Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 62

Văn bản gốc(Tây Tạng)

Trang 9 / 24 (50.000 ký tự/trang)
སྔགས་ཀྱིས། །བཟླས་བྱས་སྟན་ནི་བཟང་པོ་ལ། །རིགས་པ་རང་གནས་བཞུགས་སུ་གསོལ། །དེ་ནས་རིགས་ཀྱི་བདག་པོའི་སྔགས་དང་། དེ་བཞིན་དུ་རིགས་ཀྱི་རིག་པ་ཡོངས་སུ་བཟླས་ཏེ་བཞུགས་སུ་གསོལ་ནས། སྔགས་པས་ཀྱང་རང་གི་གསང་སྔགས་དང་། བསྐྱེད་པའི་རིམ་པས་དེ་རང་
གི་གནས་སུ་སྤྲུལ་ནས་སྒོ་དབྱེ་བ་བྱ་སྟེ་རྡོ་རྗེ་བསྡུ་བ་བྱའོ། །ཨོཾ་བཛྲ་ས་མཱ་ཡ་ཛཿཛཿཧཱུྃ་བཾ་ཧོཿདེ་ནས་བགེགས་བསལ་ལ་མཆོད་ཡོན་དབུལ་ལོ། །དེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། ཕྱག་རྒྱ་བསྟན་ནས། གསང་སྔགས་རྣམས་མངོན་པར་བཟླས་པར་བྱ་སྟེ། ཨོཾ་བཛྲ་སཏྭ་ཧཱུྃ།
རིགས་ཀྱི་བདག་པོའི་སྙིང་པོའོ། །ཨོཾ་བྷ་ག་ཝ་ཏི་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ་ཞེས་པའོ། །རིགས་ཀྱི་ཡུམ་གྱི་སྔགས་སོ། །ཨོཾ་ཛི་ན་ཛིཀ་སྭཱ་ཧཱ། ཞེས་བྱ་བ་ནི་རིགས་ཀྱི་སྙིང་པོའོ། །དེ་བཞིན་དུ། ཨོཾ་ཤཾ་ཀ་རི་ཤཱནྟིཾ་ཀ་རི་གྷུ་ཊ་ནི། གྷ་ཊ་ལ་གྷ་ཊ་ཡ་གྷུ་ཊ་ནི་སྭཱ་ཧཱ།
ཨོཾ་བཛྲ་དྷྲྀཀ་སྭཱ་ཧཱ། ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་སྭཱ་ཧཱ། ཀ་ཊཾ་ཀ་ཊེ་ཀ་རོ་ཊེ་བཱིརྱེ་སྭཱ་ཧཱ། ཨོཾ་ཨཱ་རོ་ལྀ་ཀ་སྭཱ་ཧཱ། ཨོཾ་རཏྣ་དྷྲྀཀ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཨོཾ་པྲཛྙཱ་དྷྲྀཀ་སྭཱ་ཧཱ། ཞེས་བྱ་བ་ནི་རིགས་སོ་སོའི་རིག་པ་དང་སྙིང་པོའོ། །དེ་ནས་ཅོད་པན་དང་དར་དཔྱངས་བཅིངས་པ་དང་། གོ་
བསྐོན་པ་ལ་སོགས་པ་བྱས་ལ། མེ་ཏོག་ལ་སོགས་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ལ་ཡོངས་སུ་བཟླས་ཏེ། གུས་པར་བྱས་ལ་མཆོད་ཡོན་ཕུལ་ཏེ། ལྷག་པར་གནས་པར་བྱའོ། །དེ་ནས་ཕྱི་རོལ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱ་སྟེ། དང་པོར་བགེགས་གཞོམ་པར་བྱ་བའི་ཕྱིར། རྡོ་རྗེ་
མེས་སྦྱིན་སྲེག་བྱའོ། །ཚིམ་པར་བྱ་བའི་ཕྱིར་ནི་རང་གི་སྔགས་ཀྱིས་སོ། །དགོད་པར་བྱ་བའི་ཕྱིར་ནི་རིགས་ཀྱི་རིགས་པས་སོ། །འབྱོར་པར་བྱ་བའི་དོན་དུ་ནི་རིགས་ཀྱི་བདག་པོའི་སྙིང་པོས་སོ། །དེ་ལྟར་སྦྱིན་སྲེག་བྱས་ནས། ལྷག་པར་གནས་པར་བྱ་བ་ནི། །འདི་ཞེས་བྱ་བའི་བཅོམ་ལྡན་
འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རབ་གནས། །མགོན་པོ་བདག་ཉིད་བགྱི་པར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་གནང་བར་མཛད་པར་རིགས། །

བདག་མིང་རྡོ་རྗེ་ཞེས་བྱ་བས། །རིག་པའི་རྒྱལ་པོ་འདི་ཞེས་བྱའི། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །ནང་པར་རབ་གནས་བགྱིད་པར་འཚལ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་བརྩེ་བར་ནི་ཉེར་གནས་ཏེ། །ཚོགས་པ་ཐམས་ཅད་རབ་གནས་ལ། །བྱིན་
གྱིས་བརླབ་པར་མཛད་དུ་གསོལ། །ཞེས་བྱའོ། །དེ་ནས་པཱུ་ཛ་སྣ་ཚོགས་ཀྱིས་མཆོད་ལ་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་གསོལ་བ་གདབ་པར་བྱ་སྟེ། རང་གི་དགེ་བའི་རྩ་བ་བསྔོས་ལ། གཤེགས་སུ་གསོལ་བར་བྱ་བའི་ཕྱིར་འདིས་བསྐུལ་བར་བྱའོ། །ཨོཾ་ཁྱེད་ཀྱིས་སེམས་
ཅན་དོན་ཀུན་མཛད། །རྗེས་སུ་གྲུབ་བཞིན་སྩལ་ལགས་ཀྱིས། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སླར་ཡང་གཤེགས་པར་མཛད་དུ་གསོལ། །བདག་ཉིད་བསྲུང་བའི་ཕྱིར་ཡི་གེ་བརྒྱ་པ་བཟླས་པར་བྱའོ། །དེ་ལ་ཡི་གེ་བརྒྱ་པ་ནི་འདི་ཡིན་ཏེ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་
པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཿ། དེ་ནས་དེ་ཉིད་དུ་ཀུ་ཤ་བཏིང་
ལ་ཉལ་བར་བྱའོ། །དེ་ནས་ནང་པར་མལ་ནས་ལངས་ལ་དེ་བཞིན་དུ་བའི་རྣམ་ལྔ་དང་། སྤོས་ཆུས་གནས་ཀུན་བྱུགས་ལ། ལྷའི་རྣལ་འབྱོར་བྱས་ལ། བགེགས་ལ་སོགས་པ་བསྐྲད་པར་བྱའོ། །དེ་ནས་གཞལ་ཡས་ཁང་དང་གདན་ལ་སོགས་པ་བསམས་ལ། དེའི་འོག་ཏུ་ཟངས་མའི་སྣོད་ལ་
སོགས་པར་མཆོད་ཡོན་ལ་སོགས་པ་བཤམས་ལ། སྔགས་ཀྱིས་གདབ་པར་བྱའོ། །དེ་ནས་ལྷ་རྣམས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ། བསྒྲུབ་པར་བྱའོ། །མཛུབ་མོ་ལྕགས་ཀྱུ་བཅིངས་ནས་ནི། །མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཁྲིག་
མར་མདུད་པ་མཛུབ་གཉིས་འདུད། །རྒྱབ་གཉིས་ཀྱང་ནི་བསྙམས་ཏེ་མནན། །ཛཿཧཱུྃ་བཾ་ཧོཿཞེས་བརྗོད་དོ། །སྤྱན་དྲངས་ལ་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་དབུལ་ཏེ། སྔར་བཤད་པའི་སྔགས་ཀྱིས་སྦྱང་བ་བྱས་ལ། དེའི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་

ཤོ་དྷ་ནེ་སྭཱ་ཧཱ། དབང་བསྐུར་བའི་ཆོ་གས་ཁྲུས་གསོལ་བར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་བ། །དེ་བཞིན་བདག་གིས་ལྷ་ཡི་ཆུས། །དག་པར་ཁྲུས་ནི་གསོལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་སྭཱ་ཧཱ། དེ་ནས་ན་བཟའ་
དབུལ་བར་བྱ་སྟེ། ཨོཾ་བཛྲ་བཱ་ས་སེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། ཨོཾ་བཛྲ་ཨ་བྷ་ར་ནི་བི་བྷུ་ཥ་ནི་སྭཱ་ཧཱ། ཨོཾ་བཛྲ་པུ་ཥྤེ་ཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་གནྡྷེ་ཧཱུྃ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུྃ། དེའི་འོག་ཏུ་དབང་བསྐུར་བར་བྱ་སྟེ། མཐེ་བོང་གཉིས་ནི་བསྣོལ་བྱས་ལ། །མཛུབ་མོ་རྩེ་མོ་དགུག་པས་ནི། །གུང་མོ་
བསྙམས་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཨོཾ་བྷྲཱུཾ་ཁཾ་ཞེས་བྱ་བ་དང་། ཨ་བྷི་ཥིཉྩ་ཞེས་བྱ་བ་དང་། དེ་བཞིན་དུ། ཨོཾ་བཛྲ་སཏྭ་ཧཱུྃ། ཨོཾ་བཛྲ་རཏྣ་ཏྲཱཾ། ཨོཾ་བཛྲ་དྷརྨ་ཧྲཱིཿ། ཨོཾ་བཛྲ་ཀརྨ་ཨ་ཞེས་བྱ་བ་དང་། ཐམས་ཅད་ལ་ཨ་བྷི་ཥིཉྩ་མཱཾ་ཞེས་བྱ་བས་རྡོ་རྗེ་བསྡམས་པའི་
མཐེ་བོང་གཉིས་བསྙམས་ཏེ་བསྒྲེང་བ་ནི་རྡོ་རྗེ་སེམས་མའིའོ། །དེ་ལས་སྲིན་ལག་རིན་པོ་ཆེ་འདྲ་བར་བྱས་པ་ནི་རྡོ་རྗེ་རིན་ཆེན་མའིའོ། །དེ་ཉིད་ལས་གུང་མོ་གཉིས་པདྨ་འདྲ་བར་བྱས་པ་ནི་རྡོ་རྗེ་ཆོས་མའིའོ། །ཐལ་མོ་སྦྱར་བ་བཅིངས་ལ་གུང་མོ་དང་མཛུབ་མོ་དང་མཐེ་བོང་སྦྱར་བ་ནི་རྡོ་རྗེ་ལས་
མའིའོ། །དེ་ནས་ཨོཾ་ཊུཾ་ཞེས་བྱ་བ་དང་། རྡོ་རྗེ་ཁུ་ཚུར་སོ་སོར་བཅིངས་ཏེ། མཛུབ་མོ་གཉིས་བཀུག་ལ་གོ་ཆ་བྱ་སྟེ། སྙིང་གར་མདུད་པ་ལྟར་བྱ་སྟེ། ཡང་མགྲིན་པ་དང་། རྒྱབ་དང་། དཔྲལ་བའི་སྟེང་དུ་མདུད་པ་ལྟར་བྱ་སྟེ། དེ་ནས་ཕྲེང་བ་བཅིང་བའི་ཚུལ་གྱིས་མདུད་པ་བྱ་བ་དང་དར་
དཔྱངས་བཅིང་བ་ཡང་ངོས་གཉིས་སུ་ཐ་མ་ལ་སོགས་པ་ནས་སོར་མོ་ཐམས་ཅད་བཀྲོལ་བ་དེ་ནས་མཉམ་པའི་ཐལ་མོས་མཉེས་པར་བྱ་སྟེ། དེ་ནས་སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་སྔགས་འདིས་མིག་སྨན་གྱི་ཐུར་མས་བྱུག་སྟེ། ཨོཾ་བཛྲ་ཙཀྵུ་ཙཀྵུ་ས་མནྟ་
ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། དེ་ནས་སྔགས་འདིས་བཤོས་དབུལ་ཏེ། ཨོཾ་དཱི་པྱ་ཨིནྣ་ས་མཱ་དྷི་དྷྱ་ན་སརྦ་པྲི་ཎ་ནེ་སྭཱ་ཧཱ། དེ་ནས་ལྷ་བཤོས་དང་། མེ་ལོང་དང་། བཤོས་གཞན་དག་ལ་སོགས་པས་ཀྱང་མཆོད་པར་བྱ་སྟེ། དེ་ལྟར་བྱས་ན་དེ་འོག་ཏུ་ཡང་སློབ་མ་གཞུག་པར་བྱ་སྟེ། ཁྱོད་ཀྱིས་

ང་ལ་གསོལ་བཏབ་པའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་བཞིན་རབ་གནས་པར། །དེ་ནི་ངེས་བྱས་བྱེད་དུ་བཅུག །ཁྱོད་ཀྱི་དེ་ནི་ཀུན་རྫོགས་པས། །ཅི་བདེ་བར་ནི་ཤེས་པར་གྱིས། །ཞེས་བསྒོའོ། །དེ་ནས་རིམ་པ་འདིས་སྦྱིན་སྲེག་བྱའོ། །ཐབ་
དང་དགང་གཟར་བླུགས་གཟར་རྫས། །ཤིང་དང་སྒྲུབ་པ་པོ་དང་ནི། །རྫས་བསང་དགོད་དང་མེ་སྦྱང་དང་། །བསང་གཏོར་དང་ནི་སྦར་བ་དང་། །ཀུ་ཤ་དགྲམ་དང་གནས་ཁང་དང་། །མེ་བསྐྱེད་སྤྱན་དྲང་ལ་སོགས་དང་། །སྲུང་སྐུད་བཅིངས་དང་མཆོད་ཡོན་དང་། །ཞབས་བསིལ་
བསྒྲུབ་དང་དབང་བསྐུར་དང་། །དམ་ཚིག་བསྒོ་དང་མཆོད་ཡོན་མཆོད། །བསང་གཏོར་འཐོར་འཐུང་སྲེག་བླུགས་དང་། །མེ་བརྟག་བསང་དང་དགང་བླུགས་དང་། །ཀུན་བསྲེགས་བསང་གཏོར་གསོལ་བ་དང་། །ཐབ་དང་མེ་ལྷ་དགོད་པ་དང་། །བསྡུ་དང་བསྟོད་དང་དགུག་
པ་དང་། །སྔོན་བཞིན་ཕྱག་རྒྱ་དབང་བསྐུར་དང་། །མཆོད་དང་མཆོད་ཡོན་འཐོར་འཐུང་བསང་། །དགང་བླུགས་ཅིག་ཤོས་ལས་བསྐུལ་དང་། །ལྷ་རྣམས་གཟི་བྱིན་བསྐྱེད་པ་དང་། །མེ་ལྷ་དགང་བླུགས་མཆོད་བསང་དང་། །འཐོར་འཐུང་མཆོད་པ་གཤེགས་གསོལ་ལོ། །སྤྱན་
དབྱེ་བའི་ཆོ་ག་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷིཿ། བོད་སྐད་དུ། སྤྱན་དབྱེ་བའི་ཆོ་ག །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཤེས་བྱའི་དཀྱིལ་འཁོར་མ་ལུས་པ། །སྐད་ཅིག་
གིས་ནི་ཁྱབ་མཛད་པ། །ཐུགས་རྗེ་ཆེར་ལྡན་འགྲོ་བའི་སྐྱབས། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སློབ་དཔོན་མཚན་ཉིད་ལྡན་པ་དང་། །བསྟན་བཅོས་ཀུན་ལ་འཇིགས་མེད་པས། །ལྷ་ཡི་གཟུགས་ལ་དམིགས་པ་དང་། །རས་རིས་ལ་སོགས་བཟླས་ཤིང་བསྒོམ། །བློ་དང་
ལྡན་པ་གང་ཞིག་ནི། །བསོད་ནམས་གཞན་ནི་བྱེད་འདོད་ལ། །དེ་ནི་རྣལ་འབྱོར་རྒྱུད་རྣམས་ཀྱི། །རྗེས་སུ་མཐུན་པར་འདི་བརྗོད་བྱ། །དང་པོར་ཁྲུས་བྱས་ལུས་དྲིས་བྱུགས། །གཙང་ཞིང་དག་པའི་གོས་གྱོན་ཏེ། །རྒྱུ་སྐར་བཟང་པོ་ལྡན་པ་ལ། །མཆོད་པའི་ཡོ་བྱད་འབྱོར་པར་བྱ། །

