Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 52

Văn bản gốc(Tây Tạng)

Trang 2 / 19 (50.000 ký tự/trang)
 གང་ཡང་རྡོ་རྗེ་འཆང་གིས་གསུངས་པའི་ཆོས་ཐམས་ཅད་སྟོང་པ་དང་། ཞི་བ་དང་། བདག་མེད་པ་ཉིད་ཉམས་སུ་མྱོང་ཞིང་། གཞན་ལ་ཡང་ཚིག་གིས་མཚོན་པར་བྱེད་ཅིང་སྟོན་པར་བྱེད་པ་དག་གི་རྣལ་
འབྱོར་པ་ནི་ཁོ་བོ་འགོག་པར་མི་བྱེད་དོ། །ཐེག་ཆེན་ཤིན་ཏུ་ཡངས་པ་ལས། །ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་སྟོན་པར་བྱེད་པ་རྣལ་འབྱོར་ཆེན་པོའི་རྒྱུད་དོ། །རྒྱལ་བ་མཆོག་ཅེས་པ་ནི། རྡོ་རྗེ་འཆང་རྣམས་སོ། །སྔོན་
གསུངས་པ་ཞེས་པ་ནི་ལྷན་ཅིག་སྐྱེས་པའོ། །འདི་ལྟར་གཅིག་པུ་ཉིད་ཀྱིས་ཞེས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་རྟོག་པའི་དྲི་མས་དབེན་པའི་ཏིང་ངེ་འཛིན་འདི་གཅིག་པུ་ཉིད་ཀྱིས་སོ། །ཡང་དག་རྫོགས་པའི་བྱང་ཆུབ་མཆོག །ཕྱག་ན་རྡོ་རྗེའི་
རིམ་པས་འོངས། །ཞེས་པ་ནི་གསང་བའི་བདག་པོའི་སྤྲུལ་པ་ལས་བརྒྱུད་དེ་གོང་དུ་བསྟན་པ་ཉིད་དོ། །རྣ་བ་ནས་ནི་རྣ་བར་རྙེད། །ཅེས་པ་ནི། བླ་མ་གཅིག་ནས་གཅིག་ཏུ་རྣ་བ་ནས་རྣ་བར་བརྒྱུད་པ་ཡིན་ཞིང་། གཞུང་གི་ཚོགས་ནས་མི་རྙེད་ཅེས་བྱ་བའི་དོན་ཏོ། །
གང་ལ་བྱང་ཆུབ་གཞུང་གནས་པ། །བླ་མ་དེ་ཡིས་འགྲོ་བ་སྒྲོལ། །ཞེས་བྱ་བ་ནི་གང་ཡང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ནམ་མཁའ་མཛོད་ཀྱི་གཏེར་གྱི་ཏིང་ངེ་འཛིན་གྱི་གཞུང་གང་ལ་གནས་པའི་བླ་མ་ཆེན་པོ་དེས་སྐྱེ་བོ་སྐལ་བ་དང་ལྡན་པ་རྣམས་གྲོལ་
བར་ནུས་ཀྱི། གཞན་དུ་ཚིག་ཙམ་དང་ཀུན་དུ་བརྟགས་པས་མི་གྲོལ་ཞེས་བྱ་བའི་དོན་ཏོ། །བསྒོམ་བྱ་སྒོམ་བྱེད་འབྲེལ་པའམ། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་བསྒོམ་པར་འདོད་པ་རྣམས་ཀྱིས་ཀྱང་བསྒོམ་པར་བྱ་ཞེའམ། བསྒོམ་པ་པོ་ཞེས་ནི་ནམ་དུ་ཡང་བརྟག་པར་

མི་བྱའོ་ཞེས་པའི་དོན་ཏོ། །ཡང་དང་ཡང་དུ་བརྟགས་པ་ནི། །ཞེས་པ་ནི་གདན་དང་ས་བོན་དང་མཚན་མ་ལ་སོགས་པའམ། རྩ་འམ། ཐིག་ལེ་འམ། རླུང་གི་གོང་བུ་འམ། སྒྲ་འམ། ཟླ་བའི་དུམ་བུ་འམ། ལྟེ་བར་མེའི་གཟུགས་ལ་སོགས་
པ་ཡང་དང་ཡང་དུ་བརྟག་པར་མི་བྱའོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་མི་བརྟག་སྙམ་པ་ལས། །རྟོག་པ་བསྒོམ་པའི་བདག་ཉིད་ཀྱིས། །དངོས་གྲུབ་དོན་དུ་སྒྲུབ་པའི་ཐབས། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་འཆང་ཆེན་པོའི་གནས་ཀྱི་དངོས་གྲུབ་འདོད་པ་གང་དག་ཡིན་པ་དེ་
དག་གིས་ཀུན་བརྟགས་པའི་རྣལ་འབྱོར་གྱིས་རྡོ་རྗེ་འཆང་གི་གནས་ལ་རེག་པ་མེད་དེ་བརྟགས་པ་ཡིན་པའི་ཕྱིར་རོ། །གང་ཡང་གནས་དེ་ནི་མ་བརྟགས་པ། འདུས་མ་བྱས་པ། རྒྱུ་རྐྱེན་གྱིས་མ་བསྐྱེད་པ། རྡོ་རྗེ་ལྟར་གཞིག་ཏུ་མེད་པའི་ཕྱིར་རོ། །དེ་བས་ན་དེའི་ཕྱིར།
དེ་ཀུན་རྟག་ཏུ་རྣལ་འབྱོར་པས། །དོར་བ་ཉིད་དུ་ཡོངས་སུ་བརྟག །ཅེས་བྱ་བ་སྨོས་སོ། །བརྟག་པའི་བདག་ཉིད་ཀྱི་ཏིང་ངེ་འཛིན་གང་ཡིན་པ་དེ་དག་ཡོངས་སུ་སྤངས་ཞེས་བྱའོ། །དེ་བཞིན་དུ་ཡང་ཞེས་པ་ནི་མདོར་བསྡུས་པའི་ཚུལ་ལོ། །ཇི་སྲིད་ཇི་སྲིད་རྣམ་རྟོག་པ། །དེ་སྲིད་
ཐམས་ཅད་ཀུན་ནས་བརྫུན། །ཞེས་བྱ་བ་ནི་མདོར་ན་ཇི་སྲིད་དུ་རྣམ་པར་རྟོག་པ་ཡིན་པ་དེ་སྲིད་དུ་བརྫུན་པ་དང་། སླུ་བའི་ཆོས་ཅན་ཡིན་པས་སྤང་ཞེས་པའོ། །མི་འགྱུར་བའི་ཆོས་ཅན་གང་ཡིན་ཞེ་ན། གང་ཞིག་དེ་ཉིད་མ་བརྟགས་པས། །དེ་བཞིན་ཡང་དག་དེ་བདེན་
པ། །ཞེས་བྱ་བ་སྨོས་ཏེ་གང་ཞིག་སྟེ་ཏིང་ངེ་འཛིན་གང་ཞིག་མ་བརྟགས་པ་དང་། མ་བཅོས་པ་དང་། བཙལ་བ་ཐམས་ཅད་དང་བྲལ་བ་དེ་ནི་བདེན་པ་དང་། བརྟག་པ་དང་། བརྟན་པ་དང་། གཞིག་ཏུ་མེད་པའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདི་སྐད་དུ། གང་དག་
སྟོང་ཉིད་མི་ཤེས་པ། །དེ་དག་མྱ་ངན་འདས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་སྟོང་ཉིད་ཤེས་པར་བྱ། །ཞེས་གསུངས་པ་དང་། གཞན་ཡང་། མ་བཅོས་ལམ་ལ་གནས་ན་ནི། །ཐམས་ཅད་བྱས་ཀྱང་གྲོལ་འགྱུར་ཞིང་། །ཞེས་བྱ་བ་ལ་

སོགས་པ་རྒྱ་ཆེར་གསུངས་སོ། །དེ་བས་ན་དེའི་ཕྱིར་སེམས་ཀྱི་ཀུན་དུ་རྟོག་པ་ཁོ་ན་བདུད་ཡིན་ལ་དེ་དང་བྲལ་བས་སངས་རྒྱས་སུ་ཤེས་པར་བྱའོ། །རྟེན་འབྲེལ་ལས་སྐྱེད་སྐད་ཅིག་མ། །ཞེས་བྱ་བ་ནི། བྱིས་པ་གང་དག་སྐྱེས་པ་དང་མི་མོ་ལས་བྱུང་བ་ཉིད་དངོས་གྲུབ་ཏུ་
འདོད་དེ། དེ་ནི། ཁ་ཅིག་དངོས་གྲུབ་དབང་གཉིས་སྐྱེས། །ཞེས་བྱ་བ་ཡིན་ཏེ། ཐུགས་རྡོ་རྗེ་ཆེན་པོ་མངའ་བའི་སངས་རྒྱས་རྣམས་ཀྱིས་མ་འོངས་པའི་དུས་ཀྱི་སྐྱེ་བོ་འདུལ་བར་དཀའ་བ་འདོད་ཆགས་ཀྱི་དབང་དུ་གྱུར་པ་རྣམས་ལ་དཔེའི་ཡེ་ཤེས་དང་མཚོན་པར་བྱེད་པ་དང་
བྲིད་པར་གསུངས་པ་ཁོ་ན་མཆོག་དང་། དམ་པ་དང་། གཙོ་བོ་དང་། ཁྱད་པར་འཕགས་པར་འཛིན་པར་བྱེད་དེ། དེ་ནི་གནས་ཕྱི་མ་ཕྱི་མའི་དབང་གིས་སྤང་པར་བྱའོ་གསུངས་སོ། །གང་ཡང་དཔེའི་ཡེ་ཤེས་དེ་ཡང་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་ལས་ཀྱི་དང་པོར་
གཏོགས་པ་རྣམས་ཀྱིས་དཔེའི་ཡེ་ཤེས་བརྟེན་པར་མ་གྱུར་གྱི་བར་དུ་བླ་མ་དམ་པ་རྣམས་ཀྱི་ཞལ་ལས་རྟོགས་པར་བྱ་ཞིང་། སྤང་བར་ཡང་མི་བྱ་ལ། གང་ཞིག་ཡོངས་སུ་ཤེས་པའི་རྗེས་ལ་སྤང་བར་བྱ་ཞེས་གསུངས་སོ། །གཞན་ཡང་འདི་ན་གང་དག་ལམ་འདི་ལ་སྨོད་ཅིང་
སྐུར་པ་དག་ཀྱང་ཕྱི་མིའི་དུས་སུ་འབྱུང་བར་གསུངས་ལ། དེ་དག་ལ་ཇི་སྐད་དུ། ཙཀྲ་སམྦྷ་རའི་རྒྱུད་ལས་གདམས་པ་བསྟན་ཏེ། ཟབ་མོའི་ཆོས་འདི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །ཞེས་པ་གསུངས་
སོ། །དེ་བས་ན་མཚོན་པའི་ཡེ་ཤེས་བྱ་བ་ཡིན་གྱི། དེ་དངོས་གྲུབ་ཏུ་མི་ལྟ་ཞིང་མཆོག་ཏུ་མི་གཟུང་ངོ་། །བྱིས་པ་ཡུན་རིང་རྒན་སོགས་ཀྱིས། །འབད་པ་ཡིས་ནི་ཐོབ་མི་འགྱུར། །ཞེས་བྱ་བ་ལ་ལྷན་ཅིག་སྐྱེས་པ་དེ་ཉིད་ལས་གཞན་པ་སྤྲོད་པ་ལས་བྱུང་བ། ཁམས་ཐམས་ཅད་
ཟད་པར་བྱེད་པ། མཆོག་གི་དངོས་གྲུབ་ཀྱི་དོན་དུ་བསྐལ་པ་དཔག་ཏུ་མེད་པའི་ཡུན་དུ་བྱིས་པ་དང་རྒན་པོ་ཁ་ཅིག་གིས་བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཏེ། འབད་པར་བྱས་ཀྱང་འགྲུབ་པར་མི་འགྱུར་ཞེས་པའི་དོན་ཏོ། །རྒྱུ་དང་བཅས་པའི་སྐད་ཅིག་མ། །ཞེས་བརྟག་

པའི་རྣལ་འབྱོར་ཐམས་ཅད་ཀྱི་རྒྱུ་ལ་རག་ལུས་པས་སྐད་ཅིག་པ་སྟེ། མི་བརྟེན་ཞེས་བྱའོ། །འཁྲུལ་དང་རྣམ་པར་འཁྲུལ་འདྲ་བ། །ཁ་ཅིག་ལོངས་སྤྱོད་རྫོགས་པའི་གཞུང་། །ཞེས་བྱ་བ་འདི་ནི་ཐེག་པ་ཆེན་པོ་ལ་ཁ་ཅིག་ཆོས་ཐམས་ཅད་སྒྱུ་མ་
དང་རྨི་ལམ་དང་མིག་ཡོར་ཞེས་ཟེར་ཡང་རྨི་ལམ་དང་མིག་ཡོར་ཉིད་ཀྱང་ཇི་ལྟ་བ་བཞིན་རྟོགས་པ་མེད་ན། ཆོས་ཐམས་ཅད་སེམས་ཙམ་མོ་ཞེས་སེམས་ཉིད་གཟུང་བ་དང་འཛིན་པས་ཀུན་ནས་སྟོང་པ་ཉིད་ཅེས་ཚིག་ཏུ་བརྗོད་ལ་ཀུན་དུ་རྟོགས་པ་ནི་མེད་དོ། །ཁ་ཅིག་
ཆོས་ཐམས་ཅད་སེམས་ཙམ་སྟེ། གཟུང་བ་དང་འཛིན་པས་སྟོང་པའི་སེམས་སྟོན་ཀའི་ཉི་མ་ཕྱེད་པའི་ནམ་མཁའ་དྲི་མ་མེད་པ་ལྟ་བུ་ཁོ་ན་བསྒྲུབ་པར་བྱ་བར་འདོད་དེ། དེ་ལྟར་བརྗོད་པའི་རིམ་པ་དེ་ནི། ལྷན་ཅིག་སྐྱེས་པར་དེ་མི་བརྗོད། །ཅེས་བྱ་སྟེ་རྣམ་པར་ཤེས་
པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་གསུངས་པའི་ཕྱིར་རོ། །ལྟེ་བའི་དབུས་སུ་འཁོར་ལོ་མཆོག །དེ་དབུས་གཟི་བརྗིད་གཟུགས་ཅན་ནི། །སྒྲུབ་པ་པོ་ཡིས་རྟག་བསྒོམས་པ། །ཞེས་བྱ་བ་ནི། བྱིས་པ་དག་སྤྲུལ་པའི་འཁོར་ལོ་ཞེས་བྱ་
བར་ཉི་མ་དང་ཟླ་བ་ཀུན་དུ་ཁ་སྦྱར་བའི་དབུས་སུ་ཨཱ་ལི་དང་ཀཱ་ལིས་ཀུན་ནས་བསྐོར་བའི་དབུས་སུ་མེའི་གཟུགས་ཅན་གྱི་ཤེས་རབ་བསམས་པ་ལས། དཀར་པོ་འཛག་པ་ལས་ཤེས་རབ་ཏུ་འདོད་དེ། དེ་ཡང་རྟོག་པས་བརྟག་པའི་ཕྱིར། །ལྷན་ཅིག་སྐྱེས་པ་དེར་མི་བརྗོད། །
ཅེས་བྱའོ། །སྤྱི་བོར་གནས་པའི་འཁོར་ལོ་ཆེ། །ཞེས་བྱ་བའི་བདེ་བ་ཆེན་པོའི་འཁོར་ལོའོ། །དེ་ལ་རེག་དང་བདེ་བ་འབབ། །ཅེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་གནས་པའི་བྱང་ཆུབ་སེམས་ཀྱིས་གང་བའི་རྩ་ཧཾ་ཐུར་དུ་བལྟས་པ་ལྟ་བུ་ཙཎྜ་ལིའི་མིང་ཅན་གྱི་མེས་
རེག་པ་ན་བདེ་བ་འབྱུང་སྟེ། དེ་ཡང་། བྱ་བའི་རབ་ཏུ་སྦྱོར་བས་ཐོབ། །ཅེས་བྱ་བ་སྨོས་ཏེ། ཁ་མིག་ལ་སོགས་པ་ཀརྞ་བཅིང་པའི་སྦྱོར་བས་རླུང་དང་མེ་སྦར་ལ་དེས་འཛག་པར་བྱེད་ཅེས་བྱ། དེ་ཡང་འཇིག་རྟེན་པའི་སྤྱོད་པ་ཉིད་ཡིན་པས། ལྷན་ཅིག་སྐྱེས་པ་དེར་མི་

