Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 52

Văn bản gốc(Tây Tạng)

Trang 16 / 19 (50.000 ký tự/trang)
༄༅༅། །དཔལ་ལྡན་ཐུགས་ཀྱི་གསང་བ་ནས། །རིན་ཆེན་སྒྲོན་གྱི་འོད་ཟེར་གྱིས། །ལོག་རྟོག་མུན་པ་སེལ་མཛད་པས། །བློ་ཡི་ལེགས་སྤྱད་བསམ་པར་རིགས། །སྔོན་
སྦྱངས་བསྐལ་པ་མང་པོ་ནས། །རྒྱལ་བ་མཉེས་བྱེད་དགེ་བ་བསྐྲུན། །དོན་དམ་པ་ཡི་རང་བཞིན་ནི། །ཤེས་རབ་མཆོག་ལྡན་དེ་ལ་གསལ། །ཡེ་ཤེས་སྒྱུ་འདྲའི་རྒྱལ་བ་དང་། །ལོག་རྟོག་སྒྱུ་འདྲའི་སེམས་ཅན་ཡང་། །སྒྱུ་མ་ཡིན་ཕྱིར་རང་བཞིན་མཉམ། །དེ་ལྟར་
ཡོངས་ཤེས་འགལ་བ་མེད། །ཤེས་རབ་ཆོས་སྐུར་ཚུལ་གཅིག་ཅིང་། །ཐབས་རྣམས་གཟུགས་སྐུར་ཚུལ་གཅིག་པ། །དབྱེར་མེད་དཔྱད་དུ་མེད་པས་ན། །སེམས་ལས་སངས་རྒྱས་ངེས་པར་བྱ། །དེ་ལྟ་བས་ན་བསྒྲུབ་བྱའི་ལམ་མེད་ཅིང་། །འབད་པ་བྱས་པ་དོན་མེད་

གྱི་ན་ཞིག །དཔེར་ན་དགྲ་མེད་སྐྱེས་བུ་ཞིག །རང་གི་གྲིབ་མས་འཇིགས་པ་ལྟར། །བརྟབས་པའི་འཁྲུལ་བློ་ཅན་ལ་ནི། །སྙིང་རྗེ་སྐྱེ་བར་ཅིས་མི་རིགས། །སྙིང་རྗེ་སྒྱུ་མ་ལྟ་བུ་ཡིས། །ཐབས་ཀྱི་སྤྱོད་པ་ཅིར་ཡང་སྟོན། །འཁོར་བ་སྤོང་བར་མི་བྱེད་ཅིང་། །ཐར་ལ་འདོད་པ་མི་བསྐྱེད་ཀྱང་། །
རང་བཞིན་ཤེས་རབ་ཆེན་པོ་ཡིས། །རྒྱལ་བའི་དགོངས་པ་དེ་ལྟར་བསྒོམས། །ཆོས་རྣམས་རང་བཞིན་ཤེས་པ་ཡིས། །རྣམ་དག་སེམས་ཀྱི་དབྱིངས་ལ་རོལ། །ངོ་བོ་སྟོང་པས་རྟག་དང་བྲལ། །རང་བཞིན་བདེ་བས་ཆད་པ་མེད། །མ་བཅོས་གཟོད་ནས་རྣམ་པར་དག །དབྱེར་མེད་
ཟུང་འཇུག་སྔགས་ཀྱི་ལམ། །གཉིས་མེད་སྤྲོས་དང་བྲལ་བའི་ཕྱིར། །མིང་ཙམ་དུ་ཡང་མི་དམིགས་སོ། །རྨི་ལམ་སྐྱེས་བུས་དུག་འཐུངས་ལྟར། །སྲིད་ལས་ཉོན་མོངས་དེ་ལྟར་ཤེས། །དུག་གི་སྡུག་བསྔལ་མི་བཟད་པ། །འཁོར་བའི་སྡུག་བསྔལ་དེ་ཙམ་མོ། །རྨི་ལམ་དུ་
ཡང་ནད་བསལ་ལྟར། །ལམ་གྱི་རིག་པ་དེ་བཞིན་ནོ། །དེ་ཉིད་འབྲས་བུ་མི་བསླུ་བས། །མ་རིག་གཉིད་ལོག་རྣམས་ལ་ངེས། །འཁོར་བ་རྨི་ལམ་ལྟར་ཤེས་པས། །མི་འགྱུར་བདེ་ཐོབ་རློམ་སེམས་མེད། །མཚན་མའི་ལོག་རྟོག་བྲལ་བ་ན། །ཡེ་ཤེས་ཆེན་པོ་ཆོས་ཀྱི་སྐུ། །
བསོད་ནམས་རྒྱལ་བའི་གཟུགས་སྐུ་ལ། །ཏིང་འཛིན་དཔེ་བྱད་དག་གིས་སྤྲས། །རྣམ་སྨིན་ལུས་ལ་ཚུལ་བཞིན་དུ། །སྐུ་གསུང་འབྱོར་པ་འབྲས་བུའི་མཆོག །རྣལ་འབྱོར་ཤེས་རབ་ཏིང་འཛིན་གྱིས། །སེམས་ཅན་ཐུབ་པའི་སྤྱོད་ཡུལ་སྤྱོད། །གནས་མེད་དམིགས་པའི་རྡུལ་དང་
བྲལ། །སེམས་ཅན་ཁམས་ལ་སྐྱེ་བ་མེད། །དེ་ལྟར་ཤེས་པའི་རྣལ་འབྱོར་ལ། །མི་བྱ་ཅི་ཡང་ཡོད་མ་ཡིན། །ལུས་ཀྱི་སྤྱོད་པ་ལ་སོགས་མེད། །ནམ་མཁའི་རི་མོ་བཞིན་དུ་བལྟ། །ཆོས་རྣམས་ཀུན་གྱི་རྩ་བ་སྟེ། །སེམས་དང་སེམས་སྣང་ཙམ་དུ་འདུས། །སེམས་ཀྱི་
རང་བཞིན་བྱང་ཆུབ་ལ། །བྱང་ཆུབ་ཀྱང་ནི་སེམས་ཉིད་དོ། །དེ་ལྟར་སེམས་ཀྱི་རང་བཞིན་དེ། །ཉན་ཐོས་གང་ཟག་མེད་པར་ཤེས། །རང་རྒྱལ་ཟུང་དོན་མེད་པར་ཤེས། །རྣལ་འབྱོར་སྤྱོད་པ་གཟུང་འཛིན་མེད། །དབུ་མས་དོན་དམ་བདེན་པ་ལ། །སྔགས་ཀྱི་བདེན་པ་དབྱེར་མེད་

རྟོགས། །སྣང་བའི་བག་ཆགས་ཆེ་ཆུང་གིས། །ཐེག་པའི་དབྱེ་བ་བསམ་མི་ཁྱབ། །རྒྱུ་ལ་མ་བརྟན་འབྲས་བུ་ནི། །མེད་ཅེས་ཐུབ་པས་མདོ་རུ་གསུངས། །རྒྱུ་མེད་འབྲས་བུར་དག་པ་ནི། །ཁྱོད་ཀྱི་ཡུལ་མིན་བདེན་པའི་བཀའ། །ཆོས་རྣམས་རྣམ་པར་སྒྲུབ་
བྱེད་ཅིང་། །མཚན་ཉིད་ཙམ་དུ་དམིགས་པ་ན། །རིགས་པས་གནོད་པ་ལ་སོགས་པ། །དངོས་པོར་ལྟ་རྣམས་ཕན་ཚུན་གསལ། །དེ་ལྟར་རྣམ་པར་དཔྱད་པ་ཡིས། །ཕྱག་རྒྱ་ཆེན་པོའི་ཚུལ་ལ་ནི། །ཕྱོགས་ཙམ་རེག་པ་མ་ཡིན་པས། །རྒྱ་མཚོ་ཆེན་པོ་མཇལ་དང་མཚུངས། །
ཕྱི་ནང་སྣང་སྲིད་ཆོས་རྣམས་ཀུན། །རང་བཞིན་གཉིས་མེད་གདོད་ནས་དག །ལམ་གྱིས་བཅོས་ནས་བསྒྲུབ་ཏུ་མེད། །རྩོལ་མེད་ལྷུན་གྱིས་གྲུབ་པའོ། །གསེར་གྱི་གླིང་ན་རྡོ་མེད་ལྟར། །ཕྱི་ནང་བསྡུས་པའི་ཆོས་རྣམས་ལ། །སྐྱོན་ཞེས་མིང་ཡང་མ་གྲུབ་སྟེ། །ཐམས་ཅད་
རོལ་པའི་རྒྱན་དུ་འགྱུར། །རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པས། གྲོང་ཁྱེར་པདྨ་ཅན་གྱི་རིག་བྱེད་མཁན་ལ་གདམས་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཨི་ཐི།། ༄། །སྒྱུ་མ་མཁན་ལ་གདམས་པ་བཞུགས།། ༄༅༅། །ཀྱེ་ཧོ། །བཞིན་བཟང་རྣལ་འབྱོར་བརྩོན་པས་
ང་ལ་ཉོན། །ལེགས་སོ་ལེགས་སོ་ཁྱོད་ཀྱི་མཛད་པ་ལེགས། །ཐེག་པའི་ཚུལ་ཆེན་ཐུབ་པའི་གསུང་རབ་རྣམས། །སྒྱུ་མ་ལྟ་བུར་རྒྱལ་བས་རབ་ཏུ་གསུངས། །ཆོས་རྣམས་ཐམས་ཅད་སྒྱུ་མ་སྨིག་རྒྱུ་དང་། །རྨི་ལམ་གཟུགས་བརྙན་སྤྲུལ་པ་ལྟ་བུ་རུ། །ལེགས་པར་ཤེས་ན་ཉོན་མོངས་
སྤང་དུ་མེད། །རང་གྲོལ་ཡེ་ཤེས་ཐུབ་པའི་དགོངས་པའོ། །ཁྱོད་ཀྱིས་རྡེའུ་ཤིང་བུ་ལ་སོགས་ལ། །སྦྱོར་བ་གོམས་པས་སྔགས་ཀྱིས་བསྣུན་པ་ན། །སྐྱེས་པ་བུད་མེད་རྟ་དང་གླང་པོ་སོགས། །གཟུགས་བརྙན་སྣ་ཚོགས་སྣང་བ་འབྱུང་བ་ན། །དང་པོ་གང་ནས་ཀྱང་ནི་མ་བྱུང་ལ། །སྣང་
བའི་ཚེ་ན་སྒྱུ་མ་ཡིན་པའི་ཕྱིར། །མཚན་ཉིད་གང་ཡང་ཡོད་མིན་སྒྱུ་མ་བསྡུས་པ་ན། །འགགས་ཤིང་མི་སྣང་གྱུར་ཚེ་གང་དུའང་སོང་བ་མེད། །བསྡུས་ཏེ་མི་སྣང་གྱུར་ཀྱང་སྐད་ཅིག་རྒྱུད་མ་ཆད། །དེ་ལྟར་སྣང་དང་མི་སྣང་གཉིས་ཀའི་མཚན་ཉིད་མེད། །གཅིག་གཉིས་ཡིན་ཕྱིར་ཇི་སྲིད་

རྐྱེན་ཉིད་དང་། །ཉེ་བར་གནས་པར་སྣང་ཙམ་མཚན་ཉིད་རྫོགས། །དེ་བཞིན་སྨིག་རྒྱུ་ཞེས་བྱ་མཚན་ཉིད་ཀྱང་། །ས་ཕྱོགས་ཚ་སྒོ་ཅན་ལ་ཉེ་བར་གནས། །ཉི་མས་གདུང་དང་སེར་བུའི་འཇོལ་ཕྱོགས་འབབ། །རྒྱང་ནས་བལྟས་པས་ཆུ་ཀླུང་གང་བར་མཐོང་། །དེ་ཉིད་བྱུང་དང་སྣང་བ་འགགས་
པས་ཀྱང་། །སྣང་དང་མི་སྣང་དབྱེར་མེད་མཚན་ཉིད་གཅིག །རྨི་ལམ་ཞེས་བྱ་སྐྱེས་བུ་གཉིད་ལོག་པས། །གཉིད་ནང་ཀུན་དགའ་ར་བ་སྐྱེད་མོས་ཚལ། །ལོངས་སྤྱོད་སྣ་ཚོགས་རྨི་ཞིང་སྣང་གྱུར་ཀྱང་། །བཙོན་ར་ཁྲི་མོན་སྡུག་བསྔལ་སྣ་ཚོགས་སྣང་། །སྐྱེ་དང་གནས་དང་འགག་པར་འགྱུར་
བའི་ཚེ། །དོན་གྱི་ཆ་གཞན་བསྒྲུབ་པར་བྱས་པ་མེད། །གཟུགས་བརྙན་ཞེས་བྱ་མེ་ལོང་དག་པ་ལ། །སྣ་ཚོགས་གཟུགས་སུ་སྣང་བར་གྱུར་པ་ན། །སྐྱེ་འགག་ལ་སོགས་རྣམ་གཞག་གཞན་མེད་པས། །སྣང་དང་མི་སྣང་དབྱེར་མེད་མཚན་ཉིད་གཅིག །སྤྲུལ་པ་ཞེས་བྱ་ཡེ་ཤེས་ཏིང་འཛིན་
ནམ། །རིག་སྔགས་གྲུབ་པའི་མཐུ་ལས་བྱུང་གྱུར་པ། །མེ་ཏོག་ཁ་དོག་དབྱེ་བའི་རྣམ་པ་ཡིས། །དེ་བཞིན་གཤེགས་པ་ལ་སོགས་སྣང་བར་འགྱུར། །དེ་བཞིན་ཕྱི་ནང་དངོས་པོ་སྣ་ཚོགས་སྣང་བ་དག །ཇི་སྲིད་གཟུང་དང་འཛིན་པའི་རྣམ་པར་རྟོག་པ་ཡིས། །བག་ཆགས་དབང་གིས་
ཉེ་བར་གནས་པ་དེ་སྲིད་དུ། །དངོས་པོ་སྣ་ཚོགས་སྣང་བ་འབྱུང་བར་གྱུར་པ་རྣམས། །དང་པོ་བྱུང་ཚེ་གང་ནས་མ་བྱུང་ལ། །སྣང་ཙམ་ཉིད་ན་བག་ཆགས་དབང་གིས་སྣང་། །གཟུང་འཛིན་གཉིས་ཀྱི་བག་ཆགས་ཟད་པ་ན། །མི་སྣང་གྱུར་ཚེ་གང་དུའང་སོང་བ་མེད། །ཁྱོད་ཀྱི་སྒྱུ་
མ་སེམས་དང་སེམས་བྱུང་དང་། །ཚོར་བ་འདུ་ཤེས་ཉེ་བར་མི་སྤྱོད་ཅིང་། །འགྲོ་བའི་ཕུང་པོ་སེམས་དང་སེམས་བྱུང་དང་། །ཚོར་དང་འདུ་ཤེས་ཉེ་བར་སྤྱོད་པ་ཅན། །མགོ་མི་མཚུངས་ཞེས་ཡིད་གཉིས་བྱེད་གྱུར་ན། །མཚུངས་པར་གྱུར་པའི་སྒྱུ་མ་ལ་སོགས་པ། །དྲང་སྲོང་དག་ལ་
བྷ་ལེ་བཅོལ་བ་འམ། །བཟང་པོའི་སྒྱུ་མས་ཐུབ་ལ་གདུགས་ཚོད་བུལ། །ཚོགས་གཉིས་རྫོགས་པ་སྒྱུ་མའི་སྣང་བ་ཡིས། །བྱེ་བྲག་གྱུར་པ་མེད་དེ་མགོ་མཉམ་མོ། །སྨིག་རྒྱུ་དག་ཀྱང་ཉམས་ཀྱི་འདུ་འཕྲོ་ཡིས། །ལམ་གྱི་བྱ་བ་བྱེད་ཀྱང་མགོ་མཉམ་མོ། །རྨི་ལམ་དག་ལ་ལྷ་ཡིས་