གདུགས་དང་རྒྱལ་མཚན་ལ་སོགས་དང་། །བླ་རེ་མཆོག་ནི་བྲེ་བྱ་ཞིང་། །བཀྲ་ཤིས་རྣམས་ཀྱིས་བརྒྱན་པ་ཡི། །བུམ་པ་གང་བ་གཞག་པར་བྱ། །པི་ཝང་གླིང་བུ་རྫ་རྔ་སོགས། །གླུ་གར་དགའ་སྟོན་ཆེར་བྱ་ཞིང་། །ཙནྡན་ཨ་གར་ནག་པོས་བྱུགས། །མེ་ཏོག་སིལ་མ་བཀྲམ་པར་
བྱ། །གནས་ནི་ཉམས་དགའ་འདུ་འཛི་མེད། །ཉེས་པ་ཐམས་ཅད་རྣམ་སྤངས་པའི། །བ་ཡི་ལྔ་དང་ཙནྡན་གྱིས། །བྱུག་ཅིང་བདུད་རྩི་འཁྱིལ་པས་བསྲུང་། །མ་སྤྱད་པ་ཡི་རས་རྙེད་པ། །སྤོས་ཀྱི་ཆུ་ཡིས་བཀྲུས་ནས་ནི། །རང་གི་ལྷ་སྦྱོར་བདག་ཉིད་དུ། །དེར་ནི་དེ་རབ་གནས་པར་བྱ། །སྔར་ནི་ཆོ་ག་
རྒྱས་བྱས་ལ། །སྤྱན་དྲངས་མཆོད་པ་ལ་སོགས་བྱ། །བརྩོན་པར་བྱས་ནས་དེ་འོག་ཏུ། །མཚན་རྣམས་རྫོགས་པར་ཅི་བདེར་ནི། །ལེགས་པར་བྲི་བའམ་བཟོ་བོ་ནི། །ཉེ་བར་འོང་བ་འདྲི་རུ་གཞུག །མཁས་པས་གཤིན་རྗེ་གཤེད་དམ་ནི། །བདུད་རྩི་འཁྱིལ་པས་བསྲུང་བར་བྱ། །རི་
མོའམ་སྐུ་གཟུགས་གང་ཡང་རུང་། །འདི་འདྲས་ཡང་དག་རྫོགས་པར་བྱ། །གནས་དེ་ཉིད་དུ་སྔར་བཤད་པའི། །ཁྲུས་ས་དག་ནི་རབ་བཤད་དེ། །ཟུར་བཞི་པ་ལ་ཁྲུ་བཞི་པ། །བཀྲ་ཤིས་ཤིན་ཏུ་མཛེས་པ་དག །དཔངས་སུ་ཁྲུ་ནི་གཉིས་ཡོད་པ། །ཡིད་འོང་ཟུར་རྡུལ་ཉེས་འབུལ་བྱ། །དེ་
སྟེང་བསྟན་པའི་རྟེན་བཞག་པ། །མཁས་པས་ལྷ་ཡི་ཁྲུས་གསོལ་ཏེ། །སེམས་ཅན་ཀུན་ལ་ཕན་བདེ་བའི། །སྦྱངས་པ་ལ་སོགས་དེར་བྱའོ། །བཀྲ་ཤིས་རྒྱས་པར་གྱུར་པ་དང་། །ཡང་དང་ཡང་དུ་བསྟོད་བྱ་ཞིང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །ཅ་ཅོའི་སྒྲ་ནི་གདོན་པར་
བྱ། །རྒྱལ་བའི་དབང་བསྐུར་ཚུལ་དུ་ནི། །གདུགས་དཀར་པོ་ཡང་གཟུགས་པར་བྱ། །བྲིས་གཟུགས་གླེགས་བམ་འཇིམ་གཟུགས་སོགས། །ལྷ་ལ་ཆོ་ག་ཤེས་པ་ཡིས། །མེ་ལོང་ལ་ནི་གཟུགས་བརྙན་བཀྲུ། །ལུགས་མ་སྐུ་གཟུགས་ཉིད་ལའོ། །གསང་སྔགས་གང་ཞིག་
ཁྲུས་དང་དབང་བསྐུར་བའི་ཕྱིར། ཛི་ན་ཛིཀ་ལ་སོགས་པ་རིགས་ཀྱི་བདག་པོའི་སྙིང་པོའོ། །དེ་རྣམ་པར་སྣང་མཛད་ལ་སོགས་པའི་སྙིང་པོ་དེ་མེ་ཏོག་གི་ཕྲེང་བས་བརྒྱན་པའི་ཏིལ་ལ་སོགས་པ་ལས་ཀུན་རིག་གི་སྙིང་པོ་རིག་པ་དང་། རས་རིས་བདག་པོའི་གསང་སྔགས་

བཟླས། །བུམ་པ་མཚན་ཉིད་དང་ལྡན་པས། །འབྲུ་སྨན་རིན་ཆེན་ལྔ་རྣམས་དང་། །ཙནྡན་དག་གི་ཆུས་བཀང་སྟེ། །མགུལ་པ་གོས་བཟང་དག་གིས་བཅིངས། །ལོ་མ་བཟང་པོས་ཁ་དགབ་བྱ། །རིག་སྙིང་རིགས་ཀྱི་བདག་པོ་དང་། །རིགས་ཀྱི་ལས་
ཀུན་བྱེད་པར་བཟླས། །སྐུ་ཡི་སྤྱི་གཙུག་དབུ་དང་ནི། །ཕྱག་དང་ཐུགས་ཀར་བྱུག་པར་བྱ། །དེ་ནས་པུས་མོ་བཙུགས་ནས་ནི། །བདུག་སྤོས་རྣམས་ཀྱིས་བདུགས་ནས་ནི། །མགོན་པོ་གཤེགས་ཤིང་བསྐུལ་བའི་ཕྱིར། །ཚིག་ནི་འདི་སྐད་བརྗོད་པར་བྱ། །འདི་ཞེས་བྱ་བ་བཅོམ་
ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ལ་བརྩེ་བར་གྱུར་ནས་ནི། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་རབ་གནས་པ། །མགོན་པོ་བདག་ནི་བགྱིད་པར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །
དེ་བས་གནང་བར་མཛད་པར་རིགས། །སངས་རྒྱས་མགོན་པོ་བརྩེར་ལྡན་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གང་ཡང་གསང་བའི་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་ཡང་ལྷ་ཡི་སྤྱན་མངའ་བའི། །
སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བྱ་བ་ནི། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །སྤྱན་དབྱེ་བར་ནི་འཚལ་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་མཛད་དུ་གསོལ། །ཚོགས་
པ་ཐམས་ཅད་སྤྱན་འབྱེད་པས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རས་རིས་ལ་སོགས་སྙིང་གར་ནི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །རང་གི་ས་བོན་ལས་བྱུང་མཚན། །ཆོས་ཚུལ་གསང་སྔགས་དགོད་ཅིང་བསྒོམ། །སྔགས་དང་ཕྱག་མཚན་གྱུར་
པ་དང་། །སྤྲོ་ཞིང་བསྡུ་བ་བྱས་པ་ལ། །ལྷ་ཡི་སྐུ་ནི་ཇི་བཞིན་པར། །དེ་ལས་སྐྱེས་པར་མཁས་པས་བསམ། །རྒྱུད་ལས་ཇི་སྐད་གསུངས་པ་བཞིན། །རང་གི་ཕྱག་རྒྱ་སྐུ་ལ་སོགས། །བྱིན་བརླབ་གོ་རིམས་བཞིན་དུ་བྱ། །དེ་མདུན་ཡེ་ཤེས་སེམས་དཔའ་ནི། །སྔ་མ་བཞིན་

ཡང་ལེགས་བསྒྲུབས་ན། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས། །དེ་དག་དགུག་གཞུག་བཅིང་བ་དང་། །དབང་བྱ་རང་གི་ཕྱག་རྒྱ་རྣམས། །སྒྲུབ་ཐབས་ལས་བྱུང་རིམ་པས་བྱ། །བདུད་རྩི་འཁྱིལ་པས་བསྲུང་བ་དང་། །བགེགས་བསལ་ལ་སོགས་ཆོ་ག་བྱ། །གདན་འབུལ་
ལ་སོགས་བྱས་ནས་ཀྱང་། །དམ་ཚིག་ཕྱག་རྒྱ་བསྟན་པར་བྱ། །མདུན་དུ་ཡེ་ཤེས་སེམས་དཔའ་ནི། །སྐུ་ཡི་ལུས་ལ་བཅུག་ནས་ནི། །རང་གི་རྣལ་འབྱོར་དང་ལྡན་པས། །དེ་ནས་མགོན་པོ་འདུས་པ་བྱ། །རྡོ་རྗེ་དྲིལ་བུའི་སྒྲ་དབྱངས་དང་། །ཡིད་འོང་གླུ་ཡིས་བསྟོད་པར་བྱ། །
སྔ་མ་བཞིན་དུ་མཆོད་ཡོན་སོགས། །དབུལ་ཞིང་བགེགས་བསལ་ལ་སོགས་བྱ། །གཟུགས་བརྙན་གྱི་ནི་སྐུ་གཟུགས་ལ། །ཕྱོགས་རྣམས་ཀུན་ནས་ལྷག་པའི་ཚོགས། །མགོན་པོ་ཛཿཧཱུྃ་བཾ་ཧོཿ། ཞེས་བརྗོད་ཅིང་དགུག་པར་བྱ། རང་གི་ཕྱག་རྒྱ་བྱིན་བརླབ་ཅིང་། །ཡི་གེ་བརྒྱ་པས་
བརྟན་པར་བྱ། །རྡོ་རྗེ་སེམས་མ་ལ་སོགས་པས། །ཆོ་ག་ཤེས་པར་བྱིན་གྱིས་བརླབ། །སྔ་མ་བཞིན་དུ་གསོལ་བ་ཡང་། །དེ་ལ་དང་པོར་གསོལ་བཏབ་ནས། །དེ་ཡི་ཕྱག་རྒྱ་གོ་རིམས་བཞིན། །དབང་བསྐུར་བ་ནི་བསྟན་པར་བྱ། །ལཱ་སྱ་ལ་སོགས་རྣམས་ཀྱིས་མཆོད། །དྲི་སོགས་
ཀྱིས་ཀྱང་མཆོད་པར་བྱ། །གོས་དང་རྒྱན་དང་སོ་རྩི་དང་། །གདུ་བུ་གཙུག་ཏོར་མེ་ལོང་དང་། །གི་ཝང་དང་ནི་ལི་ཁྲི་སོགས། །ལྷ་བཤོས་རྣམས་ཀྱིས་རིམ་བཞིན་མཆོད། །དེ་ནས་ཆོ་ག་ལྡན་པ་ཡིས། །ཡིད་ཀྱི་མཆོད་པས་ཡང་དག་མཆོད། །དེ་ཡི་སྔགས་མང་བཟླས་ནས་ནི། །ཕྱི་
རོལ་དུ་ནི་གཏོར་མ་སྦྱིན། །ཞོ་དང་འབྲས་ཆང་ཡམ་ཤིང་དང་། །ཏིལ་འབྲས་མར་དང་བསྲེས་པའི་ས། །བགེགས་རྣམས་ཉེ་བར་ཞི་བའི་ཕྱིར། །དང་པོར་བདུད་རྩི་ཐབ་སྦྱོར་མཆོད། །རང་གི་སྔགས་རྣམས་གང་ཡིན་པས། །མཁས་པས་ལྷ་རྣམས་ཚིམ་པར་བྱ། །བྱེད་པ་པོར་འགྱུར་
རིག་སྙིང་དང་། །རིགས་ཀྱི་རིག་པས་ཞི་ཕྱིར་དང་། །རིགས་ཀྱི་བདག་པོས་བྱིན་རློབ་ཕྱིར། །སྲེག་བླུགས་བརྒྱ་དག་སོ་སོར་བྱ། །དེ་ནས་ཁྲུས་བྱ་ལུས་གཙང་མའི། །སློབ་མ་བདུད་རྩི་འཁྱིལ་པ་ཡིས། །བཟླས་པའི་ཆུ་ཡིས་བསང་གཏོར་བྱ། །གཡོན་གྱི་ཕྱོགས་སུ་གཞག་པར་

བྱ། །དེ་ཡི་ལག་པ་གཡོན་པ་ཡིས། །ལག་གཡས་མཐེ་བོང་བཟུང་ནས་ནི། །དེ་ནས་མར་གྱིས་བཀང་བ་ཡི། །དགང་གཟར་གྱིས་ནི་བསྐོར་བར་བྱ། །རང་གི་ལྷ་ཡི་སྔགས་ཀྱིས་ནི། །དགང་བླུགས་བརྒྱ་ནི་དབུལ་བར་བྱ། །ཞོ་དང་ཏིལ་དང་བསྲེས་པ་ཡིས། །
དེ་བཞིན་དགང་བླུགས་བརྒྱ་བྱས་ན། །སྡིག་པ་རྣམས་ནི་འཇིག་པར་འགྱུར། །ཚེ་འཕེལ་ཕྱིར་ནི་དཱུར་བ་དང་། །ཁྱིམ་རྒྱས་ཕྱིར་ནི་འབྲས་ཀྱིས་བྱ། །ཞོ་དང་འབྲས་ཀྱི་སྦྱིན་སྲེག་དབུལ། །ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱིས། །བཟླས་པའི་སྲུང་སྐུད་ལག་པར་གདགས། །གསང་མཐར་ཞི་བའི་
རིག་པ་ཡིས། །དེ་ཡི་སྙིང་གར་བྱུག་པར་བྱ། །སློབ་མ་གུས་ཤིང་མགོ་བཏུད་ནས། །ཤེས་ནས་བླ་མས་ཡོན་བླང་ངོ་། །སློབ་མས་ཀྱང་ནི་གུས་པ་ཡིས། །བླ་མ་འབད་དེ་མཉེས་བྱས་ཏེ། །སློབ་དཔོན་ཡོངས་སུ་མཉེས་པ་ཡིས། །ལས་རྣམས་འགྲུབ་པར་རབ་ཏུ་འབྱུང་། །དེ་ནས་
བླ་མ་བདག་ཉིད་ཀྱིས། །མེ་ལ་ཇི་སྐད་གསུངས་བཞིན་བྱ། །མཆོད་ཅིང་བསྐོར་བ་བྱས་ནས་ནི། །ལྷ་རྣམས་ལ་ནི་ཕྱག་བྱས་ནས། །རང་གནས་སོང་ནས་སློབ་མ་ཡིས། །དགེ་འདུན་རྣམས་ལ་མཆོད་ཡོན་འབུལ། །དེ་ནས་བླ་མ་ལྷ་དང་ནི། །སྐུ་ཡི་གཟུགས་བརྙན་བརྟན་པོར་བྱ། །རྡོ་རྗེ་
ཁུ་ཚུར་གཉིས་བཅིངས་ནས། །གོ་ཆ་གྱོན་པའི་ཚུལ་དུ་བྱ། །དེ་ཉིད་རྡོ་རྗེ་བསྐོར་ཚུལ་གྱིས། །སྟེང་དང་འོག་གི་བར་གྱི་ཆའི། །ལུས་ལ་ལན་གསུམ་དཀྲི་བྱ་ཞིང་། །བདུད་རྩི་འཁྱིལ་པ་བཟླས་པར་བྱ། །དར་དཔྱངས་བཅིང་བའི་ཚུལ་ལས་ནི། །རྣམ་པར་བསྒྱིངས་པར་མཐའ་ནས་
དགྲོལ། །དར་དཔྱངས་ཐ་མ་བཅིངས་ནས་ནི། །རྟིང་པ་བསམས་པས་བསྟན་པར་བྱ། །དེ་ཡི་ཉིན་པར་ཅི་ནུས་པར། །དགའ་སྟོན་རྣམས་ནི་ཅི་ནུས་བྱ། །གླུ་དང་གར་དང་རོལ་མོ་དང་། །རྣམ་པར་གནས་པས་གནས་པར་བྱ། །ཨོཾ་བཛྲ་རཏྣ་ཏྲཱཾ། ཞེས་ཡོ་བྱད་ལྷག་མའི་སྔགས་རྣམས་
དང་། །ཕྱག་རྒྱ་དང་རིགས་རྗེས་མཐུན་པར། །བློ་ལྡན་རྒྱུད་ལ་མཁས་པ་ཡི། །སློབ་དཔོན་གྱིས་ནི་སྦྱང་བར་བྱ། །གང་ཞིག་རྒྱུད་འདི་མ་བསྒོམས་པས། །དེ་ཉིད་ཀུན་རྫོབ་འདོད་མིན་ཏེ། །དེ་ལ་རྗེས་སུ་བརྩེ་བའི་ཕྱིར། །ཆོ་ག་སྔ་མ་རྗེས་སུ་སྦྱར། །ལྷག་པར་གནས་པ་