བརྗོད། །ཅེས་བྱ་སྟེ། བརྗོད་བྲལ་ལྷན་ཅིག་སྐྱེས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །སྲོག་གི་རླུང་ནི་འགོག་པ་ཡིས། །སྣ་ཡི་རྩེ་མོར་རབ་གཞུག་བྱ། །ཞེས་གསུངས་པ་ནི། རླུང་གི་རྒྱུན་རིམ་གྱིས་བགྲང་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཀུན་རྫོབ་ཀྱི་སྣ་རྩེར་རླུང་
གི་གོང་བུའི་ཚུལ་དུ་འཇུག་པར་བྱེད་པས། དེ་འགོག་པ་ཡིས་གང་ཐོབ་པ། །ཅེས་བྱ་བ་དེ་ལྟར་རླུང་ཞུགས་པ་ན་དུས་ཅུང་ཟད་ཙམ་གསལ་ཞིང་གནས་པ་ལ་བྱིས་པ་ཤེས་རབ་ཆུང་བ་ཅན་རྣམས་དངོས་གྲུབ་ཏུ་འདོད་དེ། དེས་ནི་ཕྱིས་ཡང་སླར་ཞིང་འབྱུང་བའི་ཕྱིར། །ལྷན་ཅིག་
སྐྱེས་པ་དེར་མི་བརྗོད། །ཅེས་སྨོས་པ་སྟེ། གང་ཡང་གནས་མིན་ལྷན་ཅིག་སྐྱེས། །ཞེས་གསུངས་པའི་ཕྱིར་རོ། །ཐུར་སེར་རླུང་ནི་འགོག་པ་ཡིས། །ལུས་ནི་རྟས་པར་བྱས་པ་ཡིས། །ཡང་ནས་ཡང་དུ་གོམས་པར་བྱེད། །ཅེས་བྱ་བས། དེ་ལས་སྲོག་གི་རླུང་
དང་ཐུར་སེལ་དང་། །མེ་དང་མཉམ་དུ་གནས་པ་དང་། །གྱེན་དུ་རྒྱུ་དང་ཁྱབ་བྱེད་དང་། །རྒྱུ་དང་རྣམ་པར་རྒྱུ་བ་དང་། །ཡང་དག་རྒྱུ་དང་རབ་རྒྱུ་དང་། །ངེས་པར་རྒྱུ་བ་ཞེས་བྱ་སྟེ། །རླུང་ནི་རྣམ་པ་བཅུ་རུ་འདོད། །ཅེས་གསུངས་ལ། དེ་ཡང་ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་ནི་
འདོམས་ན་གནས་ལ་དེ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཡིན་ཏེ། གང་ཡང་རླུང་དེའི་རྒྱུ་བ་དྲག་ཤུལ་གྱི་སྦྱོར་བས་འགེགས་པར་བྱེད་ཅིང་ལུས་སྡུག་བསྔལ་བར་བྱེད་པ། ཡང་ནས་ཡང་དུ་གོམས་པར་བྱེད་དེ། དེ་ཡང་དུས་མ་ཡིན་པར་ཚེའི་དུས་བྱེད་པར་
འགྱུར་བས། ལྷན་ཅིག་སྐྱེས་པ་དེར་མི་བརྗོད། །ཅེས་སྨོས་ཏེ། ཐོག་མར་དགེ་བ་མ་ཡིན་པའི་ཕྱིར་རོ། །མཉམ་གནས་ཆེད་བརྗོད་བརྒྱད་རྣམས་ཀྱིས། །གང་ཞིག་རླུང་ནི་འགོག་པ་རུ། །འབད་པ་ཡིས་ནི་གང་བྱེད་པ། །ཞེས་བྱ་བ་ནི་ཡང་། སྲོག་དང་ཐུར་སེལ་གྱེན་
རྒྱུ་དང་། །ཁྱབ་བྱེད་མཉམ་གནས་ཞེས་བཤད་དང་། །ཀླུ་དང་རུ་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་པ་རྣམས་ཏེ། རླུང་བཅུ་པོ་རྣམས་འབད་པས་འགོག་པར་བྱེད་ཀྱང་མཚན་མ་ལ་གནས་པ་ཡིན་པའི་ཕྱིར། ལྷན་ཅིག་སྐྱེས་པ་དེར་མི་བརྗོད། །

ཅེས་སྨོས་པ་ཡིན་ནོ། །ས་ལ་སོགས་པ་གཟུང་བ་ཡིས། །ཞེས་བྱ་བ་ནི། སྣ་སྒོ་གཡས་ནས་ས་ལ་སོགས་པ་དབྱུག་ཚོད་ལྔར་རྒྱུ་ལ། དེ་ལྔ་ལས་ཀྱང་ས་ལ་སོགས་པ་གང་ཡང་རུང་བའི་དབྱུག་ཚོད་གཅིག་འགགས་པ་ཙམ་གྱིས། སྒྲུབ་པོ་གང་ཞིག་ཐམས་ཅད་
འདོད། །ཅེས་བྱ་བ་སྟེ། བཟུང་བས་སྤྱོད་པ་གྲོལ་བའི་འབྲས་བུར་འདོད། །དེ་བས་ཤིན་དུ་འབད་པར་སྒྲུབ་བྱེད་པ། །ཞེས་བྱ་བ་སྤྱོད་པ་དང་གྲོལ་བར་འདོད་པས་འབད་པས་སྒྲུབ་པར་བྱེད་དོ། །དེ་ཡང་འཇིག་རྟེན་པའི་སྤྱོད་པ་ཡིན་པས། ལྷན་ཅིག་སྐྱེས་པ་དེར་མི་
བརྗོད། །ཅེས་བྱ་བ་ཡིན་ནོ། །ཕྲ་མོའི་ཐིག་ལེ་རྣལ་འབྱོར་ནི། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་བབ་པར་བྱ་བའི་ཆེད་དུ་ཡར་འགྲོ་བ་སྐྱོན་གྱི་རང་བཞིན་དང་། མར་འོང་བ་ཡོན་ཏན་གྱི་རང་བཞིན་དག་ཕྲ་བའི་ཕྲ་བར་ལྟ་བ་དང་། གཞན་ཡང་སྙིང་ག་ལ་སོགས་པར་
པདྨའི་འདབ་མ་ཁ་དོག་ལྔ་དང་ལྡན་པའི་ཐིག་ལེ་ལ་དམིགས་པ། ཁ་ཅིག་སྒྲུབ་པར་བྱེད་ཅེས་པ་སྟེ། དེ་དང་འདྲ་བའི་ཏིང་ངེ་འཛིན་ལ་གནས་པས་ལྷན་ཅིག་སྐྱེས་པ་མཐོང་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། བསམ་གཏན་བསམ་བྱར་གང་ཡོད་པ། །ཞེས་བྱ་བ། གང་དུ་སྒོམ་
པ་པོ་དང་བསྒོམ་པར་བྱ་བའི་འབྲེལ་བའི་དྲ་བ་མ་ཆད་པ་དེ་སྲིད་དུ་མཚན་མ་ལ་གནས་པ་སྟེ། ལྷན་ཅིག་སྐྱེས་པ་ནི་མཚན་མའི་ཁམས་ལ་མི་གནས་པའི་ཕྱིར། ལྷན་ཅིག་སྐྱེས་པ་དེར་མི་བརྗོད། །ཅེས་བྱ་བ་སྨོས་སོ། །བྷ་ག་ནང་གནས་ཐིག་ལེ་ནི། །ཞེས་བྱ་བ་ནི། ཨ་
བ་དྷཱུ་ཏཱི་ཞེས་བྱ་བའི་རྩའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྒྱ་ཤུག་གི་ཚིག་གུ་ཙམ་བསམས་པས་ལུས་སིམ་པ་ལ་སོགས་པ་དང་། ཁ་ཅིག་སྒྲུབ་པོས་སྒྲུབ་བྱེད་དེ། །དེ་ནི་རྟོག་བཅས་གོ་འཕང་སྟེ། །ཞེས་བྱ་བ་དེ་ཡང་། རྟོག་པའི་གནས་ལ་བརྟེན་ཅིང་གནས་པ་ཡིན་
པས། ལྷན་ཅིག་སྐྱེས་པ་དེར་མི་བརྗོད། །ཅེས་སྨོས་པ་ཡིན་ནོ། །སྙིང་གའི་དབུས་སུ་བསམ་གཏན་ནི། །ཡིད་འདོད་རྣམས་ཀྱིས་གོམས་པར་བྱེད། །ཅེས་བྱ་བ་ལ། འདི་ནི་སྒྲུབ་པ་པོ་ཁ་ཅིག་བདག་གི་སྙིང་གར་འབྱུང་བ་བཞིའི་རང་བཞིན་པདྨ་དམར་པོ་འདབ་མ་བཞི་

པ་ལ་ཉི་མ་དང་ཟླ་བའི་བར་དུ་ཆུད་པའི་ཐིག་ལེ་ཁ་སྦྱར་ལ་པདྨའི་རྩ་བའི་སྐུད་པ་འདྲ་བ་རི་མོ་སྒྲ་ཞེས་བྱ་བར་གྲགས་པ་ཕྱེད་དང་བདུན་བསྐོར་དུ་བསྡམས་ཏེ། རྩེ་མོ་སྟེང་དུ་ཕྱུང་ནས། དེ་ནས་ཟླ་བའི་བུ་གར་ཞུགས་ཏེ་རྗེས་སུ་འགྲོ་བ་དང་འོང་བར་གྱུར་པས་བརྗོད་ཅིང་སྤྲོ་བར་བྱ་བ་
དང་། སྲོག་དང་རྩོལ་བ་བསྡམས་ཏེ་སྔགས་སླར་བསྡུ་བ་དང་། ཡི་གེ་གསུམ་གྱི་སྒྲས་གཞུག་ཅིང་དབྱུང་བར་བྱ་བ་ནི། སྟེང་དུ་འགྲོ་བའི་རླུང་ཡི་གེ་གསུམ་དང་ལྡན་པའི་སྒྲས་དབྱུང་ཞིང་གཞུག་པར་བྱ་བའི་གཞི་ལ་ཡང་བཅུག་ལ། གནས་པར་བྱ་བའི་གཞི་ལ་ཡང་རླུང་ཕྲ་
མོའི་ཐིག་ལེ་དཀར་པོའི་དབུས་སུ་འཇུག་པའི་དེ་ཉིད་དལ་ཞིང་དལ་བས་གཞན་དུ་མི་གཏོང་ཞིང་། ཨོཾ་ཨཱཿཧཱུཾ་ཞེས་རྟག་པར་ཟློས་པར་བྱེད་དོ། །དེ་ལྟར་ན་དེ་དག་ཀྱང་། དེ་ནི་རྟོག་བཅས་གོ་འཕང་སྟེ། །ཞེས་བྱ་བ་སྨོས་ཏེ། གང་ལ་རྟོག་པ་དང་བརྟག་པར་བྱ་བའི་གཞི་དང་
ལྡན་པའི་ཕྱིར། ལྷན་ཅིག་སྐྱེས་པ་དེར་མི་བརྗོད། །ཅེས་སྨོས་པ་ཡིན་ནོ། །ལུག་དང་སེར་སྐྱ་དག་དང་ནི། །ཞེས་བྱ་བ་ནི་གཡས་པ་གཡོན་པའོ། །དེ་དབུས་ལ་གནས་ཡིད་བཟང་མ། །ཞེས་བྱ་བ་ནི། ཨ་བ་དྷཱུ་ཏཱི་སྟེ་གཡས་གཡོན་གཉིས་ཀྱི་དབུས་ན་གནས་པ་མེའི་རི་མོ་
ཅན་གྱི་རྩའོ། །དེ་འགོག་པ་ཡིས་གང་ཐོབ་པ། །ཞེས་པ་ནི་དེ་གསུམ་ན་རྒྱུ་བའི་ཁམས་རྣམས་འགགས་པ་ལས་བྱུང་བའི་བདེ་བ་ཙམ་ལ་མཆོག་གི་གནས་སུ་བལྟ་སྟེ། གང་བདེ་བ་དེ་ནི་རྟོག་པས་མཚམས་སྦྱར་བ་ཡིན་པས། ལྷན་ཅིག་སྐྱེས་པ་དེར་མི་བརྗོད། །ཅེས་པ་ཡིན་
ནོ། །དགའ་དང་ཁྲོ་བའི་དབང་གི་སེམས། །རྩེ་གཅིག་ཅེས་སུ་མཚན་པར་ནི། །ཞེས་བྱ་བ་ནི། བྱིས་པའི་རྣལ་འབྱོར་པ་ལ་ལ་དག་འདི་སྐད་ཅེས། ཀྱེ་རིགས་ཀྱི་བུ་དག་ཤེས་པར་གྱིས་ཤིག །གང་དུ་ཆགས་པའི་སེམས་སྐྱེས་པ་དེར་ནི་འདོད་ཆགས་རྡོ་རྗེ་ཤེས་པར་བྱས་ལ།
གཞན་ཡང་གང་དུ་ཞེ་སྡང་རྡོ་རྗེ་ཞེས་བྱ་བར་སེམས་རྩེ་གཅིག་པར་གནས་པར་བྱའོ། །ཞེས་བརྗོད་ཅིང་དེ་ལྟ་བུའི་སེམས་ཀྱི་གནས་སྐབས་ལ། བྱིས་པ་རྣམས་ཀྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོག་པར་བྱེད་དེ། དེ་རྣམས་ཀྱིས་ལྷན་ཅིག་སྐྱེས་པའི་རང་བཞིན་ལོག་པར་

རྟོག་པར་བྱེད་པ་དེ་བས་ན། ལྷན་ཅིག་སྐྱེས་པ་དེར་མི་བརྗོད། །ཅེས་པ་ཡིན་ནོ། །ཀུན་དུ་གནས་སུ་འཁྱིལ་པ་ལ། །ཞེས་བྱ་བ་ནི། གནས་གང་ན་གང་ཞིག་གི་རྩ་དང་ཕྲད་ན། གཡའ་ཞིང་བདེ་བར་གྱུར་པའོ། །རླུང་འགོག་པ་ཡིས་ཞེས་པ་
ནི། །རྩ་བ་དེ་དག་ཕྲད་པའི་སྦྱོར་བ་སྟེ་རླུང་འགོག་པར་བྱེད་པའོ། །འབར་བ་ཞེས་པ་ནི་སྦྱོར་བ་དེ་དག་མ་ལུས་པས་ཀྱང་མེའི་ཚུལ་ཅན་གྱི་དྲོད་སྐྱེད་པར་བྱེད་ལ། དྲོད་ཀྱི་དབང་གིས་ལུས་ཅན་རྣམས་ཀྱི་ཁུ་བ་འབྱུང་བར་བྱེད་དོ། །གཞན་ཡང་དེའི་སྦྱོར་བ་ནི་འདི་ལྟ་སྟེ། ཟུམ་
པའམ་ནི་རྒྱས་པ་སྟེ། །ཞེས་བྱ་བ་ནི་གསེར་གླིང་ཞེས་བྱ་བའི་གནས་ཀྱི་སྒོ་འབྱེད་པ་དང་། བཅད་པའི་སྦྱོར་བས་ཀྱང་རྩ་གང་ཞིག་ཕྲད་པར་བྱེད་དེ། གང་ཡང་སྦྱོར་བ་དེ་དག་ཐམས་ཅད་ནི་འཇིག་རྟེན་པའི་སྤྱོད་པ་ཉིད་ཡིན་པས། ལྷན་ཅིག་སྐྱེས་པ་དེར་མི་བརྗོད། །ཅེས་བྱ་
བ་སྨོས་སོ། །འདར་དང་བརྒྱལ་དང་དེ་བཞིན་ཉིད། །ཅེས་བྱ་བ་ནི་ཡི་དགས་ལ་སོགས་པ་འབེབས་པར་བྱེད་པའི་སྦྱོར་བས། ཁ་ཅིག་འདར་ཞིང་སྤྲུག་པར་བྱེད་པ་དང་། ཁ་ཅིག་བརྒྱལ་བར་འགྱུར་བ་དང་། ཁ་ཅིག་བདག་ལ་ནི་རྣལ་འབྱོར་མ་རྣམས་དང་མཁའ་འགྲོ་མའི་ཚོགས་
རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་། ཆོས་ཀྱང་འཆད་ལ་འགྲོ་བ་གཞན་གྱིས་རྟོགས་པར་མ་གྱུར་པའི་ཟབ་མོའི་ཏིང་ངེ་འཛིན་ཡང་སྟོན་ཏོ་ཞེས་བརྗོད་པ་དང་། ཁ་ཅིག་རྡོ་རྗེའི་གླུ་ལྷའི་སྐད་ལྟར་འགྲོ་བའི་ཡིད་འཕྲོག་པ་ལེན་ཅིང་། རྡོ་རྗེའི་གླུ་དེ་ཉིད་དོན་དང་ལྡན་པར་འཁོར་གྱི་ཚོགས་
ལ་སྟོན་པ་དང་། འབྱེད་དང་འཛུམས་པ་ལ་སོགས་དང་། །ཞེས་བྱ་བ་ནི། ཁོ་བོ་ནི་མིག་འཛུམས་པས་ལྷ་ལ་སོགས་པའི་ཚོགས་མཐོང་ངོ་ཞེས་ཟེར་བ་དང་། ཁ་ཅིག་ནམ་མཁའ་ལྟ་བར་བྱེད་ཅིང་། ཁོ་བོས་ཚངས་པ་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་མཐོང་ངོ་ཞེས་ཟེར་
བ་དང་། ཁ་ཅིག་ལུས་ལ་སོགས་པ་ལས་འབར་བར་སྟོན་པ་དང་། ཁ་ཅིག་ལས་སྒྲ་སྐད་དྲག་པོས་སྲོག་ཆགས་རྣམས་སྐྲག་པར་བྱེད་པ་འབྱུང་བ་དང་། ཁ་ཅིག་རང་གི་ལུས་མི་བཟད་པ་ཆེན་པོ་སྟེ། མི་སྡུག་པའི་ཆ་བྱད་དུ་སྟོན་པ་དག་ཡོད་དེ། གང་དེ་དག་ཐམས་ཅད་

