལ། རྒྱུ་དེས་ཁྱོད་ཀྱང་ངན་འགྲོར་འགྲོ་བར་འགྱུར་རོ། །དེ་ནས་སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་དང་མེ་ཏོག་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་དག་པར་མཆོད་ལ་ཐམས་ཅད་ལ་ཅི་ནུས་
པར་མཆོད་དོ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་ནས་བདུག་སྤོས་ལ་སོགས་པས་ཅི་འདོད་པར་མཆོད་པ་བྱེད་དུ་བཅུག་ལ། ཇི་ལྟ་བ་བཞིན་དུ་ཞུགས་པ་རྣམས་ལ་འབྱོར་པ་ཅི་ཡོད་པའི་བཟའ་བ་དང་བཏུང་བ་ལ་སོགས་པ་ཐམས་ཅད་དང་། དཀྱིལ་འཁོར་ཆེན་
པོར་ཕུལ་བའི་ཡོ་བྱད་ཐམས་ཅད་ཀྱིས་ཚིམ་པར་བྱས་ནས། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཞེས་བྱ་བ་ལ་སོགས་པས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་སྦྱིན་པར་བྱའོ། །དེ་ནས་ཡང་ཐམས་ཅད་སུ་ལ་ཡང་སྨྲ་བར་མ་བྱེད་ཅིག །ཅེས་བསྒོ་ལ་མནའི་སྙིང་པོ་བརྗོད་པར་བྱའོ། །

དེ་ནས་ཞུགས་པ་རྣམས་སླར་བཏང་ནས། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་ལ་ཕྱག་བྱས་ནས་ལྷ་ཆེན་པོ་ཆུང་མ་དང་བཅས་པ་སྔ་མ་བཞིན་དུ་བླངས་ལ་མཆོད་ནས། བཅོམ་ལྡན་འདས་འཁོར་
དང་བཅས་པ་ལ་མཆོད་ཡོན་ཕུལ་ཏེ། དགེ་བའི་རྩ་བ་རྣམས་མངོན་པར་འདོད་པའི་དངོས་གྲུབ་ཀྱི་དོན་དུ་བསྔོས་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་བཛྲ་མུཿཞེས་བྱ་བ་འདིས་ཕྱག་རྒྱ་གང་དང་གང་ནས་བྱུང་བའི་གནས་དེ་དང་དེ་ཉིད་ནས་དགྲོལ་
བར་བྱའོ། །དེ་ནས་ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་སརྦ་མུ་དྲ་མུ་བཾ་ཞེས་བྱ་བ་འདིས་སྙིང་ག་ནས་བྱུང་བ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་རང་གི་དབང་བསྐུར་བའི་གནས་སུ་གནས་པས་དབང་བསྐུར་ལ། མཛུབ་མོ་གཉིས་ཀྱིས་ཕྲེང་བ་བཅིང་བར་བྱས་ནས་དེ་བཞིན་དུ་གོ་ཆ་བགོ་བར་བྱའོ། །དེ་ལ་
རྡོ་རྗེ་རིན་ཆེན་འདིས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་མཐེ་བོང་སྙོམས་མཛུབ་མོ་གཉིས་ཀྱི་རྩེ་མོར་སྦྱར་ནས་གོ་ཆའི་མཐར་ཕྲེང་བ་བཅིང་བར་བྱས་ལ་བཛྲ་ཏུ་ཥྱ་ཧོ་ཞེས་བྱ་བ་འདི་དང་མཉམ་པའི་ཐལ་མོས་མཉེས་པར་བྱའོ། །ཡང་ཕྱག་བྱས་ལ་བདག་གིས་ཆོ་ག་མ་ཚང་བར་བགྱིས་པ་གང་
ལགས་པ་དེ་ཐམས་ཅད་བདག་ལ་བཟོད་པར་མཛོད་ཅིག །ཅེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་ནས་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ། ཡི་གེ་ཧཱུྃ་བཞི་ཟློས་བཞིན་དུ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས་གཤེགས་སུ་གསོལ་བའི་ཕྱིར།