ཐམས་ཅད་ནི། །ཕྱི་དྲོའི་དུས་སུ་བྱ་བར་བཤད། །ཐུགས་རྗེའི་བདག་ཉིད་ནང་པར་ནི། །སྤྱན་དབྱེ་བ་ནི་བྱའོ་ཟེར། །འདི་ནི་ཁྱད་པར་འདི་ཉིད་དེ། །གཤེགས་གསོལ་བཅས་ཀུན་སྔར་བཤད་དོ། །ནང་པར་ཡང་ནི་སྔར་བཤད་པའི། །བྱ་བ་དེ་ཉིད་ཐམས་ཅད་བྱ། །ཆོ་ག་དེ་ལྟར་བསྟན་པ་
རྣམས། །བྱས་ནས་ལྷ་ནི་ལེགས་བཞག་པའི། །དཀྱིལ་འཁོར་ཆེན་པོ་བཀོད་པ་ནི། །རྒྱུད་རྣམས་རྒྱལ་བས་འདི་གསུངས་སོ། །འདི་ཉིད་འཚོལ་བར་བྱེད་པ་ལ། །རྟག་ཏུ་བདག་གི་བླ་མས་བཤད། །ཐུགས་རྗེ་ཆེན་པོ་རྒྱུད་ཀུན་དུ། །ཆོ་ག་འདི་དེ་བསྟན་པ་ནི། །སློབ་མས་གོ་
བར་བྱ་ཕྱིར་གྱིས། །རབ་གནས་ཡི་གེ་ཡོངས་མ་ཡིན། །རང་གི་ལུས་སམ་རས་རིས་སོགས། །སྤྱན་དྲངས་ཆོ་ག་ལ་སོགས་འདིས། །སངས་རྒྱས་དེ་ཡི་རིགས་སོགས་དང་། །མངག་གཞུག་ལ་སོགས་གཤེགས་མི་གསོལ། །སྲིད་པའི་མཐར་ཐུག་བར་དུ་ནི། །དེ་
ཉིད་རབ་ཏུ་གནས་པར་བྱ། །བསོད་ནམས་འདིས་ནི་འགྲོ་ཀུན་ཡང་། །ཡང་དག་བྱང་ཆུབ་གནས་པར་ཤོག །བདག་དང་འགྲོ་བའི་བསམ་པ་རྣམས། །རྫོགས་བྱེད་འཇམ་དབྱངས་ཉིད་གྱུར་ཅིག །སྤྱན་དབྱེ་བའི་ཆོ་ག་སློབ་དཔོན་པྲཛྙཱ་བ་ལི་ཏས་མཛད་པ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷིཿ། བོད་སྐད་དུ། རབ་ཏུ་གནས་པའི་ཆོ་ག །བཅོམ་ལྡན་འདས་འཇམ་དཔལ་གཞོན་
ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཉེས་པ་ཀུན་དང་རྣམ་བྲལ་ཞིང་། །སེམས་ཅན་ཀུན་ལ་ཕན་བཞེད་པ། །རྟག་ཏུ་དངོས་པོ་ཀུན་རྟག་འགྱུར། །རྡོ་རྗེ་སེམས་ལ་ཕྱག་འཚལ་ནས། །ཇི་ལྟར་སྐུ་གཟུགས་ལ་སོགས་ཀྱི། །རབ་གནས་རྒྱས་པར་བཤད་པར་བྱ། །རྡོར་འཛིན་
ཆེན་པོར་དབང་བསྐུར་བའི། །སློབ་དཔོན་མཚན་ཉིད་ཀུན་ལྡན་པས། །རིགས་ལྔའི་རབ་གནས་བྱའོ་ཞེས། །རྡོ་རྗེ་འཛིན་པས་གསུངས་པས་ན། །དེ་ལ་སློབ་དཔོན་མཚན་ཉིད་ནི། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་

བ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དེ་དག་དང་ལྡན་སློབ་དཔོན་ཏེ། །དེ་ལ་དེ་ཉིད་བཅུ་པོ་ནི། །དཀྱིལ་འཁོར་དང་ནི་ཏིང་འཛིན་མཆོག །ཕྱག་རྒྱ་སྟང་སྟབས་དག་དང་ནི། །བཟླས་བརྗོད་སྦྱིན་སྲེག་དེ་ཉིད་མཆོད། །
ལས་དང་སྦྱོར་བ་ཉེར་བསྡུ་བ། །དེ་ཉིད་བཅུ་ཞེས་ཡོངས་སུ་གྲགས། །དེ་ལ་དང་པོར་རེ་ཞིག་སྔགས་པ་བློ་དང་ལྡན་པ་རྣམས་ཀྱིས། ཚེས་གྲངས་དང་། སྐར་མ་དང་། གཟའ་དང་ཉི་མ་བཟང་པོ་ཡོངས་སུ་ཤེས་པར་བྱས་ལ། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་
སོགས་པས་གནས་བརྒྱན་པར་བྱ་ཞིང་། བའི་རྣམ་ལྔ་ལ་སོགས་པ་ལ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པས། གནས་དང་དཀྱིལ་འཁོར་ཉེ་བར་བྱུག་པར་བྱའོ། །ཨོཾ་བཛྲ་ཡཀྵ་ཧཱུྃ། དེའི་འོག་ཏུ་རང་ཉིད་ཆུ་དང་དྲི་ལ་སོགས་པས་ཁྲུས་ལེགས་པར་བྱས་ལ། རྒྱན་བཏགས་
ཏེ་ཆོ་ག་ཐམས་ཅད་ཡོངས་སུ་སྤྱད་པར་བྱ་བ་སྟེ། དེ་ལ་དང་པོར་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་གཞོམ་པ་ལ་སོགས་པ་དང་གཞལ་ཡས་ཁང་དང་གདན་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ལ། །འདི་ལྟར་ཡིད་ལ་འཐད་པའི་ཁྲུས་སའི་སྟེགས་བུ་བརྩིག་པར་བྱ་བ་ནི། ཟུར་བཞི་པ་ལ་གྲུ་
བཞི་པའམ། །ཁྲུ་གང་ཙམ་གྱི་ཚད་ཙམ་ནི། །མེད་ན་ལེགས་པར་བྲི་བར་བྱ། །དེ་ལྟར་ཕྱོགས་དང་མཚམས་སུ་མཚན་མ་བྲིས་པའི་བུམ་པ་བརྒྱད་གཞག་པར་བྱ་སྟེ། རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་མེ་ཏོག་ལ་སོགས་པ་བྲིས་ལ། ཕྱོགས་དང་མཚམས་སུ་གཞག་པར་བྱ་ཞིང་། དབུས་སུ་
ནི་རྣམ་པར་རྒྱལ་བའི་བུམ་པ་རིགས་ལྔའི་མཚན་མས་མཚན་པ་བཞག་ལ། དེ་དག་གི་ནང་དུ་འབྲུ་ལྔ་དང་། སྨན་དང་རིན་པོ་ཆེ་བཅུག་ལ། །དྲི་དང་སྦྱར་བའི་ཆུས་བཀང་སྟེ། །གོས་ཀྱིས་མགུལ་པ་དཀྲི་བ་དང་། །འདབ་མ་དྲི་ཞིམ་པོས་ཁ་བརྒྱན་པ་དང་། གདུགས་དང་། རྒྱལ་མཚན་
དང་། བ་དན་ལ་སོགས་པས་མཚན་པར་བྱའོ། །དེའི་རྗེས་ལ་གོས་དང་དྲིལ་བུ་སོགས་པས་བསྐོར་བའི་ཁྲུས་ཀྱི་ཁང་པར་རྡོ་རྗེ་སློབ་དཔོན་གྱིས་ལྷ་རྣམས་ཁྲུས་གསོལ་བར་བྱ་སྟེ། ལུགས་མ་ལས་གཞན་པ་རི་མོ་དང་གླེགས་བམ་ལ་སོགས་པ་ལ་ནི་མེ་ལོང་ངམ། དེ་བཞིན་

གཤེགས་པའི་སྐུ་གདུང་ལ་སོགས་པ་ལ། དེའི་ནང་དུ་ཏིང་ངེ་འཛིན་གྱིས་བཀུག་པ་ལ་བཀྲུ་བར་བྱའོ། །དེ་ནས་དམ་ཚིག་སེམས་དཔའ་ལ། །ཡེ་ཤེས་སེམས་དཔའ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་དང་ཕྱག་རྒྱས་དགུག་པ་ལ་སོགས་པ་བྱའོ། །དེ་ནས་ཨོཾ་ཨཱཿ
ཧཱུྃ་ཞེས་བྱ་བའི་ཡི་གེ་གསུམ་མམ། ལྷ་དེའི་ས་བོན་གྱི་ཡི་གེ་རྣམ་པར་དགོད་ཅིང་བསམ་པར་བྱའོ། །དེ་ནས་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ལ། སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བྱ་བས་འདིར་སྦྱང་བ་ལ་སོགས་པ་བྱ་སྟེ། དེའི་རྗེས་ལ་ཀུན་རྫོབ་ཀྱི་ལྷ་དེ་
དང་པོར་དར་རམ་རས་དཀར་པོ་གཙང་མལ་ག་པུར་གྱིས་བསྒོས་པ་བླང་བར་བྱའོ། །དེ་ནས་དེ་བཀྲུ་བའི་འདག་ཆལ་དང་། ཡོ་བྱད་རྣམས་ནི་འདི་དག་སྟེ། །སུག་པ་དང་ནི་སྲན་ཕྱེ་དང་། །ཀུ་ཤ་བ་ཡི་རྣམ་ལྔ་དང་། །དེ་ལྟར་སོ་ཕག་ལ་སོགས་པས། །ཁྲུས་ནི་བྱ་བར་གསུངས་པ་སྟེ། །
ཡུངས་ཀར་དང་ནི་མེ་དག་གིས། །སེམས་ཅན་ཀུན་ལ་ཕན་བདེ་བའོ། །སྦྱང་བ་ལ་སོགས་རྣམས་བྱ་ཞིང་། །རྒྱལ་འགྱུར་བཀྲ་ཤིས་ཚིགས་བཅད་གདོན། །ཡང་དང་ཡང་དུ་བསྟོད་བྱ་ཞིང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །ངོ་མཚར་གྱུར་པའི་རོལ་མོའང་བྱ། །ལས་ཀུན་བྱེད་
དང་རིགས་སྙིང་དང་། །རང་གི་རིགས་བདག་གསང་སྔགས་ནི། །ཡོངས་བཟླས་སྔར་བཤད་བུམ་པའི་ཆུས། །མཁས་པས་ལྷ་རྣམས་ཁྲུས་གསོལ་ལོ། །དེ་ནས་གཙང་བ་མི་ཡིས་ནི། །ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །བཟླས་བྱས་སྟན་ནི་བཟང་པོ་ལ། །
རིགས་པ་རང་གནས་བཞུགས་སུ་གསོལ། །དེ་ནས་རིགས་ཀྱི་བདག་པོའི་གསང་སྔགས་དང་། དེ་བཞིན་དུ་རིགས་ཀྱི་རིག་པ་ཡོངས་སུ་བཟླས་ནས་བཞུགས་སུ་གསོལ་ནས། སྔགས་པས་ཡང་རང་གི་གསང་སྔགས་དང་། །བསྐྱེད་པའི་རིམ་པས་དེ་རང་གི་གནས་སུ་
སྤྲུལ་ལ་སྒོ་དབྱེ་བ་བྱས་ཏེ། རྡོ་རྗེ་བསྡུ་བ་བྱའོ། །ཨོཾ་བཛྲ་ས་མཱ་ཡ་ཛཿཛཿཛཿདེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། ཕྱག་རྒྱ་བསྟན་ནས། གསང་སྔགས་མངོན་པར་བྱ་སྟེ། ཨོཾ་བཛྲ་སཏྭ་ཧཱུྃ། རིགས་ཀྱི་བདག་པོའི་སྙིང་པོའོ། །ཨོཾ་བྷ་ག་ཝ་ཏི་རུ་རུ་སྥུ་རུ་ཛྭ་ལ་

ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ། ཞེས་བྱ་བ་ནི་རིགས་ཀྱི་ཡུམ་གྱི་རིག་པའོ། །ཨོཾ་ཛི་ན་ཛིཀ་སྭཱ་ཧཱ། ཞེས་པ་ནི་རིགས་ཀྱི་སྙིང་པོའོ། །དེ་བཞིན་དུ། ཨོཾ་ཤཾ་ཀ་རེ་ཤཱནྟིཾ་ཀ་རེ་གྷུ་ཊ་གྷུ་ཊི་ནི་གྷཱ་ཊ་ཡ་གྷཱ་ཊ་ཡ་གྷུ་ཊི་ནི་སྭཱ་ཧཱ། ཨོཾ་བཛྲ་དྷྲྀཀ་སྭཱ་ཧཱ། ཨོཾ་
ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ་ཀ་ཊེ་ཀ་རོ་ཊ་བིརྱེ་སྭཱ་ཧཱ། ཨོཾ་ཨཱ་རོ་ལྀ་ཀ་སྭཱ་ཧཱ། ཨོཾ་རཏྣ་དྷྲྀཀ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་པྲཛྙཱ་དྷྲྀཀ་ཅེས་བྱ་བ་ནི། རིམ་པ་ཇི་ལྟ་བ་བཞིན་དུ་རིགས་སོ། །སོ་སོའི་རིག་པ་དང་སྙིང་པོའོ། །དེ་ནས་ཅོད་པན་དང་དར་དཔྱངས་བཅིང་བ་དང་། གོ་ཆ་
བསྐོན་པ་ལ་སོགས་པ་བྱས་ལ། མེ་ཏོག་ལ་སོགས་པ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ། ཡོངས་སུ་བཟླས་པས་གུས་པས་ཕྱག་བྱས་ལ་མཆོད་ཡོན་ཕུལ་ཏེ། ལྷག་པར་གནས་པར་བྱའོ། །དེ་ནས་ཕྱིར་རོལ་དུ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱ་སྟེ། དང་
པོར་བགེགས་ཞི་བར་བྱ་བའི་སྦྱིན་སྲེག་བྱའོ། །ཚིམ་པར་བྱ་བའི་ཕྱིར་ནི། རང་གི་སྔགས་ཀྱིས་སོ། །དགོངས་པར་བྱ་བའི་ཕྱིར་ནི་རིགས་ཀྱི་སྔགས་ཀྱིས་སོ། །འབྱོར་པར་བྱ་བའི་དོན་དུ་ནི་རིགས་ཀྱི་བདག་པོའི་སྙིང་པོས་བྱའོ། །དེ་ལྟར་སྦྱིན་སྲེག་བྱས་ནས།
ལྷག་པར་གནས་པར་བྱས་ལ། དེ་ནས་མཆོད་པ་སྣ་ཚོགས་ཀྱིས་མཆོད་ལ། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་གསོལ་བ་གདབ་སྟེ། གཤེགས་སུ་གསོལ་བར་བྱ་བའི་ཕྱིར་འདིས་བསྐུལ་བར་བྱའོ། །ཨོཾ་ཁྱེད་ཀྱིས་འགྲོ་བའི་དོན་ཀུན་མཛད། །དངོས་གྲུབ་ཚུལ་བཞིན་
སྩལ་ལགས་ཀྱིས། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་གཤེགས་པར་མཛད་དུ་གསོལ། །དེ་ནས་བསྲུང་བའི་ཕྱིར་ཡི་གེ་བརྒྱ་པ་ལན་བདུན་བཟླས་པར་བྱའོ། །དེ་ནས་དེ་ཉིད་དུ་ཀུ་ཤ་བཏིང་ལ་ཉལ་བར་བྱ། དེ་ནས་མལ་ནས་ལངས་པ་དང་། བའི་རྣམ་པ་
ལྔ་དང་། སྤོས་ཆུས་ལུས་ཀུན་དང་གནས་ཀུན་བྱུགས་ལ། ལྷའི་རྣལ་འབྱོར་བྱས་ལ། བགེགས་བསྐྲད་པ་ལ་སོགས་པ་བྱའོ། །དེ་ནས་གཞལ་ཡས་ཁང་དང་། རྟེན་ལ་སོགས་པ་བསམས་ལ། དེའི་འོག་ཏུ་ཟངས་མའི་སྣོད་ལ་སོགས་པར་མཆོད་པ་ལ་སོགས་བཤམས་