ནི་ཤ་ཟ་དང་གྲོང་གི་ལྷ་མོ་ལ་སོགས་པས་བྱིན་གྱིས་བརླབས་པ་ཡིན་པས་སངས་རྒྱས་རྣམས་ཀྱི་ལྷན་ཅིག་སྐྱེས་པར་མི་འགྱུར་ཏེ། དེ་བས། ལྷན་ཅིག་སྐྱེས་པ་དེར་མི་བརྗོད། །ཅེས་བྱ་བ་སྨོས་སོ། །བུམ་པ་བཞིན་དུ་ཁོང་སྟོང་དུ། །ཞེས་བྱ་བ་ནི་སྐྱེས་བུ་ལ་ལ་ནི་བདག་གི་
ལུས་བུམ་པ་ལྟར་ནང་སྟོང་ལ་ཕྱིའི་ཤའི་དྲ་བས་གཡོགས་པ་ལྟར་ལྟ་བ་དང་། ལ་ལས་བདེ་བ་ཆེན་པོའི་རང་བཞིན་གྱིས་ལུས་སུན་འདོན་ཏེ་འདི་སྐད་ཅེས། གསོད་ལྡན་ངལ་སྐྱེན་ཕོལ་མིག་ལྡན། །རྒྱུན་ལམ་དགུ་ནས་རྟག་ཏུ་ནི། །མི་གཙང་རབ་ཏུ་འཛག་པར་བྱེད། །
གལ་ཏེ་བདག་གིས་ཁྱོད་མཐོང་ན། །དབྱར་དུས་ཕྱི་སས་བསླད་པ་བཞིན། །ཐག་རིང་རྣམ་པར་འདོར་བར་བགྱིད། །ཅེས་བརྗོད་ཅིང་མི་གཙང་བའི་རང་བཞིན་དུ་རྟོགས་ཏེ། གང་ཡང་དེས་ནི་གསང་སྔགས་ཀྱི་ཐེག་པའི་རིམ་པ་སྤངས་པ་ཡིན་ནོ། །ཡང་ན་སྟོང་པར་སྨྲ་བའི་བློ། །
ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའམ། ཉམས་སུ་མྱོང་བའི་དངོས་པོ་ལ་སོགས་པ་འདི་དག་འགོག་པ་སྟེ། དེ་ནི་ཆད་པར་སྨྲ་བ་ཡིན་པས། ལྷན་ཅིག་སྐྱེས་པ་དེར་མི་བརྗོད། །ཅེས་སྨོས་སོ། །དངོས་པོ་གང་ཞིག་དེ་དག་ཀུན། །ཅེས་བྱ་བ་ནི་གོང་དུ་
བརྗོད་པའི་རྟོག་པའི་རྣལ་འབྱོར་རྣམས་སོ། །རྟོག་པའི་ཡེ་ཤེས་ལས་སྐྱེས་བརྗོད། །ཅེས་བྱ་བ་ནི་རྟོག་པའི་རང་བཞིན་ཡིན་ཞེས་བྱ་བའི་དོན་ཏོ། །བསྒོམ་པའི་སྟོབས་ཀྱི་སེམས་ཀྱིས་ནི། །དེ་ཡིས་ཐམས་ཅད་རྫོགས་པར་འགྱུར། །ཞེས་བྱ་བ་གང་ཞིག་རྟོག་པའི་
རྣལ་འབྱོར་པ་དེ་ཐམས་ཅད་ཇི་ལྟར་རྟག་པར་མཐོང་བར་འགྱུར་ཏེ་ཇི་སྐད་དུ། ས་བོན་གང་དང་གང་ལས་ནི། །འབྲས་བུ་དེ་དང་དེ་འདྲ་འབྱུང་། །ཞེས་པ་དང་གཞན་ཡང་། འདོད་དང་མྱ་ངན་བློ་དང་མཚུངས། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བརྗོད་ལ། ཀུན་རྫོབ་
ཀྱི་དངོས་པོ་ཐམས་ཅད་དེ་དང་དེའི་རྣམ་པར་མི་སླུ་ཞེས་བྱ་བའི་དོན་ཏོ། །ཐུབ་པས་སྔོན་དུ་གང་གསུངས་པ། །ཞེས་པ་ནས། སྤྱི་བླུགས་དཔུང་མགོར་ཐོགས་པ་སྟེ། །ཞེས་བྱ་བ་ཡན་ཆད་ནི་རྟོགས་པར་སླ་སྟེ་གྲགས་པ་ཉིད་ཡིན་པས་འདིར་གཞུང་མང་བའི་འཇིགས་པས་མ་

བཀྲོལ་ལོ། །དེ་ལྟར་སྣ་ཚོགས་རྣམ་པ་ནི། །བསྒོམས་པའི་སྟོབས་ཀྱིས་མཐོང་བར་འགྱུར། །ཞེས་བྱ་བ་ནི། རྟོག་པའི་རྣལ་འབྱོར་པ་གང་དག་གོམས་པས་དེ་དག་མངོན་དུ་གྱུར་པའི་དཔེ་རྒྱས་པར་བསྟན་པ་ཡིན་ནོ། །འདིར་ནི་བདེན་མིན་མཐོང་
བས་ན། །ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་རྣམ་པའི་ལམ་ཞེས་བྱ་བ་མཐོང་བ་མེད་ལ། བདེན་པ་མ་ཡིན་པར་བརྟགས་པའི་ཡུལ་རྣམས་མཐོང་བས། ལྷན་ཅིག་སྐྱེས་པ་མཐོང་བ་མེད། །ཅེས་པའི་དོན་དེ་ཡིན་ནོ། །དེ་བཞིན་དུ་ཡང་ཞེས་པ་ནི་
གཞན་ཡང་ཞེས་བྱ་བའི་དོན་ཏོ། །དོན་གཞན་ཡང་འདི་ལྟ་སྟེ་ཞེས་བྱ་བའི་དོན། གང་ཞིག་མཐོང་བ་དེ་བདེན་མིན། །ཞེས་པ་བདག་ལས་གཞན་པའི་དངོས་པོ་གང་ཞིག་ཕྱྭའམ་དབང་ཕྱུག་གམ་བྱེད་པ་པོ་ལ་སོགས་པར་ལྟ་བ་དང་རྟོག་པ་རྣམས་ནི་བདེན་པ་མ་ཡིན་ཏེ། བདག་ལས་
གཞན་པའི་དངོས་པོ་ཡོད་པ་མ་ཡིན་ནོ། །གང་མ་མཐོང་བ་དེ་བདེན་ཏེ། །ཞེས་བྱ་བའི་དོན་ཏོ། །གང་ཞིག་མཐོང་བ་མེད་པའི་ཚུལ་དུ་གང་མཐོང་བ་མཐོང་བ་ཞེས་སུ་ཐ་སྙད་གདགས་སོ། །དེ་ལས་གཞན་དུ་དངོས་པོར་རྟོག་པ་སྟེ་བདག་དང་བདག་གི་ཞེས་བྱ་བ་ལ་སོགས་པར་
གང་རྟོག་ན། དེ་ནི་དེ་ཁོ་ན་ལྟ་བའི་སྐབས་ལ་དམུས་ལོང་ཆེན་པོ་ཞེས་སྟོན་ཏོ། །ཅིའི་ཕྱིར་ན། རབ་རིབ་ལ་སོགས་གནོད་པ་བཞིན། །ཞེས་བྱ་བ་སྨོས་ཏེ་དཔེར་ན་མིག་སེར་ལ་སོགས་མིག་ལ་གནོད་པའི་ནད་ཀྱིས་སྐྱེས་བུ་འགའ་ཞིག་བཟུང་ན། དངོས་པོ་ཐམས་ཅད་སེར་པོར་
མཐོང་བའམ། ནམ་མཁའ་ལ་སྐྲ་ཤད་འཛིངས་པ་ལ་སོགས་པར་མཐོང་བ་ལྟར། དངོས་པོར་རྟོག་པ་རྣམས་ཀྱང་དེ་ལྟར་བལྟ་བར་བྱའོ། །སྐྱེ་འགྲོ་ཐམས་ཅད་བདེན་པའི་ཚུལ། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཚུལ་དང་རང་བཞིན་དུ་གནས་པའི་དོན་ཏོ། །གཟུང་དང་འཛིན་
པ་སྤངས་པ་ཉིད། །ལྷན་ཅིག་སྐྱེས་བྱའི་གོ་འཕང་གནས། །གང་གིས་མཐོང་བ་དེ་ཡིས་མཐོང་། །ཞེས་བྱ་བ་ནི་འདི་ལྟར་གནས་པ་འདི་དག་གཟོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ། སྐྱེ་བ་དང་གནས་པ་དང་འཇིག་པས་དབེན་པར་སྐྱེས་བུ་གང་གིས་མཐོང་བའམ། རིག་

པ་དེས་ལྷན་ཅིག་སྐྱེས་པ་མཐོང་བའོ་ཞེས་བྱ་བའི་དོན་ཏོ། །དངོས་དང་དངོས་མེད་གོ་འཕང་གནས། །ཞེས་བྱ་བ་འདི་ནི་དངོས་པོ་སྟེ་དོར་བ་ཡིན་ལ། འདི་ནི་དངོས་པོ་མེད་པ་སྟེ། བླང་བར་བྱའོ་ཞེས་བྱ་བའི་འདུ་ཤེས་ཐམས་ཅད་དང་བྲལ་བའི་གནས་ལ་གནས་པའོ་ཞེས་བྱ་བའི་
དོན་ཏོ། །གཞན་ཡང་། རྟོག་དང་བརྟགས་པ་མིན་ལས་གྲོལ། །ཞེས་བྱ་སྟེ་མི་རྟག་པའི་དབྱིངས་ཆེན་པོ་ལ་གནས་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་རང་བཞིན་ནི་དངོས་པོ་ཀུན་ལ་རང་བཞིན་དུ་ཡོད་དེ། འོན་ཀྱང་རྡོ་བ་དང་ཤིང་དག་ལ་མེ་གནས་ཀྱང་མ་གཙུབས་ན་མངོན་
དུ་མི་འགྱུར་བ་ལྟར་ལྷན་ཅིག་སྐྱེས་པ་ཡང་གསལ་བ་མ་བྱས་ཞེས་བྱ་བ་དེ་ལྟར་གནས་ཀྱང་། སྐྱེ་བོ་ཀུན་གྱིས་མཐོང་བའི་སྐལ་བ་ལས་འདས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བརྗོད་པའི་རིམ་པས་ལྷན་ཅིག་སྐྱེས་ཀྱང་། རྡོ་དང་ཤིང་དག་གཙུབས་པ་ལ་ལྟོས་ནས་གདོད་མེ་འབྱུང་
བ་ལྟར། བླ་མ་རྗེ་བཙུན་གྱི་ཞལ་ལས་རྟོགས་པར་བྱ་ཞེས་བྱ་སྟེ། ལྷན་ཅིག་སྐྱེས་པར་སྔོན་དུ་བརྗོད། །ཅེས་བྱ་བ་ལ་ལྷན་ཅིག་སྐྱེས་པའི་རང་བཞིན་སྔོན་དུ་བསྟན་པ་རྣམས་རྗེ་བཙུན་གྱི་ཞལ་སྔ་ནས་རྟོགས་པར་བྱ་བའི་དོན་ཏོ། །བྱིས་པའི་བརྗོད་པ་དག་དང་བྲལ། །བརྗོད་
བྱ་རྗོད་བྱེད་སྤངས་པ་ཉིད། །ལྷན་ཅིག་སྐྱེས་པ་དེ་ལྟ་བུར། །བླ་མ་མཆོག་གིས་སྔོན་དུ་གསུངས། །ཞེས་བྱ་བ་ནི། བླ་མ་རྣམས་ཀྱིས་ཅི་ཞིག་སྟོན་ཞེ་ན། བྱིས་པ་རྣམས་ཀྱིས་ཀུན་ནས་རྟོགས་པའི་རང་གི་ངོ་བོ་དང་བྲལ་བ། བརྗོད་བྱ་དང་རྗོད་བྱེད་ཀྱི་ཀུན་དུ་སྟོང་པ་ཁོ་ན་བསྟན་
པར་བྱ་བ་ཡིན་ལ། སྔོན་རབས་ཀྱི་བླ་མ་རྗེ་བཙུན་རྣམས་ཀྱིས་ཀྱང་དེ་ཁོ་ན་དང་དུ་བཞེས་པ་ཡིན་ནོ་ཞེས་བྱ་བའོ། །དེ་ལ་སློབ་མ་རྣམས་ཀྱིས་ཀྱང་ཇི་ལྟ་བའི་ཚུལ་བསླབ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཇི་སྐད་དུ། བཙལ་བས་རྙེད་པ་མ་ཡིན་ལ། །མ་བཙལ་པས་ཀྱང་
རྙེད་མི་འགྱུར། །ཆུ་ཟླ་བཞིན་དུ་རྟོགས་དཀའ་བ། །དེ་འདི་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་གསུངས་པའི་ཚུལ་དུ་བསླབ་པར་བྱའོ། །དཔལ་ལྡན་རོལ་པའི་ལྷ་མོའི་དྲིན་གྱིས་ནི། །དེ་བཞིན་དཔལ་ལྡན་བླ་མ་དག་དང་ནི། །ཞེས་བྱ་བ་ནི་གོང་དུ་བསྟན་པའི་བླ་མ་

གཅིག་ནས་གཅིག་ཏུ་བརྒྱུད་དེ་རྟོགས་པར་བྱས་ཞེས་བྱ་བ་ཡིན་ལ། ས་བདག་དབང་པོ་བློའི་བདག་པོ་དཔལ་བདེ་བ་ཆེན་པོའི་རྡོ་རྗེ་ཞེས་བྱ་བས་ཀྱང་སྲིང་མོ་རྣལ་འབྱོར་གྱི་དབང་ཕྱུག་མ་དཔལ་མོ་ཡོངས་སུ་མཉེས་པ་ལས་ལྷན་ཅིག་སྐྱེས་པ་རིན་པོ་ཆེའི་མན་ངག་
ཞལ་ནས་འཕྲོས་པ་ཙམ་གྱིས་ལྷན་གཅིག་གིས་ནི་བདེ་བ་ཆེན་པོ་མཁྱེན་ཞེས་བྱ་བ། རྗེ་བཙུན་མས་གསུངས་པ་ཙམ་གྱིས་རྟོགས་ཤིང་། ཁོང་དུ་ཆུད་པ་ཞེས་བྱ་བའི་དོན་ཏོ། །ཐེ་ཚོམ་མེད་ཅིང་རྟོག་པ་མེད། །རང་རང་ངོ་བོ་སྟོན་པ་པོ། །བདག་གིས་ཡང་དག་ཉམས་སུ་མྱོང་། །
ཞེས་པ་ནི་དབང་པོའི་བློ་བདག་གིས་ལྷན་ཅིག་སྐྱེས་པའི་རང་བཞིན་དངོས་པོ་ཐམས་ཅད་ཀྱི་ངོ་བོ་སྟོན་པར་བྱེད་པ་ཉམས་སུ་མྱོང་བ་ནི། དཔེར་ན། མུན་པ་ལ་ནི་སྒྲོན་མ་བཞིན། །ཞེས་བྱ་བ་སྟེ་མུན་རུམ་སྨག་ཏུ་གྱུར་པ་ལ་ཟས་ཀྱི་བྱ་བ་བྱེད་བདེ་བ་མ་ཡིན་པ་ལ་སྒྲོན་
མས་གསལ་བར་བྱས་པས་བདེ་ཞིང་ཚིམ་པ་ལྟར། བདག་ཀྱང་བདེ་བ་ཆེན་པོའི་རང་བཞིན་གྱིས་ཚིམ་ཞེས་བྱའོ། །ཟ་བའམ་ནི་འཁྲིག་ན་ཡང་། །གནས་སྐབས་ཀུན་ལ་ཐམས་ཅད་དུ། །གསང་བ་མེད་ཅིང་འཇིགས་པ་སྤངས། །ཞེས་བྱ་བ་ནི་ཏིང་ངེ་འཛིན་
ཆེན་པོ་འདི་ལ་གནས་པ་རྣམས་ནི་བཟའ་བ་དང་འཁྲིག་པ་དང་། བཙུན་མོའི་འཁོར་གྱི་ནང་དང་རྒྱལ་པོའི་ཕོ་བྲང་འཁོར་ན་འདུག་ཀྱང་ཀུན་ནས་འཆིང་བ་མེད་དེ། གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་རྣལ་འབྱོར་པ་ལ་ནི་རྒྱལ་པོ་དང་ཆོམ་པོ་ལ་སོགས་པས་བཙེ་
བའི་འཇིགས་པ་ལས་བསྲུང་བ་དང་། གསང་བ་དང་། སྦ་བ་མི་དགོས་ཏེ། བདག་ཉིད་ཀུན་གྱི་མངའ་བདག་ཆེན་པོ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཆེན་པོ་རང་གིས་རིག །ཅེས་བྱ་བ་ནི། རང་ལ་ཡོད་པའི་ཡེ་ཤེས་ཆེན་པོ་རང་གིས་རིག་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡེ་
ཤེས་རྒྱ་མཚོ་ཡང་ཡིན་ཞེས་བྱ་བའི་དོན་ཏོ། །གང་ཞིག་འདི་ལ་རྗེས་དྲན་པར། །ཡང་དང་ཡང་དུ་དྲན་བྱེད་པ། །དེ་ནི་དངོས་གྲུབ་རྒྱས་འགྱུར་ཏེ། །སྲིད་པའི་མཚོ་ལས་སངས་རྒྱས་བཞིན། །ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་གནས་འདི་ལ་དྲན་ཅིང་མོས་པ་བྱེད་

པས་ཀྱང་། མཆོག་གི་གོ་འཕང་ཐོབ་པར་འགྱུར་ན་ཚུལ་བཞིན་ཡིད་ལ་བྱེད་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱའོ། །བདག་ཉིད་ཀྱིས་ནི་དྲན་དོན་དུ། །བདག་གི་འདི་ནི་བརྗོད་པ་ཡིན། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་འདི་གཞན་ལ་བསྟན་ཀྱང་
རྟོགས་པའི་སྐལ་བ་མེད་དེ་དེ་བས་ན་བདག་ཉིད་དབང་པོའི་བློས་སླར་ཞིང་དྲན་པའི་དོན་དུ་བརྩམས་ལ། གཞན་དག་སྐལ་བ་དང་ལྡན་པ་རྣམས་ཀྱང་བཀག་པ་ནི་མེད་དོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་སྙིང་རྗེས་བཅིངས་པ་ཡི། །ཞེས་བྱ་བ་ནི་བླ་མ་རྗེ་བཙུན་གོང་ན་
བཞུགས་པ་རྣམས་ཀྱིས་གཞུང་གི་སྐྱོན་གྱི་དྲི་མ་བཅོམ་པ་དང་བསལ་བར་གསོལ་ཞེས་བྱ་བའི་དོན་ཏོ། །བདག་ལ་གཟོད་མཛོད་སེམས་དཔའ་ཆེ། །ཞེས་བྱ་བ་ནི་གལ་ཏེ་གཞུང་གི་དོན་ལ་འཁྲུལ་པ་ན་ཡང་དམ་ཚིག་དམ་པས་བདག་ལ་མི་གུས་པར་མི་མཛད་པའི་རིགས་
ཞེས་བྱ་བའི་དོན་ཏོ། །གང་ཞིག་ཅུང་ཟད་འདི་བརྗོད་པས། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་གཞུང་གི་ཚོགས་ཟུར་ཅུང་ཟད་བརྗོད་པས་ཞེས་བྱའོ། །དེ་ཡིས་བསོད་ནམས་གང་གྱུར་པ། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་གཞུང་བརྩམས་པའི་བསོད་ནམས་ཞེས་
སྦྱར་རོ། །བསོད་ནམས་དེས་ཞེས་བྱ་བ་ནི། །དེ་ལས་བྱུང་བས་ཞེས་བྱའོ། །སེམས་ཅན་རྣམས་ཞེས་བྱ་བ་ནི། །ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་རྣམས་སོ། །ལྷན་ཅིག་སྐྱེས་གྲུབ་ཐོབ་པར་ཤོག །ཅེས་བྱ་བ་ནི་བསོད་ནམས་དེའི་ཤུགས་ཀྱིས་ནི། ནམ་
མཁའི་མཐའ་ཇི་ཙམ་དུ་ཁྱབ་པ་དེ་ཙམ་དུ་འགྱུར་བ་མེད་པའི་ལྷན་ཅིག་སྐྱེས་པ་ཕྱིན་ཅི་མ་ལོག་པ་ནམ་མཁའ་མཛོད་ཀྱི་གཏེར་ཞེས་བྱ་བ་ཐོབ་པར་ཤོག་ཅིག་ཅེས་བྱ་བའི་དོན་ཏོ། །ལྷན་ཅིག་སྐྱེས་པ་གྲུབ་པ་ཡི། །གཞུང་འགྲེལ་བརྩམས་པའི་དགེ་ཚོགས་ཀྱིས། །སྐྱེ་བོ་དཔལ་
མོ་བདག་བཞིན་དུ། །ལྷན་ཅིག་སྐྱེས་ལ་གནས་པར་ཤོག །དཔལ་ཨུ་རྒྱན་གྱི་ཡུལ་དུ་སྐུ་འཁྲུངས་པའི་རྒྱལ་པོ་ཨིནྡྲ་བུདྡྷི། ཞེས་བྱ་བས་མཛད་པའི་ལྷན་ཅིག་སྐྱེས་པ་གྲུབ་པའི་གཞུང་འགྲེལ་ལྷ་ལྕམ་རྗེ་བཙུན་མ་དཔལ་མོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་

