Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 52
Văn bản gốc(Tây Tạng)
Trang 8 / 19 (50.000 ký tự/trang)
བཏང་གཞག་མེད་ཅིང་རང་བཞིན་རྣམ་པར་གྲོལ། །འཛིན་མེད་ཡིད་ལ་བྱ་མེད་རྣལ་འབྱོར་བསམ་གཏན་ཉིད། །གང་ལ་མི་བསྒོམ་གང་དུའང་བཙལ་བ་མེད་པ་དེ། །བསམ་དུ་མེད་པས་ཡིད་ལ་མི་ བྱེད་རོ་སྙོམས་ཀྱེ། །ཡེ་ཤེས་མཁའ་འདྲ་བསམ་བྲལ་མ་བཅོས་སྙིང་པོའི་དོན། །འདི་ལ་བློ་ཡིས་བསམ་ཞིང་བརྗོད་དུ་མེད་དོ་ཀྱེ། །ཡེ་བཏང་རང་ཡན་ཚོགས་དྲུག་ལྷུག་པའི་སྤྱོད་པ་འདི། །ཚོགས་དྲུག་རྗེས་སུ་སྦྱོར་བའི་མཁས་པས་བཏང་གཞག་མེད། །ཁོ་ན་ཉིད་ཀྱི་རྣལ་འབྱོར་ལྷག་པའི་བསམ་བྲལ་ བས། །དེ་བཞིན་ཉིད་ལ་མི་གནས་གང་ལ་རང་བཞིན་མེད་པར་གྲོལ། །འོད་གསལ་རྫོགས་དང་ཐིམ་དང་འགགས་པར་འགྱུར་བ་གང་། །ཇི་ལྟར་བསྒོམས་དང་ཆགས་པར་འགྱུར་པ་མཚན་མ་སྟེ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཡན་ལག་ཐམས་ཅད་ཀུན། །གཅིག་གི་དབྱིངས་ན་མི་མངོན་ཕྲ་བའི་ཚུལ་དུ་གནས། ། རྒྱ་མཚོའི་དབྱིངས་ནས་ནོར་བུ་རིན་ཆེན་རྙེད་འགྱུར་བ། །ཆུ་སྲིན་དུང་དང་གདུག་པ་ཅན་གྱིས་མཐོང་མི་འགྱུར། །ཕྲག་དོག་སྲིད་པའི་ཉོན་མོངས་ལ་སོགས་པའི། །མཚན་མའི་དབྱིངས་ནས་ངོས་བཟུང་མེད་པར་མཐོང་། །གསུམ་ལ་སོགས་པའི་སྒོ་ནས་འཇུག་པར་བྱེད་པ་ནི། །རྣམ་རིག་བདེན་པ་གཉིས་ ཀྱི་སྒོ་ནས་རྩོལ་བར་བྱེད། །ཇི་ལྟར་སྣང་བཞིན་འཇིག་རྟེན་ཐ་སྙད་ལམ། །རྣམ་ཐར་སྒོ་གསུམ་བསླབ་པ་རྣམ་པ་གསུམ། །མཚན་མའི་ཡིད་ལ་བྱེད་པའི་རྣལ་འབྱོར་ཏེ། །རྣལ་འབྱོར་ཆེན་པོ་འདི་ལ་གནས་མི་བྱེད། །གང་ཞིག་ཤེལ་སྒོང་དག་པ་ལྟ་བུར་ནི། །དྲི་མ་གཉིས་བྲལ་སྲིད་དང་འདས་གྲོལ་ཏེ། །རིན་ པོ་ཆེ་ལྟར་དགོས་འདོད་ཐམས་ཅད་འབྱུང་། །ཡོངས་སུ་ཟད་པ་ཟད་ཕྱིར་མཚན་ཉིད་མེད། །དངོས་མེད་བདེན་པ་གཉིས་བྲལ་གཅིག་གི་དངོས་པོ་སྟོང་། །མཚན་མ་ཐམས་ཅད་ཡེ་ནས་མེད་པའི་ཕྱིར། །མཐོང་ཐོས་ལ་སོགས་མཐའ་ཡི་རྟོག་པ་མེད། །མེད་ལ་མེད་པར་འཛིན་པ་ཐ་སྙད་དེ། །འདི་ ནི་ཚོར་བར་ནུས་པ་མ་ཡིན་ནོ། །འདི་ནི་རྩ་བ་ཀུན་གྱི་རྗེས་སུ་རྟོག་པར་མ་བྱེད་ཅིག །འདི་ལ་གང་ཚེ་རྟོག་པར་བྱེད་པ་དང་། །བསྐལ་པར་བགྲངས་ཀྱང་དེ་ཉིད་རྙེད་པ་མིན། །མགལ་མེ་གཙུབ་ཤིང་ལྟ་བུར་མེ་མཆེད་འབར་བ་བཞིན། །འདི་ཀུན་མཆེད་ནས་ཐམས་ཅད་སྲེག་པར་བྱེད། །ཀྱེ་ཧོ་གྲོགས་དག་རྒྱ་ མཚོ་ནོར་བུ་ལྟ་བུའི་སེམས་ནི་འདི་ཉིད་ཡིན་ཏེ་ཀྱེ། །མ་ཧེ་རྭ་རུར་སེང་གེའི་འོ་མ་གང་བླུགས་པ། །ནོར་བུ་རིན་ཆེན་འབར་བ་དེ་ཡིས་ཐོབ་པར་འགྱུར། །ཉོན་མོངས་པ་རྣམས་ཉི་མས་རབ་ཏུ་སྐམས་པའི་འོད་ཟེར་འདི། །ངན་འགྲོ་ལ་སོགས་ལོག་པར་ལྟ་བས་འཇིགས་པ་མེད་པ་དེ། །གང་དག་རྙེད་ པ་དེ་དག་གཞལ་གྱིས་མི་ལང་ངོ་། །ཇི་ལྟར་ཆོས་ཀྱི་དབྱིངས་སུ་སྣང་བ་དེ་སྲིད་དུ། །ཟག་པ་མེད་གང་ཐམས་ཅད་དེ་ཡིས་སྤྱད་པ་ཡིན། །དུག་སྦྲུལ་ཕག་རྒོད་གླང་ཆེན་སེང་གེས་ཟོས་པ་བཞིན། །དེ་བཞིན་སྲིད་དང་མྱ་ངན་འདས་པ་ཁྱུར་མི་འདས། །བསྐལ་པ་བརྗོད་དུ་མེད་པ་བརྒྱ་སྟོང་དུ་མ་རུ། །ཉོན་མོངས་ ལ་སོགས་བསགས་པའི་ས་བོན་ནི། །སེམས་གཅིག་སྣང་བར་འགྱུར་བས་འབྲས་བུ་གཅིག་ཏུ་ལོག་པར་འགྱུར། །སྒྲོན་མེ་ཁང་བུར་ནོར་བུ་གནས་གྱུར་པའི། །འོད་ཀྱིས་ཐམས་ཅད་ཟིལ་གྱིས་མནན་པར་འགྱུར། །དམན་པའི་ལྟ་སྤྱོད་ཉན་ཐོས་ལ་སོགས་པའི། །སེམས་དེ་ཡང་དག་བླངས་ནས་འཇུག་ པར་འགྱུར། །འདི་ལ་གང་ན་བྱང་ཆུབ་སེམས་དཔར་གྱུར་པ་དེ། །རྫོགས་པའི་སངས་རྒྱས་དཀའ་བར་འགྱུར་བ་མ་ཡིན་ནོ། །སེམས་ཀྱི་སྐད་ཅིག་འདི་ལ་མཐའ་ཡས་མུ་མེད་དེ། །ཡན་ལག་ཐམས་ཅད་སྐད་ཅིག་འདི་ལ་ལོག་པར་འགྱུར། །ཆོས་རྣམས་ཐམས་ཅད་ཁོ་ན་ཉིད་ལ་རྫོགས་པར་འགྱུར་ བ་ཡི། །གཞན་མེད་གང་ཞིག་གང་ནས་འོངས་པར་འགྱུར་བ་མ་ཡིན་ནོ། །ཟླ་བའི་སྙིང་པོ་མུན་པའི་གཡུལ་ལས་རྒྱལ་བར་འགྱུར་བ་གང་། །འཇིག་རྟེན་རྨི་ལམ་ལྟ་བུ་འདི་ལ་ཡང་དག་རྙེད་པར་འགྱུར། །བརྫུན་པ་གང་ཡིན་འདི་ལ་ཡང་དག་སུས་མཐོང་བ། །བལྟར་མེད་དེ་ལ་གཟུགས་སུ་མཐོང་བར་ ག་ལ་འགྱུར། །དོན་དམ་པར་ནི་གང་ཡང་ཡོད་པར་འགྱུར་བ་མ་ཡིན་ན། །ཕ་རོལ་གཞན་དུ་མཐོང་ནས་འགྲོ་བར་འདོད་པའི་གང་ཟག་དེ། །འདི་ལས་གཞན་དུ་འགྲོ་བའི་ཁྱད་པར་བསེ་དྲི་ཅན་བཞིན་ནོ། །འདི་ནི་ཕ་རོལ་བརྟོལ་བས་གང་དུ་མ་བོར་བར། །གཅིག་ཀྱང་ཕྱིན་པ་མེད་པར་ འདིས་བརྟོལ་ལོ། །ཀྱེ་ཧོ་གང་འདི་ཐ་སྙད་ལམ་འདིས་བཙལ་མ་ཡིན། །ཐར་པ་རྟག་ཏུ་བྱི་ལ་ལྟ་བུའི་མཆོངས་པས་ནགས་སུ་ལྟུང་བར་འགྱུར། །གལ་ཏེ་སྟག་དང་ཝ་མོ་ལྟ་བུའི་སྟོབས་ནི་གོ་བཟློག་ན། །དེ་ཉིད་ཡོད་པས་དེ་ལ་ཅི་ཞིག་ཕན་པར་མི་འགྱུར་རོ། །དེ་ཉིད་ཤེས་ན་མི་བསམ་མི་རྟོག་པར། ། གཟུགས་མཐོང་ཅིར་ཡང་སྣང་བའི་ཡུལ་ནི་དེ་རུ་སྟོང་པར་འགྱུར། །འདི་ལ་ཡེངས་ནས་དེ་ལ་གནས་པར་འགྱུར་བ་མ་ཚོར་རོ། །དྲན་དང་ཤེས་བཞིན་གཉིས་ནི་བར་གྱི་དེ་ལ་གང་ཡང་མ་མཐོང་སྟེ། །ཆོས་ཀུན་སྟོར་ན་འདི་ཡི་ཁོང་ནས་གནས་པར་འགྱུར་བ་ཡིན། །འདི་ལ་དངོས་པོ་མེད་ཅིང་བསམ་ དུ་མེད་པ་དེ། །ཁྱོད་ཀྱིས་རྩྭ་མཆོག་ཙམ་དུ་གཉིས་ཀ་མེད་པར་བྱོས། །ཀྱེ་ཧོ་སངས་རྒྱས་ཀུན་གྱི་ཡན་ལག་བཞི་པ་འདི་ཀུན་གསུམ་དུ་སྟོན་པར་ནི། །ཁྱོད་ཀྱིས་ཡང་ནས་ཡང་དུ་བསམས་པས་མཐོང་བ་གང་ཡང་མེད་མོད་ཀྱེ། །འཁོར་བའི་དྲན་པས་རྟེན་འབྲེལ་དག་ལས་འབྱུང་བ་ནི། །སྣ་ཚོགས་ བར་སྣང་རང་གི་ངོ་བོ་མ་སྐྱེས་ཕྱིར། །མི་འགྱུར་བདེ་བ་ཆེན་པོའི་རང་བཞིན་དག་དང་ལྷན་ཅིག་སྐྱེས། །སེམས་ཀྱི་དོན་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །རང་བཞིན་རྣམ་པར་དག་པའི་ཡོན་ཏན་ཉིད། །ཆོས་རྣམས་ཐམས་ཅད་གཉིས་སུ་གདོད་ནས་མ་བྱུང་སྟེ། །གཉིས་དང་གཅིག་གི་ དྲན་པས་དུ་མ་དག་དང་འབྲལ་བར་འགྱུར། །གང་ཡང་བརྗོད་པར་བྱ་བའི་དངོས་པོ་གང་ཞིག་རང་གིས་སྟོང་པ་སྟེ། །བློ་ལས་འདས་ཕྱིར་མཚན་མ་རབ་ཏུ་འཇོམས། །དེ་མེད་པ་དེ་གང་ཡིན་གང་ན་གནས་པར་མི་འགྱུར་རོ། །རྒྱུན་མི་འཆད་པའི་བསམ་གཏན་གང་ཚེ་ཐོབ་པར་འགྱུར་བ་ལ། །བྲལ་ བས་འདི་ལས་གཞན་དུ་སོང་བས་མ་མཐོང་ངོ་། །གསང་སྔགས་འདི་ཀུན་རྩ་བ་དེ་ལས་བསྐྱེད་པར་ནི། །དེ་མེད་པ་ལས་འབྱུང་བར་འགྱུར་བ་གང་ཡང་ཡོད་པ་མ་ཡིན་ཀྱེ། །སུ་ཞིག་འདི་ལ་རྟོག་པར་བྱེད་པའི་བླུན་པོ་དེ། །བསྐལ་པ་བརྒྱར་ཡང་མཆོག་གི་དོན་མི་མཐོང་། །གང་ཞིག་ཡིད་ལ་ བྱེད་པའི་མཚན་མས་བརྒྱལ་བ་ཀུན། །བཏང་གཞག་བྲལ་དང་ཐོབ་པར་མི་འགྱུར་རྒྱལ་སྲིད་བཞིན། །ཅུང་ཟད་དྲོད་ཐོབ་བྱང་ཆུབ་སེམས་དཔའ་དག །གང་དུ་གཡོས་པ་མེད་པ་མ་ཚོར་རོ། །རྣམ་པར་རྟོག་ཅན་ལམ་དུ་ཞུགས་པའི་ཕྱིར། །བྱང་ཆུབ་སེམས་ཀྱི་ཐིག་ལེ་རླུང་ལ་གང་བསྐྱོན་པ། ། ས་བོན་དེས་ནི་འཁོར་བ་འདི་རུ་ཟགས་པར་འགྱུར། །ཡང་དག་པ་ཡི་དེ་ཉིད་ཐོབ་པར་མི་འགྱུར་ཞིང་། །ཚང་ཚིང་དྲ་བའི་གསེབ་ཏུ་འབྲེལ་བར་འགྱུར། །ཤེས་རབ་མིག་གིས་ལོག་པར་ཚར་བཅད་ན། །གཞན་གྱི་ལོག་པར་ལྟ་བ་རང་གི་དེ་རུ་གྲོལ། །དཀའ་ཐུབ་ལ་སོགས་གཞན་དུ་ འབད་པ་མེད། །བདག་མེད་པར་ནི་རང་བྱུང་གང་ཡང་རྣམ་པ་སྣ་ཚོགས་ཉིད། །རྒྱུ་རྐྱེན་ལ་སོགས་འབྲེལ་པ་འདི་རུ་སྟོང་པར་བྱོས། །རྣལ་འབྱོར་འདི་ལ་བདག་གི་གནས་སུ་འདུག་པ་མ་མཐོང་ངོ་། །ས་དང་ཕ་རོལ་ཕྱིན་པའི་ལོང་བ་གང་འཆལ་འདིས། །སྲིད་པའི་དྲ་བ་ཁུར་ནས་རྒྱ་མཚོར་ མཆོང་བར་བྱེད། །དེ་ལ་གྲུ་མེད་རྒྱ་མཚོའི་ཟབས་སུ་ཟག་པར་འགྱུར། །ཐོག་མཐའ་མེད་པའི་ཕྱག་རྒྱ་ཆེན་པོ་འདི། །སྲིད་དང་མྱ་ངན་འདས་གྲོལ་ཉོན་མོངས་རྒྱ་མཚོ་སྐེམས་པར་འགྱུར། །དེ་ལ་སེམས་རྒྱུན་འཆད་དོ་སྙམ་དུ་སེམས་ཤིང་སྟོང་པར་ཡིད་ལ་མ་བྱེད་ཅིག །གང་ལ་དོན་ གྱི་བརྟུལ་ཞུགས་ཆེན་པོ་འདི་ཉིད་མ་ཐོབ་པར། །བརྟུལ་ཞུགས་སྤྱོད་པའི་དབང་གིས་དེ་ལ་མ་རེག་ཀྱེ། །བྱིན་གྱིས་བརླབས་དང་བརླབ་བྱ་མེད་པས་ངོ་མཚར་ཆེ་བ་ཉིད། །གཉིས་མེད་སྒྲོ་སྐུར་བྲལ་བ་འདི་ལ་གནས་པ་གང་། །རྟེན་དང་བྲལ་བའི་ཚུལ་གྱིས་གནས་པར་འགྱུར། །འགྲོ་བ་ཀུན་གྱིས་ དེ་ལྟར་ཤེས་པར་འགྱུར་གང་ནི། །སྲིད་དང་མྱ་ངན་འདས་པ་ཀུན་གྱི་དོན་ཤེས་འགྱུར། །སྲིད་དང་མྱ་ངན་འདས་པའི་ཆོས་རྣམས་རང་གི་སེམས་ཡིན་པར། །གཞན་དུ་བལྟ་བ་མེད་པར་ཐག་ཆོད་བསམ་མེད་བློ་འདས་ཉིད། །དེ་ལ་བསྒོམས་དང་མ་བསྒོམས་རྣམ་པར་རྟོག་པ་དང་། །མཚན་མ་ དགག་དང་སྤང་བར་བྱ་བ་མི་དགོས་ཏེ། །དེ་ལ་ཅི་བྱ་གང་ཡང་མ་བྱས་དེ་ཉིད་གསལ་བར་འགྱུར། །ཇི་ལྟར་རྣམ་རྟོག་མ་བཀག་མ་སྤངས་པར། །གཞན་དུ་མ་མཐོང་དེ་ཉིད་གསལ་འགྱུར་ན། །དེ་ནི་གང་ལ་གནས་ཀྱང་གཞན་དུ་མཐོང་བར་འགྱུར་བ་མ་ཡིན་ནོ། །མ་བསྒོམས་ཆེད་དུ་མ་བྱས་འབྲལ་བ་ མེད་པའི་རང་བཞིན་ཏེ། །དུས་རྣམས་ཀུན་དུ་འདི་དོན་ཤེས་པའི་མཚན་མ་འདི་ལ་རྟོག་པར་མ་བྱེད་ཅིག །རང་ལ་ལྷན་ཅིག་གསལ་བའི་སྣང་སྲིད་འདི་ལ་རྟོག་མེད་ཅིང་། །དེ་ལས་གཞན་དུ་རྟོགས་པའི་བློ་ཅན་འདིས་ནི་རྒྱ་མཚོ་ནང་གི་ནོར་བུ་རྙེད་མི་འགྱུར། །གང་ནས་ བྱུང་ཞིང་གང་དུ་གནས་པའི་འཛིན་པ་འདི་ནི་སྐྱེ་བ་མེད་འགྱུར་ན། །རྒྱུན་དུ་འགག་པ་མེད་པས་གཟུང་འཛིན་དེ་མ་སྐྱེས་པས་ཡེ་ཤེས་ཉིད། །ངོ་བོ་དེ་ལ་དྲི་མ་མ་སྤངས་དེ་ཉིད་མ་བསྒོམས་པར། །ནགས་ཁྲོད་དག་ན་གནས་པའི་གླང་པོ་ཡན་པར་ཁྱེ། །མཚན་མའི་ཡུལ་གྱི་རྣམ་གཡེང་ རྟོག་པ་བསམ་གྱིས་མི་ཁྱབ་པས། །གནོད་ཅིང་དེ་ལ་གཡེང་བར་མི་འགྱུར་ཏེ། །མཚོན་ཆ་བྲལ་བའི་ཆོམ་རྐུན་དག་གིས་གསད་བཅད་མ་ཡིན་ནོ། །མཚན་མ་དེ་ཉིད་སྙིང་པོ་མེད་འགྱུར་བ། །སྒྱུ་མའི་དཔེ་བརྒྱད་ལྟ་བུར་རང་བཞིན་མེད་པར་བྱོས། །གང་མཐོང་སེམས་ཡིན་དེ་ལ་དངོས་པོ་མེད་ འགྱུར་བས། །དྲན་མེད་བློ་ལ་མི་གནས་ཆོས་རྣམས་ཐམས་ཅད་ནི། །དེ་ལས་བྱུང་ཞིང་དེ་རུ་སྣང་ནས་དེ་ཉིད་འདས་འགྱུར་བས། །འདི་ལ་གཞན་དུ་གཡོ་བ་གང་ཡང་མེད་པ་ཉིད། །དེ་ལ་དེ་ཉིད་ཙམ་དུ་མཁྱེན་གྱིས་ཡིད་ལ་མ་བྱེད་ཀྱེ། །ཀྱེ་ཧོ་གྲོགས་དག་བློ་ལ་ཅི་སྐྱེས་སེམས་དེ་ནི། ། དུས་རྣམས་ཀུན་དུ་གསལ་བ་མ་ཡིན་ནོ། །དེ་ལ་གསལ་རྒྱུ་ཅི་ཡང་མེད་པ་སྟེ། །བརྩད་པ་ཀུན་དང་བྲལ་བར་ནི། །རང་གནས་པས་ནི་གྲོལ་བར་འགྱུར། །ཇི་ལྟར་ཚུལ་འཆོས་བྱས་པའི་སངས་རྒྱས་འདི་ཀུན་ནི། །དགེ་སློང་མ་ཡིན་རྒྱ་མཚོའི་ནང་དུ་ལྟུང་། །འདི་ཉིད་ལས་ནི་གཞན་དག་ ཏུ། །གཅིག་ཀྱང་ལྟ་བར་མི་བྱེད་པ། །དེས་ནི་ཐམས་ཅད་མཐོང་བའི་དགེ་སློང་ཡིན། །གང་ཞིག་བརྫུན་ལ་གོམས་པའི་གནས་བརྟན་དེས། །སྲིད་པ་ཉམ་ཐག་འདི་ལས་འབྱུང་བར་ནུས་མ་ཡིན། །གང་གིས་སྲིད་པའི་ཆུ་བོ་འདི་བརྫུན་པར། །ཤེས་པ་དེ་ནི་གནས་བརྟན་མཆོག་ཐོབ་འགྱུར། ། རྣལ་འབྱོར་དེ་ཡི་སྤྱོད་ཡུལ་ནི། །ལྷ་དང་སྔགས་དང་ཕྱག་རྒྱའི་ཡན་ལག་ཀུན། །འདི་ཀུན་ཤེས་ན་དབབ་ཏུ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཤེས་པ་དེ་ལ་དེ་ཀུན་མཐོང་བ་མེད། །དེ་ལྟར་འདི་ལས་མ་གཏོགས་པའི། །འདུ་ཤེས་ཡུལ་གཞན་དག་ལས་ནི། །སྐྱེ་བར་འགྱུར་བ་ཡོད་མ་ཡིན། ། ཡུལ་ཅན་གང་གི་ཕྱོགས་དག་ཏུ། །གཉིས་སུ་མཐོང་བ་མེད་པར་འགྱུར་བ་དེ། །རྣམ་པ་སྣ་ཚོགས་དེ་ཉིད་གྲོལ་བ་ཡིན། །གང་ཞིག་ཕྱོགས་སུ་ལྟ་བར་གྱུར་པ་དེ། །མཚན་མའི་དྲན་རིག་ཕྲ་རགས་གོམས་པ་ཡིན། །གང་ཞིག་འདི་ལས་གོམས་འགྱུར་བས། །སྤྱོད་པ་ཇི་ལྟར་བྱས་པ་ ཀུན། །དོན་དང་ལྡན་པར་འགྱུར་བ་མ་ཡིན་ཏེ། །ཉམ་ཐག་མཚན་མས་མྱུར་དུ་འཆིང་བར་འགྱུར། །གང་ཞིག་འདི་དང་ཕྱོགས་སུ་ནི། །གཏད་ལ་གོམས་སུ་ཡོད་མ་ཡིན། །བསམ་མེད་ཡིད་ལ་གོམས་སུ་མེད། །ཀྱེ་ཧོ་གྲོགས་དག་རིག་པའི་ཡེ་ཤེས་གཉིས་སུ་མེད་པ་ནི། །ཡེ་ཤེས་ བླ་ན་མེད་པའི་དབང་བསྐུར་ཆེན་པོ་སྟེ། །རྫོགས་ལྡན་དཔལ་ལྡན་བླ་མ་དག་གིས་ནི། །བསྐུར་དུ་མེད་པའི་ཚུལ་གྱིས་ཐོབ་པར་བྱེད་པ་ནི། །མཆོག་གི་རྣལ་འབྱོར་རྣམས་ཀྱིས་དབང་བསྐུར་ཏེ། །ཐོབ་བྱ་མེད་པའི་ཚུལ་གྱིས་ཐམས་ཅད་རྫོགས། །དེ་ཉིད་མ་ཤེས་ལོག་སྲེད་ཅན་གྱི་དབང་ རྣམས་ནི། །མཚན་མའི་རྟོག་པ་དག་གིས་གསུམ་དུ་ཟག་པར་འགྱུར། །འདི་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པ་ལས་བསགས་ཀུན། །ཤེས་རབ་ཏིང་འཛིན་མི་དགོས་རྣམ་པར་གྲོལ་བར་འགྱུར། །ཁྲོ་གཉེར་མེད་པས་ཟུག་རྔུ་ཐམས་ཅད་འཇོམས་པར་ནི། །མ་སྐྱེས་པ་ཡི་ཚུལ་གྱིས་འཛིན་ པར་མི་བྱེད་དོ། །སྣང་བ་འགག་པ་འདི་ལ་གསལ་བའི་རྟོག་པས་ཡིད་ལ་མ་བྱེད་ཅིག །ཕྱིན་ཅི་ལོག་དང་རྣམ་པར་རྟོག་པ་ཐམས་ཅད་ནི། །ཉོན་མོངས་ལྔ་ཡི་གནས་སུ་ཐམས་ཅད་ཟགས་པར་འགྱུར་བ་ཡིན། །གཞན་དག་འདི་ཉིད་ཤེས་བས་འཁོར་བའི་དྲ་བ་དག་གིས་སྟོང་པ་ཉིད། ། ཨུ་དུམ་ཝཱ་ར་ལྟ་བུར་དཀོན་འགྱུར་བའི། །རྨོངས་པའི་མུན་སེལ་སྙིང་པོ་གསང་བའི་དོན། །སུས་ཀྱང་ཤེས་པ་མེད་པར་ཀུན་ལ་གསལ་འགྱུར་བ། །སྙིང་གར་གནས་པའི་དོན་ལ་དྲི་མ་མེད་འགྱུར་ཏེ། །བརྟུལ་ཞུགས་སྤྱོད་པས་གང་དེ་མཐོང་བ་མ་ཡིན་ནོ། །འདི་རྣམས་རྫོགས་ལ་སྦྱོར་ བར་ནུས་པ་དེ། །ཡན་ལག་ཐིམ་ནས་སྟོང་པ་ཉིད་དུ་གནས། །ཀྱེ་ཧོ་གྲོགས་དག་གྱད་དང་རྗེ་རིགས་ཇི་བཞིན་དུ། །གང་གིས་ཁེངས་པར་མྱུར་དུ་ཐོབ་པར་འགྱུར། །རིམ་པར་སྦྱང་བ་གང་ཡང་ཡོད་པ་མ་ཡིན་ནོ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་དང་། །ཁྱོད་ཀྱིས་རྫོགས་པར་ འགྱུར་བས་ཐོབ་པ་མ་ཡིན་ནོ། །གང་ཚེ་འདི་ལ་རྩ་བ་མེད་པར་རྟོགས་པ་ནི། །ད་ལྟ་ཉིད་དུ་གཉིས་མེད་ངེས་པར་འགྱུར་བ་ཡིན། །ཇི་ལྟར་སྲིན་བུ་སྤྱོད་པས་བཅིངས་པར་གང་འགྱུར་བ། །འདི་རྣམས་རོ་ལ་ཆགས་པས་འཆིང་བར་འགྱུར་བ་སྟེ། །ཚང་ཚིང་འདི་ལ་ཟ་བར་ ནུས་པ་གང་གིས་ནི། །འཁོར་ལོ་ཐམས་ཅད་རྒྱུན་དུ་བསྐོར་བར་འགྱུར་བ་ཡིན། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་གསལ་བ། །འདི་ཀུན་གང་གིས་ཡིད་ལ་མ་བྱས་པར། །སྟོན་པའི་བླ་མ་རྡོ་རྗེ་འཛིན་ལ་འདུད། །སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ སངས་རྒྱས་གཉིས་པ་ལྟར་གྲགས་པ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧ་པའི་ཞལ་སྔ་ནས་གསུངས་པ་རྫོགས་སོ།། །།བླ་མ་ནག་པོས་རང་འགྱུར་དུ་གནང་བའོ། །གུ་ཡ་ས་མ་པ་ཏ་མི་ཐི།། ༄༅༅། །རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་ནཱ་མ་མ་ཧཱ་མུ་ དྲ་ཨུ་བ་དེ་ཤ། བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་མན་ངག །དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །ཇི་ལྟར་དངོས་དང་དངོས་མེད་སྣང་སྟོང་དང་། །རྒྱུ་དང་མི་རྒྱུ་གཡོ་དང་མི་ གཡོ་བ། །ཐམས་ཅད་མ་ལུས་ནམ་མཁའི་རང་བཞིན་ལས། །དུས་རྣམས་ཀུན་དུ་ནམ་ཡང་གཡོ་བ་མེད། །ནམ་མཁའ་ནམ་མཁའ་ཞེས་ནི་རབ་བརྗོད་ཀྱང་། །ནམ་མཁའི་ངོ་བོ་ཅིར་ཡང་གྲུབ་པ་མེད། །ཡོད་དང་མེད་དང་ཡོད་མིན་མེད་མིན་དང་། །དེ་ལས་གཞན་དུའང་མཚན་པའི་ ཡུལ་ལས་འདས། །དེ་ལྟར་ནམ་མཁའ་སེམས་དང་ཆོས་ཉིད་ལ། །ཐ་དད་ཅུང་ཟད་ཡོད་པ་མ་ཡིན་ཏེ། །ཐ་དད་མིང་ནི་གློ་བུར་བཏགས་པ་ཙམ། །དེ་ལ་དོན་མེད་བརྫུན་གྱི་ཚིག་ཏུ་ཟད། །ཆོས་རྣམས་ཐམས་ཅད་རང་གི་སེམས་ཡིན་ཏེ། །སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ ཙམ་མེད། །གང་གིས་གདོད་ནས་སེམས་མེད་རྟོགས་པ་ཡིས། །དུས་གསུམ་རྒྱལ་བའི་དགོངས་པ་དམ་པ་རྙེད། །ཆོས་ཀྱི་ཟ་མ་ཏོག་ཅེས་ཡོངས་སུ་གདགས། །དེ་ཡང་ལོག་པའི་ཆོས་གཞན་མ་ཡིན་ཏེ། །གཟོད་ནས་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །དེ་ཡི་དེ་ཉིད་བསྟན་དུ་ ཡོད་མིན་ཏེ། །བརྗོད་དུ་མེད་པས་སུས་ཀྱང་གོ་བ་མེད། །གལ་ཏེ་བདག་པོ་ཡོད་ན་ནོར་ཡོད་དེ། །ཡེ་ནས་བདག་མེད་དེ་ལ་ཅི་ཞིག་ཡོད། །སེམས་ཡོད་གྱུར་ན་ཆོས་ཀུན་ཡོད་རིགས་ཏེ། །སེམས་མེད་པ་ལ་ཆོས་ཞིག་སུ་ཡིས་རྟོགས། །སེམས་དང་ཆསསུ་སྣང་བ་ཐམས་ཅད་ ནི། །བཙལ་ན་མི་རྙེད་ཚོལ་མཁན་གོང་ནས་མེད། །མེད་པ་དུས་གསུམ་མ་སྐྱེས་མི་འགག་པས། །དེ་ཉིད་གཞན་དུ་འགྱུར་བ་མེད་པ་ནི། །རང་བཞིན་བདེ་བ་ཆེན་པོའི་གནས་ལུགས་ཡིན། །དེ་ཕྱིར་སྣང་བ་ཐམས་ཅད་ཆོས་ཀྱི་སྐུ། །འགྲོ་བ་སེམས་ཅན་རྣམས་ནི་སངས་ རྒྱས་ཉིད། །འདུ་བྱེད་ལས་ཀུན་ཡེ་ནས་ཆོས་ཀྱི་དབྱིངས། །བཏགས་པའི་ཆོས་རྣམས་རི་བོང་རྭ་དང་འདྲ། །ཀྱེ་མ་ཉི་མ་སྤྲིན་བྲལ་འོད་ཟེར་ཀུན་ཁྱབ་ཀྱང་། །མིག་མེད་རྣམས་ལ་མུན་པ་རྣམས་སུ་སྣང་། །ལྷན་ཅིག་སྐྱེས་པས་ཀུན་ལ་ཁྱབ་གྱུར་ཀྱང་། །རྨོངས་པ་དག་ལ་དེ་ཉིད་ཤིན་ཏུ་ རིང་། །འགྲོ་བ་རྣམས་ཀྱིས་སེམས་མེད་མ་རྟོགས་པས། །བཏགས་པའི་སེམས་ཀྱིས་སེམས་ཉིད་རབ་ཏུ་བཅིངས། །ཇི་ལྟར་གདོན་གྱིས་བརླབས་པའི་སྨྱོན་པ་དག །དབང་མེད་དོན་མེད་སྡུག་བསྔལ་བྱེད་པ་ལྟར། །དངོས་འཛིན་རྣམ་རྟོག་གདོན་ཆེན་ཟིན་པ་ཡི། །སྐྱེ་བོ་དོན་མེད་སྡུག་ བསྔལ་འབའ་ཞིག་བྱེད། །ཁ་ཅིག་བློ་ཡི་དབྱེ་བས་རྨོངས་རྣམས་བཅིངས། །བདག་པོ་ཁྱིམ་དུ་བཞག་ནས་གཞན་དུ་ཚོལ། །ཁ་ཅིག་གཟུགས་བརྙན་དག་ལ་གདོན་དུ་འཛིན། །ཁ་ཅིག་རྩ་བ་བོར་ནས་ལོ་འདབ་འབྲེག །ཇི་ལྟར་བྱས་ཀྱང་བསླུས་པ་མ་ཚོར་རོ། །ཀྱེ་ཧོ་བུས་པ་རྣམས་ཀྱིས་ དེ་ཉིད་མ་རིག་ཀྱང་། །དེ་ཉིད་ངང་ལས་གཡོས་མེད་ང་ཡིས་རྟོགས། །ང་ཡིས་ང་ཡིར་ཐོག་མཐའ་ཤེས་གྱུར་པས། །ང་ཡིས་ང་མཐོང་རང་ཉིད་གཅིག་པུར་ལུས། །གཅིག་པོ་ཉིད་ལ་བལྟས་པས་གཅིག་མ་མཐོང་། །མཐོང་བྱ་མཐོང་བྱེད་བྲལ་བས་བརྗོད་དུ་མེད། །བརྗོད་དུ་མེད་པ་ སུ་ཡིས་གོ་བར་འགྱུར། །གཉུག་མའི་ཡིད་ལ་གང་ཚེ་སྦྱངས་གྱུར་པ། །དེ་ཚེ་རི་ཁྲོད་ང་ཡི་རྟོགས་པར་འཇུག །སེང་གེའི་འོ་མ་སྣོད་ངན་ཕལ་པར་མིན། །ཇི་ལྟར་ནགས་ན་སེང་གེའི་ང་རོ་ཡིས། །རི་དགས་ཕྲ་མོ་ཐམས་ཅད་སྐྲག་གྱུར་ཀྱང་། །སེང་ཕྲུག་རྣམས་ནི་དགའ་བས་བརྒྱུག་པ་ ལྟར། །གདོད་ནས་མ་སྐྱེས་བདེ་ཆེན་འདི་བསྟན་པས། །རྨོངས་པ་ལོག་རྟོག་ཅན་རྣམས་སྐྲག་གྱུར་ཀྱང་། །སྐལ་ལྡན་རབ་ཏུ་དགའ་བས་སྤུ་ཟིང་བྱེད། །ཀྱེ་ཧོ་མ་ཡེངས་སེམས་ཀྱི་རང་གིས་རང་ལ་ལྟོས། །རང་གི་དེ་ཉིད་རང་གིས་རྟོགས་གྱུར་ན། །ཡེངས་ པའི་སེམས་ཀྱང་ཕྱག་རྒྱ་ཆེན་པོར་འཆར། །མཚན་མ་རང་གྲོལ་བདེ་བ་ཆེན་པོའི་ངང་། །རྨི་ལམ་དག་གི་བདེ་དང་སྡུག་བསྔལ་ཀུན། །སད་པའི་དུས་ན་རང་བཞིན་མེད་པའི་ཕྱིར། །རེ་དང་དོགས་པའི་བསམ་པས་ཀུན་བསླང་ནས། །དགག་དང་སྒྲུབ་པའི་བསམ་པ་སུ་ཞིག་ བྱེད། །འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །དེ་ཉིད་མཐོང་བས་རང་བཞིན་མེད་པའི་ཕྱིར། །རེ་དང་དོགས་པའི་བློ་ནི་ཟད་གྱུར་པས། །སྤང་དང་བླང་བའི་འབད་རྩོལ་ཅི་བྱར་ཡོད། །སྣང་གྲགས་ཐམས་ཅད་སྒྱུ་མ་སྨིག་རྒྱུ་དང་། །གཟུགས་བརྙན་དང་མཚུངས་ དངོས་པོ་མཚན་མ་མེད། །སྒྱུ་མར་སྣང་མཁན་སེམས་ཉིད་ནམ་མཁའི་སྟེ། །མཐའ་བྲལ་དབུས་མར་སུས་ཀྱང་ཤེས་མི་འགྱུར། །གང་གཱ་ལ་སོགས་ཆུ་ཀླུང་སྣ་ཚོགས་པ། །བ་ཚ་ཅན་གྱི་རྒྱ་མཚོར་རོ་གཅིག་ལྟར། །བཏགས་པའི་སེམས་དང་སེམས་བྱུང་སྣ་ཚོགས་ཀུན། ། ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་བྱོས། །གང་ཞིག་ནམ་མཁའི་ཁམས་ནི་ཡོངས་བཙལ་ཀྱང་། །མཐའ་དང་དབུས་མེད་མཐོང་བ་ཡོངས་སུ་འགག །དེ་བཞིན་སེམས་དང་ཆོས་ནི་ཡོངས་བཙལ་བས། །སྙིང་པོ་རྡུལ་ཙམ་རྙེད་པར་མ་གྱུར་ཏེ། །ཡོངས་སུ་ཚོལ་བའི་ སེམས་ཀྱང་མི་དམིགས་པས། །ཅི་ཡང་མ་མཐོང་བ་ཉིད་དེ་མཐོང་ཡིན། །ཇི་ལྟར་གཟིངས་ལ་འཕུར་བའི་བྱ་རོག་ནི། །ཕྱོགས་རྣམས་བསྐོར་ཞིང་སླར་ཡང་དེ་རུ་འབབ། །འདོད་པའི་སེམས་ཀྱིས་བསྟན་པའི་རྗེས་བཅད་ཀྱང་། །དང་པོའི་སེམས་ཉིད་གཉུག་མ་ཉིད་དུ་ འབབ། །རྐྱེན་གྱིས་མི་འགུལ་རེ་བའི་ཡི་ཆད་པ། །དོགས་པའི་སྐུགས་ས་ཞིགས་པས་རྡོ་རྗེ་སེམས། །རྩ་བ་ཆོད་པའི་སེམས་ཉིད་ནམ་མཁའ་འདྲ། །སྒོམ་དུ་མེད་པས་ཡིད་ལ་མི་བྱ་སྟེ། །ཐ་མལ་ཤེས་པ་རང་ལུགས་གཉུག་མ་ལ། །བཅོས་མའི་དམིགས་ པ་དག་གིས་མི་བསླད་དེ། །རང་བཞིན་དག་པའི་སེམས་ལ་བཅོས་མི་དགོས། །མ་བཟུང་མ་བཏང་རང་དགའ་ཉིད་དུ་ཞོག །གལ་ཏེ་མ་རྟོགས་བློ་ལ་སྒོམ་རྒྱུ་མེད། །རྟོགས་པ་ཅན་ལ་བསྒོམ་བྱ་སྒོམ་བྱེད་མེད། །ཇི་ལྟར་ནམ་མཁས་ནམ་མཁའ་དམིགས་སུ་མེད། ། དེ་ལྟར་སྟོང་པས་སྟོང་པ་སྒོམ་དུ་མེད། །གཉིས་མེད་ཤེས་པས་ཆུ་དང་འོ་མ་ལྟར། །སྣ་ཚོགས་རོ་གཅིག་བདེ་ཆེན་རྒྱུན་ཆད་མེད། །འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཡིད་ལ་བྱ་བ་མེད་ཅིང་མ་བྲལ་གཉུག་མའི་ངང་། །དེ་ཉིད་སྐྱོང་ལ་སྒོམ་ཞེས་ཐ་སྙད་གདགས། ། རླུང་ནི་མི་བཟུང་ཡིད་ནི་མི་བཅིང་བར། །མ་བཅོས་ཤེས་པ་བུ་ཆུང་ལྟ་བུར་ཞོག །དྲན་རྟོག་བྱུང་ན་དེ་ཉིད་རང་ལ་ལྟོས། །ཆུ་དང་རླབས་གཉིས་ཐ་དད་མ་རྟོགས་ཤིག །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོ་ལ། །སྒོམ་རྒྱུ་རྡུལ་ཙམ་མེད་པས་མི་བསྒོམ་སྟེ། །སྒོམ་མེད་དོན་དང་ འབྲལ་མེད་སྒོམ་པའི་མཆོག །གཉིས་མེད་ལྷན་ཅིག་བདེ་བ་ཆེན་པོའི་རོ། །ཇི་ལྟར་ཆུ་ལ་ཆུ་གཞག་རོ་གཅིག་ལྟར། །ཇི་བཞིན་ངང་དུ་དེ་བཞིན་གནས་པའི་ཚེ། །དམིགས་འཛིན་ཞེན་པའི་ཡིད་ནི་རབ་ཏུ་ཞི། །ཀྱེ་ཧོ། །གཉིས་མེད་གཉུག་མའི་རྣལ་འབྱོར་གང་དེ་ལ། ། སྤང་དང་བླང་བའི་དངོས་པོ་ཅི་ཞིག་ཡོད། །ངས་ནི་ཆོས་ཀུན་མ་བཏང་བས། །བུ་ཁྱོད་འདི་གྱིས་བྱ་བ་མི་སྨྲའོ། །ཇི་ལྟར་ནོར་བུ་དེ་དངོས་མེད་པ་ལྟར། །རྣལ་འབྱོར་སྤྱོད་པ་དེ་དངོས་མེད་པ་སྟེ། །འདུ་བྱེད་སྣ་ཚོགས་ཅལ་ཅོལ་གང་སྨྲས་ཀྱང་། །རྣལ་འབྱོར་བློ་ནི་གཅིག་ ལས་མི་འདའོ། །གཅིག་ཉིད་ན་ནི་གཅིག་ཀྱང་ཡོད་མིན་པས། །རྣམ་པ་སྣ་ཚོགས་རྩ་བ་བྲལ་གྱུར་ཏེ། །སྨྱོན་པ་བཞིན་དུ་རྩིས་མེད་ཡན་པ་ལ། །བྱར་མེད་སྤྱོད་པ་བུ་ཆུང་བཞིན་དུ་གནས། །ཨེ་མ། སྲིད་པའི་འདམ་སྐྱེས་པདྨ་ལྟ་བུའི་སེམས། །ཉེས་པ་གང་གི་ གང་ལ་གོས་པ་མེད། །ཟ་ཞིང་འཐུང་ལ་གཉིས་སྤྲོད་བདེ་བ་དང་། །གལ་ཏེ་ལུས་སེམས་རབ་ཏུ་གདུངས་གྱུར་དང་། །རྣམ་པ་སྣ་ཚོགས་གང་ལ་སྤྱོད་གྱུར་པ། །གང་གིས་མ་བཅིངས་མ་གྲོལ་གོས་བ་མེད། །རྟོགས་པའི་རང་སྤྱོད་རྩིས་མེད་དང་དེ་ནས། །རྨོངས་ པའི་འགྲོ་བ་ཉམ་ཐག་མངོན་གྱུར་ཚེ། །མི་བཟོད་སྙིང་རྗེའི་ཤུགས་ཀྱིས་མཆི་མ་འབྱུང་། །བདག་གཞན་བཟློག་ནས་ཕན་པ་ཉིད་ལ་འཇུག །དོན་ལ་བརྟགས་ན་དམིགས་པ་གསུམ་བྲལ་བས། །ཡང་དག་མ་ཡིན་རྨི་ལམ་སྒྱུ་འདྲ་སྟེ། །ཆགས་ཐོགས་ བྲལ་བས་དཀའ་ཞིང་སྐྱེ་མེད་པ། །སྒྱུ་མ་མཁས་པ་སྒྱུ་མའི་དོན་བྱེད་མཚུངས། །གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། །སྤངས་དང་ཐོབ་པའི་དངོས་པོ་འགའ་ཡང་མེད། །ཡིད་ལ་བྱར་མེད་ཕྱག་རྒྱ་ཆེན་པོ་ནི། །འབྲས་བུ་གང་དུའང་རེ་བ་མ་བྱེད་ཅིག །རེ་བའི་སེམས་ ནི་གདོད་ནས་མ་སྐྱེས་པས། །སྤངས་དང་ཐོབ་པའི་དངོས་པོ་ཅི་ཞིག་ཡོད། །གལ་ཏེ་གང་གིས་ཐོབ་པའི་དངོས་པོ་ཅི་ཞིག་ཡོད། །གལ་ཏེ་གང་གིས་ཐོབ་པའི་དངོས་ཡོད་ན། །བསྟན་པའི་ཕྱག་རྒྱ་རྣམ་བཞིས་ཅི་ཞིག་བྱེད། །ཇི་ལྟར་རི་དགས་འཁྲུལ་པས་གདུངས་པ་ཡིས། ། སྨིག་རྒྱུའི་ཆུ་ལ་རབ་ཏུ་བརྒྱུག་པ་ལྟར། །རྨོངས་པ་གང་ཞིག་འདོད་པས་རབ་གདུངས་པས། །ཇི་ལྟར་འབད་ཀྱང་སླར་ནི་རིང་བར་འགྱུར། །ཡེ་ནས་མ་སྐྱེས་རང་བཞིན་རྣམ་དག་པས། །དེ་ལས་ཁྱད་པར་ཅུང་ཟད་ཡོད་མིན་ཏེ། །བཏགས་པའི་ཡིད་ནི་དབྱིངས་སུ་ དག་གྱུར་པ། །དེ་ལ་རྡོ་རྗེ་འཆང་ཞེས་བཏགས་པ་ཙམ། །ཇི་ལྟར་ཨེ་ཐང་སྐམ་པོའི་སྨིག་རྒྱུ་དག །ཆུར་སྣང་ཆུ་ནི་གཉིས་སུ་མེད་པ་ལྟར། །བཟོད་ནས་དག་པ་བཏགས་པའི་ཡིད་སངས་པ། །དེ་ལ་རྟག་ཆད་གཉིས་སུ་བརྗོད་དུ་མེད། །ཡིད་བཞིན་ནོར་བུ་དཔག་བསམ་ ཤིང་བཞིན་དུ། །སྨོན་ལམ་དབང་གིས་རེ་བ་ཡོངས་སྐོང་བ། །དེ་ཡང་འཇིག་རྟེན་ཐ་སྙད་ཀུན་རྫོབ་སྟེ། །དམ་པའི་དོན་དུ་འགའ་ཡང་དོན་མ་ཡིན། །དོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་མན་ངག་དཔལ་རི་ཁྲོད་པ་ཆེན་པོ་ས་ར་ཧའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཤྲཱི་བཻ་རོ་ཙ་ན་རཀྵི་ཏས་རང་འགྱུར་དུ་མཛད་པའོ།། ༄༅༅། །རྒྱ་གར་སྐད་དུ། དྭ་ད་ཤ་ཨུ་པ་དེ་ཤ་གཱ་ཐཱ། བོད་སྐད་དུ། མན་ངག་གི་ཚིགས་སུ་བཅད་པ་བཅུ་གཉིས་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ནི་ ཞི་བ་སྟེ། །དེ་ལ་གནས་པ་གང་ཡིན་པ། །ནམ་མཁའ་བཞིན་དུ་ཞི་བར་འགྱུར། །ལུས་ངག་ཡིད་ལས་བྱུང་བ་ཡི། །དེ་ལ་ཅུང་ཟད་འགྱུར་བ་མེད། །ཡང་དག་ཡེ་ཤེས་ལས་འདས་པ། །རྣམ་པར་མི་རྟོག་ཞི་བར་འགྱུར། །རྟོག་པ་ཞི་བ་སངས་རྒྱས་ཉིད། །དེ་ཉིད་ རྣམ་པ་མཁྱེན་ཉིད་དོ། །དངོས་པོ་དངོས་པོ་མཐོང་ནས་ནི། །དེ་ལྟར་རྣམ་རྟོག་གང་བྱུང་བ། །དེ་ནི་རྟོག་མེད་ཡེ་ཤེས་ཡིན། །འགྲོ་བ་ཐ་དད་འཛིན་ཕྱིར་རོ། །དངོས་པོ་ཀུན་གྱི་རང་བཞིན་ནོ། །ཐམས་ཅད་དུ་ནི་སོ་སོར་གནས། །དེ་དག་ལ་ནི་ཁྱད་པར་དུ། །ང་རྒྱལ་མེད་ ཅིང་རྨོངས་པ་མེད། །དེ་ཕྱོགས་ཕྱོགས་གཅིག་དངོས་པོ་ལ། །བདག་ཏུ་འཛིན་པ་ཇི་ལྟར་ཡིན། །དུད་འགྲོ་ལ་སོགས་རང་བཞིན་ནོ། །ཕྱོགས་གཅིག་ཙམ་ལས་གང་བྱུང་བ། །དེ་ཡི་ངོ་བོར་བཤད་པར་བྱ། །ཡང་དག་སེམས་ཀྱིས་གཟུང་བར་བྱོས། །སྟག་ནི་ཕུག་ན་ གནས་པ་དང་། །སྦལ་པ་སྟོང་པ་ཆེན་པོ་དང་། །བྱི་ལ་བ་སྤུ་ལྡང་བ་དང་། །བ་ལང་ལ་སོགས་ལུས་པོ་སྤྲུག །སྦྲུལ་ལ་བཟའ་བ་མེད་པ་དང་། །བྱ་རྣམས་མཁའ་ལ་འགྲོ་བ་དང་། །སྲིན་བུ་མེ་ཁྱེར་འོད་འཕྲོ་དང་། །རྔ་མོས་སྦྲུལ་རྣམས་འགུགས་པ་དང་། །རྨ་བྱ་སྐོམ་ ལས་རྒྱལ་བ་དང་། །བུང་བས་དུག་རྣམས་ཟོས་པ་དང་། །ཆུ་བྱས་དབང་པོ་བསྡམས་པ་དང་། །སེང་གེ་འཇིགས་པ་མེད་པ་དང་། །འུག་པས་མཚན་མོ་མཐོང་བ་དང་། །བྱ་རྒོད་རིན་ཆེན་རྟོགས་པ་དང་། །སྦྲུལ་གྱི་དུག་ནི་བྱེད་པ་དང་། །རྨ་བྱས་དུག་རྣམས་ཟ་བ་ དང་། །ངུར་པས་མ་འོངས་ཤེས་པ་དང་། །ནེ་ཚོ་ཚིག་ལ་མཁས་པ་དང་། །སྦྲང་བུས་རྗེས་རྣམས་སྡུད་པ་དང་། །དུད་འགྲོ་ལ་སོགས་རང་རིག་འགྲོ། །ངང་པས་ཆུ་དང་འོ་མ་འབྱེད། །བུང་བའི་སྐད་ནི་ཤིན་དུ་སྙན། །ཆུ་སྐྱར་མཆིལ་མས་སེམས་ཅན་འཛིན། །སྦྲུལ་གྱི་ མིག་གིས་ཐོས་པ་དང་། །རི་དགས་ལས་ནི་གླ་རྩི་འབྱུང་། །གུ་ན་ས་ནི་མིག་གིས་སྣོམ། །ཆུ་ཡི་ནང་ན་གནས་པའི་ཉ། །སྲོག་དང་རྩོལ་བས་འགོག་པར་བྱེད། །ཚུལ་ངན་བཟླས་པ་བྲམ་ཟེ་ཡིས། །ཡེ་ཤེས་མཆོག་ཏུ་ཐལ་བར་འགྱུར། །སྟག་ལ་སོགས་པའི་ སྲོག་ཆགས་ཀུན། །སྔ་མའི་བག་ཆགས་ལས་བྱུང་བའི། །རང་བཞིན་ཡོན་ཏན་འབྱུང་བར་འགྱུར། །དེ་དག་འཇིག་རྟེན་ཡེ་ཤེས་ཅན། །དཀའ་ཐུབ་མ་ཡིན་གྲོལ་བ་མིན། །སྔ་མའི་བག་ཆགས་ལས་བྱུང་བའི། །དེ་དག་སོ་སོར་གནས་པ་ཡིན། །དེ་ཙམ་ ཡེ་ཤེས་ཡིན་ན་ནི། །དུད་འགྲོ་རྣམས་ཀྱང་གྲོལ་བར་འགྱུར། །དེ་ལྟར་ཤེས་ཏེ་ཞེན་སྤངས་ནས། །ཡང་དག་ཡེ་ཤེས་སྤྱད་པར་བྱ། །གང་གིས་བྱང་ཆུབ་དམ་པ་དག །དངོས་གྲུབ་དམ་པ་འབྱུང་བར་འགྱུར། །མན་ངག་གི་ཚིགས་སུ་བཅད་པ་བཅུ་གཉིས་པ་བྲམ་ཟེ་ཆེན་པོ་ས་ ར་ཧའི་ཞལ་ནས་གསུངས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སྭ་ཨ་དྷིཥྛཱ་ན་ཀྲ་མ། བོད་སྐད་དུ། རང་བྱིན་གྱིས་བརླབ་པའི་རིམ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདག་ལ་བྱིན་གྱིས་བརླབ་པའི་ཆའི་ཁྱད་པར་བསྟན་པས་སྤྲུལ་ པ་སྒྱུ་མའི་བདག །དཔལ་ལྡན་རྡོ་རྗེ་སྒེག་མོ་ཉིད་ལ་ལྷག་པར་རོལ་པའི་རོ་གང་ཅི་ཡང་རུང་། །རྡོ་རྗེ་བདུད་རྩི་དཔལ་ལྡན་གང་ལ་གང་གིས་བསྟོད་པ་དེ་ལྟའང་འཁྲུལ་པའི་རང་བཞིན་ན། །ཇི་ལྟར་བརྗོད་པ་འདི་ལས་གཞན་སུ་བཅོམ་ལྡན་དེ་ལ་ཀུན་ནས་ཕྱག་འཚལ་ ལོ། །གང་ཡང་མངོན་དགའི་རྒྱལ་བའི་སྐུ་མཛེས་གཅིག་པུ་ཉིད། །སུ་ཡང་མཁས་རྣམས་སྙིང་གར་གཉིད་སད་མི་འགྱུར་བ། །གང་ཞིག་ཤར་བས་མཉམ་པའི་དུས་ན་དབང་པོ་དང་། །ཡུལ་རྣམས་བཅས་པ་ནུབ་པ་དེ་ལ་ཕྱག་འཚལ་ལོ། །གང་ལ་སྤྲོས་པ་དཔལ་ལྡན་ བདེ་བའི་རང་བཞིན་རྡོ་རྗེའི་མཚོན་འཛིན་ཅིང་། །གང་ཞིག་ཆ་བྱད་སྤྲོས་བྲལ་དྲི་མེད་ཤེས་རབ་རང་བཞིན་ཀུན་དུ་འགྲོ། །དཔག་བསམ་ལྕུག་མས་མངོན་མཚུངས་གནས་གསུམ་ཉོན་མོངས་དྲ་བ་གཅོད་པ་གང་། །དཔལ་ལྡན་རྡོ་རྗེ་ཚིག་མཚན་བཙུན་མོ་དེ་ལ་ཀུན་ནས་ཕྱག་འཚལ་ ལོ། །གང་ཞིག་རྡོ་རྗེ་ཡན་ལག་མ་ཞེས་ཀུན་ནས་དྲན་པས་ཀྱང་། །ཉོན་མོངས་བྲལ་བའི་བདེ་བ་འབའ་ཞིག་སར་ནི་བདེ་འགྲོ་བ། །དེ་ལ་མི་ཕྱེད་གུས་པའི་ཁུར་གྱི་ལྕིད་ཀྱིས་མགྲིན་སྨད་ནས། །དེ་ཡི་ཞབས་ཀྱི་པདྨའི་རྡུལ་ལ་སྤྱི་བོས་ཕྱག་འཚལ་ལོ། །གང་གིས་བཀའ་ དྲིན་ཟེར་གྱིས་སྤྲོས་པ་བདག་གིས་དེ་ཉིད་ནི། །རིན་ཆེན་འོད་ཀྱིས་བསྐོར་བས་མུན་པའི་ཚོགས་ནི་རབ་བཅོམ་ཞིང་། །རྙོག་མེད་མིག་གིས་རང་གི་རྣམ་པར་རོལ་པ་རིང་མཐོང་བའི། །བླ་མ་རྣམ་པར་སྣང་བྱེད་དེ་ལ་ཡང་དག་འདུད། །གང་ཞིག་སྲིད་པ་དང་ནི་ཞི་གནས་ འགྲམ་དུ་དགའ་བ་རྒྱུ་མཐུན་འབབ། །ཡེ་ཤེས་ནམ་མཁའི་ཆུ་བོས་ཡིད་རྒྱས་དཔལ་ལྡན་བླ་མ་གསུམ་པ་ཉིད། །དཔལ་ལྡན་རྡོ་རྗེ་སྒེག་མོ་བཙུན་མོའི་ཚོགས་རྣམས་ཤེས་རབ་ཕ་རོལ་ཕྱིན་རང་བཞིན། །གང་ཞིག་གནས་གསུམ་སྟོན་པ་གཅིག་པུ་དམ་པའི་དབང་ཕྱུག་ དམ་པའི་སེམས་ལ་བདག་སྐྱབས་མཆི། །གང་གི་སེམས་ནི་མཉམ་པ་ཉིད་ཀྱི་ཡུལ་དུ་འཇོག་ཅིང་དུག་འདྲ་བའི། །འཁོར་བ་བཅུད་ཀྱིས་ལེན་གྱི་རྣམ་པར་མཛད་པ་རང་དབང་སྔགས་འདྲ་བ། །གང་གི་ས་སྟེ་དབང་པོའི་བློ་ཡི་ས་མིན་འགྲོ་གསུམ་ཁང་ཆུང་གི། །དྲི་མ་ འཁྲུད་ནས་གཅིག་པུ་བླ་མ་དམ་པའི་ངག་ལ་ཕྱག་འཚལ་ལོ། །གང་གང་དྲན་པར་ཡང་དག་གནས་པས་སྙིང་ག་པདྨའི་མདུད་པ་ནི། །དབུགས་འབྱིན་གྲོལ་བར་སྦྱོར་བའི་བླ་མའི་བཀའ་ལུང་དེ་ངེས་ནི། །ཉི་ཕྱེད་འོད་འདྲའི་ཚོགས་ཀྱིས་གནས་གསུམ་ཁང་བུའི་ མུན་འཇོམས་ཤིང་། །རྨོངས་དང་འགལ་ལ་བདག་ནི་དུལ་བར་བཅས་པས་ཕྱག་འཚལ་ལོ། །བླ་མའི་ཞབས་ཀྱི་རྡུལ་འདི་ཅུང་ཟད་དྲན་པ་ཡི། །ཡོན་ཏན་སྤྲོས་པ་ཡོངས་སུ་གྱུར་པས་དཔལ་ལྡན་པ། །མི་བདེ་བ་ཡི་བདག་ཉིད་ཀྱང་ནི་མཆོག་བདེ་བར། །གལ་ཏེ་ གྲུབ་ན་འདི་ལས་བསྒྲུབ་བྱ་གཞན་མེད་དོ། །བདག་ནི་བླ་མའི་ཞབས་ཀྱི་རྡུལ་ལ་གུས་དང་ལྡན་པས་རྒ་ཤི་དང་། །ནད་དང་སྡུག་བསྔལ་སྣ་ཚོགས་མདའ་འདྲའི་ཟུག་རྔུའི་ཚོགས་འདིས་ངལ་བ་མེད། །ལུས་ཅན་རྣམས་ལ་ཡེ་ཤེས་བདུད་རྩི་སྐལ་བ་མ་བགོས་མི་ནུས་པས། ། གང་ཞིག་བདག་གིས་སྤྱད་པ་དེ་ནི་ཡོངས་སུ་གདུང་བ་ཆེ། །བློ་ཡི་ཡུལ་མིན་དེས་ན་གང་གི་སྤྱོད་ཡུལ་མིན། །གཞི་ཡི་གཏམ་གྱི་རིམ་པ་བླ་མས་གསུངས་པ་རིང་། །དེ་ཡི་རིམ་པས་སྙིང་རྗེ་ལ་སོགས་ཡོན་ཏན་དག །དད་ལྡན་རྣམས་ལ་སྙིང་གི་གནས་སུ་རང་ཉིད་སྐྱེ། ། དངོས་པོ་འདི་ཀུན་གཅིག་པ་དང་། །དུ་མའི་རང་བཞིན་ཆ་བྲལ་ཏེ། །འདི་ནི་ཞེན་པའི་སྦྱོར་བྲལ་བས། །རྩོལ་བའི་རྣལ་འབྱོར་རྣམ་པར་འགྱུར། །སྤུ་ལངས་མྱུ་གུའི་ཚོགས་ཀྱིས་རབ་དགའ་ཡི། །མཆི་མས་མིག་གང་རྫི་མ་བཀྲུས་ནས་སུ། ། ཆེས་བསྟན་གུས་པའི་ཁུར་གྱིས་མགོ་འཛིན་ནི། །དཔག་བསམ་བླ་མ་དམ་པ་ལ་འདུད་དོ། །གསལ་བར་སྤྱི་བོར་ལག་སྔར་ཅུང་ཟད་བྱེད། །རབ་དགའ་བཅས་པས་ནོར་འཛིན་ཡན་ལག་འཁྱུད། །ཡང་དག་གུས་པའི་སྐུད་པས་ཡིད་ཀྱི་མེ་ཏོག་ནི། །མདུད་པར་ བརྒྱུས་པའི་བདག་གི་ཕྲེང་བ་འདི་བཞེས་ཤིག །མགོན་པོ་ཁྱོད་ཀྱི་བཀའ་གནད་ཉུང་འདུས་ཤེས་རབ་ནི། །རྒྱལ་པོའི་བུ་མོ་ཆ་ལས་མཁས་འདྲ་དབང་དུ་བྱེད། །འགྲོ་བ་རྣམས་ཀྱི་རང་བཞིན་རོལ་པའི་རོ་ཡི་བདེ་བ་ནི། །འབའ་ཞིག་རྗེས་སུ་མྱོང་བ་དེ་ནི་ཡིད་གཅིག་ བསོད་ནམས་ཅན། །ལང་ཚོའི་སྙིང་རྗེས་བརླན་པས་ཁྱོད་ཀྱིས་སྔོན་མེད་ལམ་གསུངས་པ། །འགྲོ་བ་བགྲོད་བྱ་མེད་དང་འགྲོ་མེད་ཅེས་བྱ་ངོ་མཚར་ཆེ། །གང་དུ་གོམ་པ་བོར་བ་ཙམ་གྱིས་མཉམ་མེད་བདེ་བའི་རྒྱུན་བཅས་པ། །གང་ཚེ་སྲིད་དང་ཞི་བ་ཅུང་ཟད་ཐ་ དད་མ་མཐོང་ངོ་། །རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་ར་ཧ་ཆེན་པོས་མཛད་པ་བདག་བྱིན་གྱིས་བརླབ་པ་གྲུབ་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་པ་ཤཱནྟ་བྷ་དྲའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ ལ་ཕབ་པའོ།། ༅༅༅། །རྒྱ་གར་སྐད་དུ། ཏཏ་ཏྭ་ཨུ་པ་དེ་ཤ་ཤི་ཁ་ར་དོ་ཧ་གཱི་ཧ་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་ཀྱི་མན་ངག་རྩེ་མོ་དོ་ཧའི་གླུ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །མ་གཡོས་སྐུ་གསུང་ཐུགས་ཀྱི་རང་ བཞིན་ལ། །རྡོ་རྗེ་རྩེ་མོ་ཅིག་ཅར་གླུ་བླངས་དོན། །གང་ཚེ་ལྷན་ཅིག་སྐྱེས་པ་དག །གོ་བ་དགུ་ཡིས་རྟོགས་པར་བྱ། །རྒྱུ་མཚན་གཞལ་བྱ་ལ་སོགས་མེད། །དངོས་པོ་རྣམས་ཀྱི་ཁོ་ན་ཉིད། །དགག་དང་སྒྲུབ་པ་མེད་པ་སྟེ། །དབྱེ་བ་ལ་སོགས་མེད་པར་ བཤད། །མི་མཐུན་ཕྱོགས་རྣམས་གཉེན་པོ་མེད། །འཆལ་པའི་ཚུལ་ཁྲིམས་སེར་སྣ་དང་། །ལེ་ལོ་ཁོང་ཁྲོ་རྣམ་པར་གཡེང་། །མ་རིག་སྤང་བྱ་ལ་སོགས་དང་། །སྤོང་བྱེད་ཕ་རོལ་ཕྱིན་པ་མེད། །དངོས་ཀུན་མེད་པར་བཤད་པ་སྟེ། །རྟོག་མེད་སྙམ་སེམས་ཀུན་ དང་བྲལ། །འཁོར་བ་ལས་གཞན་ཕྱག་རྒྱ་ཆེ། །གཅིག་ཀྱང་ཕོག་པར་མ་བཤད་གང་། །དེ་ཉིད་རྫོགས་པའི་སངས་རྒྱས་ལམ། །འདོད་ཡོན་ལ་སོགས་མ་སྨད་པས། །འབྲས་བུ་རེ་བ་མེད་པ་སྟེ། །སྐུ་གསུམ་ལམ་གྱི་ངོ་བོ་གང་། །ཅི་ཕྱིར་ཞེ་ན་མི་རྟོག་སྟེ། ། ཁོ་ན་ཉིད་ནི་ཇི་ལྟར་རྟོགས། །གཞན་ལ་མི་རེ་གང་གིས་ཕར། །རིན་ཆེན་གཏེར་དང་རྒྱལ་པོའི་དཀོར། །ཕལ་པ་ཡི་ནི་བང་མཛོད་བཞིན། །མཆོག་ཏུ་གཅེས་པ་རང་ལ་གནས། །སེམས་ལས་མ་གཏོགས་ཕྱི་རོལ་དོན། །གཅིག་ཀྱང་ཡོད་པར་མ་བཤད་དེ། ། སེམས་ཉིད་ཀུན་དུ་འོད་གསལ་བའོ། །དེ་བས་སེམས་ལས་གཞན་པའི་ཆོས། །ཡང་དག་པར་ནི་བརྟགས་ན་མེད། །དངོས་ཀུན་ཟུང་འཇུག་རང་བཞིན་ལ། །སྐྱེ་བའི་རང་བཞིན་ཡོད་མ་ཡིན། །ངོ་བོ་མ་སྐྱེས་སྟོང་པ་གང་། །གཞན་ན་ཡོད་པ་མ་ཡིན་ཏེ། ། གཉིས་དང་ཡོད་མེད་ཐ་སྙད་བྲལ། །གཅིག་དང་དུ་མ་ལ་སོགས་ཀྱིས། །བརྟགས་ན་མེད་པ་མ་ཡིན་ཏེ། །ཡོད་པ་མ་ཡིན་མེད་མ་ཡིན། །རིགས་པས་འགྲུབ་པ་མ་ཡིན་ནོ། །དངོས་པོར་སྣང་བའི་ཆོས་རྣམས་ཀུན། །ངོ་བོ་ཉིད་ལས་མ་འདས་ཏེ། །རྒྱ་མཚོ་ གཟུགས་བརྙན་མེ་ལོང་བཞིན། །དྲན་མེད་དབྱིངས་ནས་ཀུན་འབྱུང་བས། །རང་བཞིན་ཉིད་དུ་དུས་དེར་རིག །གཉིས་མེད་གཉིས་སུ་མེད་མིན་པས། །མ་འདས་དབྱེར་མེད་རོ་གཅིག་ལ། །གཅིག་ཏུ་གཞག་པར་བྱ་བའང་མེད། །དངས་མ་དེ་ཉིད་མ་བསླད་པའི། ། ཁོ་ན་ཉིད་ཀྱིས་གར་མ་གཡོས། །ཁོ་ན་ཉིད་ཀྱི་ཤེས་པ་ལ། །འཛིན་པ་མེད་དེ་ངོ་བོ་བྲལ། །ཅིར་ཡང་མི་འཛིན་ཆོས་ཀྱི་སྐུ། །ངོ་བོ་ཉིད་ལ་དབྱེ་བ་མེད། །འཛིན་པའི་ཆ་ནས་བརྟགས་པ་གང་། །སྐྱེ་མེད་དབྱིངས་ཀྱི་རང་བཞིན་ལ། །ཟུང་དུ་འཇུག་པས་ཐ་མི་དད། ། སྒྲོ་སྐུར་བྲལ་བས་གཉུག་མར་བཤད། །གཞལ་ཡས་ཁང་དང་མཚན་དཔེ་དང་། །སྣ་ཚོགས་སྤྲུལ་སྐུ་གང་སྟོན་པ། །གདུལ་བྱ་ལམ་ལ་ཞུགས་པའི་སྟོབས། །མདའ་བསྣུན་དག་གིས་གང་སྨྲས་པ། །འདི་ལ་དམིགས་སུ་རྡུལ་ཙམ་མེད། ། ཕྱིན་ཅི་ལོག་གི་སྐྱེ་བོ་ལ། །ཉོན་མོངས་ཡུལ་གྱི་དུག་འགྱུར་ཏེ། །ཇི་ལྟར་སྣང་བའི་རིམ་པ་ཡིས། །དབྱེར་མེད་ཚུལ་དུ་གནས་པ་སྟེ། །འོད་གསལ་བ་ཉིད་རྣམ་པར་བཤད། །རང་བཞིན་མེད་པའི་ངོ་བོ་བྲལ། །ཐ་དད་མ་ཡིན་གཉིས་སུ་མེད། །ཁམས་ གསུམ་བློ་འདས་ཡེ་ཤེས་ལ། །འདི་ཞེས་བྱ་བའི་མིང་ངམ་བརྡ། །མདའ་བསྣུན་དག་གིས་གཟུང་དུ་མེད། །དབྱེར་མེད་རོ་གཅིག་མ་རྟོགས་ན། །གཉིས་སུ་སྣང་བའི་ཆོས་རྣམས་ཀྱིས། །གལ་ཏེ་བསྐལ་པར་རྙེད་མི་འགྱུར། །མཆོག་གི་གོ་འཕང་མི་ འཐོབ་སྟེ། །ཁོ་ན་ཉིད་ཀྱི་རང་བཞིན་ལ། །དགག་དང་སྒྲུབ་པ་ངང་གིས་བྲལ། །གཉིས་མེད་ངང་ལས་མ་གཡོས་པས། །གང་འདིར་ཡིད་ཀྱི་ཡེ་ཤེས་ནི། །གཅིག་ཀྱང་བྲལ་བ་མ་ཡིན་ནོ། །ལྷན་ཅིག་སྐྱེས་གང་བདེ་བའི་རོ། །རྒྱུན་མི་འཆད་པའི་བདག་ཉིད་དེ། ། ཆུ་བོའི་རྒྱུན་དང་ནམ་མཁའ་བཞིན། །མི་འགྱུར་དུས་རྣམས་ཀུན་དུ་གནས། །རྟོག་པའི་རྗེས་འབྲངས་མཚན་མའི་བློས། །ནམ་ཡང་ཤེས་པ་མ་ཡིན་ནོ། །བསམ་མེད་ཡུལ་ལ་བརྟག་ཏུ་མེད། །ཡུལ་མེད་བསྒོམ་པར་ག་ལས་འགྱུར། །བསྒོམ་མེད་ ཉིད་ཀྱང་ཡོད་མ་ཡིན། །དཔེ་ཡི་དོན་ལ་གང་དྲིས་པ། །སངས་རྒྱས་ཀུན་གྱི་ཐུགས་ལའང་མཉམ། །བྲོ་གར་གླུ་དང་རོལ་མོ་ཡིས། །ཕྱོགས་རྣམས་ཀུན་དུ་སྒྲ་སྒྲོགས་ཤིང་། །རྣལ་འབྱོར་མས་ནི་གཡོན་ནས་བསྐོར། །དམིགས་གཏད་བྲལ་བའི་རང་བཞིན་ གྱིས། །འབད་པ་མེད་པར་ཀུན་དུ་སྤྱད། །གཉིས་སུ་སྣང་བའི་རྟོག་པ་ཐམས་ཅད་བཅོམ་གྱུར་ནས། །བརྗོད་མེད་རྣམ་མེད་འབྲས་བུ་ཐོབ་འགྱུར་ཤོག །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧའི་ཞལ་ནས་གསུངས་པ། ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་ རྩེ་མོ་དོ་ཧའི་གླུ་ཞེས་བྱ་བ་རྫོགས་སོ།། །།ཀྲྀཥྞ་པཎྜི་ཏས་རང་འགྱུར་དུ་མཛད་པའོ།། ༄༅༅། །རྒྱ་གར་སྐད་དུ། བྷ་བ་སཉྩར་ནཱ་མ། བོད་སྐད་དུ། དངོས་པོ་སྦྱོང་བ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །དངོས་པོ་མེད་ལ་དངོས་ པོར་ཤེས། །དངོས་མེད་སྐྱེ་བ་ཡོད་མ་ཡིན། །རྟག་ཏུ་སྐྱེ་བ་དངོས་པོ་ཉིད། །དངོས་འཁྲུལ་ནམ་མཁའི་མེ་ཏོག་བཞིན། །མཁའ་དང་མཉམ་པའི་ཆོས་རྣམས་ནི། །སྐྱེ་བ་མཁའ་དང་མཉམ་ཉིད་མཆོག །ཐམས་ཅད་རང་བཞིན་གྱིས་མཁའ་མཉམ། །དེས་ན་སྲིད་ པ་དམ་པའི་དངོས། །རྒྱུ་མེད་འབྲས་བུ་མེད་པ་སྟེ། །ལས་ཀྱི་རང་བཞིན་ཡོད་མ་ཡིན། །འཇིག་རྟེན་པ་མེད་འཇིག་རྟེན་མེད། །འདི་དག་ཐམས་ཅད་བདེན་མ་ཡིན། །མ་སྐྱེས་པས་ནི་དངོས་པོ་གང་། །ཇི་ལྟར་གཞན་ལས་ཤེས་པར་འགྱུར། །མོ་གཤམ་གྱི་ནི་ བུ་ཉིད་ཀྱང་། །དེ་ཚེ་སྐྱེ་བར་འགྱུར་མ་ཡིན། །འཇིག་རྟེན་གཟོད་ནས་མ་སྐྱེས་ཏེ། །གང་གིས་ཀྱང་ནི་སྤྲུལ་མ་ཡིན། །དོན་མེད་འཁྲུལ་པའི་འཇིག་རྟེན་འདི། །ཟླ་བ་བཟང་པོའི་གྲོང་ཁྱེར་བཞིན། །འཇིག་རྟེན་རྣམ་པར་རྟོག་ལས་འབྱུང་། །རྣམ་རྟོག་སེམས་ ལས་བྱུང་བ་སྟེ། །གང་ཕྱིར་ལུས་ལས་སེམས་བྱུང་བས། །དེ་ཕྱིར་ལུས་ལ་རྣམ་པར་བརྟག །གཟུགས་སྟོང་ཚོར་བ་རང་བཞིན་མེད། །འདུ་ཤེས་མེད་ཅིང་འདུ་བྱེད་མེད། །སེམས་བྱུང་མེད་ཅིང་དངོས་པོ་མེད། །དེ་ཕྱིར་མི་རྟོག་རང་བཞིན་ནོ། །དེས་ན་སེམས་ མིན་ཆོས་ཀྱང་མིན། །ལུས་མིན་ཁམས་ལ་སོགས་པ་མིན། །གཉིས་སུ་མེད་པའི་ལམ་འདི་ནི། །དེ་ཉིད་རིག་པ་རྣམས་ཀྱིས་གསུངས། །དམིགས་པ་མེད་པའི་ཆོས་འདི་ཀུན། །དམིགས་པ་མེད་པར་རབ་ཏུ་བསྟན། །དམིགས་པ་མེད་པའི་བློ་བྱས་ན། །དམིགས་ པ་མེད་པར་འགྱུར་བ་ཡིན། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ལས་བྱུང་བསྟེན་པར་བྱ། །དུས་མི་རིང་བ་ཉིད་ན་ནི། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ཤེས་རབ་ཐབས་ལ་གནས་གྱུར་པས། །སེམས་ཅན་ཀུན་ལ་བརྩེ་བར་བྱ། ། ཐམས་ཅད་མཁྱེན་པའི་གོ་འཕང་མཆོག །ལྷ་ཉིད་དུས་མི་རིང་བར་འཐོབ། །འདི་དག་ཐམས་ཅད་མིང་ཙམ་སྟེ། །ཐ་སྙད་ཙམ་དུ་རབ་ཏུ་འཇུག །དངོས་པོ་མེད་ལ་ཐ་དད་པའི། །བརྗོད་བྱ་ཡོད་པ་མ་ཡིན་ཏེ། །བདག་ཉིད་གང་དང་གང་ གིས་ནི། །ཆོས་རྣམས་གང་དང་གང་བརྟགས་པ། །དེ་ནི་དེ་ལ་ཡོད་མིན་ཏེ། །ཆོས་རྣམས་ཀྱི་ནི་ཆོས་ཉིད་དེ། །མིང་གིས་མིང་ཉིད་སྟོང་པས་ན། །མིང་ལ་མིང་ནི་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་མིང་མེད་པས། །མིང་ནི་བཏགས་པ་ཙམ་ཉིད་དོ། ། མི་བདེན་པར་གྱུར་ཆོས་འདི་དག །བརྟགས་པ་ཉིད་དུ་རབ་ཏུ་འཇུག །གང་ལ་བརྟགས་པ་དེ་མེད་ན། །སྟོང་པ་ཉིད་དུ་བརྟགས་པ་གང་། །མིག་གིས་མཐོང་བའི་གཟུགས་རྣམས་ནི། །དེ་ཉིད་རིག་པ་ཞེས་དེ་བཤད། །འཇིག་རྟེན་ལོག་པའི་ང་རྒྱལ་ཅན། །ཀུན་རྫོབ་ བདེན་པ་ཞེས་འདིར་འཇོག །གང་དུ་ཚོགས་པའི་རྐྱེན་མཐོང་བ། །འདྲེན་པ་གསལ་བར་གྱུར་པ་ཡིན། །བློ་དང་ལྡན་པས་དོན་དམ་ལ། །བརྟགས་ཏེ་གྲགས་པ་ངེས་པར་མཐོང་། །གཟུགས་ནི་མིག་གིས་མི་མཐོང་ཞིང་། །ཡིད་ཀྱིས་ཆོས་རྣམས་མི་རིག་ པ། །འདི་ནི་མཆོག་ཏུ་བདེན་པ་སྟེ། །འཇིག་རྟེན་གང་གིས་ཀྱང་མི་ཤེས། །དངོས་པོ་སྦྱོང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་ འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་ཞལ་སྔ་ནས། །རེ་བའི་དཔེ་ནི་སེར་སྐྱ་འདྲ། །དོག་པ་རྒྱལ་བུ་གཞོན་ནུ་སྟེ། །གཞན་དུ་འཛིན་པ་སྨིག་རྒྱུ་ཆུ། །བདག་འཛིན་ཕུང་བྱེད་ཉི་ཟེར་གཟུགས། ། སྣང་བ་གཉིས་ལྡན་ནེ་ཙོའི་བྱ། །དོར་བ་ཐུར་མ་འཁྲུལ་པའི་གཟུགས། །ལྟ་བས་ང་རྒྱལ་ཆོས་ཀྱི་ཝ། །སྒོམ་ལ་དེར་འཛིན་ཨ་ནུ་ལྟ། །སྤྱོད་པས་ང་རྒྱལ་འཛིན་ན་པ། །དཀའ་བས་རློམ་སེམས་བཟང་སྐྱོང་བུ། །དབང་གི་བུ་གྲོལ་འདོད་ཀོས་ལ། ། རྟོགས་པས་ཆོག་ཟེར་དཔལ་གྱི་བུ། །བླ་མ་བླ་བྲལ་བླ་མེད་གངྒཱ་མོ། །བཀའ་ལ་སྐུར་འདེབས་ཀྲྀཥྞ་པ། །བདེ་བས་གྲུབ་འདོད་ཐངས་བཟངས་གླུ། །སྟོང་པས་དེ་བཞིན་གདོལ་པ་ཛ། །དེ་རྣམས་བྲལ་བའི་ཤེས་པ་ནི། །ནོར་བུ་རིན་ཆེན་ཐོབ་པ་འདྲ། །སྔོན་ ཡུལ་ཝཱ་རཱ་ཎ་སཱིར་ཁྱིམ་བདག་པྲ་མོ་ཧ་དང་། སེར་སྐྱ་མོ་གྲུ་སྤྱན་མོ་གཉིས། །ཆུ་བོ་ནཻ་རཉྫ་ནའི་འགྲམ་ནེའུ་སིང་པོས་ངད་ཅན་དུ་དུས་བྱས་པ་ལས། མོས་ཉིན་མཚན་ལྔ་ཞིག་ཏུ་བསྡད་ཀྱང་འོངས་པར་མ་གྱུར་ཏོ། །དེ་ནས་ཡི་མུག་སྟེ་མའི་དྲུང་དུ་ཕྱིན་པ་དང་། མས་སྨྲས་པ། ཀྱེ་བུ་མོ་མདངས་རབ་ཏུ་ཞུམ་པར་གྱུར་པ་ཅིའི་ཕྱིར་ཞེས་པ་དང་། བུ་མོས་སྨྲས་པ། ཀྱེ་མཚན་མོ་གཉིས་དང་གཉིས་གསུམ་བར། །ཁྱིམ་བདག་གཞོན་ནུ་ལ་བསྡད་པས། །ཡིད་གདུངས་པས་ནི་ཡི་ཆད་གྱུར། །ཟས་དང་བྲལ་བ་ལྟོ་བ་ ལྟོགས། །ཞེས་ཟེར་བ་ལ། མས་འབྲས་ཆན་པ་ན་ལི་གང་བྱིན་པས། མྱུར་དུ་ཟོས་པས་གློ་བའི་སུལ་དུ་སོང་ནས་མགོ་འཁྲུགས་སོ། །དེ་ནས་སྨན་པ་བཤེས་གཉེན་ཆེན་པོ་ལ་བལྟས་པ་དང་། འདི་དག་ནི་ཚུལ་ཇི་ལྟ་བུ་ཡིན་ཞེས་པ་དང་། གོང་གི་ཚུལ་བཤད་ དོ། །སྨན་པས་སྨྲས་པ། གང་གིས་གང་ལ་རེ་བ་ནི། །ཞི་བར་མི་འགྱུར་བདེར་མི་འགྱུར། །སྡུག་བསྔལ་སྣ་ཚོགས་འཕེལ་བ་སྟེ། །རེ་བ་མེད་པས་བདེ་བའི་མཆོག །འདི་དག་ནི་རེ་བས་ཕུང་བར་འགྱུར་བ་བསྟན་པ་སྟེ། རེ་བ་མེད་པར་བྱ་བའི་མན་ངག་ སྟེ་དང་པོའོ།། །།སྔོན་གྱི་དུས་ན་རྒྱལ་བུ་མགྲོན་བཟངས་ཞེས་བྱ་བ་ཞིག་ལ། ཡབ་ཐུ་བོའི་སྟོབས་ཀྱི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ཏེ། ཀྱེ་རྒྱལ་བུ་སྒོ་སྲུང་ལ་ནན་ཏན་གྱིས་ཤིག་ཁྲི་གཞན་ལ་མ་ཤོར་བར་བྱ་བ་ལ་བརྩོན་པར་གྱིས་ཤིག་ཅེས་ སྨྲས་ནས་ཚེའི་དུས་བྱས་པར་གྱུར་ཏོ། །དེ་ནས་ཆོས་སྦྱིན་བྱེད་པའི་དུས་སུ་བྲམ་ཟེ་མདུན་ན་འགྲོ་རྒྱལ་པོའི་ཕོ་བྲང་དུ་བྱུང་བ་ལ་ཁྲི་ཕྲོགས་ཀྱིས་དོགས་ཏེ་ལངས་ནས་སྒོར་བྱ་བ་ལ་ཕྱིན་པ་དང་། ནུ་བོ་འགྲོ་བས་རྟེན་པས་ཁྲི་ཕྲོགས་སོ། །དེ་ནས་སེར་སྐྱ་མས། ཁྱོད་འོ་ན་འབད་པར་འགྱུར་བ་ཅིའི་ཕྱིར་ཞེས་པ་དང་། རྒྱལ་པོ་ནས་བབས་ཀྱིས་སྨྲས་པ། བདག་ལ་ཡབ་ཀྱིས་གདམས་པ་བཞིན། །ཁྲི་སྟན་ཤོར་གྱིས་དོགས་པ་ན། །སྒོ་ཡི་བྱ་བ་ལ་ཕྱིན་པས། །ནུ་བོས་བདག་གིས་བདེ་བ་ ཕྲོགས། །ཞེས་པ་དང་བྲམ་ཟེས་སྨྲས་པ། དོགས་པ་དང་བཅས་སེམས་ཀྱིས་བདེ་མི་རྙེད། །ཉམ་ང་དང་བཅས་རྟག་ཏུ་བདེ་མི་འགྱུར། །གང་ལ་དོགས་ཡོད་དེ་འཇིག་ཡོད་པའི་ཕྱིར། །མཁས་པ་རྣམས་ཀྱིས་དོགས་པ་སྤང་བར་བྱ། །དོག་པ་དང་ བྲལ་བར་བྱ་བའི་མན་ངག་སྟེ་གཉིས་པའོ།། །།སྔོན་རི་བྱ་རྐང་ལ། དགེ་སློང་སོག་མ་མེད་ཀྱིས་ཕྱིན་པ་དང་། རབ་ཏུ་སྐོམ་གྱིས་གདུངས་པར་གྱུར་པ་ལ། སྨིག་རྒྱུ་ཞིག་ཆུ་རུ་འཁྲུལ་ཏེ། འཐུང་དུ་ཕྱིན་པ་དང་། རབ་ཏུ་ངལ་བར་གྱུར་ནས་སྔོའི་ ལྡུམ་བུ་ཟ་ཞིང་འདུག་པ་ལ། དྲང་སྲོང་རྐང་མིག་གིས་སྨྲས་པ། བགྲོད་དཀའ་འཁོར་བའི་ཐང་ཆེན་ལ། །གཞན་དུ་བཙལ་འདོད་མི་དག་ནི། །ཉོན་མོངས་ཐོ་བས་གདུངས་འགྱུར་ཏེ། །སྐོམ་པ་སྨིག་རྒྱུའི་ཆུ་འཚོལ་འདྲ། །ཞེས་སོ། །དེ་དག་ནི་བསྒོམ་བྱ་ སྤང་པར་བྱ་བའི་མན་ངག་སྟེ་གསུམ་པའོ།། །།སྔོན་རྒྱལ་པོ་བརླ་སྐྱེས་ལ། བཙུན་མོ་ལྔ་བརྒྱ་ལ་བུ་སྟོང་ཡོད་དེ། སྲས་ནམ་ག་རུ་དྲང་སྲོང་དཔལ་དགའ་མོ་བསླངས་ཏེ། དེ་གཅིག་བུ་མེད་པས་རབ་ཏུ་གཅེས་པར་བྱས། རྒྱལ་བུ་ཡང་བདག་ལ་ནི་གཅེས་པ་ མེད་དེ། བདག་ལ་ནི་སྡུག་བསྔལ་ཟུག་རྔུ་ཅུང་ཟད་ཙམ་ཡང་བྱུང་བར་ཕངས་པས། བདག་ཚེའི་དུས་བྱས་ན་འཁོར་ཐམས་ཅད་ཕུང་བར་འགྱུར་རོ་སྙམ་སེམས་སོ། །དེ་ནས་ནང་པར་ཞིག་ཁྲུས་བྱས་ཏེ། ཁང་བཟངས་ཀྱི་རྩེ་མོར་ཁ་ཤར་ཕྱོགས་སུ་བལྟས་ཏེ། ཉི་ཟེར་ ལ་མིག་ཅུང་ཟད་བཙུམས་ནས་བསྡད་པ་དང་། ཉི་ཟེར་གྱི་གྱ་གྱུ་ལ་དུར་ཁྲོད་བྱུང་བར་མཐོང་ནས། བདག་ལ་དྲི་མས་གོས་པར་འགྱུར་སྙམ་ནས་བྲོས་པ་དང་། ཁང་བཟངས་ཀྱི་རྩེ་མོ་ནས་ལྟུང་སྟེ། ཚེའི་དུས་བྱས་སོ། །དེ་ནས་དགེ་བསྙེན་བློ་གྲོས་བཟང་པོས་སྨྲས་ པ། བདག་ཏུ་འཛིན་པ་ཆེས་པས་སྡུག་བསྔལ་འབྱུང་བ་སྟེ། །བདག་བདེ་འདོད་པས་གཞན་གྱིས་གནོད་པ་བྱུང་། །བདག་ཏུ་འཛིན་པ་ཡོངས་སུ་དོར་བྱས་ནས། །སེམས་ཅན་ཀུན་ཀྱང་སྨན་པ་བཞིན་དུ་བྱ། །བདག་ཏུ་འཛིན་པ་དང་བྲལ་བར་བྱ་བའི་མན་ངག་ སྟེ་བཞི་པའོ།། །།སྔོན་ཛེ་ཏའི་ཚལ་དུ་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དང་། བདུད་ནག་པོ་ལྷ་སྦྱིན་གཉིས་བྱ་ནེ་ཙོའི་ལུས་གཅིག་ལས། མགོ་བོ་གཉིས་སུ་གྱེས་པ་ཅིག་ཏུ་སྐྱེས་པར་གྱུར་ཏོ། །དེ་ནས་ལྷ་སྦྱིན་མགོ་བོ་གཉིད་ལོག་པའི་དུས་སུ། དོན་ གྲུབ་ཀྱིས་ཤིང་གི་རྩ་བ་སྲོག་པ་དང་། སྨན་ཡང་སྨྲ་དང་། དུག་ཧ་ལ་གཉིས་རྙེད་པ་ལ། བཅུད་ནི་མཉམ་པོར་ཕན་རོ་ནི་བདག་རང་མྱང་ངོ་། །ཞེས་ནས་སྨན་ཟོས་པ་དང་། བདུད་ལྷ་སྦྱིན་སྨན་གྱི་སྒྲེགས་པ་བྱུང་ངོ་། །དེ་ནས་རབ་ཏུ་ཁྲོས་པས་ལྷ་སྦྱིན་གྱིས་དུག་ ཟོས་པས་གཉིས་ཀ་ཕུང་བར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། དེ་ཉིད་མཐོང་བའི་མཁས་པ་ཡིས། །སྨན་ལྷའི་བསོད་ནམས་མི་བསླང་ཞིང་། །དུག་ལྟ་མི་མཐུན་དོར་མི་བྱ། །བླང་དང་དོར་བས་ཕུང་བར་འགྱུར། །བླང་དོར་དང་བྲལ་ བར་བྱ་བའི་མན་ངག་སྟེ་ལྔ་པའོ།། །།སྔོན་གྲོང་ཁྱེར་སེར་སྐྱར་བྲམ་ཟེ་ཉི་མ་སྦྱིན་ཞེས་བྱ་བ་ལ། རིམས་ནད་སེལ་བར་ནུས་པའི། ནོར་བུ་ཆེན་པོ་མུ་ས་ར་ག་ལ་བ་ཞེས་བྱ་བ་ཡོད་དེ། ཁྱིམ་བདག་དེ་ལ་ཁྱིམ་ཐབ་གཉིས་ཡོད་པ་ལས། གཉིས་ཀ་ལ་བུ་ མེད་པར་གྱུར་ནས། གྲོང་ཁྱེར་བདེ་བ་ཅན་དུ་ཁྱིམ་བདག་མོ་ས་མནྟ་ཞེས་བྱ་བ་དང་། འདོད་པའི་དུས་བཏབ་ནས་ཕྱིན་པ་དང་། སྔར་གྱི་ཁྱིམ་བདག་མོ་གཉིས་ཕྱི་བཞིན་དུ་བྱུང་བར་གྱུར་ཏོ། །དེ་ནས་ཤིང་སྡོང་པོ་རུལ་པ་ཅིག་གི་ཁོང་དུ་གབ་བོ། །དེ་ནས་ཁྱིམ་ཐབ་ གཉིས་ཕྱིར་ལོག་པ་དང་། ཁྱིམ་ཐབ་མོ་ས་མནྟ་དང་སྤྲད་ནས་ཉལ་པོ་བྱས་པ་དང་། ཁྱིམ་བདག་གི་མགོའི་ཅོད་པན་ལ་གསེར་གྱི་ཐུར་མ་གཉིས་གྱེན་དུ་འགྲེང་བ་ལ། མིག་ཡོར་གྱི་མི་གཉིས་སུ་འཁྲུལ་ཏེ་བྲམ་ཟེ་ལ་སྨྲས་པ། ཀྱེ་བཞིན་བཟངས་འོ་སྐོལ་ནི་མི་གཉིས་ ཀྱིས་ཉེ་བ་ཉིད་དུ་ནོན་ནས་གདའོ་ཞེས་པ་དང་། བྲམ་ཟེ་ལ་སྨྲས་པ། དེ་ནི་ངའི་ཁྱིམ་བདག་མོ་གཉིས་ལགས་ཏེ། འོ་སྐོལ་གྱི་སྤྱོད་ལམ་རྒྱལ་པོ་ལ་སྨྲས་ན། ངེས་པར་ཆད་པ་གཅོད་པར་གྱུར་པས་ས་ཕྱོགས་གཞན་ཞིག་ཏུ་བྲོས་ལ་གཤེགས་ སོ་ཞེས་ན། ན་དཔེའི་ཚལ་དུ་ཕྱིན་པ་དང་། །ཐུར་མ་ཡིན་པར་ངོ་ཤེས་ཏེ་ས་མནྟ་རབ་ཏུ་འཁྲུལ་པ་ལ་འགྱོད་པས་སྨྲས་པ་དང་། །ཁྱིམ་བདག་མོ་ས་མནྟས་གླུ་བླངས་པ། འོ་སྐོལ་མི་ཡིས་སྐྲག་ནས་བྲོས་པ་དང་། །འཁོར་བ་དོར་བར་འདོད་ན་སྒྲུབ་པ་འདིས། །དང་ པོ་གཞི་སྟོང་པ་ཉིད་ནས་སྡུག་བསྔལ་བྱུང་སྟེ། གཉིས་མེད་ལ་གཉིས་སུ་བརྟགས་པས་གདུངས་པར་འགྱུར། བླང་དོར་དང་བྲལ་བར་བྱ་བའི་མན་ངག་སྟེ་དྲུག་པའོ།། །།སྔོན་མི་ཡུལ་མ་ག་དྷ་ན་ཚོས་མ་ཀོའུ་རི་མ་ཞེས་བྱ་བ་གྲོང་ཁྱེར་གྱི་མཐའི་སྤྱིལ་པོ་ ཅིག་ན། ངུར་སྨྲིག་གི་ཚོས་བླུགས་པའི་བུར་སྣོད་ཅིག་གི་ནང་དུ་ཁ་ཤིང་ལོས་བཅད་དེ། མོ་རང་གི་མེ་ཏོག་ཐུར་ཕྱིན་པ་དང་། དུར་ཁྲོད་ཀྱི་ཝ་ཅིག་གིས་ཚོས་ཀྱི་སྟེང་དུ་ཕྱིན་པས་སྡིབ་སྟེ། ལུས་ཚོས་ཀྱི་མདོག་གིས་སྦངས་སོ། །དུར་ཁྲོད་དུ་ཕྱིན་པ་དང་། སྤྱང་ཀི་ དང་ཕྲད་ནས། ཀྱེ་ཆེ་ཞེ་མཆོག་ཏུ་གྱུར་པ་ཁྱེད་སུ་ཡིན་ཞེས་པ་ལ། མོ་ན་རེ་བདག་ནི་ལྷའི་རི་དགས་ཤ་ར་ན་ཞེས་བྱ་བ་ཡིན་ཏེ། ལུས་དྲི་དང་མདོག་ཏུ་ལྡན་པའོ། །དེ་ནས་དོམ་དང་སྟག་དང་སྤྲེའུ་དང་། སེང་གེ་རྣམས་ལ་སྤྱང་ཀིས་ཆེད་དུ་བརྗོད་པས་ཀུན་ཀྱང་ འཁོར་གྱུར་ཏོ། །དེ་ནས་ཟླ་བ་རྒྱས་པ་ཉའི་དུས་སུ་མའི་དྲུང་དུ་ཕྱིན་ཏེ། ང་ནི་མཆོག་གོ། །བླ་ན་མེད་པའོ། །ཕུལ་ལོ། །རི་དགས་ཀྱི་རྗེ་མོར་གྱུར་པའོ། །ཞེས་པ་ལས། མས་སྨྲས་པ། ཀྱེ་བུ་མོ། །ཚད་མའི་ཆུ་ལས་ཁྲུས་བྱས་ནས། །དམན་པའི་ས་ལ་གནས་ན་ བདེ། །རྒྱུད་ངན་ལྤགས་པས་ང་རྒྱལ་བ། །ཡུན་དུ་འགྲོགས་ན་ཕུང་བར་ངེས། །ཞེས་བརྗོད་པ་ལ། པགས་པའི་ང་རྒྱལ་གཏོང་དུ་མ་བཏུབ་པའོ། །དེ་ནས་ལོག་སྟེ་གཅན་གཟན་གྱི་ཚོགས་སུ་ཕྱིན་པ་དང་། རང་གིས་སྐད་བཏང་བས་ཝར་གྱུར་ཅིང་། སེང་གེའི་སྐད་ བཏང་བས་བརྒྱལ་ལོ། །དེ་ནས་རི་དགས་གཅན་གཟན་ཐམས་ཅད་ཀྱི་སྤུ་ཚོམ་པ་རེ་བཏོགས་ཏེ་རྟུག་པ་དང་བསྲེས་སོ། །དེ་ནས་ལྷའི་བུ་རྣམས་ཀྱིས་ཚིགས་སུ་བཅད་དེ་སྨྲས་པ། སེམས་ཀྱིས་སྟོབས་ཀྱིས་མི་འགྲོ་ཞིང་། །པགས་པས་ང་རྒྱལ་འགྲོ་བྱེད་ པ། །རྒྱུན་དུ་བདེ་བར་མ་གྱུར་ཏེ། །སྤུ་དང་བྲལ་བས་ཝ་ཉིད་ཕུང་། །བདེ་བས་འབྲས་བུ་བསྒྲུབས་པ་ལ། །ཞེ་འདོད་མེད་པས་མི་འགྲོ་ཞིང་། །གྲུབ་མཐའ་ང་རྒྱལ་འགྲོ་བྱེད་པ། །ཝ་བཞིན་ཐལ་བར་བརླག་པར་འགྱུར། །རང་གི་ལྟ་བ་ང་རྒྱལ་བ་དང་བྲལ་བར་བྱ་བ་སྟེ་ བདུན་པའོ།། །།སྔོན་ཀོ་ས་ལའི་ཡུལ་དུ། དགེ་སློང་ཡ་ཤུ་ཧ་ཞེས་བྱ་བ་ཅིག་གིས། ཚོགས་དྲུག་འགེགས་པའི་བསམ་གཏན་བྱས་པ་ལས་རླུང་འབྱུང་འཇུག་འཕོ་བ་དང་བྲལ་བས་ལོ་ལྔ་བརྒྱ་རྙེད་ཐུབ་པོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ དགའ་སྦྱངས་མདངས་ཀྱིས་སྨྲས་པ། དགེ་སློང་ཁྱོད་ཀྱིས་སེམས་ལ་ལྟོས། །ཤེས་རབ་ཕ་རོལ་ཕྱིན་དྲུག་མ། །ཙམ་དུ་མི་གནས་འདི་སྒོམས་ལ། །འགོག་པའི་སྙོམས་པར་འཇུག་པ་ཐོང་། །ཞེས་པ་ལ་དོན་ལ་སླར་སྐུར་པ་བཏབ་ནས་སྔར་གྱི་འདུ་ཤེས་ མེད་པ་ལ་ཞེན་པས། ལྷ་ཚེ་རིང་པོར་སྐྱེས་སོ། །དེ་ནས་མཐའ་འཁོབ་རྒྱལ་པོར་སྐྱེས་སོ། །དེ་ནས་ཡང་སྐྱེ་བ་དྲན་པས་བསྟན་པ་ལ་སྐུར་པ་བཏབ་ནས། སྔར་གྱི་འདུ་ཤེས་མེད་པ་ལ་ཞེན་པས། ལྷ་ཚེ་རིང་པོར་སྐྱེས་སོ། །དེ་ནས་ཡང་སྐྱེ་བ་དྲན་པས་བསྟན་པ་ལ་ སྐུར་པ་བཏབ་པ་དང་། དངོས་སུ་སས་ཐོངས་ཕྱེ་ནས། མནར་མེད་པའི་དམྱལ་བར་སོང་། དེ་དག་ནི་སྒོམ་པ་དམིགས་པ་དང་བྲལ་བར་བྱ་བ་སྟེ་བརྒྱད་པའོ།། །།སྔོན་བྲམ་ཟེ་འཛིན་ན་པ་ཞེས་བྱ་བ་བསིལ་ཁང་ན་ཉལ་བའི་རྨི་ལམ་ན། རིགས་ཀྱི་བུ་ གཙང་མའི་སྤྱོད་པ་ལོང་ཅིག ལས་བྱང་ཆུབ་མཆོག་ཏུ་བསྐྱེད་ནས། ཤེས་རབ་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པ་ལྔ་ནི་མཆོག་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་མིང་ཙམ་ཡང་མི་ཐོབ་པོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བརྗོད་དུ་མེད་པའི་ཕྱིར་རོ། ། ཞེས་བརྗོད་ཀྱང་མངོན་པའི་ཞེན་པ་དང་མ་བྲལ་ལོ། །དེ་བདུད་དགའ་རབ་དབང་ཕྱུག་གིས་བྱིན་གྱིས་བརླབས་ནས། སྲིད་པའི་རྩེ་མོའི་བདེ་བ་ཐོབ་སྟེ། སླར་ངན་སོང་དུ་ལྷུང་ངོ་། །སྤྱོད་པའི་ཞེན་པ་དང་བྲལ་བར་བྱ་བ་སྟེ་དགུ་པའོ། ། སྔོན་རྒྱལ་པོ་བཟང་སྐྱོང་བྱ་བའི་བུ་མོས། དགེ་སློང་མ་སྐྱེ་དགུའི་བདག་མོ་ཞེས་བྱ་བ་ལ། ལུས་ངག་ཡིད་གསུམ་ལོངས་སྤྱོད་ཀྱི་སྒོ་ནས། ལོ་དྲུག་ཏུ་བསྙེན་བཀུར་བྱས་སོ། །ཚོགས་ཀྱི་ལམ་རྟགས་བཅུ་གསུམ་དང་ལྡན་པའི་སྤྱོད་པ་བཅུ་ཕྲག་གཉིས་སུ་ བྱས་སོ། །དུས་ཇི་སྙེད་དུ་ཐོས་པ་ཡང་དེ་སྙེད་དུ་སྦྱངས་པ་ལས། དགེ་སློང་མ་དཔལ་མོ་ཞེས་བྱ་བས་སྨྲས་པ། ཀྱེ་བདག་གིས་འཁོར་བ་ཐམས་ཅད་ཀྱི་སྙིང་པོ། མྱ་ངན་ལས་འདས་པའི་དེ་ཁོ་ན་ཉིད་ཁྱོད་ལ་སྦྱིན་གྱི། ཁྱོད་འཁོར་བའི་དོགས་པ་ལས་ཡོངས་ སུ་གྲོལ་བར་འགྱུར་རོ་ཞེས་པ་དང་། བུ་མོས་སྨྲས་པ། ཀྱེ་དགེ་སློང་མ་སྔ་མའི་དགའ་བ་དེ་རྣམས་ཀྱི་འབྲས་བུ་མཆོག་གོ། །དེ་ལས་མཆོག་ཏུ་གྱུར་པའི་འབྲས་བུ་ནི་མི་འབྱུང་བའི་ཕྱིར། ཁོ་མོ་མི་འདོད་དོ་ཞེས་པ་དང་། དཔལ་མོས་སྨྲས་པ། ཆོས་ཀྱི་གསུང་ ཉིད་མི་ཤེས་པར། །འབྲས་བུ་འདོད་པའི་དཀའ་ཐུབ་དག །རྒྱལ་པོ་དག་གི་ཕོ་ཉ་བཞིན། །དཀའ་བས་མང་ཡང་དོན་ཆུང་འགྱུར། །དཀའ་བས་མང་པོ་བྱས་པས་ཆོག་པར་འཛིན་པར་བྱ་བ་སྟེ་བཅུ་པའོ།། །།དཔལ་མཆོག་དང་པོའི་རྒྱུད་ལས། དཔལ་ མཆོག་དང་པོ་དབང་ལས་འབྱུང་། །ལུས་ངག་ཡིད་ཀྱི་ཐ་བ་དག །དབང་གིས་རབ་ཏུ་སྨིན་བྱས་ན། །དཔལ་མཆོག་དང་པོ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་རྒྱལ་པོ་ཀོ་ས་ལས་མཐོང་ནས། རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ། དབང་ལན་བཅུ་བདུན་དུ་བྱས་སོ། །དེ་ ནས་རྒྱལ་པོ་ཨིནྡྲ་བྷཱུ་ཏི། ཀྱེ་རྒྱལ་པོ་དམ་པ་ནི་ས་བོན་ལྟ་བུའོ། །རྒྱུན་དུ་གོམས་པ་ནི་ཆུ་ལུད་ཀྱིས་མྱུ་གུ་སྐྱེད་པ་ལྟ་བུའོ། །སྤྱོད་པ་ནི་ལོ་ཏོག་འོས་སུ་རུང་བར་བྱེད་པ་ལྟ་བུའོ། །དེས་ན་རྒྱལ་པོ་ཆེན་པོ་སྒོམ་པ་གོམས་པར་བྱ་བར་རིགས་སོ་ཞེས་བརྗོད་ཀྱང་། སྔར་གྱི་ལུང་གིས་ངེས་པར་ཁ་ལོ་སྒྱུར་དུ་མ་བཏུབ་པོ། །དེར་མཁའ་འགྲོ་མས་ཚིགས་སུ་བཅད་པ་སྨྲས་པ། དབང་གིས་ཡེ་ཤེས་མཚོན་བྱས་ཤིང་། །འོས་སུ་རུང་བར་བྱར་འདོད་ཀྱང་། །གོམས་བྲལ་ཆུ་ཤིང་འབྲས་བུ་ལྟར། །ལན་ཅིག་སྐྱེད་ན་ཟད་འགྱུར་ ཉིད། །ཞེས་པའི་ཕྱིར་ན་གོམས་པར་བྱའོ། །དབང་ཁོ་ནས་ཆོག་པར་འཛིན་པ་དང་བྲལ་བར་བྱ་བ་སྟེ་བཅུ་གཅིག་པའོ།། །།དཔལ་ཌོཾ་བི་ཧེ་རུ་ཀའི་སློབ་མ་ཤྲཱི་སིང་ང་ཞེས་བྱ་བ་ཞིག་གིས། མཁའ་འགྲོ་མ་དང་། རྣལ་འབྱོར་པ་ཕོ་མོ་ཚོགས་ཀྱི་འཁོར་ལོ་ ཚོགས་པའི་དུས་སུ་སྨྲས་པ། ཆོས་རྣམས་སྟོང་པར་རྟོགས་པ་ཡིས། །དེ་ཡི་མཐའ་ལ་སྒོམ་དུ་མེད། །གལ་ཏེ་སྒོམ་ན་དམན་འགྱུར་ཏེ། །དཔེར་ན་རྒྱལ་པོ་རྒྱལ་པོར་ནི། །སླར་ཡང་འདོད་པ་མེད་པ་བཞིན། །བུདྡྷ་ཐམས་ཅད་སྟོང་པ་ཉིད་དུ་གཅིག་པར་ རྟོགས་ནས་སྒོམ་མི་དགོས། སྒོམ་སོགས་སྦྱིན་སྲེག་ཐལ་བ་འདྲ། །ཞེས་པ། རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱིས། ཀྱེ་བུདྡྷའི་གསང་བ་ཡོངས་སུ་འཕྲོགས་པར་བྱེད་པའི་ལོག་སྲེད་ཅན་ཁྱོད་ཉོན་ཅིག །ཚེས་གཅིག་གི་ཟླ་བ་མཐོང་བས། ཉ་གང་བ་ཡིན་ ནམ་བྱིས་པ་བཙས་ཐོག་ནས་སྟོབས་རྫོགས་པ་ཉིད་དམ། ས་བོན་བཏབ་པ་ཉིད་ནས་འབྲས་བུ་ཕུན་སུམ་ཚོགས་པ་ཉིད་དམ། རྒྱ་མཚོ་ནང་གི་ནོར་བུ་མཐོང་བས་ལག་ཏུ་ཡོང་བ་ཉིད་དམ། སེམས་བསྐྱེད་པ་ཙམ་གྱིས་སེམས་ཅན་གྱི་དོན་ནུས་པ་ཉིད་དམ། ཟས་ མཐོང་བ་ཙམ་གྱིས་བཀྲེས་པ་སོས་པ་ཉིད་དམ། མ་རིག་པའི་ཕྱིར། རྟོགས་པའི་གཙོ་བོ་ལ་གགས་གོམས་པའི་འཁོར་གྱིས་མཉེས་པར་བྱ་ན། ཟུང་དུ་འཇུག་པའི་ཡེ་ཤེས་ཐོབ་པར་འགྱུར་བའོ། །རྟོགས་པས་ཆོག་པར་འཛིན་པ་ནི་སྲུན་པའོ། །ཕྱི་རོལ་པའོ། ། བདུད་ཀྱིས་མངོན་སུམ་དུ་བྱིན་གྱིས་བརླབས་པའོ། །རང་ཉིད་ཕུང་བར་བྱས་པའོ། །ཞེས་ནས་བསད་དེ་མཁའ་འགྲོ་མའི་ལོངས་སྤྱོད་དུ་བྱས་སོ། །རྟོགས་པས་ཆོག་པར་འཛིན་པ་དང་བྲལ་བར་བྱ་བ་སྟེ་བཅུ་གཉིས་པའོ།། །།རྒྱལ་པོ་དྷརྨ་པཱ་ལའི་ བུ་མོ་གངྒཱ་མོ་ཞེས་བྱ་བ་ཞིག་གིས། དེ་བཞིན་གཤེགས་པའི་མདོ་རྒྱུད་ཐམས་ཅད་བལྟས་པ་ལས། རྟོགས་པ་ཇི་ལྟ་བ་སྐྱེས་ཏེ་བསྒོམས་སོ། །དེ་ནས་བྱང་ཆུབ་ཆེན་པོ་ལ་སྲིན་པོས་མཆོད་པའི་ནུབ་མོ། རྣལ་འབྱོར་པ་ཐམས་ཅད་ ཚོགས་ཀྱི་འཁོར་ལོ་བྱེད་པའི་སར་གངྒཱས་ཕྱིན་པ་དང་། རྣལ་འབྱོར་པ་ཐམས་ཅད་མཁའ་འགྲོ་མས་བྱིན་གྱིས་བརླབས་ནས། ལུས་འདེགས་སོ། །ངག་གིས་སྤྲོ་བ་བྱས་སོ། །ཡིད་ཀྱིས་ཀུན་དུ་ཞེ་སྡང་བར་བྱས་སོ། །དེ་ནས་གངྒཱ་མོའི་སྔར་གྱི་རྟོགས་པ་ མེད་པར་གྱུར་ནས། རྣལ་འབྱོར་པ་རྣམས་ལ་སྨྲས་པ། ཀྱེ་བདག་གིས་འོས་སུ་མ་རུང་བ་ཅི་བྱས་པ། ཁྱེད་ཀྱིས་བཤད་དུ་གསོལ་ཞེས་པ་དང་། རྣལ་འབྱོར་པ་རྣམས་ཀྱིས་གསུང་མགྲིན་གཅིག་ཏུ་སྨྲས་པ། བླ་མ་ལས་ནི་དངོས་གྲུབ་རྙེད། །རིག་མ་ལས་ ནི་བདེ་བ་འབྱུང་། །བླ་མ་བྲལ་བའི་དངོས་གྲུབ་ནི། །ཁྲི་ཕྲག་འབད་ཀྱང་ཐོབ་མི་འགྱུར། །གཞན་གྱིས་དངོས་གྲུབ་འབྱུང་བྱེད་པ། །དུག་དང་བཅས་པའི་ཟས་བཞིན་ནོ། །མཁའ་འགྲོ་ཀུན་གྱིས་འཚེ་བ་དང་། །བར་ཆད་སྣ་ཚོགས་འབྱུང་བར་འགྱུར། ། ཞེས་བྱ་བས་དད་པར་བྱས་སོ། །བླ་མ་ལ་མ་ལྟོས་པ་སྤང་བར་བྱ་བ་སྟེ་བཅུ་གསུམ་པའོ།། །།ཀརྣའི་རྒྱལ་པོའི་བུ་ཀྲྀཥྞ་ཞེས་བྱ་བས། དབུ་མ་མཆོག་ཏུ་བྱས་ཏེ། བཀའ་དང་བསྟན་བཅོས་ཐམས་ཅད་ལ་སྐུར་པ་བཏབ་པ་དང་། བྱང་ཕྱོགས་ཀྱི་ གནོད་བྱིན་གྱིས་བཟུང་ནས། སྨྱོ་བར་གྱུར་ཏེ། དེ་ནས་ཡབ་རྒྱལ་པོས་སྔགས་མཁན་རྣམས་ལ་ཞུ་བ་བྱས་ཏེ། བགེགས་བསྐྲད་པའི་སྦྱོར་བ་བྱས་པ་དང་། དཔལ་ན་རོ་པའི་ཞལ་ནས། སངས་རྒྱས་དགོངས་པ་དཔག་བསམ་ཤིང་ལྟ་བུའི་གསུང་དག་ ལ། །སེམས་ཅན་བློའི་ཐེག་པ་སྣ་ཚོགས་བྱས། །ཕྱོགས་མེད་ཕྱོགས་སུ་འཛིན་པའི་བདུད་ཆེན་གྱིས། །འདི་དང་མ་འོངས་གཉིས་ཀར་སླུ་བར་འགྱུར། །འགྲོ་བའི་བློ་ལ་ཐམས་ཅད་བདེན་པ་ཉིད། །དོན་དམ་ཡུལ་དུ་གང་ཡང་ཡོད་མ་ཡིན། །དེ་ཉིད་ རྣལ་འབྱོར་སེམས་སུ་དབྱེར་མི་ཕྱེད། །བཀའ་ལ་སྐུར་པ་འདེབས་པ་དམྱལ་བའི་གནས་སུ་འགྲོ། །དེའི་ཕྱིར་བཀའ་མཐའ་དག་ལ་སྐུར་པ་མི་བྱ་བ་སྟེ་བཅུ་བཞི་པའོ།། །།རྒྱལ་པོ་ཐང་བཟངས་གླུ་ཞེས་བྱ་བ་ཞིག །དཔལ་ཀམྤ་ལ་ལ་དབང་བླང་སྟེ་ ཨུནྱན་གྱི་དུར་ཁྲོད་ན། བདེ་བ་བསྒོམ་ཞིང་འདུག་པ་ལས། དུར་ཁྲོད་ཀྱི་ཡི་དགས་ཐམས་ཅད་ཀྱིས། བར་དུ་གཅོད་ཅིང་སེམས་རབ་ཏུ་གཡེངས་སོ། །དེ་རྣལ་འབྱོར་མ་ལེགས་སྨིན་ཀ་ར་ལ་ཞུས་པ་དང་། དེས་སྨྲས་པ། ལས་ཀྱི་ཕྱག་རྒྱ་བདེ་བའི་གྲུ། །སྟོང་ པའི་སྐམ་ས་རྙེད་ནས་ཅི་བྱར་ཡོད། །བཅོས་མའི་བདེ་ལ་བཅོས་མའི་ཡིད་ཞེན་ན། །འཁོར་བའི་མཚོ་ཆེན་རྒལ་བར་ནུས་མ་ཡིན། །ཞེས་པ། ལྷ་ལྕམ་ལ་རྣལ་འབྱོར་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་བྱས་སོ། །བདེ་བ་ལ་ཞེན་པ་སྤང་བར་བྱ་བ་ སྟེ་བཅོ་ལྔ་པའོ།། །།གདོལ་པ་ཛ་ཞེས་བྱ་བ་ཞིག་གིས། སློབ་དཔོན་ཆེན་པོ་ཀུ་ཀུ་རི་པ་ལ་བརྟེན་ཏེ། དོན་དམ་སེམས་ལ་དམིགས་པའོ། །རྫོགས་པའི་རིམ་པ་ཕྱོགས་གཅིག་པ་བསྒོམས་པ་ལས། ཆོས་ཐམས་ཅད་བརྟེན་མེད་དུ་ཞེན་ པར་འགྱུར་རོ། །དེ་ནས་ཡུལ་ཛཱ་ལན་དྷ་རར། རིམས་ནད་ཀྱིས་མི་ཕལ་ཆེར་ཚེའི་དུས་བྱས་སོ། །ལོ་ཏོག་ཐམས་ཅད་སེར་བས་བཅོམ་མོ། །ལོ་ལྔར་ཆར་མ་བབ་ནས། བྲམ་ཟེ་གསང་ཚིག་མཁན་ལ་དྲིས་པ་དང་། ས་ཕྱོགས་འདི་ནི་མི་ནང་པ་ སངས་རྒྱས་པ་གནས་ནས། ཕྱི་རོལ་གྱི་གྲུབ་མཐའ་གསང་པར་སྨྲ་བ་ལ་ཕྱོགས་ཏེ་གནས་པས། བཀྲ་མི་ཤིས་པ་སྣ་ཚོགས་བྱུང་སྟེ། འཇིག་རྟེན་འདི་ལ་གཞན་ཕུང་ཞིང་། །མ་འོངས་པ་ལ་རང་ཕུང་བར་བྱེད་དོ་ཞེས་པ་དང་། དཔལ་ཀུ་ཀུ་རི་པས་ཐོས་ ཏེ། གདོལ་པ་ཛའི་དྲུང་དུ་བྱོན་ནས་སྨྲས་པ། དང་པོ་དངོས་པོའི་ཆོས་རྣམས་ནི། །སྟོང་པ་ཉིད་ཀྱིས་བཟློག་པར་བྱ། །སྟོང་པ་ཉིད་ལ་ཞེན་ཆེས་ནས། །དངོས་འཛིན་པས་ཀྱང་ཕུང་བར་གྱུར། །དུག་སྦྲུལ་ཤི་ན་དར་ཡ་ཀན། །དུག་ལ་སྔགས་བཏབ་སྨན་ གྱི་མཆོག །གང་ལ་རྒྱས་བཏབ་བདེ་འགྱུར་ཕྱིར། །ཞེན་པ་ཐོང་ལ་གཉིས་མེད་སྒོམས། །ཞེན་ནས་དབང་གསུམ་པ་མཛད་དོ། །དེ་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱིས་འདས་པའི་དཔེ་བཅུ་བརྗོད་པས། མདོ་རྒྱུད་དང་མཐུན་པའི་ ཕྱིར། སངས་རྒྱས་སངས་རྒྱས་སུ་རིག་པར་བྱའོ། །མ་འོངས་པའི་དཔེ་དྲུག་བརྗོད་པས་གྲུབ་པ་ཐོབ་པ་དང་མཐུན་པའི་ཕྱིར། ཐམས་ཅད་མཁྱེན་པར་རིག་པར་བྱའོ། །རྐྱེན་བཅུ་དྲུག་དང་བྲལ་བའི་ཤེས་པ་ནི། སངས་རྒྱས་ཀྱི་དགོངས་པ་ཡིན་པའི་ཕྱིར། ནོར་བུ་རིན་པོ་ཆེ་དང་འདྲའོ། །སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་ཞལ་སྔ་ནས་གསུངས་པའི་ཚིགས་སུ་བཅད་པ་ཕྱེད་དང་ལྔ་ཞེས་བྱ་བ་རྫོགས་སོ།། །།དཔལ་གྱི་རི་ལ་མངའ་བདག་ཆེན་པོས། རྗེ་བཙུན་རི་ཁྲོད་ཀྱིས་གནང་བའོ། །དེས་རྗེ་བཙུན་ ཀ་རོ་པ་ལ་བརྒྱུད་དོ། །དེས་རྗེ་བཙུན་ན་རོ་པ་ལ་བརྒྱུད་དོ།། ༄༅༅། །རྒྱ་གར་སྐད་དུ། ནིར་བི་ཀལྤ་པྲ་ཀ་ར་ཎ། བོད་སྐད་དུ། རྣམ་པར་མི་རྟོག་པའི་རབ་ཏུ་བྱེད་པ། བླ་མ་དང་སངས་རྒྱས་ལ་ཕྱག་འཚལ་ལོ། །རྣམ་པར་རྟོག་པ་གང་གང་ གིས། །དངོས་པོ་གང་དང་གང་བརྟགས་པ། །ཡོངས་སུ་བརྟགས་པ་འདི་ཉིད་དག །རང་བཞིན་ཡོད་མིན་པ་ཁོ་ན། །སློབ་དཔོན་ཀླུ་སྒྲུབ་ཞལ་སྔ་ཡི། །ལམ་ལས་ཕྱི་རོལ་སོང་གྱུར་ཅིང་། །ལེགས་པར་མངོན་པའི་ཐབས་མེད་པའི། །ཀུན་རྫོབ་དེ་ ཉིད་བདེན་པ་ལས། །ཉམས་པས་ཐར་པའི་དངོས་གྲུབ་ནི། །ཡོད་པ་མ་ཡིན་དེ་དག་ཉམས། །གང་ཞིག་ལས་ལས་བྱུང་བ་ཡི། །རྣམ་པར་རྟོག་པ་གང་ཅིའང་རུང་། །དེ་དག་སྤངས་པའི་རང་བཞིན་ལས། །མྱ་ངན་འདས་པ་གཞན་ན་ནི། །ཡོད་ མིན་ཡུལ་ནི་གང་དུ་ཡང་། །རྣམ་པར་མི་སེམས་བདག་ཉིད་དོ། །གང་ཡང་དགའ་བའི་རང་བཞིན་གྱིས། །སེམས་ལ་བདེ་བ་འབྱུང་གྱུར་ཅིང་། །ཉམས་སུ་མྱོང་བའི་སར་ཕྱིན་པ། །དེ་ཡང་ཀུན་དུ་རྟོག་པ་ཙམ། །གང་དེ་འདོད་ཆགས་བྲལ་བ་ཡི། ། རང་གི་ངོ་བོ་དེ་དག་དང་། །གཉིས་པོ་གང་ཡིན་པ་དེ་ནི། །སྲིད་པའི་རྒྱུ་ཡི་མཆོག་ཡིན་ནོ། །དངོས་པོ་དངོས་པོ་ལས་མི་སྐྱེ། །དངོས་པོ་དངོས་མེད་ལས་ཀྱང་མིན། །དངོས་པོ་སྐྱེ་བ་རྟག་ཏུ་སྤངས། །དངོས་འཁྲུལ་ནམ་མཁའི་མེ་ཏོག་བཞིན། ། མཁའ་དང་མཉམ་པའི་ཆོས་རྣམས་ཀུན། །སྐྱེ་བ་མཁའ་དང་མཉམ་པ་ཉིད། །རྐྱེན་ནི་མཁའ་དང་མཉམ་ཀུན་ངེས། །སྲིད་པར་གྱུར་པ་བདེན་པ་ཡིན། །རྒྱུ་མེད་འབྲས་བུ་མེད་གྱུར་ཅིང་། །ལས་ཀྱི་རང་བཞིན་ཡོད་མ་ཡིན། །འཇིག་རྟེན་པ་མེད་ འཇིག་རྟེན་མེད། །མི་བརྟན་པར་གྱུར་ཆོས་འདི་ཀུན། །མ་སྐྱེས་པས་ནི་དངོས་པོ་གང་། །ཇི་ལྟར་གཞན་ལས་ཤེས་པར་གྱུར། །མོ་གཤམ་བུ་ཡི་བཞིན་ཡང་ནི། །དེ་ལྟར་ཤེས་པར་མི་ནུས་སོ། །འཇིག་རྟེན་གཟོད་ནས་མ་སྐྱེས་ཏེ། །གང་གིས་ ཀྱང་ནི་སྤྲུལ་པ་མེད། །དོན་མེད་འཁྲུལ་པའི་འཇིག་རྟེན་འདི། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་ནོ། །རྣམ་རྟོག་ལས་གང་འཇིག་རྟེན་འབྱུང་། །རྣམ་རྟོག་སེམས་ལས་བྱུང་བ་སྟེ། །གང་ཕྱིར་ལུས་ལས་སེམས་བྱུང་བས། །དེ་ཕྱིར་ལུས་ལ་རྣམ་པར་ བརྟག །གཟུགས་སྟོང་ཚོར་བ་རང་བཞིན་མེད། །འདུ་ཤེས་མེད་ཅིང་འདུ་བྱེད་ཀྱིས། །དངོས་པོ་ཡོད་པ་མ་ཡིན་ཏེ། །རང་རིག་གསལ་བའི་བདག་ཉིད་དོ། །དེ་ལ་ཤེས་དང་ཤེས་བྱ་མེད། །སེམས་དང་སེམས་ལས་བྱུང་བ་མེད། །འབྱུང་བ་མེད་ དེ་དེ་ཡི་ཕྱིར། །རྣམ་པར་མི་རྟོག་རང་བཞིན་ནོ། །དེ་ནི་སེམས་མིན་ལུས་ཀྱང་མིན། །ཁམས་རྣམས་མ་ཡིན་ཆོས་ཀྱང་མིན། །གཉིས་སུ་མེད་པའི་ལམ་མཆོག་འདི། །དེ་ཉིད་རིག་པ་རྣམས་ཀྱིས་གསུངས། །དམིགས་པ་མེད་པའི་ཆོས་འདི་ཀུན། ། དམིགས་པ་མེད་ལས་རབ་ཏུ་གྲོལ། །དམིགས་མེད་བློ་ཡི་ངང་བྱས་ན། །དམིགས་པ་མེད་པར་འགྱུར་བ་ཡིན། །རྣམ་པར་མི་རྟོག་པའི་རབ་ཏུ་བྱེད་པ་སློབ་དཔོན་ཆེན་པོ་ཨཱརྱ་དེ་ཝའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་མ་ཧཱ་ ཀཱ་རུ་ཎ་དང་། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་ནཱ་མ། བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ འདས་བདག་མེད་མ་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། །སྲིད་དང་ཞི་བ་ཕྱག་རྒྱ་ཆེན་པོ་ནི། །ངོ་བོ་ཉིད་ཀྱིས་མཁའ་ལྟར་རྣམ་པར་དག །མཚོན་བྱའི་གནས་ལུགས་མེད་པས་ཐ་སྙད་ཚིག་ལམ་ཆད། །རང་བཞིན་སྤྲོས་མེད་ངོ་བོ་ལྟོས་ཆོས་ཀུན་དང་ བྲལ། །བརྟག་དང་དཔྱད་དུ་མེད་ཅིང་མཚོན་པའི་དཔེ་དང་བྲལ། །དཔེ་བྲལ་ཉིད་ལའང་མི་གནས་བློ་ཡི་ཡུལ་ལས་འདས། །རྟག་མིན་ཆད་མིན་འཁོར་དང་མྱ་ངན་འདས་པ་མིན། །སྣང་མིན་སྟོང་མིན་དངོས་དང་དངོས་མེད་སྐྱེ་མེད་མིན། །ཆོས་ཉིད་གཉུག་ མ་མ་ཡིན་བློ་ལས་འདས་པའང་མིན། །མིན་པའང་མིན་ཞིང་ཡིན་མིན་བློ་ཡིས་བརྗོད་མེད་ཕྱིར། །གཉིས་ཆོས་གང་དང་འབྲེལ་མེད་གཟོད་ནས་མཉམ་པ་ཉིད། །ངོ་བོ་ངེས་ཚིག་བྱེད་པའི་ལས་རྣམས་བཤད་པ་ཡང་། །རི་བོང་རྭ་བརྫུན་དེ་ཡི་རྣོ་རྟུལ་ བརྫུན་དང་མཚུངས། །ཆོས་རྣམས་ཐམས་ཅད་མཚན་ཉིད་དེ་དང་ཁྱད་པར་མེད། །ཇི་ལྟར་སྣང་ཞིང་སྲིད་པའི་ཀུན་རྫོབ་ཆོས་ཅན་རྣམས། །ངོ་བོ་ཉིད་མེད་མིང་ཙམ་སྒྲ་ཙམ་བཏགས་པ་ཙམ། །མིང་དང་དོན་ལ་ཁྱད་པར་བྱེ་བྲག་ཅུང་ཟད་མེད། །གདོད་ ནས་ལྷན་ཅིག་སྐྱེས་པས་གཞན་ནས་བཙལ་དུ་མེད། །སེམས་ཉིད་མིང་སྟོང་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་སྟེ། །ནམ་མཁའ་རང་བཞིན་གདོད་ནས་མིང་སྟོང་ཡིན་དང་མཚུངས། །ངོ་བོ་ཉིད་ཀྱིས་མ་སྐྱེས་མཚན་མའི་སྤྲོས་དང་བྲལ། །མཁའ་ལྟར་ཀུན་ལ་ ཁྱབ་ཅིང་འཕོ་དང་འགྱུར་བ་མེད། །དུས་རྣམས་ཀུན་དུ་སྟོང་ཞིང་ཡེ་ནས་བདག་མེད་དེ། །དྲན་རྟོག་མཚན་མ་མེད་དེ་སྨིག་རྒྱུའི་ཆུ་བོ་ལྟར། །མ་བཅིང་མ་གྲོལ་གཉུག་མའི་ངང་ལས་མ་གཡོས་སོ། །སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་སྤྲུལ་པ་ ལ། །སྤྲུལ་པའི་ངོ་བོ་ཡེ་ནས་སྐྱེ་མེད་ཆོས་ཀྱི་དབྱིངས། །བདེ་སྡུག་ལ་སོགས་གཉིས་སྣང་མཚན་མ་ཐམས་ཅད་ཀྱང་། །ཆོས་ཉིད་གཉུག་མ་ཕྱག་རྒྱ་ཆེན་པོའི་རོལ་པའོ། །རོལ་པ་ཉིད་ལ་བདེན་མེད་མི་བརྟན་འགྱུར་བའི་ཕྱིར། །གནས་ལུགས་ སྟོང་པའི་རྒྱ་ལས་ནམ་ཡང་མ་འདས་སོ། །ཁ་ཅིག་དབང་བསྐུར་བ་ཡིས་ཡོངས་སུ་གདུང་བར་བྱེད། །ཁ་ཅིག་ཧཱུཾ་ཕཊ་ཟེར་ཞིང་ཕྲེང་བ་ཡོངས་སུ་བགྲང་། །ཁ་ཅིག་བཤང་གཅི་ཁྲག་དང་ཁུ་བ་ཤ་རྣམས་ཟ། །ཁ་ཅིག་རྩ་དང་རླུང་གི་རྣལ་འབྱོར་བསྒོམ་ སྟེ་ཡོངས་སུ་འཁྲུལ། །ཨེ་མ་ཧོ། །བླ་མ་དམ་པས་ཟིན་པས་ཅིག་ཤོས་འདི་ལྟར་རྟོགས། །གང་ཡང་འཁྲུལ་པ་ཡིན་ཕྱིར་ཡང་དག་རྟོགས་པ་མེད། །རྟོགས་བྱ་རྟོགས་བྱེད་མེད་པས་ཕྱོགས་རིས་མཐའ་དང་བྲལ། །བྲལ་དང་མ་བྲལ་མེད་པས་མཉམ་ ཉིད་གཉུག་མའི་ངང་། །འདི་ལྟར་རྟོགས་ན་ངེས་པར་གཞན་དུ་དྲི་ས་མེད། །སྣ་ཚོགས་ཆོས་སྐུར་གསལ་བས་སྤོང་ལེན་སེམས་མི་འབྱུང་། །བསྒོམ་དང་མི་བསྒོམ་མེད་ཅིང་མཚན་མས་གོས་པ་མེད། །སྣང་དང་མི་སྣང་ཡུལ་ལ་ནམ་ཡང་བརྟེན་མི་བྱེད། ། བྱ་དང་བྱེད་པའི་སེམས་མེད་དམིགས་པ་ཀུན་དང་བྲལ། །རེ་དང་དོག་པའི་སེམས་མེད་ཀུན་ལ་ཞེན་པ་ལོག །བླ་མས་བསྟན་པས་གཉུག་མའི་གནས་ལུགས་རྟོགས་གྱུར་ན། །དྲན་རིག་སྣ་ཚོགས་ཆོས་ཀྱི་དབྱིངས་སུ་རང་རླག་སྟེ། །རྣམ་ཤེས་ ཡུལ་ལ་མི་གནས་ཆགས་ཞེན་ཀུན་བྲལ་བས། །མ་བཅོས་གཉུག་མའི་ངང་དུ་ཆོས་ཀུན་གྲོལ་བར་འགྱུར། །ཀུན་ལ་མ་ཆགས་ང་རྒྱལ་ལ་སོགས་དྲི་མ་བྲལ། །གུས་པར་ལྡན་ཞིང་དམ་པས་ཡོངས་སུ་ཟིན་པ་དང་། །གང་ཡང་ཡིད་བྱེད་བྲལ་ན་དྲི་མེད་ ཐེ་ཚོམ་མེད། །ཤེས་དང་ཤེས་བྱ་དག་པས་ཆོས་ཉིད་མངོན་སུམ་འཆར། །གཉུག་མ་ཕྱག་རྒྱ་ཆེན་པོ་རྟོགས་པར་མ་གྱུར་ན། །རྟག་ཏུ་གཉིས་འཛིན་དབང་གིས་ཀུན་ལ་ཞེན་གྱུར་པས། །བསམ་རིག་རབ་རིབ་སྣ་ཚོགས་རྒྱུན་དུ་སྐྱེ་འགྱུར་ཞིང་། །མ་ནོར་ དོན་ལ་མི་གནས་སྲིད་པར་འཁོར་ཞིང་འཁྱམ། །སྙན་གྲགས་བསྙེན་བཀུར་ཀུན་ལ་ཆགས་ཞིང་ཞེན་པ་དང་། །ཐོས་བསམ་གོ་རྟོགས་ཆེ་དང་ཉམས་མྱོང་བཟང་པོ་དང་། །དངོས་གྲུབ་བྱིན་རླབས་ནུས་པའི་རྟགས་བྱུང་བཅོས་མའི་ ལམ། །དོན་གྱིས་དྲི་མ་ཡིན་ཕྱིར་མཁས་པས་ཡིད་མི་གཏད། །དེ་ཉིད་ཡིད་ལ་བྱེད་ཅིང་གཉིས་མཐའི་ཕྱོགས་ལྷུང་ན། །འཁོར་བར་འཁོར་ཞིང་སྲིད་པའི་རྩ་བ་ཡིན་པའི་ཕྱིར། །ཀུན་གྱི་གཞི་རྩ་ཡིད་ཀྱི་རི་བོ་གང་ཡིན་ལྟོས། །བལྟས་པས་མ་མཐོང་ཡིད་དང་བྲལ་ ན་ངེས་པར་གྲོལ། །སེམས་ཀྱིས་ཆོས་ཀྱི་དབྱིངས་ལ་འདི་ཞེས་མེད་པས་ན། །དེ་ལ་སྒོམ་དང་བསྒོམ་པར་བྱ་བ་གཉིས་སུ་མེད། །ཡོད་མེད་ཅིར་ཡང་མི་རྟོག་མ་ཡེངས་ངང་ལ་ཞོག །སྟོང་པ་ཉིད་དང་སྐྱེ་མེད་བློ་ལས་འདས་པ་དང་། །མཐའ་བྲལ་ལ་སོགས་ གང་ཡང་ཡིད་ལ་བྱེད་པ་ན། །གནས་ལུགས་དོན་ལ་མི་གནས་ཤིན་ཏུ་ཡེངས་པའོ། །སྟོང་དང་མི་སྟོང་རྩིས་མེད་ལྷུག་པའི་ངང་ལ་ཞོག །གཞག་དང་མི་གཞག་མེད་པར་རང་དགའ་ཡན་པར་ཐོང་། །བཏང་དང་བཟུང་བའི་སེམས་མེད་རོ་ལངས་ཇི་བཞིན་གྱིས། ། དེ་ཉིད་གནས་ལུགས་རིག་ནས་དེ་ཡི་ངང་གནས་ན། །གཉིས་སྣང་མཚན་མའི་བག་ཆགས་མྱུར་དུ་འཇིག་པར་འགྱུར། །རྟོགས་པའི་ངང་ལ་མི་གནས་མཚན་མས་གཡེངས་གྱུར་ན། །གཉིས་སྣང་མཚན་མའི་བག་ཆགས་ལྡོག་པར་མི་འགྱུར་ཏེ། །རབ་ རིབ་ཅན་གྱི་མིག་གི་ནང་དུ་ཤེས་གྱུར་ཀྱང་། །མིག་གི་ནད་མ་བྱང་བར་རབ་རིབ་སྣང་མི་ལྡོག །གནས་ལུགས་ཡིད་ལ་བྱེད་ཅིང་ཉམས་ལ་ཞེན་པ་དང་། །དེ་ཉིད་དོན་ལ་གོམས་ཤིང་བསྒོམས་ན་གོལ་བའི་རྒྱུ། །མཐུན་འཇུག་རྣམས་ལ་ཆགས་སྡང་སྐྱེ་ ཕྱིར་འཆིང་བའོ། །མི་མཐུན་རྐྱེན་ངན་ཐམས་ཅད་དངོས་གྲུབ་དམ་པ་སྟེ། །མི་མཐུན་རྐྱེན་གྱིས་རྣལ་འབྱོར་ཉམས་ཀྱི་གསལ་འདེབས་ཕྱིར། །རྐྱེན་ངན་མི་སྤང་དེ་ཉིད་ཤེས་པས་དེ་ལ་སྦྱང་། །དེ་ལྟར་སྐྱོང་ཞིང་ཉམས་རྟོགས་མཐར་འབྱིན་སྤྱོད་པ་སྟེ། ། གྱི་ལིང་དག་ལ་ལྕག་གིས་བསྐུལ་བ་ཇི་བཞིན་ནོ། །གལ་ཏེ་རྟོགས་ལྡན་ཉམས་བཟང་སྤྱོད་པའི་གྲོགས་མེད་ན། །ཇི་ལྟར་མི་ལྡན་སྐྱེས་བུ་དག་ནི་རྐང་པ་མེད་དང་མཚུངས། །དོན་དམ་རྣལ་མ་ཆགས་མེད་དོན་ལ་སྤྱད་བྱ་སྟེ། །མི་སྤང་མི་སྒྲུབ་མི་ཞེན་མི་ སྤྱོད་མི་འགོག་པར། །རང་ལུས་ཅི་བདེར་སྤྱོད་པ་རབ་མཆོག་དམ་པའོ། །ཀུན་རྫོབ་སངས་རྒྱས་མི་རོའི་གདེང་ཆེན་ལྡན་གྱུར་ཀྱང་། །སེམས་ཅན་ཚོགས་ཆེན་མི་སྤང་ཅི་ནུས་འབད་པར་བྱ། །འཁོར་བ་དག་ལ་དོག་པའི་སེམས་མེད་འཇིགས་བྲལ་ཡང་། ། སྡིག་པའི་ལས་རྣམས་ཕྲ་མོ་དག་ནས་འཛེམ་པར་བྱ། །ཆོས་རྣམས་སྟོང་པ་མཁའ་ལྟར་རྩ་བྲལ་རྟོགས་གྱུར་ཀྱང་། །ཆགས་སྡང་འཛིན་ཆགས་མཐའ་དག་རྩད་ནས་སྤང་བར་བྱ། །ཆོས་ཉིད་མཐའ་བྲལ་ཟང་ཐལ་ཆེན་པོའི་དོན་རྟོགས་ཀྱང་། །བརྟན་པ་མ་ ཐོབ་བར་དུ་ཉམས་རྟོགས་གཞན་ལ་གསང་། །དོན་དམ་བདག་གཞན་གཉིས་སུ་མེད་པ་རྟོགས་གྱུར་ཀྱང་། །ཀུན་རྫོབ་འགྲོ་ལ་ཕན་པའི་དོན་ཆེན་དག་ལ་བསམ། །འདྲེན་པ་གཞན་ལ་མི་ལྟོས་གདེང་དང་ལྡན་གྱུར་ཀྱང་། །བཀའ་དྲིན་ཅན་གྱི་བླ་མ་སྤྱི་ བོའི་གཙུག་ཏུ་བཀུར། །ཆགས་ཤིང་ཞེན་པར་བཅས་པས་ཀུན་ལ་དགག་སྒྲུབ་བྱེད། །རྒྱུད་དང་མི་འཚམ་འགལ་བའི་སྤྱོད་པ་གོལ་བའོ། །མཐོང་བྱ་མཐོང་བྱེད་མེད་པས་ཐ་དད་རང་སར་གྲོལ། །ཉམས་སུ་མྱོང་མཁན་སྟོར་བས་རྩོལ་སྒྲུབ་ཀུན་དང་ བྲལ། །ཐོབ་བྱའི་འབྲས་བུ་སྟོར་བས་རེ་དོག་ཀུན་ལས་གྲོལ། །ང་བདག་རྩད་ནས་ཐོན་པས་བདུད་ཀྱི་གཡུལ་ལས་རྒྱལ། །དངོས་འཛིན་རང་སར་ཞིག་པས་འཁོར་འདས་ཀུན་ལ་གྲོལ། །རིག་པ་གཞི་ལ་དག་པས་རྫོགས་སངས་རྒྱས་ཞེས་བརྗོད། ། ཆོས་བློ་ཟད་སར་ཟད་པས་མྱ་ངན་འདས་ཞེས་བཤད་པའི་ཕྱིར། །མ་བཅོས་མ་བསྒྱུར་སྤངས་ཐོབ་ཀུན་ལས་ཡོངས་སུ་གྲོལ། །ཨེ་མ་ཧོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་ཟབ་མོའི་སྒྲ་ཆེན་དེ། །གདགས་གཞི་གང་ཡིན་སྟོང་པ་ཞེས་བྱའང་བཏགས་པ་ཙམ། ། སྐད་ཅིག་ངོ་བོས་སྟོང་པར་བདག་མེད་སུ་ཡིས་རྟོགས། །རྟོག་མཁན་ཉིད་མེད་མིང་ཙམ་སྒྲ་ཙམ་བཏགས་པ་ཙམ། །དེ་ཉིད་ཡང་དག་མ་ཡིན་གདུལ་བྱའི་སྣང་བའོ། །གདུལ་བྱ་ཉིད་ལའང་བདག་མེད་སྒྱུ་མ་སྤྲུལ་པ་འདྲ། །ཕྱག་རྒྱ་ཆེན་ པོ་ཞེས་བྱ་བྱིས་པའི་བློས་བརྟགས་སོ། །འཁྲུལ་དང་མ་འཁྲུལ་ཞེས་བྱ་མིང་ཙམ་བཏགས་པ་ཙམ། །འཁྲུལ་པར་ཚོར་ཞིང་རིག་པའི་སྐྱེས་བུ་སུ་ཞིག་ཡིན། །འབྲས་བུ་མྱང་འདས་རྡུལ་ཙམ་མེད་ཅིང་མི་དམིགས་ན། །གྲོལ་དང་མ་གྲོལ་ཞེས་བྱ་གློ་བུར་ སྒྲོ་བཏགས་ཏེ། །ནམ་མཁའ་ཞི་ཞིང་དག་ལ་མེད་པ་གྲོལ་ལམ་ཅི། །ཀུན་རྫོབ་དོན་དམ་ཞེས་བྱའང་ནན་གྱིས་བཏགས་པ་སྟེ། །ཆོས་ཀྱི་དབྱིངས་ལ་བདེན་པ་གཉིས་མེད་ཆོས་དབྱིངས་མེད། །དོ་ཧ་མཛོད་ཅེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་མཛད་ པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་བཻ་རོ་ཙ་ནས་རང་འགྱུར་དུ་བསྒྱུར་བའོ།། །།བརྒྱུད་པ་ནི་བིརྺ་པ། ནག་པོ་པ། སློབ་དཔོན་སྒྲ་མཁན་ཞབས། སློབ་དཔོན་པུ་ར་པ། ཤྲཱི་བཻ་རོ་ཙ་ནའོ།། ༄༅༅། །རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ། བོད་སྐད་དུ། དོ་ཧ་མཛོད། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཕུང་པོ་ཁམས་དང་སྐྱེ་མཆེད་དབང་པོ་རྣམས། །ལྷན་ཅིག་སྐྱེས་པའི་རང་བཞིན་ལས། །མ་ལུས་དེ་ལས་བྱུང་ཞིང་དེ་རུ་ཐིམ། །ལྷན་སྐྱེས་དངོས་དང་དངོས་མེད་ གཏམ་མི་འདྲི། །སྟོང་པ་སྙིང་རྗེ་དེ་རུ་རོ་མཉམ་འདོད།