ལུང་བསྟན་ནས། །མ་འོངས་དངོས་པོ་སྟོན་ཏེ་བྱེ་བྲག་མེད། །གཟུགས་བརྙན་པྲ་ཡིས་སྔགས་ལས་གྲུབ་པ་ཡིས། །ལྐོག་གྱུར་རྐུན་མོའི་གཟུགས་མཐོང་ཐ་དད་མེད། །སྤྲུལ་པ་འགྲོ་བའི་དོན་དུ་རྒྱལ་བས་སྤྲུལ། །བསྐལ་པར་གནས་ཏེ་མཛད་པ་སྒྲུབ་པ་ཡོད། །ལོ་ཟླ་
སྐད་ཅིག་སྣ་ཚོགས་སྣང་བ་ཡང་། །སྤྲུལ་པར་རྟོགས་ཏེ་བྱེ་བྲག་མཚུངས་པའོ། །དེ་ལྟར་སྒྱུ་མ་འདྲ་བའི་དངོས་པོ་སྣ་ཚོགས་ཀུན། །འབྱིན་དང་སྡུད་དང་འཕེལ་བར་བྱེད་པ་ཡིས། །དེ་ལྟར་དེ་ལ་སྡིག་པས་ཡོངས་མི་གོས། །བསོད་ནམས་དག་ཀྱང་དེ་བཞིན་ཤེས་པར་བྱ། །གང་ལ་
སྡིག་དང་བསོད་ནམས་གཉིས་མེད་པ། །དེ་ལྟར་གྱུར་ལ་བྱང་ཆུབ་རབ་ཏུ་གསུངས། །ཆུ་ཡིས་གནོད་ལ་གཟིངས་ཀྱིས་ཕན་པ་སྒྲུབ། །ཆུ་མེད་གྱུར་ཚེ་གཟིངས་ཀྱིས་དགོས་པ་མེད། །དེ་བཞིན་གནས་ངན་ལེན་གྱིས་གནོད་ཀྱི་བར། །སྒྱུ་མར་ཤེས་པ་གང་ལ་ཡོད་པ་ཕན། །གནས་ངན་ལེན་གྱི་
གནོད་པ་བྲལ་བ་ན། །བསོད་ནམས་སྒྱུ་མ་ལྟ་བུས་དགོས་པ་མེད། །སེམས་ཅན་སངས་རྒྱས་རང་བཞིན་མཉམ་པ་སྟེ། །ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་། །རང་བཞིན་འོད་གསལ་གཟོད་ནས་འདུས་མ་བྱས། །སྒྱུ་མས་གོས་མིན་ཡེ་ནས་སངས་རྒྱས་སོ། །དེ་ལྟར་ཤེས་
ནས་བདག་དང་དབྱེར་མེད་པ། །ཕུང་སོགས་སྒྱུ་མ་ཙམ་དུ་སྣང་བ་ཡིས། །དེ་བཞིན་གཤེགས་པར་ཤེས་པའི་བློ་ལྡན་ནི། །ལམ་གྱི་མཆོག་ཏུ་རྒྱལ་བས་རབ་ཏུ་གསུངས། །དེ་ལྟར་ཁྱོད་ཀྱི་བྱ་བའི་ཆོས་མཚོན་དཔེ། །བདེན་པས་སྟོང་པའི་ཆོས་ཉིད་གང་ཡིན་དེ། །ངེས་པའི་དོན་དུ་ཡང་
དག་སྟོང་པར་རྟོགས། །ཆོས་ཀྱི་དབྱིངས་ཡིན་རྣམ་པར་དག་པའི་ངང་། །འགྲོ་བ་སྒྱུ་མས་ལམ་ཡང་དེར་གཤེགས་ནས། །ཡེ་ཤེས་སྒྱུ་མ་ལྟ་བུས་དོན་བྱེད་ཤོག །རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པས་གྲོང་ཁྱེར་གྲགས་པ་སྐྱོང་དུ་སྒྱུ་མ་མཁན་ལ་གདམས་པ་དངོས་པོ་བསམ་གྱིས་
མི་ཁྱབ་ཅེས་བྱ་བ་རྫོགས་སོ།། ཨི་ཐི། ས་མ་པ་ཐ། ༄། །སྨད་འཚོང་ལ་གདམས་པ་བཞུགས། ༄༅༅། །ཨ་ཧོ་སྲིད་རྩ་བདེ་བ་ཆེ། །སེམས་ཅན་ཀུན་གྱི་རང་བཞིན་ནི། །གཉིས་མེད་བདེ་བས་ཚིམ་གྱུར་པས། །ལྷན་ཅིག་སྐྱེས་པའི་ངོ་བོར་གསལ། །ཐབས་ཆེན་

གསང་བའི་དཀྱིལ་འཁོར་དག །རོལ་པ་བདེ་བའི་ཉམས་དང་ལྡན། །ཕྲིན་ལས་མཛད་པའི་དགོངས་པ་ལས། །དུས་གསུམ་མཉམ་པའི་ཚུལ་དུ་བཞུགས། །ཐབས་ཀྱིས་བསྐུལ་བས་ཤེས་རབ་ཆགས། །དེ་བཞིན་ཤེས་རབ་བདེ་ཞེན་སེལ། །གཉིས་མེད་རོལ་པའི་ཡེ་ཤེས་
ཀྱིས། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །རྡོ་རྗེ་དབང་གིས་སྟོབས་ལྡན་པས། །འཁོར་ལོ་བཞི་དང་སྲོག་ཤིང་གསུམ། །མེ་རླུང་ཐབས་ལྡན་སྦྱོར་ཤེས་པས། །ཡེ་ཤེས་ནམ་མཁའ་ལྟ་བུ་མཐོང་། །གང་དེ་ཐབས་ལས་བྱུང་བ་ནི། །གནས་བཅུད་ཐིག་ལེ་མི་དམིགས་པས། །བདེ་ཆེན་ཐིག་
ལེའི་སྟོབས་ལས་བྱུང་། །སྤྱི་དང་རང་གི་མཚན་ཉིད་གསལ། །ཕུང་སོགས་འཇིག་རྟེན་བརྟགས་པ་ཀུན། །རང་སྣང་སྒྱུ་མར་སྣང་ཙམ་ལས། །ཕྱི་ནང་བདེན་གཉིས་མཉམ་སྦྱོར་བས། །མ་འདྲེས་གཅིག་དང་དུ་མ་བྲལ། །བདེ་ཆེན་ཐིག་ལེ་རང་བྱུང་ལས། །མན་ངག་ལྡན་པས་རྒྱས་བཏབ་
པས། །མ་རིག་གཉིས་འཛིན་ལ་སོགས་དང་། །དམན་པའི་ཐེག་པ་རིང་དུ་སྤངས། །འཛག་དང་འཕར་དང་འབར་བ་དང་། །འདར་དང་རྒྱུག་དང་སྒྲ་སོགས་དང་། །རང་གསལ་མངོན་ཤེས་འཆི་མེད་སོགས། །སྐྱེ་མེད་ནམ་མཁའི་རང་བཞིན་གསལ། །རྩ་དང་རྣམ་ཤེས་རྒྱུ་བ་ལས། །
མི་དམིགས་བརྗོད་མེད་གང་གོམས་པ། །གྲངས་ལས་འདས་པའི་ཡེ་ཤེས་ཀྱང་། །མི་ཟད་རྒྱན་གྱི་འཁོར་ལོར་མཐོང་། །རང་བྱུང་བདེ་བ་ཐོབ་མཐའ་མེད། །ངོ་བོ་ཉིད་ཀྱིས་བདེ་མཐོང་ཞིང་། །ཐིག་ལེ་རང་ཤར་སྤྲུལ་པ་ཡིས། །མཛད་པའི་རྣམ་འཕྲུལ་བསམ་མི་ཁྱབ། །བདེ་ཆེན་
ཐེག་པར་གྲོལ་བ་ཡིས། །བསྟན་པའི་རིམ་པ་མཐའ་ཡས་ཀྱང་། །སེམས་ཅན་བསམ་པ་ཇི་བཞིན་དུ། །ཐིག་ལེ་ཆེན་པོའི་ངང་ལས་འབྱུང་། །དུག་གིས་དུག་ནད་བསལ་བ་ལྟར། །འགྲོ་བ་ཆགས་པས་འདུལ་བ་སྟེ། །སྐྱེས་བུ་ཐབས་ཀྱིས་བདེར་འཇུག་པ། །པདྨ་ལ་ནི་འདམ་བཞིན་ནོ། །
བསྐྱེད་པ་ཐབས་ཀྱི་འོད་ཟེར་གྱིས། །ཨ་ལ་ཅུང་ཟད་བདེ་བས་རེག །རང་བྱུང་གསང་བའི་ལམ་དུ་དྲིལ། །རང་རང་འཁོར་ལོ་ཐིམ་པར་བྱེད། །མ་ལུས་བདེ་བར་ཤར་བ་ལས། །འཁོར་བའི་བག་ཆགས་མ་ལུས་སངས། །ཐ་དད་ལ་སོགས་ཆོས་མེད་དེ། །སྐྱེ་མེད་བདེ་བའི་སྙིང་པོར་གསལ། །

འཆོལ་པ་སྤྲིན་གྱི་དུམ་བུ་དང་། །ཉི་ཟླ་སྒྲ་གཅན་མཁའ་ལ་འདུ། །དྲག་པོ་ཕོ་བྲང་སྒོ་ལ་སྲུངས། །མགོ་མེད་རང་གི་གནས་ན་འགྱིང་། །སྟོབས་ཀྱིས་གནས་སའི་གའུ་སྦྱོར། །ཟླ་བ་ནམ་མཁའི་དབྱིངས་སུ་བསྟིམ། །ཉི་མས་བཀོད་པའི་ཆུ་གཡོ་ཞིང་། །སེང་གེ་འདུར་
བས་ལམ་འཕྲང་བསལ། །འཕེན་དང་སྡུད་པར་བྱེད་པ་དང་། །གྱེན་དུ་འགྲོ་དང་ཐུར་ལ་བསྐུལ། །འཁོར་ལོ་བཞི་ལ་རྒྱས་འདེབས་པས། །བདེ་བ་ཆེན་པོ་ལྷུན་གྱིས་གྲུབ། །འཁོར་དང་མྱ་ངན་འདས་པ་རྣམས། །གདོད་ནས་གྲུབ་པར་གཉིས་སུ་མེད། །མ་ལུས་བདེ་བའི་གཟུགས་སུ་
ཤར། །གསང་ཆེན་མི་ལྡོག་རིགས་སུ་ངེས། །འགྲོ་ལ་གསང་ལམ་འདི་བསྟན་པ། །མེ་ཏོག་ལ་ནི་ཆུ་བཞིན་དུ། །ཤེས་རབ་གསུམ་ལ་གོམས་པ་ཡིས། །གསང་བ་གསུམ་ལ་སྤྱད་པར་བྱ། །ཐབས་ཆེན་ལྡན་ལ་མངོན་སུམ་སྟེ། །གཉིས་མེད་ཐིག་ལེ་འཕྲོ་འདུ་མེད། །མཉམ་
པ་ཆེན་པོ་མཆོག་གི་དབྱིངས། །ཐབས་ཤེས་གཉིས་མེད་རྡོ་རྗེའི་ལུས། །ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །དཔག་མེད་ལོག་པར་འཁྱམས་པ་རྣམས། །ཐབས་ཀྱིས་མ་སྐྱེས་པ་ལ་བཀོད། །འཆི་བ་མེད་པའི་ཆོས་སྐུར་ཐིམ། །བདེ་བ་ཆེན་པོས་ཁྱབ་པའི་རོ། །ལུས་གནས་
ལུས་ལས་མ་སྐྱེས་པས། །སངས་རྒྱས་ཀུན་དང་དབྱེར་མེད་པའི། །ཐམས་ཅད་ལྷན་ཅིག་སྐྱེས་པར་གསལ། །རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པས་སྒྱུ་མ་སྤྲུལ་པའི་གྲོང་ཁྱེར་དུ་སྨད་འཚོང་མ་ལ་གདམས་པ་བསམ་གྱིས་མི་ཁྱབ་པའི་བདེ་བ་ཆེན་པོ་ཞེས་བྱ་བ་ཨི་ཐི།། །།
༄༅༅། །རྒྱ་གར་སྐད་དུ། །ས་ན་ས་ར་མཱ་ན་ནི་ཡཱ་ཎི་ཀ་ར་ནཱ་མ་སངྒཱི་ཏི། བོད་སྐད་དུ། འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨེ་མའོ། །འདུ་བྱེད་སྡུག་བསྔལ་འགྱུར་བའི་
སྡུག་བསྔལ་དང་། །སྡུག་བསྔལ་སྡུག་བསྔལ་ལ་སོགས་བརྒྱ་རྩ་བཅུ། །སྡུག་བསྔལ་ཀུན་ལས་སྐྱོབ་པར་མཛད་པ་ཡི། །སྨན་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །ཀྱེ་ཀྱེ་ཀྭའི་གྲོགས་པོ་དག །འཁོར་བའི་རྒྱུ་ནི་ཉོན་མོངས་པ་དང་ལས། །ཉོན་མོངས་ཁམས་གསུམ་གནས་ནི་དགུ་

བཅུ་བརྒྱད། །ཟག་པའི་ཆུ་བོ་སྦྱོར་བ་ཉེ་བར་ལེན། །རྒྱུ་དང་ཡུལ་དང་སྦྱོར་བའི་སྟོབས་ཀྱིས་བྱུང་། །ཀྱེ་ཀྱེ་ཀྭའི་གྲོགས་པོ་དག །སྣ་ཚོགས་འདི་དག་ལས་ལས་བྱུང་། །དེ་ཡང་ཉོན་མོངས་སྟོབས་ལས་བྱུང་། །དགེ་དང་མི་དགེ་ལུང་མ་བསྟན། །མཐོང་ལ་མྱོང་དང་སྐྱེས་ནས་མྱོང་། །གཞན་དུ་
མྱོང་དང་མ་ངེས་པའི། །དཀར་དང་གནག་དང་འདྲེན་མའོ། །འཁོར་བའི་ལས་ནི་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔོན་བྱས་གང་ཡིན་དེ་ལས་ནི། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །གྲོགས་དག་སོམས་ཤིག་ཐོག་མ་མེད་པ་ནས། །མ་རིག་ལ་སོགས་བཅུ་གཅིག་རྒ་ཤིའི་མཐའ། །
ཡན་ལག་བཅུ་གཉིས་ཆ་གསུམ་ཟོ་ཆུན་ཚུལ། །ནང་གི་རྟེན་འབྲེལ་ཡང་དང་ཡང་དུ་འཁོར། །ཚེ་རབས་ཚེ་རབས་གྲངས་མེད་དེ་དང་དེར། །སྐྱེ་དང་རྒ་དང་ན་དང་འཆི་བ་ཡི། །སྡུག་བསྔལ་རྣམས་ཀྱིས་ཡང་དང་ཡང་དུ་གདུངས། །འཁྲུལ་ནས་འཁོར་གྱུར་འཁྲུལ་ཅིང་འཁོར་བར་འགྱུར། །ཀྱི་ཧུད་
སྲིད་པའི་ལམ་གྱིས་དུབ་པའི་འགྲོན་པོ་རྣམས། །སྡུག་བསྔལ་བདེ་བར་བཟུང་ནས་མི་སྐྱོ་བ། །ཁྱེད་ཡིད་དེ་ལ་རྟག་ཏུ་ཆགས་བྱེད་པ། །ཕྱུགས་དང་ཁྱད་པར་མེད་པར་བླ་མ་གསུང་། །བླ་མས་ཟིན་པའི་སྐྱེ་བོ་མཁས་པ་དག །སྐད་ཅིག་སྐད་ཅིག་འགྲོ་བ་ལྔ་པོ་ཀུན། །འཁོར་བའི་སྡུག་བསྔལ་ཚེར་
མ་ཟུག་འདྲ་ལ། །རུས་པའི་གཏིང་ནས་སྙིང་རྗེ་སུ་མི་སྐྱེ། །ལས་ངན་དབང་གིས་འཁོར་བའི་རྒྱ་མཚོ་འདིར། །ཡང་ཡང་སྐྱེ་ཞིང་ཡང་ཡང་རྒ་དང་ན། །ཡང་ཡང་འཆི་འགྱུར་འདི་ནི་མི་སེམས་པར། །ཡུལ་ལ་ཆགས་བྱེད་བདག་གིས་ཇི་ལྟར་བྱ། །གྲོགས་དག་སྲིད་པ་གསུམ་ནང་གནས་པ་ཀུན་
སྡུག་བསྔལ། །དེ་ཡང་མི་ཡི་སྡུག་བསྔལ་བདག་གིས་མཐོང་། །མངལ་གྱི་སྡུག་བསྔལ་འདི་ལྟ་བུ་རུ་གནས། །ནུར་ནུར་མེར་མེར་གོར་གོར་ནར་ནར་པོ། །ལྟར་ལྟར་མཁྲང་དང་རྐང་ལག་རིམ་གྱིས་རྫོགས། །ནུ་ཞོ་མར་གྱིས་གསོ་བྱེད་ཅིང་། །ཤིན་ཏུ་ཉམ་ཆུང་གན་རྐྱལ་ཉལ། །བྱིས་པ་དར་མ་ལང་ཚོ་
དང་། །རྒས་པས་སླར་ཡང་བྱིས་བར་འགྱུར། །ཚེ་ནི་མི་རྟག་ཤིན་ཏུ་གཡོ་བ་སྟེ། །ཡུད་ཙམ་སྡོད་པའི་མཐུ་ཡང་ཡོད་མ་ཡིན། །བདག་ནི་ངེས་པར་འཆི་འགྱུར་མི་སེམས་པ། །གྲོགས་དག་སྐྱེས་བུ་དེ་ནི་ངོ་མཚར་ཆེ། །འཁོར་བའི་སྐྱོན་དང་ཉེས་དམིགས་མི་ཤེས་པས། །ཕྱིན་ཅི་ལོག་པ་