མཁན་པོ་ཆེན་པོ་མ་ནཱ་བི་ཧ་ར་ལ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀཱིརྟིས་ལེགས་པར་མཉན་ནས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཏཏྟྭ་སིདྡྷི། བོད་སྐད་དུ། དཔལ་དེ་ཁོ་ན་ཉིད་གྲུབ་པ། དཔལ་རྡོ་རྗེ་སེམས་དཔའ་
ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་ཆུབ་རྡོ་རྗེ་ནི། །ཚེ་འདིས་འགྲུབ་ཀྱི་གཞན་དུ་མིན། །ལུས་དང་ངག་ཡིད་ལེགས་གནས་པས། །མེད་པར་འགྲུབ་པར་མི་འགྱུར་རོ། །འདོད་པའི་ལོངས་སྤྱོད་རྒྱུན་མི་འཆད། །མེད་ན་དེ་ཡང་འགྲུབ་མི་འགྱུར། །དེ་ཡང་ཇི་ལྟར་འདོད་
པ་བསྟེན། །གཉིས་མེད་ཡེ་ཤེས་དག་པ་ལས། །དེ་ལྟར་མིན་ན་ལོག་པར་ལྟུང་། །དེ་ནས་སྡུག་བསྔལ་བརྒྱུད་པར་འབྱུང་། །དེ་ཕྱིར་སྔགས་ཀྱིས་བྱིན་བརླབས་པའི། །མཁས་པས་དག་པར་སྔོན་འགྲོ་སྤྱད། །ཇི་ལྟར་ཆུ་ཡི་ཐིགས་པ་ནི། །རྒྱ་མཚོར་བབས་ནས་
ལན་ཚྭར་འགྱུར། །ལན་ཚྭ་འོ་མའི་མཚོར་ཞུགས་ནས། །དེ་ཉིད་སླར་ཡང་བདུད་རྩིར་འགྱུར། །ཇི་ལྟར་དུག་སྦྲུལ་དེ་ཉིད་ཤེས། །ནུས་པ་འཕྲོག་པར་བྱེད་ནུས་མེད། །དེ་ཉིད་རྒྱུད་གཞན་དག་ལ་ནི། །ལྔ་པོའི་གནས་སྐབས་ལས་མི་འདའ། །གཞན་ཡང་འདོད་པ་ཟིལ་
ནོན་ན། །འདོད་པ་ཉིད་ནི་སྨན་ཡིན་ནོ། །ཇི་ལྟར་དུག་གིས་གདུངས་པ་ལ། །དུག་ཉིད་སྨན་དུ་ཆེ་བ་ཡིན། །ཇི་ལྟར་མེ་ཡིས་ཚིག་ལ་མེ། །ཚེར་མས་ཟུག་ལ་ཚེར་མ་ཉིད། །དེ་བཞིན་ཉོན་མོངས་ཀྱིས་ཉེན་ན། །ཉོན་མོངས་ཉིད་ནི་བདུད་རྩིར་ཆེ། །དཔེར་ན་དུག་གི་དེ་
ཉིད་ཤེས། །དུག་ཟོས་ཀྱང་ནི་གནོད་མི་འགྱུར། །དེ་བཞིན་ཡུལ་གྱི་དེ་ཉིད་ཤེས། །འདོད་པ་སྤྱོད་པས་གནོད་པ་མེད། །ཇི་ལྟར་འདམ་གྱི་པདྨ་ནི། །འདམ་ལ་གནས་ཀྱང་དེས་མི་གོས། །དེ་ཉིད་རིག་པས་རྟག་ཏུ་ནི། །འདོད་པ་རོལ་པས་སྤྱད་པར་བྱ། །དེ་ཕྱིར་
ཀུན་ནས་དོགས་མེད་པར། །ཁྱད་པར་དུ་ནི་ལོངས་སྤྱོད་འགྱུར། །འདོད་པ་ལྔ་ལ་བརྟེན་བྱས་ན། །དངོས་གྲུབ་མྱུར་དུ་ངེས་ཐོབ་འགྱུར། །དཀའ་ཐུབ་བརྟུལ་ཞུགས་གདུང་བ་ཡིས། །ཁམས་རྣམས་སྐམ་པར་འགྱུར་བ་ཡིན། །སྐམས་པས་སྡུག་བསྔལ་འགྱུར་བ་

སྟེ། །སྡུག་བསྔལ་གྱིས་ནི་སེམས་གཡེང་འགྱུར། །གཡེངས་པས་བྱང་ཆུབ་གཞན་དུ་འགྱུར། །དེ་ཕྱིར་དངོས་གྲུབ་མཆོག་གཉེར་ན། །དཀའ་ཐུབ་བརྟུལ་ཞུགས་སྤྱད་མི་བྱ། །ཇི་ལྟར་བདེ་བས་དེ་བཞིན་གནོས། །བདེ་བ་སྤངས་ན་དངོས་གྲུབ་མེད། །དེ་བས་ཡིད་འོང་
གནས་སུ་ནི། །ཉམས་དགའི་བུ་མོ་བཅུ་གཉིས་མ། །ཡིད་འོང་མིག་གི་དཀྱུས་རིང་མ། །གཟུགས་དང་ལང་ཚོས་རྣམ་པར་མཛེས། །བརྟན་ཞིང་མི་གཡོ་དམ་ཚིག་ཅན། །འདམ་ལས་སྐྱེས་པའི་དྲི་འབབ་མ། །ཆགས་པ་ཆེན་པོའི་རོས་རོལ་པ། །མཆོག་ཏུ་མཁས་ཤིང་
སྒེག་པ་དང་། །ཉམས་དང་ལྡན་པའི་རྣལ་འབྱོར་པས། །རང་ཉིད་འཁོར་ལོའི་དབུས་སུ་གནས། །དམ་ཚིག་ཅན་ནི་རྒྱུད་དག་པའི། །ནང་དུ་ཉིན་མཚན་འདུ་བར་བྱ། །སྤུ་ལྡང་འདར་ཞིང་ཆེར་འདར་ལ། །མཛུམ་དང་དགོད་དང་རབ་ཏུ་རྒོད། །མྱོས་པ་དང་ནི་བཅས་པ་ཡི། །
འབེབ་པ་རྣམ་པ་བདུན་དུ་བཤད། །རེངས་དང་མྱོས་དང་འགྱུར་བ་དང་། །རོལ་དང་ཡུལ་དང་ཤིན་དུ་འཕེལ། །རྐང་པ་འདོར་དང་ལག་པ་བསྒྱུར། །ཕྱག་རྒྱ་མཚན་མ་ལྟ་སྟངས་དང་། །སྔངས་དང་རྒོད་དང་དྲག་པོ་སོགས། །ཀི་ལི་ཀི་ལི་ཕྲེང་སྒྲོགས་བྱེད། །རོལ་པ་དཔའ་
བོ་རྣམ་པར་ཉེད། །ས་བསྐྱོད་ཅ་ཅོའི་བྱེ་བྲག་ལྡན། །བརྒྱལ་བ་རབ་ཞི་དུ་བས་རྟོགས། །བྱམས་ཤིང་དགའ་བ་རྒྱ་མཚོ་ནི། །བདེ་བའི་རྟགས་ལས་སྐྱེས་པའི་འོད། །ངོ་བོ་ཉིད་ཀྱིས་གསལ་བའི་ཡིད། །གཉིས་མེད་རྣམ་པར་གསལ་བ་ཡི། །རྫུ་འཕྲུལ་མངོན་ཤེས་དག་
དང་ལྡན། །དེ་ལྟར་བདེན་དོན་རབ་ཞི་བའི། །བྱེ་བྲག་བཅུ་གཉིས་དག་གིས་མཛེས། །ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་བཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཀུན་གྱི་གནས་ཡིན་ཏེ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །དེར་ནི་དགའ་བ་སྐྱེ་འགྱུར་ཏེ། །སྐད་ཅིག་དབྱེ་བས་བྱེ་
བ་ནི། །དགའ་བའི་གྲངས་ཀྱི་རིམ་པ་ཡིས། །དེ་དག་སོ་སོར་གསལ་བར་བྱས། །སྟོང་ཉིད་གསུམ་གྱི་ཉམས་སྦྱར་བས། །ཐམས་ཅད་སྟོང་ཉིད་རབ་ཏུ་གསལ། །དེ་ཉིད་གསལ་བས་དག་པ་ནི། །མཆོག་གི་གོ་འཕང་དེ་གསལ་འགྱུར། །དེ་ཕྱིར་མི་གཡོ་ཕྲ་བའི་ཡིད། །

ལྡན་པའི་རྣལ་འབྱོར་པས་མཚོན་བྱ། །ཇི་སྲིད་གསལ་བར་མ་གྱུར་པ། །དེ་སྲིད་བསྒོམ་པ་ལ་འཇུག་བྱ། །རབ་ཏུ་གསལ་བ་ཐོབ་ནས་ནི། །རང་དགའི་གཟུགས་སུ་སྐྱེ་བར་འགྱུར། །དེར་ནི་སྐད་ཅིག་མ་བཞི་དང་། །དེ་བཞིན་དུ་ནི་དགའ་བ་བཞི། །
དེ་ལ་སྣ་ཚོགས་སྐད་ཅིག་དང་། །རྣམ་པར་སྨིན་པ་རྣམ་པར་ཉེད། །མཚན་ཉིད་མེད་པར་བརྗོད་པ་ཡི། །བྱེ་བྲག་མཁས་པས་ཤེས་པར་བྱ། །སྣ་ཚོགས་དུ་མའི་རྣམ་པ་ཅན། །འཁྱུད་དང་འོ་བྱེད་ལ་སོགས་པའོ། །རྣམ་སྨིན་དེ་ལས་གྱུར་པ་སྟེ། །བདག་གི་བདེ་བ་ལ་
སྤྱོད་མཛེས། །རྣམ་ཉེད་སྤྱོད་པའི་བདག་ཉིད་དེ། །བདག་གི་བདེ་བ་ལ་སྤྱོད་མཛེས། །དེ་དག་ལས་གཞན་མཚན་ཉིད་བྲལ། །དགའ་བ་དང་པོ་མཆོག་དགའ་དང་། །དགའ་བྲལ་ལ་སོགས་ལྷན་ཅིག་སྐྱེས། །དགའ་བའི་བདེ་བ་ཅུང་ཟད་བདེ། །མཆོག་ཏུ་དགའ་བ་དེ་བས་
ལྷག །དགའ་བྲལ་ཆགས་པ་བྲལ་བ་སྟེ། །ལྷན་ཅིག་སྐྱེས་པ་དེ་དག་སྤང་། །བརྒྱལ་དང་ཕྱི་མོ་ཕྱེད་ཙམ་དང་། །ཕྱི་མོ་ཞེས་བྱ་སྐད་ཅིག་གསུམ། །དམ་པའི་བདེ་བ་རྣམ་པར་རོལ། །དབྱེ་བ་ལྷན་ཅིག་སྐྱེས་པ་ཤེས། །བརྒྱལ་བ་ཀུན་ནས་ཡེ་ཤེས་མེད། །ཅུང་ཟད་ཤེས་
པ་ཕྱི་མོའི་ཕྱེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཡེ་ཤེས་ཕྱི་མོ་ཉིད་དུ་འགྱུར། །དེ་ཕྱིར་དེ་ཉིད་ཡེ་ཤེས་ནི། །གཉིས་མེད་ཡེ་ཤེས་རབ་ཏུ་གསལ། །དེ་ལ་ཆགས་དང་ཆགས་བྲལ་མེད། །གཉི་ག་མ་ཡིན་སྟོང་ཉིད་མིན། །ཀུན་མིན་ཐམས་ཅད་མིན་པ་མིན། །ཡང་
ན་ཐམས་ཅད་རྣམ་པར་ཐིམ། །ཇི་ལྟར་ཆར་གྱི་རྒྱུན་སྣ་ཚོགས། །རོ་གཟུགས་དུ་མ་གཞན་ཡིན་ཀྱང་། །སྣོད་གཅིག་ཏུ་ནི་ཞུགས་པ་ན། །ཞུ་ནས་རོ་གཅིག་ཉིད་དུ་འགྱུར། །དེ་བཞིན་ཡེ་ཤེས་བདེ་ཆེན་པོ། །རྣམ་པར་ངོ་བོ་ཉིད་ཀྱིས་གསལ། །གཉིས་མེད་རྣམ་པའི་རྣལ་འབྱོར་
གྱིས། །ཆོས་ཀུན་རྣམ་པར་བཅོམ་པས་ན། །ཡེ་ཤེས་རྒྱུན་འབབ་གཏོང་བའི་བློ། །མཁས་པས་དེ་ལྟ་བུ་ཉིད་མཚོན། །མི་གཡོ་སྒྲིབ་བྲལ་ཕྲ་བ་ཡི། །ཐིག་ལེའི་གཟུགས་ཅན་རྟོག་པ་མེད། །ཐོག་མཐའ་མེད་པའི་དེ་ཉིད་ནི། །མ་བྱུང་མ་བྱས་མཆོག་ཡིན་ནོ། །སྐྱེ་

བོའི་ཆོས་རྣམས་ཐམས་ཅད་ཀུན། །གཞི་ནི་དེ་ཉིད་ཉིད་ཡིན་ནོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་པ་ཡིས་དེ་ཉིད་ལ། །མཐོང་བ་དེ་ཉིད་མ་མཐོང་བས། །དེ་ལ་ཕྱི་རོལ་ཅི་ཞིག་བསམ། །དེ་ཕྱིར་འཁྲུལ་པའི་མཆོད་པ་སོགས། །ཕྱི་རོལ་པ་
ཡིས་ཅི་བྱར་ཡོད། །ཐམས་ཅད་སྤངས་ནས་དེ་ཉིད་བསྒོམ། །ཐམས་ཅད་འདི་ལས་འགྲུབ་པར་འགྱུར། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་ལས། །གང་ཚེ་ནོར་བུར་ཆུད་པ་ན། །མན་ངག་གིས་ནི་རླུང་བཟུང་སྟེ། །དེ་ཚེ་ཡེ་ཤེས་མཐོང་བས་འགྲུབ། །བསྐལ་པ་མཐའ་
ཡས་པར་དུ་ནི། །དེར་ནི་འདོད་པ་ཡང་དག་གནས། །འོད་གསལ་བ་ཡི་གནས་ཐོབ་ནས། །སེམས་ཅན་ཀུན་གྱི་ཕྱག་བྱས་པའི། །ཐ་མལ་སྣང་བའི་རྣལ་འབྱོར་གྱིས། །བཞི་པའི་དེ་ཉིད་ལ་བརྟེན་བྱ། །སྔོན་དུ་གོམས་བྱེད་རྣལ་འབྱོར་པས། །དེས་ནི་མྱུར་དུ་འགྲུབ་
པར་འགྱུར། །རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང་། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །རྒྱུ་འབྲས་གཅིག་ཏུ་རྒྱས་བཏབ་པས། །ཕྱག་རྒྱ་ཆེན་པོ་སྐྱེ་བར་འགྱུར། །མཚན་མོ་སྣང་བའི་ཆ་ཡིན་ཏེ། །གསལ་བའི་ཉི་མའི་འོད་ཟེར་སྣང་བ་འགྱེད་པ་སྣང་བ་འཆེད་པ་
ཡིན། །མཚམས་ནི་སྣང་བ་ཐོབ་པ་རང་གི་རང་བཞིན་རྣམས་ཀྱིས་ལན་གཅིག་མིན་པར་འགྲོ། །མཚན་མིན་ཉིན་པར་མིན་པ་མཚན་མིན་གང་ཞིག་རང་བཞིན་རྣམས་དང་རྣམ་བྲལ་བ། །དེ་ནས་བྱང་ཆུབ་ཡིན་པར་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ། །ཇི་ལྟར་ཕྱི་རོལ་དེ་
བཞིན་ནང་། །ཇི་ལྟར་ནང་བཞིན་ཕྱི་རོལ་ཏེ། །གཉིས་སུ་མེད་པའི་རྣལ་འབྱོར་འདིས། །སྒྲུབ་པ་རུ་ནི་རིགས་པ་ཡིན། །སློབ་དཔོན་ཆེན་པོ་ཀེ་ར་ལི་པས་མཛད་པ་དེ་ཁོ་ན་ཉིད་གྲུབ་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་ནཱ་མ་ཙརྱ་གཱི་ཏི།
བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །ཇི་ལྟར་རླུང་གིས་བརྒྱབ་པས་མི་གཡོ་བའི། །ཆུ་ལ་གཡོ་བས་རྦ་རླབས་རྣམས་སུ་འགྱུར། །དེ་ལྟར་