ཡང་དག་པར་བསྐུལ་བར་བྱའོ། །ཨོཾ་ཀྲྀ་ཏྭ་བ་སརྦ་སཏྭ་ཨརྠ་སིདྡྷི་ཡཱ་ཐ་ནུ་ག །གཙྪ་དྷརྨ་བུདྡྷ་བི་ཤྭ་ཡཾ། པུ་ན་རཱ་ག་མ་ན་ཡ་དུ་མའི་མཐའ་དང་བཅས་པའི་ཧཱུྃ་བཞི་ཟློས་ཤིང་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་གྱེན་དུ་དགྲོལ་བར་བྱའོ། །དེ་ལྟ་བུས་ནི་ཐམས་ཅད་གཤེགས་སུ་
གསོལ་བར་འགྱུར་རོ། །ཇི་ལྟ་བ་བཞིན་དུ་སྤྲུལ་པའི་འཁོར་ལོའི་ཚོགས་འཁོར་དང་བཅས་པ་ནི་ཡིད་ཀྱི་ལེགས་པའི་སྦྱོར་བས་རང་གི་ལུས་ལ་བཅུག་ལ་ཡི་གེ་བརྒྱ་པ་དང་། རྡོ་རྗེ་སེམས་དཔའ་ཡོངས་སུ་བཟླས་ནས་རྡོ་རྗེ་སྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་

ཚུར་གྱིས་བདག་ཉིད་བསྲུང་བར་བྱའོ། །དེ་ནས་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭཱ་ཏ་ཅེས་ཟློས་ཤིང་དཀྱིལ་འཁོར་ཕྱིས་ལ་དམན་པ་ལ་སོགས་པ་ཆུ་བོར་དོར་བར་བྱའོ། །དེ་ནས་ཧཱུྃ་བཞིས་ཕུར་བུ་བཏོན་ལ་ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་
སྭཱ་ཧཱ་ཞེས་བྱ་བ་ལན་བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་བུ་དང་། གཟུགས་བརྙན་ཐམས་ཅད་བཀྲུ་བར་བྱ་ཞིང་ཁུང་བུ་ཡང་དགང་བར་བྱའོ། །དཀྱིལ་འཁོར་ཆོ་ག་བྱས་པ་ལས། །བདག་གིས་དགེ་བ་གང་བསགས་དེ། །ཀུན་དགའ་སྙིང་པོ་དྲག་པོ་མཆོག །འཇིག་རྟེན་ཀུན་མཁྱེན་
ཉིད་གྱུར་ཅིག །དཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་བཏུས་པ། སློབ་དཔོན་ཀུན་དགའ་སྙིང་པོའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།འདིའི་གཞུང་ཚད་ནི་ཤློ་ཀ་སྟོང་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཡོད་དོ། །རྡོ་རྗེ་
ཡེ་ཤེས་མངོན་འདོད་པའི། །སེམས་ཅན་ཀུན་ལ་ཕན་ཕྱིར་དང་། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །རིན་ཆེན་བཟང་པོས་བསྒྱུར་བ་ཡིན།། ༄། །དཔལ་མཆོག་དང་པོའི་དཀྱིལ་འཁོར་གྱི་ཆོ་ག་བཞུགས། ༄༅༅། །དཔལ་མཆོག་དང་པོའི་དཀྱིལ་
འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྙེན་པ་བྱས་ནས། ཉིན་རེའམ། ཟླ་རེའམ། ལོ་རེ་ཞིང་རྣལ་འབྱོར་ཆེན་པོ་ཉིད་ཀྱིས་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ། །དེ་ལ་དང་པོ་ཁོ་ནར་ཡོ་བྱད་ཐམས་ཅད་དང་ཡང་དག་པར་ལྡན་
པས། མངོན་པར་འདོད་པའི་སའི་དབུས་སུ་མི་རུས་ཀྱི་ཕྱེ་མའི་སྦྱིན་སྲེག་དང་མངོན་སྤྱོད་ཀྱི་སྦྱིན་སྲེག་གི་ཆོ་གས་དཀྱིལ་འཁོར་གྱི་བགེགས་བཟློག་ལ། བདག་དང་སློབ་མའི་བགེགས་ཞི་བར་བྱེད་པའི་སྦྱིན་སྲེག་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་སེམས་ཅན་གདུག་
