Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 62
Văn bản gốc(Tây Tạng)
Trang 11 / 24 (50.000 ký tự/trang)
ས་བོན་གྱི་ཡི་གེ་རྣམས་ནི་འདི་དག་ཡིན་ཏེ། དཾ་ཤཾ་ཀྵཾ་བཾ་དྷཾ་པྲཿཨོཾ་ཧྲཾ་ཨི་ཨེཾ་ཨཾ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིའོ། །ཐཾ་བྷྲུཾ་བྷྲཾ་བྷྲཿབྷྲོ་བྷྲ་བྷྲི་བྷྲཱུ་བྷྲིཿབྷྲུཾ་བྷྲུཾ། ཞེས་བྱ་བ་ནི་ཀུན་དུ་བཟང་པོའི་མཐར་ཐུག་པའི་ས་རྣམས་ཀྱིའོ། །ཧཱུྃ་ཏྲཱཾ་ཧྲཱིཿཨཾ་ ཨཱཾ། ཞེས་པ་ནི་རྡོ་རྗེ་སེམས་མ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་མཐར་ཐུག་པའི་བར་གྱི་སྟེ། དེ་དག་ཐམས་ཅད་ཀྱིས་བཅུ་གཉིས་པ་རྡོ་རྗེ་འཛིན་པའི་ས་ཉིད་ཤེས་པར་བྱ་སྟེ། གང་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རྒྱུད་ལས་ཀྱང་། སེམས་དཔའ་ སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ལྷའི་ཁང་པ་ནས་ལངས་པ་ན་ཡང་། ཕུང་པོ་ལྔ་རྣམས་ལ་དེ་བཞིན་ གཤེགས་པ་རྣམས་བྱིན་གྱིས་བརླབས་ལ་ལྡང་བར་བྱའོ། །ལངས་ནས་ཀྱང་གཡོན་པ་རྡོ་རྗེ་ཁུ་ཚུར་གོས་ཀྱིས་གཡོགས་ལ། བསྒོམ་པའམ་བཟླས་པ་བྱ་ཞིང་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ཀྱང་མཉམ་པར་མ་བཞག་པའི་སྦྱོར་བས་སྤྱོད་ལམ་རྣམ་བཞིར་བྱ་སྟེ། ཇི་སྐད་དུ་དཔལ་མཆོག་དང་པོའི་རྒྱུད་ལས་ཀྱང་། འགྲེང་ངམ་ཡང་ན་འདུག་ཀྱང་རུང་། །འཆག་གམ་ཇི་ལྟར་གནས་པ་དང་། །དགོད་དམ་རབ་ཏུ་སྨྲ་བའམ། །གང་དང་གང་ཡིན་ཇི་ལྟ་བར། །དང་པོ་རྡོ་རྗེ་ཁུ་ཚུར་བཅིང་། །གཡོན་པའི་ལག་པ་གཡོགས་ནས་ནི། ། མཉམ་པར་མ་བཞག་སྦྱོར་བ་ཡིས། །སྙིང་པོ་དོན་དུ་བཟླས་པ་བྱ། །ཆོ་ག་འདི་ནི་འདོད་པ་བཞིའི་སྦྱོར་བ་ལ་སོགས་པས་བྱ་སྟེ། ཁྱད་པར་གྱི་ཡེ་ཤེས་ཕུལ་དུ་བྱུང་བས་ཐོབ་པས་ནི་ལན་ཅིག་མངོན་པར་འདུས་བྱས་ནས་བསྒོམ་པ་རྒྱུན་མི་འཆད་པའི་སེམས་ཀྱིས་བྱ་བ་ལ་ཉེས་པ་མེད་དོ། །ཐུགས་ རྗེ་འབྱུང་བ་ཞེས་བྱ་བ་བསྒོམ་པ་དང་བཟླས་པའི་ཆོ་ག་སློབ་དཔོན་ཆེན་པོ་ཡེ་ཤེས་རྡོ་རྗེའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱདྡྷཱ་ཀ་ར་བརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བཅོས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པ།། །། ༄༅༅། །རྒྱ་གར་སྐད་དུ། ཧོ་མ་བི་དྷིཿ། བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གང་ཞིག་དྲན་པ་ཡིས། །དངོས་གྲུབ་མི་འཇིགས་ཐོབ་གྱུར་པ། །རྡོ་རྗེ་ཅན་ལ་གུས་བཏུད་ནས། །སྦྱིན་སྲེག་ཆོ་ག་གསལ་ བར་བཤད། །གང་དག་ཏུ་ནི་རང་ཉིད་ཀྱིས། །ལས་ཀྱི་ཆོ་ག་རྣམས་མེད་པ། །དེར་ནི་སྤྱི་རྒྱུད་ལས་གསུངས་པའི། །ཆོ་ག་མཁས་པས་བསྟན་པར་བྱ། །དེ་ལ་ཞི་བ་ལ་ནི་ས་གཞི་དཀར་པོ་ལ་རྒྱར་ཁྲུ་གང་ཙམ་ལ། ཟབས་སུ་སོར་བཅུ་གཉིས་པའི་ཐབས་ཁུང་ཟླུམ་པོ་བརྐོས་ ལ། དེའི་དབུས་སུ་པདྨའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་སོར་བརྒྱད་པར་བྱ། །ཐབ་ཁུང་གི་སྟེང་དུ་སོར་བཞི་བར་དུ་དོར་ལ། དཔངས་དང་རྒྱར་སོར་བཞིའི་ཁ་ཁྱེར་ཀུན་ནས་བྱས་ལ། མཚམས་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པ་དང་། ཐབ་ཁུང་གི་ས་གཞི་དེ་བ་ལང་གི་ ལྕི་བ་དང་། ས་དཀར་པོས་བྱུགས་ལ། ཡང་དེ་ཉིད་དྲི་དཀར་པོས་བསྐུ་ཞིང་དུས་གསུམ་དུ་དྲི་ཞིམ་པོའི་མེ་ཏོག་དཀར་པོས་གཏོར་བར་བྱའོ། །རྒྱས་པ་ལ་ནི་ས་གཞི་སེར་པོ་ལ་ཁྲུ་དོ་པ། ཟབས་སུ་དེའི་ཕྱེད་པ་རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུའམ། ཟུར་བཞི་པ་སྟེ། དེ་ཟབས་སུ་ཁྲུ་གང་བརྐོས་པ་ལ། འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རྡོ་རྗེ་རིན་པོ་ཆེ་ཟུར་དྲུག་པ། སྟེང་དུ་སོར་བརྒྱད་པ་ཙམ་གྱི་ཁ་ཁྱེར་དབྱིབས་མཉམ་པར་བྱས་ལ། ས་སེར་པོ་དང་དྲི་སེར་པོས་ཐབ་ཁུང་གི་ས་གཞི་དེ་ཉེ་བར་བྱུགས་ལ། མེ་ཏོག་སྣ་ ཚོགས་དགྲམ་པར་བྱའོ། །མངོན་སྤྱོད་ལ་ནི་རྩུབ་པ་དང་། །ཚ་སྒོ་ཅན་དང་གས་པ་དང་། །གནག་ཅིང་སྔོ་བའི་ས་གཞི་ལ་སོར་ཉི་ཤུ་པ། ཟབས་སུ་སོར་བཅུ་པ། གྲུ་གསུམ་མགོ་བྱང་དུ་བལྟས་པ། ཐབ་ཁུང་གི་དབུས་སུ་རྩེ་གསུམ་པའི་སྟེང་དུ། ཁྲོ་བོའི་རྡོ་རྗེ་སོར་བརྒྱད་པས་མཚན་པ། དེའི་སྟེང་དུ་སོར་གསུམ་དོར་བར་ཆུར་དང་དཔངས་སོར་གསུམ་པའི་ཁ་ཁྱེར་ཁ་ཕྱིར་བལྟས་པས་བསྐོར་བ། ས་ནག་པོ་དང་། རོ་བསྲེགས་པའི་ཐལ་བ་དང་། བུང་བུ་དང་རྔ་མོ་ལ་སོགས་པའི་རྟུག་པས་ཇི་ལྟ་བ་བཞིན་དུ་བྱུགས་ ཏེ། དྲི་ངན་པ་དང་མེ་ཏོག་སྔོན་པོ་དང་དམར་པོ་དང་འབྲུའམ་ཕུབ་མས་གཏོར་བར་བྱའོ། །དབང་ལ་ནི་ས་གཞི་དམར་པོ་ལ། ཐབ་ཀྱི་དབྱིབས་བྷ་ག་ལྟ་བུའམ་རླུང་གི་དཀྱིལ་འཁོར་ལྟ་བུའམ། ཨ་ཤྭཏྠའི་ལོ་མ་ལྟ་བུའི་དབུས་སུ་རྡོ་རྗེ་པདྨས་མཚན་པའོ། །དགུག་པ་ ལ་ནི་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་དབུས་ཀྱི་ཆ་ལ་རྡོ་རྗེ་ལྕགས་ཀྱུས་མཚན་པ། ཁ་ཁྱེར་ཡང་དེ་དང་འདྲ་བས་བསྐོར་བ། །ས་དང་དྲི་དམར་པོས་བྱུགས་པ། །དྲི་དང་མེ་ཏོག་གིས་ཉེ་བར་མཛེས་པར་བྱས་ཏེ། འདི་ཉིད་ཀྱི་བརྐོ་བ་དང་ཁ་ཁྱེར་ལ་སོགས་པའི་ཚད་ཀྱང་ཞི་བའི་ཐབ་ ཁུང་དང་འདྲ་བར་ཤེས་པར་བྱའོ། །ལས་ཐམས་ཅད་པའི་ཐབ་ཁུང་ཡང་དེ་བཞིན་ཏེ། འོན་ཀྱང་ཁ་ཁྱེར་ནི་པདྨ་ཁ་བྱེ་བ་ལྟ་བུ་ལ་རྡོ་རྗེའི་ཕྲེང་བས་བསྐོར་བའོ། །རྡོ་རྗེ་དང་པདྨ་དང་རིན་པོ་ཆེ་དང་། རྡོ་རྗེ་སྣ་ཚོགས་རྡོ་རྗེའི་དབུས་སུ་ཆུད་པའི་འཁོར་ལོའི་ཕྱག་རྒྱས་མཚན་ པར་བྱའོ། །དཀྱིལ་འཁོར་རམ་ལྷའི་ཁང་པའི་ཤར་ཕྱོགས་སུ་ནི་ཞི་བའི་ཐབ་ཁུང་དང་དབང་གི་ཐབ་ཁུང་། ལྷོར་ནི་མངོན་སྤྱོད། བྱང་དུ་ནི་རྒྱས་པ། ནུབ་དུ་ནི་དགུག་པའི་ཐབ་ཁུང་ལས་དང་རྗེས་སུ་མཐུན་པར་ཐབ་བརྐོ་བའམ། ཚོན་གྱིས་བྲི་བར་བྱའོ། །ཐབ་ཀྱི་དབང་དུ་ བྱས་པའོ། །དགང་གཟར་ནི་གསེར་རམ་ཟངས་ཀྱི་རྒྱུ་ལས་བྱས་པའམ། ནིམ་པའམ་མཆོད་སྦྱིན་གྱི་ཤིང་ལས་པདྨའི་འདབ་མའི་དབྱིབས་ལྟ་བུ། དེའི་ཡུ་བ་སྐྱེས་པ་ཚད་དང་ལྡན་པའི་མཐེ་བོའི་སོར་ཉི་ཤུ་རྩ་བཞི་རྡོ་རྗེ་ལ་སོགས་པའི་ཁུ་ཚུར་གྱིས་གཟུང་དུ་རུང་བའམ། དེའི་སྟེང་དུ་སོར་བཞི་པ། ཟུར་བཞི་པ་ཁའི་ཟབས་སུ་སོར་གཉིས་ཀྱི་དམའ་བར་བརྐོས་ལ་རྡོ་རྗེ་རྩེ་ལྔ་པས་མཚན་པ། ཁུ་བཅུད་འཛག་པའི་བུ་ག་སོར་གཅིག་ཙམ་རྩེ་མོ་ལ་རྡོ་རྗེ་རྩེ་གསུམ་སོར་བཞིས་མཚན་པ། ཡུ་བའི་ཞབས་སུ་རྡོ་རྗེ་དང་རིན་པོ་ཆེ་སོར་དྲུག་པར་བྱའོ། །བླུགས་ གཟར་ཁྲུ་གང་ཙམ་ལ་རྩེ་མོ་པདྨའི་འདབ་མ་ལྟ་བུ་རྒྱར་སོར་གཉིས་ཟབས་སུ་དེའི་ཕྱེད་བརྐོས་པ་ལ། རྡོ་རྗེ་རྩེ་ལྔ་པས་དེའི་དབུས་སུ་མཚན་པ། ཡུ་བའི་འོག་རྡོ་རྗེ་དང་རིན་པོ་ཆེས་བྱའོ། །ཡང་ན་སོར་མོ་ལྔས་ལེགས་པར་བཅེར་བས་ཀྱང་དགང་གཟར་བྱ་ཞིང་། སོར་ མོ་གསུམ་བཅེར་བས་བླུགས་གཟར་བྱའོ། །དགང་གཟར་གྱི་དབང་དུ་བྱས་པའོ། །ཡམ་ཤིང་ནི་པ་ལཱ་ཤ་དང་། ཨུ་དུམ་བཱ་ར་དང་། ཨ་མྲ་དང་། ཀ་དམ་པ་དང་། ཀསྨརྫྱ་དང་། ཨ་ཤྭཏྠ་དང་། པླཀྵ་དང་། ཤ་མི་དང་། ནྱ་གྲོ་དྷ་ལ་སོགས་པ་ཤིང་འོ་མ་ཅན་ལས་ གྲུབ་པ་འདབ་མ་དང་བཅས་པ་རླན་དང་བཅས་པ་མཉམ་པོར་བཅད་པ། རྩེ་མོའི་ཆ་ལས་བྱུང་བ་མཐོ་གང་ཙམ་ལ་རྩེ་མོ་གཉིས་སྦྲང་རྩི་དང་། འོ་མ་དང་མར་ལ་སྦགས་པ། དྲི་དཀར་པོའི་ཆུ་ལས་སྦངས་པ། རྩེ་མོ་ལོ་མ་གཉིས་དང་བཅས་པ་རྩེ་གཅིག་པས་དབུལ་བར་བྱའོ། ། སྙིང་པོ་དང་འདབ་མ་མེད་པ་དང་། རུལ་པ་དང་ཁོང་སྟོང་དང་། ཤུན་པགས་མེད་པ་དང་། ཐུང་ངུ་དང་། ཡོན་པོ་དང་། རྩེ་མོ་གཉིས་སུ་གས་པ་དང་། ཕྲ་བ་དང་། སྦོམ་པ་དང་། རིང་པོ་དང་། འབུས་ཟོས་པ་དང་། སྲོག་ཆགས་དང་བཅས་པ་ནི་སྤང་བར་བྱའོ། །ཞི་བ་ལ་ནི་ ནས་དང་། འོ་མ་དང་། ཞོ་དང་། འབྲས་ཡོས་དང་། ཏིལ་དང་། དཱུར་བ་དང་། ཀུ་ཤ་སྔོན་པོ་དང་། བིལ་བའི་ལོ་མ་དང་། ཙནྡན་དང་། ཕྲི་ཡང་ཀུའི་མེ་ཏོག་དང་། འབྲས་སཱ་ལུའི་ཆན་དང་། མེ་ཏོག་དཀར་པོ་དང་། ནཱ་ག་གེ་སར་དང་། ཐང་ཆུའི་དྲི་ཞིམ་པོ་དང་། སྤང་སྤོས་དང་། སྦྲང་རྩི་དང་མར་རྣམས་ལས་ཇི་སྙེད་པ་སྦྱིན་སྲེག་ལ་དབུལ་བར་བྱའོ། །རྒྱས་པ་ལ་ནི་ཡམ་ཤིང་དེ་ཉིད་ལས་དབུས་ཀྱི་ཆ་ལས་བྱུང་བའི་ཆང་པ་གང་གི་ཚད་ལས་དཔངས་སུ་ཁྲུ་གང་ཙམ་ལ། ཞོ་དང་འོ་མ་དང་མར་ལ་སྦགས་པ་སྤོས་ཆུ་སེར་པོས་སྦངས་ལ། མངར་ གསུམ་ལ་སྦགས་པ་དང་། ཟས་མཆོག་གི་གོང་བུ་དང་། ཞོ་དང་སྦྲང་རྩི་དང་། མར་དང་ལྡན་པ་དང་། ཏིལ་ནག་པོ་དང་། འབྲས་ཆན་ཞོ་དང་མར་དུ་བཅས་པ་དང་། ཤ་ཏ་པུཥྤ་དང་། བིལ་བའི་འབྲས་བུ་དང་། འབྲས་སཱ་ལུ་དང་། པདྨ་དང་། ནཱ་ག་གེ་ སར་དང་། ཀར་ནི་ཀ་ར་དང་། འབྲུ་རྣམས་དབུལ་བར་བྱའོ། །མངོན་སྤྱོད་ལ་ནི་ནིམ་པ་དང་། སེང་ལྡང་དང་། ཀོ་བི་ད་ར་དང་། བི་ལོ་ཏ་ཀ་དང་། མ་ད་ན་རྣམས་ཀྱིའམ། གཞན་ཡང་ཁ་བ་དང་ཚེར་མ་ཅན་དང་། ཚ་བའི་ཤིང་རྣམས་ཀྱིའམ། རོ་བསྲེགས་པའི་ མགལ་དུམ་ལ་རྩ་བའི་ཆ་ལས་བྱུང་བ་གས་པ་སོར་བཅུ་པ་རྩེ་མོ་གཉིས་དུག་དང་། ཁྲག་དང་ཉུངས་མར་ལ་སྦགས་ཤིང་རྩེ་མོ་རྣོ་བའི་ཡམ་ཤིང་དང་། ཡུངས་ཀར་དང་། ཡུངས་མར་དང་ཁྲག་དང་ལན་ཚྭ་དང་། སྐེ་ཚེ་དང་ནི་མ་པའི་ལོ་མ་དང་རོ་བསྲེགས་པའི་ཐལ་བ་དང་། རྐང་ རྗེས་ཀྱི་ས་དང་། བོང་བུ་དང་། རྔ་མོ་ལ་སོགས་པའི་རྟུག་པ་དང་། སྐྲ་བརྡུངས་པ་དང་། ཁྱིམ་བྱའི་སྒོ་ང་དང་། བྱ་རོག་ལ་སོགས་པའི་གཤོག་པ་དང་། བཤང་གཅི་དང་། ཚེར་མ་དང་། རུས་ཕྱེ་དང་། གླང་པོ་ཆེའི་ཤ་ལ་སོགས་པའི་ཇི་སྙེད་པ་དང་། རྫས་རེ་རེ་ལ་ ཁྲག་དང་དུག་ལས་བཏགས་ཤིང་སྦགས་པའི་རྫས་སམ་ཐལ་བ་དང་། སོལ་བ་དང་། ཕུབ་མ་ལ་སོགས་པ་ལས་དགྲ་བོའི་གཟུགས་བརྙན་བྱས་ལ། དུག་ལ་སོགས་པ་བསྐུས་ཏེ་བཅད་ཅིང་སྦྱིན་སྲེག་བྱའོ། །དབང་དུ་བྱ་བ་ལ་ནི་ཙམ་པ་ཀ་དང་། ཨ་ཤྭ་ཀ་དང་། བ་ཀུ་ ལ་དང་། པྲི་ཡང་ཀུ་དང་། ལ་ཀུ་ཙ་ལ་སོགས་པ་ནགས་ཀྱི་ལྕུག་མའི་ཡམ་ཤིང་སོར་ལྔ་པ་འདབ་མ་དང་བཅས་པའམ། སྐྱུར་ཞིང་དམར་བ་དང་། མེ་ཏོག་དང་འབྲས་བུ་གཞན་དང་། གཞན་དག་གམ། རང་གི་རྟོག་པ་ལས་བཤད་པའི་རྫས་རྣམས་དབུལ་བར་བྱའོ། ། དགུག་པ་དང་ཡང་དེ་དག་ཉིད་དམ། ཚེར་མ་ལྕགས་ཀྱུ་ལྟ་བུ་ཡོད་པའི་སྦྱིན་སྲེག་བྱའོ། །པ་ལཱ་ཤ་དང་། པླཀྵ་དང་། ཨུ་དུམ་བཱ་ར་དང་། སེང་ལྡེང་དང་། ཨརྐ་དང་། མེ་ད་དང་། བེ་ཏང་ཀ་ཏ་དང་། ཨ་མྲ་དང་། ཤ་མི་དང་། ཀས་མརྒ་དང་། ཨ་པ་མརྒ་ དང་། ཨ་ཤྭཏྠ་ལས་བྱུང་བ་གསར་ཞིང་རྩེ་མོ་མ་གས་པ། དྲང་པོ་མཐོ་གང་ཙམ་ལ་སྤོས་ཆུས་བྲན་པ། སེན་མོ་གཉིས་བཏགས་པའི་ཡམ་ཤིང་ལས་ཐམས་ཅད་པ་ལ་དབུལ་བར་བྱའོ། །གང་ཡང་ཞི་བ་དང་རྒྱས་པའི་སྲེག་རྫས་རྣམས་དང་། གང་ཡང་བདག་ཉིད་ཀྱི་ཁ་ ཟས་དེ་དག་ཐམས་ཅད་ཉིན་རེ་ཞིང་སྭཱ་ཧཱ་དང་བཅས་པར་རང་གི་ལྷ་ལ་རྟག་ཏུ་དབུལ་བ་དང་། མར་གྱིས་སྦགས་པའི་གུ་གུལ་ལམ། སཱ་ལའི་ཐང་ཆུས་ཡང་རང་གི་གསང་སྔགས་ཀྱི་དབྱེ་བས་སྦྱིན་སྲེག་བྱའོ། །དྲི་དང་མེ་ཏོག་ལ་སོགས་པའི་མཆོད་པའི་རྫས་རྣམས་ཀྱང་ ལས་དང་རྗེས་སུ་མཐུན་པར་རང་གིས་གསང་སྔགས་ཇི་ལྟ་བ་བཞིན་དུ་བཟླས་བརྗོད་བྱའོ། །སྲེག་རྫས་ཀྱི་དབང་དུ་བྱས་པའོ། །ཞི་བ་ལ་ནི་མཆོད་སྦྱིན་གྱི་ཤིང་རྣམས་ཀྱི་བུད་ཤིང་སྲོག་ཆགས་མེད་པ། ཐབ་ཁུང་ལས་ཅུང་ཟད་ཀྱིས་དམའ་བའམ། དགོན་པའི་བ་ལང་ གི་ལྕི་བས་བྱའོ། །རྒྱས་པ་ལ་ནི་དགོན་པའི་བ་ལང་གི་ལྕི་བ་མ་གཏོགས་པ་ཇི་སྐད་དུ་བཤད་པའི་བུད་ཤིང་འབྲས་བུ་དང་བཅས་པའོ། །མངོན་སྤྱོད་ལ་ནི་ཚ་བ་དང་། ཚེར་མ་ཅན་དང་། དྲི་ངན་པའི་ཤིང་རྣམས་སམ། དུར་ཁྲོད་པའམ། བོང་བུའམ་རྔ་མོའི་རྟུག་པ་ལ་ སོགས་པའམ། ཤིང་ཤིན་ཏུ་སྐམ་པས་བྱའོ། །དབང་དུ་བྱ་བ་ནི་ནི་མ་པ་དང་ཤིང་སྐྱུར་པོ་དང་། གཞན་ཡང་མེ་ཏོག་དང་བཅས་པར་བྱའོ། །དགུག་པ་ལ་ཚེར་མ་དང་བཅས་པས་སོ། །ལས་ཐམས་ཅད་པའི་བུད་ཤིང་ནི་ལས་དང་རྗེས་སུ་མཐུན་པས་བྱའོ། །བུད་ ཤིང་གི་དབང་དུ་བྱས་པའོ། །དེ་ནས་སྒྲུབ་པ་པོ་ཁྲུས་བྱས་ཤིང་ལུས་དྲི་ཞིམ་པོས་བསྒོས་པ། བྱམས་པ་དང་སྙིང་རྗེ་དང་ལྡན་པ་གོས་དཀར་པོ་གྱོན་ཏེ་ལས་དང་རྗེས་སུ་མཐུན་པར་འདོད་པའི་ལྷའི་རྣལ་འབྱོར་ནས་བསྲུང་བའི་ཆོ་ག་བྱས་ཤིང་བཟླས་པ་དང་། མི་སྨྲ་བས་ འཇམ་ཞིང་ཤིན་ཏུ་བདེ་བའི་སྟན་ལ་པདྨའི་འདུག་སྟངས་ཀྱིས་འདུག་པ། ནང་པར་ཁ་ཤར་དུ་བལྟས་ཏེ་བློས་བསྒྲུབ་པར་བྱ་བ་ལ་དམིགས་ནས་ཡར་གྱི་ངོའི་ཚེས་གཅིག་ནས་བརྩམས་ཏེ་ཞི་བའི་ཡིད་ཀྱིས་ཞི་བར་བྱའོ། །དེ་བཞིན་དུ་རྒྱས་པ་ལ་རྒྱན་དང་ཕྲེང་བ་སེར་པོ་དང་། གོས་སྣ་ཚོགས་དང་བཟང་པོའི་འདུག་སྟངས་ཀྱིས་འདུག་སྟེ། དགའ་བའི་ཡིད་ཀྱིས་བྱང་དུ་བལྟས་ནས། སྔ་དྲོ་ཟླ་བ་ཉ་ནས་བརྩམས་ཏེ་རྒྱས་པ་བྱའོ། །ཁྲོས་ཤིང་གོས་སྔོན་པོའམ་ཁྲག་གམ་ཆུས་གཤེར་བའི་གོས་བགོས་ཏེ། སྟན་སྲ་བ་ལ་ལྷོ་ ཕྱོགས་སུ་ཁ་བལྟས་ཏེ། འདུག་པའམ། བསྒྲུབ་པར་བྱ་བའི་གཟུགས་བརྙན་གྱི་བྲང་ལ་མནན་ཅིང་། སྟན་མེད་པར་རྐང་པ་གཡོན་པས་མནན་ཏེ། སོས་སོ་བཅའ་ཞིང་མིག་མི་གཡོ་བ་དང་། གཉེར་མ་བསྡུས་པས་ཟླ་བ་མར་གྱི་ངོའི་མི་ཟད་པའི་ཉིན་ཞག་གང་ ཡང་རུང་བ་ལ། ཁྲོ་བ་ཉིད་ཚད་མར་བྱ་སྟེ། ཉི་མ་ཕྱེད་དམ། ནམ་ཕྱེད་ན་མངོན་སྤྱོད་བྱའོ། །དམར་ཞིང་རྒྱན་དམར་པོ་ལ་སོགས་པ་དང་། ནུབ་ཕྱོགས་སུ་ཁ་བལྟས་ཤིང་སྟན་མཐོན་པོ་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། དབང་གི་ལས་བྱའོ། །དགུག་པ་ལ་ ཡང་དེ་དང་འདྲ་སྟེ། འོན་ཀྱང་ཁ་སྟེང་དུ་ལྟ་བའི་ལྷའི་སྦྱོར་བའམ། ནུབ་ཏུ་བྱའོ། །སྒྲུབ་པ་པོའི་དབང་དུ་བྱས་པའོ། །ཞི་བ་ལ་ནི་གསེར་རམ་དངུལ་ལམ་རྡོའམ། ཟངས་སམ་ཤིང་ངམ་ས་ལས་བྱས་པའམ། དུང་ཕོར་དང་ཉ་ཕྱིས་སམ་ལོ་མ་ལས་བྱས་པའི་མཆོད་ཡོན་གྱི་སྣོད་ ལ་ནས་དང་བཅས་པའི་འོ་མ་དྲི་དཀར་པོ་ལ་སོགས་པ་དང་། ཆུ་བཅུག་པ་སྤོས་ཀྱིས་བདུགས་ཏེ། རང་གི་ལྷའི་སྔགས་ཀྱི་མཐར་སྭཱ་ཧཱ་དང་བཅས་པ་དང་བཟླས་བརྗོད་བྱའོ། །དེ་བཞིན་དུ་རྒྱས་པ་ལ་ནི་དྲི་ལ་སོགས་པ་སེར་པོ་དང་ཆུ་དང་ཏིལ་དང་བཅས་པའི་ཞོ་ལ་མཐར་ཨོཾ་ དང་བཅས་པས་བཟླས་བརྗོད་བྱའོ། །མངོན་སྤྱོད་ལ་ནི་གནག་ཅིང་དྲི་མི་ཞིམ་པའི་དྲི་ལ་སོགས་པ་དང་། ཆུ་དང་ཁྲག་དང་བཅས་པ་དང་། ཀོ་ཏྲ་པ་དང་བའི་གཅིན་ལས་མཐར་ཕཊ་དང་བཅས་པས་བཟླས་བརྗོད་བྱའོ། །དབང་ལ་ནི་དྲི་དམར་པོ་ལ་སོགས་པ་དང་ཆུ་བཅུག་ པ་ལ་མཐའ་མར་ཧོ་དང་བཅས་པའོ། །དེ་བཞིན་དུ་དགུག་པ་ལ་ནི་མཐའ་མར་ཡི་གེ་ཛཿདང་བཅས་པའི་རང་གི་སྔགས་ཀྱི་མཐའ་མར་སྭཱ་ཧཱ་དང་བཅས་པ་དང་། དེ་ཉིད་ཀྱིས་སྔགས་ཀྱི་བཟླས་བརྗོད་ལན་བདུན་དུ་བྱའོ། །ཐམས་ཅད་དུ་ཡང་དྲི་དང་མེ་ཏོག་དང་། ཏིལ་དང་ ཀུ་ཤ་དང་། འབྲས་ཡོས་དང་། ཆུ་རྣམས་ལས་ཇི་སྙེད་པ་ལས་ཀྱི་རྗེས་སུ་མཐུན་པར་གཞུག་པར་བྱའོ། །མཆོད་ཡོན་གྱི་དབང་དུ་བྱས་པའོ། །དེ་ནས་ཞི་བ་དང་རྒྱས་པ་དང་དབང་དུ་བྱས་པའི་ལས་རྣམས་ལ། རྡོ་རྗེ་རྩེ་མོ་དང་རྡོ་རྗེ་གནོད་སྦྱིན་དག་ཡོངས་སུ་བཟླས་ ལ། ལས་ཐམས་ཅད་པའི་ཆུའི་སྣོད་དང་། མཆོད་ཡོན་གྱི་སྣོད་རང་གི་གཡོན་ཕྱོགས་སུ་བཞག་ལ། དེ་དག་ཉིད་ལེགས་པར་བཟླས་པའི་ཆུ་ལག་པ་གཡས་པས་བླངས་པས་བསངས་ལ། ཡམ་ཤིང་དང་བུད་ཤིང་ལ་སོགས་པ་སྲེག་རྫས་རྣམས་ནི་རང་གི་གཡས་སུ་ གཞག་པར་བྱའོ། །བསད་པ་དང་བསྐྲད་པ་དང་དགུག་པ་ལ་སོགས་པའི་ལས་རྣམས་ལ་ནི་བསང་གཏོར་དང་གཞག་པའི་གོ་བཟློག་སྟེ་བྱའོ། །ཨོཾ་བཛྲ་ཡཀྵ་ཧཱུྃ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཏེ། འདིའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། མཐེའུ་ཆུང་གཉིས་ ཆེ་བར་བྱ་སྟེ། ཁའི་ཐད་དཀར་གཞག་པའོ། །ཨོཾ་བཛྲ་ཤི་ཁ་རེ་རུ་ཊ་མ་ཊ། རྡོ་རྗེ་རྩེ་མོའི་སྔགས་ཏེ། འདིའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་རི་བོ་འདེགས་པའི་ཚུལ་དུ་བྱའོ། །རྫས་བཞག་པའི་ཚུལ་དུ་བྱས་པའོ། །ཞི་བ་ལ་ནི་ཤིང་འོ་མ་ཅན་དང་། དགོན་པ་ལས་བྱུང་ བའི་མེའམ། རྒྱུན་བཞག་པའི་མེས་བྱའོ། །རྒྱས་པ་ལ་ནི་རྒྱལ་པོའམ་རྒྱལ་རིགས་ཀྱི་ཁྱིམ་ནས་བྱུང་བའམ། གཙུབ་ཤིང་གི་མེའམ། ནགས་ཚིག་པའི་མེས་བྱའོ། །དྲག་པོ་ལ་ནི་དུར་ཁྲོད་པའམ། རྡོ་ལས་བྱུང་བའམ་གདོལ་བའི་ཁྱིམ་ལས་བྱུང་བས་བྱའོ། །དབང་ལ་རྗེའུ་ རིགས་སམ་སྨད་འཚོང་གི་ཁྱིམ་ནས་བྱུང་བས་བྱའོ། །དགུག་པ་ལ་ནི་གར་མཁན་ནམ་རོལ་མོ་མཁན་ནམ་ལམ་ཀའི་མེས་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་དང་ཕྱག་རྒྱས་མེ་རྣམ་པར་སྦྱངས་ཏེ། དེ་བཟླས་པའི་ཆུ་དང་ཀུ་ཤ་བླངས་ནས། བསྐོར་ཞིང་ལན་གསུམ་བསང་གཏོང་ བྱས་པའི་ཐབ་དུ་གཙང་ཞིང་ཤིན་ཏུ་སྐམ་པའི་རྩ་བ་དང་བཅས་པའི་ཤིང་བཅུག་ལ། རླུང་ཡབ་ཀྱི་རླུང་གིས་སྦར་བར་བྱའོ། །ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། མེ་སྦར་བའི་སྔགས་སོ། དེ་ནས་རིགས་ཀྱི་སྙིང་པོ་ལེན་བདུན་བཟླས་པའི་མར་གྱིས་སྦར་བར་བྱའོ། །ཨོཾ་བཛྲ་སཏྭ་ ཨཱཿཞེས་བྱ་བ་འདི་བཟླས་པའི་ཀུ་ཤ་གསར་པ་སྔོ་ལྗང་མ་གས་ཤིང་འདབ་མ་མ་གྲུགས་པ། ཧ་ཅང་མི་རིང་བ་ཁ་ཁྱེར་ལ་ཁ་ཤར་དུ་བལྟས་པ་དང་། ཁ་ལྷོར་བལྟས་པ་དང་། ནུབ་ཏུ་བལྟས་པ་དང་། ཁ་བྱང་དུ་བལྟས་པས་གཞག་གོ། །དེ་ནས་ཐབ་ཁུང་ ཀུ་ཤའི་རྩེ་མོ་ཤར་དུ་བལྟས་པས་གཡོག་གོ། །དེ་ནས་རང་གི་ལྷའི་ཆོས་ཀྱི་ཡི་གེ་ལས་ཐབ་ཁུང་བསྐྱེད་ལ། དེའི་དབུས་སུ་ཡི་གེ་རཾ་གྲུ་གསུམ་དང་བཅས་པའི་སྟེང་དུ་ཨོཾ་ལས་བྱུང་བའི་པདྨ་ལ་གནས་པའི་ཡི་གེ་རཾ་ལས་བྱུང་བའི་མེ་ལྷ་ལས་ཀྱི་རྗེས་སུ་མཐུན་པའི་གོས་ དང་རྒྱན་དང་གདན་དང་ལྡན་ཞིང་འབར་བའི་ཕྲེང་བ་ཅན་གསུས་ཁྱིམ་ཆེ་བ་རྡོ་རྗེ་རྩེ་གསུམ་དང་ཕྲེང་བ་དང་དབྱུག་པ་དང་། གུནྡྷེ་འཛིན་པའི་རྡོ་རྗེ་བསམས་ལ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་ང་རྒྱལ་དང་ལྡན་པས་མཛུབ་མོ་དང་། མཐེའུ་ཆུང་ལྕགས་ཀྱུར་བཅིངས་ ཏེ། རྡོ་རྗེ་ཁུ་ཚུར་བླ་འོག་ཏུ་བྱས་པའི་འདོད་པའི་རྒྱལ་པོའི་ཕྱག་རྒྱ་འདི་དང་། ཧཱུྃ་ཊཀྐི་ཛཿཞེས་བྱ་བའི་སྔགས་དང་བཅས་པ་དང་། ཕྱི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་དང་ཕྱག་རྒྱས་ཐབ་ན་གནས་པའི་རང་གི་གཟུགས་ལ་དགུག་པ་དང་། གཞུག་པ་དང་བཅིང་ བ་དང་དབང་དུ་བྱས་ལ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་དང་། བསྲུང་བ་བྱས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ངེས་པར་བཙིར་བའི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་དང་། ཨོཾ་བཛྲ་སནྡྷི་བཾ་ཞེས་བྱ་བའི་སྔགས་དང་བཅས་པ་དང་། ཕྱོགས་དང་དཀྱིལ་འཁོར་བཅིངས་པ་ལ་སོགས་ པ་བྱས་ཏེ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བ་དང་། མེ་རང་གི་སྔགས་ཀྱིས་གདན་བསྟབས་ལ། གཡས་པའི་ཁུ་ཚུར་གྱི་སོར་མོ་ཐམས་ཅད་བཀུག་ལ། མཐེ་བོང་དང་མཛུབ་མོ་རྩེ་སྦྱར་བས་མེ་ཏོག་བླངས་ཏེ། ཞབས་བསིལ་དབུལ་ཞིང་སོར་མོ་རྣམས་བརྐྱང་བ་ནི་ཞབས་བསིལ་ བའི་ཕྱག་རྒྱ་སྟེ། སྔགས་ནི་ཨོཾ་པྲ་བ་ར་སཏྐཱ་ར་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་བྱའོ། །དེ་ནས་ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གཡས་པ་འབར་བ་ལྟར་བསྟན་པ་ནི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་ཨ་ན་ལ་མཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་བྷསྨི་ཀུ་རུ་ སརྦ་དུཥྚཱཾ་ཧཱུྃ་ཕཊ་དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ་ཨ་ཧཾ་ཞེས་བརྗོད་ལ། མཐར་ཡང་མེའི་དྲུང་དུ་སྔགས་འདི་ལན་གསུམ་དུ་བརྗོད་དོ། །ཡང་ལྕེ་ལ་རྡོ་རྗེ་དཀར་པོ་རྣམ་པར་བསམས་ལ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཅེས་བྱ་བའི་མེའི་ཆོས་ཀྱི་ཕྱག་རྒྱ་དགོད་དོ། །དེ་ནས་སྙིང་གར་ཡི་གེ་ཨ་ ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་བསམས་ལ། གར་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ཉིད་མེའི་ལས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོ་ཡི་གེ་ཧཱུྃ་ལས་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྣམ་པར་བསམས་ཏེ། སྔར་བཤད་པའི་རྡོ་རྗེ་ལ་སོགས་པའི་བདག་ཉིད་ཅན་གྱི་ཕྱག་རྒྱ་ཆེན་པོའོ། ། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བྱ་བའི་སྔགས་ཀྱིས་དབང་བསྐུར་རོ། །འདིའི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་ཉིད་ལས་མཐེ་བོ་མཉམ་སྟེ་བསྒྲེངས་ལ། མཛུབ་མོ་དང་རྩེ་སྦྱར་ནས་རྡོ་རྗེ་རིན་པོ་ཆེ་ལྟར་བྱས་པའོ། །རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། ། དམ་ཚིག་འདས་ན་མྱུར་དུ་ནི། །རིགས་ཀྱང་ཐལ་བར་བྱེད་པར་འགྱུར། །ཨོཾ་ཧ་ན་ས་མ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་དམ་ཚིག་ལ་གཞག་པར་བྱའོ། །འདིའི་ཕྱག་རྒྱ་ནི་རྡོ་རྗེ་སེམས་མ་བསྟན་པར་བྱས་ལ། མཛུབ་མོ་གཉིས་བཀུག་སྟེ་གུང་མོ་དང་སྦྱར། མཐེ་བོང་ གཉིས་དང་མཐེ་ཆུང་གཉིས་གཤིབས་ཏེ། རྡོ་རྗེའི་རྩེ་མོ་རྣོན་པོ་ལྟར་བྱ་བ་ནི་དམ་ཚིག་འཛིན་པའི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་བསྲུང་བ་བསྟན་པར་བྱས་ལ། རྡོ་རྗེ་བཅིང་བ་ཡང་བསྡམ་པར་བྱའོ་ཞེས་བྱ་བའི་ཕྱག་རྒྱ་དང་། ཨོཾ་བཛྲ་བནྡྷ་ཧཾ་ཞེས་བྱ་བའི་སྔགས་དང་བཅས་ པས་བདག་གིས་མངོན་པར་འདོད་པའི་བྱ་བ་འདི་མཛོད་ཅིག་ཅེས་རང་གི་བསྒོ་བ་ངེས་པར་སྦྱར་བར་བྱའོ། །དེ་ནས་མཆོད་ཡོན་ཕུལ་ལ། ལས་དང་རྗེས་སུ་མཐུན་པའི་དྲི་ལ་སོགས་པའི་མཆོད་པ་དང་། སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་རྣམས་ཀྱིས་ཡང་དག་ པར་མཆོད་ལ། རྡོ་རྗེ་གནོད་སྦྱིན་གྱིས་ལན་གསུམ་བསངས་ཏེ། གཡས་པའི་ཁུ་ཚུར་གྱི་མཐེ་བོས་རང་གི་མཛུབ་མོའི་རྩེ་མོ་མནན་ལ་བརྐྱང་བ་དབྱེ་སྟེ། ཕྱག་རྒྱ་འདི་དང་མེ་ལྷའི་སྔགས་ཀྱིས་ལས་ཐམས་ཅད་པ་བཟླས་པའི་ཆུ་དང་ལག་པར་འཐོར་འཐུང་ལན་ གསུམ་བྱིན་ཏེ། དེའི་ལྕེ་དང་དགང་གཟར་དང་། བླུགས་གཟར་གྱི་ཁ་ལ་རང་གི་ཡི་དམ་གྱི་ལྷའི་ས་བོན་རྣམ་པར་བཀོད་དེ། པུས་མོ་གཉིས་ཀྱི་བར་དུ་ལག་པ་བཞག་ནས་དང་པོར་བླུགས་གཟར་གྱིས་མར་གྱི་དགང་བླུགས་གསུམ། ཞི་བ་དང་དབང་ དང་རྒྱས་པ་དང་དགུག་པའི་ལས་རྣམས་ལ་ནི་ཞལ་ཅུང་ཟད་གདངས་པར་དབུལ་བར་བྱའོ། །དྲག་པོ་ལ་ནི་ཤིན་ཏུ་ཞལ་གདངས་པར་དུག་དང་བཅས་པའི་ཡུངས་མར་དང་། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ། སརྦཾ་བྷསྨི་ཀུ་རུ་སརྦཾ་དུཥྚཱཾ་ཧཱུྃ་ཕཊ། ཅེས་བྱ་བའི་མེའི་སྔགས་ ཀྱིས་སམ། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་བ་ཧྣཱ་ཡེ། དི་བྱ་དི་བྱ་ཏི་པ་མེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནས་བགེགས་མེད་པ་དང་། བགེགས་དང་བཅས་པའི་མེ་འབར་བའི་མཚན་མ་ལ་བརྟག་པར་བྱ་སྟེ། འཇའ་དང་འདྲ་ཞིང་མདོག་སྡུག་དང་། །བྱི་རུ་བཅག་ པ་ལྟ་བུ་དང་། །གཡས་སུ་འཁྱིལ་ཞིང་ཤིན་ཏུ་སྣུམ། །ཨིནྡྲ་གོ་བའི་མདོག་འདྲ་དང་། །ལེ་བརྒན་རྩི་དང་བཻ་ཌཱུརྱའི། །མདོག་འདྲའི་དབྱིབས་ནི་བླུགས་གཟར་དང་། །རྩེ་གསུམ་རྡོ་རྗེ་པདྨ་དུང་། །ཉ་དང་དཔལ་བེའུ་རྔ་ཡབ་དང་། །རྒྱལ་མཚན་གདུགས་སོགས་བུམ་པ་དང་། །གཡུང་དྲུང་ལྟ་ བུར་འབྱུང་བ་དང་། །གླིང་བུ་རྫ་རྔ་ལྟར་ཟབ་དང་། །དྲི་ཞིམ་ཡིད་དུ་འོང་བ་དང་། །གསེར་དང་དངུལ་འདྲ་དྲི་མ་མེད། །ཉི་མ་འབར་འདྲ་དྲི་མེད་པའོ། །ཞི་ལ་ཁ་དོག་དཀར་པོར་སྣང་། །རྒྱས་པ་ལ་ནི་གསེར་འདྲ་ཞིང་། །རྗེས་སུ་ཆགས་ལ་དམར་པོར་སྣང་། །མངོན་སྤྱོད་ལ་ནི་སྔོ་ དང་གནག །སྒྲུབ་པ་པོས་ནི་མདོར་བསྡུས་ན། །གཞན་ཡང་རྩེ་གཅིག་མཆོག་ཡིན་ཏེ། །རྩེ་གཉིས་པ་ནི་འབྲིང་དུ་བཤད། །རྩེ་གསུམ་ཐ་མར་ཤེས་པར་བྱའོ། །དུ་བ་མང་ཞིང་རྣམ་པར་འཕྲོ་དང་བཅས། །འབར་བར་དཀའ་ཞིང་ཅུང་ཟད་ལྡང་བ་དང་། །མེ་ལྕེ་རྣམ་པར་ཆད་ ཅིང་གཟི་བརྗིད་མེད། །རྩུབ་ཅིང་གནག་པ་བ་ལང་ཤ་ཡི་མདོག །མདུང་དང་ཞིབ་མ་ལྟ་བུ་ཉིད་དང་ནི། །དེ་བཞིན་བ་ལང་མགོ་བོ་ལྟ་བུ་དང་། །མི་རེའི་དྲི་དང་དྲི་མི་ཞིམ་པ་དང་། །བུང་བུའི་དྲི་དང་དེ་བཞིན་དྲི་ངན་དང་། །སྦྱིན་སྲེག་བྱེད་པས་འབར་བས་གདུངས་པ་དང་། མེ་ལྕེ་རྣམ་པར་དགོད་ཅིང་གཡོ་བ་རྣམས། །དེ་ལྟར་བགེགས་དང་བཅས་པར་ཤེས་ནས་ནི། །སྔ་མ་བཞིན་དུ་བསང་གཏོར་བྱས་པས་ཞི། །རྡོ་རྗེ་གནོད་སྦྱིན་གྱི་སྔགས་དང་ཕྱག་རྒྱས་རྣམ་པར་སྦྱངས་ལ་བསྲུང་བར་བྱ། །དེ་ཉིད་ཀྱི་མཐའ་མར་གྱི་སྲེག་བླུགས་བདུན་དབུལ་བར་ བྱའོ། །ཡང་རང་གི་གསང་སྔགས་ཀྱིས་བསངས་ལ། དགང་གཟར་དང་། དགང་བླུགས་གསུམ་མམ་བདུན་ནམ་གཅིག་མེ་ལྷའི་རང་གི་སྔགས་ཀྱིས་ཕུལ་ལ་བླུགས་གཟར་ལ་སོགས་པས་མར་གྱི་སྲེག་བླུགས་གསུམ་མམ་བདུན་དབུལ་བར་བྱའོ། །འདིར་རིམ་པ་ནི། འབར་བའི་མེ་ལ་ཡམ་ཤིང་སྟེ། །དེ་ནས་མར་དང་དེ་འོག་ཏིལ། །དེ་ནས་འབྲས་ཆན་ལ་སོགས་པ། །ཆོ་ག་འདི་ནི་མདོར་བསྡུས་པའོ། །དེ་ལ་ཞུ་བའི་རྫས་ཐམས་ཅད་ནི་ཞལ་དུའོ། །ཡམ་ཤིང་དང་ནི་མི་རུས་ཀྱི་ཕྱེ་མ་ལ་སོགས་པ་ནི་འོད་ཀྱི་དཀྱིལ་འཁོར་དུའོ། །ཞོ་དང་ འབྲས་ཆན་དང་བཟའ་བ་དང་། ཏིལ་ལ་སོགས་པ་ནི་ཕྱག་ཏུའོ། །དྲི་ནི་ཐུགས་ཀར་རོ། །མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་འོད་འཕྲོ་བ་ལའོ། །ཞབས་བསིལ་ནི་ཞབས་ལའོ། །མར་མེ་དང་མཆོད་ཡོན་ནི་མདུན་དུ་དབུལ་བར་བྱ་སྟེ། མཆོད་ཡོན་གྱི་ཆུ་ནི་སྣོད་དུ་ བླུགས་པར་བྱའོ། །དེ་ནས་འཐོར་འཐུང་དང་། བསང་གཏོར་བྱས་ལ་མེའི་ཐབ་ཁུང་དུ་འབར་བའི་རྣམ་པར་བསམ། རང་གི་གཟུགས་སུ་མེའི་ཕྱོགས་སུ་གཞག་པར་བྱའོ། །མེའི་དབང་དུ་བྱས་པའོ། །དེ་ནས་སྦྱིན་སྲེག་གི་ཡོ་བྱད་རྣམས། རྡོ་རྗེའི་རྩེ་མོས་སྔ་མ་ བཞིན་དུ་བསངས་ལ། ཞི་བ་ལ་ནི་མེའི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་པ། ཞི་ཞིང་ན་བཟའ་དཀར་པོ་བསྣམས་ཤིང་རྒྱན་གྱིས་བརྒྱན་པའོ། །པདྨ་དཀར་པོ་ལ་བཞུགས་པའོ། །བཛྲ་དྷཱ་ཏུ་སྭཱ་ཧཱ། ཞེས་བྱ་བ་འདིས་ བསམ་པར་བྱའོ། །དེ་བཞིན་དུ་རྒྱས་པ་ལ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ། ན་བཟའ་དང་རྒྱན་སེར་པོ་མངའ་བ་དང་པདྨ་སེར་པོའི་གདན་ལ་བཞུགས་པ། དགྱེས་ཤིང་ཐུགས་རངས་པས་མཆོག་སྩོལ་བ། བཛྲ་རཏྣ་དྷཱ་ཏུ་ཨོཾ་ཞེས་བསམ་པར་བྱའོ། ། དེ་བཞིན་དུ་མངོན་སྤྱོད་ལ་ནི་རྡོ་རྗེ་གནོད་སྦྱིན་སྐུ་མདོག་གནག་ཅིང་རྒྱན་དང་ན་བཟའ་ནག་པོ་མངའ་བ། ཁྲོས་པས་པདྨ་སྔོན་པོ་ལ་བཞུགས་པ། ཡི་གེ་ཧཱུྃ་ལས་བསམ་པར་བྱའོ། །དབང་དུ་བྱ་བ་ལ་ནི་རྡོ་རྗེ་ཆགས་པ་ཐམས་ཅད་དམར་པོ་ཡི་གེ་ཧོ་ལས་བསམ་ པར་བྱའོ། །དེ་བཞིན་དུ་དགུག་པ་ལ་ནི་རྡོ་རྗེ་རྒྱལ་པོའི་ཡི་གེ་ཛཿལས་བསམ་པར་བྱའོ། །ཡང་ན་ཐམས་ཅད་དུ་རང་གི་ལྷག་པའི་ལྷ་ཉིད་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ། །དེ་ནས་ཕྱི་རོལ་གྱི་བསྡུ་བ་དང་། མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་ལ། ཐབ་ལ་ གནས་པའི་གཟུགས་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་དང་། བགེགས་བསལ་ཞིང་བསྲུང་བ་དང་། ཕྱོགས་བཅིང་བ་ལ་སོགས་པ་བྱས་ལ། མཆོད་ཡོན་དང་ཞབས་བསིལ་ཕུལ་ཏེ་ཕྱག་རྒྱ་བཞིས་རྒྱས་བཏབ་པ་དང་། དབང་བསྐུར་བ་དག་ཇི་ལྟ་བ་བཞིན་ དུ་རང་གི་རྒྱུད་ལས་གསུངས་པའི་ཆོ་གས་བྱའོ། །དེ་ནས་ཞི་བ་ལ་ནི་བཛྲ་གནྡྷེ་ཞེས་བྱ་བ་དང་། དྲི་ཞིམ་པོ་དཀར་པོ་དང་། བཛྲ་པུཥྤེ་ཞེས་བྱ་བ་དང་། དཀར་ཞིང་དྲི་ཞིམ་པའི་མེ་ཏོག་དང་། བཛྲ་དྷཱུ་པེ་ཞེས་བྱ་བ་དང་། སྙིང་པོ་དཀར་པོའི་བདུག་སྤོས་དང་། བཛྲ་དཱི་པེ་ཞེས་བྱ་བ་དང་། བའི་མར་གྱི་མར་མེ་དང་། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ་ཅེས་བྱ་བ་དང་། ཁ་ཟས་དཀར་གསུམ་མངོན་པར་བསྔགས་པ་དང་། མཐར་རང་གི་སྔགས་ཀྱིས་ཀྱང་མཆོད་པར་བྱའོ། །རྒྱས་པ་ལ་སོགས་པ་ཡང་དེ་དག་ཉིད་ལས་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པའི་ ཁ་དོག་དང་ལྡན་པའི་མཆོད་པ་རྣམ་པ་ལྔས་མཆོད་པར་བྱའོ། །དྲག་པོ་ལ་གནག་ཅིང་དྲི་མི་ཞིམ་པའི་དྲི་དང་། བིལ་བ་དང་ཨརྐ་དང་། རྒྱ་སྐྱེགས་ལ་སོགས་པའི་མེ་ཏོག་དང་། སརྫ་ར་ས་ལ་སོགས་པའི་སྤོས་དང་། མི་དང་ཉ་ལ་སོགས་པའི་ཞག་གི་མར་མེ་དང་། ཁ་བ་དང་ ཚ་བ་ལ་སོགས་པའི་ཡིད་དུ་མི་འོང་བའི་བྱེ་བྲག་ཅན་རྣམས་དབུལ་བར་བྱའོ། །དེ་ནས་སྒེག་མོ་ལ་སོགས་པའི་མཆོད་པ་རྣམ་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ལ། མཆོད་ཡོན་དང་འཐོར་འཐུང་དང་བསང་གཏོར་དག་བྱས་ལ། ལྕེ་ལ་ཡི་གེ་ཧཱུྃ་རྣམ་པར་བཀོད་དེ། རང་གི་ སྔགས་ཀྱིས་དགང་བླུགས་སྔ་མ་བཞིན་དུ་ཕུལ་ཏེ། རྫས་ཐམས་ཅད་ལས་རེ་རེ་ཞིང་སྦྱིན་སྲེག་ལན་གསུམ་དབུལ་བར་བྱའོ། །ཞི་བ་ལ་ནི་དགང་གཟར་དང་བླུགས་གཟར་བྱང་ཆུབ་མཆོག་གིས་གཟུང་ངོ་། །རྒྱས་པ་ལ་ནི་རིན་པོ་ཆེའི་ཁུ་ཚུར་གྱིས་སོ། །མངོན་སྤྱོད་ལ་ནི་གཡོན་ པའི་ཁྲོ་བོའི་ཁུ་ཚུར་གྱིས་སོ། །དབང་དུ་བྱ་བ་དང་དགུག་པ་ལ་ནི་པདྨའི་ཁུ་ཚུར་གྱིས་སོ། །གཞན་དག་ལ་ནི་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཞི་བ་ལ་ནི་རང་གི་སྔགས་ཀྱི་མཐར་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླས་སོ། །དེ་བཞིན་དུ་རྒྱས་པ་ལ་མཐའ་མར་ཨོཾ་དང་ སྦྱར་རོ། །མངོན་སྤྱོད་ལ་ནི་མཐའ་མར་ཕཊ་དོ། །དབང་དུ་བྱ་བའི་མཐའ་མར་ཡི་གེ་ཧོཿའོ། །དགུག་པ་ལ་ནི་མཐའ་མར་ཡི་གེ་ཛཿསྟེ། བསྐུལ་བའི་ཚིག་དང་ལྡན་པར་བརྗོད་ལ། སྦྱིན་སྲེག་བརྒྱའམ་སྟོང་ངམ་དཔག་ཏུ་མེད་པ་བྱའོ། །ཐམས་ཅད་དུའམ། དེ་བཞིན་དུ་ ཞི་བའི་ཐབ་ལ་ནི་ཏིལ་གྱིས་སྦྱིན་སྲེག་དང་ཞི་བའི་སྔགས་ཨོཾ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་བྱའོ། །དེ་བཞིན་དུ་རྒྱས་པའི་ཆོ་ག་ལ་ནི་འབྲས་ཀྱི་སྦྱིན་སྲེག་དང་། རྒྱས་པའི་སྔགས་ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཞེས་བྱའོ། །དེ་བཞིན་དུ་ལས་ཐམས་ཅད་པའི་ཐབ་ཁུང་དུ་བཅོམ་ལྡན་འདས་ འོད་དཔག་ཏུ་མེད་པ་བསམས་ལ། ཚེ་འཕེལ་བར་བྱ་བའི་ཕྱིར། དཱུར་བའི་མྱུ་གུ་མར་ལ་སྦགས་པའི་སྦྱིན་སྲེག་སྔགས་འདིས་བྱ་སྟེ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དེ་ཉིད་དུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དེ་བཞིན་དུ་བསམས་ལ། བསྲུང་བ་བྱ་བའི་ཕྱིར་ཏིལ་མར་ལས་བཏགས་པ་ ཀུ་ཤའི་མྱུ་གུའི་སྦྱིན་སྲེག་སྔགས་འདིས་བྱ་སྟེ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཞེས་བྱ་བ་བརྗོད་ལ་སྦྱིན་སྲེག་བརྒྱ་འམ་སྟོང་ངམ་དཔག་ཏུ་མེད་པ་བྱ་སྟེ། འདི་ལྟར་ཐམས་ཅད་དུ་ཡང་རང་གི་བསྐུལ་བའི་ཚིག་ཇི་ལྟ་བ་དང་། རང་དང་གཞན་གྱི་རྟོག་པའི་ཆོ་ག་ཇི་ལྟ་བས་སྦྱིན་སྲེག་བྱས་ལ། མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་མུཥྚི་བཾ། ཞེས་བྱ་བ་དང་། རིགས་ཀྱི་སྙིང་པོ་ལན་གསུམ་མམ། བདུན་ནམ། ཉི་ཤུ་རྩ་གཅིག་གི་བར་དུ་མར་གྱི་སྦྱིན་སྲེག་གིས་གཟི་བྱིན་བསྐྱེད་པར་བྱའོ། །དེ་ནས་ཐ་མར་རིགས་ཀྱི་བདག་པོ་བཟླས་པའི་དགང་བླུགས་དང་མཆོད་ཡོན་དབུལ་བར་བྱའོ། །དེ་ ལ་ཨོཾ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་སྙིང་པོའོ། །ཡང་ཧཱུྃ་ཧྲཱིཿཏྲཱཾ་ཨ་ཞེས་བྱ་བ་ནི་ལྷག་མ་རྣམས་ཀྱིའོ། །དེ་ནས་བསང་གཏོར་དང་འཐོར་འཐུང་ལན་གསུམ་ཕུལ་ལ། མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་དེ། མཆོད་པ་ཐམས་ཅད་ཀྱིས་ སྔ་མ་བཞིན་དུ་ཡང་དག་པར་ལེགས་པར་མཆོད་ནས་མཆོད་ཡོན་ཕུལ་ཏེ། ཡང་དག་པར་བཟླས་ལ་ཡི་གེ་བརྒྱ་པ་བརྗོད་ནས། ཨོཾ་ཁྱེད་ཀྱིས་འགྲོ་བའི་དོན་ཀུན་མཛད། །ཅེས་བྱ་བ་ལ་སོགས་པས་བསྐུལ་ལ། རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། གྱེན་དུ་བཀྲོལ་ཏེ་རང་གི་ སྔགས་ཐ་མ་ཡི་གེ་མུཿདང་བཅས་པར་བརྗོད་པར་བྱའོ། །ལྷའི་དབང་དུ་བྱས་པའོ། །དེ་ནས་མེ་ལྷ་ཐབ་ཏུ་བསམས་ལ་ཡང་ལེགས་པར་མཆོད་ཅིང་བསང་གཏོར་དང་འཐོར་འཐུང་བྱ་སྟེ། སྦྱིན་སྲེག་གི་ཡོ་བྱད་ལྷག་མ་རྣམས་ཕུལ་ལ་ཐ་མར་དགང་བླུགས་དང་འཐོར་འཐུང་ཇི་ ལྟ་བ་བཞིན་དུ་ཕུལ་ཏེ། བསངས་ལ་མཆོད་ཅིང་མཆོད་ཡོན་ཕུལ་ནས་མངོན་པར་འདོད་པའི་དངོས་གྲུབ་གསོལ་བ་བཏབ་ལ། བཛྲ་སཏྭ་ཞེས་སྔ་མ་བཞིན་དུ་ཟློས་ཤིང་ཕྱག་རྒྱ་དགྲོལ་བ་ལ་སོགས་པ་བྱས་ནས། སྔ་མ་བཞིན་དུ་གཤེགས་སུ་གསོལ་ཏེ། ཨོཾ་ཧཱུྃ་མུཿཞེས་བརྗོད་ལ། ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ། གྱེན་དུ་བཀྲོལ་ལ་གཤེགས་སུ་གསོལ་ལོ། །དེ་ལྟར་ཉིན་རེ་ཞིང་རྟག་ཏུ་ཐུན་གསུམ་མམ། ཐུན་བཞིར་བྱ་བའམ། ཇི་སྲིད་རང་དང་གཞན་ཞི་བ་ལ་སོགས་པར་གྱུར་གྱི་བར་དུ་བྱའོ། །འདིར་གསུངས་པ། ན་བའི་དོན་དུ་ཞི་བ་བྱ། །འབྱོར་པའི་ དོན་དུ་རྒྱས་པ་བྱ། །གདུག་པ་ཀུན་ལ་གསོད་པ་སྟེ། །དབང་ལ་སོགས་པ་ཕན་ཕྱིར་རོ། །ཐབ་དང་དགང་གཟར་བླུགས་གཟར་རྫས། །ཤིང་དང་བསྒྲུབ་པའི་རྫས་རྣམས་དང་། །རྫས་བསང་དགོད་དང་མེ་སྦྱངས་དང་། །བསང་གཏོར་དང་ནི་སྤར་བ་དང་། །ཀུ་ཤ་དགྲམ་དང་ གནས་པདྨ། །མེ་བསྐྱེད་སྤྱན་དྲངས་ལ་སོགས་དང་། །བསྲུང་བསྐྲད་བཅིངས་དང་མཆོད་ཡོན་དང་། །ཞབས་བསིལ་བསྒྲུབ་པ་དབང་བསྐུར་དང་། །དམ་ཚིག་བསྒོ་དང་མཆོད་ཡོན་མཆོད། །བསང་གཏོར་འཐོར་འཐུང་སྲེག་བླུགས་དང་། །མེ་བརྟགས་བསང་དང་དགང་ བླུགས་དང་། །ཀུན་བསྲེགས་བསང་དང་བཟོད་གསོལ་དང་། །ཐབ་དང་མེ་ལྷ་དགོད་པ་དང་། །བསྡུ་དང་བསྟོད་དང་དགུག་པ་དང་། །བགེགས་བསལ་བསྲུང་དང་ཕྱོགས་བཅིངས་དང་། །སྔོན་བཞིན་ཕྱག་རྒྱས་དབང་བསྐུར་ལ། །མཆོད་དང་མཆོད་ཡོན་འཐོར་འཐུང་བསང་། ། དགང་བླུགས་ཅིག་ཤོས་ལས་བསྒྲུབ་དང་། །ལྷ་རྣམས་གཟི་བྱིན་བསྐྱེད་པ་དང་། །མེ་ལྷ་དགང་བླུགས་མཆོད་ཡོན་བཅས། །བསང་གཏོར་འཐོར་འཐུང་མཆོད་པ་དང་། །གཤེགས་སུ་གསོལ་བར་བྱ་བའོ། །བསྡུས་པའི་ཚིགས་སུ་བཅད་པའོ། །སྦྱིན་སྲེག་ཆོ་ག་རྫོགས་ པ་དང་། །མདོར་བསྡུས་པ་ཡི་རིམ་ལྡན་པ། །རབ་འབྱོར་བསྐྱངས་ཀྱིས་འདི་ཉིད་ནི། །རྣལ་འབྱོར་རྒྱུད་ལ་དྲིས་པ་ཡིན། །སྦྱིན་སྲེག་གི་ཆོ་ག་སློབ་དཔོན་རབ་འབྱོར་བསྐྱངས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་མཱ་ནུ་ད་ར་ནཱ་མ་མཎྜ་ལ་ནོ་པི་ཀ །བོད་སྐད་དུ། དཔལ་ལྡན་རྒྱ་ཆེ་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །དཔལ་རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ། །གྲུ་ བཞི་རྡོ་རྗེ་འཆང་ཆེན་ས། །གསང་སྔགས་ལྔ་ཡིས་བསྡུས་པ་ཡིས། །རྡོ་རྗེ་ཐེག་པ་ཐོབ་བྱེད་པས། །ཐེག་པ་དེ་ལ་བདག་ཕྱག་འཚལ། །བརྒྱ་རྩ་བཅུ་ཡི་རྣམ་པ་ཡིས། །ཏིང་ངེ་འཛིན་གྱིས་ཡོངས་བསྐོར་ཞིང་། །དེ་བཞིན་གཤེགས་དང་རྡོ་རྗེ་ཆེ། །རིན་ཆེན་པདྨ་སོགས་ ཀྱིས་བརྒྱན། །ས་མཆོག་བཅུ་གསུམ་པ་ཉིད་དུ། །སངས་རྒྱས་ཐམས་ཅད་ཀྱིས་བསྟན་པ། །གཉིས་སུ་མེད་པའི་མཚན་ཉིད་ཅན། །དེ་ལ་བདག་ནི་སྤྱི་བོས་འདུད། །བདེ་གཤེགས་ཀུན་ལ་ཕྱག་འཚལ་ཏེ། །རྡོ་རྗེ་སློབ་དཔོན་སློབ་མ་ཡི། །དངོས་གྲུབ་ཀུན་བྱེད་རབ་ བསྔགས་པ། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །དེ་ལ་དང་པོ་རྡོ་རྗེ་འཆང་ཆེན་པོ་སློབ་དཔོན་སངས་རྒྱས་ཀྱི་ཆ་ལུགས་འཛིན་པར་གྱུར་པས་བསམ་གཏན་དང་རྗེས་སུ་མཐུན་པར་རི་ཕུག་གམ་ཆུ་བོའམ་རྫིང་བུ་ལ་སོགས་པའི་གནས་སུ་གནས་ནས། གྲོགས་བཟང་པ་ དང་ལྡན་པས་སྔོན་དུ་བསྙེན་པ་བྱས་ཏེ། ཀུན་དུ་བཟང་པོའི་སྦྱིན་སྲེག་གི་ཆོ་གའི་ཚུལ་གྱིས་བགེགས་ཐམས་ཅད་གཞོམ་པར་བྱ་བ་དང་། ཕྱོགས་ཐམས་ཅད་བཅིངས་ནས་དཀྱིལ་འཁོར་གྱི་སའི་ནམ་མཁའ་བཅིང་བར་བྱས་ལ། ཕྱོགས་བཅུ་ན་ མཐར་ཐུག་པ་མེད་པའི་དེ་བཞིན་གཤེགས་པ་རྣམས་ལ་དམིགས་ལ་མཆོད་པ་ཉི་ཤུ་བྱ་ཞིང་སྡོམ་པ་གཟུང་བ་བྱས་ལ། རྡོ་རྗེ་ལྟ་བུའི་སྒྲུབ་ཐབས་ཀྱི་ཆོ་གས་བདག་ཉིད་བསྒྲུབ་པར་བྱས་ལ། རང་གི་སྙིང་གར་རྡོ་རྗེ་པདྨ་བསམས་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ ནམ་མཁའ་དང་མཉམ་པར་སྦྱོར་བས་རྡོ་རྗེ་ལ་བཞུགས་ཏེ་གཅིག་ཏུ་གྱུར་པ་རང་རྒྱལ་བསྐྱེད་པར་བྱའོ། །བཛྲ་དྷཱ་ཏུ་ར་ཧཾ་ས་ཧཾ་ཞེས་བརྗོད་པ་ཇི་སྲིད་མངོན་དུ་མཐོང་བར་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་གྲུབ་པར་གྱུར་པའི་ ཕྱག་རྒྱ་ནི་འདི་རྣམས་ཀྱིས་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་མུཥྚི་ཧཾ། ཨོཾ་བཛྲ་སཏྭ་མུཥྚི་ཨ། ཨོཾ་བཛྲ་རཏྣ་མུཥྚི་ཏྲཱཾ། ཨོཾ་བཛྲ་དྷརྨ་མུཥྚི་ཁཾ། ཨོཾ་བཛྲ་ཀརྨ་མུཥྚི་ཧཾ། བསྒོམ་པར་མི་ནུས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཚིག་ཙམ་གྱིས་དམིགས་པ་ལ་ལྷ་སུམ་ཅུ་རྩ་བདུན་གྱི་སྙིང་ པོ་རེ་རེ་ཞིང་འབུམ་བཟླས་ཏེ། དེ་ལྟ་བུས་ཀྱང་དཀྱིལ་འཁོར་ཆེན་པོ་འགྲུབ་པར་འགྱུར་རོ། །དེ་ནས་གཟུངས་ཀྱི་དཀྱིལ་འཁོར་ཆེན་པོ་སྒྲུབ་པས་ནི་གསང་བའི་ཕྱག་རྒྱ་བཅིངས་ནས་གཟུངས་ཀྱི་དཀྱིལ་འཁོར་དུ་འགྱུར་རོ། །དེ་རྣམས་ཀྱི་ཕྱག་རྒྱ་ནི་འདི་ཡིན་ཏེ། སྙིང་པོ་དང་སྔགས་ དང་ཕྱག་རྒྱ་དང་སྔགས་དང་རིག་པར་བཤད་པ་དཀྱིལ་འཁོར་དང་བཅས་པར་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་དེའི་ནང་ན་ཆུད་པར་བསམས་ལ། སོ་སོའི་རིག་སྔགས་འབུམ་མམ་ཁྲི་བཟླ་བའམ། ཇི་སྲིད་གཟུངས་ཀྱི་དཀྱིལ་འཁོར་གྲུབ་པ་དེ་སྲིད་དུ་བསྒོམ་པར་ བྱའོ། །དེ་ལ་དེ་རྣམས་ཀྱི་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་བཅིང་བ་དམ་བཅས་ཏེ། །གུང་མོ་མྱུ་གུ་བཞིན་དུ་གཤིབ། །མཐེའུ་ཆུང་དང་མཛུབ་མོ་བསྒྲེངས། །དམ་ཚིག་མཆོག་གི་དམ་ཚིག་གོ། །དེ་ལྟར་གཟུངས་ཀྱི་དཀྱིལ་འཁོར་བསྒྲུབས་ནས། ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒྲུབ་ པར་བྱ་སྟེ། རྡོ་རྗེ་ཕྲ་མོའི་སྦྱོར་བ་ཡིས། །ཤིན་ཏུ་མཉམ་གཞག་བསྒོམས་ནས་ནི། །དཀྱིལ་འཁོར་རྡོ་རྗེ་ཕྲ་མོ་དང་། །ཏིང་ངེ་འཛིན་ནི་དབང་བསྒྱུར་བའོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་བསྒྲུབ་པར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །དེ་ཡིས་རྡོ་རྗེ་བརྟན་པར་བཟུང་། ། མཐེ་བོང་མཐེའུ་ཆུང་བཅིངས་པ་ནི། །རྡོ་རྗེ་ལས་མཆོག་དཀྱིལ་འཁོར་རོ། །དེ་ལྟར་བྱས་ནས་དཀྱིལ་འཁོར་བྲི་བར་བྱ་སྟེ། དེ་ལ་རྒྱལ་པོས་ནི་ཁྲུ་བརྒྱའམ་ཁྲུ་ལྔ་བཅུ་པ་བྱའོ། །བློན་པོའམ་བློན་པོ་ཆེན་པོས་ནི་ཁྲུ་ལྔ་བཅུ་པའམ་ཉི་ཤུ་རྩ་ལྔ་པའོ། །ཚོང་དཔོན་ནམ་དེད་དཔོན་གྱིས་ནི་ཁྲུ་ཉི་ཤུ་རྩ་ལྔ་ པའམ་དེའི་ཕྱེད་དོ། །སྒྲུབ་པ་པོས་ནི་ཁྲུ་བཅུ་གཉིས་པའམ་ཁྲུ་དྲུག་པའོ། །དེ་ལས་ཆུང་བར་ནི་མི་བྱའོ། །དེ་ནས་ས་གཞི་ཡོངས་སུ་གཟུང་བར་བྱ་སྟེ། གཙུག་ལག་ཁང་དང་གྲོང་རྡལ་དང་། །ཀུན་དགའ་གྲོང་ངམ་གྲོང་ཁྱེར་ནི། །གང་ཞིག་ཤར་དང་བྱང་དུ་ལྟ། །ལྷོ་དང་ནུབ་ཏུ་མ་ ཡིན་ནོ། །ཤིས་ཤིང་སྔོན་ནི་ཡོངས་བརྟེན་པའི། །ས་ནི་མཁས་པས་བགྲོད་པར་བྱ། །ཡང་ན་ཡིད་ནི་དགའ་གྱུར་པ། །གང་ཡིན་དེར་ནི་བརྩམ་པར་བྱ། །དེར་ས་གཞིའི་དབུས་སུ་ཡི་གེ་ཧཾ་གིས་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་ས་གཞི་ཡོངས་སུ་གཟུང་བར་བྱ་སྟེ། རྡོ་དང་བོང་བ་ཤིང་ རུལ་པ་ལ་སོགས་པ་བསལ་བར་བྱས་ནས། ཆུའི་དྲི་ཞིམ་པོས་ཡོངས་སུ་དགང་ངོ་། །དེ་ནས་ལེགས་པར་བཅགས་ཏེ་ཤར་དང་བྱང་དུ་གཞོལ་བ། ཁང་པ་བརྩེགས་མའི་ནང་དུ་ཆུད་པ། ཕྱོགས་བཞི་ནས་རྟ་བབས་ཀྱི་ཕྱི་རོལ་དུ་ཤིང་གི་དྲལ་སྒོས་བསྐོར་ཅིང་ཤིང་དྲལ་སྒོ་བཞིས་ཉེ་བར་ མཛེས་པར་བྱས་པས་དཀྱིལ་འཁོར་གྱི་ས་གཞི་ལྷག་པར་མཛེས་པར་བྱས་པར་གྱུར་ཏེ། ས་ཡོངས་སུ་གཟུང་བའི་ཆོ་གའོ། །དེར་སའི་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གི་གནས་པས་འདུག་ལ། བསམ་གཏན་བཞིའི་རིམ་བཞིན་དམིགས་ནས་འོག་མིན་གྱི་གནས་སུ་འདུག་སྟེ། མི་གཡོ་བའི་ཏིང་ངེ་འཛིན་ལ་དམིགས་ཏེ། ཏིང་ངེ་འཛིན་དེ་ལས་ལངས་ནས། སེམས་སོ་སོར་རྟོག་པ་ལ་སོགས་པའི་རིམ་གྱིས་རྣམ་པར་སངས་རྒྱས་ནས་རིའི་རྒྱལ་པོ་རི་རབ་ཀྱི་སྟེང་དུ་རྡོ་རྗེ་རྩེ་མོ་ཁང་པ་བརྩེགས་པ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་ རྣམས་བསྒོམ་པར་བྱ་སྟེ། འདི་ནི་དང་པོར་སྦྱོར་བའི་ཏིང་ངེ་འཛིན་ནོ། །དེ་ནས་རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྐྱེད་དེ་རྡོ་རྗེ་བསྡུ་བ་བྱས་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་སེམས་དཔའ་ལ་མཚན་བརྒྱ་ རྩ་བརྒྱད་ཀྱིས་བསྟོད་པར་བསྒོམ་པ་ནི། དཀྱིལ་འཁོར་གྱི་རྒྱལ་པོའི་ཏིང་ངེ་འཛིན་ཏོ། །དེ་ནས་རིའི་རྒྱལ་པོ་རི་རབ་ཀྱི་སྟེང་ནས་བབས་ཏེ་དཀྱིལ་འཁོར་ས་གཞིའི་དབུས་སུ་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་བསྒོམ་པར་བྱ་སྟེ། བསྐྱེད་པའི་རིམ་པས་འདུག་ནས་རྣམ་ པར་སྣང་མཛད་ལ་སོགས་པའི་གནས་སུ་རྡོ་རྗེ་སེམས་དཔའ་བསྒོམས་ལ། དེའི་སྔགས་དང་ཕྱག་རྒྱ་ལན་ཅིག་བྱིན་གྱིས་བརླབ་པ་བྱས་ལ། དེ་ཉིད་ཀྱི་ཕྱག་རྒྱས་དཀྱིལ་འཁོར་དེའི་སྟེང་དུ་ནམ་མཁའ་ལ་བསྒོམ་མོ། །ཀུན་དུ་རྣམ་པར་བལྟས་ནས་ནི། །རྡོ་རྗེ་སེམས་དཔའ་ ཞེས་བརྗོད་ནས། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །དེ་ནས། སེམས་དཔའ་ཆེན་པོ་བཅུ་དྲུག་གི། །སྔགས་ཀྱིས་བཏབ་པའི་ཐིག་སྐུད་ནི། །སར་པ་ལས་ནི་བཀལ་ནས་ནི། །ཚད་དང་མཐུན་པར་མཛེས་པ་ཡིས། །ཐིག་གི་མཁས་པས་ཅི་ནུས་ཀྱིས། །དཀྱིལ་ འཁོར་གྱི་ནི་ཐིག་གདབ་བོ། །དེ་ནས་ཐིག་གི་ཕྱག་རྒྱ་དང་སྔགས་ནི་འདི་ཡིན་ཏེ། རྡོ་རྗེ་ཕྱག་རྒྱས་ཐིག་བཟུང་ནས། །དང་པོར་དཀྱིལ་འཁོར་ཐིག་གདབ་བོ། །ཕྱི་ནས་ཐིག་བཟུང་བྱ་བ་ནི། །ཇི་ལྟ་བས་ནི་ཐིག་གདབ་བོ། །སྔགས་ནི། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། དེ་ནས་ཤར་དུ་མངོན་པར་ཕྱོགས་ལ་ཐིག་བརྐྱང་ལ་སློབ་མ་ནུབ་ཏུ་ལྟ་བས་ཐིག་བྲི་བ་དང་། སློབ་དཔོན་ལྷོ་ཕྱོགས་སུ་མངོན་པར་ཕྱོགས་ནས་བརྐྱང་ལ། སློབ་མ་བྱང་ཕྱོགས་སུ་མངོན་པར་ཕྱོགས་ལ་བྲེ་བར་བྱའོ། །དེ་ཡང་། ཕྱོགས་ཀུན་མཉམ་པར་བྱས་ནས་ནི། །མཁས་ པས་དཀྱིལ་འཁོར་ཐིག་གདབ་སྟེ། །ཤར་དང་ནུབ་དང་བྱང་དང་ལྷོ། །ཕྱོགས་བཞིའི་ཐིག་གི་དཀྱིལ་འཁོར་བརྒྱད། །ཅེས་ལུང་ལས་གསུངས་པའོ། །དེ་བཞིན་དུ་ནང་གི་དཀྱིལ་འཁོར་ལ་ནི་ཆ་བརྒྱད་དུ་བརྟག་གོ། །དེ་ནས་ཆོ་ག་འདི་ཡིས་ནི། །ཀུན་ནས་ཟུར་བཞི་ལེགས་ པར་བྱས། །ཕྱོགས་བཞིར་ཡོངས་སུ་བསྐོར་ནས་ནི། །སྔགས་ཤེས་པས་ནི་གནས་བྱ་བ། །དབུས་ཀྱི་གནས་ནི་སྤངས་ནས་སུ། །མེ་ཡི་ཕྱོགས་སུ་གནས་ནས་ནི། །སྔགས་པས་སྔགས་ཕྱོགས་ཤེས་པ་ཡིས། །སྔ་མ་བཞིན་དུ་སྲད་བུ་བྲེ། །དེ་ནས་ཆོ་ག་ཤེས་པ་ཡིས། ། དབང་ལྡན་ཕྱོགས་སུ་ལེགས་པར་བྱ། །དེར་ནི་ནུབ་ཏུ་མངོན་ཕྱོགས་ནས། །བྱང་ཕྱོགས་སུ་ནི་བྲེ་བར་བྱ། །དེ་ནས་དེ་ནི་དབང་ལྡན་མཆོག །ཡང་ནི་རླུང་གི་ཕྱོགས་སུ་གནས། །ལྷོ་ཡི་ཕྱོགས་སུ་མངོན་ཕྱོགས་པས། །ནུབ་ཀྱི་ཕྱོགས་སུ་བྲེ་བར་བྱ། །གནས་དེ་ཡོངས་སུ་སྤངས་ ནས་ནི། །བདེན་བྲལ་གྱི་ནི་ཕྱོགས་སོང་ནི། །དེ་ནས་ཇི་སྲིད་ནུབ་ཕྱོགས་ཀྱི། །སྤྱོད་ཡུལ་བར་དུ་བྲེ་བར་བྱ། །ཞེས་འཁོར་ལོ་མཆོག་ལ་སོགས་པས་བསྲུང་བ་ཡིན་ནོ། །གྲུ་བཞིར་བགྱི་ཞིང་སྒོ་བཞི་དང་། །རྟ་བབས་བཞིས་ནི་མཛེས་བགྱིས་ལ། །ཐིག་བཞི་དང་ནི་ ལྡན་གྱུར་པ། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲུ་བཞི་ཕྱོགས་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་ནང་རྣམས་སུ། །རྡོ་རྗེ་རིན་ཆེན་སྤྲས་པར་ནི། །དཀྱིལ་འཁོར་ཕྱི་རིམ་ཐིག་གདབ་བོ། །དཀྱིལ་འཁོར་ཕྱི་རིམ་གྱི་ནང་དུ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྡན་པར་འཁོར་ལོ་བྲེ་བར་བྱའོ། །འཁོར་ལོ་དེའི་ནང་དུ་རྡོ་རྗེའི་ཐིག་གིས་ཡོངས་སུ་བསྐོར་བར་བྱའོ། །སྒོ་ནི། ཟུར་བཞི་པ་ལ་སྒོ་བཞི་སྟེ། །སྒོ་ནི་འཁོར་ལོའི་བརྒྱད་ཆ་ལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །རྟེན་ཅིང་འབྲེལ་པ་བསྔགས་པ་ཡིན། །ནོར་བུ་ཆེན་པོའི་ རིན་པོ་ཆེས་སོ་སོར་སྤྲས་པའི་དྲིལ་བུ་ཁ་དོག་སྣ་ཚོགས་པས་བཏགས་པའི་རླུང་གིས་བསྐྱོད་པ་དར་དང་། །འཕན་དང་། མེ་ཏོག་དང་ཕྲེང་བ་དང་དྲ་བ་དང་། དྲ་བ་ཕྱེད་པ་དང་། ཟླ་བས་ཉེ་བར་མཛེས་པར་བྱས་པའི་ཁྱམས་ཀྱིས་བསྐོར་བའི་དཀྱིལ་འཁོར་ཀུན་དུ་བྲེས་ པ་ལ། དེའི་རིམ་པའི་ནང་དུ་ཞུགས་ལ་འཁོར་ལོ་འདྲ་བའི་ཐིག་གིས་ཡོངས་སུ་བསྐོར་བར་བྱའོ། །ཀ་བ་བརྒྱད་ཀྱིས་མཛེས་བྱས་པ། །རྡོ་རྗེ་ཀ་བའི་ནང་ལོགས་སུ། །ཟླ་བའི་དཀྱིལ་འཁོར་ལྔས་བརྒྱན་ལ། །དབུས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །སངས་རྒྱས་ཀྱི་ནི་ གཟུགས་བཞག་ཅིང་། །སངས་རྒྱས་ཀུན་གྱི་ཕྱོགས་ཀུན་གྱི། །དཀྱིལ་འཁོར་རྣམས་ཀྱི་དབུས་རྣམས་སུ། །རིམ་བཞིན་དུ་ནི་དམ་ཚིག་མཆོག །བཞི་པོ་ལེགས་པར་གཞག་པར་བྱ། །དཀྱིལ་འཁོར་བཞི་པོ་དེ་དག་ཏུ། །རྡོ་རྗེ་གོམ་པས་སོང་ནས་སུ། །མི་ གཡོ་བ་ཡི་དཀྱིལ་འཁོར་དུ། །རྡོ་རྗེ་འཛིན་སོགས་བཅས་པར་གཞག །རིན་ཆེན་འབྱུང་ལྡན་དཀྱིལ་འཁོར་དུ། །རྡོ་རྗེ་སྙིང་སོགས་རྫོགས་པར་གཞག །ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། །རྡོ་རྗེ་སྤྱན་སོགས་རྫོགས་པར་གཞག །གདོན་མི་ཟ་བའི་དཀྱིལ་འཁོར་དུ། །རྡོ་རྗེ་ རྒྱ་གྲམ་ལ་སོགས་གཞག །འཁོར་ལོ་ཡི་ནི་ནང་ལོགས་སུ། །རྡོ་རྗེ་ལྷ་མོ་རྣམས་ཀྱང་གཞག །དཀྱིལ་འཁོར་ཕྱི་ཡི་གྲྭ་རྣམས་སུ། །སངས་རྒྱས་མཆོད་པ་རྣམས་ཀྱང་གཞག །སྒོ་རྣམས་ཀུན་གྱི་ནང་དུ་ནི། །སྒོ་སྲུང་བཞི་ཡང་གཞག་པར་བྱ། །དཀྱིལ་འཁོར་ཕྱི་རིམ་ ཕྱོགས་སུ་ནི། །སེམས་དཔའ་ཆེན་པོ་རྣམས་ཀྱང་གཞག །འཇུག་གམ་ཕྱི་རོལ་འབྱུང་བ་ན། །རི་མོའམ་རྡོ་རྗེ་སྲད་བུ་དག །ཡིད་ཀྱིས་བརྡེག་པ་བྱས་ན་ནི། །དེ་ནི་དམ་ཚིག་ཉམས་མི་འགྱུར། །ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུྃ། དེ་ལ་རྒྱལ་པོའི་ནི་རིན་པོ་ཆེ་ལྔའི་ཕྱེ་མས་དཀྱིལ་འཁོར་བྲིའོ། ། བློན་པོ་ཆེན་པོ་དང་མདུན་བློན་གྱིས་ནི་རིན་པོ་ཆེའི་ཕྱེ་མ་དང་བསྲེས་པའམ། འབྲས་སཱ་ལུའི་ཕྱེ་མས་སོ། །དེད་དཔོན་ལ་སོགས་པ་ནི་འབྲས་བཏགས་པའི་ཕྱེ་མས་སོ། །སྒྲུབ་པ་པོས་ནི་འབྲས་ཀྱི་ཕྱེ་མ་ཉིད་བསྔགས་པ་ཡིན་ནོ། །གུར་གུམ་ལ་སོགས་པའི་ཕྱེ་མ་དྲི་ཞིམ་པོའི་ཁུ་བས་ སམ་ཚོན་ལྔས་བཙོའོ། །དེ་ནས་དང་པོར་ནི་སྔོན་པོ་དགྱེའོ། །དེ་ནས་ནི་གསེར་དང་པདྨ་རཱ་ག་དང་མ་རྒད་དང་མུ་ཏིག་དགྱེ་སྟེ། དེ་ཡང་། སྔོན་པོ་ཐོག་མར་གཏང་བར་བྱ། །དེ་ནས་སེར་པོ་གཏང་བར་བྱ། །དེ་ཡི་འོག་ཏུ་དམར་པོ་སྟེ། །དེ་ཡི་འོག་ཏུ་ལྗང་གུ་གཏང་། །ཀུན་གྱི་ནང་རོལ་ དཀར་པོ་སྟེ། །ཚོན་གྱི་ཆོ་ག་དེ་ལྟར་བཤད། །ཡང་ན། ཡུང་བ་དང་རྒྱ་སྐྱེགས་དང་། རམས་མཆོག་སྟེ། ཚོན་ནི་བཞི་པོས་བཙོ་བར་བྱ། །ལྔ་ལ་དཀར་པོའི་རང་བཞིན་སྟེ། མཉམ་པས་ཀུན་དུ་འགྲུབ་པར་འགྱུར། །དེ་ལ་ཚོན་བཟླས་པའི་ཕྱག་རྒྱ་དང་སྔགས་ནི་འདི་ཡིན་ཏེ། རྡོ་རྗེ་ ཁུ་ཚུར་གཉིས་ལས་ནི། །མཛུབ་མོ་གཉིས་ནི་ལེགས་སྦྱར་བ། །བྱས་ནས་ཚོན་རྩི་ཐམས་ཅད་ནི། །འབར་བའི་ལྟ་བས་དགུག་པར་བྱ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། ཚོན་ལ་ཡང་སེམས་དཔའ་ཆེན་པོ་བཅུ་དྲུག་གཞག་པར་བྱའོ། །ཀུན་དུ་བཟང་པོའི་སྦྱིན་སྲེག་གི་སྐབས་སུ་འཇུག་ པའི་ཆོ་ག་དམ་ཚིག་མཆོག་གི་ཕྱག་རྒྱ་ནས་བརྩམས་ཏེ། སེམས་དཔའི་རྡོ་རྗེ་ལྕགས་ཀྱུའི་ནང་དུ་བཤད་པས་འདིར་མ་སྨྲས་སོ། །དེ་ཡི་སངས་རྒྱས་ཐམས་ཅད་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་པས། །དཀྱིལ་འཁོར་ཐམས་ཅད་གང་བ་རྣམས། །དཀྱིལ་འཁོར་རྣམས་སུ་ འདུས་པར་འགྱུར། །དེ་ནས་རྡོ་རྗེ་སེམས་དཔའ་ཡི། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་། །མིང་བརྒྱ་རྩ་བརྒྱད་དམ་པ་ཡི། །ཅུང་ཟད་རབ་ཏུ་བརྗོད་པར་བགྱི། །དེ་ནས་འདུས་པ་དགྱེས་པ་ནས། །དེ་བཞིན་གཤེགས་རྣམས་བརྟན་པར་འགྱུར། །རྡོ་རྗེ་སེམས་དཔའ་རབ་འགྲུབ་པ། ། གྲུབ་པ་ཉིད་དུ་ཉེ་བར་གནས། །དེ་ནས་ཕྱག་རྒྱ་དང་སྔགས་འདིས་སྒོ་དབྱེ་བར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་ལས་ནི། །མཛུབ་གཉིས་དམ་སྦྱར་གན་རྐྱལ་གཞག །ཤིན་ཏུ་ཁྲོས་པས་རྣམ་དབྱེ་བ། །སྒོ་དབྱེ་བ་ཡི་མཆོག་ཡིན་ནོ། །དེ་ནས་རྡོ་རྗེ་སློབ་དཔོན་ནི། །མཉམ་བཞག་དབུས་ སུ་གནས་གྱུར་པ། །ཡིད་ཀྱིས་དབྱེ་བར་བྱ་བ་ཉིད། །རྡོ་རྗེའི་སྒོ་ནི་བཞི་པའོ། །དེ་ལ་སྒོ་དབྱེ་བའི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་ཨུདྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། དེ་ནས་སྒོ་རྣམས་ཐམས་ཅད་དུ། །ལྕགས་ཀྱུ་ལ་སོགས་པ་བགྱིས་ནས། །ལས་ཆེན་མཆོག་གི་ཕྱག་རྒྱ་ཡིས། ། དམ་ཚིག་རྣམས་ནི་གཞག་པར་བགྱི། །རྡོ་རྗེ་ལྟ་བུར་བསྒྲུབ་པའི་ཆོ་གས་རྣམ་པར་སྣང་མཛད་ལ་སོགས་པ། ཕྱག་རྒྱ་ཆེན་པོ་ལེགས་པར་བསྒྲུབས་ནས་ལས་ཀྱི་ཕྱག་རྒྱ་གཞག་པར་བྱ་སྟེ། དམ་ཚིག་མཆོག་གི་ཕྱག་རྒྱས་དང་། །སེམས་དཔའ་རྡོ་རྗེ་ལ་སོགས་པ་དེ་ལྟར་ སེམས་དཔའ་ཆེན་པོ་སྒྲུབ་པ་ཛཿཧཱུྃ་བཾ་ཧོཿ། ཞེས་བརྗོད་ཅིང་། དེ་ནས་སངས་རྒྱས་ལ་སོགས་པ། །སེམས་དཔའ་ཆེན་པོ་ཀུན་བསྡུ་པ། །སྤྱན་དྲངས་ནས་ནི་རབ་ཏུ་གཞུག །བཅིངས་ནས་དེ་ཡི་དབང་དུ་འགྱུར། །དེ་ནས་མཆོད་པ་བྱ་སྟེ། གལ་ཏེ་རྒྱལ་པོ་ནོར་ཆེ་བ་ཡིན་ན་ དེས་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་བྱུང་བའི་བུམ་པ་བརྒྱའམ། ཉི་ཤུའམ་རྩ་ལྔའམ། བཅུ་དྲུག་གམ། བརྒྱད་དམ། ལྔའམ། ཐ་ན་རིན་པོ་ཆེ་ལས་བྱས་པའི་བུམ་པ་གཅིག་བྱས་ལ། ལྷག་མ་དག་ནི་ཟངས་དང་ས་དག་ལས་བྱའོ། །བློན་པོ་ལ་སོགས་པ་ རྣམས་ཀྱིས་ནི་ལོངས་སྤྱོད་དང་རྗེས་སུ་འཚམ་པར་བྱའོ། །དེ་ལ་བུམ་པའི་མཚན་ཉིད་ནི་མཆུ་འཕྱང་བ་མགྲིན་པ་རིང་བ་ལྟོ་བ་ཆེ་བ་མགྲིན་པ་རས་ཀྱིས་དཀྲིས་པ་ཁ་འབྲས་བུས་བཀང་བ། རིན་པོ་ཆེ་དང་སྨན་དང་། འབྲུ་དང་། སྤོས་ཆུས་ཡོངས་སུ་གང་བ་བྱས་ནས་གསང་སྔགས་ ཀྱི་བསྙེན་པ་བྱའོ། །དེ་ལ་གསང་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲོད་ཀ་ཧཱུྃ། རྣམ་པར་རྒྱལ་བའི་བུམ་པ་ནི་རྡོ་རྗེ་བྱིན་གྱིས་བརླབ་པའི་མེ་ཏོག་གི་ཡལ་གས་བཟླས་བརྗོད་སྟོང་བྱས་ལ། བདག་པོའི་གནས་སུ་གཞག་གོ། །བུམ་པ་གཞན་རྣམས་ནི་བཟླས་བརྗོད་བརྒྱ་བྱས་ལ། སྒོ་དང་མཚམས་ལ་སོགས་པ་བརྒྱད་དུ་གཞག་པར་བྱའོ། །གདུགས་དང་རྒྱལ་མཚན་དང་བ་དན་དག་ནི་འབུམ་ཙམ་བྱ་སྟེ། སྟོང་ལས་ཉུང་བར་མི་བྱའོ། །སྤོས་ལ་སོགས་པ་ཕྱིའི་མཆོད་པ་རྣམས་ལ་ནི་སྔར་རང་གིས་མངོན་པར་གདབ་པར་བྱའོ། །མར་མེའི་སྡོང་བུ་དང་སྤོས་ཁང་དང་། མལ་སྟན་ལ་སོགས་པ་ནི་འབུམ་ལས་ལྷག་པར་འབུལ་ཏེ། སྟོང་ལས་ཉུང་བར་མི་བྱའོ། །བློན་པོ་ལ་སོགས་པས་ནི་འབྱོར་པ་དང་རྗེས་སུ་མཐུན་པར་འབུལ་བར་བྱའོ། །རྟ་དང་གླང་པོ་དང་བ་ལང་གི་ཚོགས་ཤིན་ཏུ་བརྟགས་པ་རྣམས་ཀྱང་འབུལ་བར་བྱའོ། །རྟ་བབས་དྲིལ་བུ་ ལ་སོགས་པ་དང་ལྡན་པ་ཇི་སྙེད་པ་ལས་ཀྱང་བྱའོ། །དེ་ནས་བདག་ཉིད་ཆེན་པོ་རྣམས། །གསང་བའི་མཆོད་པས་མཉེས་བགྱིས་ལ། །སེམས་ཅན་དོན་ཀུན་འགྲུབ་པའི་ཕྱིར། །ཐམས་ཅད་མཛོད་ཅེས་གསོལ་བ་གདབ། །གསོལ་བ་བཏབ་ནས་ཕྱི་རོལ་ཏུ། །རྡོ་རྗེ་རྩེ་མོའི་ རྒྱུད་ཀྱི་སྔགས་ཀྱིས་ཕྱི་རོལ་ཏུ་གཏོར་མ་བྱིན་ལ། ཉེ་རེག་བྱས་ལ་ནང་དུ་ཞུགས་ཏེ་ཆོ་ག་ལྷག་པ་དང་མ་ཚང་བ་རྣམས་ཉེ་བར་ཞི་བར་བྱ་བའི་ཕྱིར་ཞི་བའི་སྦྱིན་སྲེག་བྱས་ནས། ཕྱག་རྒྱ་དང་ཕྱག་རྒྱའི་ལན་དང་སློབ་མ་དང་ལྷན་ཅིག་ཏུ་དཀྱིལ་འཁོར་བསྟན་པར་བྱའོ། །ཕྱག་རྒྱ་ནི་ འདི་ཡིན་ཏེ། གང་གི་ཚེ་རྡོ་རྗེ་སེམས་དཔའ་སྟོན་པ་ན། སློབ་མས་ཀྱང་རྡོ་རྗེ་ཁུ་ཚུར་ཉེ་བར་བསྟན་པར་བྱའོ། །གལ་ཏེ་རྒྱལ་པོ་སྟོན་པ་ན། རྡོ་རྗེ་གནོད་སྦྱིན་ཉེ་བར་བསྟན་པར་བྱའོ། །གང་གིས་རྡོ་རྗེ་ཆགས་པ་སྟོན་པ་ན་རྡོ་རྗེ་བསྲུང་བ་ཉེ་བར་བསྟན་པར་བྱའོ། །རྡོ་རྗེ་གནོད་སྦྱིན་ སྟོན་པ་ན་རྡོ་རྗེ་ལས་ཉེ་བར་བསྟན་པར་བྱའོ། །ཕྱག་རྒྱ་རང་གི་གནས་སུ་བཀྲོལ་ལ་ཐལ་མོ་མཉམ་པས་མཉེས་པར་བྱའོ། །གང་གི་ཚེ་རྡོ་རྗེ་སྨྲ་བ་སྟོན་པ་ན་རྡོ་རྗེ་རིན་ཆེན་ཉེ་བར་བསྟན་པར་བྱའོ། །གང་གི་ཚེ་རྡོ་རྗེ་འཁོར་ལོ་སྟོན་པ་ན་རྡོ་རྗེ་གཟི་བརྗིད་ཉེ་བར་བསྟན་པར་ བྱའོ། །གང་གི་ཚེ་རྡོ་རྗེ་རྣོན་པོ་སྟོན་པ་ན་རྡོ་རྗེ་རྒྱལ་མཚན་ཉེ་བར་བསྟན་པར་བྱའོ། །གང་གི་ཚེ་རྡོ་རྗེ་ཆོས་སྟོན་པ་ན་རྡོ་རྗེ་བཞད་པ་ཉེ་བར་བསྟན་པར་བྱ་སྟེ། ཕྱག་རྒྱ་བཀྲོལ་ཞིང་རང་བཞིན་གྱི་གནས་སུ་ཐལ་མོ་ངེས་པར་བཅིངས་ཏེ། དེ་ལྟར་བྱས་པས་ནི་དཀྱིལ་འཁོར་དུ་རྡོ་རྗེ་ འཛིན་པ་ལ་སོགས་པ་བྱིན་གྱིས་རློབ་པར་མཛད་པར་འགྱུར་རོ། །དཀྱིལ་འཁོར་ཐམས་ཅད་དུ་རྡོ་རྗེ་སློབ་དཔོན་གྱི་ལས་ཡིན་ནོ། །དཀྱིལ་འཁོར་གྱི་ལས་ནི་ཟླ་བ་ཉ་ནས་བརྩམས་ནས་ཕྱི་མའི་ཟླ་བ་ཉའི་བར་རམ། ཚེས་གཅིག་ནས་བརྩམས་ནས་ཟླ་བ་ཉའི་བར་རམ་བཅུ་ གཉིས་ནས་བརྩམས་ནས་ཉའི་བར་རམ་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ནི་ཉིན་མཚན་གཅིག་གིས་བྱའོ། །དེ་ནས་སློབ་དཔོན་མཚན་ཉིད་དང་ལྡན་པ་ཡོངས་སུ་བཟུང་ནས་ལྷག་པར་གནས་པར་བྱ་སྟེ་གཞུག་པར་བྱའོ། །ཕྱག་ན་རྡོ་རྗེས་བྱིན་བརླབས་ཤིང་། །དེ་བཞིན་དད་པས་ བསྒྲུབ་པ་དང་། །བྱང་ཆུབ་སེམས་དང་འགྲོ་དོན་གྱིས། །བྱང་ཆུབ་སེམས་དཔར་འགྱུར་བས་ན། །དག་པའི་ཆོས་ཀྱི་རྗེས་འཇུག་པ། །ཐེག་པ་ཆེ་ལ་ལྷག་མོས་པས། །ཐམས་ཅད་དུ་ནི་ཀུན་འགྲུབ་འགྱུར། །ཞེས་བྱ་བས་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས་སློབ་མ་ཡོངས་སུ་ གཟུང་ཞིང་སྣོད་དུ་རུང་བར་བྱའོ། །དེ་ནས་སློབ་དཔོན་གྱིས་རིགས་ཀྱི་བུ་སྨྲོས་ཤིག་ཅེས་བརྗོད་པར་བྱའོ། །སློབ་མས་ཀྱང་། བྱང་ཆུབ་སེམས་ནི་བླ་མེད་པས། །རྡོ་རྗེ་སློབ་དཔོན་བདག་ལ་སྩོལ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། ། དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སངས་རྒྱས་ཀུན་ནི་བརྟུལ་ཞུགས་ཆེ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །དཀོན་མཆོག་གསུམ་ཡང་བདག་ལ་སྩོལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང་། །སློབ་དཔོན་དག་ཀྱང་བདག་ འཚལ་ལོ། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །སློབ་དཔོན་དུ་ཡང་བདག་འགྱུར་གྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་དག་ཀྱང་བདག་ལ་སྩོལ། །པདྨའི་རིགས་མཆོག་དག་པ་ཡང་། །སྡོམ་པ་བདག་ལ་སྩལ་དུ་གསོལ། །དེ་བཞིན་ལས་ཀྱི་རིགས་ཆེན་ལ། །སེམས་ ཅན་ཀུན་གྱི་དོན་གྱི་ཕྱིར། །མགོན་པོས་བདག་ལ་སྡོམ་པ་སྩོལ། །ཞེས་བརྗོད་པར་བྱ་སྟེ། དེ་ལྟར་ཡོངས་སུ་བཟུང་ནས་ལྷག་པར་གནས་པར་བྱ་སྟེ། སྙིང་ག་དང་སྤྱི་བོར་དེ་བཞིན་དུ་བསམས་ལ། ཁུ་ཚུར་གཡས་པས་རྡོ་རྗེ་བཟུང་ནས་སྙིང་གར་བཞག་ན་ལྷག་པར་གནས་ པར་བྱས་པར་འགྱུར་རོ། །དེ་ནས་སྡོམ་པ་སྦྱིན་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། ། བྱང་ཆུབ་ཏུ་ནི་ངེས་བྱས་པའི། །བྱང་ཆུབ་སེམས་ནི་བླ་མེད་པས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་ བརྟན་པར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤོང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་ བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་དག་པ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་ བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་ནི་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ལྟར་སྡོམ་པ་འཛིན་ ནུས་པ་དེ་ལ་ནི་དཀྱིལ་འཁོར་དུ་གཞུག་པར་བགྱིའོ། །དཀྱིལ་འཁོར་འདྲི་བ་ལ་གལ་ཏེ་བགེགས་བྱུང་བར་གྱུར་ན། དེའི་ཚེ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་འབུམ་བཟླས་པའི་ཕུར་བུས་བགེགས་ཐམས་ཅད་ལ་གདབ་པར་བྱ་སྟེ། དཀྱིལ་འཁོར་གྱི་སའི་དབུས་སུ་ཕུར་བུས་གདབ་བོ། ། ཕྱིའི་དཀྱིལ་འཁོར་གྱི་རྒྱབ་ཏུ་ལྕགས་རིའི་ཐིག་གདབ། དེའི་རྒྱབ་ཏུ་འོད་ཀྱི་དཀྱིལ་འཁོར་གྱི་རྒྱབ་ཀྱི་ཕྱི་རོལ་ཏུ་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པའི་བགེགས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་བཀུག་ལ་བཅིངས་ཏེ་ཕུར་བུས་གདབ། ཤར་ལྷོའི་མཚམས་སུ་ནི་མེའི་བགེགས་ སོ། །ལྷོར་ནི་ཡི་དྭགས་ཀྱི་བགེགས་སོ། །ལྷོ་ནུབ་ཏུ་ནི་སྲིན་པོ་ལ་སོགས་པའི་བགེགས་སོ། །ནུབ་ཏུ་ནི་ཀླུ་ལ་སོགས་པའི་བགེགས་སོ། །ནུབ་བྱང་ཏུ་ནི་རླུང་གི་བགེགས་སོ། །བྱང་དུ་ནི་གནོད་སྦྱིན་ལ་སོགས་པའི་བགེགས་སོ། །བྱང་ཤར་དུ་ནི་འབྱུང་པོའི་བགེགས་སོ། ། གསང་སྔགས་འདི་ཕུར་བུས་གདབ་བོ། །ཨོཾ་བཛྲ་ཀཱི་ལི་སརྦ་བི་གྷྣཱཾ་བནྡྷ་ཧཱུྃ་ཕཊ། རྡོ་རྗེ་སྤྱན་དང་རྡོ་རྗེ་མེ་ལྟར་རབ་ཏུ་ཕུར་བུས་བསྲུང་བར་བྱའོ། །རྡོ་རྗེ་གནོད་སྦྱིན་གྱིས་སྟེང་དུ་ནམ་མཁའ་བཅིང་ངོ་། །རྡོ་རྗེ་འཇིགས་བྱེད་རྡོ་རྗེ་སྤྱན་དང་རྡོ་རྗེ་བསྡམས་པའི་སྟེང་དུ་རྡོ་རྗེ་དྲ་བ་བྱས་ ཏེ། དེ་ཡང་། སེམས་ཅན་འཚེ་བར་བྱེད་པ་དང་། །སྡིག་པ་མེད་ཀྱིས་ཁྱེད་མ་འཇིགས། །རིག་སྔགས་ལས་བྱུང་དགེ་བ་སྦྱིན། །བགེགས་ནི་རང་གི་སེམས་ལས་བྱུང་། །ཞེས་གསུངས་པས་སོ། །དཀྱིལ་འཁོར་གྱི་བྱ་བ་ཐམས་ཅད་རྫོགས་པ་ནས་ལྷ་རྣམས་ཇི་ལྟ་ བ་བཞིན་དུ་གཤེགས་སུ་གསོལ། ཕུར་བུ་བཏོན་ནས་འོ་མས་བཀྲུས་ཏེ། སེམས་ཅན་ཐམས་ཅད་ལ་དམིགས་ནས་ཞི་བའི་སྦྱིན་སྲེག་བྱའོ། །ཤར་ཕྱོགས་ཀྱི་སྒོར་ཁ་ཁྱེར་གྱི་ཕྱི་རོལ་རྡོ་རྗེ་ལྟ་བུའི་ཁ་ཁྱེར་ལ་བྱང་དུ་མངོན་པར་བལྟས་ནས། ཏིལ་ བསྲེགས་ནས་སྡིག་པ་བསྲེག་པར་བྱའོ། །དེ་བཞིན་དུ་ལྷོ་སྒོར་རིན་པོ་ཆེ་འདྲ་བའི་ཁ་ཁྱེར་ལ་ཤར་དུ་མངོན་པར་བལྟས་ནས་རྒྱས་པར་འདོད་པས་འབྲས་ཀྱི་སྦྱིན་སྲེག་བྱའོ། །དེ་བཞིན་དུ་ནུབ་སྒོར་ཟླ་བ་ཁམ་པ་ལྟ་བུའི་ཁ་ཁྱེར་ལ་བྱང་དུ་མངོན་པར་བལྟས་ནས་ཚེ་ འཕེལ་བར་འདོད་པས་དཱུར་བའི་མྱུ་གུ་མར་ལ་སྦགས་པའི་སྦྱིན་སྲེག་བྱའོ། །དེ་བཞིན་དུ་བྱང་ཕྱོགས་ཀྱི་སྒོར་གོ་ཆ་འདྲ་བའི་ཁ་ཁྱེར་ལ་ལྷོ་ཕྱོགས་སུ་མངོན་པར་བལྟས་ནས་བསྲུང་བའི་ཕྱིར། ཀུ་ཤའི་མྱུ་གུ་ཏིལ་མར་གྱིས་བྱུགས་པའི་སྦྱིན་སྲེག་བྱའོ། །ཡང་ན་ དེ་བཞིན་དུ་ཤར་སྒོར་ཁ་ཁྱེར་ཀུན་ནས་ཟླུམ་པོའི་རྣམ་པ་ལ་ཏིལ་ལ་སོགས་པའི་སྦྱིན་སྲེག་བྱའོ། །ཐབ་ཁུང་གི་ཕྱི་རོལ་དུ་ཤར་ནས་བྱང་དུ་བལྟ་བ་དང་། བྱང་ནས་ཤར་དུ་བལྟ་བ་དང་། ལྷོ་ནས་ཤར་དུ་བལྟ་བ་དང་། ནུབ་ནས་ལྷོར་བལྟ་བ་དང་། ཀུ་ཤ་བཀྲམ་ལ་སྦྱིན་སྲེག་བྱའོ། ། དེ་ཡང་དཀྱིལ་འཁོར་དེ་དག་དེ་ཉིད་ནི། །སུ་ཞིག་གིས་ནི་བརྟག་པར་ནུས། །རང་གི་ལྷ་ཡི་སྦྱོར་བ་ཡིས། །དཀྱིལ་འཁོར་བརྟག་པ་གྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །སློབ་དཔོན་གྱིས་རབ་ཏུ་བཅུག་ནས་དཀྱིལ་འཁོར་གྱི་སློབ་ དཔོན་གྱི་ལས་རྣམས་བསླབ་པར་བྱ་སྟེ། དེ་ཉིད་ནི་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བའི་གནས་གསང་བ་སྟེ། གསང་བ་ནི་འདི་ཉིད་དོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་ནས་རྡོ་རྗེ་སློབ་མའི་ཚོགས་རབ་ཏུ་བཅུག་ལ། རྡོ་རྗེའི་ཆུ་ལ་འབུམ་བཟླས་པས་ དབང་བསྐུར་ལ། རྡོ་རྗེ་སློབ་དཔོན་ཉིད་ཐོབ་པར་འགྱུར་ཏེ། འདི་ཡང་རྡོ་རྗེ་སློབ་དཔོན་དབང་བསྐུར་བའི་སྔགས་སོ། །ཨོཾ་བཛྲོད་ཀ་ཧཱུྃ་འདིས་དབང་བསྐུར་ན་དཀྱིལ་འཁོར་ཐམས་ཅད་བྲི་ཞིང་བདག་ཉིད་དབང་བསྐུར་བས་དབང་བསྐུར་རོ། །གཞན་གྱིས་ནི་མ་ཡིན་ནོ། །དེ་བཞིན་ གཤེགས་པའི་རིགས་ལ་སོགས་པའི་སློབ་དཔོན་གཞན་ནི། རྡོ་རྗེ་སློབ་དཔོན་གྱི་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བར་བྱའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་སློབ་དཔོན་གྱི་ལས་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་ནི་དེ་ཉིད་ལས་འབྱུང་བས་ འདིར་མ་སྨྲས་སོ། །དེ་ལྟ་མོད་ཀྱི་ཁྱད་པར་ཅུང་ཟད་ཅིག་བཤད་པར་བྱ་སྟེ། རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལས་ཡོན་བླང་བར་བྱ་སྟེ། སློབ་མས་ཀྱང་གུས་པས་མཆོད་ཡོན་སྔོན་དུ་འགྲོ་བས་ཡོན་དབུལ་བར་བྱའོ། །རྡོ་རྗེ་སེམས་དཔའ་ལྷག་པར་མོས་པས་ཡོན་གྱི་མཆོག་ རྣམས་དབུལ་བར་བྱའོ། །གང་ལ་ཡོངས་སུ་བཏང་དགའ་གང་། །དེ་ནི་མཆོག་ཏུ་བཤད་པ་ཡིན། །དེ་ལ་གལ་ཏེ་མཆོག་འདོད་ལ། །དེ་ཡང་ངན་པའི་ཡོན་འབུལ་ན། །ཀུན་གྱི་སློབ་དཔོན་བརྙས་པས་ན། །དེ་ནི་རྟག་ཏུ་སྡུག་བསྔལ་ཐོབ། །རྣམ་པར་སྣང་མཛད་ལ་སོགས་པ་དེ་ བཞིན་གཤེགས་པ་ཐམས་ཅད་དུ་ལྷག་པར་མོས་པས་ནི། བུ་མོ་ཤིན་ཏུ་བརྒྱན་པའམ། །དེ་བཞིན་ཆུང་མ་སྡུག་པ་དག །ཕུལ་ནས་རིན་གྱིས་སླུ་བ་ནི། །སངས་རྒྱས་བྱང་ཆུབ་མཆོག་གི་ཡོན། །ཕྱག་ན་རྡོ་རྗེའི་ནི་རིན་ཆེན་རྒྱན་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཕུལ་ནས་སླར་རིན་ གྱིས་སླུ་བར་བྱའོ། །འཇིག་རྟེན་དབང་ཕྱུག་གིས་ནི་ཤིན་ཏུ་དཀར་བའི་རས་ཟུང་ངམ་མུ་ཏིག་གི་ཕྲེང་བ་བཟང་པོའོ། །ནམ་མཁའི་སྙིང་པོའི་རྟ་དང་གླང་པོ་དཀར་པོའམ་ཤིང་རྟ་ནོར་བུ་རིན་པོ་ཆེ་ལ་སོགས་པས་བརྒྱན་པའོ། །རྡོ་རྗེ་སྣ་ཚོགས་ཀྱི་ནི་ཡོན་ཐམས་ཅད་བླངས་ལ་ ཆོ་ག་འདིས་དབང་བསྐུར་བར་བྱའོ། །དེ་ལ་རྒྱལ་པོ་ནི་རིན་པོ་ཆེ་ལས་བྱས་པའི་དབུ་རྒྱན་ནོ། །ལྷག་མ་རྣམས་ནི་ལུགས་མའམ་བཅོས་མ་བྱས་པའོ། །རྡོ་རྗེ་སེམས་དཔའི་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་རིན་པོ་ཆེ་དང་། དར་དཔྱངས་དང་དབང་བསྐུར་བའི་དབུ་རྒྱན་ནོ། ། ཕྱག་ན་རྡོ་རྗེའི་ནི་རྡོ་རྗེས་དབང་བསྐུར་བའི་ནོར་བུའི་དབུ་རྒྱན་ནོ། །འཇིག་རྟེན་དབང་ཕྱུག་གི་ནི་འོད་དཔག་ཏུ་མེད་པའི་ནོར་བུའི་དབུ་རྒྱན་ནོ། །ནམ་མཁའི་སྙིང་པོའི་ནི་རྡོ་རྗེ་རིན་ཆེན་གྱི་མྱུ་གུ་དང་ལྡན་པའི་དབུ་རྒྱན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་རིན་པོ་ ཆེས་ཁམས་གསུམ་གྱི་རྒྱལ་པོར་དབང་བསྐུར་བའི་ནོར་བུའི་དབུ་རྒྱན་ཏེ། དབུ་རྒྱན་གྱི་གསང་སྔགས་སྔར་བཟླས་བརྗོད་འབུམ་བྱས་ལ་དབང་བསྐུར་བའི་དུས་སུ་དབུ་རྒྱན་རང་གི་གསང་སྔགས་ཀྱིས་ལན་བརྒྱ་བཟླས་བརྗོད་བྱའོ། །དེ་ནས་དར་དཔྱངས་མགོ་ལ་ བཅིངས་ནས་རང་གི་རྡོ་རྗེ་ལག་པར་བཞག་ལ། ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་དབང་བསྐུར་བའི་ཆོ་ག་རྒྱས་པའོ། །དེ་ནས་ཁྱོད་དོན་འབྱུང་བའི་དངོས་གྲུབ་ཀྱི་ཡེ་ཤེས་དང་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །དེ་ནས་དེ་གང་མངོན་པར་ འདོད་པ་དེ་ལ་སྦྱིན་པར་བྱའོ། །ཡང་ན་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་འདོད་ན་དེ་ལ་རྡོ་རྗེ་ལྟ་བུའི་ཐབས་ཀྱི་སྒྲུབ་པའི་ཚུལ་གྱིས་རང་ལ་སྒྲུབ་པའི་ཐབས་ཉེ་བར་བསྟན་པར་བྱའོ། །དེ་ནས་རང་གི་གནས་སུ་ཕྱག་རྒྱ་བཀྲོལ་ལ་དབང་བསྐུར་བ་དང་ཆོ་ག་བཅིངས་པ་དང་། མཉེས་པར་ བྱ་བ་ལ་སོགས་པ་བྱས་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་གྱེན་དུ་བཀྲོལ་ལ། སེམས་ཅན་ལོག་པར་ལྟ་བ་དང་། སྡིག་པའི་ལས་བྱེད་པ་དང་། བརྩོན་འགྲུས་ཆུང་བ་དང་། སྦྱོར་བ་མེད་པ་དང་། རི་མོ་མི་ཤེས་པ་དེ་དག་གི་ཕྱིར་ཀུན་དུ་བཟང་པོའི་སྦྱིན་སྲེག་གི་ཆོ་ གའི་ཚུལ་གྱི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཁྲུ་བཅུ་པའི་ཕྱེད་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བྲིའོ། །ཡོ་བྱད་ཐམས་ཅད་དང་མི་ལྡན་པ་རྣམས་དང་། དམ་ཚིག་འདོད་པ་རྣམས་ལ་ནི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་བཞིན་དུ་ཁམས་གསུམ་ རྣམ་པར་རྒྱལ་བ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་ལ་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་གའི་རྗེས་སུ་འབྲངས་པ་དང་། རང་གི་རྟོག་པའི་ཆོ་གས་བྲི་བར་བྱའོ། །དཀྱིལ་འཁོར་ཆོ་ག་བསྡུས་པ་ལས། །བསོད་ནམས་བདག་གིས་བསགས་པ་དེ། །དེས་ནི་སེམས་ ཅན་མ་ལུས་པ། །རྡོ་རྗེ་སེམས་དཔའ་མཆོག་འགྲུབ་ཤོག །དཔལ་ལྡན་རྒྱ་ཆེ་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ས་མནྟ་བྷ་དྲ་ནཱ་མ་ཧོ་མ་ལོ་བི་ཀ །བོད་སྐད་དུ། ཀུན་དུ་བཟང་པོ་ཞེས་བྱ་བའི་སྦྱིན་ སྲེག་གི་ཆོ་ག །བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་བརྟན་ལས་བྱུང་བ། །རྡོ་རྗེ་ཧཱུཾ་མཛད་ཕྱག་འཚལ་ཏེ། །དངོས་གྲུབ་ཐམས་ཅད་ཀུན་བསྡུས་པ། །སྦྱིན་སྲེག་དེ་ཉིད་བདག་གིས་བཤད། །དེ་ཉིད་རིགས་པས་སྦྱིན་སྲེག་ལ། ། དགོས་པ་དང་པོ་ཀུན་བྱས་ཏེ། །གྲོགས་བཟང་བྱ་བ་ངེས་པ་དང་། །ཕྱི་ནས་སྦྱིན་སྲེག་རབ་ཏུ་བྱ། །གཙུག་ལག་ཁང་དང་གྲོང་རྡལ་དང་། །ཀུན་དགའ་གྲོང་ངམ་གྲོང་ཁྱེར་ནི། །ཤར་དང་བྱང་དུ་བལྟ་བ་སྟེ། །ལྷོ་དང་ནུབ་ཏུ་མ་ཡིན་ནོ། །ཤིས་ཤིང་སྔོན་ནི་སྟོན་པ་ཡི། ། ས་ནི་མཁས་པས་བགྲོད་པར་བྱ། །ཡང་ན་ཡིད་ནི་དགའ་འགྱུར་བ། །གང་ཡིན་དེར་ནི་བརྩམ་པར་བྱ། །དཀྱིལ་འཁོར་གནས་ནི་སྦྱངས་ནས་སུ། །དཀྱིལ་འཁོར་མཆོག་ནི་བྲི་བྱ་སྟེ། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་བྱས་ལ། །ཐིག་བཞི་དང་ནི་ཡང་ དག་ལྡན། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་སྦྲས་པར་ནི། །དཀྱིལ་འཁོར་ཕྱི་རིམ་ཐིག་གདབ་བོ། །དེ་ཡི་རིམ་པའི་ནང་ཞུགས་ལ། །སྦྱིན་སྲེག་ཐབ་ནི་བྲི་བར་བྱ། །ཀུན་ནས་ཟུར་ ནི་བཞི་པ་ལ། །ཁྲུ་གཉིས་པར་ནི་ཡོངས་སུ་བསྒྲགས། །ཟབས་སུ་ཁྲུ་གང་ཙམ་ལ་ནི། །ཁ་ཁྱེར་བཞི་ནི་བསྐོར་བའོ། །དབུས་སུ་གཙུག་ཏོར་དགོད་བྱ་ཞིང་། །དེ་ཡི་ཤར་དུ་ལྷུང་བཟེད་དོ། །ལྷོ་ཕྱོགས་ན་ནི་རིན་ཆེན་ཏེ། །ནུབ་ཀྱི་ཕྱོགས་སུ་པདྨ་བྲི། །བྱང་དུ་རྡོ་རྗེ་ཧཱུྃ་མཛད་ནི། ། གདུག་པ་ཐམས་ཅད་ཟློག་པའོ། །མཚམས་ཀྱི་ཆ་ནི་ཐམས་ཅད་དུ། །གསང་བའི་མཆོད་པ་བསྟན་པ་དགོད། །དེ་ལྟར་ཐབ་ཁུང་ངེས་བྱས་ནས། །ཁ་ཁྱེར་ལ་ནི་འཇུག་པར་བྱ། །དང་པོ་ལ་ནི་སེམས་དཔའ་ཆེ། །བཅུ་དྲུག་ཉིད་དུ་བསྒྲགས་པ་ཡིན། །དེ་ཡི་རྒྱར་ནི་སོར་བརྒྱད་ལ། ། དཔངས་སུ་སོར་ནི་བཞི་པའོ། །ཁ་ཁྱེར་གཉིས་པར་གྱུར་པ་དག །དེ་ཡང་རྒྱར་ནི་སོར་བརྒྱད་དེ། །དཔངས་སུ་སོར་ནི་བརྒྱད་པར་བཤད། །དེ་དགོངས་བདག་གིས་བཤད་པར་བྱ། །ཤར་ཕྱོགས་ནས་བརྩམས་རིམ་བཞིན་དུ། །པདྨ་ནགས་ཀྱི་མཇུག་མ་དང་། །བགྲང་ཕྲེང་རིལ་ བ་སྤྱི་བླུགས་དང་། །ཨ་ཛེ་ན་ཡི་ཕྱག་རྒྱ་ནི། །ཏྲི་ཤཱུ་ལ་དང་ཟླ་བ་ཕྱེད། །རལ་པ་མིག་དང་རྒྱལ་མཚན་ཆེ། །མཛེས་ཤིང་བདེ་བའི་ཕྱག་རྒྱ་ཆེ། །ལྷོ་ཡི་ཕྱོགས་སུ་གཞག་པར་བྱ། །དུང་དང་འཁོར་ལོ་བེ་ཅོན་དང་། །རལ་གྲི་དང་ནི་དེ་བཞིན་ཕུབ། །ཕག་དང་ སེང་གེ་གཤིབས་པ་ནི། །ནུབ་ཀྱི་ཕྱོགས་སུ་བྲི་བར་བྱ། །མདུང་དང་དྲིལ་བུ་བ་དན་དང་། །རྨ་བྱ་དེ་བཞིན་ར་སྐྱེས་དང་། །ཁྱིམ་བྱ་ལང་ཚོས་མྱོས་པ་ནི། །བྱང་གི་ཕྱོགས་སུ་བྲི་བར་བྱ། །ཁ་ཁྱེར་གསུམ་པར་གྱུར་པ་དག །དེ་ཡང་རྒྱར་ནི་སོར་བརྒྱད་པ། །དཔངས་སུ་སོར་ནི་བཅུ་དྲུག་ པ། །སྒོ་གླེགས་དང་ནི་གཏན་པར་བཅས། །དེ་ཡི་ཕྱོགས་བཞིར་རྟ་བབས་དང་། །བཅས་པའི་སྒོ་རྣམས་བྱ་བ་དང་། །དྲ་བ་དྲ་ཕྱེད་མེ་ལོང་བཅས། །བ་དན་ལ་སོགས་རྣམས་ཀྱིས་བསྐོར། །ཁ་ཁྱེར་བཞི་པར་བཤད་པ་ནི། །ཁོར་ཡུག་ལྟ་བུར་ཡང་དག་གནས། །རྒྱ་རུ་ སོར་ནི་བཅུ་གཉིས་པ། །དཔངས་སུ་སོར་ནི་དྲུག་པའོ། །དེ་ཡང་རྡོ་རྗེ་ཕྲེང་བས་བརྒྱན། །འབར་བའི་ཕྲེང་བ་འོད་འཁྲུགས་པ། །འདི་ནི་བསྲུང་བའི་མཆོག་ཡིན་ཞེས། །རྡོ་རྗེ་ཅན་གྱིས་སྔོན་གསུངས་སོ། །སྡིག་ཀུན་འཕྲོག་ཅིང་བསོད་ནམས་དང་། །དག་བྱེད་དངོས་གྲུབ་ ཐམས་ཅད་སྟེར། །བཀྲ་ཤིས་པ་ཉིད་ཡིན་བཤད་པ། །འདི་ནི་ཐབ་ཁུང་ཡིན་པར་བསྒྲགས། །གང་ཡང་བརྒྱ་རྩ་བཅུ་པ་ཡིས། །ཐབ་ཁུང་བཟང་པོ་བཤད་པ་རྣམས། །སྤྱི་ཡི་ཐབ་ཁུང་གང་ཡིན་པ། །བྱེ་བྲག་ཅན་བཞིན་གནས་པ་ཡིན། །ཐབ་ཁུང་གི་མཚན་ཉིད་དོ། །དགང་ གཟར་དང་བླུགས་གཟར་གྱི་མཚན་ཉིད་ནི་འདི་ཡིན་ཏེ། དགང་གཟར་གྱི་ཡུ་བ་ནི་རྒྱལ་པོའི་ལག་པའི་ཚད་ཀྱིས་སོར་བཅུ་དྲུག་ཀུན་ནས་སོར་བཞི་པ། དགང་གཟར་གྱི་ཟབས་སུ་སོར་གཉིས་པ། སྟེང་དུ་སོར་བཞི་པ། དབུས་སུ་རྡོ་རྗེ་རྩེ་ལྔས་མཚན་པ། ཡུ་བའི་འོག་ཏུ་རྡོ་རྗེ་དང་རིན་ པོ་ཆེས་མཚན་པ་ནི་དགང་གཟར་གྱི་མཚན་ཉིད་དོ། །བླུགས་གཟར་གྱི་མཚན་ཉིད་ནི་ཁྲུ་གང་ཙམ་ལ་སྟེང་དུ་པདྨའི་འདབ་མ་འདྲ་བ་སོར་གཉིས་པ་ལ། དབུས་རྡོ་རྗེ་རྩེ་ལྔ་པས་མཚན་པ་ནི་བླུགས་གཟར་གྱི་མཚན་ཉིད་དོ། །ཁྲུས་དང་ཉེ་རེག་ལ་འབད་ནས། རྟག་ཏུ་སྦྱིན་སྲེག་ཁང་པར་ འཇུག །དེ་ནས་བགེགས་རྣམས་ཉེར་ཞིའི་ཕྱིར། །ཁྲོ་བོའི་རྒྱལ་པོ་རྗེས་དྲན་བྱ། །དེ་ལ་ཁྲོ་བོའི་རྒྱལ་པོ་ནི་འདི་ཡིན་ཏེ། ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ལ། ཧཱུྃ་བཛྲ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་བཅིང་ བ་ནང་དུ་བཅིངས་ལ། མཐེ་བོང་གཉིས་པོ་མཉམ་པས། སོར་མོའི་རྩེ་མོ་ཐམས་ཅད་བཙིར་བར་བྱ་སྟེ། འདིས་ནི་བདུད་ལ་སོགས་པ་བགེགས་ཐམས་ཅད་བཅོམ་པར་འགྱུར་རོ། །དེ་ནས་གོ་ཆ་འདིས་ཕྱོགས་བཅིང་བར་བྱ་སྟེ། རྡོ་རྗེ་གཙུག་ཏོར་དང་། རྡོ་རྗེ་ཞགས་ པས་ཤར་ཕྱོགས་བཅིང་ངོ་། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཐེའུ་ཆུང་གཅིག་ལ་གཅིག་སྦྲེལ་ཏེ། མཛུབ་མོ་གཉིས་རྩེ་སྦྱར་ནས་རྩེ་མོ་བཟློག་སྟེ། སྤྱི་གཙུག་ཏུ་གཞག་པ་ནི་གཙུག་ཏོར་གྱི་ཕྱག་རྒྱ་སྟེ། སྔགས་ལ་ཨོཾ་ཧཱུྃ་བནྡྷ་ཧཱུྃ། ཞེས་ཀྱང་སྨྲོས། རྡོ་རྗེ་གཙུག་ ཏོར་ཉིད་ཟླུམ་པོར་བྱས་པ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱ་སྟེ་སྔགས་ལ་ཧྲཱིཿབཛྲ་པཱ་ཤ་ཧཱུཾ། དེ་ནས་རྡོ་རྗེ་བ་དན་གྱིས་ནུབ་ཕྱོགས་བཅིང་བར་བྱ་སྟེ། རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བྱ། མཛུབ་མོ་གཉིས་དང་མཐེའུ་ཆུང་གཉིས་བརྐྱང་པ་འདི་ནི་ རྡོ་རྗེ་བ་དན་གྱི་ཕྱག་རྒྱ་སྟེ་སྔགས་ལ་ཨོཾ་བཛྲ་པ་ཏངྐི་པ་ཏངྐི་ནི་ར་ཊ། དེ་ནས་རྡོ་རྗེ་ནག་པོས་བྱང་དང་འོག་དང་སྟེང་དང་མཚམས་རྣམས་བཅིངས་ཏེ། རྡོ་རྗེ་ཐལ་མོ་སྦྱར་བ་བཅིངས་ལ་མཐེ་བོ་བརྐྱང་སྟེ། མཛུབ་མོ་གཉིས་མཆེ་བ་འདྲ་བར་བྱས་པ་ནི་རྡོ་རྗེ་ནག་པོའི་ཕྱག་རྒྱ་སྟེ། སྔགས་ ལ་ཧྲཱིཿབཛྲ་ཀཱ་ལི་རུ་ཊ་མ་ཊ། དེ་ནས་རྡོ་རྗེ་རྩེ་མོས་ལྷོ་ཕྱོགས་བཅིངས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །རྩེ་མོ་ལྟར་སྟེང་དུ་གཞག་པ་ནི་རྡོ་རྗེ་རྩེ་མོའི་ཕྱག་རྒྱ་སྟེ། སྔགས་ལ་ཨོཾ་བཛྲ་ཤི་ཥ་རེ་རུ་ཊ་མ་ཊ། དེ་ནས་རྡོ་རྗེ་སྤྱན་གྱི་སྔགས་དང་ཕྱག་རྒྱ་དང་རྡོ་རྗེ་མེ་ལྟར་རབ་ཏུ་འབར་ བས་བགེགས་བཅིང་བར་བྱ་སྟེ། རྡོ་རྗེ་བསྡམས་པ་བྱས་ལ། མཐེ་བོ་གཉིས་བརྐྱང་སྟེ་མཉམ་པོར་གཞག་པ་ནི། རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་སྟེ། །སྔགས་ལ་ཨོཾ་བཛྲ་ནཻ་ཏྲི་བནྡྷ་སརྦྦ་བིགྷྣཱཾ་རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་གཉིས་བརྐྱང་པ་ནི་རྡོ་རྗེ་ཏི་རཱིནྟི་རིའི་ཕྱག་རྒྱ་སྟེ། འདིས་ སྤྱི་བོ་ནས་བརྩམས་ཏེ་བདག་ཉིད་དབང་བསྐུར་བ་བྱས་ལ་དར་དཔྱངས་པའི་ཚུལ་དུ་བཀྲོལ་ནས་མཉམ་པའི་ཐལ་མོས་མཉེས་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །རྡོ་རྗེ་ཁུ་ཚུར་གཡོན་པ་སྙིང་གར་གཞག །རྡོ་རྗེ་ཁུ་ཚུར་གཡས་པ་བསོར་བའི་ ཚུལ་དུ་གཞག་པ་ནི་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་ཕྱག་རྒྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བས་བདུད་ལ་སོགས་པའི་བགེགས་ཐམས་ཅད་བསྲེགས་པ་དང་འཚེད་པ་དང་ཐལ་བར་བྱེད་པ་ལ་སོགས་པ་ལ་ཁྱབ་པར་བྱས་ཏེ། སྔགས་ལ་ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལཱརྐ་ཧཱུྃ། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་བཅིངས་ལ། གཡས་ནས་བསྐོར་བས་ཕྱོགས་བཅིངས་ཤིང་། དཀྱིལ་འཁོར་བཅིང་བ་བྱས་ནས་རྡོ་རྗེ་ཧཱུྃ་མཛད་ཀྱི་སྟེང་དུ་རྡོ་རྗེ་ར་བ་བྱས་ན་དཀྱིལ་འཁོར་བཅིང་བ་བྱས་པར་འགྱུར་རོ། །དེ་ནས་ས་གཞི་བཅིང་བར་བྱ་སྟེ། རྡོ་རྗེ་བསྡམས་པ་ཁ་ཐུར་དུ་བསྟན་ ཏེ་ས་ལ་བཞག་ནས་སའི་གཞི་རྣམས་རྡོ་རྗེའི་རང་བཞིན་དུ་འགྱུར་ཏེ། རང་བཞིན་ངན་པ་རྣམས་ཀྱིས་འཇུག་པར་དཀའ་བར་འགྱུར་རོ། །སྔགས་ནི་ཨོཾ་བཛྲ་དྲྀ་ཌྷོ་མེ་བྷཱ་བ་རཀྵ་སརྦྦཾ་སྭཱ་ཧཱ། ཞེས་པ་འདིས་ས་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་ནམ་མཁའ་ བཅིང་བར་བྱ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ནི་རྡོ་རྗེ་ནག་མོའི་ཕྱག་རྒྱ་ཉིད་དོ། །སྔགས་ནི་ཨོཾ་བཛྲ་ཡཀྵ་ཧཱུྃ། དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་མིག་གི་ཕྱག་རྒྱས་སྟེང་བཅིང་བར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མགལ་མེ་བསྐོར་བའི་ཚུལ་དུ་བསྐོར་ཏེ་མགོ་བོའི་ སྟེང་དུ་མཛུབ་མོ་ལྕགས་ཀྱུ་འདྲ་བར་གཞག་པ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་གྱི་ཕྱག་རྒྱའོ། །སྔགས་ནི་ཨོ