རྒྱལ་པོས་མདའ་བསྣུན་སྣང་བ་ཡང་། །གཅིག་ཉིད་ན་ཡང་རྣམ་པ་སྣ་ཚོགས་བྱེད། །ཇི་ལྟར་རྨོངས་པས་བཟློག་ནས་བལྟས་པ་ཡིས། །མར་མེ་གཅིག་ཉིད་གཉིས་སུ་སྣང་བ་ལྟར། །དེ་ལ་བལྟ་བྱ་ལྟ་བྱེད་གཉིས་མེད་ལ། །ཀྱེ་མ་བློ་ནི་གཉིས་ཀྱི་
དངོས་པོར་སྣང་། །ཁྱིམ་དུ་མར་མེ་མང་པོ་སྦར་གྱུར་ཀྱང་། །མིག་མེད་པ་ལ་མུན་པར་གནས་པ་ལྟར། །ལྷན་ཅིག་སྐྱེས་པས་ཐམས་ཅད་ཁྱབ་བྱས་ཀྱང་། །ཉེ་ཡང་རྨོངས་པ་དག་ལ་ཤིན་དུ་རིང་། །ཆུ་བོ་སྣ་ཚོགས་པ་ཡང་རྒྱ་མཚོ་གཅིག་ཉིད་དང་། །བརྫུན་པ་དུ་མ་དག་ཀྱང་
བདེན་པ་གཅིག་གིས་འཇོམས། །ཉི་མ་གཅིག་དང་སྣང་བར་གྱུར་པ་ཡིས། །མུན་པ་དུ་མ་དག་ཀྱང་འཇོམས་པར་བྱེད། །ཇི་ལྟར་ཆུ་འཛིན་གྱིས་ནི་རྒྱ་མཚོ་ལས། །ཆུ་བླངས་ནས་ནི་ས་གཞི་གང་བྱས་ཀྱང་། །དེ་ནི་མ་ཉམས་ནམ་མཁའ་དག་དང་མཉམ། །འཕེལ་བ་མེད་
ཅིང་འགྲིབ་པ་དག་ཀྱང་མེད། །རྒྱལ་བའི་ཕུན་སུམ་ཚོགས་པས་ཡོངས་གང་བའི། །ལྷན་ཅིག་སྐྱེས་པ་གཅིག་གི་རང་བཞིན་ཉིད། །དེ་ལས་འགྲོ་བ་སྐྱེ་ཞིང་འགག་པ་སྟེ། །དེ་ལ་དངོས་དང་དངོས་པོ་མེད་པའང་མེད། །དམ་པའི་བདེ་བ་སྤངས་ནས་གཞན་དུ་འགྲོ། །རྐྱེན་
ལས་སྐྱེས་པའི་བདེ་ལ་རེ་བར་བྱེད། །རང་གི་ཁར་བཅུག་སྦྲང་རྩི་ཉེ་བ་ནི། །འཐུང་བར་མི་བྱེད་ཤིན་དུ་རིང་བར་འགྱུར། །བྱོལ་སོང་དག་གིས་སྡུག་བསྔལ་མི་བྱེད་ལ། །མཁས་པ་དག་གིས་དེ་ལ་སྡུག་བསྔལ་བྱེད། །ཅིག་ཤོས་ནམ་མཁའི་བདུད་རྩི་འཐུང་བར་བྱེད། །
གཞན་ནི་ཡུལ་རྣམས་དག་ལའང་རྣམ་པར་ཆགས། །བཤང་བའི་སྲིན་བུ་དྲི་ལ་ཆགས་པ་ནི། །ཙནྡན་དག་ལ་དྲི་ངན་དག་ཏུ་སེམས། །ཇི་ལྟར་མྱ་ངན་འདས་པ་སྤངས་ནས་ནི། །སྲིད་པའི་འབྱུང་གནས་མཐུག་པོས་ཆགས་པར་བྱེད། །བ་ལང་རྐང་རྗེས་ཆུ་ཡིས་གང་བྱས་
ཀྱང་། །ཇི་ལྟར་དེ་ཡང་སྐམ་པར་འགྱུར་བ་བཞིན། །ཕུན་ཚོགས་མ་ཡིན་ཕུན་ཚོགས་བརྟན་པའི་སེམས། །ཡང་ན་ཕུན་སུམ་ཚོགས་པ་སྐམ་པར་འགྱུར། །ཇི་ལྟར་རྒྱ་མཚོ་བ་ཚ་ཅན་གྱི་ཆུ། །ཆུ་འཛིན་ཁ་ཡིས་བླངས་པས་དངར་བར་འགྱུར། །བརྟན་པའི་སེམས་

ཀྱིས་གཞན་གྱི་དོན་བྱེད་པ། །ཡུལ་གྱི་དུག་ཀྱང་བདུད་རྩིར་འགྱུར་བ་ཡིན། །བརྗོད་དུ་མེད་ན་སྡུག་བསྔལ་མ་ཡིན་ཏེ། །བསྒོམ་དུ་མེད་ན་དེ་ཉིད་བདེ་བ་ཡིན། །ཇི་ལྟར་འབྲུག་གི་སྒྲ་ཡིས་སྡངས་ན་ཡང་། །ཆར་པ་བབ་པས་ལོ་ཏོག་སྨིན་པར་བྱེད། །དང་པོ་ཐ་མ་དེ་བཞིན་
གཞན་ན་མེད། །ཐོག་མ་ཐ་མ་བར་དུ་གནས་པ་མེད། །ཀུན་དུ་རྟོག་པས་རྨོངས་པའི་ཡིད་ཅན་ལ། །སྟོང་པ་དང་ནི་སྙིང་རྗེ་བརྗོད་པས་སོ། །ཇི་ལྟར་མེ་ཏོག་ནང་གནས་སྦྲང་རྩི་ནི། །བུང་བ་ཉིད་ཀྱིས་ཤེས་པར་འགྱུར་བ་ཡིན། །སྲིད་དང་མྱ་ངན་འདས་པ་མི་འདོར་རོ། །
རྨོངས་པ་དག་གིས་ཇི་ལྟར་ཡོངས་སུ་ཤེས། །ཇི་ལྟར་མེ་ལོང་ངོས་ཀྱི་བཞིན་གྱི་གཟུགས། །རྨོངས་པ་མི་ཤེས་པ་ཡིས་བལྟས་པ་ལྟར། །དེ་ལྟར་བདེན་པ་སྤངས་པའི་སེམས་འདི་ནི། །མི་བདེན་པ་ལ་མང་དུ་བརྟེན་པར་བྱེད། །མེ་ཏོག་དྲི་ནི་གཟུགས་སུ་མེད་ན་ཡང་། །
མངོན་སུམ་ཀུན་དུ་ཁྱབ་པར་བྱེད་པ་ལྟར། །དེ་བཞིན་གཟུགས་སུ་མེད་པའི་རང་བཞིན་གྱིས། །དཀྱིལ་འཁོར་འཁོར་ལོ་དག་ཀྱང་ཤེས་པར་གྱིས། །རླུང་གིས་ཆུ་ལ་ཞུགས་ཤིང་དཀྲུགས་པ་ཡིས། །འཇམ་པའི་ཆུ་ཡང་རྡོ་ཡི་གཟུགས་ལྟར་འགྲོ། །རྟོག་པས་
དཀྲུགས་པས་རྨོངས་པ་གཟུགས་མེད་པ། །ཤིན་དུ་སྲ་ཞིང་མཁྲེགས་པ་ཉིད་དུ་འགྱུར། །སེམས་གང་དྲི་མ་མེད་པའི་རང་བཞིན་ལ། །སྲིད་དང་མྱང་འདས་འདམ་གྱིས་མ་གོས་སོ། །འདམ་དུ་བཅུག་ན་མཆོག་གི་རིན་པོ་ཆེ། །དེ་ཡི་འོད་ཀྱང་གསལ་བ་མ་ཡིན་ནོ། །
གཏི་མུག་གསལ་བས་ཡེ་ཤེས་མི་གསལ་ཏེ། །གཏི་མུག་གསལ་བས་སྡུག་བསྔལ་གསལ་བ་ཡིན། །ཇི་ལྟར་ས་བོན་ལས་ནི་མྱུ་གུ་འབྱུང་། །མྱུ་གུའི་རྒྱུ་ལས་ཡལ་ག་འབྱུང་བའོ། །གཅིག་དང་དུ་མ་སེམས་ལ་དཔྱད་པ་ཡིས། །གསལ་བ་སྤངས་ནས་སྲིད་པ་དག་ཏུ་
འགྲོ། །མཐོང་བཞིན་དུ་ནི་དོང་དུ་འགྲོ་བ་ལ། །དེ་ལས་སྙིང་རྗེ་བ་ནི་ཅི་ཞིག་ཡོད། །ཁ་སྦྱོར་བདེ་ལ་ཡོངས་སུ་ཆགས་ནས་སུ། །འདི་ཉིད་དོན་དམ་ཡིན་ཞེས་རྨོངས་པ་སྨྲ། །གང་ཞིག་ཁྱིམ་ནས་བྱུང་ནས་སྒོ་དྲུང་དུ། །ཀཱ་མ་རཱུ་པའི་གཏམ་ནི་འདྲི་བར་བྱེད། །རླུང་གི་རྒྱུ་ལས་

སྟོང་པའི་ཁྱིམ་དུ་ནི། །རྣམ་པ་དུ་མའི་ཚུལ་གྱིས་བཅོས་མ་བས། །ནམ་མཁའ་ལས་བབ་ཉེས་པ་དང་བཅས་པའི། །གདུང་བས་བརྒྱལ་བར་གྱུར་པའི་རྣལ་འབྱོར་པ། །ཇི་ལྟར་བྲམ་ཟེ་མར་དང་འབྲས་ཀྱིས་ནི། །འབར་བའི་མེ་ལ་སྦྱིན་སྲེག་བྱེད་
པ་ནི། །ནམ་མཁའི་བཅུད་ཀྱི་རྫས་ཀྱིས་བསྐྱེད་པ་སྟེ། །འདི་དེ་ཉིད་དུ་ཞེན་པར་ཤེས་པ་ཉིད། །ཁ་ཅིག་ཚངས་པའི་གནས་སུ་འོད་སྤར་ནས། །ལྕེ་ཡིས་ཀུན་དུ་རུ་ཡིས་ལྕེ་ཆུང་བསྐྱོད། །འཆིང་བར་བྱེད་པ་ཤིན་དུ་དཀྲུགས་བྱས་ཏེ། །ང་རྒྱལ་དབང་གིས་རྣལ་འབྱོར་པ་ཞེས་
ཟེར། །རང་རིག་དེ་ཉིད་རིག་པས་གཞན་ལ་སྟོན། །གང་གིས་བཅིངས་པ་དེ་ཉིད་གྲོལ་ཞེས་ཟེར། །ཁ་དོག་དབྱེ་བས་འཆིང་བུ་མརྒད་ཟེར། །རྨོངས་པས་རིན་ཆེར་བརྟག་པ་མ་ཤེས་པས། །དེ་ནི་ར་གན་གསེར་གྱི་བློ་ཡིས་ལེན། །ཉམས་མྱོང་ཁྱེར་ནས་དོན་དམ་སྒྲུབ་པར་བྱེད། །
རྨི་ལམ་བདེ་ལ་རྗེས་སུ་ཆགས་པར་བྱེད། །ཕུང་པོ་མི་རྟག་བདེ་བ་རྟག་ཅེས་ཟེར། །ཨེ་བཾ་ཡི་གེར་རང་གིས་གོ་བར་བྱེད། །སྐད་ཅིག་དབྱེ་བས་ཕྱག་རྒྱ་བཞི་བཀོད་ཅིང་། །ཉམས་སུ་མྱོང་བས་ལྷན་ཅིག་སྐྱེས་པ་ཟེར། །གཟུགས་བརྙན་ཞེས་པ་མེ་ལོང་ལྟ་བ་བཞིན། །ཇི་ལྟར་
མ་རྟོགས་སྨིག་རྒྱུའི་ཆུ་ལ་ནི། །འཁྲུལ་པའི་དབང་གིས་རི་དགས་རྒྱུག་པར་བྱེད། །རྨོངས་པ་སྐོམ་པ་མི་ངོམས་འཆིང་བར་འགྱུར། །གང་ཞིག་དོན་དམ་ཟེར་ཞིང་བདེ་བ་ལེན། །ཀུན་རྫོབ་བདེན་པ་དྲན་པ་མེད་པ་སྟེ། །སེམས་དང་སེམས་ནི་མེད་པར་གྱུར་པའོ། །དེ་ཉིད་
ཡོངས་སུ་གྱུར་པ་མཆོག་གི་མཆོག །མཆོག་གི་དམ་པ་གྲོགས་དག་ཤེས་པར་གྱིས། །སེམས་ནི་དྲན་མེད་ཏིང་ངེ་འཛིན་དུ་སྦྱོར། །ཉོན་མོངས་ཡོངས་སུ་དག་པའང་དེ་ཉིད་དོ། །ཇི་ལྟར་འདམ་སྐྱེས་འདམ་གྱིས་མི་ཚུགས་བཞིན། །སྲིད་འབྱུང་ཉེས་པས་རྒྱལ་ཆོས་མི་གོས་སོ། །
དེ་ཡང་ཐམས་ཅད་སྒྱུ་མར་ངེས་པར་བལྟ་བྱ་སྟེ། །འཇིག་རྟེན་འདས་པ་སྐད་ཅིག་ལེན་དང་བཏང་སྙོམས་བྱེད། །བརྟན་པའི་བློ་ཅན་དེ་དག་གཏི་མུག་འཆིང་བར་འགྱུར། །རང་བྱུང་བསམ་གྱིས་མི་ཁྱབ་རང་བཞིན་གནས་པ་ཡིན། །སྣང་འདི་གསལ་བར་དང་པོ་ཉིད་ནས་མ་སྐྱེས་

ཏེ། །གཟུགས་ཅན་མ་ཡིན་གཟུགས་ཀྱི་རང་བཞིན་རྣམ་པར་སྤངས། །དེ་ཉིད་རྒྱུན་དུ་གནས་ཤིང་བསམ་གཏན་གཅིག་པུ་བྱེད། །ཡིད་ལ་མི་བྱེད་དྲི་མེད་བསམ་གཏན་སེམས་མ་ཡིན། །བློ་དང་སེམས་དང་སེམས་ཀྱི་སྣང་བ་དེ་བདག་ཉིད། །འཇིག་རྟེན་གང་དག་གཞན་དུ་སྣང་
བ་དེ་བདག་ཉིད། །སྣ་ཚོགས་མ་ལུས་མཐོང་བྱ་མཐོང་བྱེད་དེ་བདག་ཉིད། །ཆགས་སྡང་གཏི་མུག་བྱང་ཆུབ་སེམས་ཀྱང་དེ་བདག་ཉིད། །གཏི་མུག་མུན་པར་སྒྲོན་མེ་སྤར། །ཇི་སྲིད་བློ་ཡི་དབྱེ་བས་ཕྱེ། །དེ་སྲིད་སེམས་ཀྱི་དྲི་མ་སྤངས། །མ་ཞེན་རང་བཞིན་གང་ཞིག་བསམ། །དགག་
པ་མེད་ཅིང་སྒྲུབ་པ་མེད། །འཛིན་པ་མེད་དེ་བསམ་མི་ཁྱབ། །བློ་ཡི་དབྱེ་བས་རྨོངས་རྣམས་འཆིང་། །དབྱེར་མེད་ལྷན་ཅིག་སྐྱེས་རྣམ་དག །གཅིག་དང་དུ་མས་རྣམ་བརྟགས་གཅིག་ཉིད་མིན། །ཤེས་པ་ཙམ་གྱིས་འགྲོ་བ་རྣམ་པར་གྲོལ། །གསལ་བ་གང་ཞིག་ཤེས་པ་
བསྒོམ་པ་བསྟན། །མི་གཡོའི་སེམས་ནི་བདག་ཉིད་དེ་རུ་གཟུང་། །དགའ་བ་རྒྱས་པའི་ཡུལ་ཐོབ་པ། །མཐོང་བའི་སེམས་ནི་རྣམ་པར་རྒྱས། །ཡུལ་ལ་བྲོས་ཀྱང་ཐ་དད་མེད། །དགའ་བ་བདེ་བའི་མྱུ་གུ་དང་། །མཆོག་གི་འདབ་མ་སྐྱེད་པ་སྟེ། །ཇི་སྲིད་ཕྱོགས་བཅུར་
མི་འཕྲོ་བ། །སྤྲོས་མེད་བདེ་བའི་འབྲས་བུ་ཉིད། །གང་གིས་གང་དུ་གང་ལ་དེ་དག་མེད། །དེ་ཡིས་དེ་རུ་དེ་ལ་དགོས་པ་བྱས། །རྗེས་སུ་ཆགས་པ་དང་ནི་མ་ཆགས་པའི། །གཟུགས་ཉིད་དག་ནི་སྟོང་པ་ཉིད་ཡིན་ནོ། །སྲིད་པའི་འདམ་ཞེན་ཕག་ལྟ་བུ། །དྲི་མེད་སེམས་
གྱུར་སྐྱོན་ཅི་ཡོད། །གང་ཡང་དག་གིས་མ་གོས་པ། །དེ་ཡང་དེ་ཡིས་ཅི་ཕྱིར་འཆིང་། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧའི་ཞལ་སྔ་ནས་མཛད་པ། དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་ཨུ་པ་དེ་ཤ་
གཱི་ཏི་ནཱ་མ། བོད་སྐད་དུ། མི་ཟད་པའི་གཏེར་མཛོད་མན་ངག་གི་གླུ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཨེ་མ་མཁའ་འགྲོ་གསང་བའི་སྐད། །གཉིས་མེད་རང་བཞིན་ཕྱག་རྒྱ་ཆེན་པོའི་གནས། །སངས་རྒྱས་ཆོས་དང་དགེ་འདུན་དེ་རང་བཞིན། །