བཞི་ལ་གནས་ནས་སུ། །བདག་ནི་ངེས་པར་འཆི་འགྱུར་མི་སེམས་པར། །ཡུལ་ལ་མངོན་ཞེན་ཉིན་མཚན་དོན་མེད་འདས། །འཛམ་བུའི་གླིང་པ་དུས་མིན་འཆི་བས་ཏེ། །ངེས་པ་ཅན་ཡང་ཟད་པར་འགྱུར་བས་ན། །ཡང་དང་ཡང་དུ་ངེས་པར་འཆི་འོ་ཞེས། །བསམ་པར་རིགས་སོ་ཀྭའི་
བཞིན་བཟང་དག །སོ་ག་མེ་ཏོག་རྒྱས་པའི་དུས་འདི་བྱུང་བར་གྱུར། །ཟླ་བ་གསལ་བས་མཚོན་པའི་སྟོན་དུས་འདི་འབྱུང་ཞེས། །སྐྱེ་བོ་ཐམས་ཅད་དགའ་འགྱུར་བདག་གི་ཚེ་འདི་ནི། །ཟད་པར་འགྱུར་ཞེས་ཤིན་ཏུ་མི་དགར་འགྱུར་བ་མེད། །དེ་རིང་འདི་བྱ་སང་ནི་འདི་བྱ་དེ་ནས་འདི་དང་འདི་བྱ་ཞེས། །སྲིད་
པ་གཡོ་བའི་རང་བཞིན་མ་ཤེས་དོན་མེད་ཡིད་བརྟན་ཚོལ་བྱེད་པའི། །སྐྱེ་དགུ་འཆི་བདག་གི་ནི་ཆུ་སྲིན་ཁར་ནི་གྲུ་ནི་ཞུགས་པ་ལྟར། །བྱ་བ་མཐར་མ་ཕྱིན་པར་ཡུལ་གྱི་ཆུ་ཡི་དབའ་ཀློང་ནང་དུ་ལྷུང་། །འདི་ནི་སང་བྱ་འདི་ནི་ཐང་ཅིག་འོག་ཏུ་བྱ། །འདི་ནི་དེའུ་རེ་བྱ་ཞེས་སྐྱེ་བོ་སེམས་པ་ན། །གཤིན་རྗེ་བེ་
ཅོན་ལག་ཐོགས་ཟུར་གྱིས་ལྟ་བྱེད་ཅིང་། །མིག་རྩ་དམར་ཁྲོས་མ་རུངས་གད་མོས་རེ་སྙམ་འདེབས། །རྣལ་འབྱོར་བསྟན་བཅོས་ཐམས་ཅད་དང་། །སྦྱོར་བ་དུ་མ་རབ་ཤེས་ཀྱང་། །དེང་བྱ་སང་བྱ་ཞེས་སྨྲ་ཞིང་། །བསམ་དང་ལྡན་པས་འཆི་བར་འགྱུར། །ཚེ་འདི་གནོད་མང་རླུང་གིས་བཏབ་
པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སང་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཀྱེ་ཀྱེ་ཀྭའི་གྲོགས་པོ་དག །ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་
འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་ལ་བླང་བར་གྱིས། །ཀྱེ་ཀྱེ་ཀྭའི་གྲོགས་པོ་དག །འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་ན། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམས་ཀྱང་ཕན་པར་མི་འགྱུར་བས། །རང་གི་སེམས་ལ་ལྟ་བ་གོམས་པར་གྱིས། །ཀྱེ་ཀྱེ་
ཀྭའི་གྲོགས་པོ་དག །ཚད་མ་བདུན་དང་བརྡ་སྤྲོད་རྣམ་པ་བཞི། །མངོན་པ་དང་ནི་ཡོ་ག་ཙརྱའི་ས། །མདོ་སྡེ་དང་ནི་འདུལ་བ་མངོན་པ་དང་། །གཞུང་དུ་བཀོད་པ་མ་ལུས་ཐམས་ཅད་ཀུན། །མ་མཐོང་མ་མཉན་མ་བཤད་མ་བྲིས་ཞེས། །དེ་ལ་གདུང་བ་མ་བསྐྱེད་བཞིན་བཟངས་དག །

བླ་མའི་མན་ངག་ཅེས་བྱ་བདུད་རྩིའི་རོ། །གང་གིས་སེམས་མཉམ་འཇོག་པ་དེ་ཙམ་ཞིག །ཡོངས་སུ་བཙལ་གྱིས་གཞུང་མངས་ཅི་ཞིག་དགོས། །ཐམས་ཅད་ཡིད་ནི་འཁྲུལ་པར་བྱེད་པའི་རྒྱུ། །འཁོར་བའི་གནས་འདི་ངེས་པ་མེད་པས་ན། །ཕ་མ་ལ་སོགས་ཕ་མར་མ་ངེས་པས། །ཉེ་དུ་
འབྲེལ་པ་དག་ལ་ཆགས་པ་སྤངས། །དགྲ་ཡང་མ་ངེས་དེ་ལ་སྡང་བ་སྤངས། །ནད་མེད་ལང་ཚོ་ཕུན་སུམ་ཚོགས་པ་དང་། །འདོད་ཡོན་ལྔ་ལ་རང་བཞིན་གྱིས་ཆགས་སྤངས། །རྙེད་པ་དང་ནི་བཀུར་སྟི་གྲགས་པ་དང་། །རིགས་དང་རུས་དང་ཚིགས་སུ་བཅད་པ་སྤངས། །སློབ་མ་ཡང་སློབ་ཆོས་
ཀྱི་འབྲེལ་པ་སྤངས། །ཀྱེ་ཀྱེ་ཀྭའི་གྲོགས་པོ་དག །འཇིག་རྟེན་སྟག་སྦྲུལ་མེ་དང་དུག་འདྲ་བར། །བསམས་ནས་སྤངས་ཏེ་དབེན་པར་གནས་པར་བྱ། །བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང་། །སྨན་དང་གླང་ཆེན་བརྟགས་པའམ་གཟའ་སྐར་རྩིས། །མཚོན་ཆ་བརྟགས་
པའམ་རྟ་དཔྱད་རང་བཟོའམ། །བསྟན་བཅོས་ངན་པ་སློབ་དང་ཀློག་པ་སྤངས། །ཡུལ་ལ་མངོན་དགའི་སེམས་ནི་བྱུང་བ་དང་། །རྣམ་རྟོག་དེ་དག་རྣམས་ནི་བྱུང་བ་ནས། །བདག་ནི་ངེས་པར་འཆི་བ་དྲན་བྱས་ལ། །འོག་ནས་འབྱུང་བའི་གཉེན་པོ་རྣམས་ཀྱིས་བཟློག །རྣམ་རྟོག་མང་བ་
དབུགས་བགྲང་པ་ཡིས་གཞིལ། །འདོད་ཆགས་སེམས་བྱུང་རྣམ་པར་རྟོག་པ་དེ། །རང་བཞིན་མི་གཙང་ཀེང་རུས་བལྟ་བས་བཟློག །ཞེ་སྡང་ལ་ནི་བྱམས་པའི་ཆུ་ཡིས་བཏབ། །གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །མི་གཙང་བ་དང་བྱམས་པ་རྟེན་འབྲེལ་གྱི། །མན་ངག་བླ་
མའི་ཞལ་ནས་འབྱུང་བཞིན་བྱ། །འཁོར་བ་ལ་ཡིད་ཆེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ། །སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རྒྱ་བསྟོན་སེང་གེས་བི་ཀ་མ་ལ་ཤཱི་ལའི་གཙུག་
ལག་ཁང་དུ་བསྒྱུར་བའོ། །སླད་ནས་བླ་མ་དེ་ཉིད་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བཅོས་ཤིང་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། དྷརྨྨ་དྷཱ་ཏུ་ས་ར་གཱི་ཏ། བོད་སྐད་དུ། ཆོས་ཀྱི་དབྱིངས་ལྟ་བའི་གླུ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་

ལོ། །གང་ཞིག་ཀུན་དུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ནས། །ཆོས་དབྱིངས་ལྟ་ཞིང་གཞན་མིན་པ། །དེ་དག་རིམ་བཞིན་བརྗོད་པར་བྱ། །ཟབ་ཞི་སྤྲོས་བྲལ་དེ་བཞིན་
ཉིད། །འོད་གསལ་འདུས་མ་བྱས་པ་གང་། །མ་སྐྱེས་མ་འགགས་གཟོད་ནས་དག །རང་བཞིན་མྱ་ངན་འདས་པ་ཡིས། །ཆོས་དབྱིངས་མཐའ་དང་དབུས་མེད་པ། །བློ་མིག་ཞིབ་མོ་རྟོག་བྲལ་བ། །བྱིང་རྒོད་རབ་རིབ་མེད་པས་བལྟ། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་
བྱ་བ་བྱས་པ་ལས། །དག་པ་དེ་ནི་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཇི་ལྟར་འོ་མ་རྣམ་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །
དེ་བཞིན་ཉོན་མོངས་རྣམ་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་གནས། །ཆོས་ཀྱི་དབྱིངས་ཀྱང་མི་སྣང་ངོ་། །ཕྱོགས་ནི་གང་དང་གང་དག་གནས། །བུམ་པ་
བུ་ག་བཏོད་གྱུར་པ། །དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ཉིད་བཅག་གྱུར་པ། །དེ་ཚེ་དེ་ཡི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་
པར་འགྱུར་བ་མེད། །དུས་རྣམས་ཀུན་དུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཇི་ལྟར་རིན་ཆེན་བཻ་ཌཱུརྱ། །དུས་རྣམས་ཀུན་དུ་འོད་གསལ་ཡང་། །རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་
ཤིན་ཏུ་དྲི་མེད་པས། །འཁོར་བར་འོད་ནི་གསལ་མ་ཡིན། །ཇི་ལྟར་སྦུན་པས་གཡོགས་གྱུར་པ། །སོ་བ་འབྲས་ཉིད་མི་འདོད་ལྟར། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་པས། །དེ་ནི་སངས་རྒྱས་ཞེས་མི་རྟག །ཇི་ལྟར་སྦུན་པ་ལས་གྲོལ་ན། །འབྲས་ཉིད་སྣང་བར་འགྱུར་

བ་ལྟར། །དེ་བཞིན་ཉོན་མོངས་ལས་གྲོལ་ན། །ཆོས་ཀྱི་སྐུ་ཉིད་རབ་ཏུ་གསལ། །ཇི་ལྟར་སྦྲུམ་མའི་ལྟོ་ན་བུ། །ཡོད་ཀྱང་མཐོང་བ་མ་ཡིན་པས། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་པའི། །ཆོས་ཀྱི་དབྱིངས་ཀྱང་མཐོང་མ་ཡིན། །ཆོས་དབྱིངས་གང་ཕྱིར་བདག་མ་ཡིན། །བུད་
མེད་མ་ཡིན་སྐྱེས་པ་མིན། །གཟུང་བ་ཀུན་ལས་རྣམ་གྲོལ་བས། །ཇི་ལྟར་འཛིན་པར་བརྟག་པར་བྱ། །མི་གཙང་མི་རྟག་སྡུག་བསྔལ་ཞེས། །བྱ་བ་གསུམ་པོས་སེམས་སྤྱོད་བྱེད། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྐད་གསུངས་པ་སྟེ། །དེ་དག་ཀུན་གྱིས་ཉོན་མོངས་
ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །མཆོག་ཏུ་སེམས་ནི་སྦྱོང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན། །ཇི་ལྟར་རི་བོང་མགོ་ཡི་རྭ། །བརྟགས་པ་ཉིད་དེ་མེད་པ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །བརྟགས་པ་ཉིད་དེ་ཡོད་མ་ཡིན། །ཕྲ་རབ་རྡུལ་
གྱི་ངོ་བོ་ཉིད། །གླང་གི་རྭ་ཡང་དམིགས་མ་ཡིན། །ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན། །དེ་ལ་ཇི་ཞིག་བརྟག་པར་བྱ། །བརྟེན་ནས་འབྱུང་བར་འགྱུར་བ་དང་། །བརྟེན་ནས་འགག་པར་འགྱུར་བ་དང་། །གནས་པ་དག་ཀྱང་ཡོད་མིན་ན། །བྱིས་པ་ཇི་ལྟར་རྟོག་པར་བྱེད། །ཆོས་
དབྱིངས་རང་བཞིན་ནམ་མཁའ་ཡིན། །ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །སྐྱེ་དང་རྒ་དང་གནས་པ་དང་། །འཇིག་པ་མེད་པ་འདུས་མ་བྱས། །སངས་རྒྱས་ཆོས་དབྱེར་མེད་པ་དང་། །དེ་རིགས་དེ་བཞིན་ཐོབ་པ་དང་། །བརྫུན་མེད་སླུ་མེད་འཚེ་མེད་པས། །གདོད་
ནས་རང་བཞིན་ཞི་ཉིད་དོ། །གང་ཕྱིར་དེ་ནི་རྒྱ་མཚོ་ལྟར། །སྒྲ་དང་དཔེ་དང་བློ་རྣམས་ཀྱིས། །གཏིང་དང་ཕ་རོལ་མི་རྙེད་པ། །དེ་ཕྱིར་རབ་ཏུ་ཟབ་པ་ཉིད། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ལྟ་བ་ཐ་དད་རུང་མ་ཡིན། །འོན་ཀྱང་བློ་ཡི་བྱེ་བྲག་གིས། །ལྟ་བ་
ཐ་དད་ཅུང་ཟད་བརྗོད། །དབུ་མ་ཉིད་དུ་སྨྲ་བ་རྣམས། །དེ་དོན་བདེན་པ་གཉིས་སུ་འདོད། །ཀུན་རྫོབ་དང་ནི་དོན་དམ་མོ། །བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །

བདག་དང་བདག་གི་རྟག་ཆད་དང་། །ཉོན་མོངས་རྣམ་བྱང་རྒྱུ་འབྲས་དང་། །གཟུང་དང་འཛིན་པར་གང་སྤྲོས་པ། །འདི་ནི་ཀུན་རྫོབ་བདེན་པའོ། །སྟོང་ཉིད་བདག་མེད་ཞི་བ་གང་། །སྤྲོས་པ་རྣམས་ཀྱིས་མ་གོས་པ། །ཐ་དད་དོན་མིན་རྣམ་མི་རྟོག །འདི་ནི་དོན་དམ་བདེན་
པའོ། །ཡང་དག་ཡང་དག་མ་ཡིན་དང་། །རྣམ་གྲངས་རྣམ་གྲངས་མ་ཡིན་པས། །དེ་གཉིས་སོ་སོར་དབྱེ་བ་བྱས། །རྟགས་ཙམ་སྣང་གྲགས་དངོས་པོ་དང་། །ཐ་སྙད་འཁྲུལ་པ་སྒྱུ་མ་དང་། །ཀུན་རྫོབ་ཉིད་ནི་རྣམ་གྲངས་སོ། །སྟོང་པ་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་
དམ་དང་། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །གང་ཕྱིར་སྒྲིབ་པས་ཀུན་རྫོབ་སྟེ། །འགྱུར་བ་མེད་ཕྱིར་དོན་དམ་མོ། །ཡང་དག་ཡང་དག་མ་ཡིན་པའི། །ཤེས་པ་གཉིས་ཕྱིར་བདེན་པ་གཉིས། །ཡང་དག་ཤེས་པ་མེད་ཅེ་ན། །བདེན་ཏེ་ཐ་སྙད་ཙམ་དུ་ཡོད། །དེ་ཉིད་ཚོལ་ལ་ཐོག་
མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ལ། །ཕྱིས་ནི་རྣམ་པར་དབྱེ་དོན་ཉིད། །བདེན་གཉིས་གཅིག་དང་ཐ་དད་མིན། །ཉེས་པ་བཞི་བཞི་གསུངས་ཕྱིར་རོ། །གཅིག་དང་ཐ་དད་གང་རྟོགས་པ། །དེ་ནི་ཚུལ་མིན་ཞུགས་པ་ཡིན། །དངོས་
པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་མི་ཟད་འབྱུང་། །ལྟ་བ་མ་རུངས་ཡོངས་སུ་འཛིན། །དེ་ལས་བྱུང་བའི་རྩོད་པར་འགྱུར། །དམིགས་པའི་འདུ་ཤེས་ཅན་ལ་ནི། །ཐོབ་པ་མེད་ཅིང་མངོན་རྟོགས་མེད། །རྗེས་མཐུན་བཟོད་པའང་ཡོད་མིན་ན། །མྱ་ངན་འདས་པའང་
སྨོས་ཅི་དགོས། །སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ལོག་པར་བསྒྲུབས་པ་བཞིན། །རྒྱལ་བ་ཀུན་གྱིས་སྟོང་ཉིད་ནི། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་
བསྒྲུབ་ཏུ་མེད་པར་གསུངས། །གང་དག་རང་དངོས་གཞན་དངོས་ཀྱིས། །དངོས་དང་དངོས་མེད་ཉིད་མཐོང་བ། །དེ་དག་སངས་རྒྱས་བསྟན་པ་ལ། །ཡང་དག་མཐོང་བ་མ་ཡིན་ནོ། །མེད་པ་ཡོད་པའི་ཟླས་གྲངས་ཏེ། །ཡོད་པའང་མེད་པའི་ཟླས་གྲངས་པ། །དེ་ཕྱིར་མེད་པར་