ཏེ་སྔགས་ཀྱིས་གདབ་པོ། །དེ་ནས་ལྷ་རྣམས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་བསྒྲུབ་པར་བྱའོ། །སྤྱན་དྲངས་ནས་མཆོད་པ་དང་ཞབས་བསིལ་ལ་སོགས་པ་ཕུལ་ཏེ། སྔར་བཤད་པའི་རིགས་ཀྱི་སྦྱང་བ་བྱས་ལ། དེའི་འོག་ཏུ་དཱུར་བའི་པིར་
དང་། ཏིལ་མར་གྱི་སྦྱང་བ་བྱས་ཏེ། དེའི་སྔགས་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། དབང་བསྐུར་བའི་ཆོ་གས་ཁྲུས་ཀྱང་གསོལ་བར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་བ། །དེ་བཞིན་བདག་གིས་ལྷ་ཡི་ཆུས། །དད་པས་
ཁྲུས་ནི་གསོལ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། དེ་ནས་ན་བཟའ་དབུལ་བར་བྱ་སྟེ། ཨོཾ་བཛྲ་བྷ་ཥ་ནེ་སྭཱ་ཧཱ། དེ་ནས་རྒྱན་ལ་སོགས་པ་ཐམས་ཅད་རང་རང་གི་སྔགས། ཨོཾ་བཛྲ་མུ་ཀུ་ཊ་སྭཱ་ཧཱ། ཞེས་པ་ལ་སོགས་པས་དབུལ་བར་བྱའོ། །དེའི་འོག་ཏུ་
དབང་བསྐུར་བར་བྱ་སྟེ། མཐེ་བོང་གཉིས་ནི་བསྣོལ་བྱས་ལ། །མཛུབ་མོ་རྩེ་མོ་བཀུག་ནས་ནི། །གུང་མོ་བསྙམས་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཨོཾ་བྷུ་ཁཾ་ཞེས་བྱ་བ་དང་། ཨ་བྷི་ཥིཉྩ་སྭ་མཱཾ་ཞེས་པ་དང་། དེ་བཞིན་དུ་ཨོཾ་བཛྲ་སཏྭ་ཧཱུྃ། བཛྲ་རཏྣ་
ཏྲཱཾ། བཛྲ་དྷརྨ་ཧྲཱིཿ། བཛྲ་ཀརྨ་ཨཿ། ཞེས་བྱ་བ་ཐམས་ཅད་ལ་ཨ་བྷི་ཥིཉྩ་སྭ་མཱཾ་ཞེས་བྱས་ལ། སོ་སོའི་ཕྱག་རྒྱ་དང་ལྡན་པས་གནས་ཇི་ལྟ་བ་བཞིན་དུ་དབང་བསྐུར་རོ། །དེ་ནས་ཨོཾ་ཧཱུྃ། ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་གནས་ཇི་ལྟ་བ་བཞིན་དུ་བསྲུང་བ་དང་། དར་དཔྱངས་དང་
ཅོད་པན་གྱི་དབང་བསྐུར་བ་ལ་གནས་པར་བྱའོ། །དེ་ནས་མཉམ་པའི་ཐལ་མོས་མཉེས་པར་བྱ་སྟེ། ཨོཾ་བཛྲ་ཏུ་ཥྱེ་ཧོ། །དེ་ནས་སྒེག་མོ་ལ་སོགས་པས་མཆོད་པར་བྱའོ། །དེའི་རྗེས་སུ་སྔགས་འདིས་གསེར་རམ་རིན་པོ་ཆེའི་ཐུར་མ་ལ་མིག་སྨན་བསྐུས་ལ་མིག་དབྱེ་བར་བྱའོ། །
ཨོཾ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནེ་སྭཱ་ཧཱ། དེ་ནས་བཤོས་ལ་ནི། ཨོཾ་དི་བྱ་ཨིནྣི་ས་མཱ་དྷི་དྷྱཱ་ནཱཾ་ཎ་ནཻ་སྭཱ་ཧཱ། ཞེས་པའོ། །དེ་ནས་མེ་ལོང་དང་། འཁོར་ལོ་དང་། རིན་པོ་ཆེ་བདུན་དང་། རལ་གྲི་དང་། གདན་དང་། ཞལ་ཟས་དང་། སྣ་ཚོགས་པ་ལ་མཆོད་པའི་སྔགས་ཀྱིས་

མངོན་པར་མཆོད་དེ། གོང་དུ་གསུངས་པའི་བུམ་པ་རྣམས་བུ་མོ་མཛེས་པ་གཞོན་ནུ་མ་བརྒྱད་དམ་གཅིག་གིས་མཆོད་པར་བྱའོ། །དེ་ནས་ལ་ལར་སློབ་མ་དག་གནས་པ་ན་ཡོངས་སུ་གཟུང་བའི་ཆོ་གས། སློབ་མ་བསྙེན་པ་རིམ་པ་བཞིན་དུ་དབང་
བསྐུར་ལ། མཆོད་པ་གྱིས་ཞེས་བྱའོ། །དེའི་རྗེས་ལ་ཡང་སྲེག་བླུགས་འབུམ་དུ་ཚང་བའམ། ཡང་ན་བརྒྱ་རྩ་བརྒྱད་དུ་བྱའོ། །དེ་ལ་དཀྱིལ་འཁོར་གྱི་ལྷ་ལ་ནི་དཀྱིལ་འཁོར་བྲི་བར་བྱའོ། །གཅིག་ལ་སོགས་པ་རྣམས་ལ་ནི་སངས་རྒྱས་ཐམས་ཅད་པའི་ཡུམ་གྱི་དཀྱིལ་
འཁོར་བྲིས་ལ་བྱའོ། །དེ་བཞིན་དུ་གཙུག་ལག་ཁང་དང་། སྐུ་གདུང་དང་གླེགས་བམ་ཐམས་ཅད་ལ་ཡང་སངས་རྒྱས་ཐམས་ཅད་པའི་ཡུམ་གྱི་དཀྱིལ་འཁོར་བྱ་བ་སྟེ། དེ་ཡང་མཆོག་ཏུ་གསང་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས། དཀྱིལ་འཁོར་ལ་ནི་དཀྱིལ་
འཁོར་ཏེ། །དེ་ཡི་བསྡུས་པ་དེ་ཉིད་དོ། །གཞན་དུ་རབ་གནས་ཐམས་ཅད་ལ། །སངས་རྒྱས་ཀུན་ཡུམ་དཀྱིལ་འཁོར་བྲི། །ཞེས་གསུངས་པའི་ཕྱིར་ཏེ། དེ་ལ་སངས་རྒྱས་ཀུན་གྱི་ཡུམ་གྱི་དཀྱིལ་འཁོར་ནི། རིགས་ལྔའི་ལྷ་མོ་དང་། རིགས་ལྔའི་བདེ་བར་གཤེགས་
པ་ལྔ་དང་། སྒོ་བ་དང་ཕྱོགས་སྐྱོང་དུ་བཅས་པའོ། །གཙུག་ལག་ཁང་ལ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་ཐམས་ཅད་ཀྱི་བཞུགས་གནས་ཏིང་ངེ་འཛིན་སྣ་ཚོགས་ཀྱི་གཞལ་ཡས་ཁང་ཆོས་ཀྱི་དབྱིངས་ལྟར་ཡངས་པར་ཏིང་
ངེ་འཛིན་དང་སྔགས་འདིས་བསྐྱེད་དོ། །ཨོཾ་ཧཱུྃ་ཧྲཱིཿསུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཨོཾ་ཧཱུྃ་ཧྲཱིཿབྷྲཱུཾ་ཁཾ་བཛྲཱི་བྷ་བ་དྲྀ་ཌྷ་ཏིཥྛ་བྷྲཱུཾ་ཁཾ་ཞེས་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གནས་དེ་ལ་བུམ་པ་ལྔའམ། བཅུ་དྲུག་ལ་སོགས་པའི་ནང་སྤོས་ཆུས་ཡོངས་སུ་གང་
བ་དག་ལ་མངོན་པར་བསྔགས་པས་བསང་གཏོར་བྱའོ། །དེའི་སྔགས་ནི། ཨོཾ་བཛྲོ་ད་ཀ་སརྦ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། དེའི་རྗེས་ལ་གོང་མའི་སྔགས་དང་ཏིང་ངེ་འཛིན་གྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ངོ་བོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་

དབྱིངས་སུ་གྱུར་པ་ཁང་པ་བརྩེགས་པ་ཆེན་པོ་འོག་མིན་ནས་བཀུག་སྟེ། ངོ་བོ་ཉིད་གཅིག་པར་རབ་ཏུ་གནས་པར་བྱའོ། །དེ་ནས་ཡང་མཆོད་པའི་ཚོགས་བྱས་ལ། གཙུག་ལག་ཁང་གི་སྲུང་མ་པཉྩི་ཀའམ། ནག་པོ་ཆེན་པོ་ལ་སོགས་པ་དགུག་པའམ། གཞུག་
པ་དང་། བཅིང་བ་དང་། དབང་དུ་བྱས་ནས། རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་བ་དང་ལྡན་པས་ལུང་བསྒོ་བར་བྱ་སྟེ། ཇི་སྲིད་གཙུག་ལག་ཁང་གནས་པ་དེ་སྲིད་ཀྱི་བར་དུ་ཁྱོད་ཀྱིས་སྲུངས་ཤིག །འཕགས་པའི་དགེ་འདུན་གྱི་བཀའ་ཡང་ཁྱོད་ཀྱིས་སྒྲུབས་ཤིག་ཅེས་
བསྒོས་ལ། མཆོད་པར་བྱ་བ་དང་། གཟུགས་བརྙན་གཞག་པར་བྱའོ། །དེ་བཞིན་དུ་འཕགས་པའི་མཆོད་རྟེན་ལ་རབ་ཏུ་གནས་པ་ཡང་། མཆོད་པ་ལེགས་པར་བྱ་ཞིང་བཀྲུས་ལ་ཡི་གེ་བྷྲཱུཾ་ལས་རྣམ་པར་སྣང་མཛད་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་
ཡོངས་སུ་གྱུར་པ་ལས་མཆོད་རྟེན་གྱི་གཟུགས་སུ་བསྐྱེད་ཅིང་། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུར་བསམ་པར་བྱ་སྟེ། ཁྲུས་དང་བཀྲ་ཤིས་དང་བྱིན་གྱིས་བརླབ་པ་དང་། སྔགས་ལ་སོགས་པ་ཆོ་ག་ཐམས་ཅད་ནི་གོང་དུ་གསུངས་པ་དང་མཐུན་པར་བྱ་
བ་ཉིད་དོ། །དམ་པའི་ཆོས་ཀྱི་གླེགས་བམ་རབ་ཏུ་གནས་པར་བྱ་བ་ནི། ལྷག་པར་གནས་པ་ལ་སོགས་པ་སྔ་མ་བཞིན་དུ་བྱས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེའི་རྣམ་པར་ཡོངས་སུ་གྱུར་ནས། ཀུན་རྫོབ་དང་དོན་དམ་པ་སྟོན་པར་བྱེད་པར་བསམས་ལ།
ཨོཾ་པྲཛྙཱ་སྲུ་ཏཾ་སྨྲྀ་ཏི་མ་ཏི་བི་ཛ་ཡེ་སྭ་ཧཱ། ཞེས་པ་དང་མདོ་སྡེ་ལ་ནི། ཨོཾ་སཱུ་ཏྲ་སེ་ན་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་པས་དེ་བཞིན་གཤེགས་པའི་གསུང་གི་ཡན་ལག་རྒྱ་མཚོའི་སྒྲ་ཐམས་ཅད་བཀུག་སྟེ་ཡི་གེ་རྣམས་ལ་བསྟིམས་ནས། དེ་ཉིད་ཀྱིས་སེམས་ཅན་རྣམས་ལ་ཆོས་
སྟོན་པར་རབ་ཏུ་གནས་པར་བྱའོ། །གསང་སྔགས་ཀྱི་རྒྱུད་ལ་ནི། རྡོ་རྗེ་ཆོས་ཡི་གེའི་གཟུགས་སུ་གྱུར་པས་སྔགས་ཀྱི་གཟུགས་ཀྱི་སྐུས་འཁོར་བ་ན་འགྲོ་བ་མ་ལུས་པའི་དོན་མཛད་པ་དང་། བྱིན་གྱིས་བརླབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་

འཆང་ཐམས་ཅད་ཀྱིས་ཀྱང་དེ་བཞིན་དུ་བྱིན་གྱིས་བརླབ་པར་བསམས་ཏེ། ཨོཾ་ཧཱུྃ་ཧྲཱིཿསརྦ་གུ་ཧྱ་དྷཱ་ཏུ་ཏ། ཞེས་པས་རབ་ཏུ་གནས་པར་བྱའོ། །ཁྲུས་ལ་སོགས་པ་ནི་སྔ་མ་བཞིན་ཏེ། གཙུག་ལག་ཁང་དང་། མཆོད་རྟེན་དང་། རས་རིས་དང་། གླེགས་བམ་
ལ་སོགས་པ་ནི། མེ་ལོང་ཉིད་ལ་བཀྲུའོ། །མཆོད་པ་དང་གཏོར་མའི་ཆོ་ག་ལ་སོགས་པ་ནི་སྔར་གསུངས་པ་ལས་ཤེས་པར་བྱའོ། །རྡོ་རྗེ་ལ་ནི་ཡོངས་སུ་དག་པར་ཁྲུས་ལ་སོགས་པ་བྱས་ལ། ལྟེ་བ་ལ་གནས་པའི་ཧཱུྃ་ལས། དེ་བཞིན་གཤེགས་པའི་རྡོ་རྗེ་བསྐྱེད་དེ། ཏིང་ངེ་འཛིན་
གྱིས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་ཐམས་ཅད་བཀུག་པ་དེ་རྣམས་ནམ་མཁའི་དཀྱིལ་དུ་པདྨ་དམར་པོ་འདབ་མ་བརྒྱད་པ་ལ་གསེར་གྱི་རྡོ་རྗེ་ཆེན་པོ་འོད་སྣ་ཚོགས་དང་ལྡན་པ་བསམས་ལ། དེ་ཉིད་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་བཀུག་པ་
ལ་སོགས་པ་བྱས་ལ། ངོ་བོ་ཉིད་གཅིག་པར་བསམས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་བཛྲ་ཧཱུྃ། ཞེས་པས་བྱིན་གྱིས་བརླབས་ལ་རབ་ཏུ་གནས་པར་བྱ་ཞིང་། དེའི་ལྟེ་བ་ལ་རྡོ་རྗེ་སེམས་དཔའ་བསམ་པར་བྱའོ། །དྲིལ་བུ་རབ་ཏུ་གནས་པར་བྱ་བ་ནི། དྲིལ་བུ་དེ་ཨ་དཀར་པོ་ལས་
དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསུང་ཆོས་ཀྱི་སྒྲ་ཆེན་པོར་བསྐྱེད་ལ། ཁྲུས་གསོལ་བ་བྱས་ནས། ཏིང་ངེ་འཛིན་གྱིས་མདུན་གྱི་ནམ་མཁའི་བར་སྣང་ལ། པདྨ་འདབ་མ་བརྒྱད་པའི་སྟེང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྗགས་པདྨ་ཆེན་པོ་ལས། གསུང་གི་
སྒྲ་རྒྱ་མཚོ་ཇི་སྙེད་པས་འགྲོ་བ་མ་ལུས་པ་ལ། དམ་པའི་ཆོས་སྟོན་པ་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་རིན་པོ་ཆེ་དབྱིག་གི་དྲིལ་བུ་རྡོ་རྗེ་དང་། པདྨ་མཉམ་པར་འདུས་པ་ལས་བྱུང་བའི་གཟུགས་ཁ་དོག་དམར་པོ་
འོད་སྣ་ཚོགས་དང་ལྡན་པ་བསམས་ཏེ། དེ་ཉིད་ལྕགས་ཀྱུ་ལ་སོགས་པས་དགུག་པ་ལ་སོགས་པ་བྱས་ནས་ངོ་བོ་ཉིད་གཅིག་པ་ལས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཛྭི་ཧྭ་ཨ། ཞེས་པས་བྱིན་གྱིས་བརླབ་ཅིང་། དེའི་ནང་དུ་ཨ་ལས་རྡོ་རྗེ་བསྲུང་བ་ཁ་དོག་དམར་པོ་