བྱང་ཆུབ་སེམས་དཔའ་བདེ་བའི་མགོན་པོ་ལ། །ཕྱག་བཟང་པོ་ཡིས་བཏུད་དེ་བཤད་པར་བྱ། །སྐྱེ་བོ་སྲིད་པའི་འཁྲི་ཤིང་ལྟ་བུས་བཀྲིས་པ་རྣམས། །བདག་ཏུ་འཛིན་པའི་མྱ་ངན་ཐང་ལ་རབ་ཏུ་སྐམས། །རྒྱལ་བུ་གཞོན་ནུ་སྲིད་མེད་ཕ་དང་བྲལ་བ་བཞིན། །
བདེ་བའི་གོ་སྐབས་མེད་པས་སེམས་ལ་ཟུག་རྔུར་གྱུར། །དཔྱད་པས་མ་འོངས་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནི། །བྱས་པ་རྣམས་དང་བྲལ་ཞིང་བསགས་པའི་ལས་མིན་ཞེས། །རང་ཉིད་ཤེས་པའི་མདའ་བསྣུན་གྱིས་ནི་དེ་སྐད་སྨྲས། །མཁས་པ་ཐམས་ཅད་སྙིང་ལ་དུག་གིས་ཁྱབ་
པར་གྱུར། །སེམས་ཉིད་རྣལ་མའི་དོན་ནི་ཀུན་གྱིས་རྟོགས་དཀའ་བ། །མཐའ་ཡིས་མ་གོས་དྲི་མ་མེད་པའི་སྙིང་པོ་ནི། །རང་བཞིན་གདོད་ནས་རྣམ་པ་ཀུན་གྱི་དཔྱད་བྱ་མིན། །གལ་ཏེ་དཔྱད་ན་དུག་སྦྲུལ་གཙེས་པ་ཁོ་ནར་ཟད། །བློ་ཡིས་གཞག་པའི་ཆོས་འདི་ཐམས་ཅད་རང་
གིས་སྟོང་། །རྐྱེན་དང་བྲལ་ཕྱིར་བརྟག་པ་ཐམས་ཅད་ཡོད་མ་ཡིན། །རང་བཞིན་གནས་སུ་གྲོལ་བའི་དེ་བཞིན་ཉིད་ཤེས་ན། །མཐོང་ཐོས་ལ་སོགས་མེད་ཅིང་དེ་ཡིས་མི་མཐུན་བྲལ། །དངོས་པོར་རྟོག་པ་ཐམས་ཅད་ཕྱུགས་དང་འདྲ་བར་བརྗོད། །དངོས་མེད་རྟོག་པ་དེ་བས་
ཤིན་ཏུ་བླུན་འགྱུར་ཞེས། །མར་མེ་འབར་དང་བསད་པའི་དཔེ་ཡིས་བརྗོད་པ་དག །གཉིས་མེད་རང་བཞིན་ཕྱག་རྒྱ་ཆེན་པོར་གནས། །དངོས་པོར་སྐྱེས་པ་དངོས་པོ་མེད་པར་རབ་ཞི་ཞིང་། །དེ་ཡི་ཕྱོགས་དང་བྲལ་བ་མཁས་པ་དེ་ཉིད་ནི། །བླུན་པོ་རྣམས་ཀྱི་བློ་ལ་རང་གིས་དཔྱད་
བྱས་ན། །སྐད་ཅིག་གྲོལ་བ་དེ་ལ་ཆོས་ཀྱི་སྐུ་ཞེས་བྱ། །གྲོལ་བ་དེ་ལས་གཞན་པའི་བདེ་ཆེན་ས་ཡོད་ཅེས། །བྱིས་པ་རྣམས་ཀྱིས་སྨྲས་ཀྱང་སྨིག་རྒྱུའི་ཆུ་དང་མཚུངས། །ས་དང་ལམ་དང་སངས་རྒྱས་ཐམས་ཅད་གོ་གཅིག་པའི། །གཉུག་མའི་ཡེ་ཤེས་འདི་ཉིད་ཡིན་གྱི་ཡིད་ལ་
དྲིས། །དེ་ལྟར་རྟོགས་པའི་མི་དེ་ལ་ནི་འཆིང་བ་མེད། །རྡུལ་མ་སྤངས་ཤིང་རྡུལ་གྱིས་ཅུང་ཟད་གོས་པ་མེད། །ཉོན་མོངས་གཉེན་པོ་གཉིས་སུ་འབྱེད་པ་ག་ལ་ཡོད། །དེ་ལྟར་བརྩོན་པའི་སྐྱེས་བུ་དེ་ནི་འཁོར་བར་འཆིང་། །ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་རྣམས། །ལྷན་

ཅིག་སྐྱེས་པའི་རོ་གཅིག་ལས་ནི་གཞན་ཡོད་མིན། །སྲིད་དང་མྱ་ངན་འདས་པ་གཉིས་སུ་མི་རྟོགས་པ། །འདི་ནི་ཆོས་ཀྱི་དབྱིངས་ཀྱི་གནས་ལུགས་ཡིན་པར་བཤད། །ཨེ་མ་མཁའ་འགྲོ་གསང་བའི་སྐད། །ཀྱེ་མ་རང་ལ་རང་གིས་དེ་ཉིད་མཚོན་ཏེ་ལྟོས། །མ་ཡེངས་པ་
ཡི་སེམས་ཀྱིས་ལྟ་དང་བྲལ་གྱུར་ན། །ཡེངས་པའི་སེམས་ཀྱིས་དེ་ཉིད་རྟོགས་པར་མི་འགྱུར་ཏེ། །དངོས་པོའི་ཚང་ཚིང་གསེབ་ཏུ་དེ་ཉིད་ནོར་བུ་སྟོར། །ཀྱེ་མ་འདོད་པའི་དངོས་པོ་གང་ལའང་ཁྱོད་ཉིད་ཆགས་མ་བྱེད། །གལ་ཏེ་ཆགས་པར་བྱ་བའི་ཡུལ་ལ་ཡིད་ཆགས་ན། །འདི་
ནི་བདེ་ཆེན་སེམས་མཆོག་གཟིར་བའི་ནད་རབ་སྟེ། །དྲི་མ་མེད་པའི་སེམས་ལ་འདོད་པའི་མཚོན་གྱིས་བཏབ། །ཀྱེ་མ་རྒྱུ་དང་འབྲས་བུ་གཉིས་སུ་མ་ལྟ་ཅིག །དངོས་པོར་སྐྱེ་བའི་རྒྱུ་དང་འབྲས་བུ་ཡོད་མིན་ཏེ། །རེ་དང་དོགས་པའི་དུག་གིས་རྣལ་འབྱོར་སེམས་མྱོས་ན། །ལྷན་
ཅིག་སྐྱེས་པའི་ཡེ་ཤེས་གནས་དེ་འཆིང་བར་འགྱུར། །ཀྱེ་མ་རང་བཞིན་བྲལ་བའི་དེ་ཉིད་བསྒོམ་དུ་ཡོད་མ་ཟེར། །གལ་ཏེ་བསྒོམ་པར་བྱ་དང་སྒོམ་བྱེད་གཉིས་རྟོགས་ན། །གཉིས་སུ་འཛིན་པའི་ཡིད་ཀྱིས་བྱང་ཆུབ་སེམས་སྤངས་ཏེ། །སྐྱེས་བུ་དེ་ཡིས་རང་གིས་རང་ལ་
སྡིག་པ་བྱས། །ཀྱེ་མ་བླ་མའི་ཞལ་གྱི་བདུད་རྩིའི་ཐིགས་པ་ཇི་སྙེད་པ། །དེས་ཤེས་སྔོན་འགྲོ་པ་ཡིས་རབ་ཏུ་བླང་བར་བྱ། །དུས་དང་ཐབས་ལ་མཁས་པས་དུས་སུ་མ་བསྟེན་ན། །ལོང་བས་རྒྱལ་པོའི་བང་མཛོད་རྐུ་དང་འདྲ་བར་འགྱུར། །ཀྱེ་མ་རིན་ཆེན་དབང་དང་བྲལ་
བའི་སྐྱེས་བུ་ནི། །གདོལ་པ་དམན་པ་ཞིག་གིས་རྒྱལ་པོར་རེ་སྨོན་བཞིན། །རིག་པ་འཛིན་པའི་རྒྱུད་རྣམས་དེར་བསླུས་པས། །མཁའ་འགྲོས་ཆད་པ་བཅད་ནས་རྡོ་རྗེའི་དམྱལ་བར་ལྟུང་། །ཀྱེ་མ་དགེ་བའི་བཤེས་གཉེན་དག་ལས་མཆོག་གི་དོན་བླངས་ནས། །དམ་པར་མི་
འཛིན་དམན་པའི་སེམས་ཀྱིས་ཡོངས་སྤོང་བ། །སྐྱེ་བོ་རབ་རིབ་གཟེབ་ཀྱིས་ཁྱེར་བར་གྱུར་པ་ན། །བསྐལ་པ་ཆེན་པོར་རང་ལ་སྡུག་བསྔལ་བྱས་པར་ཟད། །ཀྱེ་མ་བརྟན་པའི་ས་ལ་ཕྱིན་ནས་དམ་ཚིག་མི་ལྡན་ན། །རྒྱལ་པོས་ཆད་པ་གཅོད་པའི་མི་ནི་བཟུང་བ་ལྟར། །རྣམ་

སྨིན་ལྕགས་ཀྱུས་སྲོག་གི་རླུང་ནི་བཟུང་བྱས་ནས། །ཁྲོ་ཆུ་ཁོལ་མ་ཁར་བླུགས་པ་ནི་བཟོད་པར་དཀའ། །ཀྱེ་མ་གནས་ལུགས་རྟོགས་ཀྱང་དམན་པའི་སྤྱོད་པ་ཉིད་བྱེད་ན། །རྒྱལ་པོ་ཁྲི་ལས་བབ་ནས་ཕྱག་དར་བྱེད་པ་བཞིན། །ཟད་མི་ཤེས་པའི་བདེ་བ་
ཆེན་པོ་ཉིད་སྤངས་ནས། །འཁོར་བའི་བདེ་བ་དག་ལ་རེག་པ་ཉིད་ཀྱིས་འཆིང་། །ཀྱེ་མ་སྤྲོས་པ་རྣམས་དང་བྲལ་བའི་རང་གི་སེམས་མཐོང་ནས། །སྤྲོས་པ་རྣམས་ལ་ཆེད་དུ་འབད་པའི་རྣལ་འབྱོར་ནི། །ནོར་བུ་རིན་ཆེན་རྙེད་ནས་འཆིང་བུ་ཚོལ་བ་བཞིན། །འབད་པ་བྱས་ཀྱང་སྙིང་
པོའི་ས་ནི་ནམ་ཡང་མིན། །ཨེ་མ་མཁའ་འགྲོ་གསང་བའི་སྐད། །བྱང་ཆུབ་སེམས་ཟིན་པ་དང་བྱང་ཆུབ་སེམས་རྟོགས་དང་། །འབད་པ་དང་བཅས་འབད་པ་བྲལ་བའི་ཡེ་ཤེས་ནི། །དམ་པ་རྣམས་ཀྱི་ཞལ་གྱི་བདུད་རྩི་ལས་བྱུང་བ། །ཉི་མ་ཟླ་བ་གཉིས་ཀྱི་དབུས་སུ་གསལ་བར་བྱེད། །
ཚད་དང་ལྡན་པའི་སྐྱེས་བུའི་སྣ་རྩེ་ལས་བྱུང་ཞིང་། །མཚན་དང་ལྡན་པའི་ཕྱག་རྒྱ་ལས་ནི་དེ་སེམས་གཅིག །གཟུགས་སོགས་དངོས་པོའི་ཆོས་རྣམས་དེ་ཡིས་མདོག་བསྒྱུར་ནས། །ཞི་བ་དང་བཅས་མན་ངག་གིས་ནི་ཤེས་པར་བྱ། །འོད་གསལ་བ་ཡི་ཆོས་ཉིད་དེ་ནི་ངེས་མཐོང་
ནས། །བླ་མའི་དུས་ཐབས་བསྟེན་པ་དེ་ནི་ཆེར་རྟོགས་ལ། །ཤེས་རབ་ཕ་རོལ་ཕྱིན་དང་མདོ་གཞན་ལས་རྙེད་ཅིང་། །ཀུན་ལ་སྦྱར་བའི་སེམས་ནི་རབ་ཏུ་བསྒོམ་པར་བྱ། །ཕྱི་དང་ནང་དུ་བལྟ་བ་མེད་པའི་སེམས་དེ་ནི། །གང་གིས་མི་བསམ་གང་ལ་ཡང་ནི་སེམས་མ་ཡིན། །རང་
བཞིན་གནས་པ་རྡོ་རྗེ་རྩེ་མོར་གླུ་བླངས་པ། །བདེ་ཆེན་གཟབ་གཏད་བྲལ་བ་ཆུ་བོ་ལྟ་བུར་བསྒོམ། །འདུས་པའི་ཚོགས་སུ་སྤྲོས་པ་ཀུན་གྱིས་གཡེངས་པའི་སེམས། །འཕོ་དང་འཇུག་པ་མེད་པའི་རང་བཞིན་བརྟན་པ་ཉིད། །སེམས་ཀྱི་སྙིང་པོ་རང་དགའ་བར་ནི་ལེགས་བཏང་སྟེ། །སྨྱོན་
པ་ལྟ་བུའི་སེམས་ནི་བྱ་བ་དང་བྲལ་བ། །མཐའ་ཡིས་མ་གོས་ཡེ་ཤེས་དེ་ནི་བསྒོམ་པར་བྱ། །སྒོམ་དང་བསྒོམ་བྱ་མེད་པའི་སེམས་ནི་རང་བཞིན་བྲལ། །རེ་དོགས་མེད་པའི་མཐར་ཐུག་པ་ནི་རྡོ་རྗེའི་སེམས། །དམྱལ་བར་སོང་སྲིད་ན་ཡང་དེ་ལ་སྡུག་བསྔལ་མེད། །སྲིད་དང་འབྲས་

བུ་མཆོག་ལ་གནས་ཀྱང་ལྷག་པ་རྙེད་མིན་པས། །བདེ་དང་སྡུག་བསྔལ་གཉིས་ཀྱིས་ཕན་དང་གནོད་སྤངས་ནས། །བཟང་དང་ངན་པའི་སྤྱོད་པས་དེ་ལ་འཕེལ་འགྲིབ་མེད། །རྟོག་པའི་ཡེ་ཤེས་གཉིས་བྲལ་འདི་ལས་མ་གཏོགས་པ། །སངས་རྒྱས་ཆེ་བར་འདོད་ན་
རྨོངས་པར་ཤེས་པར་བྱ། །བྱ་བ་མེད་པའི་ཡིད་ཀྱིས་གང་ཡང་མ་བཙལ་ན། །ཡོན་ཏན་བཙལ་མི་དགོས་ཤིང་དེ་ཡི་མི་མཐུན་བྲལ། །རྒྱུ་དང་བསྟན་བཅོས་ཀུན་ལས་དེ་ཉིད་རྙེད་མིན་པས། །ཞེ་འདོད་མེད་པའི་སེམས་ལ་རྒྱུ་ཡི་དྲི་མ་བྲལ། །གང་དུའང་མ་ལྟ་ཡེ་ཤེས་ཆེན་པོ་ཉིད་
མྱོང་བ། །འཁོར་བའི་དུག་རྣམས་ཞི་བར་ནུས་པའི་རྣལ་འབྱོར་པས། །དགེ་སློང་གཞུ་འདྲ་རྒྱལ་སྲིད་ཀུན་ལ་དབང་སྒྱུར་བྱེད། །མིག་ནི་མི་འཛུམས་བསྒོམ་དུ་མེད་པའི་རྣལ་འབྱོར་པ། །དབེན་པའི་གནས་དང་གནས་མལ་མེད་པའི་གནས་ཉིད་དུ། །ཆགས་དང་སྡང་བ་སྤངས་པའི་དྲི་མ་
མེད་པའི་ཡིད། །དོན་དམ་སེམས་ཀྱི་ངོ་བོ་དེ་ནི་བསྒོམ་པར་བྱ། །ཨེ་མ་མཁའ་འགྲོ་གསང་བའི་སྐད། །དཀྱིལ་འཁོར་པ་དང་སྦྱིན་སྲེག་པས་སྟོང་ཞིང་། །སྔགས་དང་ཕྱག་རྒྱ་རབ་གནས་ལ་སོགས་རྣམ་བྲལ་བ། །རྒྱུད་དང་བསྟན་བཅོས་ཀུན་གྱི་བསྒྲུབ་པར་མི་ནུས་པའི། །རྡོ་རྗེ་
ཡེ་ཤེས་འདི་ནི་རང་བཞིན་གནས་ན་མཛེས། །གཅིག་གིས་གོ་བར་ནུས་པ་རིན་ཆེན་བརྡ་ཡི་མཆོག །སྦྲུལ་གྱི་གཟེབ་ལྟར་གཞན་ལ་མཛེས་པ་ཡོད་མ་ཡིན། །སྙིང་པོས་སྙིང་པོ་མཚོན་པ་བླ་མ་མཆོག་དག་ལས། །རྟོགས་པས་གཞན་ལ་མཚོན་ཏེ་དེ་ཉིད་རང་ལ་མཚོན། །
ནམ་མཁའ་ནོར་བུ་ཉི་མ་ལྟ་བུའི་མཐུ་མངའ་བ། །ཐིག་ལེ་གསུམ་དང་ཡིད་དྲན་པ་དང་དྲན་མེད་དང་། །སྦྱོར་བའི་སྒྲ་སོགས་གང་ལའང་སྤྱོད་པར་ནུས་རུང་བའི། །གསེར་འགྱུར་རྩི་ལྟར་ཆོས་རྣམས་ཐམས་ཅད་རོ་མཉམ་འགྱུར། །ལམ་སྦྱང་བ་ལ་གཉུག་མའི་ཡེ་ཤེས་གཅིག་པུ་གཅིག །
ལམ་ཉིད་བརྡས་སྟོན་པ་ནི་བླ་མ་མཆོག་དག་ལ། །གཟུགས་སྒྲ་དྲི་རོ་རེག་དང་ཆོས་ལ་བརྟེན་པར་བྱ། །ཆོས་རྣམས་ཐམས་ཅད་རྐྱེན་མེད་པར་ནི་སྐྱེ་མ་ཡིན། །མ་སྐྱེས་པ་ལ་མཁས་པའི་སྐལ་ལྡན་དེ་དག་གིས། །སྐྱེས་པ་ཐམས་ཅད་ལ་ནི་ཤུགས་ཀྱིས་མཁས་པར་འགྱུར། །