བརྗོད་མི་བྱ། །ཡོད་པ་ཉིད་དུ་འང་མི་བརྟག་གོ། །ཡོད་པ་པ་ནི་བདེ་འགྲོར་འགྲོ། །མེད་པ་པ་ནི་ངན་འགྲོར་འགྱུར། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་བརྟེན་ཐར་པར་འགྱུར། །ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིག་པའི་སྲབ་སྐྱོགས་འཇུ་བྱེད་པ། །དེ་དག་དེ་ཕྱིར་
ཇི་བཞིན་དོན། །ཐེག་པ་ཆེན་པོ་པ་ཉིད་འཐོབ། །གཟུགས་སོགས་ཇི་ལྟར་སྣང་བ་ནས། །བདེ་གཤེགས་བར་གྱི་ཆོས་རྣམས་ཀུན། །རི་བོང་བ་ལང་རྭ་ཡི་དཔེས། །དབུ་མ་ཉིད་དུ་གོམས་པར་བྱ། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་མིན་བདག་ཉིད་དུ་ཡང་མེད། །
མཐའ་བཞི་ལས་ནི་ངེས་གྲོལ་བ། །དེ་ཉིད་དབུ་མར་མཁས་རྣམས་བཞེད། །དབུ་མ་མཐའ་ལས་རྣམ་གྲོལ་ན། །མཐའ་དང་བྲལ་ཕྱིར་དབུ་མའང་མེད། །མཐའ་དབུས་མེད་པར་གང་ལྟ་བ། །དེ་ནི་ཡང་དག་ལྟ་བ་སྟེ། །བླ་ན་མེད་པའི་ལྟ་བ་ཡིན། །བློ་ལྡན་རྣམས་ཀྱིས་རྟག་ཏུ་
བསྒོམས། །གང་ཞིག་ལྟ་བ་འདིར་ཞུགས་པ། །དེས་ནི་ཐམས་ཅད་མཁྱེན་པ་ཐོབ། །རྣམ་རིག་ཙམ་དུ་སྨྲ་བ་རྣམས། །ངོ་བོ་ཉིད་ནི་གསུམ་དུ་འདོད། །ཀུན་བརྟགས་གཞན་དབང་ཡོངས་གྲུབ་པོ། །བརྟགས་དང་རྒྱུ་ལས་སྐྱེས་པ་དང་། །མི་འགྱུར་ཕྱིར་ན་གོ་རིམས་བཞིན། །
རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་དུ་བརྟགས་པ་ཡིས། །ངོ་བོ་ཉིད་དེ་དེ་མེད་དོ། །གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །གྲུབ་ནི་དེ་ལ་སྔ་མ་པོ། །རྟག་ཏུ་མེད་པར་གྱུར་པ་གང་། །
ཡོད་དང་མེད་པའི་མཐའ་གཉིས་ཀྱིས། །དེ་ཕྱིར་དེ་ཉིད་གཞན་དབང་ལས། །གཞན་མིན་གཞན་པ་ཡིན་པའང་མིན། །མི་རྟག་ལ་སོགས་བཞིན་དུ་བརྗོད། །ཆུ་ཤེལ་བཻ་ཌཱུརྱ་ཡི་དཔེས། །ངོ་བོ་ཉིད་གསུམ་ཤེས་པར་བྱ། །བདག་དང་ཆོས་སུ་བརྟགས་པ་དང་། །
རྣམ་པར་དག་དང་མ་དག་དང་། །འགྱུར་མེད་ཕྱིན་ཅི་མ་ལོག་པ། །རིམ་བཞིན་རེ་རེའང་གཉིས་གཉིས་སོ། །བློ་གྲོས་བཟང་པོ་ཐམས་ཅད་ནི། །ནང་སེམས་པ་ལ་བརྩོན་པ་ཡིན། །གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །ཆོས་རྣམས་འགའ་

ཡང་སྐྱེ་བ་དང་། །འགག་པ་ཅུང་ཟད་ཡོད་མིན་ཏེ། །སྐྱེས་པ་འབའ་ཞིག་ཁོ་ན་ནི། །སྐྱེ་བ་དང་ནི་འགག་པར་འགྱུར། །ཡོད་མིན་ཆོས་རྣམས་དེ་དག་སྣང་། །བེམས་པོ་ལས་མིན་གཞན་ལས་མིན། །མེད་པ་ལས་མིན་ཉེས་གཉིས་ཕྱིར། །དེ་ཕྱིར་ཤེས་པའི་བདག་
ཉིད་ཡོད། །རྣམ་ཤེས་བེམས་པོའི་རང་བཞིན་ལས། །བཟློག་པར་རབ་ཏུ་སྐྱེ་བར་གསུངས། །བེམས་མིན་རང་བཞིན་གང་ཡིན་པ། །དེ་འདིར་བདག་ཉིད་རིག་པར་འདོད། །ནམ་མཁའ་ས་རླུང་ཉི་མ་དང་། །རྒྱ་མཚོ་ཕྱོགས་དང་འདབ་ཆུ་ནི། །ནང་གི་ཤེས་པ་ཡང་དག་གི། །ཆ་ཡིན་
ཕྱི་རོལ་ལྟར་སྣང་ངོ་། །གསལ་བའི་རང་བཞིན་དུ་སྣང་བས། །དེ་དག་འབྲེལ་པ་ལྐོག་གྱུར་མིན། །གང་དང་འབྲེལ་པས་གང་རིག་པ། །དེ་ཡིས་རིག་བྱ་དེ་རིག་འགྱུར། །རལ་གྲིའི་སོ་དང་སོ་རྩེ་བཞིན། །བློ་ཡིས་རང་འཛིན་དོར་ཞེ་ན། །རང་ཉིད་སྣང་བ་དོར་མིན་པར། །དགོངས་པ་ངེས་
པར་འགྲེལ་ལས་གསུངས། །དེའི་ཕྱིར་བློ་ཡི་མཚན་ཉིད་ནི། །རང་རིག་པར་ནི་གྲུབ་པ་ཡིན། །དེ་ཉིད་རྟོགས་པར་དཀའ་བ་ན། །འདི་ཡི་ངོ་བོ་དཔྱད་མི་ནུས། །རང་རིག་དེ་ཡང་ཕྲ་བའི་ཕྱིར། །སངས་རྒྱས་རྣམས་ཀྱིས་ཕྲ་བར་གཟིགས། །རང་ལ་གནས་ཀྱང་བདག་འདྲ་བས། །རྨོངས་
པའི་ཕྱིར་ན་མཐོང་བ་མེད། །གསལ་དང་བློ་ནི་བདག་ཉིད་ཀྱིས། །འབྲེལ་པ་ཡོད་ཕྱིར་དོན་ཙམ་ཡིན། །ཤེས་པའི་རང་བཞིན་བདེན་པ་སྟེ། །རྣམ་པ་བརྫུན་ཞིང་འཁྲུལ་པ་ཡིན། །སེམས་ནི་རྣམ་པར་བསླད་པའི་ཕྱིར། །གཅིག་གཉིས་གཉིས་སུ་སྣང་བ་ཡིན། །གཟུང་དང་འཛིན་
པའི་དབྱེ་བ་ལས། །ཤིན་ཏུ་མཁས་པ་ཅིས་མ་ཡིན། །གཟུང་བའི་རྣམ་པ་མི་གཡོའི་ཕྱིར། །ཕྱི་རོལ་ལྟ་བུར་སྣང་བ་ཡིན། །འཛིན་པའི་རྣམ་པ་རབ་གཡོ་བས། །ནང་ལྟ་བུར་ནི་སྣང་བ་ཉིད། །མཚན་མ་དེ་ནི་སྤངས་ནས་སུ། །ཡེ་ཤེས་ནམ་མཁའ་ལྟ་བུར་བསྒོམ། །སེམས་ཀྱི་
རང་བཞིན་ཟག་པ་མེད། །ཟག་བཅས་ས་བོན་མ་ཟད་པར། །ཀུན་གཞི་གནས་སྐབས་དེ་དག་ཉིད། །ཟད་ནས་ཟག་པ་མེད་པའི་དབྱིངས། །རྣམ་པར་གྲོལ་བའི་སྐུ་དང་ནི། །རྟག་ཏུ་ཉི་ཟེར་ཉི་མ་བཞིན། །སངས་རྒྱས་ཆོས་རྣམས་གནས་ཡིན་པས། །སྐྱོབ་པ་རྣམས་ཀྱི་ཆོས་

སྐུའོ། །ཉན་ཐོས་ཐེག་པར་ཞུགས་པ་རྣམས། །བདག་དང་བདག་གིས་དབེན་པ་ཡི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བཞི་ལྔའམ་དུས་ནི་གསུམ་ཡང་རུང་། །ཡོད་པ་ཐམས་ཅད་གཟུང་བྱ་ཡིན། །དམིགས་དང་བཅས་པས་འཛིན་པར་བྱེད། །དེ་གཉིས་དམ་པའི་དོན་དུ་འདོད། །
བདེན་པ་མཐོང་དང་གོམས་པ་ལས། །ཉོན་མོངས་སྤངས་པ་ཞེས་བཤད་པ། །བདེན་པ་བདག་ནི་རྣམ་བཞི་སྟེ། །སྡུག་བསྔལ་དེ་བཞིན་ཀུན་འབྱུང་དང་། །འགོག་པ་ལམ་སྟེ་དེ་ལྟ་ན། །དེ་དག་ཇི་ལྟར་གདོན་རྟོགས་རིམ། །སྡུག་བསྔལ་ཉེར་ལེན་ཕུང་པོའོ། །ཀུན་འབྱུང་ལས་དང་
ཉོན་མོངས་ཏེ། །འགོག་པ་མྱ་ངན་འདས་པ་གཉིས། །ལམ་ནི་ཕྱོགས་མཐུན་སུམ་ཅུ་བདུན། །ཚུལ་གནས་ཐོས་དང་བསམ་ལྡན་པ། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །དེ་དག་བརྒྱད་ཅུ་རྩ་དགུའོ། །
གྲོལ་ལམ་ཟད་པ་རྣམས་དང་བཅས། །འབྲས་བུ་བཞི་རྣམ་གཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །ཉན་ཐོས་རྣམ་བཞི་སྤྲུལ་པ་དང་། །རྫོགས་པའི་བྱང་ཆུབ་འགྱུར་བ་དང་། །ཞི་བགྲོད་གྲུབ་མཐའ་འཛིན་པའོ། །དེ་ནི་གཉིས་བཞི་བཅོ་བརྒྱད་དེ། །གཉིས་ནི་བྱེ་
བྲག་སྨྲ་བ་དང་། །དེ་བཞིན་མདོ་སྡེ་སྨྲ་བའོ། །རྣམ་པ་མེད་པའི་ཤེས་པ་ཡིས། །གཟུགས་ལ་སོགས་པ་དོན་རིག་འདོད། །དེ་ནི་བྱེ་བྲག་སྨྲ་བ་ཡིན། །གང་ཞིག་དོན་གྱིས་ཕན་བཏགས་པའི། །གཟུགས་བརྙན་རྣམས་ལ་ཉམས་མྱོངས་པས། །དོན་རིག་འདོད་པ་མདོ་
སྡེ་པའོ། །བཞི་ནི་དགེ་འདུན་ཕལ་ཆེན་དང་། །ཐམས་ཅད་ཡོད་སྨྲ་གནས་བརྟན་པ། །མང་པོས་བཀུར་བ་བཅོ་བརྒྱད་ནི། །ཤར་དང་ནུབ་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བའི་སྡེ། །རྟག་པར་སྨྲ་བའི་སྡེ་པ་དང་། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་
ཀུན་ཡོད་སྨྲ་འོད་སྲུངས་སྡེ། །ས་སྟོན་སྡེ་དང་འོད་སྲུངས་སྡེ། །མང་ཐོས་གོས་དམར་སློབ་མ་དང་། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོགས་

རིས་དང་སྲུང་བ་པ། །གནས་མ་བུ་ཡི་སྡེ་པ་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གི །ཐ་དད་རྣམ་པ་བཅོ་བརྒྱད་དོ། །རང་རྒྱལ་བྱང་ཆུབ་དོན་གཉེར་བས། །གཟུང་བའི་རྟོག་པ་སྤངས་ཕྱིར་དང་། །འཛིན་པ་མ་སྤངས་ཕྱིར་ན་སྟེ། །
རྟེན་གྱི་བསེ་རུ་ལྟ་བུའི་ལམ། །བསྐལ་པ་བརྒྱ་ཡི་མཐར་ཐུག་བར། །བསྒོམས་པས་བྱང་ཆུབ་རེག་པར་འགྱུར། །དེ་ནི་རྟེན་ཅིང་འབྲེལ་འབྱུང་བ། །ཡན་ལག་བཅུ་གཉིས་ཆགས་གསུམ་མོ། །སྔོན་དང་ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །མ་རིག་
ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་འདས་ཀྱི། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །
ཆོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པ་ཆགས་བཅས་ཀྱི། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའོ། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ལས་དེ་ཉིད་ནི་སྲིད་པ་ཡིན། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་
རྒ་ཤི་ཡིན། །འདི་ནི་གནས་སྐབས་བར་འདོད་ལོ། །གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས། །སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཉོན་མོངས་གསུམ་མོ་ལས་གཉིས་སོ། །བཞི་བདུན་དེ་བཞིན་འབྲས་བུ་ཡིན། །གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་
པ། །བར་མའི་རྗེས་སུ་དཔག་པ་ལས། །འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། །བྱུང་བ་འབྲས་བུ་ཉིད་དུ་འདོད། །ཡན་ལག་བཅུ་གཉིས་དེ་དག་ལས། །རྒྱུ་ནི་རྣམ་ལྔ་འབྲས་བུ་བདུན། །འཕེན་པར་བྱེད་དང་འཕངས་པ་དང་། །མངོན་པར་འགྲུབ་བྱེད་གྲུབ་པ་དང་། །ཉེས་དམིགས་ཀྱི་ནི་
ཡན་ལག་སྟེ། །གསུམ་བཞི་གསུམ་གཅིག་གཅིག་རིམ་བཞིན། །འདུ་བྱེད་སྡུག་བསྔལ་འགྱུར་བ་ཡི། །སྡུག་བསྔལ་ཉིད་ནི་རིམ་བཞིན་དུ། །ལྡང་དང་བཞི་དང་ལྔ་ཡིན་ནོ། །ཁམས་གསུམ་ན་ནི་རིམ་བཞིན་དུ། །བཅུ་གཉིས་བཅུ་གཅིག་བཅུ་ཡིས་འཇུག །རྫུས་སྐྱེས་ཡན་

ལག་བཅུ་གཅིག་གིས། །མངལ་དང་སྒོང་སྐྱེས་བཅུ་གཉིས་ཀྱིས། །དྲོད་གཤེར་ལས་སྐྱེས་ཅི་རིགས་འཇུག །དེ་བཞིན་འགྲོ་བ་ལྔ་ལ་སྦྱར། །གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་སྟེ། །ཉིད་
ནི་ཡིད་དང་ཡིད་དུ་འཁོར། །འཁོར་བའི་ངོ་བོ་རྣམ་པ་དང་། །གང་ཞིག་གང་དུ་གང་གིས་ངང་། །ཇི་ལྟར་ཇི་སྲིད་ཉེས་དམིགས་ནི། །མཐའ་ཡས་ཚོགས་ཀྱིས་རབ་ཏུ་འཇུག །བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ན་
གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །མྱ་ངན་གང་ལས་འདའ་བ་དང་། །གང་ཞིག་གང་གིས་གང་གི་ཚེ། །གང་
གིས་གང་ཕྱིར་ཇི་ལྟ་བུར། །ཇི་སྲིད་ངོ་བོ་རྣམ་པ་དང་། །ཐོབ་བྱ་དབྱེ་བ་ཕྲིན་ལས་དང་། །ཡོན་ཏན་ཚོགས་ཀྱིས་ལྡོག་པའོ། །མུ་སྟེགས་པ་ནི་རྣམ་པ་གཉིས། །སྤྲུལ་པ་པ་དང་རང་རྒྱུད་པ། །དེ་ཡང་སྐྱེས་ཐོབ་སྦྱོར་འབྱུང་ངོ་། །སྐྱེས་ཐོབ་རིགས་ཆད་ལོག་སྲེད་ཅན། །སྦྱོར་བྱུང་
བསམ་གཏན་རྟོག་གེ་བ། །བསམ་གཏན་པ་ནི་མངོན་ཤེས་མཐུས། །ལྟ་བ་དྲུག་ཅུ་གཉིས་སུ་རྟོགས། །རྟག་པར་སྨྲ་བ་རྣམ་བཞི་དང་། །ཁ་ཅིག་རྟག་པར་སྨྲ་བ་བཞི། །མཐའ་ཡོད་སོགས་བཞི་མི་སྤོང་བཞི། །རྒྱུད་མེད་གཉིས་ནི་སྔོན་མཐར་རྟོག །འདུ་ཤེས་ཡོད་སྨྲ་བཅུ་དྲུག་
དང་། །མེད་སྨྲ་བརྒྱད་དང་དེ་བཞིན་དུ། །ཡོད་མིན་མེད་མིན་སྨྲ་བ་བརྒྱད། །ཆད་སྨྲ་བདུན་དང་ཚེ་འདི་ལ། །མྱ་ངན་འདའ་བར་སྨྲ་བ་ལྔ། །ཕྱི་མའི་མཐར་རྟོག་ལྟ་བའོ། །རྟོག་གེ་པ་ནི་གྲངས་ཅན་སོགས། །ཚད་མས་གྲུབ་མཐའ་འཛིན་པའོ། །གྲངས་ཅན་ཡོན་ཏན་
གསུམ་དུ་བརྗོད། །སྙིང་སྟོབས་རྡུལ་དང་མུན་པའོ། །རངས་དང་མགུ་དང་ཀུན་དགའ་དང་། །བདེ་བཞི་པ་ཡི་སེམས་ཉིད་དག །རེས་འགའ་ཡང་ནི་སྣང་གྱུར་པ། །དེ་དག་སྙིང་སྟོབས་ཡོན་ཏན་ནོ། །མི་དགའ་བ་དང་ཡོངས་གདུད་དང་། །མྱ་ངན་འདོད་དང་མི་བཟོད་