པ་ཅན་རྣམས་བསྐྲད་ལ་གནས་བསྲུང་བར་བྱ་སྟེ། ཡང་དེ་ཉིད་ཀྱི་སྔགས་ལན་བདུན་བཟླས་པའི་ཉུངས་ཀར་དང་ཆུ་དང་ཐལ་བ་རྣམས་ཀྱིས་གཏོར་ལ། སའི་ཕྱོགས་དེར་ཁྲུ་གང་ཙམ་མམ། འདོམ་གང་ཙམ་བརྐོས་ལ། སྟེང་འོག་བཟློག་ལ། སྐྲ་དང་རུས་པ་དང་། ཞོག་

མ་དང་། ཐལ་བ་ལ་སོགས་པ་བསལ་ཏེ། དག་ཅིང་དྲི་ཞིམ་པའི་སས་བཀང་ལ། རྡོ་རྗེ་རྩེ་མོ་ཡོངས་སུ་བཟླས་པའི་སྤོས་ཆུས་སྤང་ཞིང་འཐས་པར་བཅག་པར་བྱའོ། །ཤིན་ཏུ་མཉམ་པའི་སྒོ་བཞི་པའི་ཁང་པ་བརྩེགས་པའི་ནང་དུ་ཆུད་པར་རྟ་བབས་བཞིས་མཛེས་
པར་བྱས་པ། སྒོ་བཞི་སྒོ་གླེགས་བཟང་པོས་བསྐོར་བའི་གནས་སུ། སློབ་མ་ཤིན་ཏུ་མཁས་པས་ཤར་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཟླས་པའི་བའི་རྣམ་ལྔས་ལེགས་པར་བྱུག་ཅིང་དེ་ཉིད་ཡོངས་སུ་བཟླས་པའི་སྤོས་ཆུས་བསང་གཏོར་བྱ་བ་དང་། དེ་ཉིད་
ཡོངས་སུ་བཟླས་པའི་རིན་པོ་ཆེ་དང་། འབྲུ་དང་སྨན་ཐམས་ཅད་དེའི་དབུས་སུ་གཞག་པར་བྱ་སྟེ། ས་ཡོངས་སུ་སྦྱང་བའི་ཆོ་གའོ། །དེ་ལས་ཡོངས་སུ་སྦྱངས་ཤིང་འཐས་པར་བཅགས་ཟིན་པ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ། ཉུངས་ཀར་དང་། ཆུ་དང་
ཐལ་བ་རྣམས་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ལན་བདུན་བཟླས་པས་མངོན་པར་གཏོར་བར་བྱའོ། །དེ་ནས་ཡང་སློབ་མ་ཤིན་ཏུ་མཁས་པས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ལན་བདུན་བཟླས་པའི་བའི་རྣམ་ལྔས་ལེགས་པར་བྱུག་ཅིང་། སྤོས་ཆུས་ཀྱང་ཕྱོགས་དེར་བསང་གཏོར་བྱའོ། །
དེ་ནས་རིན་པོ་ཆེ་དང་། འབྲུ་སྨན་ཐམས་ཅད་ལ་བཟླས་བརྗོད་ལན་བདུན་བྱས་པས་དེའི་དབུས་སུ་གཞུག་པར་བྱ་སྟེ། འདི་ཡིས་འདིར་ས་སྦྱང་བའི་ཆོ་གའོ། །དེ་ནས་ཡང་སློབ་མ་ཤིན་ཏུ་མཁས་པས་སའི་ཤར་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཡོངས་
སུ་བཟླས་པའི་དྲིས་ལེགས་པར་བྱུག་པར་བྱའོ། །དེ་ནས་ལུགས་མ་དང་། འབུར་དུ་བརྐོས་པ་དང་། རིས་སུ་བྲིས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། དབང་ཕྱུག་ཆེ་སོགས་ཕྱག་རྒྱ་ཡིས། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས། །རིགས་པའི་ཚོགས་
རྣམས་ཀྱིས་བརྒྱན་ཅིང་། །ཐ་མར་མཚོན་གྱི་ར་བས་ཉེ་བར་མཛེས་པར་བྱ་བ་དང་། རྒྱལ་མཚན་གྱི་དམ་པ་དང་། བླ་རེའི་མཆོག་དྲིལ་བུ་བཏགས་པ་བྲེ་བ་དང་། མེ་ཏོག་དང་མར་མེ་དང་། མེ་ཏོག་གི་ཆུན་འཕྱང་དང་། དྲ་བ་དང་དྲ་བ་ཕྱེད་པ་དང་། ཟླ་བ་ཕྱེད་པ་དང་།

ཟླ་བ་རྡོ་རྗེ་དང་། རིན་པོ་ཆེ་དང་། བ་དན་དང་ཕྲེང་བ་རྣམས་དང་། སྒོ་བཞི་དང་མཚམས་བཞིར་སྤོས་ཁང་བཞག་པ་དང་། རོལ་མོ་དང་། གླུ་དང་། གར་རྣམས་ཀྱིས་ཡང་དག་པར་མཆོད་ནས། ས་ལ་ལག་པ་བཞག་སྟེ། ཧཱུྃ་དང་ཡི་གེ་བརྒྱ་པ་ལན་བདུན་