ཐ་མི་དད་པའི་ཡེ་ཤེས་ཁོ་ན་གཅིག་པུ་ཉིད། །རང་བཞིན་གཞག་པའི་སེམས་ཀྱིས་རང་ལ་ཁྱབ་པར་འགྱུར། །བདག་དང་གཞན་དུ་སྣང་བའི་རང་བཞིན་གཅིག་ཤེས་ཤིང་། །དེ་ཉིད་ཁོ་ན་མ་ཡེངས་པ་ཡིས་ཡོངས་བཟུང་སྟེ། །དེ་ཉིད་སེམས་ཀྱི་ཟུག་རྔུ་
ཡིན་ཕྱིར་བཏང་ནས་ཀྱང་། །གང་ལའང་ཞན་པ་མེད་པས་བདེ་བ་ལེན་པར་བྱེད། །སེམས་ལ་གནོད་པའི་ལས་ནི་ཐམས་ཅད་ཀྱིས་སྟོང་ཞིང་། །རྙེད་དང་ལེན་པའི་བྱ་བ་གང་གིས་གོས་པ་མེད། །རྩོལ་དང་བྲལ་ཞིང་གནས་སྐབས་གློ་བུར་རྐྱེན་མེད་པར། །སྣང་བ་སྣ་ཚོགས་ཕྱག་
རྒྱ་འདི་ནི་གཟིགས་མོར་ཆེ། །ཐམས་ཅད་ཐམས་ཅད་དམ་པའི་དུས་སུ་ཉེར་མཐོང་ནས། །བླ་མར་མ་གྱུར་ཆོས་ནི་གང་ཡང་ཡོད་མ་ཡིན། །བར་སྣང་མཛུབ་མོས་མཚོན་པས་བར་སྣང་མཐོང་བ་མེད། །བླ་མས་མཚོན་པའི་བླ་མ་དེ་ཡང་དེ་བཞིན་ནོ། །བརྟུལ་ཞུགས་སྤྱོད་པའི་རྣལ་
འབྱོར་པ་ནི་གྲོང་ཁྱེར་སེམས། །རྒྱལ་པོའི་ཕོ་བྲང་འཇུག་ཅིང་བུ་མོ་དང་རྩེ་ཡང་། །སྐྱུར་བ་སྔར་ཟོས་པ་ཡིས་སྐྱུར་བ་མཐོང་བ་བཞིན། །ཡུལ་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་རིག །ཚོགས་ཀྱི་འཁོར་ལོ་ཉེ་བར་བརྒྱན་པའི་གནས་ཉིད་དུ། །ཀུན་དུ་རུ་ཡི་སྐབས་སུ་བདེ་བ་ཆེ་
མཐོང་ནས། །བརྡ་དང་དམ་ཚིག་ལྡན་པའི་རྣལ་འབྱོར་རྣམས་ཀྱིས་ནི། །སྲིད་དང་ཞི་བ་མཉམ་པ་ཉིད་ལེགས་ཕྱག་རྒྱ་ཆེ། །ཨེ་མ་མཁའ་འགྲོ་གསང་བའི་སྐད། །ཡེ་ཤེས་སྐྱེས་པའི་རྣལ་འབྱོར་གང་ལའང་དོགས་མེད་པས། །དབང་ཕྱུག་ཐབས་དང་ལྡན་པས་མཐར་སྐྱེས་
བཙལ་བར་བྱ། །དམན་པའི་གྲོང་ཁྱེར་ཞུགས་ནས་གང་དང་མཐུན་པ་ལ། །ཆུང་ངུ་ཆུང་ངུས་བྲིད་ཅིང་ཆེན་པོ་དེ་ལ་སྦྱིན། །དེ་ཡིས་བསྙེན་བཀུར་བྱས་པའི་རྫས་ནི་ཇི་སྙེད་པ། །བདག་གིར་མེད་པའི་སེམས་ཀྱིས་དེ་ལ་གཏད་པར་བྱ། །ཀུན་དུ་འཁྱམ་ཞིང་མཚན་མ་རབ་ཏུ་བརྟག་བྱ་སྟེ། །
རིགས་དང་ཁ་དོག་མཚན་མའི་ཚོགས་ཀྱིས་རིམ་ཤེས་བྱ། །རང་གི་བུ་མོ་མ་དང་སྲིང་མོ་ཚ་མོ་དང་། །གཡུང་མོ་ཚོས་མ་སྨད་འཚོང་གསོ་རས་ཀྱིས་འཚོ་བ། །སྔོ་བསངས་དང་ནི་དཀར་ཤམ་དམར་སེར་སྨུག་ནག་མ། །སྨེ་བ་ཅན་ལ་རྒྱུད་སྦྱར་སླ་བའི་ཕྱག་རྒྱ་ནི། །བཅུ་དྲུག་ལོ་ལོན་

རབ་ཏུ་མཛེས་པ་སྐྲ་སེར་ལི། །ཨུཏྤ་ལ་ཡི་དྲིས་ཁྱབ་ནུ་མ་སྲ་མཁྲེགས་རྐེད་པ་ཕྲ། །སྨད་ཀྱི་ཞེང་རྒྱས་བྷ་ག་རུབ་ཅིང་ཆགས་པའི་མདངས། །རྐྱང་མ་དང་བཅས་གསང་ཐུབ་གུས་པས་རབ་ཏུ་གཞོལ། །དད་པ་རབ་ཏུ་བརྟན་ཞིང་རྟོག་པ་ཆུང་གྱུར་པ། །རྟགས་གསུམ་ལྡན་པའི་ཕྱག་རྒྱ་དབང་གིས་
སྨིན་པར་བྱ། །ཡོན་ཏན་བཟུང་ན་རང་གིས་རིག་པའི་ཡེ་ཤེས་སྦྱིན། །སྐབས་སུ་རོ་སྙོམས་གཉུག་མའི་ཡེ་ཤེས་ཕྱག་རྒྱ་བཟུང་། །བཙུན་མོའི་ཤུ་ཀྲ་དགུག་པའི་ཕྱག་རྒྱ་ཆེན་མོ་ནི། །དུས་ཀྱིས་བསྡུ་བ་བྱས་ནས་རྟོག་མེད་མཁའ་ལ་བསྟིམ། །རེས་འགའ་ཚོང་དུས་གནས་ན་ཇི་ལྟར་འདུག །
དོན་གྱིས་དོན་ལ་བལྟས་ནས་དོན་ཉིད་གར་དགར་བཏང་། །རེས་འགའ་དུར་ཁྲོད་ཞུགས་ནས་སྒྲོན་མ་དག་ལ་སྤྱོད། །ཉམ་ང་མེད་པའི་སེམས་ཀྱིས་ཡི་དྭགས་གནས་སུ་ཉལ། །གདོལ་པ་རྣམས་དང་འགྲོགས་ཏེ་རོ་ཡི་འཁོར་ལོ་དྲང་། །འདི་བྱ་མེད་པའི་སྤྱོད་པ་ཚད་དུ་
གཟུང་མི་བྱ། །གླུ་གར་གླིང་བུ་རྩེད་འཇོ་རོལ་མོའི་ཚོགས་སུ་འཇུག །ཧེ་རུ་ཀ་ཡི་གར་དང་དྲུག་ལ་སྐྱེས་སོགས་གླུས། །སེམས་ལ་གཟེངས་བསྟོད་ཅུང་ཟད་སྐྱོ་བར་མི་བྱའོ། །རྒྱབ་ཏུ་ལ་བ་བགོ་ཞིང་ཡན་ལག་ཟངས་མས་སྤྲས། །འཁོར་ལོ་ལྡན་པའི་ཐོར་ཚུགས་སྤྱི་
གཙུག་དག་ཏུ་གཟུང་། །རུས་པའི་དུམ་བུས་ཡན་ལག་ཀུན་ལ་བརྒྱན་བྱས་ནས། །གླང་ཆེན་སྟག་གི་པགས་པས་སྟོད་དང་སྨད་དཀྲིས་ཏེ། །ཁ་ཊྭཱཾ་དྲིལ་བུར་ལྡན་པ་ལག་ཏུ་ཐོགས་པར་བྱ། །གླང་ཆེན་སྨྱོན་པའི་སྤྱོད་པ་ལྐུགས་པ་བྱས་ནས་ནི། །བྱ་མེད་མི་བྱ་མེད་པའི་
སྤྱོད་པ་རང་ཤུགས་ཀྱིས། །གླང་ཆེན་མཚོ་རུ་ཞུགས་འདྲ་རྟག་ཏུ་སྨྱོན་སེམས་ཀྱིས། །དམན་པའི་ཆོས་རྣམས་སྤྱད་ན་གྲོལ་བར་མདའ་བསྣུན་སྨྲ། །ཨེ་མ་མཁའ་འགྲོ་གསང་བའི་སྐད། །སྣ་ཚོགས་ཆོས་རྣམས་ཐམས་ཅད་རོ་གཅིག་པར། །སྟོན་པར་བྱེད་པ་བླ་མ་
དམ་པ་ཉིད་ཡིན་ཏེ། །ངང་པའི་མཆུ་དང་མཚུངས་པའི་རྗེ་བཙུན་མཆོག་དེ་ནི། །གུས་པའི་སེམས་ཀྱིས་གཙང་མའི་སྤྱི་བོར་བླང་བར་བྱ། །གཅིག་ཏུ་བསྡུས་པའི་སེམས་ནི་མཚོན་བྱེད་བླ་མ་སྟེ། །མཚོན་པར་བྱ་བའི་གཞི་ནི་སློབ་མའི་སྙིང་ཉིད་དོ། །དེ་རྟོགས་པ་

ཡིས་སྡུག་བསྔལ་ཐམས་ཅད་སྐད་ཅིག་ལ། །འཇོམས་པར་བྱེད་པའི་དཔའ་བོ་དེ་ནི་དྲིན་ཅན་པས། །དོན་ལ་བལྟས་ནས་བྱས་པ་དྲིན་དུ་གཟོ་བའི་ཕྱིར། །སྨན་པའི་རྒྱལ་པོ་དེ་ནི་རྟག་ཏུ་གཟུང་བར་བྱ། །འཁོར་བའི་རྒྱ་མཚོ་ཟབ་ཅིང་རྒྱ་
ཆེ་ལས། །སྒྲོལ་བའི་གྲུ་མཆོག་དེ་ནི་གཞན་མེད་དེ། །དམ་པའི་གྲུ་ལ་བརྟེན་ནས་བདེ་ཆེན་རྙེད་གྱུར་པའི། །སྟོབས་ཆེན་གཉེན་པ་དེ་ནི་གཡོ་མེད་ཀུན་གྱིས་བཀུར། །ཡེ་ཤེས་ཉི་མ་ལྟ་བུའི་འོད་ཟེར་དག་པ་ཡིས། །མ་རིག་རིག་པར་བྱེད་པའི་སྐྱེས་བུ་མཆོག་དེ་ནི། །
གསེར་འགྱུར་རྩི་ལྟར་ཆོས་རྣམས་ཐམས་ཅད་བདེ་བར་སྒྱུར་མཛད་པའི། །ཐབས་ལ་མཁས་པ་འཁོར་ལོས་སྒྱུར་རྒྱལ་རྟག་ཏུ་བསྟེན། །ཆུ་བོ་ལྟ་བུའི་སེམས་ཀྱིས་གཉིས་ལྟ་ཟིལ་གནོན་ཅིང་། །གང་ཡང་མ་སྤངས་གོས་པ་མེད་པའི་ཡེ་ཤེས་ལྡན། །བློ་མ་བཅོས་ཤིང་
བློ་ཡི་རྣམ་པ་གནས་གྱུར་པ། །བླ་མ་དམ་པའི་ཞལ་གྱི་བདུད་རྩི་ལས་ནི་བྱུང་། །སེམས་དང་སེམས་ལས་བྱུང་ཞེས་ཐ་སྙད་པ་རྣམས་ཀྱིས། །བརྟག་པ་འདི་ནི་རྣལ་འབྱོར་པ་ཡི་གྲོགས་རྣམས་སུ། །སྒྱུར་བར་བྱེད་པ་བླ་མའི་ཞལ་གྱི་པདྨོ་སྟེ། །ཐམས་ཅད་
དགེ་བའི་བཤེས་སུ་བསྒྱུར་བ་དེ་ལས་བྱུང་། །རྒྱུད་རྣམས་ཀུན་དུ་སྤྲས་ཤིང་ཐ་སྙད་ཀྱིས་དབེན་པ། །སངས་རྒྱས་རྣམས་ཀྱི་གསང་བ་སུས་ཀྱང་ཤེས་མི་འགྱུར། །མན་ངག་མིག་གིས་མཐོང་ཞིང་དབང་བའི་རོས་ཁྱབ་པ། །ཞབས་ཀྱི་རྡུལ་ལ་རེག་ན་ཡེ་ཤེས་རིག་
པར་འགྱུར། །སྣ་ཚོགས་དངོས་པོའི་ཆོས་ལ་སྟོང་པའི་མདའ་འཕེན་དང་། །སྟོང་པ་སྣང་བའི་ཐབས་ཀྱིས་མྱོང་བར་འགྱུར་བྱེད་པ། །ཤེས་རབ་ཤེས་པས་སྣང་བ་གཞལ་བྱར་མཐོང་བ་སྟེ། །ཤེས་རབ་དེ་ནི་བླ་མེད་སློབ་དཔོན་དག་ལས་འབྱུང་། །ཉོན་མོངས་
ཐམས་ཅད་ཐབས་ཀྱིས་མཆོག་ཏུ་སྒྱུར་བྱེད་དང་། །རྟོག་པའི་ཟུག་རྔུ་གང་གིས་སྒྱུར་བར་མི་ནུས་པ། །འདི་ནི་མན་ངག་སྙིང་པོ་ལས་ནི་ངེས་འབྱུང་དང་། །དེ་ཡང་རྗེ་བཙུན་མཐུ་ལས་ངེས་པར་རྙེད་པར་འགྱུར། །དེ་ཕྱིར་རྒྱུད་པར་ལྡན་པའི་བྱིན་རླབས་གང་ལྡན་པ། །དུས་

ཐབས་བསྟེན་པ་མཁས་པས་རྟག་ཏུ་བསྟེན་པར་བྱ། །ཨེ་མ་མཁའ་འགྲོ་གསང་བའི་སྐད། །ཐབས་དང་ཤེས་རབ་རང་བཞིན་མཉམ་པ་ཉིད་རྟོགས་ནས། །འོད་གསལ་ལས་ནི་ལྷན་ཅིག་སྐྱེས་པ་རྙེད་པར་འགྱུར། །ཟླ་བ་རྒྱས་འདྲ་བ་ནི་གོམས་པ་ལས་བྱུང་སྟེ། །
གསལ་བར་བྱེད་པ་སཱ་ལུ་ཉི་ཟླའི་འོད་འདྲར་སྤྱོད། །དངོས་གྲུབ་ཀུན་གྱི་རྩ་བ་རྡོ་རྗེ་སློབ་དཔོན་ཡིན། །ལེགས་པར་སྦྱངས་པ་རྒྱུ་ཉིད་འབྲས་བུ་ཀུན་གྱི་ལུས། །བདེ་བར་གཤེགས་པའི་བཀའ་དང་མཐུན་པར་བྱ་བའི་ཕྱིར། །བྱང་ཆུབ་སེམས་དཔའ་བདེ་བའི་མགོན་པོས་
ལེགས་གསུངས་པ། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ། །ངོ་བོ་ཉིད་ཀྱི་སྐུ་ནི་རྒྱུ་འབྲས་རབ་ཤེས་བྱ། །སྒྲོ་སྐུར་གཉིས་ཀྱིས་སྟོང་པ་གཉིས་མེད་ཆོས་ཡིན་ཏེ། །ངོ་བོ་ཉིད་ཀྱི་བདེ་བ་དེ་ནི་ལོངས་སྤྱོད་ཆེ། །སྣ་ཚོགས་པ་ཡིས་འགྲོ་བ་ཐམས་ཅད་
སྤྲུལ་པ་ལས། །དབྱེར་མེད་ཡེ་ཤེས་ཉིད་ནི་ཀུན་གྱི་བདག །སྐྱེད་པར་བྱ་དང་བྱེད་པའི་རང་བཞིན་མི་དམིགས་ཀྱང་། །གོམས་པའི་མཐུ་ཡིས་དོགས་པ་ཐམས་ཅད་ཟིལ་མནན་ནས། །འབྲས་བུ་གཉིས་ནི་རང་དང་གཞན་དོན་ཕུན་ཚོགས་ཡིན། །རྒྱུ་དང་འབྲས་བུར་
བཏགས་ཀྱང་ངོ་བོ་དེ་དབྱེར་མེད། །སྨོན་ལམ་སྙིང་རྗེའི་སྟོབས་ཀྱིས་གཟུགས་སྐུ་རྣམ་གཉིས་འབྱུང་། །བུམ་པ་བཟང་དང་དཔག་བསམ་ཤིང་དང་ནོར་བུ་རིན་ཆེན་ལྟར། །གང་གིས་བཟུང་བ་མེད་པའི་སྐུ་ནི་རབ་ཏུ་མཛེས། །གདུལ་བྱ་རྣམས་ལ་སྣ་ཚོགས་པ་ཡི་གཟུགས་
ཤར་བས། །དེ་དག་ཐམས་ཅད་བསམ་མི་ཁྱབ་པའི་སྤྲུལ་པ་སྟེ། །བསམ་དུ་མེད་པའི་ཡེ་ཤེས་རང་བྱུང་གང་བསྒོམ་པ། །དེར་ནི་འབྲས་བུ་མ་ལུས་བསྒོམ་པར་འགྱུར་བ་ཡིན། །ཐེག་པ་ཆེན་པོ་བླ་མེད་སྙིང་པོའི་ལམ་འདི་ནི། །འབྲས་བུ་ལམ་དུ་ཁྱེར་ནས་གདོད་
ནས་འབྲས་བུར་གནས། །གཞན་དོན་ཕུན་སུམ་ཚོགས་པ་འབྲས་བུའི་མཆོག་ཡིན་ཏེ། །སྦྱངས་པ་གཙོ་བོར་གྱུར་པ་སོགས་ལས་དེ་ནི་འབྱུང་། །གྲོལ་བ་ཆེན་པོ་ལས་སྦྱངས་རེ་བ་མེད་པའི་སེམས། །རྒྱུན་མི་འཆད་པའི་མཐུ་ལས་ངེས་པ་རྙེད་པར་འགྱུར། །སྐྱེས་བུ་རིན་