བསམ་པར་བྱའོ། །ཕྲེང་བ་རབ་ཏུ་གནས་པར་བྱ་བ་ནི། རྡོ་རྗེ་ལ་སོགས་པར་རིགས་ཇི་ལྟ་བུའི་རིམ་པ་ལས་ཤེས་པར་བྱ་ཞིང་། དེ་ཉིད་ཀྱང་བཀྲུ་བ་ལ་སོགས་པ་བྱས་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་ཕྲེང་བའི་མདོ་འཛིན་བསམས་ལ། རང་གི་ལྷའི་
སྙིང་པོ་གང་ཡིན་པ་དང་། ཆོས་ཀྱི་གཟུངས་ཆེན་པོའི་སྙིང་པོ། ཨོཾ་མ་ཧཱ་པདྨེ་དྷ་ར་ཎི་ཞེས་བྱ་བའི་སྙིང་པོར་བསྐྱེད་དེ། དེ་ནས་ཏིང་ངེ་འཛིན་གྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་མདུན་གྱི་ནམ་མཁར་བསམས་ལ། དེ་ཉིད་ལས་བསྲུང་བའི་སྙིང་པོ་ནི། རང་གི་
ལྷའི་སྙིང་པོའོ། །དེ་ལས་རང་གི་འདོད་པའི་ལྷར་བསམས་ནས། དེ་ཉིད་ཀྱི་བསྲུང་བའི་སྔགས་ཀྱི་ཡིག་འབྲུ་རྣམས་འོད་ཟེར་དང་བཅས་པ་བྱུང་བ་ལས། དགུག་པ་ལ་སོགས་པ་བྱས་ནས། སྙིང་པོ་དང་ཡི་གེ་འབྲུ་རྣམས་ཕྲེང་བ་གཞན་ལ་བསྟིམ། རང་གི་ལྷ་
ཉིད་ཆོས་ཀྱི་གཟུངས་ཆེན་པོར་འགྱུར་བ་ལས། མདོ་འཛིན་ལ་རབ་ཏུ་གནས་པར་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་བརྗེད་པའི་གཟུངས་སུ་གྱུར་ཅིག་ཅེས་བརྗོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་དྷརྨཱ་ཨ་མྲྀ་ཏེ་སུ་པྲ་ཏིཥྛ་བཛྲེ་ཧཱུྃ། ཞེས་པས་རབ་ཏུ་གནས་པར་
བྱའོ། །རྡོ་རྗེ་ལ་སོགས་པ་ལ་ནི་མཆོད་པ་དང་། བཀྲ་ཤིས་ལ་སོགས་པ་ནི་སྔ་མ་ཇི་ལྟ་བ་བཞིན་དུ་བྱ་ཞིང་། སྐུ་གཟུགས་ལ་སོགས་པ་ཐམས་ཅད་ལ་ནི། རབ་ཏུ་གནས་པ་མེད་པར་ནི་ཞག་འགའ་ཡང་གཞག་པར་མི་བྱ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས། གང་
དུ་སྐུ་གཟུགས་ཟིན་ནས་ནི། །ཡུན་རིངས་གནས་ཀྱང་མ་མཆོད་ན། །ཇི་སྲིད་རབ་ཏུ་མ་གནས་པར། །དེ་ལས་མི་ཤིས་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་མཁས་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱིས་བསོད་ནམས་ཐོབ་པར་བྱ་བའི་ཕྱིར་མྱུར་དུ་
རབ་ཏུ་གནས་པར་བྱ་བ་ཉིད་དོ། །དེ་ཡི་ཡོ་བྱད་འདི་དག་སྟེ། །གང་དུ་རྫས་ནི་ཉམས་པ་ལས། །རྡོ་རྗེ་སློབ་དཔོན་ཉམས་གྱུར་པས། །དེ་བས་རྫས་ལ་རབ་ཏུ་འབད། །དར་དང་རྣ་ཆ་གདུ་བུ་དང་། །སོར་གདུབ་རྣམས་ནི་གསེར་ལས་བྱས། །དེ་ཉིད་ཀྱི་ནི་གནས་ཀྱི་ཕྱིར། །

ནང་ཚངས་ཅན་སྟན་ཁྲི་དང་བཅས། །དེ་བཞིན་རྒྱབ་རྟེན་དག་དང་ནི། །གོས་བཟང་པོས་ནི་དགབ་པར་བྱ། །སྐུ་གཟུགས་ལ་སོགས་དང་པོར་ནི། །གདན་ནི་ཤིན་ཏུ་ཡིད་འོང་བ། །མངོན་སུམ་བྱའམ་བསམས་ནས་ནི། །དེ་སྟེང་བཞུགས་སུ་གསོལ་
བར་བྱ། །སྟེང་དུ་བླ་རེ་བྲེ་བྱ་ཞིང་། །སྣ་ཚོགས་གོས་ལ་སོགས་པས་བརྒྱན། །ས་གཞི་ལྷག་པར་གནས་བྱ་བར། །སྲད་བུ་ཐོད་ལེ་ཀོར་དང་བཅས། །དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར། །དཀར་དང་སེར་དང་དམར་དང་ལྗང་། །དེ་བཞིན་ནག་པོ་ལྔ་དང་ཡང་། །འདིར་
ནི་ཚོན་ནི་བསྡུ་བར་གསུངས། །དེ་ལ་སྣོད་ནི་གང་བ་བརྒྱད། །བཞིའམ་གང་ཡང་ཡིད་ཀྱིས་བརྟག །འབྲས་དཀར་གྱིས་ནི་བཀང་བ་ལ། །དབྱིག་དག་དང་ནི་བཅས་པར་བྱ། །བསང་གཏོར་མཆོད་ཡོན་སྣོད་ཉིད་དག །ཟངས་མ་ལས་བྱས་བུམ་པ་དང་། །སོ་ཤིང་
སོ་ཕག་དྲི་ཞིམ་དང་། །པིར་ནི་དྲི་མ་སྦྱོང་བྱེད་པ། །བ་གཅིན་ལྕི་བ་འོ་མ་དང་། །ཞོ་དང་མར་སར་ཀུ་ཤའི་ཆུན། །བ་ཡི་རྣམ་ལྔ་མཉམ་བསགས་ལ། །སྣོད་གཅིག་གི་ནི་ནང་དུ་གཞུག །ལྗང་དང་དམར་དང་དེ་བཞིན་སེར། །དཀར་དང་ནག་པོ་གཉིས་དག་སྟེ། སྲད་བུ་ལྔ་
ནི་བསྒྲིལ་བར་བྱ། །མདའ་བཞི་དག་དང་ཡང་དག་ལྡན། །ཏིལ་མར་དྲི་བཟངས་ཏིལ་མར་ཉིད། །སྐུ་གཟུགས་སྐུ་དང་མར་མེ་དག །བྱ་བའི་ཕྱིར་ནི་དབུལ་བྱ་ཞིང་། །མེ་ལོང་ཤིན་ཏུ་དྲི་མེད་བསགས། །སྐུ་གཟུགས་ལྷག་པར་གནས་པ་ལ། །རས་སེར་བཟང་
པོ་ཁ་ཚར་བཅས། །དྲི་མེད་རྣམ་པར་དག་པ་དང་། །ཨ་གར་ནག་པོས་ལེགས་བདུགས་པ། །སེར་དང་དམར་དང་ནག་དང་སྔོ། །དཀར་དང་མཁའ་འདྲ་སྔོ་བསངས་དང་། །དེ་བཞིན་དཀར་པོའི་བ་དན་རྣམས། །ཕྱོགས་མཚམས་བརྒྱད་དུ་གཟུགས་པར་བྱ། །
དཀྱིལ་འཁོར་ལྷ་ཡི་གྲངས་ལས་ནི། །བུམ་པ་ལྷག་པར་གནས་བྱའམ། །བཅུ་འམ་བརྒྱད་དམ་ལྔ་རྣམས་ནི། །འབྱོར་དང་འཚམ་པར་བསག་པར་བྱ། །གོས་བཟང་སྣ་ཚོགས་མདོག་ཅན་གྱིས། །བུམ་པའི་མགུལ་པ་དཀྲི་བར་བྱ། །གསེར་རམ་ཡང་ན་དངུལ་དག་

ནི། །དཀྱིལ་འཁོར་ཕྱོགས་སུ་གཞག་པར་བྱ། །བྲྀ་ཧད་ཀཎྜ་ཀ་རི་དང་། །ཀ་རི་ཀ་ནི་ཧ་ས་མཆོག །དཎྜ་ཨུཏྤལ་དཀར་པོ་སྟེ། །སྨན་རྣམས་ལྔ་པོ་བསགས་ནས་ནི། །བཏགས་ཏེ་མཉམ་པར་སྦྱར་བ་ཡི། སྨན་རྣམས་ཀུན་དང་ལྡན་པ་ལ། །དེ་བཞིན་གཤེགས་
སྔགས་བཟླས་ནས་ནི། །བུམ་པ་རྣམས་སུའང་གཞུག་པར་བྱ། །རྡོ་རྗེ་མཐོན་ཀ་བཻ་ཌཱུརྱ། །པདྨ་རཱ་ག་རྡོ་རྗེ་སྟེ། །འདི་དག་རིན་ཆེན་མཆོག་གྱུར་ཡིན། །མེད་ན་ཐ་མལ་པ་ཡིས་བྱ། །ཨ་མུ་བིལ་བ་སེའུ་སྟར་ག་དང་། །གླ་གོར་ཞོ་ཤ་ཛཱ་ཏི་དང་། །དེ་ལ་སོགས་པ་གཞན་
རྣམས་ནི། །སྣ་ཚོགས་སྨན་ནི་དབུལ་བར་བྱ། །འབྲས་ཡོས་བཟང་པོ་དག་དང་ནི། །ཡུངས་ཀར་བཟང་པོ་སོ་སོར་དབུལ། །ཞོ་མར་འོ་མ་སྦྲང་རྩི་དང་། །འོ་མ་ཅན་ཤིང་ཤིང་ལ་སོགས། །མེ་ཏོག་ལེ་བརྒན་རྩི་དག་དང་། །བག་ཟན་ལས་བྱས་སྣུམ་ཁུར་མཆོག །སྤྱན་འབྱེད་
ཀྱི་ནི་ཡོ་བྱད་དེ། །དེ་དག་སོ་སོར་དབུལ་བར་བྱ། །དེ་བཞིན་ཁྲུས་སའི་སྟེགས་བུར་ནི། །རིན་ཆེན་ལས་བྱས་ཁྲུས་གཞོང་དང་། །སོ་ཤིང་སོ་ཕག་ཕྱེ་མ་དང་། །ཕག་ཟེ་དཱུར་བའི་པིར་དག་དང་། །བ་ཡི་རྣམས་ལྔ་ཆ་མཉམ་དང་། །སྐྱུ་རུ་ལ་སོགས་འདག་ཆལ་ཆུ། །སྦྲང་རྩི་
དང་སྦྱར་མངར་གསུམ་ཆུ། །དྲི་དང་འོ་མའི་ཆུ་རྣམས་ནི། །བུམ་པ་རེ་རེ་དག་ཏུ་བྱ། །ཞལ་ལོང་སྐུ་ཕྱིས་རས་ཡུག་དང་། །གུ་གུལ་ལ་སོགས་སྤོས་རྣམས་དང་། །སེང་ལྡེང་ཕུར་བུ་སྔགས་གོས་དང་། །ཚོན་སྐུད་ལྔ་དང་འདབ་བཞི་དང་། །ཚོན་སྣ་ལྔ་ཡི་ཕྱེ་མ་དང་། །སྦྲང་
ཆུ་སུག་པ་སྤོས་ཆུ་དང་། །ཏིལ་མར་དང་ནི་སྲན་ཕྱེ་དང་། །འབྲས་ཆན་ཆང་བུ་གཉིས་དག་དང་། །ལྷ་ཡི་གྲངས་དང་རབ་སྦྱར་བའི། །གུར་གུམ་གྱིས་བྲིས་ལྷ་ཡི་མཚན། །བྲིས་ལ་བུམ་པ་གཞག་པར་བྱ། །གསེར་ལས་བྱས་པའི་སྤུ་གྲི་དང་། །དེ་བཞིན་སོ་མངས་སྨད་ཚེར་
དང་། །ཤེལ་སྒོང་དྲིས་བསྒོས་རྣ་ཆ་དང་། །གསེར་ལས་བྱས་པའི་ཐུར་མ་དང་། །གསེར་གྱི་འཁོར་ལོ་དར་དཔྱངས་དང་། །གདུགས་དང་རྔ་མ་མཆོད་པའི་ཚོགས། །སེང་གེའི་ཁྲི་དང་ཀུ་ཤ་དང་། །དེ་བཞིན་ཡོ་བྱད་ལྡན་པ་ཡིས། །རབ་ཏུ་གནས་བྱས་ཤིས་པར་འགྱུར། །རྡོ་རྗེ་

སློབ་དཔོན་གང་ཞིག་ལ། །མཚན་མི་ཤེས་པའི་ལྷ་རྣམས་ནི། །རབ་ཏུ་གནས་པར་བྱེད་པ་ནི། །ཐེ་ཚོམ་གྱུར་པས་གཞག་བྱ་མིན། །དེ་བཞིན་གཤེགས་ཀུན་སངས་རྒྱས་ཀྱི། །ཐུགས་ཀྱི་ངོ་བོ་རྡོ་རྗེ་སེམས། །ཡིན་པས་གསལ་བར་མི་འགྱུར་བས། །རྡོ་རྗེ་སེམས་
དཔའ་རབ་གནས་བྱའོ། །དེ་བཞིན་གཤེགས་ཀུན་རབ་གནས་པའི། །ཆོ་ག་དྲི་མེད་བྱས་པ་ལས། །བསོད་ནམས་ཅུང་ཟད་གང་ཐོབ་དེས། །འགྲོ་བའི་ཉེས་ཀུན་དག་གྱུར་ཅིག །རབ་ཏུ་གནས་པའི་ཆོ་ག་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང་། ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཀཱ་རུ་ཎོ་ད་ཡ་ནཱ་མ་བྷཱ་བ་ཛ་བ་བི་དྷིཿ། བོད་སྐད་དུ། ཐུགས་རྗེ་འབྱུང་བ་ཞེས་བྱ་བ་བསྒོམ་པ་དང་བཟླས་པའི་
ཆོ་ག །བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་བསྒོམ་དང་བཟླས་པའི་ལམ་ནི་རྡོ་རྗེ་སློབ་དཔོན་དག་གིས་རབ་མཛད་པའི། བསྟན་བཅོས་ཤིན་ཏུ་ཟབ་དང་བཅས་ཕྱིར་ཐུབ་པའི་གསུང་བཞིན་དེ་ཉིད་མི་རྟོགས་ཏེ། །རང་བློའི་རྣམ་པར་རོལ་པས་
མི་གསལ་དཔེ་དང་ཐེག་པ་གཞན་རྣམས་དང་ནི་གཅིག་བྱེད་པ། །སློབ་མའི་ཚོགས་གཉིས་དག་གིས་བྱིན་བརླབས་ཐེག་པ་ལ་ནི་ཆེན་པོར་འཛིན་མི་བྱེད། །ཆོས་རྣམས་ཡང་དག་སྟོན་ཅིང་ཆོ་ག་མ་ལུས་འཆད་པ་འགལ་མེད་ལ། །སེར་སྣས་བྱང་ཆུབ་འཇིག་ཅིང་མ་བཤད་ཡུལ་ནི་ཡེ་ཤེས་
དག་ལས་ཉམས་འགྱུར་ཕྱིར། །སྙིང་རྗེས་བྱམས་ཆོས་སློབ་དཔོན་ཡེ་ཤེས་རྡོ་རྗེ་གཞན་ཡང་པད་དཀར་ཞེས་བྱ་བས། །བྱིས་པ་ལེགས་རྟོགས་ཚིག་གིས་སྐུ་དང་ཕྱག་རྒྱ་སྔགས་རྣམས་ཆོ་ག་བཞིན་བཤད་བྱ། །དེ་ལ་དང་པོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་
བསྡུས་པ་ལ་སོགས་པའི་དཀྱིལ་འཁོར་ཆེན་པོ་དང་། གཟུངས་ཀྱི་དཀྱིལ་འཁོར་དང་ཆོས་ཀྱི་དཀྱིལ་འཁོར་དང་། ལས་ཀྱི་དཀྱིལ་འཁོར་རྣམས་སུ་དབང་བསྐུར་བ་ཐོབ་པ། དཔལ་རྣམ་པར་སྣང་མཛད་ཀྱི་གསང་སྔགས་གཟུང་བ་དང་། རིག་པའི་དབང་བསྐུར་བ་དང་། མཉན་པའི་དབང་