དག །གང་དུ་སྣང་བའི་གཏན་ཚིགས་ཀྱིས། །དེ་དག་རྡུལ་གྱི་རྟགས་སུ་འདོད། །རྨོངས་པ་དེ་བཞིན་གཏི་མུག་དང་། །བག་མེད་གཉིད་དང་གསལ་བ་དག །ལེན་འགའ་ཡང་ནི་སྣང་གྱུར་པ། །དེ་དག་མུན་པའི་ཡོན་ཏན་ནོ། །ཡོན་ཏན་གསུམ་གྱི་རང་བཞིན་
མཆོག །མཐོང་བའི་ལམ་དུ་འགྱུར་མ་ཡིན། །མཐོང་བའི་ལམ་དུ་གང་གྱུར་པ། །སྒྱུ་མ་བཞིན་དུ་ཤིན་ཏུ་གསོག །རང་བཞིན་ལས་ནི་ཆེན་པོ་སྟེ། །དེ་ལས་ང་རྒྱལ་རྣམ་གསུམ་འབྱུང་། །དེ་ལས་དབང་པོ་བཅུ་གཅིག་དང་། །དེ་ཙམ་ལྔའོ་དེ་ལྔ་ལས། །འབྱུང་བ་ལྔ་སྟེ་ཉི་ཤུ་བཞི། །
གཅོ་བོ་ཉིད་དང་རྣམ་འགྱུར་རོ། །དེ་དག་སེམས་པ་ཡོད་མ་ཡིན། །སྐྱེས་བུ་ཀུན་རིག་སེམས་པ་ཅན། །དེ་དག་ཉི་ཤུ་ལྔས་ཤེས་ན། །རལ་པ་སྤྱི་བོ་གཙུག་ཕུད་ཀྱིས། །བསྟི་གནས་གང་དུ་དགའ་བ་དེར། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །བྱེ་བྲག་པ་ནི་དོན་དྲུག་འདོད། །རྫས་དང་
ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །རྫས་དགུ་ཡོན་ཏན་ཉི་ཤུ་བཞི། །ལས་ལྔ་སྤྱི་གཉིས་བྱེ་བྲག་གཉིས། །དེ་བཞིན་འདུ་བའང་རྣམ་གཉིས་ཏེ། །དེ་ཉིད་དྲུག་ཤེས་རིག་པའི་མཆོག །རིག་བྱེད་ཀུན་གྱི་ཕ་རོལ་ཕྱིན། །གཅེར་བུ་བ་རྣམས་དོན་དགུ་སྨྲ། །སྲོག་དང་
ཟག་པ་སྡོམ་པ་དང་། །ངེས་པར་དགའ་དང་འཆི་བ་དང་། །ལས་དང་སྡིག་དང་བསོད་ནམས་དང་། །ཐར་པ་ཞེས་བྱ་དོན་དགུ་པོ། །གང་གིས་མཐོང་སྟེ་རྣམ་པར་དག །རིགས་པ་ཅན་དོན་བཅུ་དྲུག་འདོད། །ཚད་མ་གཞལ་བྱ་ཐེ་ཚོམ་དང་། །དགོས་པ་དཔེ་དང་གྲུབ་མཐའ་དང་། །
ཆ་ཤས་རྟོག་གེ་གཏན་ལ་དབབ། །རྩོད་དང་བརྗོད་དང་རྒོལ་བ་དང་། །རྒྱུ་ལྟར་སྣང་བ་ཚིག་དོར་དང་། །ལྟག་ཆོད་ཆད་པའི་གནས་རྣམས་ཏེ། །བཅུ་དྲུག་གིས་ནི་ངེས་པར་འབྱུང་། །དཔྱོད་པ་པ་ནི་དོན་བཞིར་བརྗོད། །ས་དང་ཆུ་དང་མེ་དང་རླུང་། །དེ་དག་འདུས་མ་བྱས་པ་སྟེ། །རྟག་ཏུ་
སྐྱེ་འགག་མེད་པར་གནས། །དེ་བས་ལས་འབྲས་ཡོད་མ་ཡིན། །སྔོན་དང་ཕྱི་མཐའ་དེ་བཞིན་མེད། །གང་ཞིག་དེ་ལྟར་རྣམ་དཔྱོད་པ། །མཐོང་བ་ཙམ་གྱིས་རྣམ་གྲོལ་འགྱུར། །ཁྱབ་འཇུག་བྱེད་རྒྱུར་སྨྲ་བ་རྣམས། །ཉི་མའི་ནང་ན་ཁྱབ་བདག་འཇུག །སྐར་ནང་འོད་གནས་ཟླ་བ་

ཡིན། །རླུང་ནང་ང་ནི་འོད་ཟེར་ཅན། །སྣང་བ་ཅན་ན་ཉི་མ་ཡིན། །རིག་བྱེད་ནང་ན་སྙན་ཚིག་དང་། །ལྷ་ནང་ང་ནི་བརྒྱ་བྱིན་ཏེ། །དབང་པོའི་ནང་ན་ཡིད་ཡིན་ནོ། །འབྱུང་བའི་ནང་ན་ས་ཡིན་ཞིང་། །ང་ནི་བདེ་བྱེད་དྲག་པོའང་ཡིན། །སྲིན་པོ་གནོད་སྦྱིན་ནང་རོལ་བདག །ནོར་ལྷའི་ནང་
ན་མེ་ལྷ་ང་། །རི་བོའི་ནང་ན་ང་རི་རབ། །ང་ནི་ཡི་གེའི་ནང་ན་ཨ། །ཉ་དང་རུས་སྦལ་ཕག་དང་ནི། །མི་ཡི་སེང་གེ་མི་ཐུང་དང་། །དགའ་བྱེད་ར་མ་ཎ་ནག་པོ། །སངས་རྒྱས་ཙར་ཏི་ཀ་དང་བཅུ། །གང་གིས་ཁྱབ་འཇུག་ཡོན་ཏན་རྣམས། །རྟག་ཏུ་བསྒོམས་ན་བདེ་ཐོབ་འགྱུར། །དབང་
ཕྱུག་བྱེད་རྒྱུར་འདོད་པ་རྣམས། །འགྲོ་བ་འདི་དག་ཐམས་ཅད་ཀྱི། །བྱེད་པ་པོ་ནི་དབང་ཕྱུག་ཡིན། །དེ་ནི་ཡོན་ཏན་བརྒྱ་དང་ལྡན། །རབ་ཕྲ་ཡང་བ་མཆོད་པར་འོས། །བདག་པོར་གྱུར་དང་དབང་དུ་གྱུར། །གར་ཡང་ཕྱིན་དང་འདོད་དགུར་ལྡན། །དེ་བཞིན་དགའ་མགུར་གནས་པའོ། །
ལག་པ་དག་དང་རྐང་པ་དང་། །མིག་དང་གདོང་དང་ལུས་རྣམས་ཀྱི། །མང་པོ་བསྐྱེད་ཅིང་འཇིག་བྱེད་པས། །དེས་ན་ཕྲ་བར་བརྗོད་པ་ཡིན། །མཁའ་དང་རླུང་དང་ས་དང་ནི། །ཆུ་དང་མེ་དག་གནས་བྱེད་ཅིང་། །སྡུད་པ་དང་ནི་རྒྱས་བྱེད་པས། །དེས་ན་ཡང་པར་བརྗོད་པ་
ཡིན། །འཇིག་རྟེན་གསུམ་ན་མཆོད་གྱུར་ཅིང་། །གནས་པ་བདག་དང་རྒྱུ་བ་དང་། །འབྱུང་པོ་ཀུན་གྱིས་བརྗེད་པས་ན། །དེས་ནི་མཆོད་པར་འོས་པ་ཡིན། །འབྱུང་པོ་ཀུན་ལ་དབང་བྱེད་ཅིང་། །གནས་པ་བདག་དང་རྒྱུ་བ་དང་། །གང་དང་གང་འདོད་དེ་བྱེད་པས། །དེས་ན་
བདག་པོར་གྱུར་ཞེས་བྱ། །བདག་ལ་རག་ལས་རང་དབང་ཅན། །འགའ་ལའང་འཇིགས་པ་ཡོད་མིན་ཏེ། །ཐམས་ཅད་དབང་དུ་གྱུར་ཞེས་བྱ། །མཐོ་རིས་ངན་སོང་ཀུན་ཁྱབ་པས། །དེས་ན་གར་ཡང་ཕྱིན་ཞེས་བྱ། །སྙིང་སྟོབས་རྡུལ་དང་མུན་པ་གསུམ། །དེ་དག་གང་
ལ་གནས་གྱུར་པ། །མིག་འབྱེད་ཙམ་གྱིས་བྱེད་གྱུར་པས། །དེས་ན་འདོད་དགུར་ལྡན་ཞེས་བྱ། །ཐར་པའང་ཡང་ན་ལྷ་ཡི་ལུས། །གང་དུ་དག་ཉིད་འདོད་པ་དག །ཐམས་ཅད་འདོད་པས་ཐོབ་གྱུར་པས། །དེས་ན་དགའ་མགུར་གནས་ཞེས་བྱ། །གང་ཞིག་ཕྲ་གྱུར་གཅིག་

པུ་སྐྱེས་ནས་འདུག །དེ་ཡི་འདི་ཀུན་སྐྱེས་ཤིང་འཇིག་པར་བྱེད། །དེ་ནི་དབང་དག་མཆོག་སྦྱིན་ལྷ་མཆོག་བྱ། །ཡོན་ཏན་བྱེད་པོ་ཤིན་ཏུ་ཞི་བ་ཐོབ། །སྐྱེས་པ་པོ་འདི་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་
ཡང་ན་མཐོ་རིས་སམ། །གཡང་ས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །དབང་ཕྱུག་རྫ་མཁན་ལྟ་བུར་སྣ་ཚོགས་འདི་སྤྲུལ་བྱེད་པོར་མ་གྱུར་ན། །རི་རབ་འདི་མི་གྲུབ་ཅིང་ས་གཞི་འདི་མིན་རྒྱ་མཚོའང་མ་ཡིན་ཏེ། །ཉི་ཟླ་སྐར་ལྡན་འདི་ལྟར་བཀོད་པ་འདི་དག་མིག་ཡུལ་དུ་མེད་འགྱུར། །ཡོད་པའི་
ཕྱིར་ནི་དབང་ཕྱུག་འགྲོ་བའི་བྱེད་པོ་ཡིན་ཞེས་འགའ་ཞིག་སྨྲ། །ཕྲ་ཞིང་བསམ་གྱིས་མི་ཁྱབ་རབ་སྲབ་བྱེད་པ་ཀུན་རིག་ཀུན་བྱེད་པ། །རྣལ་འབྱོར་གོམས་པས་ཐོབ་པ་བློ་ཅན་བསམ་གཏན་པ་ཡི་བསམ་གཏན་ཡུལ། །ཉི་མ་ཟླ་བ་ས་ཆུ་མེ་རླུང་ཕྱོགས་དང་ནམ་མཁའི་ལུས་ཅན་ཏེ། །ཞི་བའི་
བདེ་དགའ་འདོད་པ་རྣམས་ཀྱིས་དབང་ཕྱུག་རྟག་ཏུ་བསྒོམས། །དུས་ལ་ལྟོས་པར་སྨྲ་བ་རྣམས། །དངོས་ཀུན་དུས་ཀྱིས་བསྒྱུར་བ་སྟེ། །གང་གི་ཞང་པོ་ནོར་ལྷ་དང་། །གང་ཕ་ནོར་རྒྱས་ཡིན་པ་ཡི། །འཇིགས་མེད་ཁྲོ་བོའང་བསད་གྱུར་པས། །དུས་ནི་འདའ་བར་དཀའ་བ་ཡིན། །འབྱུང་
བ་རྣམས་ནི་དུས་ཀྱིས་འབྱིན། །སྐྱེ་དགུ་རྣམས་སྡུད་དུས་ཀྱིས་བྱེད། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ནི་འདའ་བར་དཀའ་བ་ཡིན། །སྲུང་བ་སུམ་བརྩེགས་འོབས་ནི་རྒྱ་མཚོ་དང་། །དམག་མི་སྲིན་པོ་ནོར་ནི་ནོར་སྦྱིན་སྦྱོར། །གང་ཞིག་བསྟན་བཅོས་པ་སངས་ཚད་མཉམ་
པའི། །སྒྲ་སྒྲོགས་བུ་དེའང་དུས་ཀྱི་དབང་གིས་ཉམས། །ངོ་བོ་ཉིད་རྒྱུར་སྨྲ་བ་ནི། །དངོས་རྣམས་ངོ་བོ་ཉིད་ཀྱིས་འགྲུབ། །མེ་ཡི་དམར་བ་ཉིད་དང་ནི། །དམ་པ་གཞན་དོན་བྱེད་ཉིད་དང་། །དམ་པ་མིན་པའི་བརྩེ་མེད་ཉིད། །གསུམ་པོ་ངོ་བོ་ཉིད་ཀྱིས་གྲུབ། །ཚེར་མ་རྣོ་བར་གྱུར་པ་སུ་
ཡིས་བྱས། །རི་དགས་བྱ་ཡི་རི་མོ་སུ་ཡིས་བྱས། །བུ་རམ་ཤིང་མངར་ནིམ་པ་ཁ་བ་དག །འདི་དག་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ། །ཉི་མ་ཚ་ཞིང་ཟླ་བ་རབ་བསིལ་དང་། །སྐྱེ་བོ་ཆགས་ཤིང་ཐུབ་པ་དེ་མིན་ལ། །བདེ་བ་རབ་བསིལ་སྡུག་བསྔལ་རབ་གདུང་བ། །དྲུག་པོ་འདི་དག་