ཆེན་གང་ལ་ལྷ་རྫས་འདི་སྐྱེས་པས། །གདུག་པ་མ་ལུས་ཐམས་ཅད་སྐད་ཅིག་ཉེར་ཞི་ཐིམ། །སེངྒེ་གླང་ཆེན་སྨྱོན་དང་སྟག་དང་དྲེད་མོ་དང་། །གཅན་ཟན་ཁྲོ་བོ་དུག་སྦྲུལ་མེ་དང་གཡང་ས་དང་། །རྒྱལ་པོའི་ཆད་པ་དུག་དང་ཐོག་དང་ལྕེ་འབབ་པ། །
ཐམས་ཅད་ངོ་བོ་དེ་ཉིད་ཡིན་ཕྱིར་གནོད་པ་མེད། །རྣམ་རྟོག་དགྲ་ཆེན་ཆོམས་པས་དགྲ་འདི་ཐམས་ཅད་ཆོམས། །བདག་ལྟའི་གདུག་པ་ཐུལ་བས་གདུག་པ་ཐམས་ཅད་ཐུལ། །དེ་ཕྱིར་སེམས་ཀྱི་ནོར་བུ་འདི་ནི་དམ་པར་བྱོས། །ཨེ་མ་མཁའ་འགྲོ་གསང་བའི་སྐད། །
སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གང་རིག་པ། །སྐྱེས་བུ་དེ་ལ་གདུག་པའི་ལྐུགས་པ་ཡོད་མ་ཡིན། །ལས་རྣམས་གང་ལའང་དགེ་དང་སྡིག་པ་གཉིས་རྟོགས་པ། །གང་ཞིག་རྩོལ་བ་དེ་ནི་གདུག་པའི་སྦྱོར་བར་བཤད། །གང་ཟག་གིས་སྤྱོད་དེ་ནི་རང་གིས་རང་
བཅིངས་པའོ། །མོས་པ་རྒྱུན་ཆགས་པ་ཡི་ནད་ཀྱིས་འཁོར་བར་ལྟུང་། །རྟོག་གེས་དགོས་པ་མེད་ཅིང་སྔ་མས་ཆོག་པར་ཟད། །གང་ལ་དམིགས་ཀྱང་དམིགས་པ་དེ་ཡིས་ཐར་པ་སྒྲིབ། །བཟང་པོར་རྟོགས་ཀྱང་དེ་ཡི་ནད་ཀྱིས་འཁོར་བར་ལྟུང་། །དམན་པའི་ལས་ལ་
བརྟག་ན་རྣམ་སྨིན་རྒྱུན་མི་འཆད། །བརྟག་པ་མེད་པའི་སེམས་ནི་ནམ་མཁའ་ལྟ་བུར་གནས། །ནམ་མཁའ་གནས་པ་མེད་པ་དེ་ཉིད་ཐ་སྙད་བྲལ། །བྲལ་བའི་སེམས་ལ་བརྟག་དང་དཔྱད་པ་མི་དགོས་ཀྱི། །རང་བཞིན་གཞག་པ་ཇི་ལྟ་བུ་ཉིད་དེ་ལྟ་ཉིད། །འབྲས་བུ་
ཐོགས་པ་མེད་པ་གདོད་ནས་རང་ལ་གནས། །དེ་ཕྱིར་རེ་དང་དོགས་པའི་གཉེན་པོས་འཆིང་མི་དགོས། །བརྡ་དང་ཐ་སྙད་བཏགས་པ་ཀུན་ཀྱང་དེ་བཞིན་ཏེ། །ཡང་དག་མ་ཡིན་ཡིན་པ་མཁས་པ་ཀུན་གྱི་ཡུལ། །རྒྱུ་དང་འབྲས་བུ་དབྱེར་མེད་འདི་ནི་སྙིང་པོའི་སེམས། །
དེ་མྱོང་བ་ཡི་འབད་པས་ཀུན་ལས་བཙལ་མི་དགོས། །དམ་པ་བསྟེན་དང་ཉེན་དང་ཐོས་པ་ལྷུར་ལེན་དང་། །ཡོན་ཏན་དབང་ལས་འབྱུང་ཞེས་བྱིན་རླབས་ནོད་པ་དང་། །ཏིང་འཛིན་བློར་གཞག་ནས་ནི་སྦྱོར་དང་སྒོམ་པ་དང་། །ཕན་ངེས་སྔོན་དུ་སོང་ནས་བརྟུལ་ཞུགས་

གང་སྤྱོད་པ། །དེ་དག་ཐམས་ཅད་ལོག་རྟོག་བཅོས་མ་ལ་སྤྱོད་ཡིན། །སྙིང་པོའི་སེམས་ནི་སྐྱོན་དང་ཡོན་ཏན་རྣམས་དང་བྲལ། །དོན་དེ་ཉིད་ནི་བྱ་བ་གང་ཡང་མི་དགོས་ཀྱི། །བྱ་བ་བཏང་བའི་སེམས་ནི་བདེ་བ་ཆེ་མཆོག་ཉིད། །ལྔ་རིག་ལ་སོགས་ཞེ་འདོད་གདོན་གྱིས་
ཟིན། །དངོས་པོར་འཛིན་པའི་དུག་གིས་རང་གི་སེམས་ལ་ཁྱབ། །ཕྱི་རོལ་སྤངས་པའི་སེམས་ནི་ནང་དུ་འཇོག་པ་ཅན། །སྙིང་པོ་ལ་སྤྱོད་རྣམས་ཀྱིས་འདི་ཉིད་བསམ་པར་རིགས། །རྟོག་གེ་སྤྲོས་པའི་སྦུན་པ་ཕྱིར་བསལ་ནས། །གཉུག་མའི་དབང་པོ་དག་ལས་སྐྱེས་
པ་ཡི། །དོན་གྱི་སྙིང་པོ་བླ་ན་མེད་པ་འདི། །རྟོགས་པས་བཅུ་བཞིའི་ས་ལ་གནས་པར་འགྱུར། །རྣལ་འབྱོར་ཡེ་ཤེས་ཆེན་པོ་གང་འདོད་པ། །རིམ་དང་ཅིག་ཅར་འཇུག་པའི་རིམ་ཆོས་ཀྱིས། །ཡེ་ཤེས་མཆོག་གི་གོ་འཕང་སྙིང་པོ་རྣམས། །བཀོད་པས་འགྲོ་
རྣམས་ཕྱག་རྒྱ་ཆེ་ཐོབ་ཤོག །སྙིང་པོ་བླ་ན་མེད་པ་གཏན་ལ་དབབ་པ་དོ་ཧ་མཛོད་ཅེས་བྱ་བ། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་ར་ཧ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། བླ་མ་ཨ་སུས་ཞུས།། ༄༅༅། །རྒྱ་གར་སྐད་དུ།
དོ་ཧ་ཀོ་ཥ་ནཱ་མ་ཙཱརྱ་གཱི་ཏི་ཨརྠ་པྲ་དཱི་པ་ནཱ་མ་ཊཱི་ཀཱ། བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྟོག་མེད་སྤྲོས་བྲལ་བདེ་བ་ཆེན་པོའི་དབྱིངས། །ཡིད་
ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་ངང་། །རྐྱེན་བྲལ་རྣམ་གསུམ་སྐུ་གསུམ་ལྷུན་གྲུབ་པའི། །དོན་སྟོན་བླ་མ་གོང་མ་རྣམས་ལ་འདུད། །དོན་དམ་སྤྲོས་བྲལ་སྐུ་བཞིས་བདུད་བཞི་འཇོམས། །ཐིག་ལེ་གསུམ་གྱིས་སྐུ་གསུམ་ངོ་སྤྲད་པའི། །དྲན་མེད་གཉིས་ཀྱིས་བདེན་
གཉིས་གཏན་ལ་འབེབས། །ཟབ་མོའི་དོན་སྟོན་དོ་ཧའི་དོན་འགྲེལ་འདི། །རྐྱེན་གསུམ་བྲལ་བའི་བླ་མ་གོང་མ་དང་། །བརྒྱུད་པ་དང་ལྡན་སྙིང་པོའི་དོན་རྟོགས་ལ། །བདག་གིས་གདམས་པ་འདི་བརྩམ་མི་རིགས་ཏེ། །བདག་འདྲ་བློ་དམན་སྐྱེ་བོའི་དོན་དུ་རྩོམ། །

གཞན་རྣམས་རྩ་བའི་རྗེས་ལ་འགྲེལ་པས་འཆད། །བདག་ལུགས་གདམས་ངག་རྗེས་ལ་རྩ་བས་འཆིང་། །བཀའ་རྒྱུད་ལུང་རྣམས་བྲིས་པས་རྫོགས་མེད་པས། །ལུང་དང་མི་འགལ་བླ་མའི་གདམས་ངག་བྲི།། །།རྒྱལ་བའི་མཆོད་གནས་
བྲམ་ཟེ་ཆེན་པོ་དེ། །སྣོད་དང་ལྡན་པས་མཁའ་འགྲོས་བྱིན་གྱིས་བརླབས། །སྤྱོད་པ་མཛད་པས་བརྡ་དོན་ཐུགས་སུ་ཆུད། །མཚན་ཉིད་རྟོགས་པས་མདའ་མཁན་མོ་དང་འགྲོགས། །དོན་ལ་མ་དགོངས་རྒྱལ་པོས་བཀའ་བཀྱོན་མཛད། །ཚིག་དོན་བཞི་བཅུའི་ལན་ལ་
མགུར་བཞེངས་པའི། །ཆོས་སྐུ་གཙོར་སྟོན་རཱ་ཛའི་དོ་ཧ་ལས། །མཚོན་བྱེད་དཔེ་ཡིས་མཚོན་བྱ་སྐུ་བཞི་སྟོན། །བསྡུས་པའི་དོན་ནི་ཉི་ཤུ་རྩ་གསུམ་གྱིས། །གཞུང་གི་དོན་རྣམས་མདོར་བསྡུས་གསལ་བར་བྱེད། །གཞུང་གི་ཚད་ནི་ཚིགས་བཅད་བཞི་བཅུ་ཡིན། །
ཚིག་རྐང་བཞི་བཞིས་འབྲུ་དོན་གསལ་བར་བྱེད།། །།དེ་ལ་རེ་ཞིག་རྒྱལ་པོའི་དོན་དུ་མགུར་དུ་བཞེངས་པའི་ཚིགས་སུ་བཅད་པ་བཞི་བཅུ་པ་འདི་ལ་དོན་རྣམ་པ་གཉིས་ཏེ། དང་པོ་བྲམ་ཟེ་ཆེན་པོའི་ཐུགས་དམ་ལ་ཕྱག་འཚལ་བ་དང་། དེའི་གཞུང་རྣམས་གསལ་
བར་བསྟན་པའོ། །དེ་ཡང་བྲམ་ཟེ་ཆེན་པོའི་ཐུགས་དམ་ནི་བདུད་བཞི་འཇོམས་པའི་སྐུ་བཞི་ཡིན་ཏེ། དེ་ལ་བདུད་བཞི་ནི་ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་དོ། །དེ་ལ་ཕུང་པོའི་བདུད་ནི། ཕ་མ་
གཉིས་ཀྱི་ཐིག་ལེ་དཀར་དམར་ལས། རྣམ་པར་ཤེས་པ་ཨའི་ཚུལ་དུ་ཞུགས་ནས་ཕུང་པོ་གྲུབ་པ་ནི་ཕུང་པོ་ཞེས་བྱ་ལ། ཕུང་པོ་དེས་སྡུག་བསྔལ་གྱི་རྣམ་པ་མང་པོ་ཉམས་སུ་མྱོང་བ་ནི་བདུད་ཅེས་བྱའོ། །སྡུག་བསྔལ་གྱི་དབང་དུ་ཕུང་པོ་གྱུར་པས་སྟོབས་ཆེ་བའོ། །
དེ་འཇོམས་པར་བྱེད་པ་ནི། ཕ་མ་གཉིས་ཀྱི་ཐིག་ལེ་དཀར་དམར་གཉིས་ནི་རྐྱེན་གྱིས་བསྐྱེད་པ་ཡིན་ལ། དེ་ལ་རྣམ་ཤེས་ཨར་ཞུགས་པ་ནི། མ་སྐྱེ་བ་མེད་པ་ལས་རྐྱེན་སྣང་གི་ཕུང་པོར་གྲུབ་ཀྱང་། ཕུང་པོ་ཉིད་མེད་བཞིན་དུ་སྤྲུལ་པས་སྒྱུ་མ་ཡིན་པའི་ཕྱིར་སྒྱུ་

མ་དེ་ལ་རློམ་སེམས་དང་བྲལ་བའོ། །གང་རློམ་སེམས་དང་བྲལ་བ་ནི་དོན་གྱི་ལུས་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དྲན་པ་མེད་པའི་དབྱིངས་ཡིན་ཏེ། དེ་ཉིད་ནི་སྤྲུལ་པའི་སྐུའོ། །སྤྲུལ་སྐུ་ལ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཅི་ཡང་སྣང་ཡང་།
ནམ་མཁའི་སྤྲིན་པ་གཞན་དུ་ཡལ་ཏེ་འགྲོ་བའི་ཕྱིར་ཕུང་པོའི་བདུད་བཅོམ་པའོ། །ཉོན་མོངས་པའི་བདུད་ནི་ཕུང་པོ་ལ་བརྟེན་ནས་དབང་པོ་ལྔ་ལ་ཆགས། དབང་པོ་ལྔས་ནི་ཕྱི་ནང་གི་ཡུལ་ལ་བཟུང་ནས་ཉོན་མོངས་པ་སྐྱེ་བའི་བདུད་ཡིན་ལ། ཉོན་མོངས་པའི་དབང་
དུ་གྱུར་ནས་དེ་ལ་སྤྱོད་པ་ནི་སྟོབས་ཆེ་བའོ། །དེ་འཇོམས་པ་ནི་ཉོན་མོངས་ཉིད་དྲན་པས་ཆགས་སྡང་སྐྱེས་པ་ཡིན་ལ། དྲན་པ་ཉིད་དྲན་མེད་ལས་སྐྱེས་པས། དྲན་མ་དྲན་གཉིས་ཉོན་མོངས་པའི་རྩ་བ་ཡིན་པས། དེའི་ཕྱིར་དྲན་མ་དྲན་གཉིས་འཇོམས་པ་ནི་
རྐྱེན་ལས་སྐྱེས་ལ། དྲན་མེད་ཀྱང་ལྟོས་པའི་ཆོས་ཡིན་ཏེ། དེ་གཉིས་ཀས་མཚན་པའི་དུས་སུ་ཅི་ཡང་མི་སྐྱེ་བའི་དོན་གྱི་ངག་བརྗོད་པ་དང་བྲལ་བས། ཚིག་དང་ཐ་སྙད་ལས་འདས་པས་སྐྱེ་བ་མེད་པའི་དབྱིངས་ཡིན་ཏེ། དེ་ཐམས་ཅད་ལ་ཁྱབ་ཅིང་ལོངས་
སྤྱོད་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ལོངས་སྐུ་ལ་ཉོན་མོངས་པ་ཅི་སྐྱེས་ཀྱང་ལོངས་སྤྱོད་པ་ཡིན་ཏེ། ཉོན་མོངས་པའི་འདམ་གྱིས་སྐྱེ་མེད་ལ་མ་གོས་པས། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་ཉེས་པའི་སྐྱོན་གྱིས་མ་གོས་པ་དང་འདྲ་བའི་ཕྱིར་ཉོན་
མོངས་པའི་བདུད་བཅོམ་པའོ།། །།ཕུང་པོ་ལ་བརྟེན་པའི་དྲན་པ་འདི་འཆི་བའི་བདག་པོ་ཡིན་ཏེ། དྲན་པ་འདིས་ཕུང་པོ་མི་འདྲ་བ་དུ་མ་བཙལ་ནས། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་མི་ཐར་བས་བདུད་ཡིན་ལ། དུས་རྟག་ཏུ་སྐྱེ་ཤིའི་དབང་དུ་གྱུར་པས་
སྟོབས་ཆེ་བའོ། །དེ་འཇོམས་པ་ནི་ཕུང་པོ་རྐྱེན་ལས་སྐྱེས་པ་ལ་དྲན་རིག་གློ་བུར་བརྟེན་པ་ནི་གཞི་མེད་པ་ལ་བརྟེན་པ་སྟེ། ཕུང་པོ་རྐྱེན་གྱིས་སྐྱེས་པས་འཇིག །དྲན་པ་གློ་བུར་བ་ཡིན་པས་ཡལ་འགྲོ་སྟེ། དོན་གྱི་ཡིད་ཐོས་བསམ་བསྒོམ་གསུམ་དང་བྲལ་བའི་དབྱིངས་

བློ་ལས་འདས་པ་སྟེ། བློ་ལས་འདས་པའི་དབྱིངས་སུ་བློས་བྱས་པ་སྣ་ཚོགས་ཡལ་ཏེ། དཔེར་ན་རྒྱ་མཚོའི་ནང་དུ་ཁ་བ་བབས་པ་ལྟར་རང་བཞིན་མེད་པར་ཤེས་ནས། སྤྲོས་པ་དང་བྲལ་བར་གནས་པ་ནི་ཆོས་སྐུའོ། །ཆོས་ཀྱི་སྐུ་རྟོགས་
པས་ནི་འཆི་བདག་གི་བདུད་བཅོམ་མོ།། །།ལྷའི་བུའི་བདུད་ནི། རྩ་དང་ནཱ་ད་ཐིག་ལེ་སྟོང་པ་ཉིད་ཀྱི་ཞི་གནས་བསྒོམས་པས་ཟག་པ་དང་བཅས་པའི་བདེ་བ་སྐྱེས་པ་ནི་ལྷ་ཡིན་ལ། དེ་ཉིད་རྩོལ་སྒྲུབ་དང་བཅས་ནས་དྲན་པ་བསྒོམ་དགོས་ཏེ། དྲན་པ་ནི་
བསམ་པ། བསམ་པ་ནི་རྣམ་པར་རྟོག་པ། རྣམ་པར་རྟོག་པ་ནི་འཁོར་བ་ཡིན་པས་བདུད་ཅེས་བྱའོ། །ཟག་བཅས་ཀྱི་བདེ་བ་ལ་རེ་བ་ལ་རེ་བ་བྱས་ནས། ཟག་མེད་ཀྱི་སྐུ་ཐོབ་པོ་སྙམ་པའི་དབང་དུ་གྱུར་པས་སྟོབས་ཞེས་བྱའོ། །དེ་འཇོམས་པ་ནི་མཚན་མ་དང་
བཅས་པའི་བདེ་བ་ནི་ལུས་དྲན་པ་གཉིས་འདུས་པ་ལས་བདེ་བ་སྐྱེས་པ་ཡིན་ལ། ལུས་མེད་ན་བདེ་བ་སྐྱེ་བའི་གནས་མེད་ལ། དྲན་པ་མེད་ན་ལུས་ལ་སྒོམ་