བསྐུར་བ་དང་། རྗེས་སུ་གནང་བའི་དབང་བསྐུར་བ་དང་། སློབ་དཔོན་གྱི་དབང་བསྐུར་བ་དང་། ལུང་བསྟན་པའི་དབང་བསྐུར་བ་ཐོབ་ཅིང་། བསྒོམ་པ་དང་ཟློས་པར་འདོད་པས། དང་པོ་ཁོ་ནར་ཡིད་དུ་འོང་བའི་གནས་སྒྲའི་ཚེར་མ་ལ་སོགས་པ་དང་བྲལ་བར་སྟན་ཤིན་ཏུ་
འཇམ་པོ་ལ་འདུག་སྟེ། ཁ་ཤར་རམ་ནུབ་ཏུ་ལྟ་བའམ། ཇི་ལྟར་དགའ་བར་བལྟས་ཏེ། རྡོ་རྗེའི་སྐྱིལ་མོ་ཀྲུང་དང་། སྐྱིལ་མོ་ཀྲུང་ཕྱེད་པ་དང་། སེམས་དཔའི་སྐྱིལ་མོ་ཀྲུང་དང་། བཀྲ་ཤིས་ཀྱི་འདུག་སྟངས་དང་། བཟང་པོའི་འདུག་སྟངས་ཀྱིས་ཐལ་མོ་མཉམ་
པར་སྦྱར་བའི་ཟླ་བ་ཕྱེད་པས་ཀུན་དུ་བཟང་པོ་ཞེས་བྱ་བའི་སྟན་དེ་གང་ཡང་རུང་བས་འབད་པ་མེད་པར་ལག་པ་གཉིས་རྡོ་རྗེའི་བཅིང་བ་བྱས་ལ་ལུས་དྲང་པོར་བསྲང་སྟེ། མགྲིན་པ་བསྟོད་ལ་སོས་སོ་མནན་པ་སྤུ་རྩེ་ཙམ་གྱིས་སོའི་ཐད་ཀར་ལྕེ་རྡོ་རྗེ་ལྟར་མི་གཡོ་བར་བཞག་
ལ། ནགས་ཀྱི་རི་དྭགས་བག་ཕེབས་ནས་ཉལ་བ་ལྟར་མིག་ཅུང་ཟད་བཙུམས་ཏེ། མིག་གཉིས་སྣའི་རྩེ་མོར་གཏད་པར་བྱའོ། །དེ་ནས་རིམ་པ་འདིས་གནས་བསྲུང་བར་བྱ་སྟེ། རང་གི་ལུས་རང་གི་ལྷའི་སྐུར་བསམས་ལ། ལག་པ་གཉིས་སུ་ཡི་གེ་ཧཱུྃ་གཉིས་ལས་རྡོ་རྗེ་གཉིས་
རྣམ་པར་བསམས་ཏེ། སོར་མོ་ལྔའི་ཚིགས་རྩེ་མོའི་རྣམ་པར་བསྒོམ་པར་བྱའོ། །དེ་རྣམས་ཀྱི་དབུས་སུ་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱི་ཡི་གེ་རྣམ་པར་དགོད་པར་བྱ་སྟེ། དེ་ལ་གུང་མོ་ལ་ནི་ཡི་གེ་ཨོཾ། མཛུབ་མོ་ལ་ནི་ཧཱུྃ། སྲིན་ལག་ལ་ཏྲཱཾ། མཐེའུ་
ཆུང་ལ་ཧྲཱིཿ། མཐེ་བོ་ལ་ནི་ཡི་གེ་ཨའོ། །ལག་པ་གཡོན་པ་ལ་ཡང་དེ་བཞིན་དུ་དགོད་དོ། །དེ་ནས་ལག་པ་གཡས་པར་གནས་པ་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་སྐུར་བསམ་པར་བྱས་ལ། ལག་པ་གཡོན་པ་ལ་གནས་པ་རྣམས་ཀྱང་
རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་སྐུར་བསམས་ནས། ཕན་ཚུན་ཐབས་དང་ཤེས་རབ་དག་དང་བཅས་པའི་མངོན་པར་འདོད་པས་མངོན་དུ་ཕྱོགས་པའི་ཐལ་མོ་མཉམ་པར་བྱས་ལ། ཨ་ནྱོ་ནྱ་ཨ་ནུ་གཏཱ་སརྦ་དྷརྨཱཿཞེས་བརྗོད་དོ། །དེ་ནས་སོར་མོ་དེ་རྣམས་

ཤིན་ཏུ་ཡང་བཅེར་ཏེ། ལྷ་མོ་རྣམས་ཀྱི་ཐུགས་ཀར་ཞུགས་པར་གྱུར་པ་རྣམ་པར་བསམས་ལ། ཨཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿཞེས་བརྗོད་དོ། །དེའི་འོག་ཏུ་རྡོ་རྗེ་བསྡམས་པ་བཅིངས་ལ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཡང་དག་པར་བསྐྱེད་པ།
བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པར་བསམས་ལ། བཛྲ་བནྡྷ་ཧཱུྃ་ཞེས་བརྗོད་པར་བྱའོ། །དེ་ནས་སྙིང་གར་བཛྲ་བནྡྷ་ཏྲཊ་ཅེས་ལན་གསུམ་བརྗོད་ལ་དགྲོལ་ལོ། །དེ་ནས་རང་གི་ལུས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཚོགས་ཞུགས་པར་
གྱུར་པར་བསམས་ལ། བཛྲ་ཨཱ་བེ་ཤ་ཨཿ། ཞེས་ལན་གསུམ་བརྗོད་དོ། །རྡོ་རྗེ་བསྡམས་པ་བཅིངས་ཏེ་སྲིན་ལག་དང་མཐེའུ་ཆུང་གི་རྩ་བའི་བར་དུ་མཐེ་བོ་གཉིས་བཅུག་ལ་སྙིང་གར་བསྐྱེད་པ་ནི་རྡོ་རྗེ་དབབ་པའི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་བསྡམས་པ་བཅིངས་ལ་ཕྱེ་སྟེ་ཁ་
ཐུར་དུ་བསྟན་ཏེ་ས་ལ་གཞག་ལ། ཨོཾ་བཛྲི་བྷ་བ་ཧཱུྃ་ཞེས་ཀྱང་བརྗོད་དོ། །དེ་ནས་རྡོ་རྗེ་བསྡམས་པ་ལས་བྱུང་བའི་ཡི་གེ་ཧཱུྃ་གི་ཚོགས་མེ་ལྕེ་ཤིན་ཏུ་འཕྲོ་བའི་ཚོགས་རྣམས་ཀྱིས་ས་གཞིའི་གཏན་པ་ལ་ཐུག་གི་བར་དུ་མ་ལུས་པའི་ས་ལ་སོགས་པའི་རྡུལ་ཕྲ་རབ་དེ་དག་དང་། སེམས་
ཅན་དེ་རྣམས་རྡོ་རྗེ་འབར་བའི་གཟུགས་ཅན་ལྟ་བུར་བསམ་པར་བྱའོ། །དེ་ནས་ནམ་མཁའི་ཕྱོགས་སུ་ཡི་གེ་ཧཱུྃ་རྣམ་པར་འཕྲོ་བ་དང་བཅས་པར་བསམས་ལ་དེ་ཉིད་ཡོངས་སུ་གྱུར་པ་ལས། ལྟེ་བ་ཡན་ཆད་རྡོ་རྗེ་ཧཱུྃ་མཛད་ལྟ་བུ་ལ། དེ་མན་ཆད་རྩེ་གཅིག་པ་ལྟ་བུས་
བགེགས་རྣམས་ཀུན་དུ་འབིགས་པར་བསམས་ལ་ཀུན་ནས་ཀྱང་འཇིག་པའི་དུས་ཀྱི་མེ་འབར་བ་ལྟ་བུས་ཁེབས་པར་གྱུར་པའི་གནས་ཀྱི་ས་ལ་ཞུགས་པར་གྱུར་པར་བསམས་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱ་བནྡྷ་ཧཱུྃ་ཕཊ་ཅེས་ཀྱང་བརྗོད་ལ། རྡོ་རྗེ་འབར་བ་རྣམས་
ཀྱིས་གདུག་པ་རྣམས་རབ་ཏུ་ཚིག་པར་གྱུར་ཅིང་འབྱེར་བར་གྱུར་པར་བསམ་མོ། །དེའི་སྟེང་དུ་ཡི་གེ་ཨོཾ་ལས་རབ་ཏུ་གྲགས་པའི་ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་ཞིང་། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ཁྱབ་པར་བྱེད་པའི་ཉི་མའི་དཀྱིལ་འཁོར་ཆེན་པོ་བསམ་པར་

བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཞུགས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བླང་བར་བྱ་སྟེ། རང་གི་ལུས་ཡི་གེ་མཾ་དམར་པོ་ཙམ་དུ་བསམས་ལ། དེ་ཉིད་འཁོར་ལོ་རྩིབས་བཅུ་དྲུག་པར་བསམས་ཏེ། སྟེང་གི་རྩིབས་གཉིས་
ནི་མགོ་བོ། དེའི་ངོས་གཉིས་ཀྱི་རྩིབས་གཉིས་ནི་དཔུང་པ། ཡང་ངོས་གཉིས་ཀྱི་རྩིབས་གཉིས་ལྟེ་བ་དང་བཅས་པ་ནི་སྙིང་ག་དང་རྩིབ་ལོགས་གཉིས་སོ། །ཡང་ངོས་གཉིས་ཀྱི་རྩིབས་གཉིས་ནི་བརླ་དང་བྱིན་པ་གཉིས་སོ། །རྩིབས་ལྷག་མ་གཉིས་ནི་མཚན་ཏེ་རྡོ་རྗེ་ཞེས་བྱ་བ་
བསྐྱེད་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོའི་སྐུ་མདོག་དམར་པོ་ཐུགས་ཀའི་ཟླ་བའི་དབུས་ན་གནས་པའི་འཁོར་ལོའི་ནང་དུ་ཆུད་པའི་ཆོས་ཀྱི་ཕྱག་རྒྱའི་སྙིང་པོ་ལ་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཡི་གེ་མཾ་དམར་པོ་ཤིན་ཏུ་འཕྲོ་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་
ཀུན་དུ་འགེངས་ཤིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་སྤྲིན་གྱི་རྒྱ་མཚོ་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་དེ་རྣམས་སུ་ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་
བསྐུར་བས་དབང་བསྐུར་བར་གྱུར་ལ། བདག་ཉིད་ཀྱང་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དེ་རྣམས་ཉིད་སླར་བྱོན་པས་དབང་བསྐུར་བར་གྱུར་ནས་རང་གི་ལུས་ལ་ཞུགས་ནས་བྱིན་གྱིས་བརླབས་པར་གྱུར་པར་བསམས་ལ། རྡོ་རྗེ་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་
བྱ་ཞིང་། སྔགས་ཀྱང་བརྗོད་པར་བྱ་སྟེ། ཨོཾ་བཛྲ་ཙཀྲ་ཧཱུྃ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །མཛུབ་མོ་དང་མཐེའུ་ཆུང་གཉིས་ལྕགས་སྒྲོག་བཅིང་བའི་ཚུལ་དུ་མདུད་ནས་དེའི་དབུས་སུ་མཾ་གྱིས་མཚན་པའི་འཁོར་ལོ་བསམས་ཏེ། སྙིང་གའི་ཐད་ཀར་འཁོར་ལོ་བཞིན་དུ་
ཡོངས་སུ་བསྐོར་ནས་ཁའི་སྟེང་དུ་བཞག་ལ། སྔར་གྱི་སྔགས་བརྗོད་པར་བྱ་སྟེ། དེས་ནི་དམ་ཚིག་ཉམས་པ་རྣམས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཐོབ་པར་འགྱུར་རོ། །དམ་ཚིག་ཆེན་པོ་ཉམས་པས་ནི་སྟོང་རྩ་བརྒྱད་བཟླས་པར་བྱའོ། །འབྲིང་ལ་

ནི་བརྒྱ་རྩ་བརྒྱད་དོ། །ཕྲ་མོ་ལ་ནི་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། །དེ་ནས་སྦྱོར་བ་གཉིས་པོ་འདིས་སྡིག་པ་དྲལ་བར་བྱ་སྟེ། ལྟེ་བའི་ཕྱོགས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་འོད་ཟེར་དང་བཅས་པ་བསམ་པ་དང་། སྙིང་གར་ཡི་གེ་ཀ་ཁ་
དོག་ནག་པོ་སྒྲིབ་པ་གསུམ་གྱི་བག་ཆགས་ཀྱི་ས་བོན་བསམས་ནས། ཡི་གེ་ཧཱུྃ་གི་སྒྲ་དང་གྱེན་དུ་འཕྲོ་བའི་འོད་ཟེར་རྣམས་ཀྱིས་འབྱིན་པར་གྱུར་པ་དང་། ཡི་གེ་ཧཱུྃ་ཡང་སྟེང་དུ་སོང་ནས་རང་གི་འོད་ཟེར་གྱི་ཚོགས་ཀྱིས་ཡི་གེ་ཀ་ཕྱི་རོལ་དུ་ཕྱུང་ལ། གང་གི་ཚེ་འདི་སྙིང་གའི་
ཕྱོགས་སུ་ཀུན་དུ་གནས་པ་དེའི་ཚེ་ཡི་གེ་ཀ་སྣའི་རྩེ་མོར་བྱུང་སྟེ། མི་དགེ་བ་མ་ལུས་པའི་གཟུགས་ཤ་ཟའི་ལུས་ཅན་གདོང་རྣམ་པར་འགྱུར་བ་ཤ་མེད་པ་སྐྲ་གྱེན་དུ་བརྫེས་པ། ལག་པ་གནམ་དུ་བརྐྱང་བ་གཅེར་བུ་བ་མདོག་གནག་པ་འཇིགས་པས་ཁྱབ་ཅིང་རབ་ཏུ་འདར་བའི་
གཟུགས་ཅན་བརྒྱལ་བར་གྱུར་པར་བསམ་པར་བྱའོ། །ཡི་གེ་ཧཱུཾ་ཡང་རང་གི་འོད་ཟེར་གྱི་ཚོགས་ཀྱིས་རྡོ་རྗེར་གྱུར་ནས་འབར་བ་རྣོན་པོའི་ཚོགས་དེ་ཉིད་ལས་རང་གི་གཟུགས་སུ་ཡོངས་སུ་གྱུར་ཏེ། རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཅན་ཞལ་མཆེ་བ་རྣམ་པར་གཙིགས་པ། འབར་བའི་ཚོགས་
ཀྱིས་རྣམ་པར་དཀྲིགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་དག་པའི་བསོད་ནམས་ཀྱི་ཚོགས་ཀྱིས་ཡོངས་སུ་འབར་བར་གྱུར་པའི་འབར་བའི་མེའི་ངོ་བོ་ཉིད་དུ་ཡོངས་སུ་བསམ་པར་བྱའོ། །དེའི་ནང་ན་ཡོད་པའི་རྡོ་རྗེའི་ལྟེ་བའི་དབུས་སུ་རྡོ་རྗེ་གནོད་སྦྱིན་དང་འདྲ་བ་
གཡོན་བརྐྱང་བའི་གནས་པས་བཞུགས་པ་དང་། སྣ་རྩེའི་གནས་སུ་གནས་པའི་རྡོ་རྗེ་ཕྲ་མོ་འབར་བར་གྱུར་ཅིང་མེ་འབར་བའི་ནང་དུ་ཆུད་པའི་ལྕགས་ཀྱི་གོང་བུ་ལྟ་བུ། བཅོམ་ལྡན་འདས་དེ་ཉིད་ཀྱི་ཆོས་ཀྱི་རྒྱུ་མཐུན་པ་ལས་བྱུང་བ། ཞལ་རྣམ་པར་གདངས་ཤིང་། སྣ་
ཁུང་དང་། མཁུར་ཚོས་རྣམ་པར་འགྱུར་བ། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སྡིགས་མཛུབ་བྱེད་ཅིང་། གཡས་པའི་དཔུང་པ་བཏེག་ནས་ཁྲོ་བོའི་ཁུ་ཚུར་གྱིས་རྡོ་རྗེ་འབར་བ་འཛིན་པ། ཁྲོ་གཉེར་བསྙེར་བའི་ཁྲོ་བོའི་ཁུ་ཚུར་གྱིས་རྣམ་པར་བརྒྱན་པ། བཛྲ་མུཿ ཞེས་བྱ་

བས་ཕྱུང་ལ། ཁམས་གསུམ་འབར་བར་བྱས་པས། སྡིག་པའི་ལུས་སྐད་ཅིག་གིས་འཇིགས་ཤིང་རབ་ཏུ་འདར་བ་དང་། བྱེར་བར་གྱུར་ནས། རྒྱ་མཚོ་ཆེན་པོར་ལྷུང་བར་གྱུར་ལ་ཀུན་དུ་འབར་བའི་རྡོ་རྗེ་དེས་ངེས་པར་བསྲེགས་ནས་རྡོ་རྗེ་དེས་སླར་བླངས་ཏེ།
རང་གི་སྙིང་གའི་རྡོ་རྗེའི་ནང་དུ་ཆུད་པར་བསམ་མོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། སྔགས་བརྗོད་པར་བྱ་སྟེ། དེ་ལ་ཕྱག་རྒྱ་ནི་འདི་ཡིན་ནོ། །རྡོ་རྗེ་བསྡམས་པ་དེ་དམ་དུ་བཅིངས་ལ། མཐེའུ་ཆུང་གཉིས་རྣམ་པར་ཕྱེ་སྟེ། སོ་སོར་བཞག་ནས་མཛུབ་མོ་
གཉིས་ཀྱང་གདུ་བུ་ལྟ་བུར་བྱས་ཏེ། མཐེ་བོ་གཉིས་བསྐུམ་ནས་རང་གི་ཁ་འགྲམ་གྱི་གནས་གཉིས་སུ་ཇི་ལྟ་བ་བཞིན་དུ་བཞག་ལ། ཁ་དང་། སྣ་ཁུང་དང་། མཁུར་བ་དང་། མིག་རྣམ་པར་གདངས་ཤིང་། ཕྱག་རྒྱ་འདི་བཅིངས་ལ། ལན་གསུམ་ནས་བདུན་གྱི་
བར་དུ་སྔགས་ཧཱུྃ་བཛྲ་ཡཀྵ་ཁཱ་ད་ཡ། སརྦ་པཱ་པཾ་ནི་མེ་ཧཱུྃ་ཞེས་བརྗོད་པར་བྱའོ། །དེ་ནས་ཡི་གེ་ཧཱུྃ་བཞི་རྡོ་རྗེའི་ནང་དུ་ཆུད་པར་བསམས་ལ་ནམ་མཁའི་ཁམས་མ་ལུས་པར་ཁྱབ་པའི་དུས་མཐའི་མེ་མང་པོ་འབར་བའི་ཚོགས་རྣམས་ལས་རྡོ་རྗེ་ཧཱུྃ་མཛད་ཀྱི་གཟུགས་སུ་བདག་
ཉིད་བསམས་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱའམ། རྡོ་རྗེ་ཏི་རཱིནྟི་རིའི་ཕྱག་རྒྱས་བྱིན་གྱིས་བརླབས་ལ། སྡིག་པ་ཐམས་ཅད་དགུག་པའི་སྔགས་དང་ཕྱག་རྒྱ་དང་བཅས་པས་ངན་འགྲོའི་འགྲོ་བར་གཏོགས་པའི་སེམས་ཅན་སྣོད་དང་བཅས་པར་བཀུག་ལ་
སྡིག་པ་དྲལ་བའི་ཕྱག་རྒྱ་སྔགས་དང་བཅས་པས་སྒྲིབ་པ་ཐམས་ཅད་དང་བྲལ་བར་བྱ་སྟེ། ཨོཾ་སརྦ་པཱ་པཾ་ཨཱ་ཀཪྵ་ཎ་བི་ཤོ་དྷ་བཛྲ་ས་མ་ཡ་ཧཱུྃ་ཕཊ་ཅེས་བྱ་བ་ནི་སྔགས་སོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་བསྒྲེངས་ཏེ་མཉམ་པོར་བྱས་ནས་འོག་ནས་འདྲེན་པའི་
ཚུལ་གྱིས་སྟེང་དུ་བཏེག་ལ། མཛུབ་མོ་དེ་གཉིས་མདུད་པའི་ཚུལ་དུ་བཅིང་བར་བྱ་སྟེ། ཕྱག་རྒྱ་འདི་སྔར་བཤད་པའི་སྔགས་དང་བཅས་པ་ནི་དགུག་པའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་གུང་མོ་གཉིས་སྦྱར་ཏེ། གཡས་དང་གཡོན་གྱི་མཐེ་བོ་དང་། མཐེའུ་ཆུང་གཉིས་ཀྱི་ཐུར་དུ་