བཟླས་བརྗོད་བྱའོ། །ས་ཡོངས་སུ་གཟུང་བའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་ལ། བགེགས་གཞོམ་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ། དང་པོའི་རྡོ་རྗེས་དཀྱིལ་འཁོར་གྱི་ཡུལ་ལ་ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བཟུང་
ནས་ལྷའི་རྣལ་འབྱོར་དང་། གཞལ་ཡས་ཁང་དང་། གདན་རྣམས་བསྐྱེད་དེ། དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ། འདི་ལྟར་བདག་ཉིད་སྤྲོ་བ་བསྐྱེད་པར་བྱ་སྟེ། དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པ་འབྲས་བུར་བཅས། །ལྷ་དང་དམ་
ཚིག་གིས་མཉམ་པར། །གྱུར་པར་བདག་ནི་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་ལྡོག་པར་ནི་བདག་འགྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་
ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ། བདུག་སྤོས་ཕུལ་ཏེ་སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་
དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །ཞེས་བརྗོད་དེ་ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ཏེ། དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་གྱི་
ཕྱོགས་དང་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་བསྒོམས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཧཱུྃ་ཟློས་པ་ལ་བརྩོན་ཞིང་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར། །བདག་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་

ཀྱིས་གསོལ་བ་བཏབ་པར་གྱུར་པར་བསམས་ཏེ། བཅོམ་ལྡན་ཁྱོད་ལ་གསོལ་བ་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །སྙིང་པོ་འདི་ནི་རྟག་པ་ཉིད། །བདེ་ཆེན་མྱུར་དུ་བསྒྲུབ་པར་མཛོད། །ཅེས་བྱ་བས་གསོལ་བ་བཏབ་པར་བསམ་མོ། །དེ་ནས་དེ་ལས་ལངས་ཏེ། དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའ་ཀུན་དུ་གང་བར་བསམས་ལ། བདག་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཉིད། །རྣལ་
འབྱོར་དབང་ཕྱུག་རྒྱལ་པོ་བདག །ཕྱག་ན་རྡོ་རྗེ་བསྟན་བདག་སྟེ། །བདག་པོ་རྡོ་རྗེ་ཆེན་པོ་བདག །བྱིན་གྱིས་བརླབས་པ་མི་འདོར་རོ། །ཧཱུྃ་ཞེས་བརྗོད་པར་བྱའོ། །མཆོག་ཏུ་དམ་ཚིག་གསུམ་ཐོབ་པའི། །སློབ་དཔོན་རང་གི་ཕྱག་རྒྱ་ཡིས། །རྡོ་རྗེ་དྲིལ་བུ་འཆང་བྱ་ཞིང་། །འཁོར་