ངོ་བོ་ཉིད་ཀྱིས་གྲུབ། །གང་དག་རྒྱུ་མེད་སྨྲ་བ་ནི། །ཐམས་ཅད་རྒྱུ་ལ་ལྟོས་མེད་པར། །དངོས་པོ་རྣམས་ཀྱིས་སྐྱེ་བ་སྟེ། །ཉི་མ་པདྨའི་གེ་སར་སོགས། །སྣ་ཚོགས་གང་གིས་བྱས་པ་ཡིན། །རྨ་བྱའི་མདོངས་ལ་སོགས་པ་ཡང་། །སྣ་ཚོགས་གང་གིས་སྤྲུལ་པ་ཡིན། །ཇི་ལྟར་ཆར་
རླུང་ལ་སོགས་པ། །གློ་བུར་འབྱུང་ཕྱིར་རྒྱུ་མེད་ལྟར། །སྡུག་བསྔལ་ལ་སོགས་རྒྱུ་མེད་ཉིད། །ཤིན་ཏུ་རྒྱ་ཆེན་རབ་ཟབ་ལ། །སྒྱིད་ལུག་ཤིན་ཏུ་མ་སྦྱངས་ལ། །བདག་བཞིན་སྒྲ་དག་གཏི་མུག་གིས། །ད་ལྟར་ཐེག་པ་ཆེ་ལ་སྨོད། །ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་ལས་
ཅིས་ཀྱང་མ་ཡིན་ཏེ། །ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་འགྲོ། །ལྟ་བས་གོ་འཕང་མཆོག་ཏུ་འགྱུར། །གཏི་མུག་དབང་གིས་བསྒྲིབས་གྱུར་ཏེ། །གང་ཞིག་ཡང་དག་གེགས་བྱེད་པ། །དེ་ལ་དགེ་བའི་འགྲོ་བའང་མེད། །ཐར་པ་མེད་པ་སྨོས་ཅི་དགོས། །གནོད་པའི་ས་བོན་གྱུར་པ་ཡི། །
མུ་སྟེགས་བྱེད་མང་མཐོང་ནས་ནི། །ཐར་འདོད་སྐྱེ་བོ་འདོད་རྣམས་ལ། །སྙིང་རྗེར་མི་འགྱུར་སུ་ཞིག་ཡོད། །དེ་ཕྱིར་ཐར་པ་དོན་གཉེར་རྣམས། །ཆོས་ཀྱི་དབྱིངས་སུ་ལྟ་བར་གྱིས། །ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ། །སློབ་དཔོན་ཆེན་པོ་དཱི་པཾ་ཀ་རས་མཛད་པ་རྫོགས་སོ།། །།རྒྱ་གར་
གྱི་མཁན་པོ་དེ་ཉིད་དང་། །བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨུ་པ་དེ་ཤ་ཀཱ་ཡ་པྲ་དཱི་པ་ནཱ་མ། བོད་སྐད་དུ། མན་ངག་སྐུའི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །རྒྱལ་བའི་
སྐུ་ནི་གཅིག་ཉིད་ལ། །གདུལ་བྱའི་མོས་པའི་དབང་གིས་ནི། །ཕྱི་ནང་གསང་བ་གསུམ་དུ་སྣང་། །བདེ་གཤེགས་སྤྲུལ་པ་སྣ་ཚོགས་སྟོན། །ཡབ་ནི་ཐབས་ཀྱི་རང་བཞིན་ལ། །ཡུམ་ནི་ཤེས་རབ་རང་བཞིན་ཏེ། །ཐབས་དང་ཤེས་རབ་གཉིས་མེད་པ། །ཐར་པའི་ལམ་གྱི་གཙོ་བོ་ཡིན། །
ལས་དང་ཐུགས་རྗེའི་དབང་གིས་ནི། །ལ་ལ་ཞི་ཞིང་ལ་ལ་ཁྲོ། །ཞི་བས་ཕན་པར་མ་གྱུར་ན། །ཁྲོ་བོ་དེ་བཞིན་གཤེགས་པས་བསྟན། །གདོད་ནས་དག་པའི་སྙིང་པོ་ལ། །གཟུགས་སྐུ་མཚན་དང་དཔེ་བྱད་ལྡན། །རང་རྒྱུད་དངོས་པོ་མ་ཡིན་པར། །རང་དབང་ཅན་གྱི་སྐུ་ཉིད་དོ། །སྐྱེ་དང་

འཆི་བའི་ཆོ་འཕྲུལ་རྣམས། །སེམས་ཅན་ལྟ་བུ་མ་ཡིན་ཏེ། །སྐྱེ་རྒ་ན་འཆི་རང་གིས་ཤེས། །ཞེན་པ་རྣམས་ལས་འདའ་ཚུལ་སྟོན། །སྐྱེ་དང་འཆི་བ་མི་དམིགས་པས། །བག་ཆགས་ལུས་ལས་གྲོལ་གྱུར་ནས། །རྡོ་རྗེ་ལྟ་བུའི་སྐུ་ཡིན་པས། །བལྟས་པ་ཙམ་
གྱིས་དྲི་མ་འདག །མཚན་གཞི་དྲི་མེད་མེ་ལོང་ལ། །མཚན་བཅས་འཛིན་མེད་གཟུགས་བརྙན་འཆར། །ཟུང་འཇུག་བློ་གྲོས་ངོ་བོར་རྟོགས། །གཉུག་མ་དར་ལྡན་མེ་ལོང་ལ། །བཅུད་དང་རྩལ་སྦྱོང་གཟུགས་བརྙན་འཆར། །ལྷན་ཅིག་སྐྱེས་པའི་ངོ་བོར་རྟོགས། །འཁོར་འདས་
གཞི་མེད་མེ་ལོང་ལ། །འགྲོ་བ་དྲུག་གི་གཟུགས་བརྙན་འཆར། །བསྒོམ་དུ་མེད་པའི་ངོ་བོར་རྟོགས། །ཤེས་རབ་གསུམ་གྱི་མེ་ལོང་ལ། །ཡོན་ཏན་མཐའ་དག་གཟུགས་བརྙན་འཆར། །ཡེངས་སུ་མེད་པའི་ངོ་བོར་རྟོགས། །བཅུ་གཅིག་ལྡན་པའི་དམ་པ་ལ། །བརྒྱད་དང་ལྡན་
པའི་སློབ་མ་ཡིས། །ཞབས་ཀྱི་པདྨར་རབ་བཏུད་ནས། །མ་ཉམས་གསུམ་གྱིས་མཆོད་པ་དབུལ། །ངེས་པའི་ཤེས་པ་སྐྱེས་གྱུར་ནས། །སྤྱི་དང་རང་གི་མཚན་ཉིད་ནི། །མ་འདྲེས་གཅིག་ཏུ་རྟོགས་པ་ཡིས། །དུས་འདི་ཉིད་ལ་རྫོགས་སངས་རྒྱས། །མན་ངག་སྐུའི་སྒྲོན་མ་
རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཡཱ་ན་ཝཱཀ་པྲ་དཱི་པ་ནཱ་མ། བོད་སྐད་དུ། ཐེག་པ་གསུང་གི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །ཁམས་གསུམ་སེམས་ཅན་མ་ལུས་ཀུན། །མ་རིག་མུན་པས་འཐིབས་པ་ལ། །སྟོན་པ་
བཅོམ་ལྡན་ཤཱཀ་ཐུབ་ཀྱིས། །གསུང་གི་སྒྲོན་མ་འདི་བསྟན་པས། །དམ་ཆོས་རིམ་པ་གསུམ་དུ་གསུངས། །རྒྱས་པར་གསུངས་དང་འབྲིང་དུ་བཤད། །བསྡུས་པའི་དོན་དུ་བསྟན་པའོ། །དེ་ལ་རྒྱས་པར་གསུངས་པ་ནི། །དུག་གསུམ་ཉོན་མོངས་ཆ་མཉམ་པའི། །གཉེན་པོ་བརྒྱད་
ཁྲི་བཞི་སྟོང་སྟེ། །ཐེག་པ་སྣ་ཚོགས་བསྟན་པའོ། །འབྲིང་ནི་གསུང་རབ་བཅུ་གཉིས་དང་། །མདོ་དང་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་བྱུང་སྐྱེས་པའི་རབས། །རྒྱས་དང་རྨད་བྱུང་གཏན་ལ་དབབ། །བསྡུས་པས་སྡེ་སྣོད་

གསུམ་དག་སྟེ། །མདོ་སྡེ་འདུས་པ་ཆོས་མངོན་ནོ། །ལྟ་བ་གཙོར་སྟོན་མངོན་པ་སྟེ། །བསྒོམ་པ་གཙོར་སྟོན་མདོ་སྡེ་ཡིན། །སྤྱོད་པ་གཙོར་སྟོན་འདུལ་བའོ། །དེ་ཡང་རྣམ་པ་གསུམ་ཡིན་ཏེ། །ཆེ་དང་ཆུང་དང་ཁྱབ་པར་རོ། །དང་པོ་ལྔ་ནི་མདོ་ཡིན་ཏེ། །དེ་རྗེས་དྲུག་ནི་འདུལ་བ་ཡིན། །ནངས་
ཀྱི་ཐ་མ་མངོན་པའོ། །དེ་ནི་ཐེག་པ་ཆུང་ངུའི་གཞུང་། །རྒྱས་དང་རྨད་བྱུང་མདོ་ཡིན་ཏེ། །མདོ་སོགས་དགུ་ནི་འདུལ་བ་ལ། །གཏན་ལ་དབབ་པ་མངོན་པའི་སྡེ། །དེ་ནི་ཐེག་པ་ཆེན་པོའི་གཞུང་། །མདོ་སོགས་རིམ་ལྔ་མང་ཡིན་ཏེ། །དེ་རྗེས་རྣམ་བཞི་འདུལ་བ་ལ། །ཐ་མ་གསུམ་ནི་
མངོན་པའོ། །དེ་ནི་ཁྱད་པར་བླ་མེད་གཞུང་། །དེ་བཞིན་སྦྱོར་བ་ཤེས་པར་བྱ། །ཁྱད་པར་དབང་དུ་བྱས་ནས་ནི། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །དེ་གཉིས་རྒྱུ་འབྲས་ཁྱད་པར་ཡང་། །དོན་གཅིག་ལ་ཡང་མ་རྨོངས་ཏེ། །ཐབས་མང་དཀའ་བ་མེད་པ་ཡིས། །
དབང་པོ་རྣོན་པོས་དབང་བྱས་ཏེ། །ཕ་རོལ་ཕྱིན་པའི་ཐེག་པ་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །སྔགས་ལ་རྒྱུད་སྡེ་བཞི་རུ་གསུངས། །བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད། །རྣལ་འབྱོར་རྒྱུད་དང་བླ་མེད་པའོ། །དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །
རབ་ལ་རྣལ་འབྱོར་བླ་མེད་དོ། །ཡང་ན་མི་རིགས་བཞི་ལས་ནི། །བྲམ་ཟེའི་རིགས་ལ་བྱ་བའི་རྒྱུད། །དམངས་རིགས་ལ་ནི་སྤྱོད་པ་ཡི། །དེ་བཞིན་རྗེའུ་རིགས་རྣལ་འབྱོར་རྒྱུད། །རྒྱལ་རིགས་རྣལ་འབྱོར་བླ་མེད་དོ། །འདི་ནི་བླ་མེད་རྒྱུད་དུ་གྲགས། །རྒྱུད་དང་ཐབས་དང་འབྲས་བུ་ལས། །
འདི་ནི་ཐབས་ཀྱི་རྒྱུད་དུ་གསུངས། །ཟབ་ཅིང་རྒྱ་ཆེའི་ཞི་བྱེད་འདི། །བརྒྱུད་པ་རྣམ་པ་བཞི་རུ་བཤད། །རིགས་ཀྱི་རྒྱུད་དང་དོན་གྱི་རྒྱུད། །བྱིན་རླབས་བརྒྱུད་དང་བརྡ་ཡི་བརྒྱུད། །མ་ཞུགས་རྣམ་བཞི་ཤེས་པར་བྱ། །ཐེག་པ་གསུང་གི་སྒྲོན་མ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། སཾ་དརྴ་པྲ་དཱི་པ་ནཱ་མ། བོད་སྐད་དུ། ཡང་དག་ལྟ་བའི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །ལྷན་སྐྱེས་ཡེ་ཤེས་སྟེར་མཛད་པ། །དམ་པ་སྐྱེས་མཆོག་རྣམས་ལ་འདུད། །མཚོན་ཚོད་ལྟ་བ་མ་འགགས་པས། །གྲུབ་

མཐའ་ཀུན་དང་ཕྱོགས་གཅིག་མཐུན། །ཡིན་ལུགས་ལྟ་བ་མཐའ་དང་བྲལ། །གྲུབ་མཐའ་ཀུན་གྱི་བློ་མ་ཤོག །ལྟ་བ་རྒྱ་ཆེ་མཐའ་བྲལ་ནི། །མཐའ་བཞིའི་སྐྱོན་དང་བྲལ་བས་ན། །གྲུབ་མཐའ་ཀུན་ལ་མི་གནས་པས། །ཡང་དག་ལྟ་བར་ཡིད་ཆེས་བྱ། །བལྟ་བྱ་ལྟ་
བྱེད་གཉིས་དང་བྲལ། །ལྟ་བ་མེད་པའི་ལྟ་བ་ནི། །ལྟ་བའི་དམ་པ་ཁོ་ན་ཡིན། །དངོས་འཛིན་ལྟ་བ་ཀུན་ལས་གྲོལ། །མ་རིག་པ་ཡི་མིག་ཕྱེ་ནས། །ཡེ་ཤེས་མིག་གིས་བལྟས་པས་ནི། །རིག་པ་དྲི་མ་མེད་པ་ལྟ། །དྲི་མེད་མཐོང་ཞེས་ལྟ་བ་ཡིན། །མཐོང་བྱ་མཐོང་བྱེད་གཉིས་བྲལ་
ནས། །ཟུང་འཇུག་ལྟ་བ་གཟའ་གཏད་མེད། །ཕྱག་རྒྱ་ཆེན་པོ་ལྟ་མཆོག་ཡིན། །དེ་ཉིད་རྟོགས་པའི་ཡོན་ཏན་ནི། །མཚན་ཉིད་བཞི་རུ་ཤེས་པར་བྱ། །རིག་པ་དྲི་མ་མེད་པ་ལ། །རྣམ་དག་སྒྲིབ་གཡོགས་མེད་པས་ནི། །གཟུང་འཛིན་གཡའ་ཡིས་མ་གོས་པའོ། །གཅིག་གི་
སངས་རྒྱས་ཨེ་མ་ཧོ། །རིག་པ་གཅེར་བུར་གནས་པ་ལ། །མཚན་མའི་གོས་ཀྱིས་མ་གཡོགས་པ། །རང་བྱུང་ཡེ་ཤེས་དྲོད་པོ་ཆེ། །ཆགས་སྡང་མཚན་མ་མེ་བཞིན་སྲེག །ཀུན་ཤེས་རིག་པ་རྟེན་མེད་པའོ། །བག་ཆགས་སྦུབས་སུ་མ་ཞུགས་པར། །སྡུག་བསྔལ་
འཁོར་བ་གཟུགས་མི་དགོས། །འདོད་ཡོན་སུན་མ་རང་སར་གྲོལ། །འཛིན་མེད་རིག་པ་བརླིངས་པ་ནི། །དངོས་འཛིན་ཡུ་བ་བུད་པས་ན། །སྣང་གྲགས་འཛིན་པ་ནུས་པ་ཡིན། །ཕྱོགས་ཆ་མེད་པའི་ལྟ་བའོ། །ཡང་དག་ལྟ་བའི་སྒྲོན་མ་ཞེས་བྱ་བ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། རཏྣ་པྲ་དཱི་པ་ནཱ་མ། བོད་སྐད་དུ། རིན་པོ་ཆེ་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །མ་རིག་མུན་པ་སེལ་མཛད་པ། །དམ་པ་སྐྱེས་མཆོག་རྣམས་ལ་འདུད། །དང་པོ་ཟིན་པར་བྱ་བ་དང་། །བར་དུ་བརྟན་པར་བྱ་བ་གཅེས། །
ཐ་མ་བོགས་ཀྱིས་དབྱུང་ཐབས་སོ། །མཉམ་གཞག་དང་ནི་རྗེས་ཐོབ་དང་། །ངོ་བོ་རང་བཞིན་མཚན་ཉིད་དང་། །རྟགས་དང་ཉམས་མྱོང་ཡོན་ཏན་དང་། །ཚད་དང་སྐྱོན་དང་བཅོས་ཐབས་སོ། །མ་ཟིན་ཟིན་པར་བྱེད་པ་ལ། །ལུས་ཀྱི་གནད་དང་དམིགས་པའི་གནད། །རླུང་གི་

གནད་ནི་ཤེས་པར་བྱ། །ཟིན་པ་བརྟན་པར་བྱེད་འདོད་ན། །རྩལ་སྦྱོང་གསུམ་ལ་མཁས་པར་བྱ། །བརྟན་པ་གོང་དུ་བོགས་འབྱིན་ན། །བོགས་འབྱིན་གསུམ་ལ་གོམས་པར་བྱ། །མཉམ་གཞག་དང་ནི་རྗེས་ཐོབ་ལ། །ངོ་སྤྲོད་བཞི་བཞིར་ཤེས་པར་བྱ། །དང་པོ་མཉམ་གཞག་
ངོ་སྤྲོད་ནི། །རིག་པ་མཐའ་རྐྱང་དར་དང་ཆས། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །རིག་པ་ཐང་ཤ་གཅད་པ་ནི། །གཞུ་བཟངས་བདུངས་པའི་དཔེ་ཡིས་མཚོན། །དེ་ནས་རིག་པ་རྩལ་སྦྱང་ནི། །དར་ཆེན་རླུང་གིས་བསྐྱོད་པས་མཚོན། །རིག་པ་རྗེན་པར་གཞག་པ་ནི། །གཉུག་
མ་ལྟ་བུའི་དཔེ་ཡིས་མཚོན། །རྗེས་ཐོབ་ལ་ཡང་ངོ་སྤྲོད་བཞི། །མཉམ་གཞག་རྗེས་ཐོབ་མེད་པར་སྤྲད། །རྐྱེན་ལ་དྲག་ཞན་མེད་པར་སྤྲོད། །དབང་པོ་ཐོགས་རྡུགས་མེད་པར་སྤྲད། །རང་བཞིན་གསལ་བ་དྲི་མེད་ཡིན། །མཚན་ཉིད་ཉམས་སུ་མྱོང་བའོ། །རྟགས་ལ་རྣམ་པ་
བཞིར་གསུངས་ཏེ། །བཏང་ན་འགྲོ་ལ་བཞག་ན་སྡོད། །དགོས་པའི་དུས་སུ་སྙེག་པ་དང་། །ཤེས་བཞིན་གནད་དུ་ཚུད་པའོ། །ཉམས་མྱོང་ལ་ཡང་དེ་བཞིན་ཏེ། །བདེ་བ་དང་ནི་གསལ་བ་དང་། །མི་རྟོག་པ་དང་མི་གཡོ་བའོ། །ཡོན་ཏན་མངོན་པར་ཤེས་པ་འཆར། །ཚད་ནི་
རྩ་བ་བརྟན་པ་དང་། །དེ་བཞིན་རྩེ་མོ་རྣོ་བ་ཉིད། །བར་ནི་གསལ་བ་ངར་དང་ཆས། །དམིགས་པ་སྣ་ཚོགས་སྒྱུར་ཤེས་པའོ། །སྐྱོན་ནི་བྱིང་དང་རྨུགས་པ་དང་། །དེ་བཞིན་རྒོད་དང་གཡེང་བའོ། །བཅོས་པ་ལ་ཡང་རྣམ་གསུམ་སྟེ། །རིན་ཆེན་གསེར་ལྟར་བཅོས་པ་དང་། །འཚོ་མཛད་
སྨན་པ་ལྟ་བུ་དང་། །བི་ཤྭ་ཀརྨའི་བཟོ་བཞིན་ནོ། །མན་ངག་བསྒོམ་པའི་སྒྲོན་མ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ས་མ་ཏཱ་ཝ་སྟུ་པྲ་དཱི་པ་ནཱ་མ། བོད་སྐད་དུ། མཉམ་ཉིད་གཞིའི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །
རང་སྣང་མེ་ལོང་སྟོན་མཛད་པ། །དམ་པ་སྐྱེས་མཆོག་རྣམས་ལ་འདུད། །གཞི་ལ་རྣམ་པ་གཉིས་ཡིན་ཏེ། །སྤྱི་ཡི་གཞི་དང་བྱེ་བྲག་གཞི། །སྤྱི་ནི་གཉིས་སུ་ལུང་མ་བསྟན། །གཞི་ཉིད་མིང་འདོགས་བྲལ་བ་ཡིན། །དཔེར་ན་ག་པུར་སྨན་བཞིན་ནོ། །མ་བཅོས་ཁས་ལེན་བྲལ་