བལྟས་པར་སྦྱར་བར་བྱའོ། །འདི་ཡང་སྙིང་གར་བཅིངས་ནས་གུང་མོ་སྦྱར་བ་སྔགས་ཀྱི་མཐར་དགྲོལ་བར་བྱ་སྟེ། དེ་རྣམས་ཀྱིས་སྒྲིབ་པ་རྣམས་ཟད་པར་བསམས་ལ། སེམས་ཅན་དེ་རྣམས་ཀྱང་སྒྲིབ་པ་དང་བྲལ་ནས་དེ་བཞིན་གཤེགས་པའི་ཞབས་དྲུང་དུ་སྐྱེས་པར་གྱུར་
ཅིང་སྣོད་ཀྱི་འཇིག་རྟེན་དེ་ཡང་རྒྱ་མཚོར་ལྷུང་བར་གྱུར་པར་བསམ་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་པཱ་ཎྀ་བི་སྥོ་ཊ་ཡ། སརྦ་པཱ་པ་བནྔྷ་ནཱ་ནི། པྲ་མོ་ཀྵ་ཡ། སརྦཱ་པ་ཡ་ག་ཏེ་བྷྱཿསརྦ་སཏྭ་ན། སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། དེ་ནས་ཕྱག་རྒྱ་འདི་མགོ་བོར་བཞག་ལ་སྔགས་བརྗོད་
པར་བྱ་སྟེ། ཁྱད་པར་ནི་མཾ་ཞེས་བྱ་བའོ། །འདིས་ནི་རང་གི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་ངེས་པར་བཟློག་པར་འགྱུར་རོ། །དེས་ན་འདོད་པའི་རྒྱལ་པོ་སྙིང་གར་བསམས་ལ། འདོད་ཆགས་དང་བྲལ་བར་གཞིག་པར་བྱ་སྟེ། རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་དང་མཐེའུ་ཆུང་སྦྱར་ཏེ། ཁ་
གྱེན་དུ་བལྟས་པར་བྱས་ལ། ལྷག་མ་རྣམས་རྣམ་པར་ཕྱེ་སྟེ། འཁོར་ལོ་ལྟ་བུར་བྱ་བ་ནི་འཁོར་ལོ་རྩིབས་བརྒྱད་པ་ལྟ་བུའི་ཕྱག་རྒྱ་སྟེ། སྔགས་ཀྱི་མཐར་སྙིང་གར་དགྲོལ་བར་བྱའོ། །ཧཱུྃ་ཊཀྐི་སྥོ་ཊ་ཡ་མ་ཧཱ་བི་རཱ་ག་བཛྲ། བཛྲ་དྷ་ར་ས་ཏྱེ་ནཱ་ཐ། དེ་ནས་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ལ།
སྔགས་བརྗོད་པར་བྱ་སྟེ། ཨོཾ་མ་ཧཱ་དུཿཁ་བཛྲ་སཏྭ་སཱ་ད་ཡ། སརྦ་སཏྭེ་བྷྱོ་མ་ཧྱན་ཙ་ཛཿཧཱུྃ་བཾ་ཧོཿ། རྡོ་རྗེ་བསྡམས་པ་དམ་བཅིངས་ཏེ། །གཡོན་པའི་མཐེབ་མཛུབ་མངལ་དུ་ནི། །གཡས་པ་ཡི་ནི་མཐེ་བོའི་མཚན། །བཅུག་ལ་བསྐྱེད་ཅིང་བཙིར་བར་བྱ། །དེ་ནས་རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་
བ་དང་། གནས་པ་ཉིད་ཀྱི་མཛུབ་མོའི་ཚིགས་དང་པོ་ལ། ཨོཾ་ལས་ཉི་མའི་དཀྱིལ་འཁོར་བསྐྱེད་ལ། དེའི་སྟེང་དུ་ཧཱུྃ་ལས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ཁྱབ་པར་བྱེད་པ་འོད་ཟེར་རྣོན་པོ་འབར་བའི་ཚོགས་ཀྱིས་ཀུན་ནས་དཀྲིགས་པའི་རྡོ་རྗེ་ཆེན་པོའི་གཟུགས་ཀུན་དུ་བསྐོར་བས་
མ་རུངས་པ་ཐམས་ཅད་དང་། བགེགས་ཐམས་ཅད་དེར་བྱེར་བར་གྱུར་ཏེ། ཕྱོགས་བཅུར་སོང་བར་གྱུར་པར་བསམས་ལ། དེ་ནས་རྡོ་རྗེ་ཆེན་པོ་དེ་ཉིད་ཤིན་ཏུ་འབར་བར་གྱུར་པར་བསམ་ཞིང་། དེ་ཉིད་ཀྱི་ཡན་ལག་དང་། ཉིང་ལག་རྣམས་ཀྱང་ཤིན་ཏུ་རྣོ་ཞིང་འབར་བར་གྱུར་པ་རྡོ་རྗེ་

མེ་ལྟ་བུ་ཕྲ་བའི་ཚད་ཅན་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པར་གྱུར་ཅིང་། རྡོ་རྗེ་ཐམས་ཅད་ཀྱི་ནང་ན་ཡོད་པའི་ཡི་གེ་ཧཱུྃ་གི་སྒྲ་ལས་ཉེ་བར་གྱུར་པའི་ཅ་ཅོའི་ཚོགས་ཆེན་པོས་བར་མཚམས་མེད་པའི་རྡོ་རྗེའི་ཚོགས་ཕན་ཚུན་འདྲེས་པར་གྱུར་པ་དང་། རྡོ་རྗེ་འབར་
བའི་རླབས་ལྟ་བུས་འགྲོ་བ་ཐམས་ཅད་ཁྱབ་པར་བྱེད་པའི་རྡོ་རྗེ་ཆེན་པོའི་རྒྱ་མཚོ་བསམ་པར་བྱའོ། །དེས་ཀྱང་གདུག་པ་ཐམས་ཅད་སྔ་མ་བཞིན་དུ་འབྱེར་བར་གྱུར་ཅིང་སེམས་ཅན་གཞན་རྣམས་ཡོངས་སུ་སྦྱངས་ཏེ། ཉོན་མོངས་པ་རྣམས་ཀྱི་ལུས་ཐལ་བར་བྱས་ནས་དེ་བཞིན་
གཤེགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་བསམས་ལ། དེ་ཉིད་བསྡུས་ནས་བསྒྲུབ་པ་ལས་རང་ཇི་ཙམ་འདོད་པའི་མཐར་ཐུག་པའི་རྡོ་རྗེ་ཆེན་པོའི་དྲ་བ་བསམ་པར་བྱའོ། །དེའི་འོག་ཏུ་ཡང་རང་གི་མཛུབ་མོ་གཡོན་པའི་རྩེ་མོར་ཨ་ལས་ཟླ་བའི་
དཀྱིལ་འཁོར་དེའི་སྟེང་དུ་ཧཱུྃ་ལས་ཞི་བའི་རྡོ་རྗེ་དྲི་མ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་བསམས་ལ་སྔ་མ་བཞིན་དུ་སྤྲོས་ཏེ། རྡོ་རྗེ་ཤིན་ཏུ་ཕྲ་བ་ལས་བསྒྲུབ་པ་རྡོ་རྗེ་དྲ་བའི་ནང་དང་འདབས་འབྱོར་པར་ཞི་བའི་རྡོ་རྗེའི་དྲ་བ་བསམ་པར་བྱའོ། །དེ་ཉིད་ཀྱི་སྟེང་དུ་བཾ་འོད་ཟེར་དང་
བཅས་པའི་གཟུགས་ཅན་རྣམ་པར་བསམས་ལ། ཨོཾ་བཛྲ་མུཥྚི་བཾ་ཞེས་བརྗོད་དེ་རྒྱ་མཚོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་བཛྲ་དྲྀ་ཌྷ་ཏིཥྛ་ཞེས་བྱ་བ་འདིས་བརྟན་པར་བྱ་སྟེ། སྲུང་བ་ཆེན་པོ་འདི་ནི་རྟག་ཏུ་བྱས་ན་གལ་ཏེ་སངས་རྒྱས་ཐམས་ཅད་བདུད་ཉིད་དུ་མཛད་
ཀྱང་གཞིག་པར་མི་སྤྱོད་ན་གདུག་པ་གཞན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་རྣམ་པར་སྣང་མཛད་འདི་ནི་ང་ལ་དད་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྒོམ་པ་དང་བཟླས་པ་ལ་རབ་ཏུ་འཇུག་པ་ཡིན་ནོ་ཞེས་ཤིན་ཏུ་དགྱེས་པར་གྱུར་ནས་རང་ལ་བྱིན་གྱིས་
བརླབ་པའི་ཕྱིར་མདུན་དུ་བྱོན་པར་བསམས་ལ། རྡོ་རྗེ་ཕྲ་མོར་གྱུར་ཏེ་རང་གི་ལུས་ལ་ཞུགས་ནས་རིམ་པ་ཇི་ལྟ་བ་བཞིན་དུ་དབང་དུ་བྱས་ཤིང་ཞུགས་པར་གྱུར་པས་སྡིག་པ་ཐམས་ཅད་འཇོམས་ཤིང་བདག་ཉིད་བསྲུང་བར་གྱུར་པར་སྔགས་དང་ཕྱག་རྒྱའི་སྦྱོར་བ་འདིས་

བསམ་པར་བྱ་སྟེ། རྡོ་རྗེ་ཐལ་མོ་སྦྱར་ལ། རང་གི་ཡི་གེ་ངོ་བོ་ཉིད་རང་གི་ས་བོན་ལག་པ་གཉིས་ཀྱི་མཐིལ་དུ་ཧཱུྃ་ཧོཿཧྲཱིཿཞེས་བྱ་བ་དམར་པོ་དང་། རང་གི་ས་བོན་དམར་པོ་ཉིད་དང་། རང་གི་ལུས་དམར་པོའི་སེ་གོལ་གཏོགས་པ་ལས་བྱུང་བའི་ཚོགས་
དམར་པོ་རྣམས་ཀྱིས། ཨོཾ་བཛྲ་དྷཱ་ཏུ་ཛཿཧཱུྃ་བཾ་ཧོཿ། བ་ཤཾ་ཀུ་རུ་མ་མེ་ཡ་ཨཱཿཞེས་བརྗོད་ལ། རྡོ་རྗེ་ཐལ་མོ་ཡང་དལ་བུས་བརྡབས་ནས་བསམ་མོ། །དེ་ནས་རྡོ་རྗེ་བསྡམས་པ་བྱས་ལ། དེའི་ལག་མཐིལ་གཉིས་སུ་ཧོ་ཨ་ཧོ་ཞེས་བྱ་བ་རྣམ་པར་བཀོད་དེ། ཐལ་མོ་དལ་བུས་
བརྡབས་ལ། དེའི་འོད་ཀྱི་ཚོགས་ཀྱིས་ལུས་ཐམས་ཅད་ཁྱབ་པར་གྱུར་ཅིང་བརྒྱལ་ཞིང་མྱོས་པར་གྱུར་ལ། ལུས་ཐམས་ཅད་ཀྱི་གཤིས་ཀྱི་མཚན་ཞིག་ནས་རིམ་གྱིས་བྱུང་བར་གྱུར་ཅིང་ཡེ་ཤེས་ཕུལ་དུ་བྱུང་བས་འགྲོ་བ་མ་ལུས་པའི་ངོ་བོ་ཉིད་མངོན་སུམ་དུ་གྱུར་ནས་
ཡོངས་སུ་དག་པའི་རྣམ་པར་སྣང་མཛད་ཆེན་པོའི་སྐུ་ཡོངས་སུ་རྫོགས་པའི་ཡེ་ཤེས་བབས་པར་གྱུར་པར་རིམ་གྱིས་བསམས་ཏེ། ཨོཾ་བཛྲ་དྷཱ་ཏུ་ཛཿཧཱུྃ་བཾ་ཧོཿ ཨ་བཛྲ་ཨཱ་བེ་ཤ་ཨཿ། ཞེས་ཀྱང་བརྗོད་ཅིང་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་བསྡམས་པ་ཉིད་ལས་མཛུབ་མོ་གཉིས་
བསྒྲེངས་ཏེ། ལག་མཐིལ་གཉིས་ཀྱང་བརྡབ་པ་བྱས་ནས་ཧཱུྃ་ཕཊ་ཅེས་བྱ་བ་རྣམ་པར་བཀོད་ལ་སྒྲིབ་པ་ལྷག་མ་རྣམས་ཟད་པར་གྱུར་པར་བསྒོམ་ཞིང་། ཨོཾ་བཛྲ་དྷཱ་ཏུ་ཛཿཧཱུྃ་བཾ་ཧོཿཕཊ་བཛྲ་ཧ་ན་ཧཱུྃ་ཕཊ་ཨ་ཞེས་ཀྱང་བརྗོད་ལ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་བསྡམས་པ་བཀྲོལ་ལ། རཀྵ་
ཧཾ་རཀྵ་ཞེས་བྱ་བ་རྣམ་པར་བཀོད་པས་ཡོངས་སུ་དག་པའི་ལུས་དེ་ཉིད་བསྲུངས་པར་གྱུར་པར་བསམས་ལ། ཨོཾ་བཛྲ་དྷཱ་ཏུ་ཛཿཧཱུྃ་བཾ་ཧོཿརཀྵ་ཧཾ་རཀྵ་ཨ་ཞེས་བརྗོད་དོ། །དེ་ནས་འདི་ནི་བདག་དང་མཉམ་པའོ་ཞེས་དེ་ཉིད་དུ་བྱིན་གྱིས་བརླབ་པར་མཛད་པར་བསམ་པར་བྱའོ། །དེ་ནས་
བྱིན་གྱིས་བརླབས་པ་དེའི་མཐུས་དེ་བཞིན་གཤེགས་པའི་འོད་ཟེར་དཔག་ཏུ་མེད་པའི་དབང་བསྐུར་བས་བདག་ཉིད་དབང་བསྐུར་བར་ཤེས་ནས་སེམས་ཅན་ཐམས་ཅད་མགྲོན་དུ་བོས་ཏེ་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་ཕྱོགས་པར་བྱེད་པས་རྡོ་རྗེའི་དབང་པོའི་གནས་སུ་

