Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 52
Văn bản gốc(Tây Tạng)
Trang 7 / 19 (50.000 ký tự/trang)
ྱ་གང་གིས་ཀྱང་མ་བཅིངས་ལ། རྣམ་པ་ཐམས་ཅད་མཁྱེན་པ་དེ་ཉིད་བླ་མ་དམ་པས་བསྟན་པ་ནི་མཆོག་ཡིན་ཏེ། དེ་ཉིད་འདམ་གང་གིས་ཀྱང་ མ་གོས་པ་བདེ་བ་ཆེན་པོའི་དབང་དུ་འགྱུར་བས། མཆོག་ཏུ་བདེ་བ་ཆེན་པོའི་དབང་གིས་ན། །ཐུན་མོང་གི་དངོས་གྲུབ་ནི་སེམས་ཀྱི་དྲན་སྒོམ་དང་སྔགས་དང་ཕྱག་རྒྱ་ལ་སོགས་པ་ལ་བྱུང་བ་ཡིན་གྱི། ཐུན་མོང་མ་ཡིན་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། ཡིད་ ལ་མ་བྱས་པའི་ངང་ལས་མ་གཡོས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་ལ་གནས་ན་དངོས་གྲུབ་དམ་པའོ།། །།དེ་ལྟར་རྟོགས་པའི་རྗེས་ལ་སེམས་རང་དགར་གཞག་པ་ནི་གླང་པོ་ཆེ་ཤིན་ཏུ་མི་སྲུན་པའི་ཐོག་ཏུ། ལྕགས་ཀྱུས་གོམས་པ་རྩལ་པོ་ཆེ་ཅིག་གིས་ བཏབ་པས་ཡན་ཡང་མི་སྟེར་བ་བཞིན་དུ། རྟོགས་པའི་རྣལ་འབྱོར་པས་སེམས་ཉིད་སྐྱེ་མེད་དུ་ཤེས། སེམས་ཀྱི་རང་བཞིན་དྲན་པ་མེད་པར་ཤེས། །སེམས་ལས་བྱུང་བའི་དྲན་པའི་རྣམ་པ་ལ་དགག་སྒྲུབ་མ་བྱེད་པར། སེམས་ཀྱི་གླང་པོ་ཡན་དུ་ཆུག ། ཤེས་དང་ཤེས་བྱ་ལས་གྲོལ་བའི་རྣལ་འབྱོར་པའི་དགོངས་པ་ནི་གཞན་ལ་དྲི་ས་མེད་པས། དེ་ཉིད་བདག་ཉིད་ལ་དྲིས་ཤིང་། །སེམས་ཉིད་ཀྱི་རང་བཞིན་ནམ་མཁའ་བཞིན་དུ་སྤྲོས་པ་དང་བྲལ་བ་ལ། ཤེས་དང་ཤེས་བྱའི་རི་བོའི་སྐྱེ་བ་མེད་པའི་ཆུ་བབས་པས། ནམ་མཁའི་རི་བོའི་ཆུ་འཐུང་དང་། །དེ་ཡང་ཇི་སྲིད་དྲན་པ་དང་བཅས་པའི་སེམས་དེ་ནི་སྒྱུ་མ་ཙམ་དུ་ཤེས་ལ། འཁོར་བའི་འགྲམ་དང་དེ་ལས་གཞན་དྲན་པ་མེད་པ་མན་ངག་གིས་ཉམས་སུ་མྱོང་བ་ཡོད་པའི་རྨི་ལམ་ལྟ་བུར་ཤེས་ལ། མྱ་ངན་ལས་འདས་པའི་ འགྲམ་དེ་གཉིས་སེམས་ངལ་སོ་བ་དང་། ཡིད་འཕམ་སྐྱེ་མེད་ཆུ་བོ་ཡི། །དེ་ཡི་འགྲམ་དུ་ཞོག་ཅིག་རང་དགའ་བར། །དེ་ཡང་སེམས་ཀྱི་ཡུལ་ནི་དྲན་པ་ནི་གླང་པོ་ལྟ་བུ་ཡིན་ཏེ། དྲན་མེད་དབང་པོ་ལྟ་བུ་དེས་སྐྱེ་བ་མེད་པའི་ལྕགས་ཀྱུ་ལག་པས། ཡུལ་གྱི་གླང་ པོའི་དབང་པོའི་ལག་པས་བླངས་ནས་སུ། ཇི་ལྟར་གླང་པོ་ཆེ་དེ་རྩལ་ཆེ་ཡང་ལྕགས་ཀྱུ་མཁན་ཐབས་མཁས་པའི་དབང་དུ་གྱུར་པ་བཞིན་དུ། ཐབས་མཁས་པས་སེམས་ཀྱི་གླང་པོ་ཆེ་དེ་ཡང་གསོད། ནམ་ཡང་བདེ་བ་རང་དབང་དུ་འགྱུར་པས། ཇི་ལྟར་གསོད་ པ་རང་དབང་སྣང་བར་འགྱུར། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ་ཇི་ལྟར་གླང་པོ་ཆེ་སྐྱོང་བ་བཞིན་དུ། སེམས་ཉིད་སྐྱེ་མེད་དུ་ཤེས་ན་སེམས་དྲན་མེད་ལ་སྐྱོ་བར་བྱ་བ་ཡིན་པས། རྣལ་འབྱོར་པས་ནི་གླང་པོ་ཆེ་སྐྱོང་བ་བཞིན། མ་རྟོགས་ན་གླང་པོ་ནི་ནགས་ཀྱི་ གླང་པོ་ཆེ་ཡིན་པས་མི་ལྡོག་པ་བཞིན་དུ། འཁོར་བའི་ནགས་ལས་རྒལ་བར་མི་འགྱུར་བ། །རྟོགས་པའི་རྣལ་འབྱོར་པས་ནི་སེམས་རང་དབང་དུ་འགྱུར་བས། དེ་ཁོ་ན་ཉིད་ལས་ལོགས་ན་འགྲོ་ས་མེད་པས། དེ་ཉིད་ནས་ནི་ལྡོག་པར་འགྱུར་བ་ཡིན།། །། ད་ནི་ཆོས་རྣམས་ངོ་བོ་གཅིག་པའི་མཚོ་ལ་ཆུ་བུར་གྱི་དཔེས་བསྟན་པར་བྱའོ། །དེ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་སེམས་ལ་གཉིས་སུ་སྣང་ཡང་། དེ་གཉིས་ཀྱི་རྒྱུའི་རྩ་མེད་དེ། རིག་པས་ནི་འཁོར་བར་འཁོར་ལ་དེའི་རང་བཞིན་མ་གྲུབ་པས་མྱ་ངན་ ལས་འདས་པའི་ལམ་ཡིན་ནོ། །དེའི་ཕྱིར་འཁོར་བ་སྤངས་པའི་ཕ་རོལ་ན། མྱ་ངན་ལས་འདས་པ་མེད་ལ། གང་ཞིག་འཁོར་བ་དེ་ནི་མྱ་ངན་ལས་འདས་པར་ངེས། སེམས་ཉིད་འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པའི་ཐ་སྙད་བཏགས་ཀྱང་། དབྱིངས་ ལ་ཐ་དད་པ་ནི་རྡུལ་ཕྲ་རབ་ཙམ་ཡང་ཡོད་པ་མ་ཡིན་པས། དབྱེ་བ་གཞན་དུ་སེམས་པ་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ནི་སྤྲོས་པ་ཐམས་ཅད་བྲལ་བའི་ཕྱིར་གཅིག་ཅེས་རྟོགས་མོད་ཀྱི། དེ་ལྟ་བུར་བརྗོད་དུ་བཏུབ་པ་མ་ཡིན་པས། རང་བཞིན་གཅིག་གིས་དབྱེ་བ་ རྣམ་པར་སྤངས། །སེམས་རང་བཞིན་གྱིས་འོད་གསལ་བ་ལ། གློ་བུར་གྱི་ཉོན་མོངས་པས་ཀྱང་ཉོན་མོངས་པར་མི་འགྱུར་ལ། ཤེས་བྱས་ཀྱང་ཤེས་བྱར་མི་འགྱུར་བས། དྲི་མ་མེད་པ་ང་ཡིས་རབ་ཏུ་རྟོགས། །དྲི་མ་མེད་པ་ནི་མ་རྟོགས། ཉིད་ཀྱི་དེ་ཉིད་བསྒོམས་ ནས། བླ་ན་མེད་པའི་བྱང་ཆུབ་ཐོབ་ཟེར་ཏེ། །བསྒོམ་པ་ནི་དམིགས་པ་དང་བཅས་པ་ཡིན་པས། ཡིད་ཀྱི་དེ་ཉིད་དམིགས་པ་དང་བཅས། འོ་ན་སྟོང་པ་ཉིད་བསྒོམས་ན་ཟེར་ན། སྟོང་པ་ཉིད་ནི་དམིགས་པ་མེད་པ་ཡིན་པས་བསྒོམ་དུ་མེད། བསྒོམ་དུ་ཡོད་ན་ཡིད་ཀྱི་ རྣམ་པར་ཤེས་པ་ལ་དམིགས་པས་སངས་རྒྱས་མ་ཡིན་སངས་རྒྱས་ནི་ཆོས་སྐུ་ཉག་གཅིག་ཡིན་པས། ཆོས་སྐུ་ནི་དམིགས་པ་མེད་པ་སྟོང་པ་ཉིད་ཡིན་པས། དམིགས་མེད་སྟོང་པ་ཉིད་ཡིན་ན། །འོ་ན་ཆོས་སྐུ་ཉག་གཅིག་ཡིན་པས་ཡིད་ཀྱི་རྣམ་ཤེས་བསྒོམས་ནས་ དྲན་ནས་ཡིན་ཟེར་ན། ཇི་སྲིད་དྲན་པ་ནི་རྣམ་རྟོག་ཡིན་པས། བསྒོམ་པ་མ་ཡིན། སེམས་ཉིད་རྒྱུན་མི་འཆད་པ་དྲན་པ་མེད་ཅིང་ཡིད་ཀྱི་བྱ་བ་མེད་པས། བསྒོམ་བྱ་སྒོམ་བྱེད་མེད་ཅིང་ཡིད་ལ་བྱ་བ་མེད་པས་བསྒོམ་བྱ་སྒོམ་བྱེད་མེད་དེ། དྲན་ནས་བསྒོམས་ནས་ བསྒོམ་པའི་དུས་སུ་ཡོད་ལ། མི་བསྒོམ་པའི་དུས་སུ་མེད་པས་གཉིས་ལ་སྐྱོན་ནི་ཡོད་པ་སྟེ། རྣལ་མ་གཉུག་མ་ནི་དྲན་རིག་བློའི་ཡུལ་མ་ཡིན་པས། བསྒོམ་དང་མི་བསྒོམ་ཐ་སྙད་མེད། །དྲན་པ་དང་བཅས་པ་བསྒོམ་ན་རྣལ་འབྱོར་པ་མ་ཡིན་ལ། དྲན་པ་མེད་ན་ རྣལ་འབྱོར་པ་མ་ཡིན་པས། རྣལ་འབྱོར་གང་ཞིག་སྒོམ་པ་ཡིན། །བདེ་བ་སྟོང་པར་གསལ་བ་དེ་ཉིད་དྲན་ནས་བསྒོམ་ན་དམིགས་བཅས་ཡིན་ལ། དེ་ལས་གཞན་དྲན་པ་མེད་པ་དམིགས་མེད་ཡིན་པས། བསྒོམ་པ་དམིགས་བཅས་དམིགས་མེད་དོ། །དམིགས་ པ་དང་བཅས་པས་ནི་འཁོར་བར་འཁོར་ལ། དམིགས་པ་མེད་ན་མྱ་ངན་ལས་འདས་པ་ཡིན་ཏེ། དེ་གཉིས་ཀྱི་འདམ་གྱིས་མ་གོས་པ་ནི་སྐྱེ་བ་མེད་པ་དེ་ཉིད་མཚན་མ་མེད་པའི་བདེ་བ་ཡིན་པས། བདེ་བའི་རྣམ་པའི་རང་བཞིན་ནོ། །དེའི་ཕྱིར་བློ་ལས་འདས་པས་ཁྱད་ པར་འཕགས། བླ་ན་མེད་པའི་བྱང་ཆུབ་སེམས་ཅན་མ་ལུས་པ་ལ་རང་འབྱུང་བས། རབ་ཏུ་བླ་མེད་རང་བྱུང་བ་བླ་ན་མེད་པའི་བྱང་ཆུབ་ནི་སེམས་ཅན་མ་ལུས་པ་ལ་ཡོད་པ་ལ་ཡོད་པར་ངོ་མ་ཤེས། བླ་མ་དམ་པས་བརྡས་བསྟན་པའི་དུས་སུ་ཐབས་ཁྱད་པར་ཅན་ གྱིས་བསྟན་མ་ཐག་ཏུ་ཤེས་པས་བླ་མའི་དུས་ཐབས་བསྟེན་པས་ཤེས། དེ་ལྟར་རྟོགས་པའི་རྣལ་འབྱོར་པས་གནས་ལ་ངེས་པ་མི་བྱ། དེ་བཞིན་དུ་སེམས་ཀྱི་གནས་མི་རྟོག་པ་ནགས་ལྟ་བུའམ། རྟོག་པའི་ཁྱིམ་ལྟ་བུ་ལ་འགྲོ་བ་དང་འདུག་པའི་བྱ་བས། ནགས་ སུ་མ་འགྲོ་ཁྱིམ་དུ་མ་འཇུག་པར། །དེ་ལྟར་རྟོགས་པའི་སེམས་དང་སེམས་ལས་བྱུང་བ་གང་ཡང་རང་བཞིན་མེད་པར་ཤེས་པས། དེ་རུ་ཞེན་པར་མི་བྱེད་པས། །གང་ཡང་དེ་རུ་ཡིད་ཀྱིས་སྤོངས་ཤེས་ན། །དེ་ལྟར་ཤེས་ན་སེམས་ཅན་དུ་བལྟ་བར་མི་བྱ། ཁམས་ གསུམ་མ་ལུས་པ་འདི་དག་ལྟ་བར་འགྱུར་བ་མེད་པ་ལ་རྒྱུན་དུ་གནས་པའི་བྱང་ཆུབ་ཡིན་པས། མ་ལུས་རྒྱུན་དུ་བྱང་ཆུབ་རྟོགས་པས་ན། །དེ་ལྟར་རྟོགས་ན་དོགས་པ་དང་རེ་བ་མི་བྱ། འཁོར་བ་ལ་ལྷུང་བ་ནི་རྣམ་པར་རྟོག་པ་དྲན་པ་འདི་ཡིན་པ་ལ་དངོས་པོར་མ་གྲུབ། མྱ་ངན་ལས་འདས་པར་ལྷུང་བ་ནི་རྣམ་པར་མི་རྟོག་པ་དྲན་མེད་དེ་ཡང་དངོས་པོར་མ་གྲུབ་བས། འཁོར་བ་གང་ཡིན་མྱ་ངན་འདས་པ་གང་། །འཁོར་བ་དང་མྱ་ངན་ལས་འདས་པ་ནི་ཡིད་ཀྱི་དྲི་མ་ཡིན་གྱིས། རང་བཞིན་གྱིས་དག་ན་ཆོས་ཐམས་ ཅད་ཀྱི་ལྷན་ཅིག་སྐྱེས་པ་ཡིན་པས། ཡིད་ཀྱི་དྲི་མ་དག་ན་ལྷན་ཅིག་སྐྱེས་པ་སྟེ། ལྷན་ཅིག་སྐྱེས་པའི་རང་བཞིན་ཤིན་དུ་རྣམ་པར་དག་པ་ཡིན་པས། གཉེན་པོ་མ་ལུས་པ་རྫོགས་པ་ལ་གློ་བུར་གྱི་མི་མཐུན་པས་གླགས་མི་རྙེད་པས། དེའི་ཚེ་མི་མཐུན་ཕྱོགས་ཀྱི་འཇུག་ པ་མེད་པ། འོ་ན་རྟོགས་པའི་རྣལ་འབྱོར་པ་ལ་ཡང་ཉོན་མོངས་པའི་དྲན་པ་སྐྱེ་ཡིན་གདའ་ཟེར་ན། མ་རྟོགས་པའི་སོ་སོའི་སྐྱེ་བོས་ནི་དྲན་པའི་རྣམ་པར་སྨིན་པས། འཁོར་བའི་བདེ་སྡུག་བསགས་ལ། རང་གིས་རང་ལ་གནོད་པ་བྱས་སོ། །དཔེར་ན་མི་མཁས་ པའི་ངང་ཚུལ་ཅན་ཆུ་སྲིན་ཀུམ་བྷི་ར་མཚོ་ནང་ན་གནས་པས། ནམ་མཁའ་ལ་བྱ་རྒྱུ་བའི་གྲིབ་མ་མཐོང་ནས་བྱ་ཡིན་སྙམ་ནས་བསྙགས་པས། རང་གིས་རང་ལ་ངལ་བར་བྱེད་དོ། །མཁས་པའི་ངང་ཚུལ་ཅན་ཆུ་སྲིན་མ་ཀ་རས་ནི་བྱའི་གྲིབ་མ་མཐོང་ཡང་ཆུ་རང་དུ་ཤེས་ པས་སྙེགས་པར་མི་བྱེད་པས་ངལ་བར་མི་འགྱུར་རོ། །དེ་བཞིན་དུ་མ་རྟོགས་པའི་སོ་སོའི་སྐྱེ་བོ་རྣམས་ཀྱིས་སེམས་ཀྱི་དྲི་མ་དྲན་པ་ལ་འབད་པས་སྙེགས་པ་དོན་དམ་པ་ལ་ངལ་བར་བྱེད་དོ། །དེ་བཞིན་དུ་རྟོགས་པའི་རྣལ་འབྱོར་པས་སེམས་ཉིད་ཀྱི་དྲི་མ་དྲན་པ་སེམས་ ཉིད་དུ་ཤེས་པས་བསྒོམས་ནས་སྙེགས་པར་མི་བྱེད་པས། སྡུག་བསྔལ་བར་མི་འགྱུར་རོ། །འདི་ཉིད་ཀྱིས་གསལ་བར་བྱེད་པས། ཇི་ལྟར་རྒྱ་མཚོ་དང་བར་གྱུར་པ་ལ། །མཚོ་ཤིན་ཏུ་དང་བར་གྱུར་པ་དེ་ལ་རྡེའུ་བསྐྱུར་བས་ཆུ་བུར་བྱུང་བས་ཆུ་ཁོ་ན་ཡིན་པ་དེ་ བཞིན་དུ། རྣལ་འབྱོར་པའི་སེམས་ཤིན་དུ་དང་བ་ལ་གློ་བུར་དུ་དྲན་པ་བྱུང་ཡང་སྙིང་པོ་མེད་པ་ཁོང་སྟོང་གིས། སྣང་སྟོང་དུ་གློ་བུར་བར་ཤེས་པས། ཆུ་བུར་ཆུ་ཉིད་ཡིན་ཏེ་དེ་བཞིན་ཐིམ་པར་འགྱུར། །དེའི་རང་བཞིན་ཤེས་པ་སྟོང་པ་ཉིད་ཀྱི་ཞི་གནས་ནགས་དང་ འདྲ་ལ། ལྷག་མཐོང་དབྱེར་མེད་ཁྱིམ་དང་འདྲ་བས། ནགས་དང་ཁྱིམ་ན་བྱང་ཆུབ་གནས་པ་མེད། །དེ་ལྟར་དྲན་ལས་མ་ཡེངས་པའི་དུས་སུ་སངས་རྒྱས་ཡིན་ལ། དྲན་པ་བྱུང་བའི་དུས་སུ་སེམས་ཅན་ཡིན་པས། དེ་ལྟར་དབྱེ་བ་ཡོངས་སུ་ཤེས་ནས་ནི། །ཤེས་དང་ ཤེས་བྱའི་སྒྲིབ་པ་དག་ནས་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པས། དྲི་མ་མེད་པའི་སེམས་ཀྱི་རང་བཞིན་གྱིས། །སེམས་ཅན་མ་ལུས་པ་དེ་ལྟར་རྟོགས་སུ་རུང་བ་ལ། རང་ལ་ཡོད་པ་རྟོག་མེད་ལ་བརྟེན་པར་འོས་པས། མ་ལུས་མི་རྟོག་པ་རུ་བརྟེན་ པར་འོས། །སེམས་ཅན་ཐམས་ཅད་ཀྱིས་བདག་དང་བདག་གིར་བགྱི་བ་དེ་བཞིན་ཉིད་ལ་ཐ་དད་པ་མ་ཡིན་པས། དེ་ནི་བདག་ཡིན་གཞན་ཡང་དེ་བཞིན་ནོ། །བསྒོམ་དང་སྒོམ་བྱེད་གཉིས་སུ་མེད་པར་རྟོགས་ན། བསྒོམ་དང་མི་བསྒོམ་དབྱེར་མེད་པས། །གང་ བསྒོམས་ཡོངས་སུ་བསྒོམ་པ་གང་། །འདི་ནི་བསྒོམ་པའོ། །འདི་ཡིས་བསྒོམས་པའོ་ཞེས། བདག་དང་བདག་གིར་བགྱི་བས་སེམས་ཅན་འཆིང་། །ཆོས་ཉིད་ལ་བདག་དང་བདག་གིར་བགྱི་བ་མ་མཆིས་པས། དབྱེ་བ་དེ་ཉིད་འཆིང་དང་བྲལ་བར་བྱ། །བདག་ ཉིད་གྲོལ་བ་ནི་སྐྱེ་བ་མེད་པ། བསམ་དུ་མེད་པར་རྟོགས་ན། བདག་གི་དོན་དུ་སངས་རྒྱས་པ་ཡིན་པས། འོན་ཀྱང་བདག་ཉིད་རྣམ་པར་གྲོལ་བའོ། །བདག་ཉིད་དང་གཞན་གྱི་འཁྲུལ་པས་སེམས་ཅན་འཆིང་བར་འགྱུར་བ་ཡིན་པས་དེའི་ཕྱིར། བདག་དང་གཞན་དང་ འཁྲུལ་བར་མ་བྱེད་པར། །ཁམས་གསུམ་གྱི་སེམས་ཅན་མ་ལུས་པ་ནི་རྒྱུན་མི་འཆད་པའི་སངས་རྒྱས་ཀྱི་དགོངས་པ་དང་མི་འབྲལ་བ་མ་ཡིན་པས། མ་ལུས་རྒྱུན་དུ་གནས་པའི་སངས་རྒྱས་ཏེ། །སེམས་མ་དག་ན་སེམས་ཅན་ཞེས་བགྱི་བ་དང་། སེམས་རང་ བཞིན་གྱིས་དག་ནས་སངས་རྒྱས་ཞེས་མིང་སོ་སོར་བཏགས་ཀྱང་། སེམས་ཉིད་སྐྱེ་བ་ལ་སོགས་པ་གང་ཡང་མེད། སེམས་ནི་རང་བཞིན་གྱིས་འོད་གསལ་བས། སེམས་ནི་ངོ་བོ་ཉིད་ཀྱིས་དག་པས་ན། །སེམས་ཞེས་བགྱི་བ་དེ་ཡང་དྲི་མ་ཡིན་ཏེ། དེའི་ཕྱིར། སེམས་ཀྱི་འདུ་ཤེས་སམ། སེམས་མ་ཡིན་པའི་འདུ་ཤེས་དང་བྲལ་རྒྱུ་མེད་པར་བྲལ་བ། དེ་ཉིད་དྲི་མེད་མཆོག་གི་གོ་འཕང་ངོ་། །སེམས་ཉིད་སྐྱེ་བ་མེད་པ་ལ་གཟུང་བ་དང་འཛིན་པས་འཁོར་བར་འཁོར་ལ། དེ་ཉིད་དབྱིངས་སུ་དག་ནས་དེ་ཉིད་ མཉམ་པ་ཉིད་ལ་གནས་ན་མྱ་ངན་ལས་འདས་པས། གཉིས་མེད་སེམས་ཀྱི་སྡོང་པོ་དམ་པ་ནི། །དག་པའི་སེམས་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་དེས་ནི། ཁམས་གསུམ་དང་དུས་གསུམ་དུ་ཁྱབ་པས། ཁམས་གསུམ་མ་ལུས་ཀུན་དུ་ཁྱབ་པར་སོང་། །ཀུན་ ལ་ཁྱབ་པ་ནི་ཆོས་སྐུ་བློ་ལས་འདས་པ་ཡིན་ལ། འགྲོ་ལ་ཕན་པའི་དོན་མི་མངའ་ཡང་། སེམས་ཅན་གྱི་འཁྲུལ་པའི་དབང་གིས་རང་རང་གི་དོན་བྱས་སོ་སྙམ་པ་ཡིན། དཔེར་ན་སྣོད་མང་གི་ནང་དུ་ཆུས་གང་བ་ལ་ཟླ་བའི་གཟུགས་བརྙན་ཤར་བ་བཞིན་དུ། སྙིང་རྗེ་ མི་རྟོགས་གཞན་ཕན་འབྲས་བུ་འཛིན། །དེ་ལ་ཆོས་སྐུལ་ནི་མིང་ཡང་མེད་ན། གཟུགས་སྐུ་གཉིས་ཀྱི་འབྱུང་ས་ཡིན་པས། མིང་ནི་མཆོག་ཏུ་གཞན་ལ་ཕན་པའོ། །དེ་ལ་བློའི་ཡུལ་ལས་འདས་པ་དོན་དམ་པ་སྟོང་པ་ཉིད་ནི་ཆོས་ཀྱི་སྐུའོ། །དེ་ལ་མེ་ཏོག་རྒྱས་པ་ནི། ། ལོངས་སྐུ་ཡིན་པས། སྟོང་པའི་སྡོང་པོ་དམ་པ་མེ་ཏོག་རྒྱས། །དེ་ཡང་འགྲོ་བའི་རང་གི་རྣམ་རྟོག་གིས་རང་ལ་བྱས་པས་མཐོང་བ་སྣ་ཚོགས་དང་ལྡན་པས། སྙིང་རྗེ་རྣམ་པ་སྣ་ཚོགས་དུ་མར་ལྡན། །འབད་པ་ལས་བྱུང་བ་མ་ཡིན་ལྷུན་གྲུབ་ཡིན། སྔ་མ་མ་དྲན་པ་ རྒྱུ་ཡིན་ལ། ཕྱི་མ་མ་དྲན་པས་འབྲས་བུ་ཡིན། སྔ་མ་དྲན་པ་རྒྱུ་ཡིན་ལ། ཕྱི་མ་མ་སྐྱེས་པ་འབྲས་བུ་ཡིན། སྔ་མ་མ་སྐྱེས་པ་རྒྱུ་ཡིན་ལ། ཕྱི་མ་བློ་ལས་འདས་པ་འབྲས་བུ་ཡིན། །དེ་དག་འབད་པ་བྱ་མི་དགོས་པས། ལྷུན་གྱིས་གྲུབ་པ་ཕྱི་མའི་འབྲས་བུ་སྟེ། ། འབད་རྩོལ་དང་བྲལ་བ་བློའི་ཡུལ་ལས་འདས་པ་དེ་ཉིད་སེམས་ཀྱི་མིང་མེད་དེ། སེམས་ཙམ་པ་ལ་སོགས་པ་གཞན་གྱི་སེམས་སུ་ཁས་བླངས་ཀྱང་མ་ཡིན་པས། བདེ་བ་འདི་ནི་གཞན་པའི་སེམས་ཡིན་ནོ། །དེའི་ཕྱིར་བློ་ལས་འདས་པའི་དོན་དམ་པའི་སྟོང་པ་ཉིད་ལ་ནི་ གཟུགས་སྐུ་གཉིས་ཡོད་པ་མ་ཡིན་པས། སྟོང་པའི་སྡོང་པོ་དམ་པ་སྙིང་རྗེ་མིན། །དེ་ལྟ་བུའི་ཆོས་ཉིད་ཟབ་མོ་ལ་རྩ་བ་སེམས་ཉིད་དམ། སྡོང་པོ་སེམས་སམ་ལོ་འདབ་སེམས་ལས་བྱུང་བ་མེད་པས། གང་ཡང་སླར་རྩ་བ་ལོ་འདབ་མེད། དེ་ལ་བློ་དང་རིག་ པས་དམིགས་སུ་མེད་དེ། དེ་ལ་བློ་དང་རིག་པས་དམིགས་པར་འགྱུར་ན། དེ་ལ་དམིགས་པར་བྱེད་པ་གང་ཡིན་པ། བསྒོམ་དུ་མེད་པའི་དབྱིངས་ཡིན་པས། །བསྒོམས་ན་ལོངས་སྐུ་སྤྲུལ་སྐུ་མ་ཚང་བས། དེར་ལྷུང་བས་ནི་ཡན་ལག་ཆག་པར་འགྱུར། །བློ་ལས་ འདས་ཤིང་སྐྱེ་བ་མེད་པ་དེ་ལས་དྲན་པ་དང་མ་དྲན་པ་བྱུང་ཡང་། སེམས་ཉིད་མ་སྐྱེས་པ་ཡིན། དེ་ལས་འཁོར་བ་དང་མྱ་ངན་ལས་འདས་པར་གཉིས་སུ་སྣང་། ས་བོན་གཅིག་ལས་སྡོང་པོ་གཉིས། །ཆོས་སྐུ་བློ་ལས་འདས་པ་དེ་ནི་འབྲས་བུ་ཐ་དད་པ་མེད་པས། རྒྱུ་ མཚན་དེ་ལས་འབྲས་བུ་གཅིག །དེ་ཡང་འཁོར་བའི་རྒྱུ་ཡང་དེ་ཡིན་ལ། མྱ་ངན་ལས་འདས་པའི་རྒྱུ་ཡང་དེ་ཡིན་པས། དེ་ཡང་དབྱེར་མེད་གང་སེམས་པ། །རྣལ་འབྱོར་པ་ཐ་མས་འཁོར་བའི་ཕྱོགས་གཅིག་པ་ལས་གྲོལ་བར་མཐོང་། འབྲིང་པོས་མྱ་ངན་ལས་ འདས་པ་ཙམ་ལས་གྲོལ་བར་མཐོང་། རྣལ་འབྱོར་པ་རབ་ཀྱི་དགོངས་པ་ནི། འཁོར་བ་ལ་གནས་པའི་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་ཡང་མི་འདོར་མི་ལེན། མྱ་ངན་ལས་འདས་པའི་སེམས་མཉམ་པ་ཉིད་ལ་གནས་པ་ཡང་མི་འདོར་མི་ལེན་པས། འཁོར་ བའི་དངོས་པོ་མེད་པས་དོགས་པ་མེད། །མྱ་ངན་ལས་འདས་པ་དེ་ཡང་དངོས་པོར་མ་གྲུབ་པ་རེ་བ་མི་བྱེད་པ་ནི་རྣལ་འབྱོར་པ་རྣམས་ཀྱི་དེ་བཞིན་ཉིད་དེ། དེས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་རྣམས་གྲོལ། གལ་ཏེ་སོ་སོའི་སྐྱེ་བོའི་སེམས་ཀྱིས། སངས་རྒྱས་ ཐོབ་པར་འདོད་པས་རེ་བ་དང་བཅས་པ་དེའི་ཚེ། ཡང་དག་པའི་དོན་དང་ཕྲད་པར་མི་འགྱུར་རོ། །གང་གི་ཚེ་གང་དང་ཡང་མ་ཕྲད་པ་དེའི་ཚེ་ཡང་དག་པའི་དོན་དམ་པ་དང་ཕྲད་པའོ། །དེའི་ཕྱིར་སོ་སོའི་སྐྱེ་བོ་ནི་ཆོས་ཀྱི་སྐུ་དང་ཕྲད་པར་འདོད་པས། གང་ཞིག་འདོད་པ་ ཅན་གྱི་སྐྱེ་བོ་འོངས་པའི་ཚེ། གལ་ཏེ་སོ་སོའི་སྐྱེ་བོ་དེས་ཆོས་སྐུ་དེ་ལ་རེ་བ་མེད་ནས་སེམས་ཆོས་ཀྱི་སྐུ་ལ་གྲོལ་བར་ཤེས་ནས་ནི། དེ་ནི་རེ་བ་མེད་ནས་གལ་ཏེ་འགྲོ་ན་ནི། །རེ་བ་མེད་པ་དེ་ནི་འཇིག་རྟེན་པས་བོར་བའོ། །གང་བོར་བ་དེ་ནི་རྣལ་ འབྱོར་པས་བླངས་པའོ། །འཇིག་རྟེན་པས་བློ་དང་སེམས་དང་ཡིད་དང་རིག་པས་བླང་བ་གང་ཡིན་པ་དེའི་ཚེ། བོར་བ་བློའི་ཡུལ་མ་ཡིན་བླ་མ་དམ་པའི་བརྡའི་མན་ངག་གིས་བླང་བས། ཕྱིར་སྒོར་བོར་བའི་ཁམ་ཕོར་བླངས་ནས་སུ། །རྟོགས་པའི་རྣལ་འབྱོར་ པས་སེམས་ཀྱི་ཁྱིམ་ཐབ་དྲན་པ་འདི་ལ་དོན་དུ་མ་བཟུང་བས་བོར་བ་དང་འདྲ་ལ། ཆོས་སྐུ་བློ་ལས་འདས་པ་དེ་ཉིད་རྟོགས་ནས་གཞན་ལ་རེ་བ་མི་བྱེད་པར་བསྡད་པ་རུང་། དེ་ལས་ཁྱིམ་ཐབ་བོར་ནས་བསྡད་པ་རུང་། །ཆོས་སྐུ་བློ་ལས་འདས་པ་ནི་གཟུགས་སྐུ་ རྣམ་པ་གཉིས་བྱའོ་སྙམ་པའི་སེམས་དང་ཡེ་ཤེས་མི་མངའོ། །རིག་པའི་ཡེ་ཤེས་མི་མངའ་ཡང་དཔག་བསམ་གྱི་ཤིང་ལ་སོགས་པས་འགྲོ་དོན་མཛད་པ་མེད་པ་དེ། བྱས་པ་ལྟར་སྣང་བ་རང་རང་གི་རྣམ་རྟོག་ཡིན་པས། གཞན་ལ་ཕན་པའི་དོན་ནི་མི་བྱེད་ལ། ། འདོད་པ་པོ་ནི་ཕྱིའི་ཡུལ་དང་ནང་གི་ཡུལ་གཉིས་ལ་སོ་སོའི་སྐྱེ་བོ་སངས་རྒྱས་ཐོབ་པར་འདོད་པའོ། །དེ་དག་གིས་ཆོས་ཀྱི་སྐུ་མ་རྟོགས་པས། འདོད་པ་པོ་ལ་སྦྱིན་པ་མི་སྟེར་བ། །རྒྱུ་འཁོར་བ་ལས་འབྲས་བུ་མྱ་ངན་ལས་འདས་པ་དོན་དམ་པར་མ་གྲུབ་པས། འདི་ནི་འཁོར་བའི་འབྲས་བུ་གང་ཡིན་ལོ། །རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་སུ་འདོད་པ་ནི། བདག་ཏུ་ལྟ་བ་རྒྱུན་གྱིས་འདོད་པས། དེ་བས་བདག་ཉིད་བོར་བར་བྱས་ན་རུང་། །གཉུག་མ་རྣལ་མ་ལྷན་ཅིག་སྐྱེས་པ་མ་བྲལ་བས་རྣལ་འབྱོར། དུས་གསུམ་གྱི་ བདེ་བར་གཤེགས་པའི་དགོངས་པ་ལ་དབང་བསྒྱུར་བས་དབང་ཕྱུག །ཕྱག་རྒྱ་ཆེན་པོ་ཁོང་དུ་ཆུད་པས་ཆེན་མོ། ཆོས་རྣམས་གཉིས་སུ་མེད་པས་དཔལ། དེ་ལྟར་རྟོགས་པའི་མདའ་མཁན་མོ་བླངས་པས་ས་ར་ཧ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ རྣལ་འབྱོར་པ་ལས་ཞལ་ནས་ཞལ་དུ་བརྒྱུད་པས་ཞལ་སྔ་ནས། མ་འོངས་པའི་དུས་སུ་སྙིང་པོའི་དོན་ལ་མོས་པའི་དོན་དུ་མཛད་པས། གཉིས་པ་མ་ལུས་པ་འཇོམས་པ་དང་། བརྗོད་དུ་མེད་པའི་དོན་རྟོགས་པས་དོ་ཧ། རྒྱ་རྣམ་པ་བདུན་གྱིས་བཏབ་པས་ཀོ་ཥ། མི་གཡོ་བའི་ཆོས་ཉིད་ཀྱི་དོན་དུ་མགུར་དུ་བཞེངས་པའི་གླུ། འདི་དཔེ་དོན་མ་ལུས་པར་བསྟན་པ་རྫོགས་སོ།། །།དུས་གསུམ་བདེ་གཤེགས་རྣམས་ཀྱི་དགོངས་པ་མཚུངས་པ་མེད་པ་ལ། །དཔལ་ལྡན་རི་ཁྲོད་པ་ཡི་དགོངས་པ་ནམ་མཁའ་ཉིད་དང་མཚུངས། ། གཉིས་མེད་ཨ་ཝ་དྷཱུ་ཏཱིའི་དྲན་པ་འཇའ་ཚོན་འདྲ་བ་དེས། །དོ་ཧ་ཀོ་ཥའི་དོན་འགྲེལ་བྲིས་པས་གོང་ནས་བཟོད་པར་བཞེས། །སྙིང་གི་པདྨོའི་དཀྱིལ་ན་གནས་པའི་སྙིང་པོའི་དོན་འདི་ནི། །སློབ་མ་སྙིང་དང་འདྲ་བའི་ངག་གི་ནན་གྱིས་ཞུས་ནས་སུ། །འདི་ལ་མོས་པ་རྣམས་ ཀྱི་དོན་དུ་བདག་གིས་འདི་བསྒྱུར་བས། །སེམས་ཅན་མ་ལུས་སྙིང་པོའི་དོན་འདི་རྟོགས་ནས་གྲོལ་གྱུར་ཅིག ན་མོ་ཨྠིཿ། །༄༅༅། །རྒྱ་གར་སྐད་དུ། ཀཱ་ཡ་ཀོ་ཤཱ་མ་རི་ཏ་བཛྲ་གཱི་ཏི། བོད་སྐད་དུ། སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ། འཇམ་དཔལ་གཞོན་ནུར་གྱུར་ པ་ལ་ཕྱག་འཚལ་ལོ། །ཀྱེ་ཧོ་བདག་དང་བྱེད་པར་འཛིན་པ་རལ་པ་ཅན། །བྲམ་ཟེ་གཅེར་བུས་ད་ག་པ་དང་ནི། །ཁོ་ན་ཉིད་བཞི་འདོད་པའི་རྒྱང་ཕན་པ། །ཐམས་ཅད་མཁྱེན་ཞེས་ཟེར་ནས་རང་མ་རིག །དེས་ནི་སླུ་བར་འོང་སྟེ་ཐར་ལམ་རིང་། །བྱེ་བྲག་པ་དང་མདོ་སྡེ་ སྔགས་པ་དང་། །རྣལ་འབྱོར་པ་དང་དབུ་མ་ལ་སོགས་ཏེ། །གཅིག་ལ་གཅིག་སྐྱོན་འགེལ་ཞིང་རྩོད་པར་བྱེད། །སྣང་སྟོང་མཁའ་མཉམ་དེ་ཉིད་མི་ཤེས་པ། །ལྷན་ཅིག་སྐྱེས་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར། །སྐུ་གསུང་ཐུགས་གསལ་མར་མེར་རས་དང་མར་ ནག་བཞིན། །ཁོ་ན་ཉིད་ལྡན་རང་སྣང་མར་མེ་ལྟ་བུར་གསལ། །རང་རིག་གསལ་བས་འགྲོ་བ་ཀུན་ལ་ཁྱབ། །དབྱེར་མེད་ཚུལ་གྱིས་མ་སྐྱེས་པ་ཡི་རང་བཞིན་ཡིན། །བདག་ཏུ་འཛིན་པའི་སེམས་ཀྱིས་དྲན་པ་སྣ་ཚོགས་རྒྱུ། །ངོ་བོ་ཉིད་ལ་སྣང་ཚུལ་ཅིར་ཡང་ འཆར། །མུན་པ་ལྟ་བུའི་བག་ལ་ཀུན་གནས་ཀྱང་། །དེ་ཉིད་རྙེད་པའི་རྣལ་འབྱོར་སྒྲོན་མེ་འབར། །སྙིང་པོའི་དོན་ནི་རྟོག་གེའི་ཡུལ་ལས་འདས། །མངོན་དུ་མི་གསལ་དྲན་པའི་མཐུ་ཡིས་བསྒྲིབས། །རྟོག་མེད་དེས་ཤེས་དྲན་མེད་བདེ་བའི་ལམ། ། བགྲོད་མེད་འབྲས་བུ་བློ་ལས་འདས་པར་སྣང་། །ལྷན་ཅིག་སྐྱེས་པ་ཐུགས་ཀྱི་གཏེར་མཛོད་ནས། །དག་དང་མ་དག་འཁོར་འདས་གཟུགས་སུ་སྣང་། །སྣང་ཡང་སྐྱེ་བ་མེད་པའི་ངང་དུ་གཅིག །དེ་ཉིད་མི་གཡོ་ཐ་སྙད་རང་བཞིན་མེད། །ཕྱག་རྒྱ་ཆེན་པོ་འགྱུར་ མེད་བདེ་ཆེན་དང་། །རྒྱུ་ལ་མི་ལྟོས་འབྲས་བུ་བློ་ལས་འདས། །ཕྱག་རྒྱ་ཆེན་པོ་རྫོགས་པའི་འབྲས་བུ་ཡིན། །ཐ་སྙད་ལམ་གྱི་དོན་ལ་མཚོན་ཏེ་སྦྱར། །བརྗོད་བྱ་རྗོད་བྱེད་མེད་པ་སྙིང་པོའི་དོན། །ཀུན་གྱི་བརྗོད་བྱ་དྲན་མེད་རིག་པའི་དབྱིངས། །མོས་པའི་ ཤེས་པས་རྟོགས་པ་ཐ་དད་ཀྱང་། །དྲན་མེད་འདི་ལ་བརྫུན་པ་ཡོད་རེ་སྐན། །ལམ་གྱི་རྩོལ་བས་འབྲས་བུ་སོ་སོ་ཡང་། །དྲན་པ་འདི་ལ་བདེན་པ་ཡོད་རེ་སྐན། །བཏང་སྙོམས་དབང་གིས་རེ་འཇོག་ཐ་དད་ཀྱང་། །སྐྱེ་མེད་འདི་ལ་གཉིས་སུ་ཡོད་རེ་སྐན། །ཡིད་ ལ་བྱ་དང་མི་བྱ་སྙད་འདོགས་ཀྱང་། །བློ་འདས་འདི་ལ་བཙལ་དུ་ཡོད་རེ་སྐན། །སྣང་བའི་རྐྱེན་གྱིས་དྲན་པ་སྐྱེ་འགྱུར་ཡང་། །སྟོང་པའི་དྲན་མེད་རྐྱེན་ལས་འདའ་བ་མེད། །རྟོག་མེད་དོན་ལ་བྱ་བྲལ་བལྟ་རུ་མེད། །རང་ལ་གཞན་ནས་ཚོལ་བ་ཨ་རེ་འཁྲུལ། །ཀྱེ་ཧོ་ རྡོ་རྗེ་ལྟ་བུར་རྟོགས་དཀའ་ཁོ་ན་ཉིད། །མ་ཤེས་རྩོལ་བས་སྒྲ་ཕྱིར་འབྲང་སེམས་ཀྱིས། །བྱ་བ་མེད་པའི་དོན་དང་ཕྲད་པར་དཀའ། །བྱ་བའི་རང་བཞིན་མི་བྱ་ཤེས་གྱུར་ན། །རྒྱལ་བའི་དགོངས་པ་ཉག་གཅིག་ཡུལ་ལས་འདས། །སྐུ་ནི་མི་འགྱུར་ཆོས་ཉིད་ཁོང་ སྟོང་ལགས། །ལུས་ལ་མི་གནས་བྱ་དང་བྱེད་པ་བྲལ། །ལམ་བསླད་ལམ་གྱི་འབྲས་བུ་མཐོང་མི་འགྱུར། །སྐྱེ་མེད་ངང་ལ་མི་འབྱེད་རྒྱལ་བའི་ཐུགས། །དྲན་མེད་ངང་ལ་མཉམ་གཞག་བདེ་བ་ཆེ། །བདེ་ཆེན་ངང་ལ་མི་རྟོག་རྒྱུན་ལ་གནས། །ཡིད་ལ་མི་བྱེད་སྣང་བ་རང་ སར་དག །རྐྱེན་ནི་དྲན་པ་མ་འགག་ཡེ་ཤེས་གསལ། །རྩ་བ་གཅིག་རྒྱས་སྐྱོན་མེད་པདྨ་བཞིན། །འགྲོ་བ་ཀུན་ལ་ལྷན་ཅིག་སྐྱེས་བཞིན་གནས། །གཞན་ཡོད་ལོང་མཐོང་སྟོབས་ཀྱིས་བསླད་མོད་ཀྱང་། །ཇི་བཞིན་ཐོག་མའི་པདྨ་མེ་ཏོག་བཞིན། །ལེགས་མཐོང་སྟོབས་ ཀྱི་ཕྱག་རྒྱ་ཆེ་མི་གཡོ། །གཟུང་དང་འཛིན་པའི་རྙོག་མས་བསླད་གྱུར་ཀྱང་། །དུས་གསུམ་འགྱུར་མེད་རྩ་བ་བདག་ཉིད་ཆེ། །རྣམ་ཤེས་རླུང་དང་འོག་སྒོ་སྔགས་ལ་སོགས། །ཡེ་ནས་སྤྱོད་བྲལ་རང་གཞན་བཏང་གཞག་བྲལ། །འཁོར་བར་མི་སེམས་མྱ་ངན་འདས་ མི་ལྟོས། །དུས་གསུམ་སྲིད་གསུམ་སྐུ་གསུང་ཐུགས་ལ་འདུས། །གང་ལ་མི་འབད་བླང་དོར་ལྟ་བ་མེད། །མཐའ་དབུས་མི་འབྱེད་དབུ་མ་དྲང་པོའི་ལམ། །བཅས་བཅོས་བྲལ་ན་ཐུགས་ཀྱི་ལམ་མཆོག་སྟེ། །བགྲོད་འཇུག་རིམ་སོགས་ཕ་རོལ་ཕྱིན་པའི་ལམ། །ཉེ་ལམ་ གཞག་ནས་རིང་དུ་འཁོར་བའི་རྒྱུ། །ལྷན་ཅིག་སྐྱེས་དང་གཉེན་པོ་འགྲན་ཟླ་བྲལ། །ཁོ་ན་ཉིད་ལ་སྐུ་བཞི་ཡེ་ཤེས་ལྔ། །ཉོན་མོངས་ལ་སོགས་ཚོགས་པས་འཁོར་བའི་ལམ། །ཡུལ་དུ་གང་སྐྱེས་མི་སྤྱད་ཡུལ་མེད་མཐོང་། །ངོ་བོ་ཉིད་ལ་དགའ་དང་མི་དགའ་མེད། ། འཛིན་རྟོག་གཉིས་བཅས་མ་བཅོས་ཆོས་ཀྱི་སྐུ། །དབང་པོ་རང་ཡན་མ་ཟིན་སྟོང་པར་གནས། །སྨྲར་མེད་ཉམས་སུ་མྱོང་བ་རྒྱུན་མི་འཆད། །རང་གི་རྒྱུད་ལ་སྦྱར་ཏེ་ཤེས་པར་བྱ། །དྲི་མ་མེད་པའི་དོན་ལ་ཕྱག་རྒྱ་ཆེ། །རྒྱ་མཚོ་ནམ་མཁའ་ལྟ་བུའི་ཉམས་མྱོང་འབྱུང་། ། དབང་པོ་ཡུལ་བྲལ་ལྟུང་བའི་གཡང་ས་མེད། །དྲན་པས་ཟིན་པས་ཁྱོད་ཉིད་ཆགས་པ་སྟེ། །རང་བཏང་གཞག་པས་སྤྲོས་པ་སླར་ལ་ལྡོག །འཆར་ནུབ་མེད་ན་རྣམ་རྟོག་མུན་པ་ནུབ། །ཆོས་ཉིད་རོ་མཉམ་བུད་པའི་མེ་ཏོག་མཚུངས། །སྐྱོན་དང་ཡོན་ཏན་དབྱེར་མེད་ ཉིད་དུ་མཚུངས། །ངོ་མཚར་ཆེ་སྟེ་ཉམས་མྱོང་སྨྲར་མ་གཏུབ། །བདེ་བ་དབྱེར་མེད་ཇི་ལྟར་ཆུ་གཞག་བཞིན། །ལྷན་ཅིག་སྐྱེས་དང་རྣལ་འབྱོར་དེ་མི་འབྲལ། །དངོས་གཅིག་བསམ་པ་དུ་མར་དྲན་མཐོང་ཡང་། །དྲན་མེད་གཅིག་ཡིན་དུ་མ་ཉིད་དུ་ཡིན། །གང་ཞིག་ལྷན་ཅིག་ སྐྱེས་དགའ་བདེ་ཆེན་སྟོང་། །རྣལ་འབྱོར་སྤྱོད་པ་བློ་ལས་འདས་པར་སྤྱོད། །ཆགས་ལམ་གཉུག་མའི་དོན་ལ་སྦྱོར་འདོད་ན། །ནང་དང་ཕྱི་རོལ་མ་དམིགས་བདག་གཞན་མིན། །དེ་ཉིད་དོན་ཤེས་རང་བཞིན་གྲོལ་བར་བསྟན། །སྐུ་གསུམ་ཆོས་སྐུར་ དབྱེ་བ་མེད་མོད་ཀྱང་། །ཉམས་སུ་བླངས་ན་འབྲས་བུ་སོ་སོ་འབྱུང་། །ཀྱེ་ཧོ་དབྱེར་མེད་རྟོགས་ན་ལྟ་ངན་མྱུར་དུ་འཇོམས། །སྐྱེ་མེད་སྟོང་པ་དབྱེར་མེད་ཐུག་ཕྲད་དོན། །ཡིན་པར་ཤེས་ན་ནགས་འདབ་རྟེན་དང་བྲལ། །ཐུག་ཕྲད་མ་ཤེས་མཚན་མའི་སྙིང་རྗེ་ནི། །འཁོར་ བའི་གནས་སུ་ཅི་སྤྱད་ཟག་པའི་རྒྱུ། །སྟོང་དང་སྙིང་རྗེ་དབྱེར་མེད་སྐྱེ་བ་མེད། །གང་ཞིག་འཁོར་དང་མྱང་འདས་རེ་དོགས་བྲལ། །ལུས་སེམས་མ་རྙེད་དྲན་མེད་རང་དགར་གཞག །དེ་ཉིད་བློ་ཡིས་མ་རྙེད་རང་བྱུང་ཡིན། །མཉམ་གཞག་རྗེས་ཐོབ་ཞི་གནས་མཚན་ཉིད་དེ། ། དོན་དམ་མ་ཡིན་བློ་ཡིས་བསྒོམ་དུ་མེད། །ལུས་ངག་སེམས་ཀྱིས་གཟུགས་སོགས་རྩོལ་མེད་གསལ། །སྣ་རྩེ་ལ་སོགས་དབྱིབས་དང་ནམ་མཁའ་དང་། །རྩ་ལ་རེག་པར་མ་སྤྱད་གཉུག་མར་གནས། །སྣང་བ་ཐམས་ཅད་བདེ་བ་ཡོད་མི་བྱེད། །དྲན་པ་སྣང་ཙམ་སྒྱུ་མར་ཤེས་ ཙམ་གསལ། །ཟླ་བའི་གཟུགས་བརྙན་ཆ་མེད་གཟུང་བས་སྟོང་། །བཙལ་ཀྱང་མེད་ལ་བལྟས་ཀྱང་མཐོང་བ་མེད། །སྒྱུ་མར་སྣང་བའི་དྲན་པ་དེ་དྲན་ཏེ། །དྲན་པ་མེད་ལས་ཅིར་ཡང་མཐོང་བ་མེད། །དྲན་པར་སྣང་ཡང་དེ་ལ་འཛིན་པ་མེད། །དྲན་པས་རེག་ཀྱང་རེག་གི་ བསམ་བྲལ་བས། །བསམ་དུ་མེད་པས་བྲལ་བས་སྐྱེ་བ་མེད། །དྲན་པ་སྐྱེས་ཀྱང་ཡུལ་ལ་མི་སྤྱོད་པར། །ཅིར་ཡང་མ་གྲུབ་སྟོང་པའི་རང་སོར་གཞག །ཇི་ལྟར་བྱས་ཀྱང་ཕྱག་རྒྱ་རྒྱུན་མི་འཆད། །ཡན་ལག་བཞི་ལྡན་ཕྱག་རྒྱ་ཆེན་པོ་བཞི། །སྐྱེ་མེད་དོན་རྟོགས་པ་ཡི་ ཡན་ལག་དང་། །བདེན་གཉིས་ཐ་མི་དད་ཀྱི་ཡན་ལག་དང་། །སྣང་བ་སྐྱེ་མེད་ཐུག་ཕྲད་ཉིད་དུ་རྟོགས། །དྲན་པ་གཟུང་དུ་མེད་པའི་ཡན་ལག་དང་། །སྟོང་པ་རྐྱེན་དང་དྲན་མེད་བློ་ལས་འདས། །དངོས་པོ་དགག་སྒྲུབ་མེད་པའི་ཡན་ལག་གོ། །དེ་ཉིད་གཞིར་ལྡན་ འདོད་པས་དབེན་པ་དང་། །རྟོག་པ་དང་བཅས་དཔྱོད་པར་བཅས་པ་དང་། །དགའ་དང་བདེ་དང་དབེན་པར་གནས་ལ་སོགས། །ཐ་སྙད་དེ་ཉིད་མཚོན་པའི་ཡུལ་དུ་གསུངས། །གཞིར་ལྡན་རབ་འབྲིང་ཐ་མར་གསུངས་པ་ཡང་། །དམན་པའི་དོན་དུ་མཁས་བས་རབ་ཏུ་བཤད། ། ཕྱག་རྒྱ་ཆེན་པོ་གང་ལ་གནས་མི་བྱེད། །བླང་དོར་བྲལ་བའི་དོན་དུ་དེ་བཞིན་བཤད། །གཙང་སྨེར་མི་འབྱེད་གང་ཡང་དངོས་གྲུབ་དག་ཏུ་བྱེད། །ལྷན་ཅིག་སྐྱེས་དང་ཡུལ་ལ་གཏུམ་མོ་སྦར་ལ་སོགས། །དམ་ཚིག་བདག་གི་ཁོ་ན་ཉིད་དང་རྣལ་འབྱོར་བསྒོམ། །དངོས་པོ་ ཐམས་ཅད་མཉམ་ཉིད་ཕྱག་རྒྱ་ཆེན་པོ་ལ། །རྟོག་པ་སྤང་ཞིང་མི་རྟོག་བསྒོམ་པ་ཅི་ཞིག་འགྱུར། །བླ་མ་ལ་གུས་གསང་བའི་འདུལ་སྡོམ་དེ་རུ་རྫོགས། །ཕྱི་ནང་གསང་བའི་དབང་བསྐུར་སོ་སོའི་མཚན་ཉིད་དང་། །བུམ་པ་གསང་བ་ཤེས་རབ་ཡེ་ཤེས་དང་། །ངོ་བོ་ངེས་ ཚིག་དབྱེ་བ་ལ་སོགས་ཀུན། །ཐུན་མོང་མཐུ་སྐྱེས་ཕྱག་རྒྱ་ཆེ་ལ་རེག་མི་ནུས། །ཀྱེ་ཧོ་ཕྱག་རྒྱ་ཆེ་ལ་འབྲས་བུའི་བདག་ཉིད་སྐུ་གསུང་ཐུགས་ལྡན་པས། །འབྲས་བུ་དེ་ཡང་སྙིང་པོའི་དོན་ལ་འཐད་ཀྱིས་དྲང་དང་ངེས་པའི་དོན་ལ་མིན། །ལམ་དང་འབྲས་བུའི་སྙིང་པོ་ཐམས་ ཅད་བཅུད་བསྡུས་དང་། །ཐེག་ཆེན་བླ་ན་མེད་པའི་དངོས་དང་ཐེག་པ་དག་གི་ཁྱད་པར་དང་། །ཀུན་གྱི་སྙིང་པོར་གྱུར་ནས་གསང་བ་བླ་ན་མེད། །ཕྱག་རྒྱ་ཆེན་པོ་ངེས་པའི་མཚན་ཉིད་ནི། །དྲན་དང་དྲན་མེད་གཉིས་སུ་མེད་པས་སྐྱེ་མེད་དེ། །བློ་ལས་འདས་ཤིང་ནམ་མཁའ་ ལྟ་བུར་ཅིར་མི་གནས། །ལས་ཀྱི་ཕྱག་རྒྱ་དཔེ་དང་ཆོས་ཀྱི་ཕྱག་རྒྱའི་ལམ། །ཕྱག་རྒྱ་ཆེན་པོ་འབྲས་བུ་དམ་ཚིག་ཕྱག་རྒྱ་གཞན་དོན་ཏེ། །ཆོས་ཀྱི་ཕྱག་རྒྱ་མན་ཆད་བསྟེན་པས་མཐར་མི་འགྲོ། །རེ་དོགས་མཐར་ལྷུང་འདུ་འཛི་བྱ་བའི་སྐྱོན་དུ་འགྱུར། །ཁོ་ན་ཉིད་ལ་ གཉེན་པོ་དབྱེར་མེད་རང་སོར་གཞག །རྣམ་རྟོག་ཇི་སྙེད་ཤར་ཡང་ལྷུག་པ་ཉིད་ལ་ཤར། །དྲན་པ་རང་སར་གྲོལ་ནས་དྲན་མེད་ལྷུག་པ་ཉིད། །གང་ཡང་ལོངས་སྤྱོད་སྣང་བར་ཤེས་ཤིང་དྲན་མེད་གསོས། །རང་བཞིན་ཉམས་ཉིད་སྐྱེ་མེད་དག་ཏུ་ལྡན། །ཀུན་ལ་ཁྱབ་ ཅིང་འབབ་ཆུ་ལྟ་བུར་གནས། །རྒྱུན་མི་ཆད་པའི་འབབ་ཆུ་ལྟ་བུ་དང་། །མར་མེ་ལྟར་གསལ་རང་རིག་བྱང་ཆུབ་སེམས། །འགོག་པ་མེད་བཞིན་དྲན་རིག་རང་གིས་སྟོང་། །ཡང་དག་ཁོ་ན་ཉིད་ནི་གང་ཞེ་ན། །གཞན་ན་ཡོད་ན་ཀུན་གྱིས་མཐོང་བར་ རིགས། །རང་ལ་ཡོད་ཀྱང་ལྐོག་གྱུར་བླ་མའི་ཞལ། །སེམས་ཉིད་སངས་རྒྱས་ཁོ་ན་ཉིད་ཡིན་ཏེ། །དྲན་པས་བསླད་ཅིང་དེ་ཉིད་གཞན་དུ་བརྟགས། །སངས་རྒྱས་ཡིན་ཕྱིར་ཡོན་ཏན་གང་ཞེ་ན། །ཡོན་ཏན་རས་དང་དཀར་པོ་ལྟ་བུ་སྟེ། །ཁོ་ན་ཉིད་ཀྱི་ཡོན་ཏན་ཕྱག་རྒྱ་ཆེ། ། ངོ་བོ་ཡོན་ཏན་སོ་སོ་ཐ་དད་མིན། །ཕྱག་རྒྱ་ཆེ་དང་བཞི་པ་ལ་སོགས་ཀུན། །ཡོན་ཏན་སོ་སོ་མ་ཡིན་ཐ་དད་མིན། །དྲན་མེད་ཡོན་ཏན་རྒྱ་མཚོ་མ་འགུལ་བར། །དྲན་པར་མི་འགྱུར་ཆུ་ཡི་དབའ་རླབས་མེད། །སྐྱེ་མེད་ཡོན་ཏན་མི་འགྱུར་བྲག་དང་འདྲ། །བྲག་ཅ་གྲག་ཙམ་རྗེས་ སུ་འབྲང་བ་མེད། །བློ་ཡིས་འདས་ཤིང་ཡུལ་དུ་མ་གྱུར་པ། །ཕྱག་རྒྱ་ཆེན་པོའི་ཡོན་ཏན་ནམ་མཁའ་འདྲ། །དྲན་པ་སེམས་ཅན་སེམས་ལས་བྱུང་བ་ཡིན། །དེ་ཕྱིར་སྟོང་པ་གཞན་ནས་བཙལ་མི་དགོས། །བཞི་རུ་སྣང་ཡང་གཅིག་གི་ཡོན་ཏན་ནི། །ཕྱག་རྒྱ་བཞི་རུ་སྣང་ བ་ཅི་ཕྱིར་མཚོན། །གོང་གི་ཁྱད་པར་དག་གི་བཞི་རུ་བྱུང་། །ཕྱག་རྒྱ་ཆེན་པོ་གསུམ་དུ་རྟོག་མི་བྱེད། །གང་ལ་མི་གནས་ཆགས་པ་མེད་པར་སྤྱོད། །མེ་ཏོག་སྦྲང་རྩི་སྦྲང་མས་འཐུང་དང་འདྲ། །སོ་སོར་རྟོག་པའི་ཡེ་ཤེས་ཐབས་ཡིན་ཏེ། །རོ་དང་ཕྲད་ན་རོ་ལ་ཞེན་པ་མེད། ། དེ་ལྟར་ཀུན་གྱིས་ཤེས་པར་འགྱུར་མ་ཡིན། །སྙིང་པོའི་དོན་གྱི་འགྲོ་དྲུག་ཁྱབ་མོད་ཀྱང་། །འགྲོ་བ་དྲན་པས་བཅིངས་ཏེ་པད་ཏྲའི་སྲིན། །སེམས་ལས་དྲན་པ་བྱུང་ཕྱིར་འཁྲུལ་པའི་རྒྱུ། །ཡིད་ལ་མི་བྱེད་ཤེས་ན་སངས་རྒྱས་ཉིད། །འཁྲུལ་པ་དེ་ལ་ཐབས་དང་ཤེས་རབ་མེད། ། ཀྱེ་ཧོ་དབྱེར་མེད་ཤེས་ན་ཐབས་མཆོག་དེ་ཁོ་ན། །སངས་རྒྱས་སེམས་ཅན་ཆོས་རྣམས་ཐམས་ཅད་ཀུན། །རང་གི་སེམས་ཉིད་དག་དང་ལྷན་ཅིག་སྐྱེས། །ཡིད་ལ་མི་བྱེད་ཡིད་ལ་སྐྱེས་ཙམ་ན། །དྲན་པའི་སྣང་བ་ནུབ་སྟེ་བདེན་བརྫུན་མེད། །དེ་ཕྱིར་དེ་ཉིད་ཁོ་ནའི་ཡུལ་ མ་ཡིན། །དཔེར་ན་མིག་གི་ཡུལ་དུ་སྒྲ་མི་སྣང་། །རྣམ་པར་མི་རྟོག་རྟོག་པའི་ཡུལ་མ་ཡིན། །སྟོང་པའི་རྐྱེན་གྱིས་དྲན་པ་གསལ་ཙམ་ན། །དྲན་པའི་སྣང་བ་ནུབ་ནས་མཐོང་བ་མེད། །ཡེ་ཤེས་འོན་ལོང་ལྐུགས་པར་མི་འགྱུར་ཏེ། །མ་དྲན་པ་ལ་འོན་ལོང་ལྐུགས་རྒྱུ་མེད། ། བེམས་པོ་ལ་སོགས་ཐ་སྙད་ཀུན་དང་བྲལ། །སྣང་བ་ནུབ་ཅེས་བྱ་བའི་ཐ་སྙད་ནི། །དྲན་པ་ཕྱགས་ཏེ་དྲན་མེད་གསོས་སུ་སྤུངས། །དེ་ཉིད་སྐྱེ་མེད་བློ་ལས་འདས་པ་ནི། །དྲན་པ་མེད་དང་སྐྱེ་མེད་ཡེ་ཤེས་མེས། །གཟུང་འཛིན་བསྲེགས་སྦྱངས་བློ་ལས་འདས་ཕུལ་བས། །སྨོན་ ལམ་དབང་གིས་སྐྱེ་བ་ཕྱིས་མི་བརྒྱུད། །དེ་ཕྱིར་ཕྱག་རྒྱ་ཆེན་པོ་སྔོན་སོང་ལ། །སུ་ལ་མི་བརྟེན་གང་ལ་རག་མ་ལུས། །ཆུ་ལ་ཞུགས་དང་ཚོགས་དང་ཟ་འགྱེད་བྱེད། །རིག་བྱེད་གྲོང་ཁྱེར་དཀྲོག་པ་དག་དང་མཚུངས། །ཕྱག་རྒྱ་ཆེན་པོ་རང་ལས་གཞན་མེད་ཕྱིར། །མཆོད་རྫས་ དྲན་པ་མགྲོན་དང་མཆོད་གནས་རང་ཤེས་པས། །མཆོད་པ་རང་གི་དྲན་པ་མེད་ལ་མཆོད། །བློ་ལས་འདས་ཀྱི་སྐྱེ་མེད་ཚོགས་ལ་རོལ། །ཕྱག་རྒྱ་ཆེན་པོ་གཞན་ལ་མི་ལྟོས་ཕྱིར། །བསྒོམ་བྱ་རང་ལ་སྒོམ་བྱེད་རང་གི་སེམས། །བློ་འདས་རང་ལ་དམིགས་པ་ཉིད་དང་བྲལ། ། དེ་ཉིད་འབྲས་བུ་ཡིན་ཕྱིར་གཞན་ལ་རག་མ་ལུས། །བསྒོམ་བསྒྲུབ་སྔགས་བཟླས་རང་གི་སེམས་ཡིན་ཏེ། །ཡི་དམ་ལྷ་དང་རང་གི་སེམས་ཡིན་པས། །དེ་ཕྱིར་མཁའ་འགྲོ་ལུང་སྟོན་ལ་སོགས་རང་གི་སེམས། །སེམས་ནི་དྲན་པ་ཅིར་ཡང་སྣང་བར་སྟོན། །མ་དྲན་པ་ལ་ ཐམས་ཅད་དམིགས་སུ་མེད། །ཕྱག་རྒྱ་ཆེན་པོ་རང་ལས་གཞན་མེད་ཕྱིར། །སངས་རྒྱས་ཆོས་དང་དགེ་འདུན་ལ་སོགས་ཏེ། །ཕ་མ་དཀོན་མཆོག་རང་བཞིན་བྱང་ཆུབ་སེམས། །མཆོད་དང་བསྙེན་བཀུར་བྱས་ན་དྲན་པའི་རྒྱུ། །ཐ་དད་མེད་ན་སྐྱེ་མེད་རང་སར་གྲོལ། །བློ་ལས་ འདས་ན་བྱ་དང་མི་བྱ་མེད། །སངས་རྒྱས་སེམས་ཅན་མཚོན་ཚུལ་སོ་སོ་ཡང་། །ལྷན་ཅིག་དག་ཏུ་སྐྱེས་ཏེ་རིག་མ་རིག །གང་ཞིག་སྣང་ཡང་དྲན་པར་མི་རྟོག་ན། །སེམས་ཅན་ཉིད་ནི་འབྲས་བུ་སྐྱེ་བ་མེད། །གང་ཞིག་མི་སྣང་དྲན་པར་རྟོག་ཅེ་ན། །སངས་རྒྱས་ཉིད་ ཀྱང་ཁམས་གསུམ་འཁོར་བའི་རྒྱུ། །གང་ཞིག་དྲན་མེད་ཡིད་ལ་འཆང་བྱེད་ཅི། །སེམས་ཅན་སྣང་ཡང་སངས་རྒྱས་དག་དང་མཚུངས། །གང་ཞིག་དྲན་པ་སངས་རྒྱས་རྟོགས་འདོད་ན། །སངས་རྒྱས་སྣང་ཡང་སེམས་ཅན་ཁྱད་པར་མེད། །དེས་ན་སྣང་ བརྟགས་གཉིས་ལ་བརྟག་ཏུ་མེད་དེ་བོར། །བོར་ཡང་རང་ལས་གཞན་མེད་འགྲོ་རྒྱུན་འཆད། །རང་ལས་ཡོད་སྙམ་རྟོག་གེ་དྲན་པས་བསླད། །སྣང་བ་གསལ་ལ་མི་རྟོག་མ་ཞེན་སེམས། །དེ་ཕྱིར་ཡོད་དང་མེད་པའི་རྟོག་པ་གཉིས་བྲལ་ཏེ། །གཉུག་མར་གནས་ན་གང་ ལྟར་བྱས་ཀྱང་བདེ། །དྲན་པ་འོད་གསལ་འཛིན་པའི་སྙིང་པོ་ཅན། །ཞེན་པ་གཉིས་དང་བྲལ་ཏེ་རང་བཞིན་གཉུག་མར་གཞག །དེས་ན་ཕྱག་རྒྱ་ཆེན་པོ་ཟུང་དུ་རབ་འཇུག་སྟེ། །དྲན་པ་དྲན་མེད་སྐྱེ་མེད་ཟུང་དུ་འཇུག །དྲན་མེད་མི་རྟོག་པ་ཡི་རང་བཞིན་དང་། །རྟེན་འབྲེལ་ གློ་བུར་སྐྱེ་བའི་དྲན་པ་གཉིས། །སྐྱེ་བ་མེད་པའི་ངང་དུ་རོ་གཅིག་ཕྱིར། །དེས་ན་སྐྱེ་དང་སྐྱེ་བ་བློ་ལས་འདས། །འོད་གསལ་སྟོང་དང་ཟུང་དུ་འཇུག་ལ་སོགས། །མ་བཅོས་མ་བྱས་སྐྱེ་མེད་རང་སར་གྲོལ། །དེ་ལ་སྐུ་གསུམ་ཆོས་སྐུ་ལོངས་སྐུ་དང་། །སྣ་ཚོགས་སྣང་བ་ སྤྲུལ་སྐུ་ཞེས་སུ་བཤད། །གཉུག་མ་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། །སྙིང་རྗེ་སྟོང་དང་དབྱེར་མེད་སྐྱེ་བ་མེད། །ལས་ཀྱི་ཕྱག་རྒྱ་ལ་བརྟེན་ཉམས་མྱོང་ནི། །བཅོས་མ་ཡིན་ཕྱིར་རྐྱེན་གྱི་སྟོབས་ལས་བྱུང་། །གཞན་ལ་ལྟོས་ཕྱིར་ཁོ་ན་ཉིད་མ་ཡིན། །ཆོས་ཀྱི་ཕྱག་རྒྱ་བཅོས་ མ་མ་ཡིན་ཀྱང་། །ཉམས་སུ་མྱོང་བས་མ་གྲུབ་ཉིད་མི་མཐོང་། །ཕྱག་རྒྱ་ཆེན་པོ་ཉམས་སུ་མྱོང་འགྱུར་ན། །དྲན་པ་སྣ་ཚོགས་སྐྱེ་བ་མེད་པར་ཤེས། །དངོས་པོར་སྣང་བ་ངོ་བོ་ཉིད་ཀྱིས་སྟོང་། །སེམས་ཅན་སྐྱེ་བ་མེད་དང་དབྱེར་མེད་དོན། །སྙིང་རྗེ་ཐབས་ཀྱིས་ མཚོན་བྱ་དཔེ་ཡིས་བསྟན། །སྣ་ཚོགས་སྣང་ཡང་བློ་འདས་ཡུལ་མི་གཡོ། །བདག་ཉིད་རྣལ་འབྱོར་དེ་ཉིད་རྟག་ཏུ་བལྟ། །སྤྱོད་ལམ་ཐམས་ཅད་ཕྱག་རྒྱ་ཆེ་ལ་གནས། །དངོས་པོའི་གནས་ལུགས་སྐྱེ་མེད་ངང་དུ་གཞག །རླུང་གི་རྐྱེན་བཅས་རྒྱ་མཚོ་དང་བ་ལ། །དབའ་ རླབས་ཆུ་ཡི་གཉེར་མ་གློ་བུར་སྐྱེ། །དེ་ཉིད་རྒྱ་མཚོ་དག་དང་དབྱེར་མེད་དོ། །དྲན་པས་རྐྱེན་བྱས་རྟོག་པ་གློ་བུར་སྐྱེ། །དེ་ཉིད་སྔར་གྱི་དྲན་པ་མེད་དང་ནི། །སྐྱེ་མེད་བློ་འདས་དག་གིས་ངོ་མཚར་མཚུངས། །དེ་ལྟར་ཕྱག་རྒྱ་ཆེ་ལ་སྐྱེས་པ་སྔར་མེད་བཞིན། །ཕྱིས་ཀྱང་ རྐྱེན་གྱི་སྟོབས་ཀྱིས་སྐྱེས་སྲིད་ཀྱང་། །སྐྱེ་བ་མེད་པ་དེ་དག་དབྱེར་མེད་དོ། །གཟུགས་ཅན་མ་ཡིན་ཀུན་ལ་ཁྱབ་པ་དང་། །མི་འགྱུར་བ་དང་དུས་རྣམས་ཐམས་ཅད་པའོ། །ནམ་མཁའ་ལྟ་བུར་སྐྱེ་འགག་མེད་པ་དང་། །ཐག་པ་སྦྲུལ་བཟུང་སྦྲུལ་གྱི་སྟོང་པ་དང་། ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དབྱེར་མེད་དེ། །ངོ་བོ་ཉིད་ནི་བློ་ཡི་ཡུལ་ལས་འདས། །ཕྱག་རྒྱ་ཆེན་པོ་སྐད་ཅིག་མངོན་སངས་རྒྱས། །དེ་ཉིད་སེམས་ཅན་དོན་དུ་གཟུགས་སྐུར་བྱུང་། །རྒྱུ་མཐུན་འབྲས་བུ་རྣམ་སྨིན་འབྲས་བུ་དང་། །དྲི་མ་མེད་པའི་འབྲས་བུ་གཞན་དོན་ བྱེད། །གོ་འཕང་ཁྱད་པར་བརྗོད་ལས་འདས་པར་བཤད། །ཀྱེ་ཧོ་མ་བཅོས་ཕྱག་རྒྱ་བདེ་བ་ཆེ། །དྲན་མེད་ཀློང་དུ་རང་ཤར་བ། །སྐྱེ་མེད་ནམ་མཁའ་ལྟ་བུར་ཁྱབ། །བློ་ལས་འདས་པའི་ངང་ལ་གནས། །སྣང་བ་སྤྲོས་བྲལ་བདེ་བ་ཆེ། །དྲན་མེད་ཅིར་ཡང་མི་རྟོག་པ། །དྲན་ པ་སྣ་ཚོགས་སེམས་སུ་གསལ། །བརྟག་ཅིང་བཙལ་ན་དམིགས་སུ་མེད། །སྐྱེ་བ་མེད་པ་འཛིན་དང་བྲལ། །འཛིན་དང་བྲལ་བའི་རྒྱུ་བ་མེད། །དྲན་པ་སྒྱུ་མ་རང་རིག་ཙམ། །སྒྱུ་མེད་ཐར་མེད་དྲན་མེད་གསལ། །སྐྱེ་མེད་དོན་དམ་ཀུན་གསལ་བས། །ཐམས་ཅད་བློ་ལས་ འདས་པར་སྣང་། །ཁམས་གསུམ་བློ་འདས་ཡེ་ཤེས་ཉིད། །ལྷན་ཅིག་སྐྱེས་པ་དེ་ཁོ་ན། །དྲན་པའི་རྩ་བ་མ་ལུས་ཐག་བཅད་དོ། །དྲན་མེད་སྐྱེ་བ་མེད་པའི་དབྱིངས་ལ་དགོད། །དེ་ཉིད་མ་བཅོས་བློ་ཡི་ཡུལ་ལས་འདས། །དྲན་རིག་སེམས་ཀྱི་རང་འབར་ཉིད་དུ་གསལ། ། གསལ་བས་རྣམ་རྟོག་འཁོར་བའི་གྲོགས་སུ་འགྱུར། །ཐར་པའི་ལམ་ནི་ཁོ་ན་ཉིད་ཤེས་ནས། །རང་འབྱུང་ཇི་བཞིན་བསམ་བྲལ་ངང་ལ་གནས། །དྲན་པ་རང་གསལ་དངོས་པོར་གྲུབ་པ་མེད། །བཅོས་མེད་དགོངས་པ་སྐྱེ་མེད་བདེ་ཆེན་འདི། །མངོན་སུམ་སྣང་བས་ངོས་ གཟུང་གང་ཡང་མེད། །དྲན་མེད་ཡུལ་དུ་ཅིར་ཡང་མཐོང་བ་མེད། །རྟེན་དང་བྲལ་བས་སློབ་པ་གང་ཡང་མེད། །གང་ལ་ཡིད་ལ་བྱར་མེད་ཕྱག་རྒྱ་ཆེ། །མཚན་མའི་དྲན་རིག་སྣ་ཚོགས་ཇི་སྙེད་པ། །དེ་ཉིད་ཕྱག་རྒྱ་ཆེ་ལ་དབྱེ་བ་མེད། །རྟོགས་དང་མི་ རྟོགས་གཉི་ག་སོ་སོ་མིན། །རྟག་ཆད་མཐའ་ལ་མི་གནས་སྐྱོན་དང་བྲལ། །རང་གི་དེ་ཉིད་རྟོགས་ན་གཞན་ལས་མིན། །རྟེན་འབྲེལ་མྱ་ངན་འདས་ལམ་བསྟན་པ་དང་། །སྐྱེ་བ་མེད་པར་རྟོགས་ན་ཕྱག་རྒྱ་ཆེ། །དེ་ཉིད་མི་ཤེས་ལས་ཀྱི་ཕྱག་རྒྱ་དང་། །དམ་ཚིག་ཆོས་ལ་སོགས་ པ་རྩོལ་འདོད་པ། །དེ་ཉིད་མཚོན་པའི་དཔེ་ཙམ་དོན་མི་ནུས། །གཟུང་འཛིན་བྲལ་བའི་ཕྱག་རྒྱ་ཆེ་བརྟེན་པ། །ཤེས་པ་རང་ལུགས་སོ་མ་ཉིད་ལ་བྱུང་། །འདོད་མེད་རང་གཞན་གཉུག་མའི་ངོ་བོར་གནས། །ཐ་མལ་སྣང་བའི་ཤེས་པ་འདི་ཉིད་བློ། །ཡིན་མིན་དྲན་པའི་སེམས་ལ་རང་ གཞག་ཡིན། །ཡིད་ཆེས་རིན་ཆེན་གདམས་ངག་ཡིད་བཞིན་གཏེར། །ཡིད་ལ་བྱ་དང་མི་བྱ་མེད་པར་གཞག །རང་རིག་ཕྱག་རྒྱ་ཆེན་པོ་ཉིད་ཡིན་པས། །ཕྱག་རྒྱ་ཆེན་པོ་ཉིད་ལ་ཉིད་ཀྱིས་བསྟན། །དྲན་པ་སྣ་ཚོགས་དོན་ལ་སེམས་མ་འཇུག །ཕྱི་ནང་བྲལ་བས་རྩོད་མེད་ཕྱག་རྒྱ་ དང་། །ཕྱག་རྒྱ་ཆེན་པོ་སྲོག་ལྡན་འདོད་པ་མེད། །འདོད་པ་བྱུང་ན་དེ་ཡང་དྲན་པའི་རྒྱུ། །རང་སེམས་ཕྱག་རྒྱ་ཆེན་པོ་ལ། །དྲན་དང་མ་དྲན་ཐ་དད་སྐྱེ་པ་མེད། །འཁྲུལ་དང་མ་འཁྲུལ་བློ་ཡི་ཡུལ་ལས་འདས། །དྲན་པའི་ཞེན་རྟོག་བརྟས་པས་འཁོར་བའི་རྒྱུ། །འོད་གསལ་ ཕྱག་རྒྱ་ཆེན་པོ་གཉུག་མའི་ངོ་བོ་ཉིད། །གང་ཡང་འགྱུར་མེད་བྱང་ཆུབ་སེམས་སུ་གཅིག །ཁོ་ན་ཉིད་ལ་གཟུང་འཛིན་ངོ་བོ་བྲལ། །སྣང་བ་དོན་ལྡན་ཡེ་ཤེས་ཉིད་དུ་མཐོང་། །བསམ་པས་བརྟགས་པས་དྲན་པའི་ཚོགས་སུ་རྒྱུས། །སྣང་བ་སྐྱེ་བ་ལོག་པའི་སྟོབས་ཀྱིས་མཐོང་། ། དྲན་པ་དྲན་མེད་ངང་ལ་ཤེས་འཇུག་པ། །ལུས་ངག་ཡིད་ཀྱིས་འབད་ཀྱང་དྲན་རྒྱུ་མེད། །གཉིས་སུ་མེད་ན་འཁོར་བའི་རང་བཞིན་མེད། །དྲན་པ་སྣ་ཚོགས་འགྱུ་བའི་རང་བཞིན་འདི། །སྣ་རྩེའི་ཕྱག་རྒྱ་དག་ལ་ཡེ་ནས་མེད། །དེས་ན་ཕྱག་རྒྱ་ཆེན་པོ་བསམ་མེད་བླང་དོར་ གཞག །ཀྱེ་ཧོ་ཕྱི་ནང་ཟབ་དང་མི་ཟབ་བསྐྱེད་རིམ་དང་། །ཡོངས་གྲུབ་ངོ་བོ་ཉིད་དང་དབུགས་དབྱུང་དང་། །རྒྱས་གདབ་ལས་དང་ཆོས་ཀྱི་ཕྱག་རྒྱ་ནི། །རྣལ་འབྱོར་ཡོངས་སུ་རྫོགས་པའི་རིམ་པ་སྟེ། །ཕྱག་རྒྱ་ཆེན་པོ་ངོ་བོ་ཉིད་ཀྱི་རིམ། །དམ་ཚིག་ཕྱག་རྒྱ་ཡོངས་སུ་གྲུབ་པའི་ རིམ། །ཀུན་བརྟགས་ཡོངས་སུ་གྲུབ་པའི་རྒྱ། །ལས་ཀྱི་ཕྱག་རྒྱ་དབང་གི་ངོ་བོ་དང་། །དགའ་བ་བཞི་ལྡན་ཐབས་ཀྱི་རང་བཞིན་ཅན། །ཆོས་ཀྱི་ཕྱག་རྒྱ་སྣ་ཚོགས་སྣང་བ་སྟེ། །དགའ་བཞིའི་ལྷན་ཅིག་སྐྱེས་པ་ཉིད། །ཕྱག་རྒྱ་ཆེན་པོ་སྐྱེ་བ་མེད་པ་ལ། །གཟུང་འཛིན་དྲན་བྲལ་ ངོ་བོ་བློ་ལས་འདས། །དྲི་མ་མེད་པའི་འབྲས་བུ་མངོན་སངས་རྒྱས། །དམ་ཚིག་ཕྱག་རྒྱ་མཚན་མའི་རྣལ་འབྱོར་ཏེ། །འབྲས་བུ་ལྷ་ཡི་དཀྱིལ་འཁོར་འགྲོ་བའི་དོན། །རྗེ་བཙུན་ཕ་མ་ཐབས་དང་ཤེས་རབ་མཚོན། །དགའ་བ་བཞི་ལྡན་དམ་ཚིག་ཕྱག་རྒྱ་ཆེ། །དེ་ལྟར་ཐབས་ཀྱི་སྦྱོར་བ་ ཀུན་འདུལ་ཡང་། །ཟབ་མོ་ཆོས་ཀྱི་ཕྱག་རྒྱས་གཏན་ལ་དབབ། །སེམས་ཉིད་ཕྱག་རྒྱ་ཆེན་པོ་རང་ལ་བསྟན། །དགའ་བས་གཟུང་བའི་དྲན་པ་བཀར་བ་དང་། །མཆོག་དགས་འཛིན་པའི་དྲན་ཕྱེད་གཏང་བ་དང་། །ལྷན་ཅིག་སྐྱེས་དགས་དྲན་པ་བཀར་བས་དང་། །དགའ་བྲལ་སྣང་ བ་སྐྱེ་མེད་དྲན་པ་གསལ། །དེ་བཞིན་ཟབ་མོའི་ཆོས་ཀྱི་ཕྱག་རྒྱ་བསྟན། །དགའ་བཞི་ཡེ་ཤེས་གང་དུ་སྐྱེས་པ་དང་། །ཐ་མི་དད་ཅིང་ཡོངས་སུ་ཐིམ་པར་གནས། །རྟོག་པའི་ཉམས་མྱོང་དག་ལ་གནས་པ་དང་། །ཡིད་ལ་མ་དྲན་རྟོག་པ་ཐ་མི་དད། །དཔེ་དང་ལམ་སྟེ་ཐ་སྙད་འདུལ་ བར་བསྟན། །སེམས་ཉིད་ཕྱག་རྒྱ་ཆེན་པོ་འཆར་བ་ནི། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་ཅིར་ཡང་འཆར། །བློ་ལས་འདས་པས་མ་སྐྱེས་ངོ་བོར་བསྟན། །མ་སྐྱེས་པ་དང་སྐྱེས་པའི་དངོས་པོ་གཉིས། །ཐ་དད་མེད་དེ་གཉུག་མའི་ངོ་བོར་གཞག །དྲན་པ་སྣ་ཚོགས་གང་ལ་རྒྱུ་བ་འདི། ། དྲན་མེད་འཇུག་པས་རྟོག་པ་མི་འགག་པ། །ཤེས་པ་རང་ལུགས་བཞག་ན་གནས་པར་འགྱུར། །སྣང་དང་སྟོང་དང་གཉིས་འཛིན་སྐྱེ་བའི་རྒྱུ། །ཐ་མི་དད་པར་གོ་ན་བདེ་བ་ཆེ། །ཉམས་མྱོང་ཤར་བས་མི་མཐུན་འཛིན་པ་བྲལ། །དྲན་པ་མེད་དེ་འདི་འདྲའི་ཡུལ་མེད་པ། །དྲན་པ་ མེད་དང་སྣང་སྟོང་ཐ་མི་དད། །མ་སྐྱེས་མཚན་མ་མེད་པའི་རྣལ་འབྱོར་ལ། །མཉམ་གཞག་རྗེས་ཐོབ་མེད་དེ་རྒྱུན་གྱི་རྣལ་འབྱོར་ལ། །སྣང་དང་སྐྱེ་བ་དྲན་པ་གང་སྐྱེས་ཀྱང་། །དེ་ཉིད་སྟོང་པ་དྲན་པ་མེད་གནས་པས། །དྲན་པ་ཡིད་ལ་བྱར་མེད་སྣང་ སྟོང་དབྱེར་མི་ཕྱེད། །དེ་ཉིད་ཐུག་ཕྲད་སྐྱེ་མེད་ཉམས་མྱོང་ལ། །སྣང་བའི་ངོ་བོ་སྟོང་པ་བདེ་ཆེན་ཤར། །ཆབ་རོམ་ཆུར་བཞུ་བཏུང་དུ་བཏུབ་བཞིན་དུ། །གང་སྣང་སྐྱེ་མེད་བདེ་བ་ཆེན་པོར་ཚོར། །བཏང་སྙོམས་དྲན་པ་མེད་དེ་རྟོག་པ་མ་བཀག་ཀྱང་། །བློ་ལས་འདས་པས་ རྨོངས་པ་སྒོམ་དང་བྲལ། །འདི་ལ་གནས་ན་བདེ་ཆེན་ཉམས་འབྱུང་སྟེ། །དང་པོར་སྣང་བ་སྟོང་པའི་ཉམས་མྱོང་འབྱུང་། །ཆབ་རོམ་སྣང་ཡང་ཆུ་ངོ་ཤེས་བཞིན་དུ། །གཉིས་པ་དྲན་པའི་སྣང་བ་མ་འགག་པར། །སྟོང་པ་བདེ་དང་ཐ་མི་དད་པར་འབྱུང་། །ཆབ་རོམ་ཆུ་ རུ་བཞུ་བའི་གནས་སྐབས་བཞིན། །དྲན་པ་དྲན་མེད་སྐྱེ་བ་མེད་ལ་ཐིམ། །ཐམས་ཅད་ཐ་མི་དད་པས་བདེ་བ་ཆེན་པོར་གཅིག །དེ་ཉིད་ཆབ་རོམ་ཆུ་རུ་བཞུ་བ་བཞིན། །ཐམས་ཅད་རང་བཞིན་ཐུག་ཕྲད་ཤེས་གྱུར་ན། །བཅིང་བཀྲོལ་དག་གིས་མ་བཟུང་དྲན་པའི་རྗེས་མ་ འབྲང་། །འཇུར་བུས་བཅིངས་པ་བཞིན་དུ་སེམས་མི་སྒྲིབ། །འཇུར་བུ་ཀློད་ན་གྲོལ་ཞིང་སེམས་ཉིད་གར་དགར་བཏང་། །ལྡོག་པས་གཟིངས་ལ་འཕུར་བའི་བྱ་རོག་བཞིན། །དེ་ཉིད་ཤེས་ན་སྣང་བ་ལོངས་སྤྱོད་ཡིན། །ལྕགས་ཀྱུས་བཏབ་པས་གླང་ཆེན་ཐིམ་པ་བཞིན། ། བྱ་བྲལ་བཞག་པས་གླང་ཆེན་ལོམ་པ་བཞིན། །དྲན་པ་དྲན་མེད་ངོ་ཤེས་གནོད་པ་མེད། །སྣང་དང་སྟོང་པ་ཤེས་པས་རྟོག་དང་བྲལ། །སྐྱེ་བར་གནས་པས་དབྱེར་མེད་དྲན་མི་རྒྱུ། །དེ་ཉིད་ཁྱབ་བདག་དགྲ་ཀུན་ངོ་ཤེས་བཞིན། །སྣང་བ་སྟོང་པར་ཐིམ་པས་ལན་ཚྭ་ཆུར་ཐིམ་ བཞིན། །དྲན་པ་དྲན་མེད་ཐིམ་པ་དེ་ཁོ་ན། །སྐྱེ་བ་རྣམ་པ་གཉིས་ལ་སྐྱེ་རྒྱུ་མེད། །ཐུག་ཕྲད་སྐྱེ་མེད་ཡེ་ཤེས་ཤར་བས་ན། །དྲན་པ་བློ་ཡི་ཡུལ་མེད་ཕྱོགས་མེད་ཡེ་ཤེས་འཆར། །སྤྲ་བ་མེ་མཆེད་རང་འབར་མེ་བཞིན་དུ། །ཉམས་མྱོང་སྨྲར་མི་བཏུབ་པ་གཞོན་ནུའི་བདེ་བ་ བཞིན། །སྣ་ཚོགས་སྣང་ཡང་དྲན་པར་མི་འགྱུར་བ། །དལ་བའི་འབབ་ཆུས་དབའ་རླབས་མི་འགྱུར་བས། །རང་གི་ངོ་བོ་གསལ་བས་མར་མེ་དྲན། །དེ་ལྟར་ཕྱག་རྒྱ་ཆེན་པོ་གང་ལ་མི་བསྟན་པས། །བྱ་སར་ཀོ་ནེ་མཁའ་ལ་གནས་བཞིན་དུ། །རྟོགས་པའི་སྤྱོད་པས་བླང་དོར་མི་ བྱེད་པ། །སྲོག་ཆགས་པ་ཏ་རི་བཞིན་ཞེན་ཆགས་མེད། །བློ་འདས་འབྲས་བུ་འདོད་ན་མེད་གྲུབ་པ། །སྨན་མཆོག་ནང་ན་པེ་ཏ་ཇི་བཞིན་ཉིད། །ཀྱེ་ཧོ་དེ་ལྟར་མཁས་པ་ཐབས་ཟིན་དག་གིས་ནི། །དྲན་པ་མེད་ལ་སྐྱེ་མེད་རྒྱས་བཏབ་སྟེ། །དྲན་པ་མེད་པས་དྲན་མེད་རྒྱ་ཡིས་ བཏབ། །སྣང་བས་སྟོང་པ་ལ་རྒྱས་གདབ། །སྟོང་པས་སྣང་བ་ལ་རྒྱས་གདབ། །དྲན་དང་སྣང་བ་བདེ་བའི་རོར་ཤར་ན། །སྟོང་དང་དྲན་མེད་རྒྱ་ཡིས་ཐེབས་པ་ཡིན། །སྣང་དང་དྲན་པ་སྟོང་པའི་རྒྱ་དང་ནི། །དྲན་མེད་གནས་པ་དག་གིས་རྒྱས་གདབ་ན། །སྣང་དང་དྲན་པ་བདེ་ བའི་རོར་ཤར་ནས། །མཚན་མའི་བསྒོམ་པས་མ་དཔྱད་མཚན་མའི་བློ་ལས་འདས། །དྲན་དང་སྣང་བ་དག་ལ་སྐྱེ་མེད་རྒྱས་བཏབ་པ། །སྐྱེ་མེད་དག་ལ་བློ་འདས་རྒྱ་ཡིས་ཐེབས། །དྲན་པས་དྲན་མེད་བདེ་བའི་རྒྱས་ཐེབས་པས། །སྟོང་པར་མ་སོང་ཆད་པའི་མཐར་མ་ལྷུང་། ། གནས་པ་སྐྱེ་བ་དག་ལ་རྒྱས་ཐེབས་པས། །དངོས་པོར་མ་སོང་རྟག་པའི་མཐར་མ་ལྷུང་། །ཐམས་ཅད་བློ་ལས་འདས་ཤིང་སྐྱེ་བ་མེད། །ཐམས་ཅད་བདེ་བ་ཆེན་པོའི་རྒྱུ་དང་ལྡན། །དེ་ལྟར་ཤེས་པས་བཏང་སྙོམས་མཐར་མ་ལྷུང་། །དྲན་པ་འཁོར་བའི་དངོས་པོ་དང་། ། དྲན་པ་མེད་པའི་རྟོགས་པ་ལ། །བཏང་སྙོམས་ལམ་དུ་ཁྱེར་བར་བྱེད་པ་དང་། །རིག་པས་གཞིགས་ནས་སྟོང་པ་བཏང་སྙོམས་དང་། །གཟུང་འཛིན་བྲལ་བའི་རང་རིག་བཏང་སྙོམས་པས། །བདེན་པ་གཉིས་བྲལ་གཉིས་མེད་བཏང་སྙོམས་བསྒོམ། །གང་དུ་མ་དྲན་ བསམ་གཏན་བཏང་སྙོམས་མཆོག །ལུང་དུ་མ་བསྟན་བཏང་སྙོམས་སྒོམ་མ་ཡིན། །ཤེས་པ་སོར་གཞག་དྲན་མེད་ཉམས་འཕྲོ་བ། །དྲན་པའི་མཚན་མ་དྲན་མེད་ལམ་དུ་ཁྱེར། །བདེ་བ་ལམ་ཁྱེར་བློ་འདས་མ་དམིགས་པ། །གཉིས་ལ་མི་རྟོག་བདེ་བ་རྒྱུན་མ་འཆད། ། ཀྱེ་ཧོ་ཉམས་དང་བྲལ་བས་གཟུང་འཛིན་གཉིས་ལས་གྲོལ། །དེ་ཉིད་ཕྱག་རྒྱ་ཆེན་པོའི་དོན་མཐོང་འགྱུར། །འབྲས་བུ་མཐར་ཐུག་རིན་ཆེན་གཏེར་ཆེན་ལ། །ཕྱག་རྒྱ་ཆེ་ལ་གནས་འདོད་གང་། །དྲི་མེད་འབྲས་བུ་རྟོགས་པར་ཤོག །ས་ར་ཧའི་ཞལ་སྔ་ནས་ གསུངས་པ། །སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ་ཞེས་བྱ་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཱ་ཀ་ཀོ་ཥ་ཤྲཱི་རི་པ་ར་བཛྲ་གཱི་ཏི། བོད་སྐད་དུ། གསུང་གི་མཛོད་འཇམ་དབྱངས་རྡོ་རྗེའི་གླུ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཀྱེ་ཧོ་ ཏིང་འཛིན་རྩེ་གཅིག་རོ་སྙོམས་སྤྱོད་པ་ཁྱད་པར་ཅན། །དངོས་དང་དངོས་མེད་ཡིད་རྟོགས་འཁོར་བར་རྒྱུ་བས་བཏང་བར་བྱ། །སྣང་དང་སྟོང་པ་ཟུང་དུ་འཇུག་པ་དབྱེར་མེད་དེ་ཁོ་ན། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཐམས་ཅད་འབྱུང་ཞིང་ཐིམ་པར་གནས། །བདག་དང་ གཞན་དོན་གཉིས་མེད་དྲན་མེད་གསལ་བའི་ངང་། །ཕྱག་རྒྱ་ཆེན་པོའི་རྣམ་གྲངས་དཔག་མེད་བརྗོད་ལས་འདས། །དངོས་དང་དངོས་མེད་ཡོངས་སུ་བཏང་ན་འཁོར་འདས་མེད། །རྫིང་བུ་གླ་གབ་མེད་ན་ཕྱོགས་བཞིར་འཁོར་ལོ་སྤངས། །བྱིས་པ་མ་ཤེས་རྟེན་འབྲེལ་ འཁོར་བར་འཇུག་པའི་རྒྱུ། །ཤེས་རབ་ཞན་པས་དངོས་འཛིན་བདག་གཞན་དོན་མི་འགྲུབ། །མར་མེ་སྦར་ཡང་དམུས་ལོང་དག་ལ་སྣང་མི་སྲིད། །བདག་གཞན་དོན་འདོད་དངོས་འཛིན་རང་གིས་རང་ལ་འཛིན། །རྟོག་པ་ཡིན་ཕྱིར་བཏང་མི་བཏང་ལ་བརྟག་པར་བྱ། །སྣང་ མེད་རང་རིག་རྟོག་པའི་ཐ་སྙད་ཀུན་དང་བྲལ། །ཐབས་དང་བྲལ་ཕྱིར་བདག་དོན་མི་འགྲུབ་མཚན་མར་འགྱུར། །དབྱེར་མེད་དོན་ལ་གནས་པས་དེ་ཉིད་སྟོན་པ་དང་། །ཆོས་ཀྱི་དབྱིངས་ལ་འཇུག་པའི་མཚན་ཉིད་བསྟན་པའོ། །བླ་མ་ལས་བསྟན་ལུང་འབྲེལ་གདམས་ངག་ རྗེས་སུ་སྟོན། །ལུང་དང་རིགས་པས་རང་གི་མཚན་ཉིད་རྟོགས་འདོད་པ། །བླ་མ་ལ་བརྟེན་གདམས་ངག་ལྡན་པ་དག་ལས་རྙེད། །བསྙེན་བཀུར་བྱས་ན་ལྷན་ཅིག་བདེ་བ་མཆོག་ཐོབ་འགྱུར། །དྲི་མ་དང་བྲལ་བྱ་ཕྱིར་བླ་མའི་ཞབས་ལ་འདུད། །མཆོད་ན་བྱིན་རླབས་ཆེན་ པོ་འབྱུང་བར་རྒྱལ་བས་བཤད། །ཀྱེ་ཧོ་གྲོང་ཁྱེར་ཙམ་ཨོ་ངན་ཀུས་ནམ་མཁར་སོང་བཞིན་དུ། །ཐར་པས་འབད་ན་རྒྱལ་བའི་ས་ལ་གདོན་མི་ཟ། །བརྗོད་བྱ་རྗོད་བྱེད་དབང་བསྐུར་བྱིན་རླབས་སྐྱེ་ཞིང་འཕེལ་བའི་གནས། །སྔོན་དུ་སློབ་མས་བྱ་དང་སློབ་དཔོན་བྱ་བའི་རིམ་པ་ དང་། །རྗེས་སུ་སློབ་མས་བྱ་དང་ཟབ་མོ་དབང་བསྐུར་བ། །ཕྱག་རྒྱ་མཆོད་དང་བསྟོད་པ་དག་གིས་གསོལ་བ་གདབ། །སྙན་པའི་ཚིག་གིས་གསོལ་གདབ་རིག་པ་རྩལ་དཔང་དང་། །ཕྱག་རྒྱ་ལ་བརྟེན་གསང་བའི་དབང་བསྐུར་སྡོམ་སྦྱིན་དང་། །གནང་བ་སྦྱིན་དང་རྗེས་ སུ་སྤྲོ་བ་བསྟན་པ་སྟེ། །སློབ་མས་རྫས་དབུལ་ཟབ་མོའི་དབང་བསྐུར་དམ་བཅའ་དང་། །བསྐྱེད་པའི་རིམ་པ་ལ་སོགས་བསྟན་པ་ནི། །ངོ་བོ་ཉིད་ཀྱི་རིམ་པ་བསྟན་པ་དང་། །ཉམས་མྱོང་བསྒོམ་པར་བྱ་བའི་བརྗོད་བྱ་ལ་སོགས་ཀུན། །གང་ལ་མི་གནས་བྱ་སར་ཀོ་ནེ་ གང་ལ་རྟེན་མི་འཆའ། །འདོད་པ་མེད་པའི་བདེ་བ་དག་ལ་མི་གནས་ཏེ། །ཡ་ཟུང་མེད་ཕྱིར་གང་ལ་རྟེན་དང་རྟེན་བྱེད་བྲལ། །གཉིས་མེད་རྣལ་འབྱོར་རང་ལ་འཆར་བའི་ཉམས་མྱོང་བདེ། །བདག་ཏུ་རྟོག་པའི་དངོས་པོ་གཏང་ན་ནམ་མཁའི་མཐའ་ལྟར་ཡངས། ། མྱ་ངན་འདས་པའི་གྲོང་ཁྱེར་དག་ཏུ་འཇུག་འདོད་ན། །ཚོགས་དྲུག་ཐུག་ཕྲད་ཆར་པ་རྒྱུན་གྱི་རྣལ་འབྱོར་ཆེ། །སྣང་བ་སྟོང་པ་སྐྱེ་མེད་ཐུག་ཕྲད་རྐྱེན་ལ་རག་མ་ལུས། །གཉིས་མེད་གོམས་པས་ལམ་མྱུར་ཟུང་དུ་འཇུག་མི་ལྡོག །སེམས་ཅན་སངས་རྒྱས་རང་བཞིན་ཡིན་ པར་ཤེས་ན་རྩོལ་བ་མེད། །གང་གི་རོ་སྙོམས་སྤྱོད་པ་དག་ལ་བརྟེན་ནས་འབྲས་བུ་ཐོབ། །སྤྱོད་པ་བྱས་ན་འགྲོ་བ་འཁོར་བ་དག་ལས་ཐར་བར་ཐེ་ཚོམ་མེད། །བདུད་དང་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བར་འགྱུར། །མཚན་མའི་རྣལ་འབྱོར་མི་བྱ་བཏང་སྙོམས་ རྣལ་འབྱོར་མིན། །མཁས་པའི་ཡེ་ཤེས་མྱུར་དུ་ཐོབ་ཅིང་སྒྲིབ་པ་ཟད། །མཚན་མའི་སྤྱོད་པས་དྲང་དོན་མཁས་ཀྱང་རྨོངས་རྣམས་འཆིང་། །རོ་སྙོམས་ཕྱག་རྒྱ་ཆེན་པོ་ལ་བརྟེན་ནམ་མཁར་འགྲོ། །གཉིས་མེད་སྤྱོད་ལམ་རྒྱུན་དུ་བསྟན་ན་ཚེ་འདིར་ཐོབ། །སྣང་བ་ སྒྱུ་མའི་ཡུལ་ལ་མི་གནས་རྟོག་ཡུལ་མེད། །འཇིག་རྟེན་ཆོས་བརྒྱད་འཆིང་བར་མི་ནུས་བརྟུལ་ཞུགས་མཆོག །སྙིང་རྗེ་ཐབས་ཐིན་སྤྱོད་བ་ཆགས་མེད་མཁའ་ལྟར་ཡངས། ཕྱག་རྒྱ་ཆེན་པོ་ཡན་ལག་བཞི་ལྡན་ཐབས་ཀྱི་མཆོག །བཞིར་ལྡན་ ཕྱག་རྒྱ་གཅིག་གི་ཆོ་འཕྲུལ་གཅིག་གི་ངང་། །གཉིས་མེད་ངང་ལ་ཕྱག་རྒྱ་ཆེན་པོ་གློད་དེ་གཞག །བྱང་ཆུབ་སེམས་ལྡན་བཏང་གཞག་མེད་ན་གླང་ཆེན་འདྲ། །རྟོག་པའི་ངོ་བོས་བ་མོ་རྟ་ལྟར་སྣང་འདོད་ན། །རྟོག་མེད་སྣང་མེད་དོན་ལ་འབད་དེ་རྣལ་འབྱོར་བྱ། །སྐུ་བཞི་ མཐར་ཕྱིན་འབྲས་བུ་བདེ་བ་ཆེན་པོའི་ངང་། །སྐྱེ་བར་སྣང་བ་ལམ་གྱི་ལུས་རྣམས་ནི། །སྐུ་གསུམ་མཐུར་ལྡན་རྟོག་པ་རྣམ་པར་བྲལ། །ཤེས་དང་ཤེས་བྱ་རང་རྒྱུད་དག་པའི་ཡུལ། །དངོས་པོའི་རང་བཞིན་སྐྱེ་བའི་རྐྱེན་སྣང་ཡང་། །མ་སྐྱེས་པ་ཡི་ཡུལ་ལས་འདས་ མ་མྱོང་། །དངོས་པོ་དངོས་མེད་བཏང་སྙོམས་ལ་སོགས་ཀུན། །འབྱེད་པ་མེད་དེ་དྲན་མེད་སྐྱེ་མེད་ཡུལ། །ཕྱག་རྒྱ་ཆེ་ལ་རྟག་ཏུ་མཚན་ཉིད་བྲལ། །ཕུང་པོ་དག་པས་གསང་བའི་ཡུལ་ལས་འདས། །དགའ་བ་བཞི་ཡི་མཚན་ཉིད་ཕྱག་རྒྱའི་ཡུལ། །རང་རྒྱུད་མ་ཡིན་ཤེས་ རབ་ཐབས་དང་བྲལ། །སྣ་རྩེ་ལ་སོགས་དེ་ཉིད་མ་ཟིན་ན། །དེ་ཉིད་དག་ལ་སྦྱོར་ཡང་དོན་དམ་མིན། །རང་རིག་རྡོ་རྗེ་གནས་ཏེ་སེམས་དཔའི་རྣལ་འབྱོར་ནི། །ཐམས་ཅད་མཁྱེན་པའི་ངོ་བོ་འདི་འདྲར་མེད། །རྒྱ་མཚོའི་དབའ་རླབས་བྲག་ཅའི་ངོ་བོར་མཚུངས། །གྲངས་ཙམ་ ཉིད་ན་གང་དུའང་སླེབ་པ་མེད། །དམ་ཚིག་བསྒྲུབ་དང་འབྲས་བུ་རྣམ་སྦྱར་བ། །མཚོན་བྱ་མཚོན་བྱེད་ཚིག་གི་ཐ་སྙད་ལམ། །དམ་ཚིག་ཉམས་ན་ཐབས་སོགས་ཉམས་གང་ན། །བློ་ལས་འདས་པའི་ཡུལ་དུ་སློབ་པ་མེད། །བརྟུལ་ཞུགས་སྤྱོད་པས་ཕྱི་དང་ནང་འགྱུར་བ། ། ཁོ་ན་ཉིད་དང་ལྡན་ན་ཁྱད་པར་ཅན། །དེ་ཉིད་མི་ལྡན་དུད་འགྲོ་དག་དང་མཚུངས། །དེ་ཉིད་སྦས་པས་ལྷན་ཅིག་སྐྱེས་བསྒོམས་པ། །ཐབས་བྲལ་དམ་ཚིག་འགལ་ཡང་ཉེས་པ་མེད། །འདི་དང་ཕ་རོལ་གྲངས་ལ་མི་ལྟོས་པར། །ད་ལྟ་ཉིད་དུ་མངོན་གྱུར་ཕྱག་རྒྱ་ཆེ། །དེ་ཉིད་སྤངས་ ན་ནམ་ཡང་ཕྲད་མི་འགྱུར། །ཕྱག་རྒྱ་ཆེན་པོ་སྐད་ཅིག་ཐོས་པས་ཀྱང་། །སྣོད་དང་ལྡན་མི་ལྡན་ལ་མི་ལྟོས་པར། །བསྟན་པ་ཙམ་གྱིས་རྩེ་གཅིག་འདི་ཡིས་ཐོབ། །གང་ཞིག་དྲན་པ་དག་ལ་མ་ཡེངས་པའི། །ལྷན་ཅིག་སྐྱེས་དོན་བསྒོམ་དང་ལྡན་པས་ཐོབ། །དེ་ཉིད་རང་ ཡིན་གཞན་གྱི་ཆོས་མི་ཚོལ། །དུར་ཁྲོད་ཝ་སོགས་ཚོལ་ཕྱིར་འབྲངས་ཏེ་ཕུང་། །ཀྱེ་ཧོ་བྲམ་ཟེ་རིགས་ངན་ཁྱིམ་འདྲེས་འཚོལ་སློང་བཞིན། །བཟང་ངན་འདྲེས་པ་གཅིག་ལ་གཅིག་གནོད་དེ། །མཚན་མའི་རྣལ་འབྱོར་མཚན་མེད་དོན་མི་རིག །མཚན་མ་མེད་ལ་བལྟས་པ་ནམ་ ཡང་མེད། །མཚན་མ་དུས་དང་གྲངས་ལ་ལྟོས་པར་འགྱུར། །བསྐྱེད་དང་རྫོགས་པའི་རིམ་པ་ཁྱད་པར་བསམ་མི་བྱ། །གཉིས་མེད་འདུས་པ་རྣལ་འབྱོར་མཆོག་ལྡན་གང་། །གང་ཡང་མ་ཤེས་དྲན་མེད་ཡེངས་པའི་ཡུལ། །དྲན་པའི་རྒྱུད་སྤངས་དེ་ལ་གོམས་པར་བྱ། ། ཐུན་མོང་མ་ཡིན་གསང་སྔགས་ཁྱད་པར་ཅན། །ཐོག་མ་ཉིད་ནས་བདེན་པའི་ངོ་བོར་གནས། །དངོས་གྲུབ་བསྡུས་པས་ལྷན་ཅིག་སྐྱེས་ལ་ཐུག །དེ་ཉིད་ཁྱད་པར་རང་རིག་ཡུལ་ལས་འདས། །དེ་ཉིད་བདེ་བའི་གནས་དང་དངོས་པོ་སྟོང་། །ཆོས་རྣམས་དག་པས་རང་བཞིན་ བདེ་བའི་དོན། །གང་ལ་མི་གནས་བློ་ཡི་ཡུལ་ལས་འདས། །ཡུལ་མེད་གནས་མེད་རྟེན་དང་བྲལ་བས་སྟོང་། །ཨེ་ཝཾ་དངོས་གྲུབ་ངོ་བོ་ཉིད་ཀྱི་རྒྱུ། །རྡོ་རྗེ་འཆང་དང་རང་རིག་བླ་མའི་བཀའ། །འདུས་པའི་རྒྱུད་དུ་དྲི་མེད་ཕྱག་རྒྱ་ཆེ། །ཀུན་རྫོབ་ལས་ཀྱི་ཕྱག་རྒྱ་ལ་སོགས་ཀུན། ། འཁོར་ལོས་སྒྱུར་རྒྱལ་དམངས་ཀྱི་འཁོར་དང་མཚུངས། །ཕྱི་ནང་ཟབ་མོ་བསྐྱེད་པའི་རིམ་པ་ཀུན། །རྫོགས་པའི་ཕྱག་རྒྱ་ཉི་ཟླའི་སྐར་ཕྲན་བཞིན། །དགའ་བྲལ་དགའ་བ་མཆོག་ཏུ་དགའ་ལ་སོགས། །ལྷན་ཅིག་སྐྱེས་དགའ་འཁོར་ལོའི་རྩ་བ་ཉིད། །དྲི་མ་མེད་པར་དག་བྱེད་ དེ་ཡི་དགོངས་པར་གསལ། །དེ་ཉིད་ལྡན་པས་རྟག་ཏུ་ཡེ་ཤེས་མྱོང་། །དབྱེར་མེད་ཐུགས་ཀྱི་སྟོང་ཉིད་གོ་འཕང་ཡངས། །ལུས་ངག་ཐབས་ལྡན་ཐབས་ལ་བརྟེན་བསྒོམ་པ། །དྲན་པ་སྐྱེད་བྱེད་རྒྱུ་རྐྱེན་འབྲས་བུ་སྨིན། །ལས་ཅན་དྲང་ཕྱིར་གྲོལ་བའི་ཐབས་སུ་སྦྱོར། ། ལས་ཀྱི་ཕྱག་རྒྱ་ཉམས་མྱོང་བྲོད་པ་སྐྱེད། །དེ་ཉིད་ལྡན་གོམས་ཉམས་མྱོང་གྲོལ་བའི་ལམ། །པདྨ་རྡོ་རྗེར་སྦྱོར་བ་མཐོང་འདོད་དང་། །ཆགས་ཅན་ལམ་གྱིས་དེ་ཉིད་གྲོལ་མི་འགྱུར། །གཞན་ཡང་ལས་ཀྱི་ཕྱག་རྒྱ་ཉམས་མྱོང་དག་བརྟེན་ལ། །ཐ་ མལ་རང་ལུས་ཕྱག་རྒྱ་ཆེན་པོ་སྦར། །ཕྱག་རྒྱ་ཆེན་པོ་ཀུན་དུ་ཁྱབ་པའི་དཔེ། །རིན་པོ་ཆེ་དང་ནམ་མཁའ་ལྟ་བུར་མཚུངས། །ཕུང་པོ་ལྔ་སོགས་གསང་བ་མཆོག་ཏུ་འགྱུར། །འཇིག་རྟེན་འཇིག་རྟེན་འདས་པ་ལྷན་ཅིག་གནས། །ཁོ་ན་ཉིད་ནི་བླ་མའི་བཀའ་དྲིན་གྱིས། ། མཚོན་ཅིང་བསྒྲུབ་མི་དགོས་པར་རང་ལ་རྙེད། །ཕྱག་རྒྱ་ཆེན་པོ་མཆོག་ཉིད་དྲི་མ་བྲལ། །གོ་འཕང་ཐོབ་པར་བྱ་ཕྱིར་སྤྱད་པར་བྱ། །རྟག་ཆད་གཉིས་མེད་མཉམ་སྦྱོར་གཅིག་ཉིད་གཞག །ལུང་དང་མན་ངག་རིག་པས་ཤེས་པར་བྱ། །ཁོ་ན་ཉིད་ནི་བསྒྲུབས་ན་གདོན་མི་ ཟ། །ཕྱག་རྒྱ་ཆེན་པོ་གསལ་ཏེ་ཤེས་གོམས་ན། །ཁོ་ན་ཉིད་ནི་རྟོགས་པར་ཐེ་ཚོམ་མེད། །དེ་ཉིད་ཤེས་ན་གོམས་པའི་སྟོབས་ཀྱིས་སྤྱོད། །དེ་ཉིད་མ་ཤེས་སྟེང་སྒོ་འོག་སྒོ་དང་། །རིག་མ་ལ་བརྟེན་གསུམ་པོ་གཙོར་བྱེད་དང་། །ཆུ་བྱ་ལ་སོགས་ཉ་དང་དུད་འགྲོར་མཚུངས། ། རང་རིག་རྒྱུད་ལ་ཐ་སྙད་འཇལ་བྱེད་དང་། །ཕྱི་ནང་གཞིགས་ནས་རང་བཞིན་མེད་འདོད་ན། །འཇིག་རྟེན་ཅ་ཅོ་ཡིན་མོད་ཁྱད་མེད་མཚུངས། །བདེན་དང་རྟེན་འབྲེལ་སྒོ་ནས་ཐར་འདོད་དང་། །དབང་པོ་བསྡམས་པས་ཐར་ལམ་འདྲེན་འདོད་དང་། །བྱིས་པ་ཆང་པ་སྟོང་ པས་འབྲིད་དགའ་སྟེ། །དེས་ན་བྱ་བ་བྱེད་འདོད་ཐར་མེད་བརྫུན་གྱིས་བསླུས། །གྲངས་ཅན་རིགས་སོགས་གཅེར་བུ་བྱེ་བྲག་འདོད། །བྱེད་དང་རྒྱུར་ལྟ་ལ་སོགས་གྱི་ན་འཁྱམ། །ཀྱེ་ཧོ་དེ་ནས་འཁོར་བ་ཇི་ལྟར་གཏང་བར་འགྱུར། །རྒྱུ་རྐྱེན་མེད་པས་རྟོགས་ཡུལ་མ་ཡིན་ པའི། །སེམས་ཀྱི་དེ་ཉིད་ཕྱག་རྒྱ་ཆེ་ལ་གནས། །དེ་ཉིད་སྟོབས་ཀྱི་མཚན་མ་དང་བྲལ་ཞིང་། །ཚེ་གཅིག་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར། །ཀྱེ་ཧོ་ངོ་མཚར་གསང་བའི་སྤྱོད་ཡུལ་འདི། །སྨན་པའི་རྒྱལ་པོ་རྟོགས་ལས་སྐྱེ་མེད་འཆར། །ཡེ་ཤེས་ལྔ་སོགས་མཚན་ཉིད་རང་ ལ་ལྡན། །དང་པོའི་ལས་ཅན་རིགས་ཀྱིས་ཁོ་ན་མཐོང་། །མཚན་མ་ལ་བརྟེན་དྲན་པས་གཡེང་བའི་རྒྱུ། །ཁོ་ན་ཉིད་ལ་ཕྱི་རོལ་མ་དམིགས་ན། །མཚན་མའི་སྤྱོད་ཡུལ་དྲན་མེད་ངང་ལ་ཐིམ། །མཚན་མའི་རྣལ་འབྱོར་ཁམས་གསུམ་འཁོར་བའི་ལམ། །མཚན་ མའི་དངོས་པོ་བག་མེད་ས་བོན་བཅས། །དྲན་མེད་རྣལ་འབྱོར་ནམ་མཁའི་དཀྱིལ་དང་མཚུངས། །སོ་སོར་མེད་ན་ངོ་བོ་མ་སྐྱེས་ཕྱིར། །སྐྱེ་བོ་གཞན་གྱི་བློ་ཡི་སྤྱོད་ཡུལ་མིན། །དེ་ཉིད་ལྟ་ལ་མཁས་པས་སྤྱད་བྱར་འབྱུང་། །དྲན་པ་རྣམ་རྟོག་གཟུགས་སུ་གནས་པ་ དང་། །དྲན་མེད་ཁམས་གསུམ་དག་པའི་གནས་སུ་སྤངས། །དེ་ཉིད་མ་སྐྱེས་དངོས་གྲུབ་ཀུན་གྱི་གནས། །ཕྱི་དང་ནང་རོལ་མ་དམིགས་ཐམས་ཅད་འགྲུབ། །ཀྱེ་ཧོ་ཕྱག་རྒྱ་ཆེན་པོ་ཡོན་ཏན་མཆོག་ལྡན་གང་། །བླ་མ་མཉེས་པར་བྱ་ཕྱིར་དངོས་གྲུབ་ཀུན་གྱི་གཞི། །བླ་མ་ དཀོན་མཆོག་མི་སྤོང་ཡོན་ཏན་འབྱུང་། །གང་ཞིག་དད་པའི་སེམས་ལྡན་བརྒྱ་ལམ་ན། །རྣལ་འབྱོར་རྣམས་ཀྱིས་གཞུང་འདི་རྟོགས་པར་ཤོག །གསུང་གི་མཛོད་འཇམ་དབྱངས་རྡོ་རྗེའི་གླུ་ས་ར་ཧས་གསུངས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙིཏྟ་ ཀོ་ཥ་ཨ་བཛྲ་གཱི་ཏི། བོད་སྐད་དུ། ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ། འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །སྐྱེ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །རང་གི་ཉམས་སུ་མྱོང་བ་དེ་ཁོ་ན། །རིག་དང་མ་རིག་རང་རིག་གསལ་བ་དེ་ཁོ་ན། །མར་མེ་མུན་གསལ་ རང་གི་རང་གསལ་རང་ལ་སད། །འདམ་གྱི་པདྨ་འདམ་ལ་མ་ཞེན་ཁ་དོག་ལེགས། །གཟུང་འཛིན་དྲི་མ་མ་སྤངས་སྙིང་པོ་གསལ། །ནགས་ཁྲོད་གནས་པའི་རི་དགས་གཅིག་པུར་རྒྱུ། །རྒྱུ་ལ་མ་ཞེན་འབྲས་བུ་དེ་ཁོ་ན། །སྣང་དང་མི་སྣང་ཡུལ་མེད་ཞེན་མེད་གསལ། ། དངོས་སྟོང་མ་དྲན་དྲན་མེད་བརྗེད་པ་མེད། །ལྷན་ཅིག་སྐྱེས་པ་རྣམ་གསུམ་ཉམས་སུ་བདེ། །ཞེན་པ་མེད་ཕྱིར་རྟོག་གེའི་ཡུལ་ལས་འདས། །སྣ་ཚོགས་དྲན་ཕྱིར་རྗེས་སུ་འབྲང་བ་མེད། །གསལ་དང་མི་མཉམ་ཡེ་ཤེས་སྙིང་པོ་ཉིད། །མུན་སེལ་ཉི་མ་སྒྲོན་མེའི་ཁ་དོག་ ལྟར། །རང་རིག་རང་ལ་འབར་ན་འཛིན་རྟོག་ཟད། །སྒྲིབ་པ་ཟད་ཕྱིར་དྲན་མེད་ཡེངས་པ་མེད། །གཉིས་དང་ཡོད་མེད་ཐ་སྙད་མ་སྐྱེད་ཅིག །ཕྱག་རྒྱ་ཆེན་པོ་བསམ་མེད་བློ་ལས་འདས། །རང་རིག་རྡོ་རྗེ་འཛིན་པ་རྣལ་འབྱོར་པ། །འདའ་དཀའ་ལྷན་ ཅིག་སྐྱེས་པའི་མར་མེ་ནི། །ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་དོན། །སྐྱེ་མེད་སྟོང་པ་འོད་གསལ་རིས་དང་བྲལ། །ཁྱད་པར་ཅན་གྱི་ཡེ་ཤེས་ཁོ་ན་ཉིད། །གཉིས་ལ་མི་ལྟོས་བདེ་བ་རྒྱུན་མི་འཆད། །རང་འབྱུང་རྟོག་མེད་བག་ཆགས་རྩད་ནས་གཅོད། །སེམས་ཅན་ སངས་རྒྱས་ཁྱད་པར་བསམ་ཡས་ཀྱང་། །སྤྱོད་ལམ་དག་ན་རྒྱུན་གྱི་རྣལ་འབྱོར་ཆེ། །དྲན་པའི་རང་བཞིན་བསམ་གྱིས་མི་ཁྱབ་ཀྱང་། །གདོད་ནས་དག་པས་དྲན་མེད་དབྱིངས་ལ་ཐིམ། །རང་དོན་སྐྱེ་མེད་གཉིས་བྲལ་རྟོགས་པའི་དོན། །འབྲས་བུ་དག་པས་བློ་འདས་ཡུལ་མེད་ བྲལ། །རྟོགས་པའི་ཐབས་རྒྱུན་རང་བཞིན་ཀུན་ལ་ཁྱབ། །ཐབས་ཀྱི་འགྲོ་དོན་སྙིང་རྗེ་བསམ་ཡས་ཀྱང་། །ཡེ་ཤེས་རང་བཞིན་སྐྱེ་འགག་མེད་པར་རྟོགས། །ཐབས་ཀྱི་བདེ་བ་སྐྱེས་ཀྱང་དེ་མེད་མ་ཟིན་འཆིང་། །གྲོལ་བའི་ཡེ་ཤེས་རང་ལ་ལྷན་ཅིག་འབྱུང་། །བསྒོམ་བྱ་སྒོམ་ བྱེད་དམིགས་པའི་བློ་ལས་འདས། །སངས་རྒྱས་སེམས་ཅན་བསམ་གྱིས་མི་ཁྱབ་པ། །སྐྱེ་མེད་རྟོགས་པའི་ཡུལ་ན་བློར་མི་སྣང་། །དེ་ཉིད་སད་པས་བདེ་བ་སྟོང་པས་མཚོན། །བསྒོམ་བྱའི་ངོ་བོ་སྣང་བའི་རྐྱེན་ལས་བྱུང་། །མི་རྟོག་རྟོགས་པས་ཀུན་རྫོབ་ཐ་སྙད་འགྲུབ། ། གཉིས་སུ་མེད་པའི་སྣང་བ་རྐྱེན་མེད་ལ། །རང་བཞིན་དག་པ་སྐྱེ་བའི་རྣམ་འཕྲུལ་ཤར། །བྲལ་དང་མ་བྲལ་མི་རྟོག་བློ་ལས་འདས། །གཉིས་མེད་རྟོགས་བྱར་སྐྱེ་མེད་ཡུལ་དུ་འགྱུར། །སྟོང་པར་སྨྲ་བས་དེ་ཉིད་རྟོགས་མི་འགྱུར། །བློ་ལས་འདས་པས་མནོ་བསམ་ཡུལ་མ་ཡིན། ། མཐའ་གསུམ་རྟག་འདོད་དག་གིས་རྙེད་པར་དཀའ། །དགའ་བཞི་དག་ལ་དམིགས་ཀྱང་དེ་ཉིད་དཀའ། །ཚོགས་དྲུག་རང་ཆས་ཡེ་ཤེས་མཆོག་ལྡན་པས། །གཉིས་མེད་བཅུད་ཀྱི་སྣང་བ་རང་ལ་འཆད། །ཀྱེ་ཧོ་ཕྱག་རྒྱ་ཆེན་པོ་རྟོགས་བྲལ་ཀུན་གྱི་གཞི། །དངོས་གྲུབ་འབྱུང་ བས་ངོ་མཚར་རྨད་དུ་ཆེ། །གཉིས་མེད་བག་ཆགས་སད་ནས་རང་རིག་བྲལ། །གཟུང་འཛིན་བྲལ་བའི་ཕྱག་རྒྱ་ཆེན་པོ་ནི། །མཚན་ཉིད་བསྟན་པས་ཉན་ཐོས་ལ་སོགས་སྐྲག །རྩེ་གཅིག་བལྟས་ན་ཡོན་ཏན་མཐར་ཐུག་ལྡན། །རྩེ་གཅིག་བྱས་ཀྱང་ཅུང་ཟད་བསྒོམ་དུ་མེད། ། རྣམ་རྟོག་རང་འབར་དྲན་མེད་གསོས་སུ་ཞི། །དྲན་མེད་སྣང་མེད་མེ་ལོང་གཟུགས་བརྙན་འདྲ། །ཐ་སྙད་བྲལ་བས་སྐྱེ་མེད་བློ་འདས་ལམ། །མཚན་མའི་དྲན་པ་དྲི་མེད་བག་ཆགས་བསྟན། །ཐོག་མཐའ་བྲལ་ཞིང་སྔ་ཕྱིའི་དུས་མི་དམིགས། །ཀྱེ་ཧོ་དེ་ཕྱིར་དངོས་མེད་ཡེ་ ཤེས་རྟོགས་པའི་ལམ། །ཇི་ལྟར་བག་ཆགས་བྲལ་བའི་ཚུལ་ཞེ་ན། །གཉིས་སུ་མ་གཟུང་གདོད་མཐའ་བྲལ་བས་ཞི། །བག་ཆགས་བྲལ་བས་ཕྱོགས་མེད་རྒྱུ་བ་སྟོང་། །ཟུང་དུ་འཇུག་པ་སངས་རྒྱས་ངོ་བོ་ཉིད། །ཤེས་རབ་རྣམ་གསུམ་ཡུལ་དང་ཐབས་སུ་གསུངས། །དཔེ་ དང་བྲལ་བས་མཚོན་པའི་ཡུལ་ལས་འདས། །སྐྱེ་བ་འདི་ལ་དམ་པའི་སྙིང་པོ་མིན། །ཐབས་ཀྱི་སྦྱོར་བས་ཚོགས་དྲུག་རང་སར་ཞི། །ཕུང་པོ་ལྔ་སོགས་ཡོན་ཏན་དག་པའི་ཞིང་། །ཀུན་མཁྱེན་གཉིས་མེད་སྣང་ཡུལ་ཞེན་དང་བྲལ། །དོན་དམ་སྨྲ་མེད་ཀུན་རྫོབ་རྟོག་གེ་ཙམ། ། མྱ་ངན་འདས་ལམ་འཁོར་བའི་སྣང་བ་ཉིད། །བླ་མ་དམ་པའི་དགོངས་པ་ཐུག་ཕྲད་དུ། །རྙེད་ནས་འཁོར་བའི་ལམ་ལས་གྲོལ་བར་འགྱུར། །རྣལ་འབྱོར་དགོངས་པའི་ཉམས་རྙེད་རྫོགས་སངས་རྒྱས། །མ་ནོར་ལམ་དུ་ལྷན་ཅིག་ཁོ་ན་ཡིན། །ཀྱེ་ཧོ་གཉིས་མེད་དོན་དུ་ གསང་སྔགས་བརྡ་ཡིས་བཀྲོལ། །ཡོན་ཏན་མི་ཟད་རྒྱ་མཚོ་ནོར་བུ་མཚུངས། །ཐབས་མཆོག་ཟིན་ན་བཅུ་བཞིའི་ས་ལ་གནས། །གང་དུ་གནས་ཀྱང་ཡེ་ཤེས་རང་ལས་རྙེད། །གཏེར་རྙེད་བདག་གཞན་གཉིས་ཀའི་དོན་ལ་རྨོངས། །སྙིང་གི་གའུ་པདྨའི་མེ་ཏོག་དཀྱིལ། ། ཐབས་དང་ལྡན་པ་སྦྱོར་བ་དེ་ནས་འགྱེད། །འཁོར་ལོའི་ཕྱོགས་ཀྱི་རྩ་གནས་གང་དུ་ཡང་། །འདོད་དང་བྲལ་བས་ཆགས་མེད་ནམ་མཁའ་ལ། །གྱེན་ཐུར་འདྲེན་དང་འཁོར་ལོ་བསྐོར་བ་ཡང་། །ཐབས་ཀྱི་འདྲེན་ཚུལ་དོན་གྱི་གཏིང་མི་རྙེད། །གཟུང་དང་འཕང་དང་སྦྱར་ དང་སྤར་བ་ཡང་། །བླུན་པོ་དབུགས་མི་བདེ་དང་ཁྱད་མེད་མཚུངས། །རྟོགས་པར་འདོད་པས་དེ་ཉིད་རྟག་ཏུ་བལྟ། །གུས་དང་དང་བས་བླ་མ་དཀོན་མཆོག་བརྟེན། །གསང་བའི་ཡོན་ཏན་བླ་མ་མཆོག་ལས་འབྱུང་། །དོན་ལྡན་མཚན་ཉིད་ཉོན་མོངས་ གཡུལ་ལས་རྒྱལ། །གསང་བའི་དོན་ཉིད་དོན་དང་རབ་ལྡན་པའི། །བླ་མ་སློབ་དཔོན་ལུང་དང་རབ་ལྡན་ནས། །མི་གཉིས་སྒོ་ནས་འགྲོ་བ་གྲོལ་འགྱུར་ཤོག །ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ་སྙིང་པོ་གསང་བའི་དོན། དཔལ་ས་ར་ཧ་པའི་ཞལ་ནས་གསུངས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀཱ་ཡ་བཱཀ་ཙིཏྟ་ཨ་མ་ན་སི་ཀ་ར་ནཱ་མ། བོད་སྐད་དུ། སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པ་ཞེས་བྱ་བ། མཚན་མ་རབ་ཏུ་མི་གནས་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །གང་ཞིག་སྐུ་ཡི་ཁྱད་པར་བདུད་བཞི་རབ་ཏུ་འཇོམས་ མཛད་ཅིང་། །རྣལ་འབྱོར་རྣམ་པར་གྲོལ་བས་མཛད་པ་གང་གིས་ནི། །འདོད་པའི་དོན་ནི་ཡང་དག་སྦྱིན་པར་གང་འགྱུར་བ། །འགྲོ་ལ་བྱམས་པའི་ཆ་ལུགས་མཆོག་གི་དོན་སྟོན་པ། །དོན་དམ་རབ་ཏུ་མི་གནས་དགོངས་པ་རྒྱལ་བའི་ཐུགས། །གང་གི་སེམས་ལ་འདི་ཀུན་ བསམ་དུ་མེད་དོ་ཀྱེ། །ཁྱོད་ནི་ཕྲིན་ལས་ཡན་ལག་མང་པོ་སྟོན་མཛད་ཅིང་། །དགྱེས་ཤིང་ནམ་མཁའི་ཁམས་ཀུན་ཐམས་ཅད་འགེངས་པར་བྱེད། །གསུང་མཆོག་ཡན་ལག་དྲུག་ཅུས་སྒྲ་སྐད་སྣ་ཚོགས་སྒྲོགས། །ཐུགས་ཀྱི་ཁྱད་པར་དགོངས་པ་དབྱིངས་ལས་མི་བསྐྱོད་ཀྱང་། ། ཐམས་ཅད་ཚིམ་ཞིང་མགུ་ནས་རབ་ཏུ་བསྟོད་པར་བྱེད། །བྱམས་དང་སྙིང་རྗེའི་གདུགས་ཀྱི་དཀྱིལ་འཁོར་གསལ་བར་སྟོན། །མ་ཧཱ་དེ་བ་ཨུ་མ་དེ་བ་རབ་ཏུ་འཇོམས་པར་བྱེད། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀུན་གྱི་བདག་ཉིད་དེ། །ཐར་པའི་སྒོ་ནི་རྣལ་འབྱོར་རྣམས་ཀྱི་ ལམ་འདི་ཉིད། །གང་ཡང་གཙོ་མཆོག་ལྡན་པའི་སྦྱོར་བ་དག་གིས་རབ་ཏུ་མི་དབྱེ་བར། །རྣལ་འབྱོར་ཆེན་པོ་ཐ་མི་དད་པ་ཡིན། །གང་གིས་དེ་ནི་མི་ཤེས་པའི། །དྲི་མའི་ཚུལ་གྱིས་གང་ཡང་མཐོང་བ་མེད། །གང་གིས་དེ་ཀུན་འཆང་བར་བྱེད་པ་དེ་ཡིས་ནི། །གཟི་མདངས་ གཉིས་ལས་བརྟེན་ཏེ་ལས་ཀུན་སྟོན་པར་བྱེད། །བདག་མེད་རོ་གཅིག་ཁྱབ་པར་བྱེད་པའི་གཟུགས་ལྡན་ནི། །འདི་ན་མི་གནས་ཀུན་ཀྱང་འགྲོ་བར་བྱེད། །སྔགས་དང་མདོ་སྡེ་ཀུན་གྱི་རྒྱལ་པོར་དབང་བསྐུར་བས། །འདི་དག་ཀུན་གྱི་རྩ་བ་ཡིད་ལ་མི་བྱེད་པར། །ཁྱེད་ཀྱིས་ གཅིག་དང་གཉིས་ལ་མ་སེམས་ཀྱེ། །ཀུན་རྫོབ་དྲན་པའི་ཆོ་འཕྲུལ་སྣ་ཚོགས་པར་སྟོན་པ། །དོན་དམ་མི་དམིགས་པ་ཡི་དབྱིངས་སུ་རོ་གཅིག་ཉིད། །དུག་ལྔ་ལ་སོགས་ནད་ཀྱིས་ཉེན་པའི་མུན་པ་སེལ། །ཐོག་མའི་མཐའ་དང་ཐ་མའི་དངོས་གཞི་མ་མཐོང་བར། །འདུས་ མ་བྱས་ལ་ཡིད་ཀྱི་དམིགས་སུ་མེད་དོ་ཀྱེ། །གཟུང་འཛིན་གཉིས་ཀྱི་བར་ན་མིང་དང་བྲལ་འདུག་པ། །ཡན་ལག་ལོག་ན་གཅིག་གི་ངོ་བོ་ཉིད། །ཤེས་པར་བྱ་དང་བྱའོ་ཅོག་གི་ཐ་སྙད་ཀུན། །འདི་ལས་གཞན་དུ་ལྟ་བ་མཚན་མས་མྱོང་བར་འགྱུར། །སྒྲ་གཅན་ཟིན་གྱིས་ཟླ་ བ་ཟོས་པ་ཇི་བཞིན་ཏེ། །མ་མཐོང་བ་ཉིད་བྱིས་དང་བར་ནས་ཤོར་བར་འགྱུར། །ཡེངས་དང་གནས་པའི་བར་ན་ངོ་བོ་འདི་ཞེས་མེད། །རྒྱུ་མེད་རྐྱེན་བྲལ་སྐྱེ་བ་མེད་པ་གཉིས་བར་ན། །ལོག་པར་ལྟ་བའི་ཚོགས་ཀྱིས་འདི་ལ་གཞོལ་དུ་མེད། །གི་ཝང་གུར་གུམ་ཙནྡན་ཐིག་ལེ་ བྲིས་པ་བཞིན། །ཟླ་བ་བཟང་པོ་རྒྱུ་སྐར་འོད་ཀྱིས་འགེབས་པ་ཉིད། །སྙིང་པོའི་འོད་ཀྱིས་ཡན་ལག་ཟིལ་གྱིས་གནོན་པར་འགྱུར། །འདི་ནས་འདི་རུ་ཟད་ཅེས་འདི་བྱུང་བརྟག་དཀའ་ཉིད། །གང་གིས་ནམ་མཁའ་དག་ལ་ལོངས་སྤྱོད་པའི། །འདོད་པའི་ཡོན་ཏན་འདི་ལ་ འཕེལ་འགྲིབ་མེད་པར་འབྱུང་། །གང་ཞིག་ནོར་བུ་དྲི་མ་མེད་པ་འཆང་བ་ཡི། །སེམས་ཀྱི་ཡོན་ཏན་གཏེར་ཆེན་འདི་ལས་འབྱུང་འགྱུར་ཏེ། །མཐོང་བ་མེད་པའི་ཚུལ་གྱིས་རྟག་ཏུ་བལྟ་བ་ཉིད། །ཆོས་ཉིད་མཚོན་པའི་ངོ་བོ་འདི་ཞེས་འདས་འགྱུར་བ། །བློ་མཆོག་རྣམས་ཀྱིས་ ཀྱང་ནི་ཕིགས་པར་ནུས་མ་ཡིན། །གཉིས་མེད་ཚུལ་གྱིས་དེ་བཞིན་གཤེགས་གང་ཉིད། །འདི་ནས་སོང་བ་གང་ཡང་མེད་པར་ཤེས་པ་དེ། །འདི་ནི་མི་གནས་གང་ནའང་གནས་པ་མེད། །ཡུལ་མེད་འདི་ལ་རྟག་ཏུ་ལྟ་བ་དང་བྲལ་ཉིད། །འདི་ནས་གང་དུ་འགྲོ་བའི་ཕྱོགས་མཚམས་ དེ་ཀུན་ན། །འཇིགས་པར་བྱེད་པའི་སྒྲ་ཡིས་མ་ཁྱེར་བར། །ཅི་བདེ་བ་དང་ལྷན་ཅིག་དག་ཏུ་བྱོས། །ཀྱེ་ཧོ་གྲོགས་དག་འདི་ལ་སེམས་གཉིས་ཡོད་དེ་མེད་ཀྱི་བརྟག་པ་ཀུན། །རྣམ་རྟོག་རླུང་གིས་བསྐྱོད་དེ་སྨྱོན་པའི་ཚིག་ཏུ་འགྱུར། །སྨྱོ་བར་གྱུར་ནས་རྒྱ་མཚོར་ ལྷུང་བ་ཉིད། །ཚངས་པ་རྡུལ་དང་མཚན་མའི་མུན་པ་དག་དང་མ་བྲལ་བ། །དེ་ཉིད་གཉིས་བྲལ་རྟོགས་པར་འདོད་པ་དང་། །རྒྱ་མཚོ་ས་དང་གཤག་མར་ནོར་བུ་འགྱུར་མཐོང་ཉིད། །བརྟུལ་ཞུགས་མྱ་ངན་འདའ་བའི་སྤྱོད་པ་གང་བྱེད་པ། །འདི་ནི་མི་ཤེས་དེ་འདྲར་སྟོན་པར་ བྱེད། །བདེན་པ་གཉིས་བྲལ་སྒྲོ་སྐུར་མེད་པའི་གཉུག་མ་གང་། །གང་དུ་མཐོང་བ་མེད་པ་དེ་ཡིན་ཏེ། །ངེས་པར་གྲུབ་ཅིང་འདི་ལ་རང་བཞིན་མེད་པར་འགྱུར། །གང་གིས་མ་མཐོང་བ་ལས་དེ་ནི་རྒྱལ་བར་འགྱུར། །ཐེག་པ་གསུམ་གྱིས་མྱ་ངན་འདས་སྟོན་པ། །འདི་རུ་མ་ཤེས་ དེ་ཉིད་མཐོང་བ་མེད། །རྣམ་གྲོལ་ལམ་སྟོན་བྱེ་བྲག་གང་དུའང་ཕྱེ་བ་མེད་པ་དེ། །བྱིས་པ་རྣམས་ཀྱིས་ཤེས་པར་འགྱུར་མ་ཡིན། །གང་ཞིག་འདོད་ཆགས་བྲལ་བ་རྟོགས་པར་འདོད་པ་དེ། །སྡུག་བསྔལ་གསུམ་མམ་བརྒྱད་ལ་སོགས་པ་ཀུན་སྤངས་ཉིད། །བདེན་པ་གཉིས་ ལས་མི་འདའ་ཐབས་ཚུལ་སྣ་ཚོགས་ཀྱིས། །འགྲོ་བའི་དོན་མཛད་འོད་ཟེར་གཡས་གཡོན་རབ་ཏུ་འགྱེད། །བུམ་རིལ་ཁ་སྦུབ་མ་དག་པ་ཉིད་དག་སྟོན་པ། །ཚང་ཚིང་འབྲེལ་བའི་ཡུལ་དྲུག་ལ་སོགས་རབ་ཏུ་འཇོམས། །ཐམས་ཅད་མཁྱེན་ལྡན་སུས་ཀྱང་མཐོང་བ་མེད་པ་ དེ། །གྲགས་པ་ལ་སོགས་ཀུན་གྱིས་བསྟོད་དང་བསྐྱོད་པ་མེད། །ཀྱེ་ཧོ་འདི་ལྟར་གནས་ན་ཀུན་གྱིས་ཤེས་འགྱུར་ཏེ། །ཐོག་མཐའ་མེད་ནས་སྲིད་པའི་རྒྱ་མཚོ་གཡེངས་འགྱུར་བ། །སྡུག་བསྔལ་ཉིད་ཀྱི་རྩ་བ་འདི་རུ་བྱས། །འདི་ལ་ཤེས་དང་ཉོན་མོངས་ལ་སོགས་པའི། །དྲི་ མས་མ་གོས་འདམ་གྱི་པདྨ་བཞིན། །ཁ་དོག་མ་འདྲེས་ཡུལ་ལ་སོ་སོར་སྣང་། །སྒྱུ་མར་རྟོགས་ཙམ་གར་མཁན་མིག་འཕྲུལ་བཞིན། །འདུ་བྱེད་སྣ་ཚོགས་གང་ལ་བསགས་པ་དེ། །གློ་བུར་རྟེན་འབྲེལ་དག་ལས་གོམས་པའི་སྟོབས། །འདི་གོམས་གང་ཡང་ཤེས་པར་མི་ འགྱུར་ཏེ། །མ་གོམས་པས་ན་ཐམས་ཅད་ཤེས་པར་འགྱུར། །འདྲེས་པའི་ཆོས་ནི་གང་ཡང་གནས་པར་མི་བྱེད་དོ། །སྐུ་གསུང་ཐུགས་དང་ཕྱག་རྒྱ་ལ་སོགས་རིམ་པ་ཀུན། །འདི་ལ་སྐད་ཅིག་ཙམ་དུ་རྟོགས་པར་མ་བྱེད་ཅིག །འཇིག་རྟེན་བསྟན་བཅོས་དག་དང་གླེགས་བམ་ གྱིས། །གསུང་གི་བདག་ཉིད་བརྗོད་པར་བྱ་བ་མིན། །ཉི་མ་ཟླ་བ་གཉིས་སུ་གནས་འགྱུར་བ། །དེ་དང་གཅིག་ཏུ་འདྲེས་པར་གྱུར་ནས་ནི། །གང་གིས་གང་སྤྱོད་དེ་ཡིས་རབ་ཏུ་བརྒྱན། །སྐྱེ་བ་མེད་པའི་རྣམ་པར་ངེས་བརྗོད་པའི། །དབུས་སུ་བརྗོད་པས་མཐའ་རྣམས་རབ་ཏུ་ སྤངས། །ཇི་ལྟར་བསྟན་པས་གོ་བར་མི་འགྱུར་བའི། །འཇིག་རྟེན་ཁམས་སུ་གཏན་འཁྱམས་རིགས་ཆད་དེ། །བག་ཆགས་ལས་ཀྱིས་མནར་བ་མ་ཚོར་བས། །ཆོས་ཉིད་དྲི་མ་མེད་པའི་དོན་མི་མཐོང་། །གང་ཡང་འདི་དང་བྲལ་བ་མེད་པ་དེ། །དྲན་འཛིན་ལུས་ལས་མྱུར་ དུ་སྐད་ཅིག་གྲོལ། །རྡོ་རྗེའི་སེམས་ནི་ཡོངས་སུ་བརྟག་དཀའ་བ། །སེམས་ལ་སེམས་སུ་མ་མཐོང་རོ་སྙོམས་ནས། །ཕྱི་ནང་བསམ་གཏན་རྩེ་མོས་བརྟགས་པས་སྟོང་། །རྣལ་མའི་དོན་ལ་གནས་པའི་རྣལ་འབྱོར་ནི། །ཡེ་ཤེས་ཤེས་རབ་གསང་བའི་དབྱིངས་ལ་རྫོགས། །རང་ གིས་མ་མཐོང་མཚན་ཉིད་ཀུན་ལྡན་པ། །ཞེས་ནི་བསྔགས་པ་བརྗོད་འགྱུར་བའི། །དྲན་མེད་མཉམ་པའི་དབྱིངས་ལ་སྐུར་གསལ་མོས་པ་མེད་པར་སྤྱོད། །ཐུགས་རྗེས་མི་གཟིགས་སྐུ་གསུང་ཐུགས་ཀྱིས་མ་གོས་པ། །གཉིས་སུ་མ་མཐོང་གསུམ་གྱི་དྲི་མ་བྲལ། །སྣ་ཚོགས་བར་སྣང་ གང་ལ་ངོས་གཟུང་མེད་པ་སྟེ། །ལུས་ངག་ཡིད་གསུམ་འབད་པའི་རྩོལ་བས་གདུང་བར་མ་བྱེད་ཅིག །ངས་ནི་རྡོ་རྗེའི་གླུ་དང་ལོང་གཏམ་རྒྱོབ་སོད་དང་། །འགྲོ་བ་ཀུན་གྱིས་ཤེས་པ་དག་དང་གར་བདེར་སྤྱོད། །མི་སྒྲིམ་མི་ལྟ་མི་སྤྱོད་འདི་དང་འབྲལ་མ་མྱོང་། །ཡེ་ནས་མ་བཅོས་ ཐམས་ཅད་འབྱུང་འཇུག་གོ་འཕང་ཡང་། །ཀྱེ་ཧོ་སྣ་ཚོགས་གང་ཡང་རུང་བ་འདི་ལ་བསམ་པའི་སེམས་བྲལ་བས། །ཡིད་ཀྱི་རྟོག་པ་སྣ་ཚོགས་འདི་ནི་དྲན་པའི་སེམས་ཡིན་ཏེ། །གང་ཡང་གཟུགས་དང་རྩ་བ་མེད་པ་དག་ལས་སྐྱེས་པ་ཡིན། །ཐ་མལ་ཤེས་པ་མ་བཟུང་བདེ་ཆེན་རྒྱལ་པོ་ ཉིད། །མཚན་ཉིད་ཅིར་ཡང་མ་མཐོང་ཕྱོགས་ཆ་ཀུན་དང་བྲལ། །འཁྲུལ་པས་བརྟགས་པའི་བསམ་བརྗོད་འདི་ནི་གློ་བུར་ཏེ། །བློ་ལས་བྱུང་ཕྱིར་བློ་ཡིས་བསྒོམ་དུ་ག་ལ་ཡོད། །གང་ལ་ཡན་ལག་མེད་པ་དེ་ཉིད་ཀུན་གྱི་ཁྱིམ་དུ་ལྟུང་བར་འགྱུར། །གོ་བའི་ཚེ་ན་ ཅི་ཡང་མེད་པ་སྟེ། །དངོས་ཀུན་ཅི་ཡང་གསལ་བ་མཐོང་བ་མེད། །གང་ལ་མྱ་ངན་འདས་དང་སྲིད་པ་ཁ་སྦྱོར་བ། །གཉིས་སུ་སྣང་བ་ཁྱོད་ལ་རྟེན་དང་འབྱུང་བར་འགྱུར་བ་ཡིན། །རྒྱལ་བ་ལ་སོགས་ཀུན་དུ་སྤྲུལ་པ་སྣ་ཚོགས་སྟོན་མཛད་པ། །དག་པའི་རིགས་རྣམས་ཀུན་ལ་ཁྱོད་ཀྱིས་སྤྱོད། །མི་བསམ་ཐུགས་རྗེ་རང་འབྱུང་ སྤྲུལ་པ་ནི། །ནོར་བུ་རིན་ཆེན་ལྟ་བུར་འཕེལ་འགྲིབ་མེད་པར་འབྱུང་། །དངོས་པོ་མེད་པས་ནམས་ཀྱང་རྟོགས་མིན་པས། །