བ་ཡིན། །ནུས་པ་སྣ་ཚོགས་འཆར་བས་ན། །གཞི་ཉིད་ཤེས་པའི་ནུས་པ་ཡིན། །སངས་རྒྱས་སྐུ་དང་ཡེ་ཤེས་འབྱུང་། །དེ་མ་རྟོགས་པའི་སེམས་ཅན་ནི། །ལུས་དང་བག་ཆགས་གཉིས་སུ་སྣང་། །བྱེ་བྲག་གཞི་ལ་གཉིས་ཡིན་ཏེ། །འཁོར་བའི་
གཞི་དང་འདས་པའོ། །འཁོར་བའི་མཚན་ཉིད་འདུས་བྱས་པ། །རྒྱུ་དང་རྐྱེན་གྱིས་བསྐྱེད་པས་ན། །སྣོད་དང་བཅུད་ནི་མི་རྟག་སྟེ། །དུས་བཞི་ལ་སོགས་འགྱུར་བས་ན། །དེ་མ་ཤེས་པས་ཡང་ཡང་འཁོར། །འདས་པའི་གཞི་ལ་གཉིས་ཡིན་ཏེ། །དྲན་པ་བཞི་ཡིས་ངོས་གཟུང་
ལ། །ཕྱག་རྒྱ་བཞི་ཡིས་རྒྱས་གདབ་པོ། །ཐབས་ཤེས་གཉིས་ཀྱིས་གཏན་ལ་དབབ། །ཨཱ་ལི་ཐབས་ཀྱི་རང་བཞིན་ལ། །ཀཱ་ལི་ཤེས་རབ་རང་བཞིན་ནོ། །སྐྱེ་མེད་མཚོན་པས་ཨ་ཞེས་བྱ། །འགག་མེད་མཚོན་པས་ཀ་ཡིན་ནོ། །རྀ་རཱྀ་ལྀ་ལཱྀ་ཟུང་འཇུག་གོ། །ཟླ་བ་དང་ནི་ཉི་
མ་གཉིས། །གཡས་དང་གཡོན་པར་ཤེས་པར་བྱའོ། །དེ་ནས་དུས་ཚོད་འཕོ་བ་དང་། །ཆུ་ཚོད་དབྱུ་གུ་སྐད་ཅིག་དང་། །ལྟེ་བ་དང་ནི་སྙིང་ག་དང་། །མགྲིན་པ་དང་ནི་སྤྱི་བོ་དང་། །འཁོར་ལོ་བཞི་རུ་ཤེས་པར་བྱ། །འབྱུང་བ་ལྔ་དང་ཕྱི་ནང་གཉིས། །རོ་སྙོམས་མ་ཞུ་ཤེས་
པར་བྱ། །ཕྱི་ནང་གཉིས་སུ་གནས་པ་ལ། །རྟེན་འབྲེལ་ཆོས་རྣམས་མ་ཤེས་ན། །སངས་རྒྱས་ཆོས་རྣམས་མི་ཤེས་སོ། །ལྟེ་བར་ཨ་གནས་གསང་བར་སྤྲོ། །སྙིང་གར་རཾ་གནས་འབར་བ་ནི། །མགྲིན་པར་ཧྲི་ལས་གསལ་བ་ནི། །སྤྱི་བོར་རཾ་དུ་བསྒོམ་པར་བྱ། །བདེ་སྟོང་གཉིས་
སུ་གསལ་བས་ནི། །མཚོན་པས་ཕྱག་རྒྱ་ཆེན་པོ་ཡིན། །སྤོང་དང་སྦྱོར་དང་སྒྱུར་དང་གྲོལ། །ཟད་དང་འཕེན་དང་ཚིག་དང་དོན། །སྡེ་སྣོད་གསུམ་གྱི་དོན་ཡང་སྟོན། །དུས་ཚོད་འབྱུང་བ་བཞི་ཡིས་མཚོན། །མ་ནོར་བ་རུ་ཤེས་པར་བྱ། །སྡེ་ཚན་ལྔ་ཡིས་ནང་རྣམས་འཇོམས། །ཨཱ་
ལི་ཀཱ་ལི་མགྲིན་པར་གནས། །ནམ་མཁའི་ཡི་གེས་ང་རྒྱལ་འཇོམས། །རྩ་ཡི་སྡེ་ཚན་རྐན་ལས་འབྱུང་། །མེ་ཡི་ཡི་གེས་ཞེ་སྡང་འཇོམས། །ཊ་ཡི་སྡེ་ཚན་ལྕེ་ལས་འབྱུང་། །རླུང་གི་ཡི་གེས་ཕྲག་དོག་འཇོམས། །ཏ་ཡི་སྡེ་ཚན་སོ་ནས་འབྱུང་། །ས་ཡི་ཡི་གེས་གཏི་མུག་འཇོམས། །

པ་ཡི་སྡེ་ཚན་མཆུ་ནས་འབྱུང་། །ཆུ་ཡི་ཡི་གེས་འདོད་ཆགས་འཇོམས། །ཧཱུྃ་གིས་འོག་གི་རླུང་རྣམས་བསྡུས། །ཨ་ཡིས་སྟེང་གི་བདེ་བ་གསལ། །ཧ་ཡིས་བདེ་བ་འཕེལ་བར་བྱེད། །ཧིཀ་གིས་བདེ་བ་གནས་ནས་འདྲེན། །ཕྱི་ནས་འབྱུང་བའི་དགྲ་གཤེད་དང་། །ནང་ནས་འབྱུང་བའི་རོ་
སྙོམས་དང་། །ཕྱི་ཡི་དུས་ཚོད་གཡོན་ནས་གཟུང་། །ནང་གི་དུས་ཚོད་གཡས་ནས་གཟུང་། །ལོ་ཡི་མགོ་བོ་བྱི་བ་ཡིན། །ཟླ་བའི་མགོ་བོ་སྟག་ཡིན་པས། །ལྷོ་དང་བྱང་དང་ཤར་དང་ནུབ། །འབྱུང་བ་བཞི་རུ་ཤེས་པར་བྱ། །ཤེས་ན་ཐམས་ཅད་འགྲུབ་པར་ངེས། །ཚིག་གཅིག་བསྟན་པས་
སངས་རྒྱས་དང་། །རྫས་གཅིག་རྙེད་པས་དོན་ཡོད་འགྲུབ། །སྔགས་གཅིག་བཟླས་པས་ནུས་པ་འབྱུང་། །མཉམ་ཉིད་གཞིའི་སྒྲོན་མ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀོ་ཊི་ནིཥྛ་ཕ་ལ་པྲ་དཱི་པ་ནཱ་མ། བོད་སྐད་དུ། མཐར་ཐུག་འབྲས་བུའི་སྒྲོན་མ་ཞེས་བྱ་བ། འཇམ་
དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །འཁོར་བའི་ཆུ་ལས་སྒྲོལ་མཛད་པ། །དམ་པ་སྐྱེས་མཆོག་རྣམས་ལ་འདུད། །སྒྲུབ་པའི་ཆོས་ལ་དོན་ཡོད་པས། །དམ་པས་གསུངས་ལ་ཡིད་ཆེས་ཀྱིས། །མཐར་ཐུག་འབྲས་བུའི་སྒྲོན་མ་ནི། །རྣམ་པ་གཉིས་སུ་ཤེས་པར་བྱ། །གནས་
སྐབས་རྒྱུ་ཡི་འབྲས་བུ་དང་། །མཐར་ཐུག་རྟོགས་པའི་འབྲས་བུའོ། །རྒྱུ་མཐུན་འབྲས་བུ་རབ་སྟེར་བས། །བྱས་པའི་ཆོས་ལ་ནན་ཏན་སྐྱེད། །ནམ་མཁའ་རྡོ་རྗེ་གྲོང་འཇུག་གསུམ། །ལས་སུ་རུང་བའི་འབྲས་བུ་ཡིན། །རྟོགས་པའི་འབྲས་བུ་སྐུ་ལྔ་སྟེ། །ངོ་བོ་སྟོང་པ་ཆོས་སྐུ་ལ། །རང་བཞིན་
གསལ་བ་ལོངས་སྐུ་ཡིན། །མཚན་ཉིད་ཉམས་མྱོང་སྤྲུལ་པའི་སྐུ། །ཟུང་འཇུག་ངོ་བོ་ཉིད་ཀྱི་སྐུ། །རང་གྲོལ་རང་དག་བདེ་ཆེན་སྐུ། །དོན་ལ་མཚོན་དུ་ཅི་ཡང་མེད། །ཐ་སྙད་བློ་ལ་རྒྱུ་འབྲས་དཱི་པཾ་གཉིས། །ཞེན་པ་བཟློག་ཕྱིར་བསྟན་པ་ལས། །དོན་དམ་བརྗོད་དུ་མེད་པས་ན། །རྒྱལ་
བས་ཚིག་གཅིག་གསུངས་པ་མེད། །མཐར་ཐུག་འབྲས་བུའི་སྒྲོན་མ་ཞེས་བྱ་བ་རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བོ་དྷི་ཙརྱ་པྲ་དཱི་པ་ནཱ་མ། བོད་སྐད་དུ། བྱང་ཆུབ་སྤྱོད་པའི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་གེ་

ལ་ཕྱག་འཚལ་ལོ། །སྒྲོལ་མ་ལ་ནི་ཕྱག་འཚལ་ནས། །དམ་པ་སྐྱེས་མཆོག་རྣམས་ལ་འདུད། །འགྲོ་བ་སྡུག་བསྔལ་གདུངས་པ་ལ། །ཞི་བྱེད་བསིལ་ལྡན་དྲི་མེད་བཤད། །འཇིག་རྟེན་ཁམས་འདི་མི་རྟག་སྟེ། །དཔེར་ན་འཇའ་ཚོན་ཡལ་དང་འདྲ། །ལོ་
ཟླ་ཚེས་གྲངས་འཆི་དང་ཉེ། །བུ་ཚ་ལ་སོགས་གྲོགས་རྣམས་དང་། །བོར་ནས་གཅིག་པུ་འགྲོ་དགོས་ན། །བར་དོ་བཞི་ལས་འཆི་བའི་ཚེ། །སྡུག་བསྔལ་རི་བོས་མནན་པས་སྡུག །བདུན་ཚོ་བདུན་དུ་བར་དོ་རུ། །གཤེད་པོས་འཚེ་ཞིང་སྡུག་རེ་བསྔལ། །མ་རིག་འཁྲུལ་
པས་ལུས་བླངས་ཏེ། །ཉོན་མོངས་ལྔ་ཡིས་སེམས་ཀྱང་དཀྲུགས། །དཔེར་ན་ཤིང་རྟའི་འཁོར་ལོ་བཞིན། །འགྲོ་བ་དྲུག་གི་སྡུག་བསྔལ་མྱོང་། །སྡུག་བསྔལ་བཞི་སོགས་སྡུག་བསྔལ་བས། །དེ་ཕྱིར་བྱང་ཆུབ་བསྒྲུབ་པར་བྱ། །ལེ་ལོ་གཡེང་བ་རབ་སྤངས་ཏེ། །ཤེས་རབ་
གསུམ་ལ་བློ་སྦྱངས་ལ། །རྟག་ཏུ་དུར་ཁྲོད་གནས་སུ་འདུག །དྲན་པ་བཞི་དང་ལྡན་པ་ཡིས། །ཐོ་རངས་ལངས་ཏེ་ཁྲུས་བྱས་ལ། །དད་དང་མོས་གུས་སྔོན་བཏང་སྟེ། །བྱང་ཆུབ་སེམས་དང་རབ་ལྡན་པས། །འགྲོ་བ་བུ་བཞིན་གདུང་བར་བྱ། །གསུམ་ལ་སྐྱབས་འགྲོ་མ་ཉམས་བྱ། །བདེན་
པའི་ཆོས་ལ་ཐེ་ཚོམ་སྤང་། །འདོད་པ་སྤེལ་ཕྱིར་ཆུ་སྦྱིན་གཏང་། །མཆོད་བཤགས་ལ་སོགས་ཁ་ཏོན་བྱ། །གྲུ་ཡི་ཚུལ་དུ་ལུས་ཀྱང་བཙལ། །བག་ཡོད་སྤྱོད་ལམ་བློ་གྲོས་ཟབ། །ལྷ་དང་མི་འབྲལ་བསམ་པ་བཟང་། །དང་པོ་བྱུང་བས་དཀོན་མཆོག་མཆོད། །ཁ་ཟས་ཀུན་ལས་
རྣལ་འབྱོར་བྱ། །ལྷག་མ་འབྱུང་བོ་རྣམས་ལ་བསྔོ། །བཤང་གཅི་རྣམས་ཀྱང་སྦྱིན་པར་གཏང་། །སྨོན་ལམ་རྒྱ་ཆེན་གདབ་པའོ། །ཆོས་སུ་འགྲོ་བའི་ཚིག་ཀྱང་བརྗོད། །སཱཙྪ་གདབ་ཅིང་སྲོག་ཀྱང་གདོན། །བསོད་ནམས་ཚོགས་ནི་ཅི་ནུས་བསགས། །ཡེ་ཤེས་ཚོགས་ཀྱང་
དེ་བཞིན་ཏེ། །སྡོམ་པ་གསུམ་དང་ལྡན་པར་བྱ། །ཕ་རོལ་ཕྱིན་པ་དྲུག་སྤྱད་དེ། །དབང་བཞི་རྫོགས་པའི་རྣལ་འབྱོར་བྱ། །བསྐོར་བ་བྱ་ཞིང་ལུས་ཀྱང་བཅག །འབྱུང་བ་བཞི་ནི་རོ་སྙོམས་ཏེ། །མཚན་མོ་ནང་གི་སྤྱད་པ་བྱ། །སྲོད་ལ་གཏོར་ཚོགས་ཆེན་པོ་གཏང་། །ནམ་ཕྱེད་