འགྲོའོ། །དེ་ཡང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མཐོང་ནས་སྦྱོར་བ་འདིས་ཕྱག་རྣམ་པ་བཞི་བྱ་སྟེ། རང་གི་སྙིང་ག་དང་། དཔྲལ་བ་དང་། ལྕེ་དང་སྤྱི་གཙུག་ཏུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་དེ། དེ་རྣམས་ལ་ཡང་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་སྣ་
ཚོགས་རྡོ་རྗེ་ཧཱུཾ་ཏྲཱཾ་ཧྲཱིཿཨ་ཞེས་བྱ་བ་ལས་བསྐྱེད་ལ། ཤར་ཕྱོགས་སུ་ལུས་ཐམས་ཅད་ཕབ་སྟེ། རྡོ་རྗེ་ཐལ་མོ་སྦྱར་ན་སྙིང་གར་གནས་པའི་རྡོ་རྗེས་ཕྱག་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠཱ་ནཱ་ཡ། ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། དེ་ནས་མི་བསྐྱོད་
པ་ལ་རྗེས་སུ་གནང་བ་ཐོབ་ནས་རང་གི་རིགས་ལུས་ལ་བཅུག་སྟེ། བདག་ཉིད་ཀྱང་མི་བསྐྱོད་པའི་སྐུ་ལ་ཞུགས་ནས་དེ་ཡང་བླངས་ཏེ་རང་གི་སྙིང་གའི་རྡོ་རྗེ་ལ་ཞུགས་ཤིང་ཡི་གེ་ཧཱུྃ་དེ་ཉིད་ལ་ཐིམ་པར་གྱུར་པར་བསམ་མོ། །རྡོ་རྗེ་སེམས་དཔའ་སྤྲོས་པས་ཀྱང་བྱིན་གྱིས་བརླབས་
པའི་འབྲས་བུར་གྱུར་པས་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ་ཐོབ་པར་བསམས་ལ། བསྡུ་བ་དང་། གནས་པ་དང་། བརྟན་པར་གྱུར་ཅིང་སྔར་སྤྲོས་པས་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་པར་བྱའོ། །དེ་ནས་ལྷོ་ཕྱོགས་སུ་སོང་ནས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་
ལ། དཔྲལ་བར་གནས་པའི་རིན་པོ་ཆེས་ཕྱག་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ། ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། དེ་བཞིན་དུ་གནང་བ་སྔོན་དུ་འགྲོ་བས་རིན་པོ་ཆེའི་རིགས་ཐམས་ཅད་དཔྲལ་བར་གནས་པའི་རིན་པོ་ཆེ་ལ་ཞུགས་ཤིང་། ཡི་
གེ་ཏྲཱཾ་སྤྲོས་པས་ཀྱང་སྔར་རྡོ་རྗེ་སེམས་དཔའི་སྐུ་བསྐྱེད་པ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་དབང་བསྐུར་བས། བསྡུ་བ་དང་། གནས་པ་དང་། བརྟན་པར་གྱུར་པར་བྱའོ། །དེ་ནས་ནུབ་ཕྱོགས་སུ་སོང་སྟེ། རྡོ་རྗེ་ཐལ་མོ་སྤྱི་བོར་སྦྱར་ལ་སྙིང་གར་
གནས་པའི་པདྨས་ཆོས་ཀྱི་རིགས་ལ་ཕྱག་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ། ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏཱ་བཛྲ་དྷརྨ་པྲ་བརྟ་ཡ་མཱཾ། དེ་བཞིན་དུ་གནང་བ་སྔོན་དུ་འགྲོ་བས་ཆོས་ཀྱི་རིགས་ཐམས་ཅད་ལ་ཞུགས་ཤིང་སྤྲོས་པས་སྔར་རྡོ་རྗེ་སེམས་དཔའི་

སྐུ་བྱུང་བ་རྣམས་ལ་དབང་བསྐུར་ནས། འདི་སྤྲོས་པས་ཀྱང་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ངོ་བོ་ཉིད་དུ་བྱས་ལ་རང་གི་ཁ་ལ་གནས་པའི་ཡི་གེ་ཧྲཱིཿལ་བསྡུ་བ་དང་། གནས་པ་དང་། བརྟན་པར་གྱུར་པར་བྱའོ། །དེ་ནས་
བྱང་ཕྱོགས་སུ་སོང་སྟེ། ཐལ་མོ་སྙིང་གར་སྦྱར་ལ་སྤྱི་གཙུག་ན་གནས་པའི་སྣ་ཚོགས་རྡོ་རྗེས་ཕྱག་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། དེ་བཞིན་དུ་རིགས་ཐམས་ཅད་ལ་ཞུགས་པ་དང་། སྤྲོས་པས་ཀྱང་རྡོ་རྗེ་
སེམས་དཔའི་སྐུ་ཐོབ་ཅིང་དབང་བསྐུར་བ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་རང་བཞིན་ཅན་རྣམས་ལ་ཕྱི་དང་གསང་བའི་མཆོད་པ་སྤྲོ་ཞིང་སྤྱི་གཙུག་ན་གནས་པའི་སྣ་ཚོགས་རྡོ་རྗེ་ལ་བསྡུ་བ་དང་གནས་པ་དང་། བརྟན་པར་གྱུར་པར་བྱའོ། །དེ་ལྟར་རིགས་བཞིའི་
ངོ་བོ་ཉིད་དུ་གྱུར་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་དཔལ་བེའུ་ལྟ་བུར་ཞུགས་ཏེ། རྡོ་རྗེ་ཕྲ་མོའི་གཟུགས་ཀྱིས་དེ་ཉིད་སྐུ་དང་། གསུང་དང་ཐུགས་རྡོ་རྗེ་དང་དབྱེར་མེད་པར་གྱུར་ཏེ། སེང་གེའི་གདན་གྱི་སྟེང་དུ་འདུག་པར་བྱའོ། །དེ་ནས་ཡིད་དུ་འོང་བའི་ཕན་ཡོན་ལ་སོགས་
པའི་སྒོ་ནས་བྱམས་པ་ལ་སོགས་པའི་ཚངས་པའི་གནས་པ་བཞི་མངོན་དུ་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཤན་སི་ཏཱ་སརྦ་སིདྡྷ་ཡ། སཾ་པད་དྱན་ཏ་མ། སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་ན་ཏ། ཞེས་བྱ་བ་འདི་ནི་བདེ་བ་བསྐྱེད་པའི་མཚན་ཉིད་ཅན་བྱམས་པ་བསྟན་པ་ཡིན་ནོ། །སྭ་བྷཱ་ཝ་ཤུདྡྷཿ
སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བྱ་བ་འདིས་ཀྱང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་དམིགས་པ་ལས་བྱུང་བའི་མགུ་བ་སྟེ། དགའ་བ་སྟོན་པ་ཡིན་ནོ། །ངོ་བོ་ཉིད་དག་པར་སེམས་ཅན་རྣམས་ཀྱིས་མི་ཤེས་པ་ལ་དེ་མ་ཤེས་པས་མི་འདོད་པའི་སྡུག་བསྔལ་ངེས་པར་ཞུགས་པར་གྱུར་པ་དེ་དང་
བྲལ་བར་འདོད་པ་ནི་སྙིང་རྗེ་སྟེ། འདི་ནི་སྙིང་རྗེའི་སེམས་སྐྱེ་བར་སྟོན་ཏོ། །དེ་ནས་དེ་བསྒྲལ་བར་བྱའོ་ཞེས་པ་འདིས་ཀྱང་ཁྱད་པར་ཅན་གྱི་དུས་ལ་སྡོད་པས་གནས་ཤིང་ནུས་པ་ཐོབ་ཅིང་བར་དུ་བཏང་སྙོམས་སུ་བྱེད་པ་སྟོན་ཏོ། །དེ་ནས་སངས་རྒྱས་ཀྱི་ཡེ་ཤེས་མངོན་སུམ་དུ་བྱེད་པས་དེ་བཞིན་

གཤེགས་པའི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པའི་འཇིག་རྟེན་པའི་བསམ་གཏན་རྣམས་མངོན་སུམ་དུ་བྱས་ཏེ་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཆེན་པོའི་ཡེ་ཤེས་མཆོག་རིམ་པ་འདིས་མངོན་སུམ་དུ་བྱའོ། །དེ་ལ་དང་པོ་ཁོ་ནར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་རིན་
ཆེན་སེམས་མས་བསྐྱེད་པའི་ཟད་པར་ས་བསྒོམ་པར་བྱའོ། །དེ་ནས་སའི་རྡུལ་དེ་ཉིད་མེའི་ཕྲ་རབ་ཀྱིས་བཤིགས་ནས་རྡོ་རྗེ་སེམས་མས་རབ་ཏུ་བསྒྲུབས་པའི་ཟད་པར་མེ་བསྒོམ་པར་བྱའོ། །མེའི་ཕྲ་རབ་དེ་ཉིད་ཆུའི་རྡུལ་ཕྲ་རབ་ཀྱིས་ཁྱེར་ནས་ཆོས་ཀྱི་སེམས་མས་བསྒྲུབས་པའི་ཟད་
པར་ཆུ་བསྒོམ་པར་བྱའོ། །ཆུའི་རྡུལ་ཕྲ་རབ་དེ་ཉིད་ཀྱང་རླུང་གི་རྡུལ་ཕྲ་རབ་རྣམས་ཀྱིས་རབ་ཏུ་བསྐམས་ཏེ། ལས་ཀྱི་སེམས་མས་རབ་ཏུ་བསྒྲུབས་པའི་ཟད་པར་རླུང་དུ་བསྒོམ་པར་བྱའོ། །རླུང་གི་རྡུལ་ཕྲ་རབ་དེ་ཉིད་ནམ་མཁའི་ཕྲ་རབ་རྣམས་ཀྱི་ནང་དུ་ཐིམ་ནས་འགྲོ་བ་ཐམས་ཅད་
ནམ་མཁའ་ཙམ་དུ་རྣམ་པར་བསྒོམས་ལ་ཟད་པར་ནམ་མཁའ་ལ་འཇུག་པ་དེ་ཉིད་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབ་པའི་ངོ་བོའོ། །ནམ་མཁའ་དེ་ཉིད་ཀྱི་ཕྲ་རབ་རྣམ་པར་ཤེས་པའི་ཕྲ་རབ་ཏུ་མི་སྣང་བར་བྱས་ཤིང་མི་བསྐྱོད་པར་བྱིན་གྱིས་བརླབས་པའི་རྣམ་ཤེས་མཐའ་
ཡས་སྐྱེ་མཆེད་བསྒོམ་པར་བྱའོ། །རྣམ་པར་ཤེས་པ་ཉིད་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མི་སྣང་བར་བྱས་ནས། འོད་དཔག་ཏུ་མེད་པ་དང་། རིན་ཆེན་འབྱུང་ལྡན་གྱིས་བྱིན་གྱིས་བརླབས་པར་རབ་ཏུ་བསྒྲུབས་པའི་ཅི་ཡང་མེད་པའི་སྐྱེ་མཆེད་རྣམ་པར་བསྒོམ་
པར་བྱའོ། །ཐམས་ཅད་ཁྱབ་པའི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ཡང་དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་བསྐྱེད་པ་ཡིན་ནོ། །དེ་ནས་བག་ཆགས་ལ་གོམས་པའི་དབང་གིས་འདུ་ཤེས་ཆུང་ངུ་ཐོབ་ཅིང་སླར་ཡང་དེ་ཁོ་ན་ཉིད་ལ་བཅུག་ནས་སྟོང་པ་ཉིད་ཆེན་པོ་རྣམ་པར་བསྒོམ་མོ། །དེ་
རྣམ་པར་བསྒོམ་པ་ལ་ནི། བསོད་ནམས་ཀྱི་ཚོགས་ཤིན་ཏུ་ཡང་མེད་པས་ཉན་ཐོས་ཀྱི་ཡུལ་ལ་འཇུག་པའམ། ཅི་ཡང་མེད་པར་རྟོག་པའམ། མི་གཡོ་བའི་ཏིང་ངེ་འཛིན་ཐོབ་ནས་དེ་ཡང་འཁོར་བའི་བདེ་བའི་ཆ་ཙམ་ཡང་མེད་པར་ཐལ་བར་འགྱུར་བ་སྟེ། གཉི་ག་ཡང་མཛེས་

པ་མ་ཡིན་པར་འགྲོ་བའི་དོན་དུ་བདག་ཉིད་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། དེར་དེ་བཞིན་གཤེགས་པ་ཐམས་ཅད་ཉེ་བར་ལྷགས་ནས་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ཏེ། སེ་གོལ་གཏོགས་པས་སློང་བར་མཛད་པར་བསམས་ཏེ། རིགས་ཀྱི་བུ་ཇི་ལྟར་ན་
ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་མ་རྟོགས་པར་ཤིན་ཏུ་དཀའ་བ་ལ་སྤྱོད་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་ཚིག་འདི་གསུངས་པར་གྱུར་པར་བསམ་མོ། །དེ་ནས་
སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་གང་བར་བསམས་ལ། དེའི་གྲངས་དང་མཉམ་པའི་ལུས་སྤྲོས་ལ་མཆོག་ཏུ་གུས་པས་རང་ཉིད་ཀྱིས་ཕྱག་རྒྱ་བཞིས་དེ་བཞིན་གཤེགས་པའི་ཕྱག་རྒྱ་བཞིའི་ཕྱག་བྱས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་
ཀཱ་ཡ་ཝཱཀ་ཙིཏྟ། བཛྲ་བནྡ་ནཱཾ་ཀ་རོ་མི་ཞེས་བརྗོད་པར་བྱའོ། །དེ་ནས་འདུག་ལ་གསོལ་བ་གདབ་པར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མ་འཚལ་ན། བཅོམ་ལྡན་འདས་དེ་ཁོ་ན་ཉིད་དེ་དཀའ་སྩལ་དུ་གསོལ། གང་གིས་རྣམ་པར་
སྣང་མཛད་ཆེན་པོའི་ཡེ་ཤེས་ཀུན་དུ་བསྒྲུབས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་བསྐྱེད་པར་བྱའོ་ཞེས་བརྗོད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་སྔོན་དུ་འགྲོ་བ་འདི་ནས་བཟུང་སྟེ། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་རིམ་པ་
འདིས་ཡང་དག་པར་བསྐྱེད་པར་བྱའོ། །དང་པོ་ཁོ་ནར་རང་གི་ལུས་དང་། འཁོར་བར་འཇུག་པའི་དངོས་པོ་རྣམས་ཡི་གེ་ཤཾ་གིས་སྟོང་པར་བྱས་ལ་ཡང་དག་པའི་མཐའི་ཏིང་ངེ་འཛིན་ལ་དུས་ཅུང་ཟད་ཅིག་འཇུག་པར་བྱའོ། །དེ་ནས་རང་ཡེ་ཤེས་ཙམ་ལ་ཉི་མའི་དཀྱིལ་
འཁོར་རྣམ་པར་དག་པ་ལྟ་བུའི་ཐིག་ལེ་ཙམ་དཔག་ཏུ་མེད་པའི་སྙིང་རྗེའི་སྣང་བའི་རྒྱུད་ཡོངས་སུ་འགྱུར་བཞིན་པ་ལས་ཡི་གེ་ཨའི་ངོ་བོ་ཉིད་དུ་བསམས་ལ་ས་བོན་གྱི་ཡི་གེ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་རང་བཞིན་གྱིས་བྱིན་གྱིས་བརླབས་པའི་

མཐུས། དེ་ཉིད་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་། ལྷའི་སྐུ་དང་རིགས་རྣམས་དང་། དཀྱིལ་འཁོར་དང་། འགྲོ་བ་དང་། སེམས་ཅན་དང་། དུས་གསུམ་དང་། སྲིད་པ་གསུམ་དང་མཆོག་གསུམ་དང་། འཇིག་རྟེན་གསུམ་གྱི་མཆོག་དང་། ཁམས་གསུམ་དང་། འཁོར་བ་
དང་། མྱ་ངན་ལས་འདས་པ་ཉིད་དང་། འདོད་ཆགས་དང་ཐར་པ་ཡང་དེ་ཉིད་དོ། །དེ་ཉིད་ཡོངས་སུ་གྱུར་པ་ལས་སེམས་སོ་སོར་རྟོག་པའི་རྣམ་པར་བསྒོམ་པར་བྱ་སྟེ། ཉི་མའི་ཆ་གྱེན་ཁར་གནས་པ། རྣོ་བ་ཡེ་ཤེས་ཀྱི་ངོ་བོ་ཉིད། རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་
ཐིག་ལེ་དེའི་གདན་དུ་གྱུར་པ། ཉི་མ་སྟོང་པས་ལྷག་པའི་འོད་ཀྱིས་སྣང་བའི་ལུས་ཅན་ཏེ་དེས་གཉི་ག་ཡང་པདྨའི་སྡོང་བུའི་སྣལ་མ་བཀས་པ་ཙམ་གྱི་རི་མོ་དཀར་པོས་གྱེན་དུ་ཕུག་པའི་གནས་སྐབས་ནི་སྐྱེ་བ་མེད་པ་ཉིད་དུ་སྟོན་པའི་གནས་སྐབས་ཏེ་མཐའ་མེད་པ་
ཉིད་དུ་བལྟའོ། །ཐབས་དང་ཤེས་རབ་དེ་གཉིས་ནི་མ་སྐྱེས་པ་ཉིད་དུ་སྟོན་ཅིང་གནས་པར་བཤ