ལོའི་ཆོ་ག་ཐམས་ཅད་བྱ། །རྟོག་པ་ཀུན་ལ་སྙོམས་འཇུག་པས། །དཀྱིལ་འཁོར་ཐམས་ཅད་བསྒྲུབ་པར་བྱ། །དམ་ཚིག་ཆེ་གསུམ་ཅེས་བྱ་བའི། །རྒྱ་འདི་གསང་སྔགས་སྒྲུབ་བྱེད་པའོ། །དངོས་གྲུབ་ཀུན་གྱི་ཆོ་ག་ལ། །རྡོ་རྗེ་དྲིལ་བུ་རབ་བསྐུལ་བས། །ཆོ་ག་ལྷག་གམ་མ་
ཚང་ན། །འགྲུབ་པར་འགྱུར་ཏེ་སྨད་མི་བྱ། །དེ་ནས་དཀྱིལ་འཁོར་ཐམས་ཅད་མངོན་དུ་བྱས་ལ། དང་པོའི་རྡོ་རྗེ་ཧཱུྃ་བཛྲ་ཨུ་ཏིཥྛ་མ་ཧཱ་མཎྜལ་ཨུ་ཐ་པ་ལ་ཞེས་བརྗོད་དོ། །བར་སྣང་གི་ཕྱོགས་སུ་དཀྱིལ་འཁོར་བཞག་ལ། བདག་ཉིད་བདག་པོའི་རྡོ་རྗེ་དེ་ཉིད་ཧཱུྃ་གིས་བྱིན་གྱིས་བརླབས་ལ།
ཡང་ཕྱག་རྒྱ་ཆེན་པོ་བསམས་ཏེ། ཨོཾ་བཛྲ་ཏིཥྛ་མ་ཊ་ཞེས་བྱ་བ་མིག་གཉིས་སུ་བཀོད་དེ། དེ་བཞིན་དུ་ལངས་ལ་ཕྱག་རྒྱས་གནས་པས་ཐམས་ཅད་དུ་བལྟས་ཏེ། བསྙེམས་པས་ཧཱུྃ་འདོན་ཞིང་སོང་ལ་རྐང་པ་གཉིས་ཀྱི་འོག་ཏུ་ཨ་ལས་སྣ་ཚོགས་རྡོ་རྗེ་བསམས་ཏེ། རྐང་པ་ནས་བརྩམས་
ནས་ནམ་མཁའི་ཁམས་མ་ལུས་པ་དང་མཉམ་པར་གནས་པའི་སའི་ཆ་རྡོ་རྗེར་གྱུར་པར་ལྷག་པར་མོས་པར་བྱས་ལ། རྡོ་རྗེའི་ལྟ་བས་ཀྱང་གཡོན་པར་བགེགས་བསལ་ཏེ། བསྐོར་ཕྱོགས་དང་སྟེང་ཕྱོགས་དང་ནམ་མཁའི་ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་མཚམས་བཅད་

པ་དང་། ར་བ་དང་དྲ་བ་དག་བྱའོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་སྒོ་ཕྱེ་ལ། རྡོ་རྗེ་རྒྱུའི་ངོ་བོ་ཞལ་བཞི་པ། ཕྱག་བཞི་པའི་གསང་བའི་གཟུགས་ཅན་གྱིས་དཀྱིལ་འཁོར་ཕྱག་རྒྱ་དང་། སྔགས་འདི་དང་ལྡན་པས་དགུག་པར་བྱའོ། །ཨོཾ་མ་ཧཱ་བཛྲ་མཎྜ་ལ་ཧཱུྃ་ཛཿ
རྡོ་རྗེ་ཁུ་ཚུར་གཉིས་ལས་མཐེ་བོང་དང་མཛུབ་མོ་རྡོ་རྗེར་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་དགུག་པར་བྱེད་པ་རྡོ་རྗེ་འཁོར་ལོ་ཞེས་བྱ་བའི་ཕྱག་རྒྱའོ། །ཨོཾ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷཾ་ཧཱུཾ། ཞེས་བྱ་བའི་ཕྱག་རྒྱ་འདི་དང་ལྡན་པས་དཀྱིལ་འཁོར་ཡང་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་ཁུ་ཚུར་
གཉིས་འཁོར་ལོ་བསྐོར་བའི་ཚུལ་དུ་མགལ་མེ་བསྐོར་བ་ལྟར་བྱ་བ་ནི་འདིའི་ཕྱག་རྒྱའོ། །དེ་ནས་སེང་ལྡེང་གི་རྡོ་རྗེ་ཕུར་བུ་མཐའ་ཡས་དང་རྣམ་པར་རྒྱལ་བ་དང་། སྤྲིན་སྒྲ་དང་གསུས་པོ་ཆེ་རྒྱལ་བ་ཞེས་བྱ་བ་དང་། རིམ་པ་བཞིན་དུ་སྟེང་གི་འཁོར་ལོས་སྒྱུར་བ་དང་། རྡོ་རྗེ་ཧཱུཾ་མཛད་
དང་། འཕགས་པ་འཇམ་དཔལ་དང་། གཤིན་རྗེ་གཤེད་དང་། རྡོ་རྗེ་ཆེན་པོ་དང་། རྟ་མགྲིན་ལྟ་བུ་ལ་འོག་རྡོ་རྗེ་རྩེ་གཅིག་པ་ལྟ་བུར་བསྐྱེད་ལ་ཙནྡན་དམར་པོ་བྱུག་ཅིང་། སྲད་བུ་དམར་པོ་དང་། མེ་ཏོག་གི་ཕྲེང་བ་དམར་པོས་བཅིངས་ལ། ཨོཾ་ཀོ་ཏ་ཡ་ཏྲི་ཡ་ཏ་མ།
ཙི་ཏ་ཏྲ་ཏི་ཏ་མ་ཊ་ཞེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། དེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། ཕྱིའི་དཀྱིལ་འཁོར་གྱི་གྲྭ་བཞིར་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་ཐལ་མོས་བརྡུང་བར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ། སྲུང་
བ་བྱས་ཏེ་དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་ལ་རྡོ་རྗེ་གནོད་སྦྱིན་གྱི་སྲུང་བས་ཡང་དག་པར་བསྲུངས་ཏེ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་བུམ་པ་དཀྱིལ་འཁོར་གྱི་སྒོར་བསང་གཏོར་བྱ་བའི་ཕྱིར་གཞག་པར་བྱའོ། །དེ་ནས་སྤོས་ཆུ་ལ་རྡོ་རྗེ་གནོད་སྦྱིན་གྱི་བཟླས་པ་
དེ་ཉིད་འདོན་ཅིང་། སྤོས་ཆུས་དཀྱིལ་འཁོར་གྱི་ས་གཞི་བྱུག་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་གནས་སུ་དྲིའི་དཀྱིལ་འཁོར་བྱས་ལ། ལག་པས་བྲན་ལ་ཧཱུྃ་ལན་བདུན་དེ་དག་ལ་བཟླས་ལ། དེ་རྣམས་སུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནམ་མཁའི་

ཕྱོགས་ནས་ཕབ་སྟེ། ཧཱུྃ་ཉིད་ཀྱིས་བཅུག་ལ་མཆོད་པ་རྣམ་པ་ལྔས་མཆོད་དོ། དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ། རྣམ་པར་རྒྱལ་བའི་བུམ་པ་ཇི་སྐད་དུ་བཤད་པའི་མཚན་ཉིད་རྣམས་དང་ལྡན་པ་སྨན་དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་ཡང་དག་པར་ལྡན་པར་བྱས་ལ། ཆུ་
ཉུང་ཟད་བླུགས་ཏེ་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང་། རྡོ་རྗེ་སེམས་དཔའ་ལ་རེ་རེ་ཞིང་ཡང་ལན་བརྒྱ་རྩ་བརྒྱད་བཟླས་པའི། མཆོད་ཡོན་བུམ་པའི་སྟེང་དུ་བཞག་ལ། རང་གི་དམ་ཚིག་གི་ཕྱག་རྒྱས་བཟུང་བའི་རྡོ་རྗེ་དང་། །མེ་ཏོག་གི་ཡལ་ག་
ཕྲེང་བ་རེ་རེ་ཞིང་ཡང་ཉི་མ་གཉིས་པ་ལ་དེ་དུས་གསུམ་དུ་བཟླས་བརྗོད་བྱའོ། །དེ་ལྟར་བུམ་པའི་བསྙེན་པ་བྱས་ནས་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སེམས་དཔའ་དང་། སངས་རྒྱས་སྤྱན་གྱི་མར་ལ་སོགས་པའི་སྦྱིན་སྲེག་རེ་རེ་ཞིང་བརྒྱ་རྩ་བརྒྱད་བྱས་ཏེ་འདི་ནི་ལག་པར་གནས་པའི་
སྦྱིན་སྲེག་གི་ཆོ་གའོ། །དེ་ནས་བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་ལ། མཆོད་པ་བཅུ་གཉིས་ཀྱིས་འཁོར་དང་བཅས་པ་ཡང་དག་པར་ལེགས་པར་མཆོད་ལ་སྔ་མ་བཞིན་དུ་ཕྱག་བྱས་ནས་མཆོད་ཡོན་ཕུལ་ཏེ། སློབ་མ་ལྷག་པར་གནས་
པའི་ཆོ་ག་བྱའོ། །དེ་ལ་དང་པོར་ལག་ན་མེ་ཏོག་ཐོགས་པའི་སློབ་མས་སློབ་དཔོན་ལ་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་ད