ཚོགས་ཀྱི་འཁོར་ལོ་བསྐོར། །ཕྱི་བཅུད་ནང་བཅུད་རང་སོར་གཞག །ནམ་སྨད་དགེ་བའི་གཉིད་ཀྱང་ལོག །སྤྱོད་ལམ་རྣམ་བཞིའི་ཆོས་ལ་བསྡུ། །མ་ཡེངས་ཆུ་བོའི་རྒྱུན་ལྟར་སྤྱད། །སྒྱུ་ལུས་འོད་གསལ་བསྲེ་བ་ཡང་། །སུམ་ཅུ་རྩ་བཞིའི་གདམས་པའི་དོན། །སེམས་ཉིད་
ལས་སུ་རུང་བས་ནི། །རང་དབང་རྒྱལ་པོ་སེམས་ལ་ཐོབ། །དེ་ཕྱིར་རྣལ་འབྱོར་བརྩོན་པར་སྤྱད། །བྱང་ཆུབ་སྤྱོད་པའི་སྒྲོན་མ་ཞེས་བྱ་བ་རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཁ་ཆེ་ཛྙཱ་ན་གུ་ཧྱ་དང་། ཨོང་པོ་ལོ་ཙཱ་བས་བསྒྱུར་བའོ།། །།
༄༅༅། །རྒྱ་གར་སྐད་དུ། པཱ་ད་ཡོ་ག་པྲ་དཱི་པཾ་ན་མ། བོད་སྐད་དུ། རྣལ་འབྱོར་ལམ་གྱི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལམ་གྱི་སྒྲོན་མ་འདི། །བསྟན་པས་ལོག་པའི་ལམ་མི་འཇུག །སྡུག་བསྔལ་ཐམས་ཅད་ཞི་མཛད་པ། །དམ་
པ་སྐྱེས་མཆོག་དེ་ལ་འདུད། །ཨཱ་ལི་ཀཱ་ལིའི་སྒྲ་དོན་རྟོགས། །སྡེ་སྣོད་གསུམ་གྱི་དོན་ཡང་ཤེས། །བདག་དང་སྐྱེ་འགྲོའི་སེམས་ཅན་རྣམས། །ཡེ་ནས་སྐྱེ་མེད་འོད་གསལ་ཡང་། །མ་རིག་པ་ཡི་རླུང་གིས་འཁྲུལ། །འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་། །དེ་ལས་གྲོལ་བར་
བྱེད་པའི་ཕྱིར། །རྣལ་འབྱོར་ལམ་པས་འདི་ལྟར་བྱ། །སྡིག་པའི་ལས་རྣམས་རབ་སྤངས་ཏེ། །དགེ་བའི་ཆོས་ལ་བརྩོན་པར་བྱ། །བཀའ་ལ་སོམ་ཉི་མི་ཟ་ཞིང་། །རྟག་ཏུ་སྐྱབས་འགྲོ་མ་ཉམས་བྱ། །བྱམས་པའི་སེམས་དང་རབ་ལྡན་ཞིང་། །འགྲོ་ལ་སྙིང་རྗེ་ཅི་ནུས་བྱ། །འདོད་
ཡོན་དངོས་པོ་མི་རྟག་པས། །གཟུང་འཛིན་ཆགས་སེམས་རྣམ་པར་སྤངས། །གཞན་ལ་སྨད་པར་མི་བྱ་ཞིང་། །འགྲོ་བའི་བླ་མ་སྤྱི་བོར་བཀུར། །ལོག་པའི་ལམ་དུ་མི་འཇུག་ཅིང་། །མཐུ་དང་ངན་སྔགས་སྤེལ་མི་བྱ། །ལོངས་སྤྱོད་འདུ་འཛི་རྣམ་སྤངས་ཏེ། །གཅིག་པུ་
ནགས་སུ་འདུག་ལ་བསྒོམ། །འཇིག་རྟེན་འཆལ་ཚིག་མི་བརྗོད་པར། །སྔགས་དང་སྙིང་པོ་མདོ་ཡང་བརྗོད། །ཡང་ན་ལྐུགས་པའི་ཚུལ་དུ་བསྡད། །རང་བྱུང་དྲི་མ་མེད་པའི་བརྡ། །ལུས་ལ་གྲུ་ཡི་བློ་བཞག་ལ། །བཅུད་ལེན་གྱིས་ནི་ཟུངས་ཀྱང་བསྐྱེད། །གཏུམ་

མོ་ཡིས་ནི་རོ་བསྙམས་ཏེ། །འབྱུང་བ་བསྙམས་ཞིང་ནད་རྣམས་དབྱུང་། །གནོད་སྦྱིན་བར་ཆད་བྱེད་པ་ལ། །བརྟུལ་ཞུགས་གདམས་པའི་སྤྱད་པ་བྱ། །མི་ངལ་གསུམ་དང་འདུ་བ་གསུམ། །འཁོར་ལོ་གསུམ་དང་རྩ་བ་གསུམ། །འབར་བ་གསུམ་དང་ཆུད་མི་ཟ། །
ཐིམ་པ་གསུམ་དང་རྒྱས་གདབ་བོ། །མདོར་ན་ཐམས་ཅད་སེམས་ཡིན་ཏེ། །སེམས་ལས་མ་གཏོགས་ཆོས་གཞན་མེད། །སེམས་སུ་འཛིན་པ་འཁྲུལ་པའི་བློ། །བློ་ལས་གྲོལ་ན་གཉིས་སུ་མེད། །གཉུག་མའི་ངང་ལས་མ་ཡེངས་པར། །དངོས་པོར་སྣང་བ་སྒྱུ་མར་བལྟ། །སྒྱུ་
མ་བརྫུན་པ་རྨི་ལམ་ཚུལ། །རྨི་ལམ་ཚུལ་སོགས་རབ་ཤེས་ནས། །དཔེ་བརྒྱད་བཞིན་དུ་ཤེས་པར་བྱ། །རྣལ་མའི་ཆོས་ལ་རབ་གནས་ན། །གང་ལྟར་སྤྱད་ཀྱང་བདེ་བ་ཐོབ། །དེས་ན་རྣལ་འབྱོར་བརྩོན་པར་བྱ། །སྡུག་བསྔལ་ཞི་བར་བྱེད་པ་རྣལ་འབྱོར་ལམ་གྱི་སྒྲོན་མ་ཞེས་བྱ་བ་
རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། །ཙིཏྟ་གུ་ཧྱ་པྲ་དཱི་པཾ་ནཱ་མ། བོད་སྐད་དུ། གསང་བ་ཐུགས་ཀྱི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །དམ་པ་ལྔ་བཅུ་རྩ་ལྔ་ཡིས། །ཞབས་ཀྱི་པདྨར་
རབ་བཏུད་ནས། །སྡུག་བསྔལ་ཞི་བར་བྱ་བའི་ཕྱིར། །ཁྱད་པར་ལྔ་ཡིས་གདམས་པ་བསྟན། །ཀྱེ་མ་རྣམ་ཤེས་རླུང་གིས་འཁྲུགས། །རླུང་ནི་ལས་སུ་རུང་བ་དང་། །གཏུམ་མོ་རླུང་གིས་སྦར་བར་བྱ། །འདུ་བའི་ནད་ཀྱང་རླུང་གིས་བཅོས། །འབྱུང་བ་རོ་ནི་མཉམ་པ་དང་། །བརྟུལ་
ཞུགས་སྤྱོད་པས་བར་ཆོད་སེལ། །འཚོ་བའི་བཅུད་ནི་ལེན་པ་དང་། །ཨེ་ཝཾ་བདེ་བའི་རླུང་གིས་བསྐྱེད། །རྟེན་འབྲེལ་ཤེས་པ་འཆར་བ་དང་། །རྡོ་རྗེ་རྐང་མགྱོགས་གྲུབ་པར་འགྱུར། །དྷཱུ་ཏཱིར་ཚུད་དེ་ཕྱག་རྒྱ་ཆེ། །འདབ་ལྡན་པདྨ་གེ་སར་དབུས། །རྩ་དང་རླུང་དང་བྱང་ཆུབ་སེམས། །
སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི། །ཆགས་དང་འབྲི་བ་བཅུ་གཉིས་བརྒྱ། །ལ་ལ་ར་ས་དྷཱུ་ཏཱིར་བསྡུ། །རླུང་དང་བྱང་ཆུབ་སེམས་ཀྱང་དེ། །འཁོར་ལོ་བཞི་ལ་སྲོག་ཤིང་ཚུལ། །མི་འདྲ་སྦར་བས་ཧཾ་ལས་འཛག །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ནི། །དཀྱིལ་དང་བཟློག་དང་དགྲམ་ཞིང་

བསྟིམ། །དགའ་བཞིའི་ཁྱད་པར་ཕྱག་རྒྱ་ཆེ། །སྐྱེ་བ་དང་ནི་འགག་པའོ། །ཤེས་པ་ཁོ་ན་འབའ་ཞིག་ཡིན། །སེམས་ནི་ཀུན་གྱི་ས་བོན་ཏེ། །རང་སེམས་རྟོགས་ན་སངས་རྒྱས་ལ། །བདེ་བ་གཞན་དུ་མི་བཙལ་ལོ། །སེམས་ཉིད་ལས་སུ་རུང་བ་དང་། །རྣམ་པར་མི་རྟོག་ཡང་དག་
དོན། །གཉིས་མེད་གཉིས་སུ་མེད་པ་ལས། །གཉིས་སུ་བྱར་མེད་སྤྲོས་བྲལ་མཁའ། །སྲིད་དང་མྱ་ངན་འདས་ལས་གྲོལ། །དོན་གྱིས་དབུ་མ་ཕྱག་རྒྱ་ཆེ། །སྙིང་པོའི་དོན་ལས་མ་ཡེངས་པར། །གཉུག་མའི་ཡིད་ནི་གཅིག་ཏུ་གཏད། །རྣལ་མའི་དོན་ལ་རབ་གནས་ནས། །
ཡིད་ལ་མི་དམིགས་བདེ་བ་ཆེ། །ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། །མཚོན་དུ་ཡོད་པ་མ་ཡིན་ཏེ། །སྟོན་ཀའི་ཟླ་ལྟར་དྲི་མེད་འོད། །བདེ་གསལ་སྟོང་པའི་ཡེ་ཤེས་ཅན། །རང་ལ་སྤྲས་པ་མིག་ལྟར་དབྱེ། །བདེ་བ་ཆེ་ལས་གཞན་མེད་པས། །ཕྱག་རྒྱའི་མཆོག་དེ་ཕྱག་
རྒྱ་ཆེ། །སྡུག་བསྔལ་ཞི་བར་བྱ་བ་དང་། །ལུས་སེམས་འཕྱན་དུ་གཞུག་པ་དང་། །འབྲས་བུ་བློ་ཡིས་མ་གྲུབ་པ། །ཤེས་རྒྱུད་ནམ་མཁར་འཕང་བ་དང་། །དམིགས་པ་སྣ་ཚོགས་བསྒྱུར་ཤེས་སོ། །ཆོས་དང་ཆོས་མིན་སེལ་བ་དང་། །རིག་པ་དངས་སྙིགས་དབྱེ་བ་དང་། །
རྣམ་ཤེས་རླུང་ཡང་བསྟིམ་པའོ། །སྒྱུ་ལུས་འོད་གསལ་བསྲེ་བར་བྱ། །བག་ཆགས་སྦུབས་སུ་གྲོལ་བ་དང་། །ཕྱག་རྒྱ་ཆེན་པོ་དུས་འདིར་ཐོབ། །དེས་ན་རྣལ་འབྱོར་བརྩོན་པར་བྱ། །སྡུག་བསྔལ་ཞི་བར་བྱེད་པ་གསང་བ་ཐུགས་ཀྱི་སྒྲོན་མ་ཞེས་བྱ་བ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་
པོ་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱན་གུ་ཧྱ་དང་། བོད་ཀྱི་ལོ་ཙཱ་བ་ལོ་བཙུན་ཆུང་གིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མཎྜལ་བི་དྷི་ནཱ་མ། བོད་སྐད་དུ། མཎྜལ་གྱི་ཆོ་ག་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་
གེ་ལ་ཕྱག་འཚལ་ལོ། །བླ་མ་མཉེས་པར་བྱེད་པ་ཡི། །མཎྜལ་ཆོ་ག་བཤད་པར་བྱ། །མཎྜལ་ལ་ནི་རྣམ་ལྔ་སྟེ། །ངོ་བོ་ངེས་ཚིག་དབུལ་ཐབས་དང་། །དབྱེ་བ་དང་ནི་ཕན་ཡོན་ནོ། །ངོ་བོ་དབུལ་བར་འོས་པ་ལ། །སྔགས་དང་རྫས་སུ་བཅས་པའོ། །མཎ་ནི་བསྐྱེད་པའི་ས་བོན་

ཏེ། །བསོད་ནམས་འཕེལ་བས་ཌལ་ཞེས་བྱ། །དབུལ་ཐབས་དད་གུས་མོས་པ་ཡིས། །གོང་མ་མཉེས་པར་བྱེད་པའོ། །མཎྜལ་དབྱེ་ན་རྣམ་གཉིས་ཏེ། །དངོས་དང་ཡིད་ཀྱིས་བསམ་པའོ། །ཡིད་ནི་ལས་སུ་རུང་བ་སྟེ། །དྲན་པ་ཙམ་གྱིས་གསོལ་པའོ། །
དངོས་ལ་རྣམ་པ་བཞིར་གསུངས་ཏེ། །དབུལ་བ་དང་ནི་སྒྲུབ་པ་དང་། །མཆོད་པ་དང་ནི་མི་མཛེས་པའོ། །ས་ཡང་རུང་སྟེ་གཞི་ལ་ནི། །གང་ཡང་ཚད་དང་ལྡན་པ་ལ། །ཨོཾ་བཛྲ་ཡཀྵ་ཧཱུཾ། །ཞེས་པ་དེ་ཡིས་བྱུག་པར་བྱ། །རྣམ་པ་ཉི་ཤུ་དགྲམ་བྱ་སྟེ། །ཧཾ་ལས་འོག་གི་རི་རབ་བསམས། །
རང་གི་ངོས་ཀྱི་ཤར་བྱས་པའི། །ཡ་ལས་ཤར་གྱི་ལུས་འཕགས་བསམ། །ར་ལས་བྱང་གི་སྒྲ་མི་སྙན། །ལ་ལས་ལྷོ་ཡི་འཛམ་བུའི་གླིང་། །ཤ་ལས་ནུབ་ཀྱི་བ་ལང་སྤྱོད། །ཡ་ལས་བྱང་ཤར་མཚམས་སུ་བསམ། །གླིང་གཡོག་ཉི་ཤུ་བྱེད་ན་ཡང་། །གཡས་གཡོན་
སྔགས་ཀྱང་དེ་བཞིན་ནོ། །རི་ལས་ནུབ་བྱང་གླིང་ཕྲན་བསམ། །ཤཾ་ལས་ལྷོ་ནུབ་མཚམས་ཡིན་ནོ། །ལཾ་ལས་ལྷོ་ཤར་གླིང་ཕྲན་བསམ། །ཙ་ལས་བཙུན་མོ་རིན་པོ་ཆེ། །ཆ་ལས་བློན་པོ་རིན་པོ་ཆེ། །ཛ་ལས་དམག་དཔོན་རིན་པོ་ཆེ། །ཝ་ལས་གླང་པོ་རིན་པོ་ཆེ། །ཙཾ་ལས་རྟ་
མཆོག་རིན་པོ་ཆེ། །ཚཾ་ལས་འཁོར་ལོ་རིན་པོ་ཆེ། །ཛཾ་ལས་ནོར་བུ་རིན་པོ་ཆེ། །ཝཾ་ལས་གཏེར་ཆེན་རིན་པོ་ཆེ། །མཾ་ལས་ཉི་མ་ཤར་དུ་བསམ། །ཨ་ལས་ཟླ་བ་ནུབ་ཏུའོ། །ཨོཾ་ལས་སྟོང་གི་རི་རབ་པོ། །གླིང་བཞི་གླིང་ཕྲན་བཅས་པ་དང་། །རིན་ཆེན་བདུན་དང་གཏེར་དང་
བརྒྱད། །རི་རབ་ཉི་ཟླར་བཅས་པ་རྣམས། །བླ་མ་དང་ནི་དཀོན་མཆོག་གསུམ། །ཡི་དམ་མཁའ་འགྲོ་མཆོད་པའི་འོས། །དད་པའི་སྟོབས་ཀྱིས་འབུལ་ལགས་ཀྱིས། །བླ་མ་དཀོན་མཆོག་བཞེས་སུ་གསོལ། །མཎྜལ་ཕུལ་བའི་ཡོན་ཏན་ནི། །མཎྜལ་གཅིག་ཕུལ་དྲུག་དང་
ལྡན། །བསོད་ནམས་ཚོགས་ནི་བསམ་མི་ཁྱབ། །དེས་ན་ད་ལ་བརྩོན་པར་བྱ། །གཅིག་ཕུལ་ཡོན་ཏན་དྲུག་དང་ལྡན། །གླིང་བཞི་ཕུལ་བའི་ཡོན་ཏན་གྱིས། །བདུད་བཞི་མ་ལུས་ཞི་བར་འགྱུར། །གླིང་ཕྲན་ཕུལ་བའི་ཡོན་ཏན་གྱིས། །ཚད་མེད་བཞི་དང་ལྡན་པར་འགྱུར། །རིན་

ཆེན་སྣ་བདུན་ཕུལ་བ་ཡིས། །འཕགས་པའི་ནོར་བདུན་ཐོབ་པར་འགྱུར། །གཏེར་ཆེན་ཕུལ་བའི་ཡོན་ཏན་གྱིས། །མི་ཟད་ལོངས་སྤྱོད་འཕེལ་བར་འགྱུར། །ཉི་ཟླ་ཕུལ་བའི་ཡོན་ཏན་གྱིས། །ལྟ་བསྒོམ་སེམས་ལ་གསལ་བར་འགྱུར། །རི་རབ་ཕུལ་བའི་ཡོན་ཏན་གྱིས། །རང་འབྱུང་ཡེ་
ཤེས་ཐོབ་པར་འགྱུར། །མཎྜལ་དབུལ་བའི་ཆོ་ག་རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། ༄༅༅།།རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་ཏཏྟྭཱ་ནཱཀྵ་རོ་པ་དེ་ཤ། བོད་སྐད་དུ། དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི