Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 52
Văn bản gốc(Tây Tạng)
Trang 9 / 19 (50.000 ký tự/trang)
།ཡིད་ལ་མ་བྱེད་གཉུག་མའི་རང་བཞིན་ལ། །བརྫུན་པ་རྣམས་ཀྱིས་སྐུར་བ་མ་འདེབས་ཤིག །རང་དབང་ཡོད་པས་རང་ཉིད་འཆིང་མ་བྱེད། །སེམས་ལ་མྱ་ངན་འདས་པ་རྒྱོབ་ལ་སོད། །ཁམས་ གསུམ་སྟོང་པ་གོས་པ་མེད་ལ་འཇུག །སེམས་ནི་མཁའ་འདྲ་མཉམ་པའི་བདེ་བར་ཞུགས། །དབང་པོ་ཡུལ་རྣམས་སྐད་ཅིག་ཙམ་ནི་དེར་མི་མཐོང་། །ཐོག་མ་སྤངས་ཤིང་འདི་རུ་ཐ་མ་སྤངས། །བླ་མ་མཆོག་གི་ཞབས་ཀྱིས་གཉིས་མེད་བསྟན། །སེམས་ ནི་གང་དུ་ཞི་གྱུར་པ། །དེར་ནི་རླུང་ཡང་ཐིམ་པར་འགྱུར། །རང་རིག་པ་ཡི་དེ་ཉིད་འབྲས་བུ་ནི། །སུ་ཞིག་ལ་ནི་གང་གིས་ཇི་ལྟར་བསྟན། །རྨོངས་པའི་འཇིག་རྟེན་འགྲོ་བ་རྣམས་ཀྱིས་སྤྱོད་ཡུལ་མིན། །མཁས་པ་རྣམས་ཀྱིས་དེ་ཉིད་བགྲོད་བྱ་མིན། ། གང་ལ་བླ་མའི་ཞབས་ཀྱི་མཉེས་པ་ཡི། །ཀྱེ་ཧོ་གང་ཟག་དེ་ཡི་སྤྱོད་ཡུལ་ཡིན། །རང་རིག་དེ་ཉིད་འབྲས་བུར་ནི། །ཏེ་ལོ་པ་ཡིས་དེ་སྐད་བསྟན་པ་ཡིན། །ཡིད་ཀྱི་སྤྱོད་ཡུལ་དུ་ནི་གང་གྱུར་པ། །དེ་ནི་དོན་དམ་ཉིད་ནི་མ་ཡིན་ནོ། །དེ་ཉིད་བླ་མའི་གསུང་ གིས་བསྟན་པར་བྱ་བ་མིན། །དེས་ན་སློབ་མས་གོ་བ་མ་ཡིན་ནོ། །ལྷན་སྐྱེས་འབྲས་བུ་བདུད་རྩིའི་རོ། །དེ་ཉིད་སུ་ཞིག་ལ་ནི་ཅི་ཞིག་བསྟན། །གང་དུ་ཡིད་ནི་ཞི་བ་དང་། །ཡིད་དང་རླུང་གཉིས་མཉམ་པར་ཞུ། །དེར་ནི་རྣམ་ཀུན་སྤངས་པ་ལ། ། ཁམས་གསུམ་དེ་རུ་གནས་པ་ཡིན། །རྨོངས་པ་གཉུག་མའི་རང་བཞིན་ཤེས་པར་གྱིས། །དེ་ཚེ་གཏི་མུག་དྲ་བ་མ་ལུས་ཆད་པར་འགྱུར། །ལྷན་ཅིག་སྐྱེས་པའི་སེམས་ནི་ལེགས་པར་སྦྱོངས། །ཚེ་འདིར་དངོས་གྲུབ་ཐར་པ་ལུས་འདིས་རྙེད། ། གང་དུ་སེམས་ནི་འགྲོ་བ་དེར། །དེར་ནི་སེམས་མེད་པར་ནི་ལྟོས། །དབྱེ་བ་མེད་པར་རོ་མཉམ་གནས་པར་གྱིས། །སེམས་དང་སེམས་མེད་དེ་ནི་ལེགས་པར་ཚོལ། །ཚེ་འདི་ཉིད་ལ་དངོས་གྲུབ་ལེགས་པར་གསལ་པོར་རྙེད། །སེམས་ནི་གང་དུ་ཞི་ གྱུར་པ། །ཁམས་གསུམ་པོ་ནི་དེ་རུ་ཐིམ། །རང་གཞན་མཉམ་པས་སངས་རྒྱས་རྗེ་བཙུན་འགྱུར། །སེམས་ནི་ནམ་མཁའི་ངང་དུ་ཞུགས་ནས་ཐིམ། །དེ་ཡི་ཚེ་ན་དབང་པོ་ལྔ་དང་ཡུལ་རྣམས་དང་། །ཕུང་པོ་ཁམས་རྣམས་ནང་དུ་ཞུགས་ནས་སོང་། ། གང་ཞིག་བརྟན་དང་གཡོ་བའི་རྣམ་པ་ཀུན། །སྟོང་པ་གོས་པ་མེད་པ་སྟེ། །འདི་ལ་དཔྱད་པར་མི་བྱའོ། །འདི་ནི་བདག་གོ་འདི་ནི་འགྲོ་བའོ། །གང་ཞིག་དབྱེ་བ་ཡོངས་ཤེས་པ། །དྲི་མེད་སེམས་ཀྱི་རང་བཞིན་ལ། །གང་ཞིག་རང་རིག་ཤེས་པར་བྱ། ། བདག་ཉིད་འགྲོ་བ་བདག་ཉིད་སངས་རྒྱས་ཏེ། །བདག་ཉིད་དྲི་མ་མེད་ཅིང་བདག་ཉིད་ཡིད་ལ་མི་བྱེད་པ། །དེ་ལ་འགྲོ་བ་མེད་ཅིང་གོས་པ་མེད། །ཡིད་ནི་རྗེ་བཙུན་ནམ་མཁའ་རྗེ་བཙུན་མ། །ཉིན་མཚན་དུ་ནི་གར་བྱེད་ལྷན་ཅིག་ སྐྱེས་ལ་རོལ། །སྐྱེ་དང་འཆི་བ་དག་ལས་གྲོལ་བར་འགྱུར། །གཉུག་མའི་ཡིད་ལ་རྒྱུན་དུ་གནས་པར་གྱིས། །འབབ་སྟེགས་དཀའ་ཐུབ་ནགས་ལ་མ་བརྟེན་ཅིག །ཁྲུས་དང་གཙང་སྦྲས་བདེ་བ་མི་རྙེད་དོ། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ལྷ། ། བྱང་ཆུབ་རང་ལ་ཡོད་བཞིན་གསུམ་ལ་བཀུར་མི་བྱ། །ལྷ་རྣམས་མ་མཆོད་འབབ་སྟེགས་མ་འགྲོ་ཞིག །ལྷ་རྣམས་མཆོད་ཀྱང་ཐར་པ་ཐོབ་མི་འགྱུར། །རྣམ་པར་མི་རྟོག་སེམས་ཀྱིས་སངས་རྒྱས་མཆོད་པར་གྱིས། །སྲིད་དང་མྱ་ངན་འདས་ལ་ གནས་པར་མ་བྱེད་ཅིག །ཤེས་རབ་ཐབས་ཀྱི་ཏིང་འཛིན་ཞུགས། །གང་ཚེ་གཡོ་བར་བརྟན་པར་བྱེད་ནུས་ན། །དེ་ཡི་ཚེ་ན་ཉམས་མྱོང་འགྲུབ་པར་འགྱུར། །ཇི་ལྟར་དུག་ནི་ཟོས་པར་གྱུར་པ་ལས། །དུག་གིས་ཀྱང་ནི་འཆི་བར་མི་འགྱུར་བ། །དེ་ལྟར་ སྲིད་པ་ཟོས་ཀྱང་རྣལ་འབྱོར་པ། །འདོད་ཡོན་གྱིས་ནི་འཆིང་བར་མི་འགྱུར་རོ། །ཀྱེ་ཧོ་རྣལ་འབྱོར་པས་ནི་ལས་ལ་སྐུར་མ་འདེབས། །སྐད་ཅིག་བཞི་དང་དགའ་བ་བཞི་རུ་དེ་རུ་སོང་། །སྐད་ཅིག་དགའ་བ་དེ་ཡི་བྱེ་བྲག་ཤེས་པར་གྱིས། །མཚན་གཞི་ མཚན་ཉིད་སྤངས་པ་ཤེས་པར་གྱིས། །ཀྱེ་ཧོ་མཆོག་དང་དགའ་བྲལ་འདི་ནི་དཔྱད་པར་བྱ། །བླ་མ་མཆོག་གི་ཞབས་ལ་གུས་པར་གྱིས་ལ་ལེགས་པར་ལོང་། །གང་ཞིག་དགའ་བ་མཆོག་དང་དགའ་བྲལ་གྱི། །ཀྱེ་ཧོ་སྐད་ཅིག་དེར་ནི་ལྷན་སྐྱེས་རྟོགས་པར་ བྱ། །ཡོན་ཏན་རིན་ཆེན་དཔྲལ་བའི་ཀླད་རྒྱས་གཞག་བྱ་སྟེ། །འདོད་པ་མོའི་ཟེའུ་འབྲུ་ལས་ནི་འདི་ཉིད་ཤེས་པར་བྱ། །སྐད་ཅིག་བྱེ་བྲག་དེ་རུ་ལྷན་སྐྱེས་གང་ཤེས་པ། །དེ་ནི་ཚེ་འདི་ཉིད་ལ་རྣལ་འབྱོར་པར་བརྗོད་དོ། །ཐོག་མ་ཐ་མ་གཟུང་བ་འཛིན་པ་སྤངས། ། བླ་མ་མཆོག་གི་ཞབས་ཀྱིས་གཉིས་མེད་བསྟན། །མི་གཡོ་དྲི་མེད་རྣམ་པར་རྟོག་པ་མེད། །ཤར་བ་ནུབ་པ་སྤངས་པ་འདི་ནི་སྙིང་པོ་ཡིན། །འདི་ནི་མྱ་ངན་འདས་པར་རབ་ཏུ་བརྗོད། །ཡིད་ཀྱི་ང་རྒྱལ་གང་དུ་ཆད་གྱུར་པ། །སྐྱོན་དང་ཡོན་ཏན་སྤངས་ པ་འདི་ནི་དོན་དམ་མོ། །རང་རིག་ལ་ནི་གང་ཡང་མེད། །སེམས་དང་སེམས་མེད་རྟག་ཏུ་སྤོངས། །ཀྱེ་ཧོ་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་ནི་གནས་པར་བྱ། །སྐྱེ་བ་མེད་ཅིང་འཆི་བ་མེད། །རྩ་བ་མེད་ཅིང་རྩེ་མོ་མེད། །འོང་བ་མེད་ཅིང་འགྲོ་བ་མེད། ། གང་དུ་ཡང་ནི་མི་གནས་སོ། །བླ་མའི་མན་ངག་གིས་ནི་སྙིང་ལ་ཆུད། །ཁ་དོག་སྤངས་ཤིང་རིག་མེད་པ། །སྣང་བ་ཐམས་ཅད་དེ་ལ་རྫོགས། །ཡིད་ནི་སོད་ལ་སེམས་ནི་རྩ་བ་མེད་པར་གྱིས། །སེམས་ཀྱི་ལྷག་མ་ཟུག་རྔུ་ཐོང་། །འདི་རུ་སྐུ་ བཞི་ཕྱག་རྒྱ་བཞི། །ཁམས་གསུམ་མ་ལུས་དེ་ཚེ་དག །བདག་དང་འགྲོ་བ་ཁམས་གསུམ་སྟོང་། །དྲི་མ་མེད་པའི་ལྷན་ཅིག་སྐྱེས་པ་ལ། །དགེ་དང་མི་དགེ་གང་ཡང་མེད། །ཡིད་ནི་གང་དུ་འགྲོ་འདོད་པ། །དེ་ལ་འཁྲུལ་པར་མི་བྱའོ། །མིག་ནི་མི་འཛུམ་ པ་དག་གི། །བསམ་གཏན་གྱིས་ནི་གནས་པར་བྱ། །སློབ་དཔོན་ཆེན་པོ་ཏེ་ལོ་པས་མཛད་པ་དོ་ཧ་མཛོད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་ལྷོ་ཕྱོགས་ཀོ་ས་ལར་སྐུ་འཁྲུངས་པའི་རྣལ་འབྱོར་པ་ཆེན་པོ་མཁས་པ་དཔལ་རྣམ་པར་སྣང་མཛད་ རྡོ་རྗེའི་ཞལ་སྔ་ནས་རང་འགྱུར་དུ་གསུངས་པའོ།། ༄༅༅། །རྒྱ་གར་སྐད་དུ། པཉྩ་གཱ་ཐཱ་ནཱ་མ། བོད་སྐད་དུ། ཚིགས་སུ་བཅད་པ་ལྔ་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆུ་ཟད་པས་ནི་འདམ་གྱི་པདྨ་སྐམས། །སྦྲང་ རྩི་བྲོས་པས་གར་སོང་ཆ་ཡང་མེད། །རྩ་བ་ལོ་མ་སྡོང་པོ་མེ་ཡི་སྦྱོར་བས་ཟད། །ནག་པོ་ན་རེ་དབང་པོའི་བཞད་གད་ལ་ནི་ལྟོས། །ཟ་ཞིང་འཐུང་དང་གནས་ནས་ཡལ་ག་བཅག་ནས་སོང་། །ཀྱེ་ཧོ་འདི་ནི་བདག་གི་ལས་ནི་གཏུམ་མོ་ལྟ་བུ་ཡིན། །རྒྱུན་གྱི་བ་མོ་ ལྟ་བུས་པདྨ་བསྲེགས། །ཡོན་ཏན་བརྒྱ་ནི་སྐྱོན་གཅིག་གིས་ནི་ཟད་པར་བྱས། །རྒྱ་མཚོ་ཟད་པས་པདྨ་རྣམས་ཀྱང་སྐམས། །དེ་ཚེ་སྒོ་བཅུ་ལས་ནི་དུ་བ་བྱུང་། །འཇིག་རྟེན་པ་ནི་ནག་པོ་མེད་ཅེས་ཟེར། །ནག་པོ་ཐེག་ཆེན་ཟབ་མོའི་ནགས་ན་ གནས། །སེམས་ནི་སྟོང་ཞིང་གཉུག་མའི་ངང་དུ་རྫོགས། །ཕུང་པོ་བཞད་གད་གྱུར་ཀྱང་འགྱོད་པ་མེད། །འོ་མའི་ནང་ན་མར་ཡོད་པ་ནི་མི་མཐོང་བཞིན། །འདོད་པ་ཡོད་དེ་འཇིག་རྟེན་པས་ནི་མ་མཐོང་ངོ་། །འཇིག་རྟེན་འཚོ་བ་འམ་ནི་འཆི་བ་གང་ཡང་མེད། ། འདི་ལྟའི་ལོངས་སྤྱོད་ནག་པོ་རྣལ་འབྱོར་པ། །པདྨ་བཞིན་དུ་ལུས་ཆ་སྐམས་གྱུར་ཀྱང་། །ནག་པོ་ཅི་ཡི་ཕྱིར་ན་ཤི་ཞེས་བྱ། །བརྟུལ་ཞུགས་སྤྱོད་པའི་སློབ་དཔོན་ཆེན་པོ་ནག་པོས་མཛད་པའི་ཚིགས་སུ་བཅད་པ་ལྔ་པ་རྫོགས་སོ།། །།རྣལ་འབྱོར་གྱི་ དབང་ཕྱུག་ཤྲཱི་བཻ་རོ་ཙ་ན་བཛྲས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བི་རཱུ་པ་བ་དཱ་ཙ་ཏུར་ཤཱི་ཏི། བོད་སྐད་དུ། དཔལ་བིརྺ་པའི་ཚིག་རྐང་བརྒྱད་ཅུ་རྩ་བཞི་པ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉིན་མཚན་རྟག་ཏུ་བླ་མ་མཆོག་གི་ ཞབས་ལ་འདུད། །གཞུང་འདི་ལྷན་ཅིག་སྐྱེས་པས་འཕྲོས་ནས་བྱུང་། །དེས་ནི་རྒ་ཤི་རྣམས་ལ་བཞད་གད་བྱས། །སེམས་ནི་མི་གཡོ་བརྟན་པར་རྩེ་གཅིག་བྱ། །དེས་ན་བསམ་བྱ་བསམ་གཏན་དཀྱིལ་འཁོར་ཕྱག་རྒྱ་མེད། །དེ་རྣམས་བསྒོམས་པས་ རྣམ་པར་དག་མི་འགྱུར། །ལྟ་སྟངས་འཆིང་དང་ལས་རྣམས་བྱེད་པ་དང་། །སྒོ་རྣམས་དགག་པར་བྱ་བ་མ་ཡིན་ནོ། །དེས་ནི་ལྷན་ཅིག་སྐྱེས་པའི་ལམ་མི་ཤེས། །གང་ཞིག་སྲོག་དང་རྩོལ་བ་གང་བ་ཅན་དང་ནི། །བུམ་པ་ཅན་གྱི་རླུང་ལ་བསྟོད་བྱེད་པ། ། གང་གིས་ལྟེ་བའི་དཀྱིལ་འཁོར་ཉིད་དུ་ནི། །གཏུམ་མོ་སྦར་བར་བྱེད་ཅིང་ནན་ཏན་གྱིས། །སྒོ་བཅུ་ལ་ནི་སྒོ་ལྕགས་འཇུག་པར་བྱེད། །གང་ཞིག་སྤྱི་བོར་པདྨ་དཀར་པོ་བསྒོམ། །རྨོངས་པ་དེས་ནི་དང་པོའི་ཐར་པ་མི་རྙེད་དོ། །དྲིལ་ཅན་རྐན་དང་སྣ་རྩེར་ བསམ་བྱེད་དང་། །སྟེང་དང་འོག་དང་བསྡོམས་ནས་ཤིང་བཙུགས་དང་། །མགྲིན་པའི་ཕུགས་སུ་འོད་ཟེར་འབར་བྱེད་དང་། །དཔྲལ་བར་ཟླ་བ་རྟག་ཏུ་སྒོམ་བྱེད་དང་། །ནམ་མཁའི་རྩེ་མོར་མི་གཡོའི་སྣ་རྩེར་བསྒོམ། །ལ་ལ་འོག་ཏུ་པདྨ་རྡོ་རྗེ་ལྟ། །ལ་ལ་ཨུ་རྒྱན་ འཆིང་ཞིང་འདེགས་པར་བྱེད། །ལ་ལ་ཚངས་པའི་གནས་བཞི་སྒོམ་པར་བྱེད། །ལ་ལ་རང་གྲིབ་སྟོང་པར་བྱས་ནས་ཆས་ལ་ལྟ། །ལ་ལ་དཀྱིལ་འཁོར་ཏིལ་གྱི་འབྲུ་ཙམ་བསྒོམ། །ལ་ལ་བར་སྣང་སྐུ་གཟུགས་སྒོམ་བྱེད་པའི། །བྱོལ་སོང་རྣམས་ནི་རང་ཉིད་ཆོས་རྣམས་ ཤེས་པར་སྨྲ། །དེ་རྣམས་ཀྱིས་ནི་སྐྱེ་བ་འབྲས་བུ་མེད། །བློ་རྣམས་ཟད་ཅིང་སྡིག་པ་རྣམས་ལ་སྤྱོད། །དེས་ནི་ལྷན་ཅིག་སྐྱེས་པའི་ཆ་ཡང་མ་མཐོང་ངོ་། །དེ་ནི་ནམ་མཁའ་དང་ནི་ས་འོག་དང་། །ས་སྟེང་དང་ནི་ཚངས་པའི་གནས་སུའང་མེད། །དམན་པའི་སློབ་དཔོན་ བསྟེན་པར་མ་བྱེད་ཅིག །དེས་ནི་སྡིག་པའི་ལས་རྣམས་མ་སྤངས་པར། །ཁ་ནི་འགུལ་ཞིང་འགུལ་ཞིང་རེ་ལ་གནས། །རང་གིས་སྟོང་པ་སྙིང་རྗེ་བྱེད་པར་རྩོམ། །དེས་ནི་སྲིད་པ་སྤོང་ཐབས་མི་ཤེས་སོ། །སྟོང་པ་སྙིང་རྗེ་རྟོགས་ཞེས་ཟེར་ཞིང་གནས། །དཔལ་ ལྡན་བདེ་ཆེན་གཏམ་ཡང་མི་འདྲིའོ། །ལ་ལ་དབང་ཕྱུག་ཨུ་མ་རེ་ལ་གནས། །བདག་ཉིད་སྲིད་པའི་འཆིང་བའི་ཞགས་པས་བཅིངས། །ལ་ལ་ཁུ་བ་ཁྲག་དང་རྣམ་སྣང་ཟ། །བྱ་རོག་བྱ་རྒོད་བཞིན་དུ་བདག་ཉིད་འཁོལ། །ལ་ལ་གནས་གསུམ་སྐད་ཅིག་གསུམ་དུ་ བསྒོམ། །ལ་ལ་སྙིང་གའི་པདྨ་འཁོར་ལོ་འཆང་། །ལ་ལ་ཧཱུཾ་ཕཊ་ཟེར་ཞིང་ཕྲེང་བ་བགྲང་། །བྱོལ་སོང་རྣམས་ནི་འཁྲུལ་པ་རྒྱུན་མི་འཆད། །དབང་དང་དབང་བསྐུར་མང་པོ་གསུངས་པ་རྣམས། །བླ་མ་རྣམས་ལ་སློབ་མས་ལེན་པར་བྱེད། །དེ་ནས་བརྩམས་ཤིང་ སློབ་མ་རྣམས་ལ་འཆད། །དབང་བསྐུར་གྱི་ནི་ཕྱོགས་ཀྱང་མ་མཐོང་ངོ་། །ལ་ལས་གསེར་འགྱུར་རྩི་ནི་ལྟ་བྱེད་པས། །དེས་ནི་ཁྱིམ་པ་རྣམས་ནི་དབུལ་པོར་བྱས། །ལྷ་རྣམས་ཀྱིས་ཀྱང་མི་བདེ་བ་ལ་སྦྱར། །ནགས་ལ་སྐྱེས་པའི་རྩྭ་དང་ཤིང་རྣམས་དང་། །ཤིང་ ལོ་མེ་ཏོག་རྣམས་ཀྱིས་སྐྱིད་མ་བསྟན། །དུས་སུ་བསམ་གཏན་འཇིག་རྟེན་པ་རྣམས་བྱེད། །དེས་ནི་མཆོག་གི་ཐར་པ་མི་ཤེས་སོ། །ཅལ་ཅོལ་མང་པོ་སྨྲས་པས་ཅི་ཞིག་བྱ། །ཇི་ལྟར་སྨྲས་པ་དེ་དག་ཐམས་ཅད་བརྫུན། །གདམས་ངག་ པ་རྣམས་གསལ་པོའི་གནས་ལུགས་ཉོན། །གང་གིས་གསལ་པོར་ཐར་པ་གྲོལ་བ་རྙེད། །སེམས་ནི་གཡོ་ཞིང་སྨྱོན་པ་ལྟ་བུར་ཐོང་། །སྐྱེ་དང་གནས་དང་འཇིག་པ་གསུམ་པོ་རྟོགས་པར་གྱིས། །མགུལ་རྒྱན་དང་ནི་ཕྱག་རྒྱ་མ་ལུས་ཐོང་། །དེས་ནི་མགོན་པོ་ཇི་ ལྟར་མཐོང་བར་འགྱུར། །འཇིག་རྟེན་པ་ནི་ཡི་གེ་རྣམས་ལ་གཏོད། །ཡི་གེ་མེད་པ་དེ་ནི་སྙིང་ལ་མ་ཆུད་དོ། །གདམས་ངག་པ་རྣམས་ཉོན་ཅིག་ངས་ནི་བཤད་པར་བྱ། །ཁམས་གསུམ་བོར་ནས་དཔལ་ལྡན་ཐེག་པ་ཆེ། །དང་པོའི་མགོན་པོ་ལ་ནི་དགེ་དང་མི་དགེ་ མེད། །མ་ལུས་ཁྱབ་ཅིང་བདེ་ཆེན་སྟོང་པ་ཉིད། །བྱེད་པ་འཕྲོག་པ་རང་ཉིད་སྤྱན་རས་གཟིགས། །ཟད་པ་མེད་ཅིང་གཞན་དུ་སོང་བ་མེད། །དེ་ནི་མཆོག་གི་དབང་ཕྱུག་དམ་པའོ། །བསམ་གཏན་གྱིས་ནི་ཏིང་འཛིན་སྐྱེས་བྱས་ཀྱང་། །དང་པོའི་མགོན་པོ་དེ་ནི་མ་མཐོང་ ངོ་། །དེ་ལྟའི་སེམས་ནི་སྙིང་ལ་མ་ཆུད་དོ། །དེ་ལ་ལུས་དང་ངག་དང་ཡིད་མེད་དེ། །དཔའ་བོ་དྲི་མེད་དེ་ནི་ནམ་མཁར་ཐིམ། །བིརྺ་པ་ཡིས་སེམས་ཅན་དོན་དུ་བྱས། །དོན་དམ་འདི་ནི་གདམས་ངག་པ་རྣམས་ཉོན། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་བི་རཱུ་པས་མཛད་ པའི་ཚིག་རྐང་བརྒྱད་ཅུ་རྩ་བཞི་པ་རྫོགས་སོ།། །།ཡུལ་ལྷོ་ཕྱོགས་ཀོ་ས་ལར་སྐུ་འཁྲུངས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་བཻ་རོ་ཙ་ན་བཛྲའི་ཞལ་སྔ་ནས་རང་འགྱུར་དུ་མཛད་ནས་གསུངས་པའོ།། ༄༅༅། །བླ་མ་དམ་པའི་ཞབས་པད་ ལ་བཏུད་དེ། །ལམ་འབྲས་གསུང་མདོ་བྲི་བར་བྱ། །སེམས་ཅན་ལ་ཉོན་མོངས་པའི་སྣང་བ་ལ་མ་དག་པའི་སྣང་བ། རྣལ་འབྱོར་པ་ཏིང་ངེ་འཛིན་ལ་ཉམས་ཀྱི་སྣང་བ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དག་པའི་སྣང་བའོ། ། ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་ཆང་བས་རྩ་རྒྱུད། ལུས་ཐབས་རྒྱུད་སོགས་ལ་གདན་སོགས་གསུམ་པ་བཞི་ཡིས་རྒྱུའི་དབང་། ལམ་དུ་བསྐྱེད་རིམ་ལ་སོགས་ལྔ་པ་བཞིས་བསྟན། མཉམ་གཞག་གི་དམ་ཚིག་སོགས་བསྲུང་། རྡོ་རྗེ་མཁའ་འགྲོ་ལ་སོགས་ཀྱི་ ཉམས་ཆགས་བསྐང་། འདོད་ཡོན་སོགས་ལྔ་ཡིས་མཉེས་པ་སོགས་བྱ། ལམ་གྱི་ཐུན་བཞི་ལ་དབང་བཞི་བསྒོམས་པས་ལུས་ལ་བརྟེན་ནས་བདེ་ཆེན་གྱི་སྒྲིབ་པ་འདག་ཅིང་འཚང་རྒྱ་བར་གསལ་བས་བཤད་རྒྱུད། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་ནི། འབྲས་བུའི་དབང་བཞིས་ཐམས་ཅད་མཁྱེན་ཏོ། །ཚད་མ་བཞིས་འབྲས་བུ་གཏན་ལ་ཕབ་ནས། འགལ་འདུས་སྐྱོན་མེད་སོགས་གསུམ་གྱིས་བསམ་གཏན་གྱི་དུག་དབྱུང་། ཟས་སྤྱོད་ལམ། རླུང་ཐིག་ལེ། ཕྱག་རྒྱ་མ་བསྟེན། དངས་མ་ལྔའི་བདེ་བ་དང་། དབང་པོ་ལྔ་ཉམས་དང་མ་བྲལ་བས་བདུད་རྩི་བསྟེན། འཁོར་བའི་རྩ་བཞི་དང་། འཁོར་ལོ་རྣམས་དང་། གཞན་རྣམས་དང་། ས་ཐོག་མཐའ་ལ་རེ་རེ། གསུམ་པ་བཅུས་བར་གྱི་རྩ་མདུད་དྲལ་བས་ལ་དོར། འཇུག་པ་སེལ་བའི་ལམ་ཡིད་འདག་པའི་རྣམ་ རྟོག་བསྒོམས་པས་ལྟ་བའི་དུག་དབྱུང་། རྣམ་ཤེས་ལྔས་ཡུལ་ལྔ་མ་སྤངས་པས། བདུད་རྩི་བསྟན། དག་པའི་ཆོས་རྣམས་གདོད་ནས་སྟོང་པར་ཤར་བས་ལ་དོར། གསང་སྔགས་སྙན་བརྒྱུད་ལ་སོགས་བཞི་མ་ཆད་པས། ལུས་ཁྱད་པར་ཅན་ལ་བརྟེན་ནས་ དངོས་པོའི་མཐའ་རྟེན་ཅིང་འབྲེལ་པར་འབྱུང་བ། གཞན་དབང་རྟེན་འབྲེལ་བྱང་ཆུབ་ཆེན་པོའི་ལམ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ལོ་རྒྱུས་ཀྱིས་ཚད་མའོ། །ཀུན་གཞི་རྣམ་ཤེས་དག་པའི་བྱང་ཆུབ་ཆེན་པོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ ལྔ་ཡིས་ལམ་ཡོངས་སུ་རྫོགས་པའོ། །ཐབས་ཀྱི་ཕྱོགས་སུ་ལྷུང་བའི་རྣལ་འབྱོར་པའི་ལམ་གྱི་བར་ཆད་ནི། དད་པ་བརྟན་པོས་སྲུང་བའི་འཁོར་ལོ། སྔགས་ཟློས། སྔགས་མདུད། ཆོས་རྣམས་སེམས་ཉིད་སྣང་བ། གཞན་དབང་རྟེན་འབྲེལ། གཟུགས་བརྙན་ཡིན་ཕྱིར། དེ་ཁོ་ན་ཉིད་རྒྱ་མཚོའི་དོན་དང་མ་བྲལ་བས་བསྲུང་། ཤེས་རབ་ལ་ཕྱིའི་བདུད་ལམ་གཉིས། ལྟ་གྲུབ་བརྒྱད་རྒྱུར་བའོ། །ནང་གི་བདུད་ལམ་ལ་སོགས་བཅུ་དང་བརྡ་མ་ཤེས་ན་འོད་བརྡ་ཤེས་པས་བསྲུང་། གྲིབ་དང་སྒྲིབ་ པ་ཐིག་ལེ་འཛག་པ་བསྲུང་། །ཚོགས་ལམ་ནས་ཐ་མལ་པའི་ལུས་ངག་ཡིད་དང་བྲལ་བས་བྲལ་བའི་འབྲས་བུ་བཞི་ཐབས་ནས། ཁམས་འདུ་ལུགས་གསུམ་གྱིས་ཕྱོགས་མེད་རྣམས་དང་། རླུང་སེམས་བདག་བྱིན་གྱིས་བརླབས་ནས། བྱང་ཆུབ་ཀྱི་ཕྱོགས་དང་ མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལྟར་ལམ་བགྲོད་ན། སྒོམ་པ་མི་འཆོར་བའི་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། ལས་ཀྱི་རླུང་ཕོ་མོ། མ་ནིང་གི་རླུང་། ཐོད་རྒལ་གྱི་ཡེ་ཤེས་ཀྱི་མེ་འབར་བས། ཁམས་འདུས་པ་དང་པོ། རྒྱུན་གྱི་རླུང་པོ་ལག་ཅ་ཅན་གྱིས་རྩ་ དྲལ། སེམས་གནས། རྟ་རྨི། རྩ་རླུང་གི་ཟུག་འབྱུང་། སྣ་ཚོགས་འདུད་ལ་སོགས་བཞི་རྩ་བའི་རླུང་ལ་སོགས་ཟིན་པའི་བྱེ་བྲག་བདུན་གྱིས་ཡན་ལག་གི་རླུང་རིམ་གྱིས་ནང་དུ་འགག །དེ་ཙ་ན་ཐིག་ལེ་མང་དུ་ཁ་འབུ། རྟེན་མཉམ་དུ་འདྲེ་དེ་ལ་བརྟེན་ནས་སེམས་ ནང་དུ་གནས། རྣམ་ཤེས་ལྔ་ནང་དུ་འདུས། ཕུང་པོ་ལྔ་དུལ། ཡེ་ཤེས་ཀྱི་འགྲོ་ལྡོག་བྱེད། བསྒོམ་པ་མི་འཆོར་བའི་མཐོང་སྣང་རྨི་ལམ་ཉམས་གསུམ་གསུམ་ནི་རྣམ་རྟོག་སྔོན་དུ་སོང་བ་ལྟར་ཁམས་གསུམ་ཀུན་དུ་སྣང་ངོ་། །ས་ཆུ་ལ་ཐིམ་ན་སྨིག་རྒྱུ། ཆུ་མེ་ ལ་ཐིམ་ན་དུ་བ། མེ་རླུང་ལ་ཐིམ་ན་སྲིན་བུ་མེ་ཁྱེར། རླུང་རྣམ་པར་ཤེས་པ་ལ་ཐིམ་ན་མར་མེ་འབར་བ། རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་ན་ནམ་མཁའ་སྤྲིན་མེད་ལྟ་བུ། ས་ཆུ་མེ་རླུང་དང་རླུང་སེམས་མཉམ་པར་འདུས་ན་ཁམས་གསུམ་ཀུན་དུ་མེ་འབར་ བ་ལྟ་བུར་སྣང་། ཆུ་རླུང་དང་སྤུ་ལུས་གྲང་། རླུང་གི་རླུང་འདུ་འཕྲོ་དང་རང་འཕུར་བྱ་འབྱུང་། འབྱུང་བ་བཞིའི་རླུང་མཉམ་རྒྱུ་དང་ལྷ་མོ་སྣ་ཚོགས་ཀྱིས་གར་མཆོད་དང་དྲི་རོ། འབྱུང་བ་བཞིའི་རླུང་མཉམ་རྒྱུ་དང་ལྷ་མོ་སྣ་ཚོགས་ནམ་མཁའ་དང་མཉམ་པ་དང་ སྤུ་ལུས་བདེ། བདུད་རྩི་ལྔ་དང་བཞིན་གཤེགས་སྐུ་སོགས། སིཧླ་དང་ཉི་མ། ག་པུར་དང་ཟླ་བ། རྩ་བྲན་རྣམས་སུ་ཐིག་ཕྲན་དང་སྐར་མ། རྩ་འཛིན་ལ་སོགས་སུ་ཤིང་སྡོང་ལ་སོགས། ཆགས་སྡང་རྣམ་པ་ལྔ་དང་། ཉམ་ང་མྱ་ངན་འདྲེའི་རྩ། མཆི་མའི་ རྩར་གཡལ་དང་མཆི་མ། ལྟེ་བར་དང་པོ་ཆགས་པའི་རིགས་དྲུག་གི་ཡི་གེར་རླུང་སེམས་མཉམ་པར་འདུས་ན། རིགས་དྲུག་གི་གར་སྔགས་དེར་ཁྲིད་པ། རྨི་ལམ་ཉམས་ལྟ་བུ་ཁམས་གསུམ་ཀུན་དུ་སྣང་ངོ་། །ཨོཾ་ལས་བསམ་གཏན་སོགས་ཀྱི་ཏིང་ངེ་འཛིན་ ཡུམ་གྱི་མཁའ། ཨ་ལས་ཡང་དག་པར་ཐིམ་ན་ཁམས་གསུམ་ནམ་མཁའ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སོགས་ཀྱི་ཕོ་བྲང་དུ་ཐིམ་ན་ཆོས་སྐུ་ཉམས་སུ་མྱོང་ཞིང་གཟུང་འཛིན་གྲོལ། ཧཱུཾ་ལས་གསལ་ཞིང་ཡང་ལ་རང་འབྱུང་གི་ཡེ་ཤེས་ནམ་ མཁའ་ཤིན་དུ་དྲི་མ་མེད། ཁམས་འདུས་པ་བར་པ་རླུང་པོ་ལག་ཅ་བྲི་བས་རྩ་དྲལ། ཐིག་ལེའི་གཟུགས་དང་མཐོང་སྣང་བརྟེན་ནོ། །མདོར་ན་རཀྵ་ལ་སོགས་སུ་སྲིན་པོ་སོགས་དྲི་ཅན་གྱི་སྒྲ་ལྷའི་མིག་རྣམ་པར་དག་པ་བཞིན། སྲིད་པའི་རྩེ་མོ་མན་ཅད་ཏིང་ ངེ་འཛིན་གྱི་ཉམས་སུ་འབྱུང་བ་སྙམ་བྱེད་པ། བཤད་ཀྱིས་མི་ལང་བ་མཚོན་ཅིང་ལྔ་བཅུ་ལ་གསང་། སྒོམ་པ་མི་འཆོར་བའི་ཕྱིའི་རྟེན་འབྲེལ་རླུང་ལོག་སོགས་གསུམ་གསུམ་ནི། ནང་གི་མཁའ་འགྲོ་མ་ལྔ་དེ་བཞིན་གཤེགས་པའི་སྐུ་ལྔ། བྱང་ཆུབ་ ཆེན་པོའི་རྟེན་འབྲེལ་མཛད་པས། དངོས་གྲུབ་རྣམས་རང་ལ་འབྱུང་བར་ཤེས་ཤིང་རེ་ཞིང་སྩོལ་བའི་བློ་སེལ་ཏོ། །བདུད་དང་གོལ་ས་རྣམས་རང་གི་ལམ་དང་རྟེན་འབྲེལ་དུ་ཤེས་པས་སྐྱོན་ཡོན་ཏན་དུ་བསླང་ཞིང་རིམ་པ་ཡིན་མིན་དུ་སྐྱེ་བའི་དོད་བྱུང་རྒྱལ་ དུ་གཏང་། ཤེས་རབ་ཀྱི་ཕྱོགས་སུ་ལྷུང་བའི་ལམ་ལ། ལྷའི་བུའི་བདུད་འོང་བས་སད་པ་བཞིས་བསྲུང་། སྒོམ་པ་མི་འཚེར་བའི་དྲན་པ་ཉེ་བར་གཞག་པ་བཞི་ནི། ཡུལ་འགགས་པས་རང་ཡི་དམ་གྱི་ལྷ་དང་། གུག་སྐྱེས་ཀྱི་དགོས་པ་བསམ་ཞིང་ཏིང་ ངེ་འཛིན་ཆ་བསྙམས་པས། ཁམས་འདུས་པ་ཐ་མ་རླུང་པོ་ལག་ཅ་དྲལ་བས་རྩ་བྲལ། སྐྱེ་མཆེད་དྲུག་གི་ནང་དུ་ཐིག་ལེ་འདུས་པས་རྗེས་སུ་དྲན་པ་དྲུག་ཡང་དག་པར་ཤེས། སྤྲུལ་སྐུ་འགའ་མཐོང་། སྒོམ་པ་མི་འཆོར་བའི་ཡང་ དག་པར་སྤོང་བ་བཞི་ནི། སྤྲུལ་སྐུ་ལས་དབང་གསུམ་གྱི་རྗེས་ལས་བྱུང་བའི་ཤེས་པ་བསམ་ཞིང་། དགྱེས་སོགས་པང་ཅན་བཅུ་གཉིས་མའི་རྩ་བཙལ་ཞིང་། སྙིང་པོའི་ཨ་ཀུན་འདར་གྱི་སྣ་རྩེར་དལ་རྒྱུ་ལ་སོགས་རིག་པ་ཡིད་འཇུག་པས། ལུས་ངག་ ཡིད་གསུམ་རྡོ་རྗེ་སྐྱིལ་ཀྲུང་བཅས། ཐིག་ལེ་རླུང་ནོན་པས་རྔ་སྒྲ་ལ་སོགས་མི་ཐོས་པས། ཆོག་ཤེས་པ་སོགས་ཀྱི་བདུད་ཆོམས་པའོ། །ནང་གི་སངས་རྒྱས་རྣམས་ཀྱི་ལམ་སྲིད་པའི་རྩེ་མོར་ཕྱིན་ཅིང་མ་སྐྱེས་པའི་ཆོས་ལ་བཟོད་དཀའ་བ་སྟོང་པ་ཉིད་ ཀྱི་བཟོད་པའོ། །དབུ་མར་སེམས་རྟོག་མེད་ལོག་སེམས་འཕོས་ན་བཟོད་པ། འཁོར་བའི་ཆོས་ལས་འདས་ཤིང་། མྱ་ངན་ལས་འདས་པའི་ལམ་ཆོས་རྣམས་རྫོགས་པས་ཆོས་རྣམས་ཀྱི་ནང་ན་མཆོག་གོ། །དེ་ལྟར་ཉམས་སྐྱོན་ཅན་སྐྱོན་མེད་དང་། ཕྱི་དབྱིབས་ཀྱི་ཨ་ནས་ཡར་རླུང་སེམས་མཉམ་པར་འདུས་ནས་ལམ་དུ་འབྱུང་བ་རྣམས་ངོ་བོ་རང་མཚན་ཉིད་དོ། །འཇིག་རྟེན་ལས་འདས་པའི་ལམ་ལ། ཕྱི་ནང་རྟེན་ཅིང་འབྲེལ་པར་འབྱུང་བའི་ལམ་གྱིས་སྤྲུལ་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་ བྱེད་པ། སྤྱོད་པའི་རིམ་པའི་ལམ་ནས་ལུས་དག་པར་བྱེད་པ་བུམ་པའི་དབང་མཐར་ཕྱིན། དེ་ཁོ་ན་ཉིད་ཀྱི་རྟགས། བྱང་ཆུབ་ཀྱི་ཡན་ལག་བདུན་ནི། རྩ་རིན་པོ་ཆེའི་ཕོ་བྲང་བཞི། གཙོ་བོ་གསུམ་སྟེ་ལུས་ཀྱི་དཀྱིལ་འཁོར་མཐོང་བས་རྟོག་པའི་འགྲོ་ལྡོག་བྱེད། སྤྲུལ་སྐུའི་ཞིང་ཁམས་བརྒྱ་བསྒུལ་ཞིང་ཉན། སྦྱིན་བརྒྱ། འོད་བརྒྱ་འགྱེད། མར་བརྒྱ་འཆད། ཏིང་ངེ་འཛིན་མི་འདྲ་བ་བརྒྱ་ལ་སྙོམས་པར་འཇུག་ནུས། རིགས་དྲུག་གི་རྩར་ཁྱད་པར་དུ་མིའི་རྟེན་མཐོང་ནས་དགའ་ལ་གཡང་ཟ། ངོ་ཚ་ལ་སྐྱུག་བྲོ། །སྔོན་ བླ་མས་རྒྱུ་དུས་ན་བསྟན་པའི་འཁོར་འདས་དབྱེར་མེད་དེ་ཙ་ན་རྟོག སྙིང་རྗེ་སྐྱེ། མཆི་མ་ལྟུང་། གཞན་གྱི་སེམས་སྣ་ཚོགས་ཤེས། འདོད་ཡོན་སྣ་ཚོགས་མཐོང་བས་དགོད་བྲོ། །རྫུ་འཕྲུལ་སྣ་ཚོགས་སྐད་ཅིག་མས་འབྱུང་བ་རྣམས་ནང་གི་ཞིང་ཁམས་མཐོང་བས་ སོ། །ནང་མ་མཐོང་པར་ཕྱི་མི་མཐོང་། དེ་ཙ་ན་ལིང་ག་བརྟན། རྡོ་རྗེ་རྩེར་ལྷན་ཅིག་སྐྱེས་པའི་སར་ཐིག་ལེ་གནས་པ་ལྟར། ལུས་བདེ་བས་མྱོས་ཤིང་བརྒྱལ། རང་གཞན་ངོ་མི་ཤེས། ནང་རྟགས་རླུང་སོར་གཅིག་འགགས། ཕྱི་རྟགས་གསང་གནས་ཕྱེད་ ཐིག་ལེས་བརྟན་ས་དང་པོའོ། །ཡང་སྤྲུལ་སྐུ་ལས་དབང་བཞི་སྒོམ་ལམ་ས་གཉིས་པ་ནས་སྤྲུལ་པའི་སྐུའི་ཞིང་ཁམས་སྟོང་ལ་སོགས་པ་བསྒུལ་བ་ལ་སོགས་པ་ནུས། ཡོན་ཏན་ལ་སོགས་འཕེལ། འགྲོ་ལྡོག་ལ་སོགས་འགགས། ནང་རྟགས་རླུང་སོར་ དྲུག་འགགས། ཕྱི་རྟགས་གསང་གནས་ཏེ། སྙིང་ཐིག་ལེས་བརྟན། ལོངས་སྐུ་འགའ་མཐོང་། སྒོམ་ལམ་ས་དྲུག་གོ། ཡང་ལོངས་སྐུ་ལས་དབང་བཞི་བཞི་བདག་བྱིན་གྱིས་བརླབ་པའི་རིམ་པའི་ལམ་ནས། ལོངས་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་ པར་བྱེད་པ། ངག་དག་པ་གསང་བའི་དབང་མཐར་ཕྱིན། དེ་ཁོ་ན་ཉིད་ཀྱི་རྟགས་དབང་པོ་ལྔ་དང་དངས་མའི་རླུང་ལྔ་ལ་མངའ་བརྙེས། ནུས་པ་ལྔ་དང་ལྟ་སྟངས་རྣམས་ལ་ཐོགས་པ་མེད། བྷ་གའི་དཀྱིལ་འཁོར་དུ་རིགས་དྲུག་གི་ས་བོན་མཐོང་། ས་བོན་དྲུག་ ལ་མངའ་བརྙེས། སེམས་ཅན་རྣམས་ཀྱི་སྐད་དུ་ཆོས་སྟོན་ཅིང་ཆོས་སྤྱི་དང་རང་གི་མཚན་ཉིད་ལ་ཐོགས་པ་མེད། ལྟེ་བར་ཡི་གེའི་ཕྱི་མོ་བརྒྱད། ཨཱ་ལི་ཀཱ་ལི་མཐོང་ནས། མདོ་སྡེའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ལ་ཐོགས་པ་མེད། བདུད་རྩི་ལྔ་དང་ རོ་དྲུག་ལ་ལོངས་སྤྱོད་ནུས། ཚངས་པའི་དབྱངས་སུ་གྱུར་པ་རྣམས་ཨ་ནི་ཡིག་འབྲུ་ཅེས་པ་དྲུག་གིས་གསལ་ལོ། །ས་བདུན་ཡན་ཆད་ལོངས་སྐུའི་ཞིང་ཁམས་འཁོར་བཞིའི་བརྒྱ་དུང་ཕྱུར་ལ་སོགས་བསྒུལ་བ་ལ་སོགས་པ་ནུས། ནང་རྟགས་རླུང་སོར་བཅུ་ འགགས། ཕྱི་རྟགས་མགྲིན་སྨིན་ཐིག་ལེས་བརྟན། སྒོམ་ལམ་ས་བཅུའོ། །ཡང་དབང་བཞི་བཞི། སེམས་དག་ལ་དཀྱིལ་འཁོར་འཁོར་ལོ་ཐབས་ཀྱི་ལམ་ནས་ཆོས་སྐུ་རང་བཞིན་གྱི་ལྷུན་གྲུབ་ཐོབ་པར་བྱེད་པ། ཤེས་རབ་དང་ཡེ་ཤེས་ ཀྱི་དབང་མཐར་ཕྱིན། དེ་ཁོ་ན་ཉིད་ཀྱི་རྟགས། སྟོབས་ལྔ་ནི། བྱང་ཆུབ་ཀྱི་སེམས་ཀྱི་རླུང་ལྔ་བསྐྱོད་པའི་དངས་མའི་དངས་མ། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་ནས་རྟགས་བསྟན་པ། སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས་དབང་ཐོབ་ནས། བདུད་རྩི་ ལྔ་གར་འདུ་མཐོང་ནས་སངས་རྒྱས་རྣམས་གཞན་དོན་མཛད་པ་མཐོང་། སྤྲུལ་པ་བདེ་ཆེན་ཐིག་ལེ་འདུ་བ་མཐོང་ན། སངས་རྒྱས་རྣམས་འོག་མིན་གྱི་གནས་ན་ཟབ་མོ་ལ་བཞུགས་པ་མཐོང་། ལྟེ་བ་སྤྲུལ་པར་བདུད་རྩི་ལྔ་དང་རླུང་ལྔ་འདུས་པ་མཐོང་ན། ལོངས་ སྐུའི་རིགས་ལྔ་ཡུམ་གྱི་བྷ་ག་ན་བཞུགས་ནས་སྐལ་ལྡན་བྱང་ཆུབ་སེམས་དཔའ་ལ་གསང་བ་སྒྲོགས་པ་མཐོང་། ཕྱག་རྒྱ་མའི་དངས་མའི་དངས་མ་མཐོང་ན་མངོན་ཤེས་ལ་ཐོགས་པ་མེད། རྩ་ཡིག་རྣམས་སུ་དངས་མ་འདྲོངས་ན་རྫུ་འཕྲུལ་ལ་ཐོགས་པ་ མེད། དེ་ཉིད་སླར་སྤོས་ན་སྔོན་གྱི་གནས་རྗེས་སུ་དྲན། ནང་རྟགས་རླུང་སོར་བཅུ་གཉིས་འགགས། ཕྱི་རྟགས་སྤྱི་གཙུག་ཧྲི་ལ་ཐིག་ལེས་བརྟན། ས་བཅུ་གཉིས་སོ། །ཡང་དབང་བཞི་བཞི་མཐར་ཕྱིན་གྱི་ལམ་ནས་མཐར་ཐུག་རྟེན་འབྲེལ་མཐར་ཐུག་འདའ་བ། རྡོ་རྗེའི་དབའ་རླབས་ཀྱི་ལམ་གྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རིག་མའི་སྐྱེས་བུ། སྲིད་པ་རྣམ་པར་དག་པའི་ལམ། །ངོ་བོ་ཉིད་ཀྱི་སྐུ་རང་བཞིན་གྱི་ལྷུན་གྲུབ་ཐོབ་པར་བྱེད་པ། བཞི་པ་ལུས་ངག་ཡིད་ཀྱི་དབང་མཐར་ཕྱིན། དེ་ཁོ་ན་ཉིད་ཀྱི་རྟགས་ འཕགས་པའི་ལམ་ཡན་ལག་བརྒྱད་ནི། རྣམ་ཤེས་བརྒྱད་འདག་ཀར་འབྲས་བུ་གཉིས་ཐོབ་སྟེ། ས་ཆེན་དགའ་ཞིང་རངས་ལ་མགུ། །དེ་རྣམ་པ་དྲུག་ཏུ་གཡོ། །བདུད་གནས་སུ་སྒྲ་གྲག །ཕྱག་རྒྱ་མའི་གནས་སུ་ཁམས་གསུམ་མཐོང་། མཁའ་འགྲོ་མ་ རྣམས་རིང་ནས་འདུ། །ཧ་རི་མ་ལ་སོགས་པ་དབང་ཕྱུག་གི་དོན་བརྒྱད་འཆར། ནང་རྟགས་སྲོག་རྩོལ་ཨ་ཝ་དྷཱུ་ཏཱིར་འཇུག །ཕྱི་རྟགས་གཙུག་ཏོར་ཕྱེད་ཐིག་ལེས་བརྟན། ས་ཕྱེད་དང་བཅུ་གསུམ་མོ། །བཞི་པ་ཡིད་ཀྱི་དབང་མཐར་ཕྱིན། དེ་ཁོ་ན་ཉིད་ཀྱི་རྟགས་ འབྲས་བུའི་ཕྱོགས་གཅིག་འཐོབ་སྟེ། འབིགས་བྱེད་གཞོན་ནུའི་གྲོང་ཁྱེར་ཆོས་ཀྱི་དབྱིངས། །བྱང་ཆུབ་སེམས་ཀྱིས་ནི་འབིགས། འབྲས་བུ་ལོངས་སྐུའི་ཞིང་ཁམས་རབ་བཀྲམ་ལ་སོགས་པ་བསྒུལ་བ་ལ་སོགས་པ་ནུས། ས་བཅུ་གསུམ་ཐོབ་ཀར་ས་བཅུ་མ་ ལ་སོགས་པ་ཡིད་ཀྱིས་བཀུག་སྟེ། སློབ་དཔོན་དུས་གསུམ་བདེ་གཤེགས་བཅུད་འདུས་ཡིན། ཡི་དམ་ལྷ་དང་བླ་མ་དབྱེར་མེད་ལ། །བྷ་གར་དངོས་གྲུབ་ལེན་པའི་རྟེན་འབྲེལ་གྱིས། །སྲིད་པ་རྣམ་པར་དག་པའི་ལམ། །ངོ་བོ་ཉིད་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་ པ་རང་བཞིན་གྱི་ལྷུན་གྲུབ་ཐོབ་པར་བྱེད་པ། འབྲས་བུ་མཐར་ཕྱིན་དེ་ཁོ་ན་ཉིད་ཀྱི་རྟགས་ལོངས་སྐུའི་ཞིང་ཁམས་མ་ལུས་པ་ལ་སོགས་པ་བསྒུལ་བ་ལ་སོགས་པ་ནུས། ནང་རྟགས་སྲོག་རྩོལ་ཨ་ཝ་དྷཱུ་ཏཱིའི་འགགས། ཕྱི་རྟགས་གཙུག་ཏོར་ཧྲི་ལ་ཐིག་ལེས་བརྟན། ཕྱི་ནང་གི་རྟེན་འབྲེལ་འགྲོས་བཞི་ཐིམ་པ་རྣམས་ཀྱིས་སྒོམ་ཉམས་ཀྱིས་སྐྱོན་ཡོད་མེད་ཕྱེད་པས་བཅུ་གསུམ་པའོ། །ཐམས་ཅད་མཁྱེན་ཏེ། བཅུ་གསུམ་རྡོ་རྗེ་འཛིན་སར་རྟེན་འབྲེལ་འགྲིག་པ་ལྟར་སྣང་། འཚང་རྒྱ་ཀར་འཁོར་ཚོམ་བུ་ཅིག་དང་བཅས་ཏེ་འཚང་ རྒྱའོ། །གསང་སྔགས་རྡོ་རྗེའི་ཐེག་པ་ནི། །རྒྱུ་དང་ལམ་དང་འབྲས་བུའི་དབང་། །རྟོགས་པས་བརྟགས་པས་རྟོག་མེད་རྟོགས། །ཡེ་ཤེས་སྣང་བ་དེ་བཞིན་ནོ། །ལམ་ཟབ་བླ་མ་དམ་ཚིག་ལུས་སོ་སོར་བརྟགས་པའི་འགོག་པ་ལམ་འབྲས་བུ་དང་བཅས་པའི་གདམས་ ངག་དང་མན་ངག་དུ་བཅས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨ་མྲྀ་ཏ་སིདྡྷི་མཱུ་ལ་ནཱ་མ། བོད་སྐད་དུ། བདུད་རྩི་གྲུབ་པའི་རྩ་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྤྱན་གསུམ་རབ་ལྡན་དབུ་བཅད་སྐུ་མདོག་དམར། ། འཆི་བའི་འཇིགས་སེལ་རྣལ་འབྱོར་ཕོ་མོ་ཡི། །ཕྱག་རྒྱ་འཛིན་ཅིང་བིཪྺ་ཏིང་འཛིན་གྱིས། །སྐྱོབ་མཛད་ཕྱག་རྒྱའི་ཞབས་ལ་བདག་འདུད་དོ། །ཕྱག་རྒྱ་ཆེན་པོ་རྣམས་བཤད་བྱ། །མི་ནི་གང་གིས་ཐོས་པ་ལ། །ལྷ་རྣམས་ཀུན་ གྱིས་བཀུར་སྟི་མཛད། །སྐྱེ་བ་བྱེ་བ་སྟོང་དག་ཏུ། །ལེགས་ལས་རྒྱ་ཆེན་རྣམས་བྱས་པས། །དེ་ཐོབ་འཁོར་བའི་རྒྱ་མཚོ་ལ། །ཕ་རོལ་ཏུ་ནི་རྣལ་འབྱོར་འགྲོ། །གཡོན་པའི་རྟིང་པས་བཤང་ལམ་དགག །གཡས་པ་ཅུང་ཟད་བརྐྱང་བྱས་ལ། །མཐེབ་ཆེན་བོལ་གོང་ ལག་པས་གཟུང་། །སྙིང་ག་ལྐོག་མས་མནན་པ་ནི། །སྒོ་དགུ་དགག་པའི་སྦྱོར་བའོ། །དེ་ཡི་རྩ་གསུམ་དག་ལ་ནི། །རིམ་པ་བཞིན་དུ་བསྣུན་པར་བྱ། །འདི་ནི་ལས་ཀྱི་ཕྱག་རྒྱའོ། །རྐང་པ་གཅིག་པ་སེམས་བསྡུ་ཞིང་། །རླུང་རྣམས་གཅིག་ཏུ་བསྡུས་བྱ་སྟེ། ། རླུང་གིས་བསྡམ་པ་བརྩམ་པར་བྱ། །ཉི་ཟླ་གཉིས་ནི་གཅིག་པར་བྱ། །དེ་ལྟར་བྱས་ན་རླུང་ནི་འགག །འདི་ནི་དམ་ཚིག་ཕྱག་རྒྱའོ། །བཤང་ལམ་འཁོར་ལོ་གྱེན་དུ་བཟློག །ཐིག་ལེ་སྒྲ་བཅས་གྱེན་དུ་བསླང་། །རྩ་རྣམས་ཐམས་ཅད་རབ་ཏུ་གཡོ། །མཆོག་གི་ རྩ་ནི་གྱེན་དུ་འོང་། །ལུས་ངག་ཡིད་གསུམ་སྦྱོར་བ་ཡིས། །སྐུ་གསུང་ཐུགས་ནི་བསྒྲུབ་པར་བྱ། །གོམས་པ་བརྟན་པར་གྱུར་པ་ཡིས། །རང་གི་མེ་ནི་གསལ་བའོ། །ཕྱག་རྒྱ་འདི་ཡིས་ཐམས་ཅད་དུ། །རྣལ་འབྱོར་པ་ནི་ངེས་པར་འགྲོ། །འདི་ནི་ཁ་སྦྱོར་སྦྱོར་ བ་སྟེ། །རྩ་བའི་གདམས་པར་འདོད་པའོ། །འདི་ནི་རླུང་གི་སྦྱོར་བ་ཡིན། །མཁས་པ་རྣམས་ཀྱིས་འདི་བསྒྲུབ་པོ། །ཕྱག་རྒྱ་གཉིས་སུ་ཤེས་པར་བྱ། །ཇི་བཞིན་བསྡམ་པའི་ཆོ་ག་ཤེས། །ཛོ་ནི་ལྷ་མོའི་ཕྱག་རྒྱ་ཡིན། །ལིངྒའི་ཕྱག་རྒྱ་ལྷ་ཡིན་ནོ། །ཕོ་དང་མོ་ ཡི་སྦྱོར་བ་ལས། །ཕྱི་རོལ་དུ་ནི་སྐྱེས་པ་འབྱུང་། །ཇི་བཞིན་སྦྱོར་བ་འདི་གཉིས་ཀྱིས། །སྐྱེ་བ་ནང་དུ་གསང་བར་བྱ། །རྩ་ནི་བུད་མེད་གཟུགས་ཅན་ཏེ། །སྐྱེས་པ་མེད་ན་འབྲས་བུ་མེད། །ཕྱག་རྒྱ་ཆེ་དང་བསྡམས་པ་ཆེ། །དབྱེ་བ་མེད་ན་འབྲས་བུ་མེད། །རླུང་ནི་ འཁོར་ལོ་གཅིག་ཏུ་བསྡུ། །ཇི་སྲིད་བསྡམས་པ་བཞིན་དུ་བྱ། །རྣལ་འབྱོར་པ་ཡིས་བཤིག་པར་བྱ། །རང་གི་རླུང་སེམས་བཤིག་པར་བྱ། །སྦྱོར་བའི་རིམ་པས་བཤིག་པར་བྱ། །རླུང་ནི་སྟོབས་དང་ལྡན་བྱས་ལ། །དབུ་མའི་སྒོ་རུ་གཞུག་བྱ་སྟེ། །འཁོར་ལོ་བཞི་པོ་ རླུང་གིས་དབུག །ལག་གཉིས་ལིངྒའི་ཕྱག་རྒྱ་བཅའ། །དེ་ནི་ས་ལ་གཞག་ནས་སུ། །རྐང་པའི་རྩེ་མོ་ས་ལ་གཟུགས། །བརླ་ནི་བརྡབ་པར་བྱ་བ་ཡིས། །རླུང་གིས་རླུང་ནི་བཤིག་པར་བྱ། །རླུང་གིས་རླུང་ལ་བཏེག་པར་བྱ། །རླུང་གིས་རླུང་ནི་གསད་པར་བྱ། །རླུང་གིས་ ཡོངས་ལ་ཁྱབ་པ་ཡིས། །རླུང་གིས་དངོས་གྲུབ་ཐམས་ཅད་སྦྱིན། །རླུང་གིས་འཆི་བ་མེད་པར་འགྱུར། །དེས་ནི་བདུད་རྩི་གྲུབ་པར་ནི། །བིཪྺ་ང་ཡིས་ཡང་དག་བཤད། །ལེགས་པར་བསྡམས་པ་ལུས་ཀྱི་ལས། །རྡོ་རྗེ་རླུང་རྩེ་བྱེ་བ་ཡིས། །ལྷུན་པོ་ཡི་ནི་བར་དག་ཏུ། ། དགུག་པའི་སྦྱོར་བ་འདི་ཡིས་ནི། །ཚངས་སོགས་མདུད་པ་བཤིག་པར་བྱ། །ལྷུན་པོའི་སྟེང་དུ་ལྷ་རྣམས་འགྲོ། །ལྷུན་པོ་དག་ནི་གཡོ་འགྱུར་ཏེ། །དེས་ནི་ཐམས་ཅད་བརྒྱལ་བར་འགྱུར། །ཚངས་པ་ལ་སོགས་ལྷ་རྣམས་བསད། །དང་པོ་ཡི་ནི་སྦྱོར་བ་ཡིས། །ཚངས་ པའི་མདུད་པ་བཤིག་པར་བྱ། །དེ་ནས་དབང་ཕྱུག་མདུད་པ་བཤིག །དེ་བཤིག་ནས་ནི་བིཥྞུ་བཤིག །དེ་ནས་གཏི་མུག་ལ་སོགས་སྤངས། །གཙུག་ཏོར་སྒོ་ནི་སྦས་པ་ལ། །རླུང་གིས་སྒོ་ནི་རྣམ་པར་དབྱེ། །དེ་ནི་འབིགས་པ་ཆེན་པོའོ། །བསྡམ་པ་ཆེ་དང་འབིགས་པ་ ཆེ། །ཕྱག་རྒྱ་ཆེ་ནི་གསུམ་པ་ཡིན། །འདི་ནི་གསང་དབང་གསུམ་ཡིན་ནོ། །འདི་དག་གིས་ན་སྦྱོར་གྲུབ་གྲགས། །དེ་ཉིད་གསུམ་ནི་གང་རིག་པས། །དེ་ནི་འཇིག་རྟེན་གསུམ་རིག་གོ། །གང་གིས་འདི་ལ་གོམས་བྱས་ན། །ཐམས་ཅད་ཀྱི་ནི་མངའ་བདག་འགྱུར། ། གསང་བ་ལྷ་ཡི་ལྷ་རྣམས་དང་། །མི་ཡི་བདག་པོའི་བདག་པོར་འགྱུར། །དབང་བསྐུར་ཀུན་ལ་དབང་བ་ཡིན། །ཐམས་ཅད་མ་ལུས་ལྷག་པར་འགྱུར། །དེས་ན་ལྷ་རྣམས་ཀུན་གྱི་དབང་། །ཆོས་ཀྱི་ཕྱག་རྒྱར་འདོད་པའོ། །ཕྱག་རྒྱ་ཆེ་ལ་གོམས་པར་བྱ། །ཕྱག་རྒྱ་ འདི་ལས་ཐམས་ཅད་འབྱུང་། །གྲུབ་པ་ཆེན་པོ་འབྱུང་བ་ཡིན། །ཕྱག་རྒྱ་ཆེན་པོ་གང་ཡིན་པ། །རྣམ་གཉིས་དེ་ནི་དམ་པ་དང་། །འཆི་བ་ལས་ནི་གྲོལ་བ་དང་། །ལུས་སེམས་དག་ལ་བདེ་བ་འབྱུང་། །སེམས་ལ་གནས་པ་ཙམ་གྱིས་ཀྱང་། །མངལ་ དུ་སྐྱེ་བར་མི་འགྱུར་རོ། །དང་པོའི་མིང་ནི་ཡི་གེ་ཡིན། །སྦྱོར་བ་ལྡན་པ་བཤད་པར་བྱ། །དད་དང་ལྡན་པའི་སྦྱོར་བ་ཡིན། །རྣལ་འབྱོར་པ་ནི་ངེས་པར་ནི། །ཕྱག་རྒྱ་ཆེན་པོ་འགྲུབ་པ་ཡིན། །ཕྱག་རྒྱ་ཆེན་པོ་བཤད་པར་བྱ། །རྐང་པ་ལག་པ་བསྡམ་བྱ་སྟེ། །རླུང་ནི་ ལན་གསུམ་འཐུངས་བྱས་ལ། །རྩ་རྣམས་ཐམས་ཅད་འཐེན་པར་བྱ། །ལངས་པས་རྩ་རྣམས་གྱེན་དུ་ཕྱོགས། །ནད་རྣམས་ཐམས་ཅད་བཅོམ་ནས་ནི། །ཕྱག་རྒྱ་ཆེན་པོའི་དོན་ཡང་རྫོགས། །ཇི་ལྟར་ནམ་མཁའ་བར་སྣང་ལ། །སྤྲིན་ཚོགས་འབར་བ་འཁྲིགས་པ་ དེ། །རླུང་གི་ཤུགས་ཀྱིས་གཏོར་བ་ལྟར། །དེ་ལྟར་ལུས་འདི་དག་ལ་ནི། །ནད་ཀྱིས་ཡོངས་སུ་བསྒོས་གྱུར་ཀྱང་། །ཐབས་ཀྱི་རླུང་གིས་གཞོམ་པར་བྱ། །འདི་ནི་ཕྱག་རྒྱ་ཆེན་པོའོ། །ཛྷ་ཡེ་དྷ་ཡི་ཀརྨ་ཡི། །ལག་པས་འབྱུང་བ་ལྔ་དག་ཀྱང་། །ལས་ཀྱི་བྱ་བས་མཉེ་བྱ་ ཞིང་། །བསྡམས་པ་ཆེན་པོས་གནས་པ་ཡི། །སྟོབས་ཀྱི་འཁོར་ལོ་འདི་ཡིས་ནི། །སྟེང་དུ་ལྷ་ཡི་འཇིག་རྟེན་སྐྲག །ལག་པ་བརྐྱང་བསྐུམ་འདི་ཡིས་ནི། །ཕྱོགས་བཞི་དག་ཀྱང་གཡོ་བར་བྱེད། །རྐང་པ་འོག་ཏུ་བརྐྱང་པ་ཡིས། །ཀླུ་རྣམས་ཐམས་ཅད་སྐྲག་པར་བྱེད། ། དབང་པོ་ངལ་ཞིང་དུབ་བའི་ཚེ། །རྩེ་གཅིག་སེམས་ཀྱི་ངང་ལ་གཞག །བསྡམ་པའི་སྦྱོར་བ་བཤད་པར་བྱ། །རླུང་གིས་ལུས་ནི་འཛིན་པར་འགྱུར། །བསྡམ་པ་གཉིས་ནི་ཤེས་བྱ་སྟེ། །ཇི་ལྟར་ཐིག་ལེ་གནས་པ་དང་། །ཛོ་ནི་བྷ་དྷའི་ལྷ་མོ་ཡིན། །མགྲིན་པ་བསྡམས་པ་ ལྷ་ཡིན་ནོ། །དགང་བ་ཅན་དང་བུམ་པ་ཅན། །ཕྱག་རྒྱ་གཟུང་བ་རྣམ་པར་བྱ། །ལྷ་དང་ལྷ་མིན་ཀུན་ལ་གསང་། །རྣལ་འབྱོར་བསྡམ་པར་བྱ་བ་ཡིས། །དབུ་མའི་སྒོ་རུ་གཏད་པར་བྱ། །ལམ་གསུམ་རྣམ་པར་བཀག་བྱས་ལ། །རླུང་ནི་ནང་དུ་གཟུང་བར་བྱ། །སྲོག་ནི་ རླུང་ཡང་རླན་པར་བྱ། །དེ་ལྟར་བྱས་པས་འོག་ཏུ་འབབ། །སྐད་ཅིག་ཉིད་ལ་བསྡམ་པར་བྱ། །སྟེང་འོག་རླུང་གི་སྦྱོར་བ་ཡིས། །མཉམ་པའི་རླུང་དང་བསྲེག་པར་བྱ། །དེས་ནི་གྱེན་དུ་བསྐྱོད་པར་བྱ། །བཤང་ལམ་བསྡམས་པ་དང་ལྡན་པས། །རླུང་ནི་རྣམ་ པར་བསྐུམ་པ་དང་། །གྱེན་དུ་བླང་བ་བྱས་པ་ཡིན། །འཁྲུལ་འཁོར་དང་ནི་རླུང་སྦྱོར་གྱིས། །དགྲམ་དང་རབ་ཏུ་བསྡམ་པར་བྱ། །ཟུང་འཇུག་ལམ་གསུམ་བསྒོམ་པར་བྱ། །འདི་ལྟར་མི་ཡི་ལུས་ལ་ནི། །གྲུབ་པའི་ལམ་ནི་རབ་གསལ་བ། །ཉམས་མྱོང་སྐྱེ་ཞིང་ ལུས་རྒྱས་འགྱུར། །རྒས་པར་ཡང་ནི་མི་འགྱུར་རོ། །རྩ་རྣམས་རྒྱུན་གྱིས་འབབ་པ་དང་། །རྟག་པར་འོག་ཏུ་འགྲོ་བ་དེ། །བསྡམས་པ་ཆེན་པོ་འདི་ཡིས་ནི། །རྣམ་པར་ལྡོག་པར་འགྱུར་བ་ཡིན། །གཤིས་ནི་ཐུར་དུ་འགྲོ་བ་ཡིན། །ཡུར་བའི་ནང་དུ་ཆུ་འབབ་ པ། །དེ་ནི་བསྡམས་པས་ལྡོག་པར་འགྱུར། །དེ་བཞིན་ནང་གི་ལུས་ལ་ཡང་། །ལུས་ཀྱི་ཕྱི་རོལ་འགྲོ་བ་དེ། །རྣལ་འབྱོར་རྟག་ཏུ་ཤེས་པར་བྱ། །ལུས་ཀྱི་རྩ་ནི་མ་ལུས་པ། །འདིས་ནི་བསྡམས་པར་རབ་ཏུ་གྲགས། །བསྡམས་པ་འདི་ཡི་མཐུ་ཡིས་ནི། ། ལྷ་རྣམས་ཀུན་ཀྱང་གསལ་བར་འགྱུར། །དེ་ལྟར་ཕྱག་རྒྱ་བཞི་ཡིས་ནི། །ལམ་གསུམ་རྣམ་པར་བཀག་པའོ། །ལམ་གཅིག་པ་ནི་གསལ་བའོ། །གྲུབ་པ་ལྷ་ཡི་ལམ་དུ་འགྲོ། །སྐྱེ་དང་འཆི་བའི་ལམ་གཉིས་པོ། །འོག་ནི་ལམ་དུ་བཤད་པ་ཡིན། ། བསོད་ནམས་དང་ནི་སྡིག་རྒྱུ་ཡི། །དེ་ཕྱིར་སྐྱོན་གཉིས་རྣམ་པར་སྤངས། །རླུང་གི་དེ་ཉིད་བུམ་པ་ཅན། །དེ་ནི་རབ་ཏུ་མཉམ་པར་བྱ། །སྟེང་གི་ལམ་དུ་རྣམ་བྱས་ལ། །རླུང་དང་ལྷན་ཅིག་སྦྱོར་བ་ཡིས། །བསྡམས་པས་ཆུ་རྒྱུན་འགག་པ་ལྟར། །འགྲོ་བ་ཐམས་ ཅད་རྣམ་པར་འགོག །དེས་ན་དེ་ཡི་བཀའ་དྲིན་གྱིས། །ཛོ་ནི་གདམས་པ་ཞེས་གྲགས་སོ། །གྲུབ་པའི་ལམ་དང་ཡང་དག་ལྡན། །མི་ནི་འགྱུར་ཏེ་གཞན་དུ་མིན། །ཕྱག་རྒྱ་འདི་ནི་ཤེས་པ་ཡིས། །དྲེགས་པ་ཡོད་ཀྱང་དོན་དང་ལྡན། །དེས་ན་ཐམས་ཅད་ཤེས་པ་ཡིན། ། བདུད་རྩི་གྲུབ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་བི་རཱུ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་རྣལ་འབྱོར་པ་ལས་གྲུབ་པ་ཐོབ་པའི་རྒྱ་གར་ཨེ་དེ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཌཱ་ཀི་ནི་ཨུ་པ་ཡ་ཤྲཱི་ དྷ་ར་མི་ས་ར་བྷི་ར་ནཱ་མ། བོད་སྐད་དུ། མཁའ་འགྲོ་མའི་མན་ངག་སྙན་ནས་སྙན་དུ་བརྒྱུད་པ་གདུང་བ་བཅད་པའི་གདམས་པ་ཞེས་བྱ་བ། བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྗེ་བཙུན་མཆོག་དང་བྱིན་ རླབས་འབྱུང་བའི་གནས། །རྣལ་འབྱོར་མ་དང་མཁའ་འགྲོའི་ཚོགས་རྣམས་ལ། །གུས་པ་མཆོག་གིས་རབ་ཏུ་རྩེ་གཅིག་འདུད་པར་བྱས་ནས་ཀྱང་། །སྐལ་ལྡན་གདུང་བ་གང་ཟག་གདུང་བ་གཅད་པའི་ཕྱིར། །བླ་མ་རྣམས་ཀྱི་བརྒྱུད་པའི་མན་ངག་བྲི། །དེ་ལ་ རྟེན་གྱི་གང་ཟག་སྐལ་བ་དང་ལྡན་ཞིང་ཚོགས་ཆེན་པོ་བསགས་པ་དེས། བླ་མ་དམ་པ་རྣམས་ཡུན་རིང་བར་བསྟེན་ཅིང་གདམས་པས་རྒྱུད་ཡོངས་སུ་བསྒོས་པར་གྱུར་ཀྱང་། གདམས་ངག་གིས་གོམས་པར་མ་གྱུར་ཅིང་། ཡིད་གདུང་བ་མ་ཆད་པ་དག་ལ་རྡོ་རྗེ་མཁའ་འགྲོ་མ་ རྣམས་ཀྱིས། སློབ་དཔོན་ཆེན་པོ་ཌོམྦི་ཧེ་རུ་ཀ་ལ་སོགས་པ་རྣམས་ལ་བརྡར་གསུངས་པ་དེ་དག་བདག་གིས་བསྟན་པར་བྱའོ། །དེའང་མཁའ་འགྲོ་མ་རོ་མས། སློབ་དཔོན་ཌོམྦི་ཧེ་རུ་ཀ་ལ་ལྟ་བའི་གནས་ལུགས་བརྡར་གསུངས་པ། །ཏིལ་འབྲུ་དང་ནི་སྒྲོན་མས་ཕྱོགས་ཀུན་ གསལ་བར་བྱེད། །སྔགས་ཀྱིས་བཏབ་པའི་དུག་ནི་སྨན་གྱི་མཆོག་ཏུ་གྱུར་པ་སྟེ། །རྨ་བྱའི་ཟས་ནི་གཞན་དུ་གྱུར་པ་ཡོད་མ་ཡིན། །ཙནྡན་དྲི་དང་རི་དགས་གླ་རྩིའི་དྲི་བཞིན་ནོ། །ཆུ་ཟླ་དང་ནི་རྒྱ་མཚོའི་རླབས་ནི་ཐ་དད་ཅུང་ཟད་མེད། །སོལ་བའི་རང་བཞིན་གང་གི་ཁ་དོག་ ནག་པོ་དག་དང་མཚུངས། །རི་བོ་ཆེན་པོ་གང་གིས་བསྐྱོད་པར་མི་ནུས་པས། །གངས་རིའི་ཆུ་ནི་གཞན་དུ་གྱུར་པ་ཡོད་མིན་ནོ། །དཔེར་ན་དྲི་དང་སྒོག་སྐྱ་ཐ་དད་གྱུར་པ་མེད། །ཉི་མ་ཟླ་བའི་ཡོན་ཏན་གསལ་བ་ཡིན། །མཁའ་ལ་བྱ་འཕུར་རྗེས་ནི་ཚོལ་བས་རྙེད་མི་འགྱུར། ། ནམ་མཁའི་ཁམས་ནི་རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ། །མཎྜལ་དག་ནི་ཕྱོགས་ལས་ཐམས་ཅད་རབ་ཏུ་སྙོམས། །དཔེར་ན་རོ་ལངས་དང་ནི་ས་པྲ་ཀོ་ནེ་བཞིན། །དཔའ་བོ་ངོ་མཚར་ནོར་བུ་ཤེལ་བཞིན་ནོ། །ཞེས་གསུངས་ཏེ། དེ་དག་ནི་གནས་ལུགས་ཀྱི་གདུང་ བ་བཅད་པའི་གདམས་པ་ཞེས་བྱ་སྟེ་དང་བོའོ།། །།དེ་ནས་མཁའ་འགྲོ་མ་སིངྷ་དྷ་རས། སློབ་དཔོན་ཌོམྦི་ཧེ་རུ་ཀ་ལ་བསྒོམ་པའི་དོན་བརྡར་གསུངས་པ་ནི། གནས་ནི་ཚང་ཚིང་དག་གམ་དུར་ཁྲོད་དུ། །བདག་མེད་པ་ཡི་མཛའ་མོ་དག་དང་ཕྲད་བྱས་ལ། །ཡིད་ ནི་རབ་དགའི་བསམ་པ་ཡིས། །དཔེར་ན་ལས་ཟིན་པ་ཡི་སྐྱེས་བུ་བཞིན། །དམན་པའི་དོན་སྟོར་ནམ་མཁར་ཁྱེར་བར་བྱ། །ཆུ་བོ་ཆེན་པོ་རྒྱུན་དུ་བབ་པ་བཞིན། །དྲང་སྲོང་ཀུ་ཤ་གཙང་མའི་སྟེང་དུ་གཞག །མར་མེའི་རྩེ་མོ་རླུང་གིས་མི་བསྐྱོད་དང་། །མེ་ལོང་ གཡའ་མེད་བཞིན་དུ་གསལ་བར་ཕྱི། །བུ་ནི་ཡིད་འོང་བྲལ་བའི་མ་བཞིན་དུ། །རུས་སྦལ་དང་ནི་མཁར་གཞོང་ཉི་མ་ལ། །རྩལ་དང་ལྡན་པའི་འཕོང་སློབ་བརྩོན་པ་སྟེ། །བསྡམས་པའི་བརྩོན་ནི་ངེས་པར་གྲོལ་བར་འགྱུར། །ས་ལེ་སྦྲམ་ལས་བྱས་པའི་ རྒྱན་བཞིན་དུ། །བུ་རམ་དག་གི་རོ་ལ་མྱང་བར་བྱ། །ཞེས་གསུངས་པ་སྟེ། དེ་དག་ནི་བསྒོམ་པའི་གནས་ལུགས་ཀྱི་གདུང་བ་གཅད་པའི་གདམས་པ་ཞེས་བྱ་སྟེ་གཉིས་པའོ།། །།དེ་ནས་མཁའ་འགྲོ་མ་ལཱ་མས་སློབ་དཔོན་ཧེ་རུ་ཀ་ལ་སྤྱོད་པའི་དོན་བརྡར་ གསུངས་པ་ནི། བག་མ་དང་ནི་སྨྱོན་མའི་ཚུལ་བཞིན་ཏེ། །གླང་པོ་བཙོངས་ལ་ཕག་རྒོད་གསད་པར་བྱ། །ཉ་ནི་རྒྱ་མཚོ་ཆེན་པོར་ཡངས་པ་ཆེ། །ནགས་རྣམས་མེ་ཡི་ཕུང་པོར་རབ་ཏུ་བསྲེག །སྤྱན་གཟིགས་ཟས་ལ་རྟག་ཏུ་ལོངས་སྤྱོད་བྱ། །རེས་འགའ་མགྱོགས་ པའི་རྟ་ལ་བཞོན་པ་བྱ། །གྲི་གུག་རྣོན་པོའི་མཚོན་ཆ་དག་གིས་ནི། །ཅེ་སྤྱང་དུར་ཁྲོད་དག་ཏུ་རྣམ་པར་རོལ། །འདབ་ཆགས་ཁྲ་ཡི་རྩལ་ནི་ཤིན་དུ་དྲག །ཝ་ནི་དུར་ཁྲོད་ཉིད་དུ་ཤིན་དུ་གཞོལ། །ཆང་འཐུངས་པ་དང་ཡུལ་རྣམས་གཞོལ་བ་འདྲ། །མེ་ཏོག་དག་ལ་བུང་བ་ རྒྱུ་བ་བཞིན། །བུ་ཆུང་དང་ནི་སེང་གེ་མེ་ལོང་མཚུངས། །སྟག་ནི་འཇིགས་པ་མེད་པར་ཀུན་དུ་རྒྱུ། །ལྐུགས་པ་དག་ནི་ཁ་ལས་ཁྱོད་མ་འདའ། །ཞེས་གསུངས་པ་སྟེ། དེ་དག་ནི་སྤྱོད་པའི་གནས་ལུགས་གདུང་བ་གཅད་པའི་གདམས་པ་སྟེ་གསུམ་ པའོ།། །།དེ་ནས་མཁའ་འགྲོ་མ་ཀཾ་ཀ་རོ་མ་ཧས། སློབ་དཔོན་ཌོམྦི་ཧེ་རུ་ཀ་ལ་ཉམས་སུ་མྱོང་བའི་དོན་བརྡར་གསུངས་པ་ནི། དཀར་པོ་ཚེས་ནི་ཟླ་བའི་རིམ་པ་སྟེ། །གཞའ་ཚོན་དག་ནི་ནམ་མཁའ་དག་ལ་མཛེས། །གཞོན་ནུ་མ་ཡིས་མ་སྨྲས་ཅི་སྟེ་གོ། །འཁུར་བ་ ཆུས་བཀང་པ་ནི་སྨྲ་མི་བྱེད། །ཁུག་རྣ་ལྟ་བུ་སྣི་བའི་རྣམ་པ་ཡིན། །དབུལ་པོའི་རང་བཞིན་གཏེར་ལྡན་ཤིན་ཏུ་ངོ་མཚར་ཆེ། །ལན་ཚྭ་ཆུ་ཉིད་ལ་ནི་རབ་ཏུ་ཐིམ། །ནམ་མཁའི་ཉམས་ལས་འདའ་བར་མི་བྱེད་དོ། །བསླུས་པའི་ཆོས་རྣམས་ལ་ནི་རེ་བར་མི་བྱེད་ཅིང་། །རལ་ གྲིའི་ངར་ནི་སྣུམ་གྱིས་ཉམས་པར་འགྱུར། །རྒྱལ་པོ་དག་ནི་རྐུན་པོས་འཇིགས་མི་བྱེད། །ཝ་ཡིས་སེང་གེ་སྐྲག་པར་འགྱུར་མ་ཡིན། །མཁའ་ལྡིང་རྣམས་ནི་མཁའ་ལས་དཔངས་མི་དམའ། །འདི་ཉིད་ཡིན་དང་མ་ཡིན་གང་ཡང་མིན། །སུས་བྱས་གང་ཡིན་གོ་བ་སུ་ ཞིག་ཡིན། །ཞེས་གསུངས་པ་སྟེ། དེ་དག་ནི་ཉམས་སུ་མྱོང་བའི་གནས་ལུགས་ཀྱི་གདུང་བ་གཅད་པའི་གདམས་པ་སྟེ་བཞི་པའོ།། །།དེ་ནས་མཁའ་འགྲོ་མ་མ་ཏྲེ་ཡིས་སློབ་དཔོན་ཌོམྦི་ཧེ་རུ་ཀ་ལ་འབྲས་བུའི་གནས་ལུགས་ཀྱི་གདུང་བ་གཅད་པའི་བརྡར་གསུངས་ པ་ནི། ཡི་གེ་བཞི་པ་དག་གིས་ཟླ་བ་རྒྱས། །ཧེ་རུ་ཀ་ཡི་ནམ་མཁའི་ངང་ཉིད་དེ། །རྡོ་རྗེ་དང་ནི་པདྨ་ཡི་གེ་བྲལ། །ཁ་ཊྭཱཾ་ག་ནི་ཉི་མའི་འོད་ཟེར་བཞིན། །རྡོ་རྗེ་དང་ནི་ལྗོན་ཤིང་འབྲས་བུ་སྟེ། །བྱ་ནི་ངང་པ་ཆུ་ན་རྟག་ཏུ་གནས། །པདྨའི་སྡོང་བུ་འདབ་མ་རབ་ཏུ་རྒྱས། །ཌ་མ་རུ་ནི་བུང་ བའི་རྩི་དང་མཚུངས། །བདུད་རྩི་སྐལ་ལྡན་རྣམས་ལ་ཆུ་ཤེལ་ཏེ། །རིན་ཆེན་བདུན་ལ་རྒྱལ་པོས་མངའ་ཡང་མཛད། །རྣམ་གྲངས་རྣམས་ནི་རས་ཀྱིས་ཤེས་ལ་བཀབ། །ཀུན་འདར་མ་ལ་བྱེ་བྲག་གང་ཡང་མེད། །རྩལ་ཆེན་རྫོགས་པའི་སེང་གེ་གངས་ལ་གནས། །ཤེལ་ནི་ཕྱི་ ནང་མེད་པར་ཤིན་དུ་དག །བཙོ་མའི་གསེར་ནི་དྲི་མའི་གཡའ་དང་བྲལ། །ཞེས་གསུངས་པ་སྟེ། དེ་དག་འབྲས་བུའི་གནས་ལུགས་ཀྱི་གདུང་བ་གཅད་པའི་གདམས་པ་སྟེ་ལྔ་པའོ།། །།མཁའ་འགྲོ་མ་མ་ཧ་ལས། སློབ་དཔོན་ཌོམྦི་ཧེ་རུ་ཀ་ལ། གང་དུ་ གསུངས་པ་དེ་དག་ཀྱང་། གཉིས་མེད་ཀྱི་རྣལ་འབྱོར་དུ་བྱ་བའི་བརྡར་གསུངས་པ་ནི། རྒྱལ་པོ་རྣམས་ནི་རིན་ཆེན་སྐལ་བར་ལྡན། །སྨན་པ་བཟང་དང་ཕྲད་པར་གྱུར་པ་ལས། །ཉི་མའི་དཀྱིལ་འཁོར་མུན་པ་སེལ་བ་ལྟར། །རུས་སྦལ་རྒྱ་མཚོ་དག་ཏུ་འགྲོ་མི་འགྱུར། ། སྟོབས་ལྡན་གྱད་ཀྱིས་ཕ་རོལ་འཇོམས་པར་བྱེད། །རི་བོ་འགྱེལ་ན་ཆུ་རྣམས་འབྲུབ་པར་བྱེད། །ནགས་ཁྲོད་དག་ན་རྔོན་པ་གླུ་རྣམས་ལེན། །མེ་ཤེལ་རས་བལ་འདུས་པས་མེ་འབྱུང་འགྱུར། །གསེར་འགྱུར་རྩི་ནི་ཤིན་ཏུ་ངོ་མཚར་ཆེ། །ཆུ་དང་བཅས་པའི་སྐྱེ་ཤིང་ ལོ་འདབ་རྒྱས། །སྦུར་ལེན་ནོར་བུ་དག་ནི་སྦུར་རྣམས་སྡུད། །ཤེས་པ་རྣམས་ནི་གཞན་གྱི་ལུས་ལ་འཇུག །སྤྲེའུ་རྣམས་ནི་དྲན་པར་ལྡན་པ་སྟེ། །མཉན་པས་འགྲོ་བ་དག་ནི་སྒྲོལ་བར་བྱེད། །ག་བུར་སྦྱོར་བས་ཚད་པའི་ནད་རྣམས་སེལ། །དགེ་སློང་བག་དང་ལྡན་པ་ གསོ་སྦྱོང་བྱེད། །རིགས་ངན་རྒྱལ་པོའི་ཁབ་ཏུ་མི་གནས་ཏེ། །བཅད་པར་གྱུར་ན་ཏཱ་ལའི་ལོ་འདབ་མེད། །སྒྱུ་མ་མཁན་པོ་སྒྱུ་མའི་ལོངས་སྤྱོད་མཁས། །རྒྱལ་པོའི་བུ་མོ་རྒྱན་དང་རབ་ཏུ་ལྡན། །གར་མཁན་རྣམས་ནི་གར་གྱི་རྣམ་པ་བྱེད། །སྦྲང་མ་རྣམས་ནི་ངན་སྐྱུགས་ནང་ དུ་རྒྱུག །ཅེས་གསུངས་པ་སྟེ། དེ་དག་ནི་གཉིས་སུ་མེད་པའི་རྣལ་འབྱོར་གྱི་གནས་ལུགས་ཀྱི་གདུང་བ་གཅད་པའི་གདམས་པ་སྟེ་དྲུག་པའོ།། །།དེ་ནས་མཁའ་འགྲོ་མ་བེ་ཏོས། །བླ་མ་ཟངས་གླིང་པ་ལ་ཀཔྤུ་ར་ལ་ཟུང་འཇུག་གི་རྣལ་འབྱོར་གྱི་བརྡ་གསུངས་པ་ ནི། ཁྲི་སྙན་ས་ལེ་སྙིང་རྗེ་ལྡན་པ་སྟེ། །མ་ནི་བུ་ལ་རབ་ཏུ་ཆགས་པའོ། །བུ་རམ་ཤིང་ལས་བུ་རམ་འབྱུང་བ་ལྟར། །རྒྱ་མཚོར་ཕྱིན་པས་ནོར་བུ་རྙེད་པར་འགྱུར། །ཆུ་ཡི་ནང་གི་ཟླ་བ་སེལ་མི་བྱེད། །ནོར་བུ་མེ་ཤེལ་རྩོལ་སྒྲུབ་དག་དང་བྲལ། །རྒྱལ་པོའི་བཙུན་མོ་རྒྱལ་ པོ་ཉིད་ཀྱང་ཡིན། །ཚོང་པ་ཚོང་འདུས་དག་ཏུ་གནས་པར་བྱེད། །རྫ་མཁན་དག་ནི་སོ་བཏང་རྫ་ལ་སྤྱོད། །སྤྲིན་དང་བྲལ་བའི་ནམ་མཁའ་རབ་ཏུ་དངས། །དམུ་རྒོད་མི་སྲུན་བརྟུལ་བས་ཞོན་པར་བྱེད། །མཛའ་བོ་དག་གིས་གསུངས་པས་རེ་བ་མེད། །རྨི་ ལམ་སད་པས་དགྲ་དང་ཡོངས་སུ་བྲལ། །ཁྱིམ་བདག་མཚོན་ཆའི་འཁོར་ལོ་རབ་ཏུ་རྣོ། །ཆོམ་རྐུན་རབ་ཏུ་མང་བས་མེལ་ཚེ་མཁས། །ཆུ་རྣམས་མ་ལུས་རྒྱ་མཚོ་རོ་གཅིག་འགྱུར། །ཕ་ལམ་རྡོ་རྗེས་དངོས་པོ་ཐམས་ཅད་འབིགས། །སྨིག་རྒྱུའི་ཆུ་ཡིས་གདུང་བར་མི་བྱེད་ དོ། །གཞའ་ཆོན་ཡལ་བ་དག་ལ་སྡུག་བསྔལ་མེད། །རྨི་ལམ་རྨིས་པའི་ནོར་ལ་སྟེར་མི་བྱེད། །བྲག་ཅའི་སྒྲ་ལ་རང་ཉིད་དགའ་བ་སྟེ། །བྲམ་ཟེ་ཆང་འཐུང་བ་ནི་ཤིན་ཏུ་གསང་། །རྣལ་འབྱོར་རྣལ་འབྱོར་རྣལ་འབྱོར་ཤིན་ཏུ་ཆེ། །ཞེས་གསུངས་པ་སྟེ། དེ་དག་ནི་ཟུང་འཇུག་ གི་རྣལ་འབྱོར་གྱི་གནས་ལུགས་ཀྱི་གདུང་བ་གཅད་པའི་གདམས་པ་སྟེ་བདུན་པའོ།། །།དེ་ནས་མཁའ་འགྲོ་མ་ཁཎྜ་རོ་ཧས། སློབ་དཔོན་ཌོམྦི་ཧེ་རུ་ཀ་ལ། པདྨོ་ཁ་འབྱེད་པའི་གདམས་པ་བརྡར་གསུངས་པ་ནི། དབུལ་པོ་རྣམས་ནི་ནོར་མེད་སྡུག་བསྔལ་དེ། ། ནང་ཕྱེད་མཚན་མོ་དག་གི་དུས་སུ་ནི། །རྒྱལ་པོའི་བང་མཛོད་བདག་ཉིད་བརྐུ་བར་བྱ། །མ་སྐྱེས་དཔེ་མེད་མཛེས་པའི་གྲོགས་བརྐུས་ལ། །ཤིན་ཏུ་མགར་བ་མཁས་པའི་ལྡེ་མིག་གིས། །གཟེ་མ་བཞི་བསྟེན་སྒོ་ལྕགས་དབྱེ་བར་བྱ། །སླར་ཡང་སྒོ་དེ་དམ་དུ་གཅད་པར་ བྱ། །རྐེད་གཏན་གཞུག་ཅིང་རྐེད་གཟེར་བསྡམ་པར་བྱ། །སྒོ་བ་པོ་དེ་ཡོངས་སུ་གསད་བྱ་ཞིང་། །འབྲུ་མར་འབབ་པ་སྟེགས་བྱས་ལ། །བཙའ་མེད་ལྕགས་ལས་བྱས་པ་དག་གི་གྲིས། །རྒྱལ་པོའི་བཙུན་མོ་དམ་པ་མགོ་བཅད་དེ། །དམག་དཔོན་ཆེན་པོ་དུག་གིས་ གསད་པར་བྱ། །མེལ་ཙེ་བ་དང་བློན་པོ་རྣམས་ཀྱང་བསད། །དེ་ནས་རྒྱལ་པོའི་བང་མཛོད་ཁ་ཕྱེ་ལ། །གོས་བཟང་དག་གིས་ཡོངས་སུ་དྲིལ་བ་ཡི། །གསེར་དང་དངུལ་གྱི་གའུ་ཁ་ཕྱེ་ལ། །ཕྱོགས་མེད་པ་ཡི་ནོར་བུ་རིན་ཆེན་བལྟ། །མར་མེ་དང་ནི་ནམ་མཁའི་བུ་མོའི་ ཚུལ། །ཉི་མ་དང་ནི་ཟླ་བས་བདུད་རྩི་འཐིགས། །ཆེ་བས་ཆེ་བའི་རབ་ཏུ་ཆེ་བ་ཉིད། །རྨ་བྱ་ཁྱི་དང་ཕག་དང་སྨྱོན་པ་ཉིད། །ཤ་ཟ་བུང་བ་ཤིན་དུ་རོལ་བར་བྱེད། །ཅེས་གསུངས་པ་སྟེ། དེ་དག་ནི་པདྨོ་ཁ་དབྱེ་བའི་མན་ངག་གི་གནས་ལུགས་བརྡར་གསུངས་པའི་གདམས་པ་ སྟེ་བརྒྱད་པའོ།། །།དེ་ནས་རྣལ་འབྱོར་པ་ཏེ་ལོ་པས་དཔལ་ནཱ་རོ་པ་ལ། བླ་མའི་ཆོས་བཅུ་དྲུག་པ་ཞེས་བྱ་བའི་གདམས་པ་བརྡར་གསུངས་པ་ནི། ས་གཞི་བཟང་པོ་དག་གི་ཐུན་མོང་ལ། །བློ་དམན་རྣམས་ཀྱིས་ལས་ལ་མ་ཞུགས་ཤིང་། །སྡུག་བསྔལ་ནད་ཀྱིས་གཟིར་ བ་བསལ་བའི་ཕྱིར། །དེད་དཔོན་ལྟ་བུ་དག་གིས་སེམས་བསྐྱེད་ལ། །མུ་ཏིག་འཕྱང་བ་ཆེན་པོ་གཟུང་བྱས་ལ། །འབྱུང་བ་ས་ཆུ་མེ་རླུང་དབང་དུ་བསྡུས། །རྒྱ་མཚོ་ཆེན་པོ་བཞི་ནས་རིན་ཆེན་བཙལ། །སྦྲང་རྩིའི་བཅུད་ནི་མར་གྱི་སྙིང་པོར་ལྡན། །གོམས་པར་བྱ་ཞིང་བཟོ་ལ་ བྱང་བར་བྱ། །ཕྱེ་མ་ལེབ་དང་རི་དགས་བུང་བ་དང་། །ཉ་དང་གླང་ཆེན་དག་ལས་རབ་ཏུ་གྲོལ། །དུག་མདས་མ་ཕོག་ཕོག་ཀྱང་སླར་ལ་གསོ། །ཐ་རྒོད་ཆུ་ཡིས་རབ་ཏུ་བངས་པར་བྱ། །རབ་ཏུ་ནོར་མང་ཕྱུག་ཅིང་ཤིན་དུ་ཕྱུག །ཞིང་པའི་ལས་ལ་རབ་ཏུ་གུས་པར་འགྱུར། །མ་ཡིས་ བུ་ནི་རབ་ཏུ་སྨིན་པར་བྱེད། །འཇོམས་བྱེད་སེང་གེའི་བླ་མ་དེ་དག་ལ། །ལུས་ངག་ཡིད་གུས་ཡོ་བྱད་ཅི་དགོས་དབུལ། །གུས་པར་ལྡན་པས་དེ་འདྲ་ཡང་དང་ཡང་། །རྩལ་མེད་རྟེན་ཅིང་བསྙེན་བཀུར་རབ་ཏུ་འབད། །ཅེས་གསུངས་པ་སྟེ། དེ་དག་ནི་བླ་མ་ཆོས་དེ་རྣམས་དང་ ལྡན་པའི་སྡིག་པའི་གྲོགས་པོ་སྤང་བ་སྟེ་དགུ་པའོ།། །།དེ་ནས་རྣལ་འབྱོར་པ་ཏེ་ལོ་པས། དཔལ་ན་རོ་པ་ལ་སློབ་མའི་ཆོས་བཅུ་གཉིས་པ་ཞེས་བྱ་བའི་བརྡར་གསུངས་པ་ནི། གཅན་གཟན་མཆེ་བ་དག་གིས་མ་རུངས་རྨ་མེད་པ། །སྡུག་བསྔལ་བཙོན་ར་འདི་ན་ཡུན་ རིང་ནད་ཀྱིས་ཐེབས། །ཁང་བཟངས་དམ་པ་ནད་མེད་བདེ་བ་ཡོན་ཏན་ལྡན། །ཀླུ་ཡི་རྒྱལ་པོ་འགྲོ་ལ་ཆར་རྒྱུན་རྟག་ཏུ་འབེབས། །དུག་སྡོང་ལོ་འདབ་རྒྱས་པའི་ལོ་འདབ་འབྲས་བུ་ཆགས་པ་མེད། །སྤུ་གྲིའི་སོར་ཆགས་སྦྲང་རྩིའི་རོ་རྣམས་རྟག་ཏུ་སྤོང་བར་བྱེད། །བདེ་བའི་ཆོས་ ཀུན་གསོད་པར་ལྡན་པའི་སྐྱེས་བུ་སེམས་སྟོབས་ལྡན། །རྨ་ཡོད་བག་ཡོད་གནས་མི་བྱེད། །མི་བཟད་ནད་ཀྱིས་གཟིར་བ་སྨན་པ་དག་ལ་རབ་ཏུ་གུས། །སྐོམ་པས་རབ་གདུངས་ངེས་པར་བཏུང་བ་འབའ་ཞིག་སྒྲུབ་པར་བྱེད། །རླན་བྲལ་རུས་ སྦལ་རྒྱ་མཚོ་ཆེན་པོ་མཐོང་ན་རབ་ཏུ་དགའ། །མགོ་ལ་མེ་ལྕེས་ཟིན་པ་མྱུར་དུ་སེལ་བར་བྱེད། །རིན་ཆེན་སྣོད་མཆོག་དེ་དག་ཏུ། །རོ་མཆོག་བཅུད་ཀྱིས་ངེས་པར་འགེངས། །མུན་པ་དག་ལ་སྒྲོན་མེ་བཞིན། །སྐལ་ལྡན་བྱ་བ་གསལ་བར་བྱེད། །སློབ་མ་ཆོས་དེ་རྣམས་དང་ ལྡན་པ་བསྟེན། །དེ་ལས་བཟློག་པ་སྤང་བར་བྱའོ། །སློབ་མ་བསྟེན་པའི་གདུང་བ་གཅད་པའི་གདམས་པ་སྟེ་བཅུ་པའོ།། །།དེ་ནས་མཁའ་འགྲོ་མ་ཀཾ་ཀ་རོ་མ་ཧས། བླ་མ་ཟངས་གླིང་པ་ན་ཀཔྤུ་ར་ལ་འཁྲུལ་པའི་ཤེས་པ་གཅད་པའི་བརྡ་བརྒྱད་གསུངས་པ་ནི། བྱིས་ པ་ཆུང་ངུར་གྱུར་པ་རྣམས་ཀྱིས་ནི། །མེ་ལོང་བཞིན་ལ་ཐ་དད་དག་ཏུ་རྟོགས། །ཤིན་དུ་བློ་གྲོས་དམན་པའི་རི་མོ་མཁན། །རང་གིས་བྲིས་པའི་རི་མོ་དག་ལ་སྐྲག །མཁྲིས་པའི་ནད་ཀྱིས་བཏབ་པའི་མིག་ཅན་དག །མཐོང་བའི་ཡུལ་རྣམས་དག་ལ་ཆགས་སྡང་སྐྱེ། །ཇི་ལྟར་ དར་གྱི་སྲིན་བུ་དག་གིས་ནི། །རང་གི་ཁ་ཆུའི་རྣམ་པས་འཆིང་བར་བྱེད། །མི་མཁས་དམན་པའི་གང་ཟག་ལ་དེ་ནི། །སྒྱུ་མའི་འཕྲུལ་གྱི་རྣམ་པས་བསླུས་པ་ཡིན། །རྒྱ་དང་རྙི་ལ་སོགས་པས་རི་དགས་ནི། །རང་དབང་མེད་པར་རབ་ཏུ་བསྡམས་པར་འགྱུར། །མི་མཐུན་དགྲ་ ཡིས་ཟིན་པར་གྱུར་པའི་བཙོན། །ལྕགས་སྒྲོག་དམ་པ་དག་གིས་བཅིངས་གྱུར་ལ། །རྨི་ལམ་ན་ནི་ཁྲི་མོན་དོང་བཅུག་པ། །དེ་ཚེ་སྡུག་བསྔལ་མི་བཟོད་སྐྱེ་བ་ཡིན། །བླ་མ་བསྟེན་ཅིང་ངེས་ཤེས་བསྐྱེད། །གཉུག་མ་གོམས་པར་བསྟེན་པར་བྱ། །འཁྲུལ་པ་ཡི་ནི་ཤེས་པ་ཉིད། ། རིག་པ་ཉིད་དེ་ཡེ་ཤེས་ཉིད། །འཁྲུལ་པའི་ཤེས་པ་སྤངས་བྱས་ལ། །གཉུག་མའི་ཡེ་ཤེས་གོམས་པར་བྱའོ། །འཁྲུལ་པའི་ཤེས་པ་ངོ་ཤེས་པར་བྱ་བའི་གདུང་བ་གཅད་པའི་གདམས་པ་སྟེ་བཅུ་གཅིག་པའོ།། །།ལྷོ་ཕྱོགས་ཀྱི་གྲོང་ཁྱེར་དུ་མཁའ་འགྲོ་མ་བི་ལ་དེ་ཝིས། རྣལ་འབྱོར་པའི་སྨྱོན་པའི་བརྟུལ་ཞུགས་ལ་རི་ཏ་པ་ལ་ལ། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཉི་ཤུ་བརྡར་གསུངས་པ་ནི། ཞིང་པ་རྣམས་ནི་རིམ་གྱིས་ལས་ལ་འཇུག །ཤིང་རྟ་དག་ནི་འཁོར་ལོ་གཉིས་དང་ལྡན། །དཔེ་མེད་ནམ་མཁའ་ཉིད་དུ་གནས། །རིག་པའི་མདངས་ནི་ ཐམས་ཅད་འབིགས་པར་བྱེད། །ཆུ་ཡི་ནང་དུ་ཨུཏྤལ་ཤིན་ཏུ་མཛེས། །རྟོག་པ་བྲལ་བ་རྒྱ་མཚོ་ཆེན་པོ་ཉིད། །མུན་ནག་རབ་ཏུ་སྤངས་པ་ནམ་མཁའ་སྟེ། །དྲང་སྲོང་གནས་པ་ཤིང་ལོའི་གོས། །རྩལ་རྫོགས་སེང་གེ་གངས་ལ་ད་རུང་གནས། །འདབ་ལྡན་བྱ་ནི་མཁའ་ལ་ མཐོན་པོར་གཅོད། །སྨན་མཆོག་བེ་ཏའི་འབྲས་བུ་གདོད་ནས་གྲུབ། །འབྲུ་མར་སྣོད་ཁྱེར་སྐད་ཅིག་ཙམ་མི་ཡེངས། །དཀའ་ཐུབ་ཅན་ནི་ཤིན་དུ་བག་དང་ལྡན། །རི་ཡི་ཁྲོད་ན་ལྗོན་ཤིང་རབ་ཏུ་རྒྱས། །བྲམ་ཟེ་འཇུག་ངོགས་དག་ན་དྲི་མ་འཁྲུ། །ཐག་པའི་འཇུར་པ་ལྷོད་པར་ ལྷོད། །གདྷཱའི་ཆུ་ནི་རྒྱ་མཚོ་ཆེན་པོར་འབབ། །གདོལ་པ་དག་ནི་རབ་ཏུ་སློང་མོས་འཚོ། །མཛེས་པ་རྟག་ཏུ་མེ་ལོང་ལྟ་བར་བྱེད། །རི་རྒྱལ་རི་བོ་མཆོག་རབ་རྟག་ཏུ་བརྟན། །ཞེས་གསུངས་པ་སྟེ། དེ་དག་ནི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཉི་ཤུ་བརྡར་གསུངས་པའོ། །དེ་ཁོ་ ན་ཉིད་ཀྱི་རྣལ་འབྱོར་ཤེས་པར་བྱ་བའི་གདུང་བ་གཅད་པའི་གདམས་པ་སྟེ་བཅུ་གཉིས་པའོ།། །།དེ་ནས་རྣལ་འབྱོར་ཅི་ཏོ་མས། །རྗེ་བཙུན་རི་ཁྲོད་པ་ལ་ཟག་བཅས་ཀྱི་བདེ་བ་ལས་སུ་རུང་བར་བྱ་བའི་ཕྱིར། གདམས་པ་བརྡར་གསུངས་པ། རྟེན་ཅིང་འབྲེལ་པ་དག་ གི་ལས་རྣམས་ནི། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་བྱེད། །དུས་རྣམས་ཀུནྡ་ཟླ་བ་རྒྱས་པ་ཡིན། །མུན་པའི་ཚོགས་རྣམས་ངེས་པར་སེལ་བྱེད་ན། །ཚ་སྒོ་མེད་པའི་ཞིང་པ་དག་གིས་ནི། །འབྲས་བུའི་ནུས་པ་ཡོངས་སུ་སྐྱེད་པར་བྱེད། །འཁོར་ལོ་གཉིས་དང་ རབ་ཏུ་ལྡན་པ་ཡིས། །ཤིང་རྟ་མགྱོགས་པའི་ཤུགས་ཀྱིས་ཕ་རོལ་འགྲོ། །རྟེན་ཐབས་མཁས་པ་རྣམས་ཀྱི་ཆུ་ལུད་ཀྱིས། །ཞིང་པའི་མྱུ་གུ་རབ་ཏུ་རྒྱས་པར་བྱེད། །ཇི་སྲིད་འདབ་མ་མ་རྫོགས་པ་ཡི་བྱ། །དེ་སྲིད་འཇམ་པའི་ཚང་ན་རྟེན་པར་བྱེད། །ཚད་པས་གདུངས་པའི་དུག་ གི་སྦྲུལ་རྣམས་ནི། །བྱ་བ་གཞན་དག་བཏང་ནས་ཙནྡན་སྙེགས། །ཟོ་ཆུ་རྒྱུད་མོ་མཁན་པོ་འདོད་པར་ནི། །ཆུ་རྣམས་ཇི་ལྟར་བསྲིང་པར་བྱེད། །འདི་ནི་ཐུན་མོང་མ་ཡིན་གདམས་པ་སྟེ། །རྟག་ཏུ་བླ་མ་མཆོག་ལ་གུས་པ་དང་། །ཚོགས་བསགས་རྒྱུད་སྦྱངས་ པ་ཡི་སྤྱོད་ཡུལ་ཏེ། །སྐལ་བ་དང་ནི་ལྡན་པས་འབད་པར་བྱ། །ཞེས་གསུངས་ཏེ། དེ་དག་ནི་ཏིང་ངེ་འཛིན་གྱི་གྲོགས་སྟོབས་ཡན་ལག་བརྡར་གསུངས་པ་སྟེ་བཅུ་གསུམ་པའོ།། །།དུར་ཁྲོད་ཆེན་པོ་ཧ་ཧར་སྒྲོགས་པ་ཞེས་བྱ་བར་སློབ་དཔོན་ཆེན་པོ་ཌོམྦི་ཧེ་རུ་ཀས། ཚོགས་ཀྱི་འཁོར་ལོའི་མཆོད་པའི་དུས་སུ། འདུ་བར་འོས་པའི་རྣལ་འབྱོར་པ་རྣམས་ལ་འདི་སྐད་ཅེས་གསུངས་སོ། །རྡོ་རྗེ་སློབ་དཔོན་དུ་གྱུར་པ་རྣམས་ཀྱིས་བབ་ཅོལ་དུ་བདུད་རྩི་ཆུ་བོ་ལྟ་བུའི་གདམས་ངག་མི་བྱ་བར། གདམས་པ་བྲན་ལྟར་རང་དབང་མེད་པའི་མི་ རྣམས་ལ། །རྗེ་བོ་བཞིན་དུ་བདེ་བའི་དུས་སྐབས་མེད། །གཡའ་མ་ཕྱིས་པའི་མེ་ལོང་ངོས་དག་ལ། །བཞིན་ནི་གཟུགས་བརྙན་གསལ་བར་གྱུར་པ་མེད། །རྒྱུ་དང་བྲལ་བའི་གཞུང་དང་འཕོང་མཁན་དང་། །རྩལ་དང་ལྡན་ཡང་སྲིད་མི་བྱེད། །སྣོད་ནང་མ་བཀྲུས་ཤིན་ཏུ་ བཙོག་པའི་ནང་། །རོ་མཆོག་ཟས་བཟང་དག་གིས་འགེངས་པ་མེད། །ཚད་ལྡན་ཞིང་པ་མཁས་པ་དག་རྣམས་ཀྱིས། །དུས་མིན་ས་བོན་འདེབས་པ་ཡོངས་སུ་སྤོང་། །རྐུན་པོ་བློ་གྲོས་གཞན་ལ་གཏམས་པས་ན། །བརྐུས་པར་གྱུར་ཀྱང་སྡུག་བསྔལ་རྟག་ཏུ་སྐྱེས། །གཙུབ་ ཤིང་ཡན་ལག་རྫོགས་པར་མ་གྱུར་པ། །མེ་ནི་འབྱུང་བར་རུང་བ་ནམ་ཡང་མེད། །བག་ཡོད་བློ་ལྡན་མཁས་པ་གང་ཞིག་གིས། །ཞབས་མེད་སྣོད་དུ་བཅུད་རྣམས་བླུགས་མི་བྱེད། །འབྲུ་མར་འབར་བར་མེ་འདོད་སྐྱེས་བུ་ནི། །རྟག་ཏུ་རླུང་རྣམས་གཡོ་བར་བྱེད་ཅིང་གནས། ། དུག་ཅན་སྦྲུལ་ནི་མཁས་པ་དག་རྣམས་ཀྱིས། །མཐོང་བར་མི་འདོད་ཐག་རིང་ཡོངས་སུ་སྤོང་། །ཞེས་གསུངས་པ་སྟེ། དེ་དག་ནི་སློབ་དཔོན་ཌོམྦི་ཧེ་རུ་ཀས་རྡོ་རྗེ་སློབ་དཔོན་དུ་གྱུར་པ་རྣམས་ལ་བདུད་རྩི་ལྟ་བུའི་མན་ངག་སྣོད་མ་བརྟགས་པ་རྣམས་ལ་མི་བསྟན་པ་སྟེ་ བཅུ་བཞི་པའོ།། །།རྗེ་བཙུན་ནཱ་རོ་པས་བླ་མ་གངས་གསེང་པ་ལ། ནོར་བུ་རིན་པོ་ཆེ་ངོས་གཟུང་བའི་གདམས་ངག་བསྟན་པ་ནི། ནང་གི་མུན་པའི་རྒྱ་མཚོ་ཆེན་པོ་རུ། །རིན་ཐང་མེད་པའི་ནོར་བུ་རབ་སྟོར་བས། །ཟེ་མ་ལྔ་དང་རབ་ཏུ་ལྡན་པ་ཡིས། །མཆེ་བ་གཉིས་གཙིགས་ ཕག་པ་ཟོས་པར་འགྱུར། །ལྕགས་སྣ་གསུམ་ལས་བརྡུངས་པའི་རལ་གྲི་ཡིས། །ཕག་པའི་ཤ་དང་རུས་པ་སོ་སོར་དབྱེ། །དེ་ནས་ནོར་བུ་རིན་ཆེན་བཙལ་བར་བྱ། །རྙེད་པར་གྱུར་ན་ཆུ་ཡིས་བཀྲུ། །དེ་ནས་རྒྱལ་མཚན་རྩེ་ལ་ཕྱར་བར་བྱ། །འདོད་པའི་དོན་ལ་གསོལ་བ་གདབ་པས་ འབྱུང་། །དྲི་མ་མེད་པའི་ནོར་བུ་རིན་ཆེན་དེ། །ངེས་པར་ནམ་མཁའི་དཀྱིལ་དུ་སྦ་བར་བྱ། །ནོར་བུ་ལྷུན་པོ་རི་ཡི་རྩེ་ལ་གཞག །ནོར་བུ་མེ་དང་ཆུ་ཡིས་རབ་ཏུ་བཏུལ། །ནོར་བུ་བྱ་ཡི་འདབ་མ་གདགས་པར་བྱ། །ནོར་བུ་ཆུ་བོ་ཆེན་པོའི་གཞུང་ལ་བསྐུར། །ནོར་བུ་མར་མེའི་ངོས་ ལ་བསྟན་པར་བྱ། །ནོར་བུ་སྨྱོན་པའི་ལག་ཏུ་གཏད་ལ་གཞག །ནོར་བུ་མེ་ལོང་ངོས་ལ་བསྟན་ལ་གཞག །ནོར་བུ་རས་བལ་ཕུང་པོའི་སྟེང་དུ་གཞག །ནོར་བུ་རིན་ཆེན་དྲི་ཟའི་གྲོང་དུ་བཅོལ། །ནོར་བུ་རིན་ཆེན་རྒྱལ་པོའི་གཏེར་དུ་སྦ་བར་བྱ། །ནོར་བུ་རིན་ཆེན་མེ་དཔུང་དཀྱིལ་དུ་ སྦ། །ནོར་བུ་རིན་ཆེན་རྐུན་པོའི་ནོར་ཉིད་ཡིན། །ནོར་བུ་རིན་ཆེན་ཤེལ་གྱི་སྟེང་དུ་གཞག །ནོར་བུ་ནོར་ཅན་བསྟན་པའི་ནོར། །ནོར་བུའི་ནོར་ནི་བཙལ་ཞེས་གསུངས་པ་སྟེ། །དེ་དག་ནི་ཡེ་ཤེས་ཀྱི་ནོར་བུ་ངོས་གཟུང་བའི་ཐབས་བརྡར་གསུངས་པའོ། །རང་གི་གཉུག་མའི་དེ་ཁོ་ན་ཉིད་ ཀྱི་ཡེ་ཤེས་ངོས་གཟུང་བའི་གདུང་བ་གཅད་པའི་གདམས་པ་སྟེ་བཅོ་ལྔ་པའོ།། །།སློབ་མ་སྐལ་ལྡན་ཚོགས་བསགས་རིན་ཆེན་ལྟ་བུའི་གང་ཟག་འདི། །དཔག་ཏུ་མེད་པའི་གདམས་ངག་རྣམས་ཀྱིས་རྒྱུད་དག་ཡོངས་སུ་སྦྱངས་གྱུར་ཀྱང་། །གདུང་བ་ཆད་པར་མ་གྱུར་བླ་མ་རྣམས་ ཀྱིས་ཡོངས་སུ་གདུངས་གྱུར་པ། །གདམས་ངག་རྣམས་དང་བླ་མའི་གདུང་བ་གཅད་ཕྱིར་བརྒྱུད་པའི་མན་ངག་བཀོད། །རྗེ་བཙུན་མཆོག་དང་རྡོ་རྗེ་མཁའ་འགྲོའི་ཚོགས་རྣམས་བཟོད་མཛོད་ལ། །དེ་ལས་བྱུང་བའི་དགེ་བ་ཟླ་བ་ལྟ་བུའི་དྲི་མ་མེད་པ་དེས། །འགྲོ་བ་མ་ལུས་ཡིད་ ཀྱི་གདུང་བ་ཡོངས་སུ་གཅད་པར་གྱུར་ནས་ཀྱང་། །ཕྱག་རྒྱ་ཆེན་པོའི་དྲི་མེད་ས་ལ་མ་ལུས་ཡོངས་སུ་རྫོགས་གྱུར་ཅིག །མཁའ་འགྲོ་མའི་གདམས་ངག་སྙན་ནས་སྙན་དུ་བརྒྱུད་པའི་གདུང་བ་གཅད་པའི་གདམས་པ་ཞེས་བྱའོ། །སྤྲུལ་པའི་རྣལ་འབྱོར་པས་ གཞུང་དུ་བཀོད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མུ་དྲཱ་བཛྲ་གཱི་ཏི་ནཱ་མ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ་ཞེས་བྱ་བ། དཔལ་ཤ་བ་རི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ན་མོ་དྷརྨ་ཀཱ་ཡ། མ་ཧཱ་སུ་ཁ་ཡེ། ཀྱེ་ཧོ་གཉིས་མེད་རྡོ་རྗེ་འདི་ལྟར་ཉོན། །གང་ ཞིག་མིག་མེད་པ་ཡིས་ལམ་མཁན་བསྟེན། །བུ་ཆུང་དཔའ་བོ་མ་ལ་རག་ལུས་ཏེ། །མེ་ལོང་བསྟན་པས་བཞིན་གྱི་དཀྱིལ་འཁོར་གསལ། །ངང་པའི་མཆུ་ཡིས་ཆུ་དང་འོ་མ་འབྱེད། །བསྐལ་པའི་མུན་པ་སེལ་བྱེད་སྒྲོན་མེ་སྟེ། །གཏེར་གྱི་བང་མཛོད་འབྱེད་པའི་ལྡེ་མིག་ མཆོག །མི་ཟད་གཏེར་ཆེན་འབྱིན་པའི་རྒྱལ་པོ་བསྟེན། །དབུལ་པོ་བསྟེན་པས་བདག་ཉིད་དབུལ་པོར་འགྱུར། །ནམ་མཁའ་རྒྱ་མཚོ་ཉི་ཟླ་གསུམ་ལྡན་བསྟེན། །ནེ་ཙོའི་ཁ་ཐོན་སྙན་པས་ཅི་ཞིག་ཕན། །འདབ་ཆགས་བུ་ནི་མཁའ་ལ་འཕུར་ན་བདེ། །དུད་འགྲོ་གཡང་ལ་ བསྐྱུར་ན་གསོན་མི་རུང་། །ཉི་ཟླ་གཟའ་བྲལ་སྤྲིན་རླུང་བཏབ་ན་གསལ། །སྤྲིན་སངས་གྱུར་ཀྱང་གཟས་ཟིན་སྣང་བ་མེད། །ཆུ་སྐྱེས་པདྨའི་བཅུད་ནི་བུང་བས་ལེན། །ཤ་སྦྲང་དྲུང་ན་གནས་ཀྱང་དེ་ལྟར་མིན། །ཆུ་ཤེལ་ཆུ་ནི་རྐྱེན་དང་འཛོམ་པ་གཅེས། །སེང་གེའི་འོ་མ་སྣོད་ ངན་ཕལ་པར་མིན། །ཨོཾ་ཨཱཿཧཱུཾ་ཨེ་མ་ཧོ། །སྣང་སྲིད་ཐམས་ཅད་ནམ་མཁའ་ཉིད་ལས་བྱུང་། །ནམ་མཁའ་ཡོད་མེད་ཕྱོགས་རྒྱུ་ཁ་དོག་བྲལ། །ཐོག་མ་བར་དང་ཐ་མ་འགྲོ་འོང་མེད། །འབྱུང་བཞི་རབ་ཏུ་འཁྲུགས་ཀྱང་འགྱུར་མི་སྲིད། །རྐྱེན་གྱིས་དཀར་ནག་སྣང་ཡང་དཀར་ནག་ མེད། །རྒྱ་མཚོ་གཏིང་ཟབ་རྒྱ་ཆེ་སྣ་ཚོགས་འཆར། །དབའ་རླབས་རི་བོ་འདྲ་ཡང་རྒྱ་མཚོའི་ངང་། །ཆབ་རོམ་བྲག་འདྲ་ཆུ་ལས་ཡོང་མ་འདས། །ས་ལ་སྣ་ཚོགས་འཁྲུངས་ཀྱང་ཟད་པ་མེད། །བསྲེགས་བཅད་བདར་ཡང་གསེར་གྱི་ངོ་མི་འགྱུར། །མེ་ནི་ཚ་ཞིང་ཆུ་ནི་རླན་མི་ འབྲལ། །སྤྲུལ་པ་དྲུག་ནི་རབ་ཏུ་རྟོགས་པར་གྱིས། །ནམ་མཁའ་སྟོང་ལས་སྟོང་པ་འབྱུང་བ་སྟེ། །རྐྱེན་གྱིས་མེ་ཆུ་འབྱུང་ཡང་ཤེལ་གྱི་ངོ་མི་འགྱུར། །བཀའ་རྟགས་ཕྱག་རྒྱ་གཉུག་མ་ཞེས་བརྗོད་དོ། །ས་འོག་གསེར་དང་གྱད་ཀྱི་ནོར་བུ་དང་། །དབུལ་པོའི་གཏེར་དང་བུམ་པའི་ མར་མེ་ལྟོས། །ནོར་བུ་རིན་ཆེན་མི་གཙང་འདམ་དུ་བྱིང་། །སྒྱུ་མར་མ་ཤེས་རྒྱལ་པོ་ཨ་ཐང་ཆད། །ཐག་པ་སྦྲུལ་དུ་མཐོང་བས་བརྒྱལ་ནས་ཤི། །མར་མེ་ཉི་མ་དམུས་ལོང་མུན་པར་སྣང་། །མི་གཙང་དྲི་ཟ་ཙནྡན་དྲི་ལ་འབྲོས། །མིག་སྐྱོན་ཅན་གྱིས་ཟླ་བ་གཉིས་སུ་མཐོང་། ། གླང་པོ་བཞག་ནས་གླང་པོའི་རྗེས་ཚོལ་བ། །བུ་ཆུང་མེ་ལོང་གཟུགས་བརྙན་མཐོང་བས་དགའ། །རི་དགས་འཁྲུལ་པ་སྨིག་རྒྱུ་ཆུ་ལ་སྙེག །གསེར་མ་ཤེས་པ་ར་གན་ཕྱེ་མ་འཆང་། །ཀོ་ཆུ་གླང་རྗེས་ཆུ་ནི་མྱུར་དུ་སྐམ། །རྐྱལ་མེད་པ་དག་རྒྱ་མཚོར་ཞུགས་ན་འབྱིང་། །ལམ་མཁན་ མེད་པར་དམུན་ལོང་ལམ་འགྲོ་དང་། །འདབ་གཤོག་མེད་པའི་བྱ་དག་འཕུར་ན་ལྟུང་། །དུག་ལོ་བྲེགས་ནས་བསྒྱུར་ཀྱང་ཅི་ཞིག་ཕན། །མུན་ཁུང་དག་ཏུ་སྒྲོན་མེ་བཏེག་པས་གསལ། །ཐག་པ་གཅིག་ཆོད་མདུད་པ་བརྒྱ་གྲོལ་ཏེ། །ཐག་པ་མེས་ཚིག་དག་གིས་འཆིང་མི་ནུས། ། གསེར་འགྱུར་རྩི་ཡིས་ཟངས་ལྕགས་གསེར་དུ་འགྱུར། །རྨ་བྱས་བཙན་དུག་ཟོས་པས་སྤུ་ཐོག་རྒྱས། །མིག་དང་ལྡན་པས་རྐང་པ་གར་གཞག་ཕྱིན། །དབང་གི་རྒྱལ་པོ་གཅིག་ལ་འདོད་དགུ་རྫོགས། །ཁྱུང་ཕྲུག་གཤོག་རྫོགས་མཁའ་ལ་འཕུར་ན་བདེ། །མར་མེ་བཏེག་ པས་མུན་པའི་ལམ་གསལ་ཞིང་། །ཅང་ཤེས་སྒྲོག་ཏུ་བཅུག་པ་ཕྱེ་བས་གྲོལ། །ངང་པ་ཆུ་ལ་འོ་མ་ལེན་པ་ལྟོས། །དགྲ་སྐུགས་བཙལ་བས་འཇིགས་པ་སངས་ནས་འགྲོ། །ནམ་མཁའ་མ་མཐོང་ནམ་མཁའ་མཐོང་བ་སྟེ། །རྒྱ་དང་རྒྱ་ཡི་འབུར་ནི་ལོག་པར་འབྱུང་། །མར་མེ་ བསད་པས་ལུས་དང་གྲིབ་མ་མེད། །སྒྱུ་མ་བཤིག་པས་འདུ་ཤེས་རྣམ་ལྔ་སྤངས། །ཆུ་ལ་ཆུ་བཞག་དེ་ཉིད་དབྱེར་མེད་འགྱུར། །ནམ་མཁའི་མེ་ཏོག་རི་བོང་རྭ་ཞེས་བྱ། །གཟིངས་ལ་འཕུར་བའི་བྱ་ནི་སླར་ལ་ལྡོག །གང་ཞིག་ཆབ་རོམ་སྤངས་ནས་ཆུ་ཚོལ་བ། །རྒྱུ་རྐྱེན་རྩོལ་ བས་བྱས་པ་རང་འབྱུང་མིན། །དབུལ་པོ་མི་ནོར་རྒྱ་ཡིས་འདེབས་པ་དང་། །ས་བོན་འབྲས་བུ་ཐ་དད་འཛིན་པ་འཁྲུལ། །རྐུན་མ་ངོས་མ་ཟིན་པར་རབ་མདའ་སྦྲེན། །ཀྱེ་མ་འདི་ནི་སྦྲུལ་དང་རིག་སྔགས་མཚོན་ཆ་འདྲ། །རྟ་རྔས་སྦྲུལ་ལ་མདུད་པ་བརྒྱབ་པ་ གྲོལ། །མཁའ་ལ་མདུང་བསྐོར་ལས་ཟིན་སྐྱེས་བུ་བདེ། །ཁྱུང་ཆེན་མཁའ་ལྡིང་ཉམ་ང་འཇིགས་པ་མེད། །རི་མཐོའི་ཁ་ན་ཡུལ་ཁམས་སྣ་ཚོགས་གསལ། །བུ་ཡི་སྡུག་བསྔལ་མ་ཡིས་མཐོང་མི་བཟོད། །རལ་གྲི་ངར་མས་དངོས་པོ་མ་ལུས་གཅོད། །སྨྱོན་པར་གྱུར་ ཀྱང་དུག་ལ་རེག་མི་བྱེད། །བུ་ཆུང་ཡིན་ཡང་གཙུག་གི་ནོར་མི་འབྲལ། །ཨཱཿཨོཾ་ཧཱུཾ། ཨེ་མ་ཧོ། །མེ་དོན་གཉེར་བས་དུ་བ་ཤུགས་ཀྱིས་འབྱུང་། །ནོར་བུ་རྙེད་ན་སོ་ནམ་འབད་མི་དགོས། །མི་གཅིག་སྐྱེས་པས་ཤིང་ལ་འདོད་ལྔ་འབྱུང་། །སྐྱུར་པོ་ཟོས་ན་མཐོང་བས་ཉམས་སུ་མྱོང་། ། སྔར་འདྲིས་མི་དང་ཕྲད་ན་ཐེ་ཚོམ་མེད། །སྐྱེས་བུ་ནམ་མཁས་བཟུང་བ་ཐར་མི་སྲིད། །རྨི་ལམ་སྒྱུ་མའི་མཚོན་གྱིས་གནོད་པ་མེད། །དངུལ་རྡོ་འོ་མ་བུར་ཤིང་ཏིལ་མར་ལྟོས། །ཆུ་ནི་མཐོང་དང་ཐོས་པས་སྐོམ་མི་སེལ། །སྨན་པའི་ངག་མི་ཉན་པའི་ནད་པ་དེ། །ཟས་ནོར་བྱིན་པས་ རང་ཉིད་བཀྲེས་ནས་ཤི། །གཏེར་མཛོད་བགྲངས་པས་རང་གིས་ཐོབ་པ་མེད། །འོན་པ་སིལ་སྙན་ལོང་བ་རི་མོ་མཁན། །བྱིས་པ་མནའ་གཏམ་དམུས་ལོང་ཡུལ་ཁམས་སྟོན། །སྒོ་ང་མ་ཡིས་གབ་ན་བྱེའུ་ཕྲུག་སྨིན། །རྡོ་ལ་བཞུ་བཏུལ་བྱས་ན་རིན་ཆེན་ནོར། །སྦང་མ་མནན་ནས་ བསིངས་པས་གར་ཆང་འབྱུང་། །བུ་ཆུང་གསོས་པས་དཔའ་བོའི་ལས་རྣམས་ནུས། །རྒྱལ་བུ་ཚར་ནས་ཡུལ་ཁམས་དབང་ཐོབ་སྟེ། །མཁའ་ལ་སྤྲིན་དེངས་འཁྱགས་པ་ཆུར་ཐིམ་འགྱུར། །མཁའ་ལྡིང་རྒྱལ་པོ་སྤྲོ་བསྡུ་མེད་པར་གནས། །ཆུ་ནི་མ་རྙོགས་རང་དངས་ཉིད་དུ་ ཞོག །ཇི་ལྟར་མཁས་པས་བ་ལང་སྐྱོང་བ་བཞིན། །བརྟན་གསལ་རྣོ་བ་མར་མེའི་སྙིང་པོ་ལྟོས། །སྒྱུ་མའི་སྐྱེས་བུ་ཆགས་ཞེན་རྩིས་གདབ་མེད། །བྱ་ནི་ནམ་མཁར་རྟེན་མེད་གནས་པར་བྱེད། །ཚོས་མ་རྣམས་ཀྱིས་རས་གོས་དག་པར་བཀྲུ། །མཁར་སྤེ་རྩིག་ན་འགྲམ་གཞི་ ལེགས་པར་ཐིང་། །མ་ཡི་སྡུག་བསྔལ་བུ་ཡིས་མཐོང་བར་གྱིས། །ཡིད་བཞིན་ནོར་བུ་སྤྱི་བོའི་གཙུག་ཏུ་བཞག །ནམ་མཁའ་ལྟ་ན་འཇའ་ཚོན་ལུས་སུ་བསྒྱུར། །དམུ་རྒོད་རྟ་ནི་ཐབས་ཀྱིས་ཟུང་ལ་འཚོས། །རི་གཟར་འབབ་ཆུ་ཡང་ཡང་བརྡབས་ན་དྲུངས། །སྤྲེའུ་ཟིན་ན་ཀུན་ ལ་ཡང་རྩལ་སྦྱང་། །བསགས་པའི་ཡོ་བྱད་ཆགས་མེད་ཀུན་ལ་སྦྱིན། །བྱིང་ཞིང་རྨུགས་ན་འདབ་ཆགས་མཁའ་ལ་སྤུར། །ཡང་ན་བུམ་པ་ཁ་སྦྱོར་རླུང་གིས་ཁོང་། །རྒོད་ན་ཁོང་སྟོང་རྐུན་མ་སྤྲིན་ལ་ལྟོས། །རྒྱ་མཚོའི་དབའ་རླབས་ཆུ་ཟླར་ཤེས་པར་བྱ། །རྐུན་མ་མཐོང་ཞིང་ ཚོར་ན་ལྡོག་པར་ངེས། །རྩ་བ་སྨན་ན་ཐམས་ཅད་སྨན་ཞེས་བྱ། །ནོར་བུ་རིན་ཆེན་ས་ཡི་གཏེར་དུ་སྦ། །ཡང་ན་རི་དྭགས་གར་སོང་དེང་ལ་གསོད། །ལྟོགས་ན་དུག་ལ་སྔགས་ཀྱིས་བཏབ་ལ་བཟའ། །སྙོམས་ལས་བྱིས་པའི་ཉམ་ང་གཡང་ས་ལྟོས། །སྙིང་ལ་གཅེས་པ་དུར་ཁྲོད་ གནས་སུ་སྐྱོལ། །ན་ཚ་བྱུང་ན་རྐྱལ་པ་སྟོང་པར་གྱིས། །དེ་ལ་བུ་ག་ཐོད་ལ་མེས་ཚིག་མེ་ལ་གདུངས། །སྨན་མ་ཞུ་ན་སླར་ཡང་ནད་དུ་འགྱུར། །རྩ་དང་གསེར་གཉིས་འཆིང་བྱེད་ཁྱད་པར་མེད། །ཤེས་པ་འཐུམས་ན་ཡུལ་ཁམས་སྐོར་ཞིང་བལྟ། །རྐང་འགྲོས་བུལ་ན་འོག་རྟ་ རོལ་ལ་སྤོས། །དཔའ་རྩལ་ཞེན་ན་དཔའ་རྩལ་ཀུན་ལ་སྦྱང་། །མེ་དོན་གཉེར་བས་གཙུབ་ཤིང་དྲག་ཏུ་གཙུབས། །རི་བོ་མི་བསྐྱོད་ཆུ་བོ་རྒྱུན་ཆད་མེད། །གསེར་གླིང་ཕྱིན་ནས་ས་རྡོ་བཙལ་མི་རྙེད། །ཤིང་བྲལ་འདབ་མ་ཤིན་དུ་ཡང་ལ་སོགས། །ཡིད་བཞིན་ནོར་བུ་ཡོད་ན་དགོས་ འདོད་འབྱུང་། །ཨཱཿཨོཾ་ཧཱུཾ། ཨེ་མ་ཧོ། །བྱ་འཕུར་ནམ་མཁའ་དག་ལས་མི་འདའ་སྟེ། །སྣ་ཚོགས་ནོར་བུ་ཚོན་གྱི་ཁ་དོག་སྣང་། །གསེར་དང་གསེར་གྱི་རྒྱན་ལ་འགྱུར་བ་མེད། །འདམ་སྐྱེས་པདྨ་འདམ་གྱིས་མི་གོས་སོ། །གང་དག་འཇིགས་སར་སྐྱེལ་མ་སངས་ནས་འགྲོ། །རྒྱལ་ པོ་གང་ཞིག་རྒྱལ་སྲིད་བོར་ནས་འཁྱམ། །སུམ་ཅུ་རྩ་གསུམ་ཐོས་པ་ནེ་ཚོའི་ཆོས། །ཆུ་ལ་མར་ཁུ་བླུགས་པས་འདྲེས་པ་མིན། །བྱ་རྒོད་རྙིས་ཟིན་གླང་ཆེན་འདམ་དུ་བྱིང་། །ནོར་བུ་རིན་ཆེན་ལུང་ཁུང་དག་ཏུ་བོར། །རྒྱལ་བློན་འཛོམ་ན་རྒྱལ་སྲིད་མངའ་ཐང་འཕེལ། །མིག་དང་ རྐང་པར་ལྡན་པས་དོན་སར་ཕྱིན། །དཔའ་བོའི་གོ་མཚོན་བློན་པོ་བཀའ་རྟགས་ཁྱེར། །རྩིས་མེད་སྨྱོན་པ་ཞེན་མེད་བུ་ཆུང་དང་། །རྟོག་མེད་ཕྲག་དང་གླང་ཆེན་ཆུར་འཇུག་ལྟོས། །ཕྲག་རྒོད་རྣམས་ནི་དུག་སྦྲུལ་མི་གཏོང་ཟ། །དབུལ་པོ་རིན་ཆེན་རྒྱལ་པོའི་ མཁར་དུ་སྦ། །གསོ་སྦྱོང་སྤྱད་རྣམས་རིག་པ་མདའ་ཡིས་བསྣུན། །ཡུལ་ཁམས་ཀུན་གྱི་དགྲ་རྣམས་སྲིད་དུ་གཅད། །དཔའ་བོ་གང་ཡིན་དེ་ཡིས་དགྲ་རྣམས་འདུལ། །མཁའ་ལྡིང་རྒྱལ་པོ་ཕྱེ་ལེབ་སྤྱོད་ཡུལ་མིན། །རིགས་ངན་རྒྱལ་པོ་ཝ་ཡིས་སེང་ལྤགས་གྱོན། །ནགས་ ལ་མེ་མཆེད་གདོང་དུ་གར་བབ་སྲེག །མེ་འབར་བ་ལ་རླུང་གིས་བསྐྱོད་ན་འབར། །རིན་ཆེན་སྣོད་སྦྱར་མི་གཙང་ཕྱིས་པ་སངས། །སྨྱོན་པ་བུ་ཆུང་ཁྱི་ཕག་སེང་གེ་བཞིན། །ཨཱཿཨོཾ་ཧཱུཾ། ཨེ་མ་ཧོ། །ཆུ་རྣམས་ཐམས་ཅད་རྒྱ་མཚོ་ཆེན་པོར་གཅིག །གང་ཞིག་ལྟོགས་པའི་དུས་སུ་ ཟས་སྟེར་བ། །ནད་རྣམས་གསོ་བ་སྨན་པའི་རྒྱལ་པོ་སྟེ། །ཆུ་བོ་ཆེན་པོ་སྒྲོལ་བའི་མཉེན་པ་མཆོག །གནོད་པའི་དགྲ་རྣམས་འདུལ་བའི་དཔའ་བོ་སྟེ། །དགེ་བཤེས་རྒྱལ་པོ་ཕྱོགས་མེད་ཀུན་ལ་སྙོམས། །མཁས་པ་དག་གིས་འཇའ་ཚོན་བལྟ་བར་བྱ། །གནད་དུ་བསྣུན་པའི་ ཚོར་བ་སྤངས་པ་མེད། །བུང་བ་མེ་ཏོག་དག་ལ་ཆགས་ཞེན་བྲལ། །ཉ་ནི་རྟག་ཏུ་ཆུ་ལས་ཡོང་མི་འདའ། །རྩི་སྨན་ཡོད་ཀྱང་དུག་ལ་རེག་མི་བྱེད། །ཇི་ལྟར་ཕྱུག་པོ་སོ་ནམ་བྱེད་པ་ལྟོས། །སེང་གེའི་འོ་མ་ལྐུགས་པའི་ཁ་བཞིན་བསྡམ། །སྨྱོན་པས་རང་གི་སྙིང་ལ་མཚོན་ བསྣུན་དང་། །གཤེད་མས་ཟིན་པའི་ཆད་པས་བཅད་པའི་མི། །ས་བོན་རུལ་པ་མྱུ་གུ་ཡོང་མི་སྐྱེ། །ཚེ་ལོ་སུམ་ཅུ་ཉི་ཤུ་བཅུ་པ་བཞིན། །གང་ཞིག་ཡེ་ཤེས་ཉི་མ་ཤར་ནས་ནུབ། །དབུལ་པོས་ནོར་བུ་རིན་ཆེན་རྙེད་ནས་བོར། །གང་དག་ཅང་ཤེས་རྟ་ལ་ཞོན་ནས་འབབ། །ཇི་ ལྟར་དབུལ་པོའི་ནོར་བུ་རྒྱལ་པོས་ཕྲོགས། །ཡིད་བཞིན་ནོར་བུ་མཆོད་ན་དགོས་འདོད་འབྱུང་། །དངུལ་དཀར་མེ་ལོང་ཡང་ཡང་ཕྱིས་ན་གསལ། །བརྒྱ་བྱིན་ལྷ་ཡི་ལོངས་སྤྱོད་འབད་པ་མེད། །མེ་ཏོག་པདྨ་བུང་བའི་ཚོགས་རྣམས་འདུ། །ཨཱཿཨོཾ་ཧཱུཾ། ཨེ་མ་ཧོ། །པོ་ཏ་ལ་ལ་ ནམ་ལངས་ཉི་ཤར་མཉམ། །འཇིམ་པའི་ལོགས་ལ་བཏབ་པའི་བདེ་གཤེགས་སྐུ། །མྱུ་གུ་མེ་ཏོག་འབྲས་བུ་རིམ་གྱིས་སྨིན། །དབང་པོ་སྐྱོན་དང་བྲལ་ན་གཟུགས་རྣམས་མཐོང་། །ཤེལ་གོང་དྲི་མ་མེད་པའི་ཕྱི་ནང་གསལ། །སྒྱུ་མ་མཁན་གྱིས་མཁས་པ་སྣ་ཚོགས་སྟོན། །རྡོ་རྗེ་ ཕ་ལམ་གང་གིས་གཞོམ་པར་མིན། །ཡིད་བཞིན་ནོར་བུས་མི་མཐུན་གནོད་པ་སེལ། །སེང་གེ་མངལ་རྒྱ་ཁྱུང་ཕྲུག་གོང་རྒྱ་བྲལ། །མཁའ་ལ་ཉི་ཤར་འོད་ཟེར་ཕྱོགས་བཅུར་ཁྱབ། །སྲིན་བུ་བུང་བ་གནས་གྱུར་མཁའ་ལ་འཕྱོ། །ཡིད་བཞིན་ནོར་བུ་རྟོག་མེད་དགོས་འདོད་འབྱུང་། ། རང་གིས་གྲིབ་མ་མཐོང་བས་འབྲོས་པ་དང་། །རི་དགས་སྨིག་རྒྱུ་རྙེག་པ་ནོར་བ་སྟེ། །དགྲ་ལ་ཟིན་དུ་མཐོང་ན་ངེས་པར་གསོད། །འཁྱག་པའི་རང་བཞིན་ཆུ་རུ་ཤེས་པར་བྱོས། །ཉི་ཟླའི་ངོས་ལ་འཆར་ནུབ་གསལ་འགྲིབ་མེད། །རིན་ཆེན་བྱི་དོར་བྱས་ན་དགོས་འདོད་འབྱུང་། །ཨེ་ མ་ཧོ། །དེ་ལྟར་བསྟན་པའི་དོན་དེ་ཐམས་ཅད་ཀྱང་། །རང་བཞིན་ལས་དང་འབྲས་བུ་གསུམ་དུ་གནས། །གཞི་ལ་ཆོས་སྐུ་ལྷུན་གྱིས་གྲུབ་པ་ན། །དེ་ཕྱིར་སྐུ་གསུམ་ལྷུན་གྱིས་གྲུབ་པར་གནས། །རང་བཞིན་སྟོང་པ་རྣམ་པར་ཐར་པའི་སྒོ། །ལམ་ནི་མཚན་མེད་རྣམ་པར་ཐར་པའི་ སྒོ། །འབྲས་བུ་སྨོན་མེད་རྣམ་པར་ཐར་པའི་སྒོ། །སྒོ་གསུམ་ཕྱེད་པས་སྐུ་གསུམ་ཞལ་མཐོང་འགྱུར། །འོན་ཀྱང་ཐམས་ཅད་བརྫུན་པའི་རང་བཞིན་ལ། །དོན་ལ་ཆེད་དུ་བྱ་བ་ཅི་ཡང་མེད། །ཤིན་ཏུ་གསང་བ་རྡོ་རྗེའི་ཚིག་འདི་དག །ཁྱོད་ཀྱིས་ཡེ་ཤེས་རིག་པས་རྟོགས་པར་གྱིས། ། དཔལ་ཤ་བ་རི་དབང་ཕྱུག་དང་། མཁའ་འགྲོ་མ་ཡེ་ཤེས་ཀྱི་སྤྱན་མ་དང་། པདྨའི་སྤྱན་གྱི་ཞལ་སྔ་ནས་སྙིང་པོའི་དོན་མགུར་དུ་བཞེངས་པ་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ་བརྡ་བརྒྱུད་གསང་བའི་སྒྲོན་མ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་གཱི་ཏི། བོད་སྐད་དུ། རྡོ་རྗེའི་གླུ། བཅོམ་ལྡན་འདས་འཇམ་དཔལ་ལ་ཕྱག་འཚལ་ལོ། །རྣམ་པར་རྟོག་པའི་གདོན་ཆེན་པོས། །ཟིན་པར་གྱུར་པའི་སྨྱོན་པ་དག །རྡོ་ཤིང་སོགས་ལ་གསེར་དུ་མཐོང་། །དེ་ལ་རིན་ཆེན་གསེར་ཡོད་མིན། །རྣམ་རྟོག་གདོན་གྱི་རྗེས་འབྲངས་ནས། །སྐད་ཅིག་སྐད་ཅིག་ བཅིངས་པར་འགྱུར། །ཤེས་རབ་སྙིང་བརྩེར་བཅས་པ་ཡི། །དེ་གཞོམ་པ་ལ་འབད་པར་གྱིས། །སློབ་དཔོན་ཆེན་པོ་ནཱ་རོ་པའི་རྡོ་རྗེའི་གླུ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་གཱི་ཏི། བོད་སྐད་དུ། རྡོ་རྗེའི་གླུ། བཅོམ་ལྡན་འདས་འཇམ་པའི་ རྡོ་རྗེ་ལ་ཕྱག་འཚལ་ལོ། །རྣམ་རྟོག་སྦྲུལ་གདུག་གཡོ་ཅན་གྱིས། །ཟིན་པར་གྱུར་ཏོ་རང་གི་སེམས། །ཇི་ལྟ་ཇི་ལྟར་རྣམ་རྟོག་པ། །དེ་ལྟ་དེ་ལྟར་རྣམ་པར་བཅིངས། །དོན་མེད་སྡུག་བསྔལ་མང་པོ་མྱོང་། །འཁྲུལ་པའི་རྗེས་སུ་འབྲངས་པ་ཡིས། །འཁྲུལ་པ་སྤངས་པར་མི་ འགྱུར་ཏེ། །དཔའ་བོ་སྙིང་རྗེར་ལྡན་པ་ཡིས། །དེ་བཞིན་ཉིད་ལ་གོམས་པར་གྱིས། །ཇི་ལྟ་ཇི་ལྟར་རྣམ་དཔྱད་ན། །དེ་ལྟ་དེ་ལྟར་རྣམ་པར་འབྲལ། །ཤེས་རབ་སྦྲུལ་གདུག་མགོ་མང་གིས། །བདག་ཉིད་ལ་ནི་ཟ་བར་བྱེད། །ཤེས་རབ་སྦྲུལ་གདུག་མགོ་མང་ནི། །ཏིང་འཛིན་འོ་མས་རྟག་ཏུ་ གསོས། །རྣམ་རྟོག་ནེའུ་ལེ་གསོད་པར་བྱེད། །ཤེས་རབ་སྦྲུལ་མགོ་བརྒྱ་པ་ཡིས། །ནཱ་རོ་པ་ལ་རྟག་ཏུ་ཟ། །དེ་ནི་སུ་ཡིས་ཤེས་པ་ཡིན། །ནཱ་རོ་པ་ནི་ཉིད་ཀྱིས་ཤེས། །ནཱ་རོ་པ་ནི་ཉིད་ལ་དྲིས། །མ་ཧཱ་ཡོ་ག་ནཱ་རོ་པའི་རྡོ་རྗེའི་གླུ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་གཱི་ཏི། བོད་སྐད་དུ། རྡོ་རྗེའི་གླུ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཇི་ལྟར་ན་ང་། དེ་ལྟར་ན་ཁྱོད། ཐ་དད་པར་བྱེད་པ་རྣམ་པར་རྟོག་པ། བདུད་རྩིའི་རྒྱ་མཚོ་ལས་སྦྲུལ་འོངས། ཆོམ་རྣམ་པར་རྟོག་པ། རྡོ་རྗེའི་གླུ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་གཱི་ཏི། བོད་སྐད་དུ། རྡོ་རྗེའི་ གླུ། དཔལ་རྡོ་རྗེ་གདན་པ་ལ་ཕྱག་འཚལ་ལོ། །སྨྲའོ། །ནག་པོ་པའི་ཡིད་གང་དུ་ཡང་མི་གནས་པར་ཐམས་ཅད་ཅ་ལེ་ཅོལ་ལེར་སྣང་ངོ་། །སློབ་དཔོན་ནག་པོ་ཞབས་ཀྱིས་རྡོ་རྗེའི་གླུ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙ་ཏུར་ཤཱི་ཏི་བ་བོ་དྷཱ་