Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 52
Văn bản gốc(Tây Tạng)
Trang 6 / 19 (50.000 ký tự/trang)
ེ་ལས་གཞན་ལྷན་ཅིག་སྐྱེས་པ་སྙིང་ལ་ཞེན་པ་བཟླས་སུ་མ་བཏུབ་པས་ན། གཞོན་ནུ་མའི་བདེ་བ་སྙིང་ལ་ཞེན་པ་བཞིན། །དོན་དམ་པའི་ལྷན་ ཅིག་སྐྱེས་པ་དེ་ཡང་ཆོས་རྣམས་ཀྱི་གཞིར་གྱུར་པ་བློས་མི་རེག་པས། བློས་གཞག་པ་རྣམས་ཀྱི་སྙིང་ལ་ཟིལ་གྱིས་མནན་ནས་དུས་གསུམ་དང་ཁམས་གསུམ་དབང་དུ་སྒྱུར་བ་དེ་ནི་སུའི་བློས་ཀྱང་མྱོང་དུ་མེད་པས། དབང་ཕྱུག་དམ་པ་དེ་ནི་སུ་ལ་བསྟན་ནུས་སམ། ། དེ་ཡང་དངོས་པོ་སེམས་ལས་བྱུང་བའི་དྲན་པའི་རྣམ་པ་དེ་ལྟ་བུ་ཅིག་མེད་ན་ནི། དངོས་པོ་མེད་པ་དྲན་པ་མེད་ལ་ཉམས་མྱོང་བ་སུས་ཀྱང་རྟོགས་པར་མི་འགྱུར་རོ། །དཔེར་ན་ནམ་མཁའ་ལས་སྣ་ཚོགས་ཀྱི་གོ་བདེ་བར་བྱེད་པ་མ་ཡིན་ན་ནི། ནམ་མཁའ་ཡངས་པ་ཞེས་ རྟོགས་པར་མི་འགྱུར་རོ། །དེ་བཞིན་དུ་སེམས་ལས་བྱུང་བ་དྲན་པ་འདི་མེད་ན་ནི། སེམས་ཀྱི་དྲན་མེད་ཉམས་སུ་མྱོང་བ་སུས་ཀྱང་རྟོགས་པར་མི་འགྱུར་རོ། །དེ་བས་ན་སེམས་ལས་བྱུང་བའི་དྲན་པའི་དངོས་པོ་དང་། སེམས་དེ་རྐྱེན་མེད་ན་དྲན་མེད་པས་དངོས་པོ་ མེད་པ་དེ་གཉིས་སྐྱེ་བ་མེད་པ་ལ་ཐིམ་པས། དངོས་དང་དངོས་མེད་ཡོངས་སུ་བཅད་པ་དང་། །ཡིད་ལ་བྱས་པའི་ཆོས་ཐམས་ཅད་ནི་མི་བརྟན་པ་དང་གཡོ་བའི་རང་བཞིན་ཅན་ཡིན་པས། དེར་ནི་འགྲོ་བ་མ་ལུས་རབ་ཐིམ་འགྱུར། །ཡིད་ལ་བྱས་པའི་ཆོས་ཐམས་ ཅད་ནི་མི་རྟག་པ་དང་གཡོ་བའི་རང་བཞིན་ཅན་ཡིན་པས། གང་གི་ཚེ་ན་ཡིད་བཞིན་ལ་མ་བྱས་པའི་དོན་རྟོགས་པའི་དུས་དེར། གང་ཚེ་ཡིད་ནི་མི་གཡོ་རང་གནས་བརྟན་པ་དེར། །འཁོར་བ་འཁོར་མོད། འཁོར་བ་ནི་ཡིད་ལ་བྱས་པའི་རྣམ་པར་རྟོག་པ་མཁྲེགས་ཤིང་ བརྟན་པ་ལས་ཡིན་གྱི། འོ་ན་སྟོང་པ་ཉིད་ཡིད་ལ་བྱས་ན་ཐར་པ་ཐོབ་ཟེར་བ་ལ། སྟོང་པ་ཉིད་ཡིད་ལ་བྱས་པས་སྐྱེ་མཆེད་བཞི་ལ་སྐྱེ་བར་འགྱུར་གྱི། ཡིད་ལ་མ་བྱས་པའི་དུས་གསུམ་མཉམ་པ་ཉིད་ཡིན་པས། འཁོར་བར་འཁོར་བའི་དངོས་པོ་མེད་པས་རང་གྲོལ་བ་ན། སྦྲུལ་གྱི་ཕུང་པོའི་ནང་དུ་རྐང་པ་ཆུད་པ་དེ་མ་འགྱུར་བར་བསྡད་ན་རང་གྲོལ་བ་བཞིན་དུ། བླ་མའི་མན་ངག་གིས་གཉུག་མ་མ་བཅོས་པའི་དོན་རྟོགས་ན། དྲན་པ་རང་གྲོལ་བས་ན། དེ་ཚེ་འཁོར་བའི་དངོས་པོ་ལས་ནི་རང་གྲོལ་འགྱུར། །སེམས་དང་སེམས་ལས་བྱུང་བ་ ལས་ནི་བདག་དང་བདག་གིར་བགྱི་བ་ཡོད་ཀྱི། དེ་དག་གི་དངོས་པོ་ཡང་དག་པར་མ་གྲུབ་པའོ། །དོན་དམ་པར་ནི་བདག་གི་དོན་དུ་སངས་རྒྱས་མ་གྲུབ་པས། གང་ཚེ་བདག་གཞན་ཡོངས་སུ་ཤེས་ན་སེམས་ལས་བྱུང་བའི་དྲན་པ་ནི་ཡལ་བ་སྤྲུལ་སྐུ་བླ་ན་མེད་པའི་ལུས་ དང་། དེ་ཉིད་ལ་སྐྱེ་འགག་མེད་པ་ལོངས་སྤྱོད་རྫོགས་པ་བླ་ན་མེད་པའི་ལུས་དང་། དེ་ཉིད་གང་གིས་ཀྱང་བློས་གཞག་ཏུ་མི་བཏུབ་པ། ཆོས་སྐུ་བླ་མེད་ལུས་ཐོབ་པས། །དེ་ཚེ་བླ་མེད་ལུས་ནི་ཐོབ་པར་འགྱུར།། །།ད་ནི་སེམས་དང་སེམས་ལས་བྱུང་བའི་འདམ་ གྱིས་མ་གོས་པ་ཨུཏྤ་ལའི་འདབ་མའི་དཔེས་བསྟན་པར་བྱའོ། །དེ་གང་ཞེ་ན། བླ་མ་དམ་པས་བརྡས་བསྟན་པའི་དུས་དང་། བརྡས་མ་མཚོན་པའི་དུས་སུ་ཤེས་པར་ཤེས་བྱ་ལས་འདས་པ་ངོ་བོ་ཉིད་ཀྱིས་འོད་གསལ་བ་དེ་ལ་འཁྲུལ་པའི་ཟུག་རྔུ་རྡུལ་ཙམ་ཡང་མེད་ པས། དེ་ལྟར་བསྟན་པ་ཉིད་ལ་ངེས་པར་མ་འཁྲུལ་པར། དེ་ཡང་གཞན་ལ་རག་མ་ལུས་པར། རང་ལ་རྒྱུན་དུ་གནས་པའི་བསམ་གཏན་དེ། ཐབས་གང་ཡང་རུང་བ་ཅིག་ལ་བརྟེན་ནས་དོན་དེ་ཉིད་དྲན་པས་མ་གོས་པའི་སྐུ་གསུམ་རང་ལ་ཡོད་ པ་དེ། རང་གིས་རང་ལ་ལེགས་པར་ཤེས་པར་བྱས་ནས་ནི། ཕྱིའི་དངོས་པོ་མ་ལུས་པ་རྫས་སུ་ཤེས་པ་མ་གྲུབ་པས་ན། རྡུལ་དང་ཕྱི་ནང་གི་དངོས་པོ་མ་ལུས་པ་རྫས་སུ་མ་གྲུབ་པས་འདོད་པ་དེ་ཉིད་དཀྱིལ་འཁོར་ལ་བསྡུས་པས་སམ། ཡི་གེའི་ཐིག་ལེ་ནཱ་ད་ལ་སེམས་ བསྡུ་བ་ནི་རྡུལ་ཕྲན་ནམ་སྟོན་ཀའི་ཉི་མ་ཕྱེད་ཀྱི་དྲི་མ་དག་པའི་ནམ་མཁའ་ལྟར་སྤྲོས་པ་དང་བྲལ་བའི་སེམས་སུ་སྨྲ་བ་ནི་སེམས་ཙམ་མམ། དེ་དག་གིས་ཀྱང་རྣལ་འབྱོར་པའི་ཇི་བཞིན་པའི་དགོངས་པ་མ་རྟོགས་པས། རྡུལ་མིན་རྡུལ་བྲལ་མ་ཡིན་སེམས་ཀྱང་མིན། ། ཡང་དག་པའི་རྣལ་འབྱོར་པའི་དགོངས་པ་ནི། སྣང་བ་དང་། སྟོང་པ་དང་། སྐྱེ་བ་མེད་པ་དང་། སེམས་ཀྱི་སྤྱོད་ཡུལ་མ་ཡིན་པས་དེ་དག་གི་དངོས་པོ་ལ་ཡང་འདས་པ་ནི་བརྗེད་པའི་ཕྱིར་ཞེན་པ་མེད། མ་འོངས་པ་ནི་མ་དྲན་པའི་ཕྱིར་ཞེན་པ་མེད། ད་ལྟར་གྱི་ཤེས་པ་ ནི་རྐྱེན་ལ་རག་ལུས་པའི་ཕྱིར་ཞེན་པ་མེད་པས། དངོས་པོ་དེ་དག་གདོད་ནས་རྟག་ཏུ་ཞེན་པ་མེད། དེ་ཡང་ལས་དང་ཉོན་མོངས་པ་དང་སྐྱེ་བའི་རྒྱུན་གྱིས་ཡིད་ཅེས་བྱ་བ་དང་། ཡིད་ལ་བྱས་པ་ཞེས་བྱ་བ་དང་། ཡིད་ལ་མ་བྱས་པ་ཞེས་བྱ་བ་ནི་མིང་ཙམ་དུ་བཏགས་ མོད་ཀྱི། བྱས་པ་ནི་མི་རྟག་ལ། མ་བྱས་པ་ནི་མིང་མེད་ལ། དཔེར་ན་མདང་གི་རྨི་ལམ་ནི་ཉམས་སུ་མྱོང་ཡང་དངོས་པོ་ཡོད་པར་མ་གྲུབ་ལ། དོ་ནུབ་ཀྱི་རྨི་ལམ་ནི་ཉམས་སུ་མ་མྱོང་ཡང་དངོས་པོ་མེད་པར་མ་གྲུབ་པ་དེ་བཞིན་དུ། དྲན་ནས་ཉམས་སུ་མྱོང་ཡང་ ཡིད་ལ་མ་བྱས་པ་མེད། མ་དྲན་ནས་ཉམས་སུ་མྱོང་ཡང་ཡིད་ལ་མ་བྱས་ཞེས་བསམ་པ་དང་བརྗོད་པ་ལས་འདས་པ་དེ་ནི་མདའ་བསྣུན་གྱིས་སྨྲས་པ་དེ་ཙམ་ཞིག་ཏུ་ཟད། འོ་ན་ཡིད་ལ་མ་བྱས་པའི་བསམ་གཏན་ནི་དྲི་མ་དང་བཅས་པ་ཅིག་ཡིན་ནམ་ཟེར་ན། མ་རྟོགས་ ན་ཉོན་མོངས་པས་ཀྱང་ཉོན་མོངས་པར་འགྱུར་ལ། ཤེས་བྱས་བྱས་ཀྱང་སྒྲིབ་པར་འགྱུར་རོ། །རྟོགས་པའི་རྣལ་འབྱོར་པའི་དཔེ་ནི་ཉི་མའི་དཀྱིལ་འཁོར་དང་འདྲ་ལ། གནམ་སྟོང་གི་ཉིན་པར་ནི་ཟླ་བ་དེ་ཉི་མའི་དབྱིངས་སུ་ཐིམ་པས་བསིལ་བར་མི་འགྱུར། ཉི་མ་དེ་ཉིད་ཉའི་ ཉིན་པར་ཟླ་བ་དང་རྒྱང་རིང་བས་ལྷག་པར་དྲོ་བར་མི་འགྱུར་བ་དེ་བཞིན་དུ། རྣལ་འབྱོར་པའི་དགོངས་པ་དེ་ཡང་གློ་བུར་གྱི་ཉོན་མོངས་པ་དྲན་པ་དང་ཤེས་བྱ་དྲན་པ་མེད་པའི་དྲི་མ་གཉིས་མེད་པས། ཀྱེ་ཧོ་བུ་མ་ལུས་དྲི་མེད་དོན་དམ་ཤེས་པར་བྱོས། དེ་ལྟར་ན་མི་རྟོགས་ པ་རྣམ་པར་རྟོག་པའི་རྣམ་གྲངས་ལ་ཡིད་ཆེས་ལ་ཕྱི་རོལ་གྱི་རིག་མ་ལས་བྱུང་བའི་བདེ་བ་དེ་ཉམས་སུ་མྱོང་བ་དེ་དོན་དམ་པ་ཡིན་ནོ་སྙམ་ནས་མངོན་པར་ཞེན་པས་འབད་པ་བྱས་ན། རང་ལ་རྒྱུན་དུ་གནས་པའི་བསམ་གཏན་རྟོགས་པའི་ངང་ལས་འབད་པ་དང་། རྩོལ་སྒྲུབ་ ལས་འདས་པ་དེ་ངོ་མ་ཤེས་པས། ཁྱིམ་ན་ཡོད་པ་ཕྱི་རོལ་སོང་ནས་ཚོལ། །ཆོས་ཉིད་རང་ལ་ཡོད་པ་ངོ་མ་ཤེས་པས་ཕྱི་རོལ་གྱི་དྲན་པ་ལ་དྲིས་པས་སམ། ནང་གི་ཁྱིམ་ནི་དྲན་པ་དྲན་མེད་ཀྱི་བདག་པོ་སྐྱེ་མེད་ཡིན་པར་ངོ་མ་ཤེས་པས། གློ་བུར་དུ་འོངས་པའི་ཁྱིམ་ཚེས་ དང་འདྲ་བའི་དྲན་པའི་རྣམ་རྟོག་ལ་དྲིས་པས། ཁྱིམ་བདག་མཐོང་ནས་ཁྱིམ་ཚེས་དག་ལ་འདྲི། །དེ་ལྟ་བུའི་བློས་རེག་པར་བྱ་བའམ། ཚིག་གིས་བརྗོད་པར་བྱ་བ་མ་ཡིན་ཏེ། བླ་མ་དམ་པའི་བརྡའི་གདམས་ངག་དྲན་པའི་སྒྲོན་མ་དེས་མཚོན་ནས་རྟོགས་པར་བྱ་བ་མ་ཡིན་ པ་རྟོགས་པ་དེ་མདའ་བསྣུན་གྱིས་སྨྲས་བདག་ཉིད་ཤེས་པར་བྱོས། ཇི་ལྟར་ཤེས་པར་བྱ་ཞེ་ན། ཐ་མལ་པ་བཞིན་དུ་བསམ་བྱ་དང་། བསམ་གཏན་དང་། བཟླས་བྱ་དང་། བཟླས་པ་དང་། བརྗོད་བྱ་དང་། བརྗོད་པ་ལས་འདས་པའི་ཕྱིར། བླུན་པོའི་བསམ་ གཏན་བསམ་བྱ་བཟླས་བརྗོད་མིན། །དེ་ཡང་བླ་མ་དམ་པས་བསྟན་མ་ཐག་ཏུ་དྲན་པ་མེད་ཅིང་བརྗེད་པ་མེད་པ་རྙེད་པ་མེད་ཅིང་སྟོར་བ་མེད་པ། སྐྱེ་བ་མེད་ཅིང་འགག་པ་མེད་པ། བསྒོམ་དུ་མེད་ཅིང་མི་བསྒོམ་པའི་དབང་མེད་པ་དེ། རྒྱུན་དུ་གནས་པར་ཞེས་ བསྟན་ཀྱང་ཐེ་ཚོམ་མ་ཆོད་ན། གང་ཚེ་བླ་མས་བསྟན་ཅིང་བདེན་པར་ཐམས་ཅད་ཤེས་བྱས་ཀྱང་། བདག་གིས་འདི་ལྟས་བལྟ་ཞིང་བརྟག་པར་བྱའོ། །རྐྱེན་གང་ཡང་རུང་བ་ཅིག་དྲན་དུ་བཅུག་ལ། མན་ངག་གིས་དྲན་པ་མེད་ཅིང་ཉམས་སུ་ མྱོང་བའི་དུས་སུ་འདི་ལྟ་བུ་དྲན་པ་ནི། ཆུའི་ཐིགས་པ་ཙམ་དུ་ཤེས་པར་བྱའོ། །དེའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ལ་ཡང་མི་སྐྱེ་བ་ནི་རྒྱ་མཚོ་ཙམ་དུ་ཤེས་པར་བྱའོ། །རྣམ་པར་མི་རྟོག་པ་ནི་རྒྱ་མཚོ་ཙམ་ལ་དྲན་པ་མེད་པ་ནམ་མཁའ་ཙམ་དུ་ཤེས་པར་བྱའོ། ། དྲན་པ་མེད་པ་ནི་ནམ་མཁའ་ཙམ་དུ་ཤེས་པར་བྱ་བ་ཡིན་པས། ཤེས་དང་ཤེས་བྱའི་ཡུལ་ལས་འདས་པ་ནི་དཔེ་དང་དོན་གྱིས་མཚོན་དུ་མེད་པ་དེ་ངོ་མ་ཤེས་པ་ནི་དཔེར་ན་བུ་ཆུང་ལ་མཛུབ་མོས་ཟླ་བ་མཚོན་པའི་དུས་སུ་ཟླ་བ་ལ་མི་ལྟ་བར་མཛུབ་མོ་ལ་བལྟའོ། །དེ་ བཞིན་དེ་ཁོ་ན་ཉིད་མ་རྟོགས་པའི་གང་ཟག་རྣམས་ཀྱིས་དུས་གསུམ་གྱི་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ལ་དགོངས་པ་མི་མཛད་པར་དྲན་པའི་རྣམ་པར་རྟོག་པ་ལ་བསྒོམ་པ་མཛད་དོ། །དེའི་ཕྱིར་དྲན་པས་མཚོན་ཡང་དྲན་པའི་འདམ་གྱིས་མ་གོས་པའི་དོན་ མ་རྟོགས་པས་བདག་གིས་ཡོངས་སུ་བརྟགས་པས་མ་རྟོགས་ཐར་པ་ཐོབ་བམ་ཅི། འོ་ན་ཕྱིའི་ཡུལ་ནི་འདོད་པའི་ཡོན་ཏན་ལྔ་ཡིན་ལ། ནང་གི་ཡུལ་ནི་དྲན་པ་ཡིན་ནོ། །དེ་ལྟ་བུ་ལ་སྤྱོད་ཀྱང་ཡང་དག་པའི་དོན་ནི་མི་ཤེས། ཕྱི་དང་ནང་དུ་ལྷ་དང་ལྷ་མོའི་དཀྱིལ་ འཁོར་གྱི་འདུ་ཤེས་ཀྱིས། ཡུལ་རྣམས་བགྲོད་ཅིང་ཡུལ་གྱི་གདུང་བས་ཉེན་བྱས་ཀྱང་། །ལྷན་ཅིག་སྐྱེས་པའི་ལྷ་ནི་ཡིད་ལ་བྱར་མེད། ཡིད་ལ་བྱས་པའི་ལྷ་ནི་མི་དགེ་བ་ཡིན་པས། ལྷན་ཅིག་སྐྱེས་པ་མི་རྙེད་སྡིག་པ་འཛིན། །ཆོས་རྣམས་ཀྱི་གཞིར་གྱུར་པ་ ལྷན་ཅིག་སྐྱེས་པ་ཡིད་ལ་མ་བྱས་པ་ཤེས་ན། ཡུལ་རྣམས་བསྟེན་པས་ཡུལ་གྱིས་མི་གོས་ཏེ། དཔེར་ན་ཨུཏྤ་ལ་དང་པདྨ་དང་པུཎྜ་རཱི་ཀ་དང་། སཽ་གནྡྷི་ལ་སོགས་པ་ཁ་དོག་ཡིད་དུ་འོང་བ་དང་རེག་བྱ་འཇམ་པ་དང་། དྲི་ཞིམ་པོས་ཁ་ཅིག་གི་ཡིད་འཕྲོག་ནུས་ པ། དེ་ཡང་གཞན་གྱི་ཡོན་ཏན་མ་ཡིན་གྱི། རྒྱུ་དེ་རྣམས་ནི་གྲོང་དང་གྲོང་ཁྱེར་ལ་སོགས་པའི་མི་གཙང་བའི་མཚོའི་རྐྱེན་གྱི་ཡོན་ཏན་ནོ། །མེ་ཏོག་དེ་དག་ལ་མི་གཙང་བའི་སྐྱོན་གྱིས་གོས་པ་མ་ཡིན་པས། དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་དགོངས་པ་ཡང་ཕྱི་དང་ ནང་གི་ཡུལ་ལ་དྲན་པ་སྐྱེས་ཀྱང་། ཡང་དག་པའི་དོན་ཇི་ལྟ་བ་བཞིན་ཤེས་པས་ན། ཡུལ་གྱི་འདམ་གྱིས་མ་གོས་པ་ནི་འདམ་དང་གནས་མ་གོས་པར་ཨུཏྤ་ལ་བླངས་པ་བཞིན་དུ། དྲན་པས་མ་གོས་པར་ཆོས་ཉིད་རྟོགས་པའོ། །ཨུཏྤལ་འདབ་མ་ཆུ་ཡིས་མི་ རེག་བཞིན།། །།དེ་ལྟར་རྟོགས་ན་ཡེ་ཤེས་ཀྱི་ཚོགས་དང་བསོད་ནམས་ཀྱི་ཚོགས་རྣལ་འབྱོར་པའི་སྐྱབས་སུ་འགྲོ་བས་དུག་སྔགས་ཅན་གྱི་དཔེས་བསྟན་པར་བྱའོ། །རྩ་བ་ལ་འཆོས་པའི་ཡེ་ཤེས་ཀྱི་ཚོགས་རྒྱུན་མི་འཆད་པའི་དཔེས་མ་དུ་ལུང་ གའི་དཔེ་དང་། མེ་ཏོག་ལ་འཆོས་པ་བསོད་ནམས་ཀྱི་ཚོགས་འདུ་དུ་རའི་དཔེ་ནི། འདུ་དུ་རའི་ཞེས་བྱ་བ་མེ་ཏོག་གི་སྦྲང་རྩི་ལ་ཚོན་རྩི་གང་ཡང་རུང་བས་བཅོས་པས་འབྲུ་སྨིན་ནས་ས་བོན་དེ་བཏབ་པས་མེ་ཏོག་དེའི་ཁ་དོག་ཏུ་འགྱུར་རོ། །དེ་བཞིན་དུ་བསོད་ནམས་ ཀྱི་ཚོགས་བསགས་པས་ནི་བསྐལ་པ་གྲངས་མེད་པ་ན་འབྲས་བུ་སྨིན་པར་འགྱུར་རོ། །མ་དུ་ལུང་ག་ཞེས་བྱ་བ་ནི་མེ་ཏོག་གི་ཤིང་གི་རྩ་བ་ལ་ཐབས་མཁས་པས་ཚོན་གང་ཡང་རུང་བ་ཅིག་གིས་བསྐུས་ན། དེའི་ཁ་དོག་ཏུ་མྱུར་བར་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་པས་ སེམས་ཉིད་ཀྱི་རྩ་བ་རྟོགས་ན་འབྲས་བུ་ཆོས་སྐུ་སྨིན་པས། གང་ལྟར་རྩ་བ་རྣལ་འབྱོར་སྐྱབས་སུ་འགྲོ། །དེ་ལྟར་ཁོང་དུ་ཆུད་པའི་རྣལ་འབྱོར་པ་ནི། དཔེར་ན་དུག་སྔགས་གདེང་དུ་གྱུར་པ་ཅིག་གིས་དུག་ཟོས་པས་གནོད་པར་མི་འགྱུར་བ་དེ་བཞིན་དུ། ཡུལ་གྱི་དུག་ གིས་མི་ཚུགས་པས། དུག་གི་སྔགས་ཅན་དུག་གིས་ག་ལ་ཚུགས།། །།དེ་ལྟར་ཤེས་ནས་མཉམ་གཞག་དང་རྗེས་ཐོབ་ཞི་གནས་དང་ལྷག་མཐོང་དབྱེར་མེད་པའི་དཔེ་གླང་ཆེན་ལམ་ནས་ཚགས་ཆུད་པའི་དཔེས་བསྟན་པར་བྱའོ། །དེ་ཡང་རྗེས་ཐོབ་ཀྱི་དུས་སུ་ཕྱི་ རོལ་གྱི་ལྷ་ཁང་ལ་སོགས་པ་མཆོད་པ་དང་། ནང་གི་གཞལ་ཡས་ཁང་ལ་མཆོད་པ་བྱས་ནས། དེའི་ཡོན་ཏན་གྱིས་ལྷའི་དཀྱིལ་འཁོར་མངོན་སུམ་དུ་ཞལ་མཐོང་བར་འགྱུར་རོ་ཞེས། དེ་ཡང་རྒན་མོ་བུ་གཅིག་པ་ཤི་བས་གདུངས་བ་བཞིན་དུ། རྟག་ཏུ་ལྷའི་དཀྱིལ་འཁོར་ཡིད་ལ་བྱས་ན། མཐོང་བར་འགྱུར་བ་ལ། དེ་ཉིད་མ་ཡིན་པའི་ཕྱིར་ན་བརྒལ་བ། ལྷ་ལ་མཆོད་པ་ཁྲི་ཕྲག་མང་བྱས་ཀྱང་། །འདི་ལྟར་ཤེས་ན་ནང་དང་ཕྱི་རོལ་གྱི་མངོན་པར་བྱང་ཆུབ་པས། ཡུལ་དང་དབང་པོ་ལྷ་དང་ལྷ་མོའི་དཀྱིལ་ འཁོར་བསྒོམ་པ་དང་། ནང་གི་མངོན་པར་བྱང་ཆུབ་པས་བདེ་བ་སྟོང་པ་བསྒོམ་པ་ནི་ཐག་པ་དཀར་ནག་གིས་འཆིང་བར་འདྲ་བ་བཞིན་དུ། དྲན་པའི་རྣམ་པར་རྟོག་པ། བདག་ཉིད་འཆིང་འགྱུར་དེ་ཡིས་ཅི་ཞིག་བྱ། །འོ་ན་མངོན་པར་བྱང་ཆུབ་པས་བསོད་ནམས་ ཀྱི་ཚོགས་དང་། དེ་ཉིད་སྟོང་པ་ཉིད་དུ་ཤེས་པ་ཡེ་ཤེས་ཀྱི་ཚོགས་ལ་གོམས་ནས་སྐྱེ་བ་ཕྱི་མ་ནས་ཕྱི་མའི་དུས་སུ་ཡང་ནས་ཡང་དུ་བླ་མ་སློབ་མ་དང་མཇལ་བར་འགྱུར་རོ་ཞེ་ན། སྐྱེ་རྒ་ན་འཆི་ལས་བརྒལ་བ། དེ་འདྲ་འཁོར་བ་འདི་ནི་འཆད་མིན་ཏེ། འོ་ན་འཁོར་བ་རྣམ་པ་གསུམ་ ལས་ཐར་ནས་སྐུ་གསུམ་མངོན་དུ་འགྱུར་བར་བྱ་ན། གཉུག་མ་རྣལ་མ་ལྷན་ཅིག་སྐྱེས་པ་དེ་བླ་མ་དམ་པའི་གདམས་ངག་གིས་རྟོག་པར་བྱས་ལ། སེམས་ཉིད་རྟོགས་ན་འཁོར་བ་ལས་བརྒལ་བར་འགྱུར་གྱིས། དེ་མ་རྟོགས་པ་རྣམས་ལ་བརྒལ་བས་གཉུག་མའི་རང་ བཞིན་མ་རྟོགས་བརྒལ་མི་ནུས། འོ་ན་གཉུག་མའི་རང་བཞིན་དེ་སངས་རྒྱས་དངོས་ཡིན་ཡང་འགྲོ་དོན་མཛད་པས། མཆོད་པ་མི་དགོས་སམ་ཟེར་ན་མ་ཡིན་གྱིས། མཆོད་པ་ཉི་ཤུ་རྩ་ལྔ་ཤེས་པར་བྱས་ལ། དེ་ཉིད་ན་བུན་ནམ་མེ་ལོང་གི་ཁ་རླངས་བཞིན་དུ་ཡལ་ ནས། དེ་ཉིད་ཁོ་ན་ལ་གཞན་འབྱུང་བ་མེད་པས་སྣ་ཚོགས་དྲན་ཡང་ཆོས་ཉིད་ཀྱི་དབའ་རླབས་ཡིན་པ་དེ་ཉིད་ལས་ཤར་ཞིང་། དེ་ཉིད་དུ་ནུབ་པར་ཤེས་ན་སྣང་བ་མི་འགོག་ལ་མི་སྣང་མི་བསྒྲུབ་པས། མིག་ནི་མི་འཛུམས་སེམས་འགོག་དང་། །རླུང་ཁྱབ་བྱེད་དང་། རྟོགས་ བྱེད་དེ་གཉིས་ཀ་དྲན་པ་ཙམ་ལ་བསྡུས་ལ། དེ་ཡང་རྐྱེན་གཞན་ལ་རག་ལུས་པ་ཡིན་པས་རིག་པ་རང་བཞིན་གྱིས་འགག་ལ། ཆོས་ཉིད་ཀྱི་དབྱིངས་བརྒྱུད་པའི་བླ་མས་བསྟན་པས། རླུང་འགག་པ་ནི་དཔལ་ལྡན་བླ་མས་རྟོགས། རྣམ་རྟོག་དེ་ཉིད་དྲན་པའི་ཚུལ་གྱིས་རྒྱུ་ བའི་དུས་སུ། དེའི་ཚེ་རྣམ་པར་རྟོག་པ་མེད་པ་དེ་ཉིད་སྐྱེ་ཤི་མེད་པའི་དོན་རྟོགས་ན་དེ་ལས་མི་གཡོ་བས། གང་ཚེ་རླུང་རྒྱུ་དེ་ནི་མི་གཡོ་སྟེ། དེ་ལྟར་དོན་རྟོགས་པའི་གཏིང་ལ་འཆི་བ་བསླུ་བར་མི་བྱའོ། །སྐྱེ་བ་བསླུ་ན་འཁོར་བ་དང་མྱ་ངན་ལས་འདས་པ་ལས་ཐར་བ་ ཡིན་ཏེ་འཆི་ཞེས་བྱ་བ་ནི་དྲན་པ་ཡལ་བ་ཡིན་པས་འཆི་ཀ་མའི་གདམས་ངག་འདིར་མ་གསུངས་སོ། །གཞན་ན་རེ་བར་མ་དོའི་དུས་སུ་བཞེད་དེ། འབྱུང་བ་རིམ་གྱིས་ཐིམ་པར་གོམས་པའི་ཡི་དམ་ལྷ་ལ་ཤེས་པ་གཏད་པའི་མན་ངག་གིས་ཤེས་དང་ཤེས་བྱ་ལས་ ཐར་པར་བཞེད་དེ། དོན་དམ་པར་ན་ཤེས་དང་ཤེས་བྱ་མ་གྲུབ་པས། ཐར་པ་མ་ཡིན་ནོ། །ལ་ལ་ན་རེ་རླུང་དང་བྱང་ཆུབ་སེམས་དྲན་པས་བསྡུས་ལ་དེ་ཡང་འོག་སྒོ་ངན་སོང་དུ་ལྷུང་གིས་དོགས་པས་རིམ་གྱིས་ཏེ་སྒོ་ཁ་ཕྱེ་ལ། རླུང་དང་རྣམ་པར་ཤེས་པ་ཚངས་པའི་ གནས་ན་ཧཾ་གི་དབྱིངས་སུ་རླུང་དང་བྱང་ཆུབ་སེམས་ཡལ་བའི་མན་ངག་གིས་སྒྲོལ་བར་འདོད་དེ་ལེགས་པ་མ་ཡིན་ནོ། །ལ་ལ་ན་རེ་བདག་གི་ལུས་གཞན་ཡི་དམ་ལྷ་མཚན་དང་དཔེ་བྱད་དང་ལྡན་པ་ཅིག་མངའ་བ་བསྒོམས་ལ། དེ་གཉིས་ཀ་ལ་སེམས་མེད་པས་ཡིད་ཀྱི་ གཟུགས་ཙམ་ཞིག་ཤེས་ལ། བདག་རང་གི་སྐྱེ་བ་དང་ན་བ་དང་འཆི་བ་འདི་ལྟ་བུ་ཡིད་གཟུགས་བརྙན་དུ་སེམས་ལ་ཤར་བ་ཡིན་པར་ཤེས་པས། དེ་ཉིད་ལྷའི་གཟུགས་བརྙན་དུ་ཤེས་པར་བྱས་ལ། འགྲོ་བ་རིས་དྲུག་གི་གྲོང་ཁྱེར་མཐོང་བ་ལ་གོམས་ན། བར་མ་དོ་ ན་ལྷའི་སྐུ་བསྒོམ་པར་འདོད་པ་དེ་ཡང་འཐད་པ་མ་ཡིན་ནོ། །འོ་ན་གང་ཞེ་ན། སེམས་ལས་འབྱུང་བའི་འབྱུང་བ་བཞི་ལུས་ལ་གནས་པ་དང་། སེམས་ལ་གནས་པའི་འབྱུང་བ་བཞི་ནི་སེམས་དྲན་པ་སྲ་བ་ཉིད་ས། སེམས་ཉིད་དེ་དྲན་མེད་དབྱིངས་སུ་གནས་པ་རྒྱ་མཚོ་ ལྟར་ཤེས་པ་ཆུ། སེམས་དེ་ཉིད་བསྐལ་པའི་མེ་ལྟར་སྲེག་པ་ཚ་བ་མེ། སེམས་དེ་ཉིད་བློའི་ཡུལ་ལས་འདས་ནས་གཟུང་དུ་མེད་པར་དག་པ་རླུང་དེ་དག་དབྱིངས་སུ་དག་པར་བྱས་ནས། སྙན་ནས་སྙན་དུ་ཞལ་ནས་ཞལ་དུ་བརྒྱུད་པའི་མན་ངག་ གིས་ཤེས་པར་བྱས་ལ། རིག་པས་ཉམས་སུ་བླང་བར་མི་བྱའོ། །ཉམས་སུ་བླངས་ན་ཤེས་བྱའི་སྒྲིབ་པ་ལས་མ་རྟོགས་པ་འཁོར་བའི་ཉོན་མོངས་པ་ལས་ཐར་པ་མེད་དོ། །དོན་དམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བློའི་ཕ་རོལ་ཏུ་ཕྱིན་པ་རྟོགས་ན། བདེ་ བའི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་དུས་གསུམ་གྱི་དེ་བཞིན་གཤེགས་པའི་ཡུམ་ཡིན་པར་ཤེས་ནས། དེའི་ཕྱིར་ཕྱི་རོལ་གྱི་རིག་མ་ལས་བྱུང་བའི་བདེ་བ་དེ་རག་མི་ལུས་པ་དང་། འཆི་ཀ་མའི་གདམས་ངག་ལོགས་ནས་མི་ཚོལ་བས། འཆི་བའི་ཚེ་ན་རྣལ་འབྱོར་མས་ཅི་བྱ། དེ་ཉིད་ཀྱི་དོན་གསལ་བར་བྱེད་པ་ཡུལ་ལ་ཡེངས་པའི་དུས་སུ་འདྲེ་བ་མེད་པ་དང་། འདའ་ཀའི་ཡིད་ཀྱི་དབང་པོ་འགྲོ་བ་རིགས་དྲུག་གྲོང་ལ་ལྷུང་བའི་དུས་སུ་འདྲེ་བ་མེད་རྟོགས་པ་ནི། ཇི་སྲིད་དབང་པོའི་ཡུལ་གྱི་གྲོང་ལ་ལྷུང་བ་ན། །སྐྱེ་བ་མེད་པ་དེ་ཉིད་ལས་ཀྱི་ རྣམ་པར་སྨིན་པས་མ་གཡོས་པས། དུས་གསུམ་མཉམ་པ་ཉིད་དུ་རྒྱས་པས། ཇི་སྲིད་རང་ཉིད་ལས་མེད་རབ་ཏུ་རྒྱས། །སྐྱེ་བ་མེད་པའི་དོན་རྟོགས་ན། ཕྱི་མའི་ཚེ་གར་འགྲོ་མི་ཤེས། ད་ལྟར་ཅི་བྱེད་མི་ཤེས་པས་ཁྱེད་ཅག་ད་ལྟར་ཅི་བྱེད་གར་འགྲོ་སོམས་དང་ཀྱེ། སྐྱེ་ཤི་མེད་པའི་དོན་རྟོགས་པ་རྣམས་ཀྱིས་གཞན་ལ་བསྟན་དུ་མ་བཏུབ་པ་ནི་དྲན་མེད་སྐྱེ་མེད་བློ་ལས་འདས་པ་ཉམས་སུ་མྱོང་བ་དེ་ཉམས་སུ་མྱོང་ན་དྲན་མེད་མ་ཡིན་ལ། དྲན་པ་མེད་ན་ཉམས་སུ་མྱོང་བ་མ་ཡིན་ཟེར། དེ་བཞིན་དུ་སྐྱེ་བ་མེད་པ་དང་བློ་ལས་འདས་པ་དེ་ སངས་རྒྱས་ཀྱི་དགོངས་པ་ཡིན་པས་བརྗོད་དུ་མེད་པའི་ཕྱིར། དེ་ནི་ཤིན་དུ་དཀའ་བའི་དགོངས་པས་འཇུག །རང་ལ་གནས་པ་སངས་རྒྱས་ཀྱི་དགོངས་པ་ནི་མ་མཐོང་། རྣམ་རྟོག་འབའ་ཞིག་ལ་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་སྒྲུང་དང་ལད་མོ་བྱས་པས་ཐར་པ་ ཐོབ་ཏུ་རེ་བ་ནི་དཔེར་ན་བྱིས་པ་རྣམས་ཀྱིས་རྣམ་པར་རྒྱལ་བའི་གཞལ་ཡས་ཁང་ནི་མ་མཐོང་ལྟད་མོ་བྱས་པས་ཐོག་ཏུ་མ་ཕེབ་བཞིན་དུ། སངས་རྒྱས་ནི་རང་ལ་གནས་པ་མ་མཐོང་བ་ཡིན་པས། གང་ཞིག་གང་ལ་གནས་པ་ནི། །ཡང་ན་རང་སེམས་མཉམ་པ་ ཉིད་ཀྱི་ངང་ལ་གནས་པ་ནི། གཟུགས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །བླ་མ་དམ་པས་བསྟན་གྱི་བར་དུ་དཔེར་ན་ལུས་དང་གྲིབ་མ་དང་འདྲ་སྟེ། མུན་ནག་གི་ནང་ན་མི་མཐོང་། དེ་ཡང་ཉི་མ་དང་ཟླ་བ་དང་མར་མེས་བསྟན་ནས་མཐོང་བར་འགྱུར་བ་དེ་བཞིན་དུ་ ཆོས་ཀྱི་དབྱིངས་བསམ་དུ་མེད་པ་དེ་ཡང་མ་མཐོང་བས། དེ་ནི་དེ་རུ་མ་མཐོང་སྟེ། དེ་མཐོང་བ་ནི་དོན་ལ་མཁས་པ་ཡིན་ལ། དེ་མ་མཐོང་ན་ལུང་དང་བསྟན་བཅོས་ཀྱི་ཚིག་དང་ཐ་སྙད་ལ། མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡིས། །ལུས་ལ་གནས་ པའི་སེམས་ཉིད་མ་མཐོང་ལ། །སེམས་ཉིད་ལ་གནས་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་མ་རྟོགས་པ་ནི། དཔེར་ན་དབུལ་མོའི་ལྟོ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའམ་ནོར་བུ་རིན་པོ་ཆེའི་སྒྱེད་པོའམ། གྱད་ཀྱི་རིན་པོ་ཆེ་སྟོར་བ་བཞིན་ དུ་རང་བཞིན་དུ་རང་ལ་ཡོད་པའི་སེམས་ཉིད་བསམ་དུ་མེད་པ་ནི་མ་རྟོགས། བསམ་བསྒོམས་བྱས་ནས་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་ལ་འབད་པ་བྱས་པས་ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་སོ། །རྟོགས་ན་ནི་མཉམ་གཞག་རྗེས་ཐོབ་ཇི་བཞིན་པ་ལ་ ནི་རྡུལ་ཙམ་ཡང་ཁྱད་མེད་དོ། །དེ་ལྟར་རྟོགས་ན་བློ་སེམས་བདེ་བ་ནི། །དཔེར་ན་བྲམ་ཟེ་རྒན་པོ་གླང་པོ་ཆེ་དང་། གླང་པོ་ཆེ་ཐུབ་པའི་སྐྱེས་བུ་དང་། ལྕགས་ཀྱུ་བ་ལོམ་པའི་སྒྲུང་བརྒྱུད་བཞིན་དུ། དྲན་པའི་རྣམ་རྟོག་གླང་ཆེན་དང་འདྲ་ལ། །དྲན་མེད་རྣམ་པར་ མི་རྟོག་པ་སྐྱེས་བུ་དང་འདྲ་ལ། སྐྱེ་མེད་ཀྱི་དབྱིངས་ལྕགས་ཀྱུ་དང་འདྲ་ལ། དེ་དག་ལོམ་པའི་ནོར་དང་འདྲ་བ་བློ་ལས་འདས་པ་ཟད་པ་མེད་ཅིང་འཕེལ་བ་མེད་པ་རྟོགས་ན། གླང་ཆེན་ལོམ་ནས་སེམས་ཚགས་ཆུད་པས་ན། དེ་ལྟར་རྟོགས་པའི་རྣལ་འབྱོར་པ་ནི། དཔེར་ན་རང་ཐག་ཆུ་ཆད་པ་བཞིན་དུ། རྣམ་རྟོག་དྲན་པ་དེ་ཉིད་དབྱིངས་སུ་ངག་ཏུ་བཅུག་ལ། དེ་ལ་ཡང་རེ་དོགས་མེད་ལ། སངས་རྒྱས་ཞེས་བྱ་བ་མིང་དུ་བཏགས་པ་ཙམ་གང་ནས་ཀྱང་འགྲོ་བ་དང་འོང་བ་མེད་པས། དེ་ནི་འགྲོ་འོང་བཅད་ ནས་དལ་བ་སྟེ། །འདི་ལྟར་རྒྱུན་མི་འཆད་པའི་བསམ་གཏན་རང་ལ་གནས་པ་རྟོགས་ན་གཞན་དུ་བཙལ་མི་དགོས་པས། འདི་ལྟར་རྟོགས་ནས་གང་དུའང་དྲིས་ས་མེད། །ཕྱི་རོལ་གྱི་ལུང་དང་བསྟན་བཅོས་ལ་སོགས་པ་ལ་མཁས་ཀྱང་། དྲན་པའི་ང་རྒྱལ་ལས་ བོགས་མ་ཐོན་པས། ཚིག་ལ་ནན་ཏན་བྱས་ཀྱང་དོན་ལ་རྟོགས་པར་མི་འགྱུར་བས། མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། །རྟོགས་པའི་ཡུལ་མ་ཡིན་པ་དེ་ཉིད་སྐྱེ་རྒ་ན་འཆི་ལས་འདས་པ། རྒྱུ་དང་རྐྱེན་ལ་རག་མ་ལུས་པས་ལྟོས་པ་མེད་པའི་ཕྱིར་རོ། །གསོན་ པོ་གང་ཞིག་རྣམ་པར་མ་གྱུར་པ། །ཐོག་མ་མེད་པ་ཡོད་མེད་ལ་སོགས་པའི་ཚིག་གི་བླ་དགས་དང་བྲལ་བས། དེ་ནི་རྒས་ཤིང་འཆི་བར་འགྱུར་རམ་ཅི། དེ་ཡང་བླ་མ་དམ་པས་བསྟན་པས། མཉམ་གཞག་དང་རྗེས་ཐོབ་དབྱེར་མེད་པར་རྟོགས་པ་ནི། ལས་དང་ཉོན་ མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་ཀྱིས་མ་གནོད་པས་ན། བླ་མས་བསྟན་པས་དྲི་མེད་བློ་གྲོས་ནི། །དེ་ཉིད་ཁམས་གསུམ་གྱི་སེམས་ཅན་རྣམས་དང་། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་དེ་བཞིན་ཉིད་གཅིག་པ་ལ་སྤྱོད་ཀྱང་། ཟད་པ་མེད་ཅིང་ འཕེལ་བ་མེད་པའི་ཕྱིར། །གླང་པོ་ཆེ་ལོམ་པའི་ནོར་དང་འདྲ་བས། དེ་ཉིད་གཏེར་ཡིན་གཞན་པོ་གང་ཡིན་ལོ།། །།ད་ནི་རྫིངས་ལས་འཕུར་བའི་བྱ་རོག་གི་དཔེས་བསྟན་པར་བྱའོ། །དེ་ཡང་ཡུལ་རྣམ་པ་གཉིས་སོ། །ཕྱིའི་ཡུལ་ནི་གཟུགས་ལ་སོགས་པ་ དེ་དག་དངོས་པོར་མ་གྲུབ་པས་སེམས་ཀྱིས་བསྟེན་པར་མི་བྱ། ནང་གི་ཡུལ་རྐྱེན་ལ་རག་ལས་པ་ན། དྲན་པ་ལ་ཡང་བསྟེན་པར་མི་བྱའོ། །དྲན་པ་ནི་མཚན་མ་དང་བཅས་པའི་སྟོང་ཉིད་དུ་ཤེས་ལ། ནང་གི་ཡུལ་ལ་ཡང་ཡུལ་ཉིད་རྣམ་པར་དག་སྟེ་བསྟན་བྱ་མིན། མཚན་མ་མེད་པའི་སྟོང་པ་ཉིད་ནི། དྲན་པ་མེད་པ་འབའ་ཞིག་ཡིད་ལ་བྱས་པའི་ཚུལ་གྱིས། སྟོང་པ་འབའ་ཞིག་གིས་ནི་སྤྱད་པར་བྱ། །ཤེས་བྱ་མ་གྲུབ་པས་ཤེས་པ་ལ་གནས་མེད་དོ། །ཤེས་དང་ཤེས་བྱ་མ་གྲུབ་པས་སེམས་ཞེས་བྱ་བའི་མིང་མ་གྲུབ་པའོ། ། དེ་ལས་དྲན་པ་བྱུང་ཡང་དེའི་ཚེ་མཚན་ཉིད་ཡིད་ལ་མ་བྱས་པས། དཔེར་ན་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བར་འདོད་པའི་ཚོང་པ་རྣམས་ཀྱིས་རྫིང་ལ་བྱ་རོག་གཞག་པ་བཞིན་དུ། རྣལ་འབྱོར་པ་རྣམས་ཀྱིས་འཁོར་བའི་ཕ་རོལ་དུ་འགྲོ་བར་འདོད་ན། དྲན་པའི་བྱ་རོག་ གིས་བྱ་ར་བ་བྱས་ལ། ཇི་ལྟར་རྫིངས་ལས་འཕུར་བའི་བྱ་རོག་ནི། །ཇི་ལྟར་བྱ་རོག་གིས་ཡུལ་མ་མཐོང་བས་རྫིང་ལ་བབ་པ་བཞིན་དུ། དེ་ལྟར་དྲན་པའི་བྱ་རོག་ཀྱང་དྲན་མེད་སྐྱེ་མེད་བློ་ལས་འདས་པ་ལ། བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ།། །། ད་ནི་ཐག་པ་ལ་སྦྲུལ་དུ་མཐོང་བའི་དཔེས་བསྟན་པར་བྱའོ། །དེ་ལ་བཅོས་མའི་རྣལ་འབྱོར་པས་ཕྱི་རོལ་གྱི་ཡུལ་མི་སྡུག་པ་བསྒོམས་ནས་སྤངས་ཏེ། ནང་གི་དྲན་རིག་ཉམས་སུ་མྱོང་བ་ལ་ཞེན་པ་ནི། རིག་པ་གཉིས་བསྒྲིལ་བ་ཐག་པ་ནག་པོ་དང་འདྲ་ལ་རྫས་སུ་མ་གྲུབ་ པའོ། །ཡུལ་མི་སྡུག་པར་བསྒོམ་པ་ནི། སྦྲུལ་ནག་པོ་དང་འདྲ་ལ། འཁྲུལ་པ་མ་གྲུབ་པས་ཐག་པ་ནག་པོ་དུག་སྦྲུལ་བཞིན། དེ་ལ་ཡང་རང་གི་ཤེས་བྱས་རང་སྔགས་པ་ནི། དཔེར་ན་རི་མོ་མཁན་མཁས་པ་བཟོབ་པ་ཅིག་གིས་ཁྲོ་བའི་གཟུགས་ཤིན་ཏུ་འཇིགས་སུ་ རུང་བ་ཅིག་བྲིས་པ་ལ། ནམ་ཞིག་ཁོ་རང་གིས་མཐོང་བས་སྔངས་པ་བཞིན་དུ། གང་ཟག་ཁ་ཅིག་ཀྱང་ཤེས་བྱ་རང་ལས་བྱུང་བ་ལ། མཐོང་བ་ཙམ་གྱིས་སྔངས་པར་འགྱུར། །ཤེས་དང་ཤེས་བྱ་འདྲ་བ་ལ་ཤེས་པར་བྱོས་ལ། ཤེས་བྱ་དོན་དམ་དུ་འཛིན་པས། གྲོགས་ སྐྱེ་བོ་དམ་པ་ནི། དངོས་པོ་མེད་བཞིན་དུ་ཤེས་བྱ་དངོས་པོ་ཅན་དུ་འཛིན་པ་ནི། དཔེར་ན་རི་མོ་མཁན་དེ་རང་གི་བུད་མེད་མཚན་དང་ལྡན་པ་ཡིད་དུ་འོང་བ་ཅིག་བྲིས་པ་ལ་ནམ་ཞིག་བལྟས་པས། ཁོ་རང་གི་རི་མོ་ལ་ཁོ་རང་ཆགས་པ་སྐྱེས་པ་བཞིན་དུ། རྣལ་འབྱོར་པ་ ཁ་ཅིག་གིས་ཕྱི་རོལ་གྱི་ཡུལ་ལ་བརྟེན་ནས་སྣང་སྟོང་དབྱེར་མེད་འདོད་པ་དང་། ནང་གི་ཡུལ་ལ་བརྟེན་ནས་རིག་སྟོང་དབྱེར་མེད་འདོད་པས། ཡུལ་གཉིས་སྐྱོན་གྱིས་བཅིངས་པར་འགྱུར། །དེ་ཉིད་གསལ་བར་བྱ་བར་འདོད་པའི་ཡོན་ཏན་ལྔས་ འཆིང་བའི་དཔེས་བསྟན་པར་བྱའོ། །དེ་ཉིད་མ་རྟོགས་པས་ནི་ཕྱི་དང་ནང་གི་ཡུལ་ལ་ཞེན་པའི་འཁོར་བ་ལས་ཐར་བར་མི་བྱེད་པས་ན་རྨོངས་པ་དང་འདྲའོ། །རྟོགས་པའི་རྣལ་འབྱོར་པས་ནི་ཕྱི་དང་ནང་གཉིས་ཀ་རྐྱེན་ལ་རག་ལུས་པས་དངོས་པོ་མ་གྲུབ་པར་ཤེས་སོ། ། དེ་ལྟར་མ་རྟོགས་པ་ནི་ཞེན་པས་འཆིང་ལ། རྟོགས་པ་ནི་ཞེན་པས་འཆིང་བར་མི་འགྱུར་རོ། །ལ་ལ་ན་རེ་ཕྱི་རོལ་གྱི་ཡུལ་ལས་བྱུང་བའི་བདེ་བ་ལས་ཞེན་པར་བྱ་ཞེ་ན། ཕྱི་རོལ་གྱི་དབང་པོའི་ཡུལ་གཟུགས་ལ་སོགས་པ་དང་། ནང་རིག་པའི་ཡུལ་བདེ་བ་སྟོང་ པ་འདྲ་བས། ཡུལ་ལ་ཞེན་པས་འཆིང་བར་མ་བྱེད་ཅིག །དོན་དམ་པའི་བདེན་པ་ནི་བསྒོམ་པར་བྱ་བ་མ་ཡིན་པས། དེའི་ནན་ཏན་དུ། ཀྱེ་ཧོ་རྨོངས་པ་མདའ་བསྣུན་གྱིས་སྨྲས་པ། དེ་ལ་ཡིད་མ་ཆེས་ན་དཔེ་ལྔ་ནི་ཐུན་མོང་ནི་གོ་སླའོ། །ཐུན་མོང་མ་ཡིན་པའི་ཡུལ་ནི་ བདེ་བའི་རོ་ལ་ཆགས་པ་ཉ་ལྟ་བུ་དང་། ལྷ་དང་ལྷ་མོའི་དཀྱིལ་འཁོར་ལ་ཆགས་པ་ཕྱེ་མ་ལེབ་ལྟ་བུ་དང་། ཤེས་རབ་ཡེ་ཤེས་ཀྱི་ཉམས་སུ་མྱོང་བ་དཔེ་ཡིན་ལ་དོན་དུ་ཁྱེར་བ་གླང་པོ་ཆེ་ལྟ་བུ་དང་། སྟོང་པ་ཉིད་ཀྱི་དྲིལ་ཆགས་པ་བུང་བ་ལྟ་བུ་སྟེ། བཞི་པོ་དེ་དག་ཉམས་སུ་མྱོང་ བ་ལ་བསྟན་ཏོ། །ཉ་དང་ཕྱེ་ལེབ་གླང་ཆེན་བུང་བ་དང་། །བླ་མ་དམ་པའི་གདམས་ངག་གིས་ཡུལ་ལ་སྤྱད་ཀྱང་མི་འཆིང་བའི་ཐབས་ལ། གདམས་ངག་ཉི་མ་ལྟ་བུ་ཡུལ་མེ་ཏོག་སིལ་མ་ལྟ་བུ་དྲན་པ་བུང་བ་ལྟ་བུ་དེ་ཡུལ་ལ་སྤྱད་ཅིང་ཆོས་ཀྱི་དབྱིངས་སུ་བྲོས་པའོ། །བུང་བ་དང་། སྒྲ་དང་། ཚད་མ་དང་། ལུང་དང་བསྟན་བཅོས་མང་པོའི་ཐ་སྙད་ལ་དགའ་བ་ནི། ཐ་སྙད་མང་པོས་སངས་རྒྱས་ཀྱི་དགོངས་པ་ཚིག་གསུམ་གྱི་གདམས་ངག་གསང་གཏམ་ལྟ་བུ་མྱོང་དུ་མི་སྟེར་བ་གཞོན་ནུ་མ་གསང་གཏམ་ཉམས་པ་ལྟ་བུ་འདི་ནི་རི་དགས་བཞིན་དུ་བལྟ་ བར་བྱོས།། །།ད་ནི་རྟོགས་ན་ཆུ་དང་རླབས་ཀྱི་དཔེས་བསྟན་པར་བྱའོ། །དེ་ཡང་སེམས་དང་སེམས་ལས་བྱུང་བའི་རིག་པ་ཡང་གཞན་མ་ཡིན་ལ། སྟོང་པ་དང་བདེ་བ་དང་། གསལ་བ་ཡང་གཞན་མ་ཡིན་ནོ། །དྲན་རྟོག་ཇི་སྙེད་པ་གང་ཡང་གཞན་མ་ཡིན་ པས། གང་ཞིག་སེམས་ལས་རྣམ་འཕྲོ་བ། །ཆོས་ཉིད་ལས་ལོགས་ན་གང་ཡང་སེམས་ལས་འབྱུང་མི་སྲིད་པས་ན། དེ་དག་ཡིད་ལ་མ་བྱས་པ་རྟོགས་པ། དེ་སྲིད་མགོན་པོའི་རང་བཞིན་ཏེ། །རྐྱེན་གློ་བུར་བས་བསྐུལ་བས། སེམས་ལས་རྟོག་པ་བྱུང་ཡང་ཆུ་བུར་ ཆུ་ལས་བྱུང་ཞིང་ཆུའི་ནང་དུ་ཐིམ་པ་དང་། སྤྲིན་ནམ་མཁའ་ལས་བྱུང་ཞིང་ནམ་མཁའ་ལ་ཐིམ་པ་དང་འདྲ་བར་ཆོས་ཉིད་ཟབ་མོའི་དབྱིངས་ལས་སྣ་ཚོགས་ཤར་ཡང་དབྱེར་མི་ཕྱེད་པའི་དཔེ་ཆུ་དང་རླབས་དག་གཞན་ཡིན་ནམ། འཁོར་བ་རྣམ་པ་གསུམ་དང་མཉམ་པ་ ཉིད་ཐ་དད་པ་མེད་པས། སྲིད་དང་མཉམ་ཉིད་ནམ་མཁའི་རང་བཞིན་ནོ།། །།དེ་ལྟ་བུ་ཉིད་ལས་བྱུང་ཞིང་དེ་ཉིད་ལ་བརླག་པ་ཉིད་རྡུལ་གྱི་དཔེས་བསྟན་པར་བྱའོ། །ཡང་དག་པའི་དོན་རྟོགས་ན་ལྷ་ཡི་མིག་དང་ལྷའི་རྣ་བ་དང་ཕ་རོལ་གྱི་སེམས་ཤེས་པ་དང་འདྲ་ལ། ཅིའི་ཕྱིར་ཞེ་ན། སེམས་ཞེས་བྱ་བ་ནི་ཁམས་གསུམ་གྱི་སེམས་ཅན་དང་། དུས་གསུམ་གྱི་བདེ་བར་གཤེགས་པའི་གཉིས་སུ་མེད་པ་གང་ཡིན་པ་དེ་ནི་ཚུ་རོལ་གྱི་བག་ཆགས་ཀྱིས་མ་གོས་པ་ཕ་རོལ་གྱི་སེམས་ཞེས་བྱའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སེམས་ཉིད་ ཀྱི་རང་བཞིན་ནི་སེམས་ཅན་ཀུན་ལ་ཡོད་པ་ནི་མ་ཤེས། སེམས་ལས་བྱུང་བའི་རྣམ་པར་རྟོག་པ་ཕྱོགས་རེ་བ་ཤེས་པ་ལ་སེམས་ཉིད་ཤེས་པ་མི་ཟེར་རོ། །འདུ་ཤེས་ཀྱི་ཕ་རོལ་སེམས་ནི་སེམས་ལས་འདས་པ་ལས། མཐོང་བ་དང་ཐོས་པ་དེ་ཆོས་ཉིད་ཀྱི་ངང་ལས་མ་འདས་ པས། གང་ཞིག་བསྟེན་ཏེ་གང་ཐོས་པ། །རྟོགས་པའི་རྣལ་འབྱོར་པས་དོན་དམ་པ་གཞན་དོན་ལ་དགོངས་པས་གཟུགས་སྐུ་གཉིས་མ་དམིགས་པས། དགོངས་པ་གང་ཡིན་དམ་པ་སྐྱོལ་བ་ན་སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་སུ་སྣང་ཡང་ཀུན་རྫོབ་ཙམ་ ཡིན་པས་ཉི་ཟེར་རྡུལ་དང་འདྲ་ལ། རྣལ་འབྱོར་པའི་དྲན་རྟོག་ཇི་སྙེད་ཅིག་དགེ་བ་དང་མི་དགེ་བ། ཉི་ཟེར་ལྐུགས་རྡུལ་བཞི་བརླག །གཟུགས་སྐུ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པས་མྱ་ངན་ལས་འདས་ལ་ཆོས་སྐུ་ནི་བློ་ལས་ འདས་པ་དེ་ཉིད་ཡིན་པས་མྱ་ངན་ལས་འདས་པ་གཞན་ན་མེད་དོ། །རྣལ་འབྱོར་པས་དྲན་པ་བྱུང་ཡང་དྲན་མེད་ལ་ནུབ་པས། སྙིང་གཉིད་དུ་ནུབ་པར་འགྱུར་བ་ཡིན།། །།ད་ནི་ཆུ་ལ་ཆུ་གཞག་པའི་དཔེས་བསྟན་པར་བྱའོ། །དེ་ཉིད་རྟོགས་པར་འགྱུར་བའི་རྣལ་ འབྱོར་པས་མི་མཐུན་པ་དང་གཉེན་པོ་བླང་དོར་མེད་པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་ལས་མི་གཉིས་པས། ཇི་ལྟར་ཆུ་ལ་ཆུ་གཞག་ན། །ཆོས་མ་ལུས་པའི་དབྱིངས་ཤིན་དུ་རྣམ་པར་དག་པའི་ཕྱིར། སེམས་ལ་དུ་མ་ཤར་ཡང་རོ་ལ་ཐ་དད་མེད་དེ། དཔེར་ན་བུ་རམ་ ལ་རྟ་དང་གླང་པོ་ཆེ་ལ་སོགས་པའི་གཟུགས་བྱས་ཀྱང་། རོ་མ་སྟོར་བ་བཞིན་དུ་ཆོས་རྣམས་ཀྱི་ལྷན་ཅིག་སྐྱེས་པ་ལ་སྣ་ཚོགས་དྲན་ཡང་དེ་ཁོ་ན་ཉིད་ཀྱི་དབྱིངས་ལ་ཐིམ་པས། དེ་སྙེད་ཆུ་རུ་རོ་མཉམ་འགྱུར། །དེ་ལྟར་མ་རྟོགས་པས་སེར་སྣ་ལ་སོགས་པའི་འམ། ཚུལ་ བཞིན་མ་ཡིན་པའམ་བག་ལ་ཉལ་ལས། འདོད་པ་ལ་སོགས་པ་སྡང་བས་དེ་ལས་འཁོར་བར་འཁོར་བའི། ངན་འགྲོའི་ལམ་དུ་འགྲོ་བའི་སྐྱོན་དང་། སྦྱིན་པ་ལ་སོགས་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། དེ་ལས་ཐོབ་བྱ་ས་དང་པོ་ལ་སོགས་པ་མ་ཡེངས་པར་བྱ་བ་ནི་ཚུལ་ བཞིན་ཡིད་ལ་བྱས་པས་ཚངས་པའི་གནས་ལ་སོགས་པ་ལ་གོམས་པས། སྐུ་གསུང་ཐུགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ལ་སོགས་པའི་ཡོན་ཏན་ཐོབ་པར་བྱ་བའི་དོན་དུ། སྐྱོན་དང་ཡོན་ཏན་རྣམ་ལྡན་སེམས། །དེ་ལ་སྐྱོན་སྤང་བར་བྱ་བའམ། ཡོན་ཏན་བསྒྲུབ་ པར་བྱ་བའི་གང་ཟག་གིས། དེ་དག་རྣམ་པར་སྨིན་པས་སྨིན་ཡང་། དེ་ཉིད་མཐོང་བ་མ་ཡིན་པས། །མགོན་པོ་སུས་ཀྱང་མཐོང་མི་འགྱུར།། །།ད་ནི་ནགས་ལ་མཆེད་པའི་མེ་ལྕེའི་དཔེས་བསྟན་པར་བྱའོ། །མ་རྟོགས་པའི་དུས་སུ་མ་རིག་པས་འཁོར་བར་ འཁོར་ལ། རྟོགས་པའི་དུས་སུ་མ་རིག་པ་དེ་ཉིད་ཆོས་སྐུ་ཡིན་པས། རྣལ་འབྱོར་པ་རྣམས་ཀྱིས་ཆོས་ཐམས་ཅད་ཡིད་ལ་མ་བྱས་པས་དགོངས་པ་མཛད་དོ། །མ་རིག་པ་དང་། མ་ཤེས་པ་དང་། མ་རྟོགས་པ་མི་དམིགས་པའི་དུས་སུ། བླ་མ་དམ་པས་བརྡ་ དང་ཐབས་ཀྱིས་བསྟན་པ་དེ་ནི། དྲན་པ་སྤངས་པ་སྦྱིན་པ། དྲན་མེད་མྱོང་བ་ཚུལ་ཁྲིམས། སྐྱེ་མེད་བཟོད་པ། དབྱེར་མེད་བརྩོན་འགྲུས། རྒྱུན་མི་འཆད་པ་བསམ་གཏན། བློ་ལས་འདས་པ་ཤེས་རབ། རྟོགས་པར་བྱ་བ་ཐབས། བདུད་རྣམས་བཅོམ་པས་སྟོབས་ སྐུ་གསུམ་ཐོབ་པ་སྨོན་ལམ། སངས་རྒྱས་ཀྱི་དགོངས་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ན། གཞན་ནས་གཉེན་པོ་མི་ཚོལ་བས། །རྨོངས་པ་དག་ལ་གཉེན་པོ་གང་ཡང་མེད། །ཆོས་ཉིད་སྟོང་པ་ཉིད་ཀྱི་མེས་བསྲེགས་པས་ནི་སྟོང་པ་ཉིད་དུ་མ་གྱུར་པ་གང་ཡང་མེད་ དོ། །དེ་བས་ཀྱང་སེམས་ཉིད་ཀྱི་དབྱིངས་བློ་ལས་འདས་པ་དང་ཐུག་ཕྲད་དུ་གྱུར་པའི་དུས་སུ་ཡིད་ལ་བྱས་པ་གང་ཡང་མེད་དེ། སྣང་བ་ཐུག་ཕྲད་ནི་དྲན་པའོ། །སྟོང་པ་ཐུག་ཕྲད་ནི་དྲན་མེད་དོ། །སྐྱེ་མེད་ཐུག་ཕྲད་ནི་དེ་ཉིད་མ་སྐྱེས་པའོ། །རྟོགས་པར་གྱུར་པའི་རྣལ་འབྱོར་ པས་ནི། གང་དང་གང་ཕྲད་པ་དེ་ནགས་ལ་མཆེད་པའི་མེ་ལྕེ་བཞིན། རྣམ་པར་ཐར་པ་སྒོ་གསུམ་གྱི་མན་ངག་གིས་ཤེས་པར་བྱས་ལ། གདོང་དུ་སྣ་ཚོགས་ཤར་བ་དེ་དག་བླང་བ་དང་དོར་བ་གང་ཡང་མེད་པས། གདོང་དུ་བབ་པ་འདི་ལྟར་སྣང་བ་ཀུན། །ཆོས་ཐམས་ཅད་ ཀྱི་རྩ་བ་ནི་སེམས་ཡིན་ལ། སེམས་ནི་སྟོང་པ་ཉིད་དོ། །སྟོང་པ་ཉིད་གང་ཡིན་པ་དེ་ནི། བློའི་ཡུལ་མ་ཡིན་པ། བློའི་ཡུལ་མ་ཡིན་པ་གང་ཡིན་པ་དེ་ནི། བསྒོམ་པར་བྱ་བ་མ་ཡིན་པས། སེམས་ཀྱི་རྩ་བ་སྟོང་པ་ཉིད་དང་ལྷན་ཅིག་བྱོས།། །།ད་ནི་ཞེན་པའི་སྐྱོན་ཏིལ་ གྱི་ཤུན་པའི་དཔེས་བསྟན་པར་བྱའོ། །དེ་ལ་ཡིད་ལ་བྱས་པས་ནི་ཁམས་གསུམ་ལས་ཐར་བར་མི་འགྱུར་གྱི། དེ་ཡང་དབང་གི་ཉམས་མྱོང་ཡིད་ལ་བྱེད་ན་འདོད་པའི་ཁམས། ལྷ་དང་ལྷ་མོའི་དཀྱིལ་འཁོར་ཡིད་ལ་བྱེད་ན་གཟུགས་ཀྱི་ཁམས། སྟོང་པ་ཉིད་ཀྱི་ཞི་གནས་ ཡིད་ལ་བྱེད་ན་གཟུགས་མེད་པའི་ཁམས་སུ་འདྲེ་བར་འགྱུར་བས། གལ་ཏེ་ཡིད་དུ་འོང་བ་སྙམ་པའི་སེམས། །དེ་ཡང་གང་དང་གང་ལ་ཞེན་པར་བྱས་ཀྱང་ཁམས་གསུམ་གྱི་སྡུག་བསྔལ་དུ་འགྱུར་བ་ནི། བདེ་བ་འདོད་པའི་ཁམས་གསལ་བ་ གཟུགས་ཀྱི་ཁམས། མི་རྟོག་པ་གཟུགས་མེད་པའི་ཁམས་སུ་གང་ཡང་རུང་བའི་ཡིད་ལ་བྱས་ན་ནི། དེ་དང་བྲལ་བར་མི་ཕོད་པས། །སྙིང་ལ་གཅེས་པར་བྱས་ནས་ནི། །འཕགས་པ་རྣམས་ཀྱིས་སྲིད་པའི་རྩེ་མོ་ནས་སྡུག་བསྔལ་དུ་ཤེས་ལ། འཁོར་བའི་སེམས་ ཅན་གྱིས་དམྱལ་བ་ངལ་སོ་བ་ལ་ཡང་བདེ་བར་མཐོང་ངོ་། །མཁས་པ་རྣམས་ནི་མིག་དང་འདྲ་ལ། ཏིལ་གྱི་ཤུན་པ་ཙམ་ལ་ཡང་ཞེན་པར་མི་བྱེད་དོ། །མི་མཁས་པ་རྣམས་ནི་མགོ་ལུས་དང་འདྲ་ལ། རྣམ་པར་རྟོག་པ་ལ་བདེ་བར་མཐོང་ངོ་། །དེའི་ཕྱིར་སྟོན་པའི་བཀའ་ ལ་སྟོང་པ་ཉིད་བསྒོམས་པས་གྲོལ་ལོ་ཞེས་གསུངས་ཀྱང་། སྣང་བ་ལ་ཞེན་པའི་གང་ཟག་གི་དོན་དུ་ཡིན་གྱི། སྟོང་པ་ཉིད་ལ་ཡང་རློམ་སེམས་སུ་བྱེད་ན། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ཡིད་ལ་མ་བྱས་པ་ནི་མ་རྟོགས། ཡིད་ལ་བྱས་པ་འབའ་ཞིག་ འཁོར་བའི་རྒྱུར་གྱུར་པས། ནམ་ཡང་སྡུག་བསྔལ་འབའ་ཞིག་བྱེད་པར་ཟད།། །།ད་ནི་ཕག་དང་གླང་པོ་ཆེའི་དཔེས་བསྟན་པར་བྱའོ། །དེ་ལ་ཡང་གཉིས་སོ། །དབང་པོའི་མངོན་སུམ་དང་། རྣལ་འབྱོར་གྱི་མངོན་སུམ་གྱིས་བསྟན་པ་དང་། བླང་དོར་མེད་པ་ ཕག་པའི་དཔེ་དང་། ཉམ་ང་མེད་པ་གླང་པོ་ཆེའི་དཔེས་བསྟན་པར་བྱའོ། །དེ་ལྟར་དབང་པོའི་མངོན་སུམ་གཏན་ལ་ཕབ་པ་ནི། ཡིད་ཀྱིས་གང་ཡང་རུང་བ་ཅིག་དྲན་དུ་བཅུག་ལ། དེ་ཡིད་ཀྱི་དབང་པོས་སྣང་ལ་རང་བཞིན་མེད་ལ་ཤེས་པ་གཏད་པའི་དུས་སུ། སྣང་བ་སྟོང་པ་དབྱེར་མེད་པ་དབང་པོའི་མངོན་སུམ་ཡིན་གྱི། རྣལ་འབྱོར་གྱི་མངོན་སུམ་ནི་མ་ཡིན་ནོ། །རྣལ་འབྱོར་གྱི་མངོན་སུམ་ད་ལྟའི་དུས་མ་ཡིན་ཟེར་ཏེ། བླ་མ་དམ་པས་བརྡས་བསྟན་ན་ད་ལྟར་གྱི་དུས་ཡིན་ནོ། །བརྡའི་སྒོ་ནས་བསྟན་པ་དང་། ངག་གི་སྒོ་ ནས་བསྟན་པས་གདམས་ངག་ཅེས་བྱ་སྟེ། བརྡ་ནི་ལུས་ཀྱི་བརྡ་དང་། ངག་གི་བརྡ་དང་། ཡིད་ཀྱི་བརྡའོ། །དེ་ཡང་སྣང་བའི་བརྡ་དང་། སྟོང་པའི་བརྡ་དང་། སྐྱེ་བ་མེད་པའི་བརྡས་ཤེས་པར་བྱའོ། །ངག་གིས་ནི་དྲན་པ་མྱོང་བ་དང་། དྲན་མེད་མྱོང་བ་དང་། སྐྱེ་མེད་མཐོང་བ་དང་། བློ་ལས་འདས་པ་ཡིན་པར་ཡིད་ཆེས་པས་སོ། །དེ་ཡང་མངོན་སུམ་རྣམ་པ་བཞིས་སོ། །དབང་པོའི་མངོན་སུམ་ནི་དྲན་པ་ཡིན་པ་ལ་རྣལ་འབྱོར་གྱི་མངོན་སུམ་ནི་བློ་ལས་འདས་པ་ཡིན་ནོ། །འདྲ་འདྲ་འདྲ་ལ་མི་འདྲ་བ་ཕག་དང་གླང་ པོ་ནི་ཨུ་པ་དེ་ཤ་ཞེས་བྱ་བ་ཡིན་ཏེ། ཨུ་པ་ནི་བརྡ་ཉེ་བར་མཚོན་པ་ཡིན་ལ་དེ་ཤ་ནི་ཡུལ་ཡིན་ནོ། །དེ་ཡང་ཡིད་ཀྱིས་ཡིད་ལ་བྱར་མི་བཏུབ་པ་ནི། དྲན་མེད་སྐྱེ་མེད་བློ་ལས་འདས་པ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཡུལ་ལོ། །སངས་རྒྱས་ཀྱི་ཡུལ་གང་ ཡིན་པ་དེ་ནི། སེམས་ཅན་གྱིས་མི་བསྒོམ་མོ། །སེམས་ཅན་གྱིས་མི་བསྒོམ་པ་གང་ཡིན་པ་དེ་ནི། རྣལ་འབྱོར་པ་རྣམས་ཀྱི་ཐུགས་དམ་མོ། །འོ་ན་སེམས་ཅན་པ་དང་། རྣལ་འབྱོར་པ་དང་། སངས་རྒྱས་པ་དང་། ཆོས་ཉིད་ཐ་དད་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཆོས་ཉིད་གཅིག་པ་ལ། སེམས་ཅན་གྱིས་དྲན་པའི་རྣམ་པར་རྟོག་པ་དོན་དམ་དུ་མཐོང་ལ། རྣལ་འབྱོར་པས་ནི་དྲན་པ་དེ་ཉིད་གློ་བུར་བར་སྣང་བའོ། །དེའི་ཕྱིར་སེམས་ཅན་གྱི་སྣང་བ་ནི་སྣང་སྟོང་དབྱེར་མེད་ཡིན་ལ། རྣལ་འབྱོར་པའི་བདེ་སྟོང་དབྱེར་མེད་ནི་མ་ཡིན་ པས་སོ། །ཡང་ན་སྣང་བ་བརྙགས་པས་སྟོང་པ་ཡིན་པར་གོ། །སྟོང་པ་ཉིད་ལས་སྣ་ཚོགས་མྱོང་བས་སྣང་བ་ཡིན་པར་གོ། །དེ་གཉིས་དབྱེར་མེད་པ་དབང་པོའི་མངོན་སུམ་ཡིན་ཏེ། ཐར་པ་ཐོབ་པར་བྱེད་པའི་ལམ་མ་ཡིན་པས་ན་དེ་ནི་མ་ཡིན་ནོ། །དེ་ལྟར་ ཡིན་ཏེ་དེ་ནི་མ་ཡིན་ནོ། །དེ་ལྟ་བུ་དེ་ཀླུ་དཥ་ཀའི་གཙུག་གི་ནོར་བུ་རྒྱན་གྱི་མན་ངག་བཞིན་ནོ། །ཉམས་སུ་བླང་བར་དཀའ་བ་མ་ཡིན་གྱི། དེ་ལྟ་བུ་དེ་བླ་མ་དམ་པའི་ཞལ་གྱི་དྲིན་གྱིས་རྟག་ཏུ་བལྟ་བར་འདོད་པས། གཙང་བཙོག་མེད་པས་ཕག་པ་དང་འདྲ་ལ། ཉམ་ང་མེད་ པས་གླང་པོ་ཆེ་དང་འདྲའོ། །གྲོགས་པོ་གཉིས་ཀྱི་མ་མཐོང་བའི་མིང་སོ་སོར་བཏགས་པའི་སྒྲུང་བརྒྱུད་བཞིན་དུ། ཕྱོགས་སུ་མི་ལྟུང་བས། གྲོགས་པོ་ཕག་དང་གླང་པོར་ལྟོས།། །།ད་ནི་ཡིད་བཞིན་གྱི་ནོར་བུའི་དཔེས་བསྟན་པར་ བྱའོ། །སེམས་ཡིད་བློ་རྣམ་པར་ཤེས་པ་རིག་པ་དྲན་པ་མེད་ན། སེམས་ཅན་གྱི་དགོངས་པ་ཇི་ལྟར་བྱ་ཞེ་ན། དེ་དག་ལྡན་གྱི་བར་དུ་སེམས་ཅན་ཞེས་བྱའོ། །དེ་དག་ཀུན་དབྱིངས་སུ་དག་ལ་ཡིད་ལ་མེད་པས། འགྲོ་བ་དང་འགྲོ་བའི་དོན་དུ་སྐུ་ཡིན་པར་སྤྲུལ་ནས། ཇི་ལྟར་ཡིད་བཞིན་ནོར་བུའི་དགོངས་པ་བཞིན། །འཁྲུལ་པ་ནི་སེམས་ཅན་རྣམས་ཀྱི་རང་རང་གི་རྣམ་པར་རྟོག་པ་ཡིན་ལ། དེ་ཡང་སེམས་ལས་བྱུང་བའི་དྲན་པ་ཁོ་ནའོ། །རྣལ་འབྱོར་པ་རྣམས་ཀྱིས་དྲན་པ་གློ་བུར་བར་ཤེས་ལ། རྟག་ཏུ་དྲན་པ་མེད་ཅིང་ཡིད་ལ་བྱ་བ་ མེད་པར་རྟོགས་པས། འཁྲུལ་པ་ནི་རང་བཞིན་གྱིས་ཞི་ལ། སངས་རྒྱས་ཀྱི་དགོངས་པ་ནི་རང་གིས་ལྷུན་གྱིས་གྲུབ། སེམས་ཅན་རྣམས་ཀྱི་སེམས་ཀྱི་དངོས་པོའི་གནས་ལུགས་ཤེས་པས། འཁྲུལ་པ་ཞིག་པའི་མཁས་པ་ངོ་མཚར་ཆེ། །དེ་གང་ལ་གང་གིས་བསྟན་ པར་བྱ་ཞེ་ན། རང་ལ་གནས་པ་རང་ལ་རང་གིས་ཤེས་པར་བྱ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བ། །གློ་བུར་གྱི་དྲ་བའི་དྲི་མས་མ་གོས་པ། རྒྱུན་མི་འཆད་པའི་བསམ་གཏན་གྱི་བག་ཆགས་བློ་ལས་འདས་པ་བདེ་བ་ཆེན་པོའི་ངང་ལ་གནས་པས། རང་ལ་རང་གི་བདེ་ བ་ཆེན་པོའི་བག་ཆགས་གཟུགས་དེ་ལྟར་རྟོགས་པའི་ཚེ། སེམས་ལས་བྱུང་བའི་དྲན་པ་ནི་སྤྲིན་བཞིན་ཡལ། སྟོན་ཀའི་ཉི་མ་ཕྱེད་ཀྱི་དྲི་མ་དག་པའི་ནམ་མཁའ་ལྟར། དུས་རྟག་ཏུ་མཉམ་པ་ཉིད་ལ་གནས་པས། ཐམས་ཅད་དེ་ཚེ་མཁའ་མཉམ་བྱེད་པར་འགྱུར།། །། ད་ནི་ཀཱ་ལ་ཀཱུ་ཊའི་དཔེས་བསྟན་པར་བྱ་སྟེ། ཀཱ་ལ་ཀཱུ་ཊ་ནི་ནག་པོ་བརྩེགས་པའི་དུས་སྐད་ཅིག་མ་བརྩེགས་པ་ཡིན་ཏེ། དེ་ཡང་སྣོད་བརྟག་པར་བྱ་བ་གསེར་གྱི་གཏེར་རྙེད་པའི་སྒྲུང་བརྒྱུད་དང་། རང་གིས་ཉམས་སུ་མྱོང་བ་དྲན་དུ་མ་བཏུབ་པའི་དཔེ་སྦྲུལ་གྱི་སྒོང་ཟོས་པའི་ སྒྲུང་བརྒྱུད་དང་། བློའི་སྤྱོད་ཡུལ་མ་ཡིན་པས་ཚིག་གིས་བརྗོད་དུ་མེད་པ་ནི། ཤིན་ཏུ་རྣམ་པར་དག་པ་ལ་ཡེ་ཤེས་ཞེས་མིང་མེད་པ་ལ་མིང་དུ་བཏགས་པས་འཁྲུལ་པ་ནི། སྤུན་ལྔ་ལས་བཞི་ཤི་ནས་གཅིག་ལུས་པ་དེ་རྟག་ཏུ་འབོགས་པའི་སྒྲུང་བརྒྱུད་དང་། རྒྱ་མཚོ་བསྲུབས་ པ་ལས་ཐ་མ་ཀཱ་མ་ལ་ཀཱུ་ཊ་བྱུང་བ་དེ་དབང་ཕྱུག་ཆེན་པོས་མགྲིན་པ་ལ་བཞག་ནས། དེའི་གཉེན་པོ་ཀླུའི་རྒྱལ་པོ་ནོར་རྒྱས་སྙན་ཆ་བྱས་པའི་སྒྲུང་བརྒྱུད་དང་། བྱི་བ་དུག་ཅན་གྱིས་སོས་བཏབ་པས་དྲན་པ་ཙམ་གྱིས་ན་བའི་སྒྲུང་བརྒྱུད་དང་། དུག་གི་སྡོང་པོ་དང་དེའི་གཉེན་ པོ་ཙནྡན་སྦྲུལ་གྱི་སྙིང་པོ་ཞེས་བྱ་བའི་སྡོང་པོ་གཉིས་གཅིག་ཏུ་བསྲེགས་པའི་ཐལ་བ་དབྱེར་མི་ཕྱེད་པའི་སྒྲུང་བརྒྱུད་ཀྱིས་བསྟན་ལ། མདོར་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ནི། ཤེས་དང་ཤེས་བྱས་འཇལ་དུ་མི་བཏུབ་པའི་ཚིག་བླ་དགས་ཀྱི་བརྡ་ ཡིན་ཡང་། ད་ལྟར་ཡིན་ན་ཡང་བླ་མ་དམ་པའི་བཀའ་དྲིན་གོ་བ་མེད་པའི་གོ་བ། རྟོགས་པ་མེད་པའི་རྟོགས་པ། ཤེས་པ་མེད་པའི་ཤེས་པ་དེ་ནི་བརྡས་བསྟན་པའི་དུས་སུ། བློ་ལས་འདས་པ་ཚིག་ལས་འདས་པ་ཐ་སྙད་ལས་འདས་པ་གང་ཡིན་པ་དེ་དྲན་ པ་མི་རུང་ལ་བརྗོད་དུ་མི་རུང་བས། ཀཱ་ལ་ཀཱུ་ཊ་སྨོས་སུ་མི་རུང་བ་སྟེ། དྲན་དུ་མི་རུང་ན་ཇི་ལྟར་དྲན་པར་བྱ་ཞེ་ན། དེའི་རང་བཞིན་ནི་ཇི་ལྟར་ནམ་མཁའ་ལ་སྤྲིན་ལ་སོགས་པ་དེ་ལས་བྱུང་ཞིང་དེ་ལ་ཐིམ་ཞིང་དག་པ་དེ་བཞིན་དུ་སེམས་ནམ་མཁའ་དང་མཚུངས་པ་ ལས། དྲན་པའི་བཟང་རྟོག་དང་ངན་རྟོག་དཀར་ནག་གི་ཆོས་ཇི་སྙེད་པ་དབྱིངས་སུ་དག་ནས། རང་བཞིན་མཁའ་མཉམ་ཡིད་ཀྱིས་འཛིན་པ་ཡིས། །ཡིད་ལ་བྱས་པའི་ཆོས་ཐམས་ཅད་ནི་མི་དགེ་བ་ཡིན་ལ། ཡིད་ལ་མ་བྱས་པའི་ཆོས་ཀུན་སངས་རྒྱས་ཀྱི་དགོངས་པ་ ལ་སྐྱེལ་ཤེས་ན་ཡིད་དེ་ཡིད་མ་ཡིན་པར་བྱེད་འགྱུར་ན། ཆོས་རྣམས་ཀྱི་གཞི་ནི་ལྷན་ཅིག་སྐྱེས་པ་ཡིན་ཏེ། ལྷན་ཅིག་སྐྱེས་པ་ནི་རང་བཞིན་གྱིས་རྣམ་པར་དག་པ་ལ། ཀུན་དུ་བཟང་པོ་ཡིན་པས། རང་བཞིན་ལྷན་ཅིག་སྐྱེས་པ་མཆོག་ཏུ་མཛེས། །ཕྱིའི་ཡུལ་དང་ ནང་གི་ཡུལ། བརྗོད་བྱ་དང་བརྗོད་པ་ཇི་སྙེད་པ་དེ་ནི་ལྷན་ཅིག་སྐྱེས་པ་ལས་ལོགས་ན་མ་གྲུབ་པས། ཁྱིམ་དང་ཁྱིམ་ན་བདེ་བ་བརྗོད་པ་སྟེ། །དེ་ལྟར་སེམས་ཅན་དང་སངས་རྒྱས་དབྱེར་མི་ཕྱེད་པའི་བདེ་བ་ཆེན་པོའི་གནས་ཁྱད་པར་འཕགས་པ་མ་ཤེས་ པས། བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མིན། །དེ་ཅིས་ལན་ཞེ་ན། འགྲོ་བ་འདི་དག་ནི་རང་རང་གི་དྲན་པའི་རྣམ་པར་རྟོག་པའི་ཁུར་བུས་རང་གི་སེམས་ལ་ཁལ་བཀལ་ནས། འགྲོ་བ་རིགས་དྲུག་གི་གྲོང་ནས་གྲོང་དུ་འཕོ་བས། འགྲོ་ཀུན་སེམས་ཁྲལ་ཁུར་བར་ མདའ་བསྣུན་སྨྲ། །འགྲོ་བ་རིགས་དྲུག་གི་གྲོང་དུ་མི་གཏོང་ན། བསམ་དུ་མེད་པ་བསྒོམ་དུ་མེད་པས། དྲན་དུ་མེད་པ་རྟོགས་དགོས་ཏེ། རྟོགས་པ་ཙམ་ཁུར་ལྕི་བས་མནན་པའི་གང་ཟག་གང་ཡང་རུང་བ་ཅིག་གིས་ཁུར་བོར་བ་བཞིན་དུ། དྲན་པའི་རྣམ་པར་རྟོག་པ་ དང་འབྲེལ་པ་མེད་པར་བྱ། བླ་ན་མེད་པའི་འབྲས་བུ་སྟེར་བའི་བསམ་དུ་མེད་པ་མ་རྟོགས་པས། དེ་ནི་བསམ་མེད་སུས་ཀྱང་རྟོགས་མ་ཡིན།། །།ད་ནི་རོ་མ་སྟོར་བ་ལ་ལན་ཚྭ་ཆུ་ལ་ཐིམ་པའི་དཔེས་བསྟན་པར་བྱའོ། །སངས་རྒྱས་ཀྱི་དགོངས་པ་ནི་སེམས་ཅན་ གྱིས་བསྒོམ་མི་ཤེས་ལ། སེམས་ཅན་གྱི་རྣམ་རྟོག་དྲན་པ་འདི་ལ་སངས་རྒྱས་ཀྱིས་ཞེན་པར་མི་མཛད་པའི་གནས་ལུགས་བདེ་བ་ཆོས་སྐུ། གསང་བ་ལོངས་སྐུ། ཡན་ལག་སྤྲུལ་སྐུ། ངོ་བོ་ཉིད་ཀྱིས་སྤྲོས་པ་དང་བྲལ་བས། བདེ་གསང་ཡན་ལག་ཡོངས་སུ་སྤངས་ པ་ན། །སོ་སོ་སྐྱེ་བོའི་བསྒོམ་པ་ནི་བསམ་པ། བསམ་པ་ནི་དྲན་པ། དྲན་པ་ནི་རྟོག་པ། རྟོག་པ་ནི་འཁོར་བ། འཁོར་བ་ནི་མི་རྟག་པ་ལ་སོགས་པས་གཡོས་པར་བྱེད་དོ། །རྣལ་འབྱོར་པ་རྣམས་ཀྱི་རྒྱུན་མི་འཆད་པ་རྣམས་ཀྱི་བསམ་གཏན་མི་བསྒོམ། མི་བསྒོམ་ པས་ནི་མི་བསམ་པ། མི་བསམ་པས་ནི་མི་དྲན་པ། མི་དྲན་པས་ནི་མི་རྟོག་པ། མི་རྟོག་པས་ནི་མི་འཁོར་བའོ། །མི་འཁོར་བས་ནི་མི་གཡོ་བ་དེ་ནི་བསྒོམ་པ་དང་མི་བསྒོམ་པ་ཁྱད་པར་མེད་པས། བདག་ནི་མཉམ་པར་གཞག་ཅེའམ་ལངས་ཞེས་རློམ་སེམས་མེད། བསྒོམ་དང་མི་བསྒོམ་དབྱེར་མེད་བདག་གིས་མཐོང་། །ཕྱི་རོལ་གྱི་ཡུལ་ལ་བརྟེན་ནས་ནང་གི་ཡུལ་དྲན་པས་མྱོང་ལ། བྲམ་ཟེ་མ་ཡིན་པ་བོས་ལ་ཤོག་བྱས་པའི་དཔེ་དེ་བཞིན་དུ། དེ་ལས་ཡེངས་ཀྱི་བར་དུ་གཞན་དྲན་པ་མེད་པ་དེ། ཡུལ་གྱིས་མཚོན་པས་གཞན་དག་ བསམ་པར་བྱེད། །སེམས་དང་སེམས་ལས་བྱུང་བའི་མི་རྒྱུ་བ་གང་ཡིན་པ་དེ། གདམས་ངག་གིས་བསྟན་པས་དེ་ཉིད་ངོ་ཤེས། རྣམ་རྟོག་དྲན་པ་དེ་རང་བཞིན་གྱིས་ཡལ་བས། དེ་ཉིད་བསམ་པས་རྣམ་རྟོག་རང་བཞིན་འགག་པར་འགྱུར། གལ་ཏེ་སེམས་ཀྱི་རང་ བཞིན་ནི་དྲན་པ་མེད་ཅིང་རྣམ་པར་རྟོག་པ་མེད་ལ། སེམས་ལས་བྱུང་བ་དྲན་པ་དེ་ཡང་སེམས་ལས་ལོགས་ན་མ་ཡིན་པ་དེས་མཚོན་དུ་འགྲོ་བས། གལ་ཏེ་སེམས་ཀྱིས་སེམས་ནི་མཚོན་དུ་འགྲོ། །དེ་ལྟར་རྟོགས་པའི་དུས་སུ་ཀུན་གཞི་རྣམ་ཤེས་ཡིད་དེ་དང་། ཕྱི་རོལ་ རྐྱེན་གྱིས་དྲན་པ་གློ་བུར་བ་དེ་དག་ནི། གཡོ་བ་མེད་པའི་ཏིང་ངེ་འཛིན་གྱི་དབྱིངས་སུ། རྣམ་རྟོག་དང་ནི་ཡིད་ནི་མི་གཡོ་བརྟན་པར་གནས། །ཆོས་རྣམས་ཀྱི་ངོ་བོ་ཉིད་བློས་རེག་ཏུ་མི་བཏུབ་ལ། བློ་དང་རིག་པ་ནི་རྐྱེན་ལ་རག་ལུས་པས་གློ་བུར་བ་ཡིན་ནོ། །གློ་བུར་བ་ནི་ དངོས་པོ་མེད་པའོ། །འཁྲུལ་པའི་དུས་སུ་དངོས་པོ་མཐོང་ཡང་། མ་མཐོང་བའི་ཆོས་ཉིད་ལ་བདེ་བའི་རོ་མ་སྟོར་བས། ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་ཇི་སྙེད་པ་དེ་ནི་སྐྱེ་བ་མེད་པའི་དབྱིངས་སུ་ཐིམ་པས། ། དེ་ལྟར་སེམས་ནི་རང་བཞིན་ལ་ཐིམ་འགྱུར། །བདག་གི་དོན་དུ་སངས་རྒྱས་པ་ནི་སྐྱེ་བ་མེད་པ་ཆོས་ཀྱི་སྐུའོ། །གཞན་གྱི་དོན་དུ་འཚང་རྒྱ་བ་ནི་གཟུགས་སྐུ་རྣམ་པ་གཉིས་མཉམ་པ་ཉིད་ལ་གནས་པས་ཐ་དད་པ་མ་ཡིན་ཏེ། བདག་དང་སེམས་ཅན་ལ་སོགས་པ་མི་དམིགས་ པས། དེ་ཚེ་བདག་དང་གཞན་ནི་མཉམ་པར་མཐོང་། །མཉམ་པ་ཉིད་ནི་དུས་ལ་ཐ་དད་མེད་པས་རྩོལ་བ་དང་འབད་པ་བྱས་པས་ཐོབ་པ་མ་ཡིན་གྱི། སྤྱོད་པ་ངེས་པ་མེད་པར་རྟོགས་པས་དྲན་པས་མི་གོས་པ་ཙམ་ཡིན་གྱི། དྲན་པ་ལ་འབད་པས་བསམ་གཏན་དུ་མ་གྱུར་ པས། འབད་དེ་བསམ་གཏན་བྱས་པས་ཅི་བྱར་ཡོད།། །།ད་ནི་ཆུ་དང་མར་མེའི་དཔེས་བསྟན་པར་བྱའོ། །ཆོས་རྣམས་ཀྱི་གཞི་དྲན་མེད། ལམ་སྐྱེ་མེད། འབྲས་བུ་བློ་ལས་འདས་པའི་ཕྱིར། དང་པོའི་སེམས་ཉིད་ཆོས་ཉིད་ནམ་མཁའི་ མཚན་ཉིད་གང་ཡང་མིང་དུ་གདགས་པ་མ་མཆིས་པ་གང་ཡིན་པ་དེ་ནི་དང་པོ་རྒྱུ་དང་། རྐྱེན་གྱིས་མ་བསླད་པ་དེ་ལ་ལྷ་ཞེས་བྱའོ། །དེ་ལྟ་བུ་དེ་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་རང་རང་གི་གཞུང་ཐེན་ནས་ལྷ་དུ་མར་སྣང་ངོ་། །དེ་ལྟར་རྟོགས་པར་བྱེད་ལ་ལན་རེ་བདེན་པ་ གཉིས་སུ་འདོད། ཀུན་རྫོབ་ཀྱི་བདེན་པ་ནི་མི་བདེན་ལ། དོན་དམ་པའི་བདེན་པ་ནི་དམིགས་སུ་མེད་པས། དེ་ཉིད་ལུང་རིགས་པ་བསྟན་བཅོས་ཀྱིས་འཇལ་དུ་མི་བཏུབ་པ་ལྷ། ལྷན་ཅིག་ལ་ནི་ལུས་རྣམས་མང་པོར་མཐོང་། །རྟག་ཆད་ལ་སོགས་པའི་ལྟ་བ་དང་རང་ གི་འདོད་གཞུང་ཐེན་པས་ལྷ་ཉིད་མ་རྟོགས་སོ། །དཔེར་ན་སྔར་མཐོང་བའི་མི་རྣམས་ཀྱིས། མུན་ནག་ནང་ན་གླང་པོ་ཆེ་ལ་རེག་པ་ལ་ལ་ལའི་སེམས་ལ་ཤར་ལུགས་མི་བདེན་པ་བཞིན་དུ། རང་འདོད་པའི་མང་པོ་གསལ་བར་སྣང་། གླང་པོ་ཆེ་དེ་ཉིད་མུན་པ་དཀར་བའི་ ནང་ཕྱུང་བས། གང་དང་ཡང་མི་འདྲ་བ་དེ་བཞིན་དུ། བླ་མ་དམ་པས་བསྟན་པས་སྒྲ་དང་ཚད་མ་དང་། ལུང་དང་བསྟན་བཅོས་མཁས་པ་རྣམས་ཀྱིས་མ་རྟོགས་པས། མགོན་པོ་བདག་ཉིད་གཅིག་པུ་གཞན་རྣམས་འགལ། །འོ་ན་ཕྱི་ནང་གི་ཡུལ་ལས་ལོགས་ན་ ཅིག་གྲུབ་མཐའ་ཡིན་ནམ་ཟེར་བ་ལ་མ་ཡིན་ཏེ། ཕྱིའི་ཡུལ་གཟུགས་ལ་སོགས་པ་དང་། ནང་གི་ཡུལ་དྲན་པ་ལ་གླེང་ཞེན་ཡང་གྲུབ་མཐའ་ལོགས་ནས་ཚོལ་མི་དགོས་པས། ཁྱིམ་དང་ཁྱིམ་ན་གྲུབ་མཐའ་དེ་གྲུབ་པའོ། །ཀུན་རྫོབ་ཀྱི་ཆོས་རྣམས་ནི་དྲན་པ་ཁོ་ ན་ལ་བསྡུས་ལ། དྲན་པ་དེ་ཡང་འདས་པ་ནི་བརྗེད་ལ། མ་འོངས་པ་ནི་མ་དྲན་པས། ད་ལྟར་ནི་དེ་ལས་ལོགས་ན་དྲན་དུ་མེད་དེ། དྲན་པ་དེ་ཉིད་ཟས་སུ་ཤེས་པས་གཞན་གང་ཡང་བསམ་མི་དགོས་སོ། །དཔེར་ན་རས་བལ་གྱི་ཕུང་པོ་མེས་ཚིག་པ་དང་འདྲ་ ལ། དྲན་པ་ཚིག་པར་འགྱུར་རོ། །སྐྱུར་པོ་སྔར་ཟོས་པ་ཅིག་གིས་ཕྱིས་མཐོང་བ་ཙམ་གྱིས་རོ་བྲོ་བ་བཟའ་མི་དགོས་པ་དེ་བཞིན་དུ། གཅིག་གི་རང་བཞིན་ཤེས་པས་ཀུན་གྱི་རང་བཞིན་ཤེས་སོ། །གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་ པ་ཤེས་པར་འགྱུར་རོ། །གཅིག་ཟོས་པས་ནི་གཞན་ཀུན་འཚིག །དེ་མ་རྟོགས་པས་རྣམ་རྟོག་འབའ་ཞིག་པ་དྲན་པ་བསྒོམ་པ་ནི། ཕྱི་རོལ་པ་དང་ཁྱད་པར་མེད་པས། ཕྱི་རོལ་སོང་ནས་ཁྱིམ་བདག་ཚོལ། །ཆོས་ཉིད་ཡང་དག་དོན་གྱི་དངོས་གཞི་ནི། །འགྲོ་བ་ དང་འོང་བ་མེད་པའོ། །དེ་བློ་དང་རིག་པའི་ཡུལ་མ་ཡིན་པས། འོངས་ཀྱང་མ་མཐོང་ཕྱིན་ཀྱང་མེད་ལ། ལུས་དང་གྲིབ་མ་བཞིན་དུ་རྟག་ཏུ་སྤྲོས་པ་མེད་པའི་བདེ་བ་དང་། འགྲོགས་པ་ལ་དེ་ངོ་མ་ཤེས་པས་འདུག་པར་གྱུར་ཀྱང་ངོ་མ་ཤེས། ཉོན་མོངས་པའི་རླུང་ དང་། གཟུགས་སྒྲ་ལ་ཡེངས་པ་དང་། ཉམས་སུ་མྱོང་བ་ལ་ཡེངས་པ། ཤེས་བྱའི་རླབས་དག་གིས་མི་ཚུགས། རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་ལ་དབང་དུ་སྒྱུར་བས། དབའ་རླབས་མེད་པའི་དབང་ཕྱུག་མཆོག །རྐྱེན་ རྣམ་པ་གསུམ་གྱིས་མ་བསླད་པས་བག་ལ་ཉལ་ལས་བསྒྲིབས་པ་གང་ཡང་མི་ལྡན་ལ། འབད་པ་མེད་པའི་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་དུ་གྱུར་པས། རྙོག་པ་མེད་པའི་བསམ་གཏན་འགྱུར། །ཇི་ལྟར་ཆུ་མ་རློགས་པའི་ནང་ན། ཟླ་བ་དང་མར་མེའི་གཟུགས་བརྙན་ཤར་བ་ དེ་ནི་ཆུ་ལ་སོགས་པ་མ་ཡིན་པ་བཞིན་དུ། རྣལ་འབྱོར་པའི་སེམས་དངས་མ་ལས་སྣ་ཚོགས་དྲན་ཡང་དེ་ཉིད་ཡིན་པས། ཆུ་དང་མར་མེ་རང་གསལ་གཅིག་པུར་ཞོག །དེ་ལྟར་རྟོགས་པའི་རྣལ་འབྱོར་པ་ཡིན་པས། གང་ཡང་མི་ལེན་ལ་གང་ཡང་མི་འདོར་བས། ཐམས་ཅད་ཆོས་ཉིད་ཀྱི་ཆོ་འཕྲུལ་ཅིར་ཡང་འགྲོ་འོང་དུ་སྣང་བས། འགྲོ་འོང་ང་ཡིས་མི་འདོར་མི་ལེན་ནོ། །ཐོག་མ་མེད་པ་ནས་ཡོད་དང་མེད་ཀྱི་ཐ་སྙད་དང་བྲལ་བ་ནི་བློའི་ཡུལ་ལས་འདས་པ་བདེ་བ་ཆེན་པོ་ནི་གཞིར་གྱུར་པ་རྣལ་འབྱོར་པ་ཐམས་ཅད་ཀྱི་སེམས་ཡིད་བློ་ རིག་པ་དྲན་པ་འཕྲོག་ནུས་པ་གང་ཡིན་པ་དེ། བླ་མ་དམ་པས་བསྟན་པས། གང་ཡང་སྔ་ན་མེད་པའི་སྒེག་མོ་དང་ཕྲད་ནས། ཡིད་འཕྲོག་མ་སྒེག་མོ་དེ་དང་ཉལ་ན། སེམས་ལ་ནི་གཞི་རྩ་མེད་པས། རྟེན་མེད་པ་ལ་བརྟེན་པ་ནི། །བར་སྣང་གི་བྱ་ས་ ཀུ་ནེ་བཞིན་དུ་ས་ལ་མི་འབབ། རྣལ་འབྱོར་པ་རྣམས་ཀྱིས་དྲན་པ་གློ་བུར་བ་ལ་ཡིད་མི་ཆེས་པ། ཉལ་བའི་སེམས་ནི་གཞི་མེད་པ་ལ་བརྟེན། དེ་ལྟར་ཡིན་ན་ཡང་སྣ་ཚོགས་དང་བྲལ་བ་མ་ཡིན་གྱི། དཔེར་ན་རྨི་ལམ་གྱི་དུས་ན་ཡིད་འཕྲོག་མ་དང་སྙོམས་པར་ཞུགས་པས། བདེ་བ་མྱོང་ལ་གཉིད་སད་པའི་དུས་སུ་རང་ལས་ལོགས་ན་གང་ཡང་མེད་པ་དེ་བཞིན་དུ་སེམས་ཉིད་དྲན་པ་མེད་པ་ལས་ལོགས་ན་གང་ཡང་མ་གྲུབ་པས། རང་གི་གཟུགས་དང་ཐ་དད་མ་ལྟ་ཞིག །དེ་ལྟར་རྟོགས་ན་ནི་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡིན་ལ། སྐུ་གསུམ་ ལས་མ་གཡོས་པ་ཡིན་པས། དེ་ལྟར་སངས་རྒྱས་ལག་ཏུ་གཏོད་པ་ཡིན། །དཔེའི་ལྷན་ཅིག་སྐྱེས་པའི་དུས་སུ་ཐིག་ལེ་གཉིས་ལ་ལུས་ངག་ཡིད་དབྱེར་མི་ཕྱེད་པ་བཞིན་དུ། དོན་དམ་པའི་ལུས་རྟོགས་པའི་ཚེ། དེ་ལ་ཡང་གང་ཚེ་ལུས་དང་ངག་ཡིད་དབྱེར་མེད་པ། དེའི་ཚེ་ན་དོན་དམ་པའི་ལྷན་ཅིག་སྐྱེས་པ་ཡིད་ལ་བྱར་མ་བཏུབ་པས། ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཚེ་མཛེས། །དེ་ཅི་ལྟར་ན་རིག་པ་དྲན་པ་ཟོས་ནས་དྲན་མེད་ཀྱིས་ཁམས་གསུམ་ལ་ལོངས་སྤྱོད་པས། ཁྱིམ་བདག་ཟོས་ནས་ཁྱིམ་བདག་མོ་ལོངས་སྤྱོད། །དེ་ལྟར་ གནས་པའི་སེམས་ཉིད་ནམ་མཁའི་མཚན་ཉིད་དང་འདྲ་བས། དྲན་པ་ཅི་བྱུང་ཡང་ཉམ་ང་མེད་པས། ཡུལ་ནི་གང་གང་མཐོང་དེ་སྤྱོད་པར་བྱའོ།། །།ད་ནི་སྒྱུ་མས་བསླུས་པའི་དཔེས་བསྟན་པར་བྱའོ། །དེ་ཡང་རྒྱལ་པོ་སེང་གེ་ཟླ་བའི་སྒྲུང་བརྒྱུད་དང་། །རྒྱལ་པོ་ རང་ལ་སྒྱུ་མ་མཁན་གྱིས་སྒྱུ་མ་བྱས་པའི་སྒྲུང་བརྒྱུད་དང་། རྣལ་འབྱོར་པས་བཞད་གད་བྱས་པའི་སྒྲུང་བརྒྱུད་དོ། །དེ་ལ་སྒྱུ་མ་སྒྱུ་མར་ཤེས་པ་དང་མ་ཤེས་པའོ། །ཆོས་ཉིད་ཡང་དག་པའི་དོན་ནི་མི་འགྱུར་བས་སྣ་ཚོགས་འགྱུར་ཡང་རྟོགས་པ་ལ་འགལ་བ་མེད་དོ། ། མ་རྟོགས་པ་རྣམས་ཀྱིས་སྣ་ཚོགས་མཐོང་ལ་ཆོས་ཉིད་མི་འགྱུར་བ་མ་མཐོང་བས། ང་ཡིས་རྩེད་མོ་བྱས་པ་ལ། སོ་སོའི་སྐྱེ་བོ་ནི་ཕྱི་དང་ནང་གཉིས་ཀྱི་ཡུལ་ལ་ཆགས་ནས། རང་རང་གི་ལས་ཀྱི་རྣམ་པར་སྨིན་པའི་ཁུར་བུ་ཁུར་ནས། བྱིས་པ་རྣམས་ནི་ཤ་ཐང་ཆད། །ཆོས་ རྣམས་ཀྱི་གཞི་དྲན་མེད་ལས་དྲན་པའི་རྣམ་པ་སྐྱེ་བར་འགྱུར་གྱི། དེ་ཉིད་ནི་སྤྲོས་པ་མེད་པའི་ཕྱིར་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དུས་གསུམ་གྱི་བདེ་བར་གཤེགས་པའི་སྐྱེ་གནས་ཡིན་ལ། དེ་ཉིད་མ་རྟོགས་པས་ཁམས་གསུམ་གྱི་སེམས་ཅན་གྱི་སྐྱེ་གནས་ཡིན་ པས་དེའི་ཕྱིར། ཨ་མ་གཞན་ནས་བུ་དེ་སྐྱེ་མི་འགྱུར། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པའི་སྤྱོད་པའི་དཔེ་ནི། གསང་སྤྱོད་རིག་སྤྱོད་ཀུན་དུ་བཟང་པོའི་སྤྱོད་པ་བཞིན་དུ་དུས་ཀྱི་ངེས་པ་མེད་དོ། །ཇི་ལྟར་ནམ་མཁའ་ནི་ཆགས་པའམ་འཇིག་པའི་དུས་མེད་པས། དངོས་ པོ་མེད་པ་ལ་མིང་དུ་བཏགས་པ་བཞིན་དུ། ཕྱག་རྒྱ་ཆེན་པོ་དེ་ཡང་དངོས་པོ་མེད་པ་ལ་དཔེས་མཚོན་དུ་མེད་པས། དེའི་ཕྱིར་རྣལ་འབྱོར་སྤྱོད་པས་དཔེ་དང་བྲལ།། །།ད་ནི་བདག་པོ་ལྟ་བུ་རིག་པའི་ཡེ་ཤེས་ཟོས་པའི་དཔེས་བསྟན་པར་བྱའོ། །དེ་ཡང་བུད་མེད་ཀྱི་གླིང་གི་ སྒྲུང་བརྒྱུད་ཁྱོ་གཞན་ནས་ཚོལ་བ་བཞིན་དུ། རྣལ་འབྱོར་པའི་ཉམས་སུ་མྱོང་ནས་རྐྱེན་ལ་རག་ལུས་པས། ཉམས་སུ་མྱོང་བ་དོན་དམ་པ་ནི་མ་ཡིན་གྱི། དྲན་རིག་གློ་བུར་བཟོས་པས་ཆོས་ཉིད་ཀྱི་ངོ་བོ་ནི་བློ་ལས་འདས་པ་ལ་རང་བཞིན་གྱིས་རྨད་དུ་བྱུང་བས། བདག་པོ་ཟ་ཤིང་ རང་བཞིན་མཛེས། །སེམས་ཉིད་སྤྲོས་པ་དང་བྲལ་བ་ལ། དྲན་པའི་ཆགས་པས་གང་བར་འགྱུར་ཡང་། དེ་ཉིད་ལས་མ་གཡོས་པས་ཆགས་པའི་ཡུལ་གྱིས་གང་བའི་སེམས་དེ་ཉིད། འདོད་ཆགས་མཆོག་དགའ་དྲན་པའི་ཐིག་ལེ། ཆགས་བྲལ་དགའ་བྲལ་དྲན་པ་ མེད་པའི་ཐིག་ལེ། སྤང་བ་ཆོས་ཉིད་སྐྱེ་བ་མེད་པས། ཆགས་དང་ཆགས་བྲལ་སྤངས་ནས་གཉུག་མར་ཞུགས། །རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་སྤྲོས་པ་དང་བྲལ་བ་ལ་སེམས་ཀྱི་མིང་ཡང་མེད་དེ། ཆོས་རྣམས་ཀྱི་སྐྱེ་ས་རྣལ་འབྱོར་མ་ནི་སེམས་མེད་པས་ན། སེམས་ཉམས་པ་ནི་རྣལ་འབྱོར་མ་ངས་མཐོང་། །དེའི་རང་བཞིན་རྣལ་འབྱོར་པ་རྣམས་ཀྱིས་བསམ་དུ་ཡོད་དམ་ཞེ་ན། དྲན་པ་གློ་བུར་བ་ཡིན་པས་ཟས་སུ་ཤེས། མ་དྲན་པ་ནི་ལྟོས་པའི་ཆོས་ཉིད་མཉམ་པ་ཉིད་ཀྱི་རོ་ནི་སྒོམ་དུ་ཤེས། དེ་གཉིས་ ལ་བསམ་པས་དགོས་པ་མེད། དེའི་ཕྱིར་གང་ཡང་མི་བསྒོམ་པས། ཟ་ཞིང་འཐུང་ལ་བསམ་དུ་མེད། །སེམས་ཉིད་ནི་སྤྲོས་པ་དང་བྲལ་བ་ནམ་མཁའ་དང་འདྲ། སེམས་ལས་བྱུང་བའི་དྲན་པ་ནི་སྤྲིན་པ་དང་འདྲ་བས་གྲོགས་མ་ཡིན་ཏེ། ནམ་མཁའ་དང་བ་འདྲ་ བ་དང་འགྲོགས་པས། གྲོགས་མོ་འདི་ནི་སེམས་ལ་གང་སྣང་བ། །ཕྱི་རོལ་པས་སེམས་ཀྱི་དེ་ཉིད་དྲན་པ་ཡིན་ཟེར་ཏེ། སེམས་ནི་དྲན་པ་མེད་པ་རྣམ་པར་རྟོག་པ་མེད་པ་ཡིན་ཏེ། གང་གིས་ཀྱང་མཚོན་དུ་མེད་པས། ཕྱི་རོལ་སེམས་ཀྱིས་མཚོན་དུ་མེད་པ་བདག་ གིས་མཐོང་། །དེའི་རང་བཞིན་ནི་སྒྱུ་མའི་སྐྱེས་བུའི་རྨི་ལམ་བཞིན་དུ་འདི་ལྟ་བུ་ཞེས་པ་རྗོད་དུ་མེད་དོ། །རིག་པའི་ཡེ་ཤེས་ལ་མ་རྟོགས་པ་རྣམས་ཀྱིས་འབད་པར་བྱེད་དེ། དོན་གྱི་རྣལ་འབྱོར་མས་ནི་རིག་པ་ཟས་ཤེས་པས། །སྒྱུ་མའི་རྣལ་འབྱོར་མ་ནི་དཔེ་དང་བྲལ་བ་སྟེ།། །། ད་ནི་ཤེལ་སྒོང་གཡའ་དག་ལ་རྐྱེན་གྱིས་མེ་དང་ཆུ་འབྱུང་བའི་དཔེས་བསྟན་པར་བྱའོ། །དེ་ཡང་ཁམས་གསུམ་གྱི་སེམས་ཅན་དང་། དུས་གསུམ་གྱི་བདེ་བར་གཤེགས་པའི་གཞི་གཅིག་ཏུ་དྲི་མ་མེད་པ་དེ། གང་ནས་བྱུང་བ་དང་། གང་དུ་གནས་པ་མེད་པས། ས་ གསུམ་གང་དུའང་དྲི་མེད་མི་གནས་མི་འབྱུང་སྟེ། ཉི་མའི་འོད་ཟེར་དང་ཤེལ་སྒོང་དང་། སྤྲ་བ་ཐུག་ཕྲད་ཀྱི་རྐྱེན་གྱིས་མེ་འབྱུང་བ་བཞིན་དུ། རྣལ་འབྱོར་པའི་སེམས་ཕྱི་དང་ནང་ཐམས་ཅད་གསལ་ལ་མ་འགགས་པ་ལས་རྐྱེན་གྱི་དབང་གིས། སྣ་ཚོགས་མྱོང་ཡང་ དངོས་པོ་མེད་པར་ཤེས་པས། མེ་ནི་སྤྲ་བ་ཉིད་ལ་རྐྱེན་གྱིས་འབར། །ཤེལ་སྒོང་དེ་ཉིད་ཉེ་བའི་ཟླ་བ་དང་ཕྲད་པས། སྣོད་གཙང་མའི་ནང་དུ་ཟེད་པས་ཆུ་འཛག་པ་བཞིན་དུ། སྣོད་དང་ལྡན་པའི་གང་ཟག་ལ་བསྟན་མ་ཐག་ཏུ། རང་དབང་མེད་པར་ཕྱག་རྒྱ་ཆེན་པོ་རྒྱུན་དུ་ མྱོང་བས་ཟླ་བ་ཆུ་འཛག་ནོར་བུ་རང་དབང་མེད། དེ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་རང་གི་དབང་དུ་བྱས་པའི་ཐབས་མཁས་པས། རྒྱལ་སྲིད་དབང་དུ་བསྡུས་པ་བཞིན་དུ་ཐབས་ཀྱིས་རྒྱལ་སྲིད་ཀུན་ལ་དབང་བསྒྱུར་བའི། སེམས་ཀྱི་རང་བཞིན་འོད་གསལ་བ། དྲན་པའི་དྲི་མས་མ་གོས་པ་སེམས་ཉིད་ཅེས་བྱའོ། །དེ་ཉིད་རྣལ་འབྱོར་དུ་གྲུབ་པ་དང་དབྱེར་མེད་པས་ན། ཆོས་ཐམས་ཅད་བསྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་འདི་ནི་སེམས་ཉིད་དེ་ནི་གྲུབ་པའི་རྣལ་འབྱོར་མའོ། །ཆོས་ཐམས་ཅད་ནི་སྣང་བ་སྟོང་པ་སྐྱེ་ བ་མེད་པ་གསུམ་ལ་བསྡུས་ལ། དེ་ཡང་རང་གི་སེམས་ལས་མ་གཏོགས་པ་ཆོས་གང་ཡང་མེད་དེ། དེ་ཡང་བཟང་དང་ངན་ལ་སོགས་པའི་རྣམ་རྟོག་ཡིན་པས་དྲན་པ་ཙམ་མོ། །དྲན་པ་དེ་ཡང་ཀུན་རྫོབ་ཙམ་དུ་ཡོད་ལ་བརྗེད་པའི་རྒྱུ་ཡིན་ནོ། །བརྗེད་པ་དེ་ཡང་དྲན་པ་མེད་ པ་ཡིན་ཏེ། རྣལ་འབྱོར་པའི་སྣ་ཚོགས་སྐྱེ་ས་ཡིན་པས། སྣང་བའི་ལྷན་ཅིག་སྐྱེས་པའོ། །དྲན་པ་མེད་པ་དེ་རྟག་ཏུ་སྐྱེ་བ་མེད་པ་ཡིན་ཏེ། སྟོང་པ་ཉིད་ཀྱི་སྐྱེ་ས་ཡིན་པས་སྟོང་པ་ཉིད་ཀྱི་ལྷན་ཅིག་སྐྱེས་པའོ། །སྐྱེ་བ་མེད་པ་དེ་དུས་རྟག་ཏུ་བློའི་ཡུལ་ལས་འདས་པ་ཡིན་ལ། སྐྱེ་བ་མེད་པ་དེ་ཉིད་ཀྱི་སྐྱེ་ས་ཡིན་པས། སྐྱེ་མེད་ཀྱི་ལྷན་ཅིག་སྐྱེས་པའོ། །དེ་ནི་སྡོམ་པ་གསུམ་གྱི་དབང་དུ་བྱས་ནས། དོན་དམ་པའི་ལྷན་ཅིག་སྐྱེས་པའི་སྡོམ་པ་ཤེས་པར་བསྟན་པར་བྱའོ། །ལྷན་ཅིག་སྐྱེས་པའི་སྡོམ་པ་ཤེས་པར་བྱའོ།། །།ད་ནི་དེ་དག་གིས་ འབྲས་བུ་ཆོས་ཀྱི་སྐུ་གདོལ་བའི་རིག་བྱེད་ཀྱི་དཔེས་བསྟན་པར་བྱའོ། །དེ་ལ་དང་པོ་ཆོས་སྐུ་ཐ་སྙད་ལས་འདས་པ་མ་རྟོགས་པ་རྣམས་ལས་བརྒལ་བ་ནི། འགྲོ་བ་མ་ལུས་པའི་ཐ་སྙད་ཡིན་གྱིས། ལ་ལ་ནི་དྲན་པའི་ཐ་སྙད་ཀྱི་ཕྱིར་འབྲངས་ནས། འཁོར་བ་ལས་ཐར་ པ་ཐམས་ཅད་ཐོབ་པར་མི་བྱེད། ལ་ལས་ནི་སྒྲ་དང་ཚད་མ་དང་ལུང་དང་བསྟན་བཅོས་ལས་བྱུང་བའི་ཚིག་ལ་མཁས་པར་བྱས་པས་ཀྱང་། ཐར་པའི་ལམ་རིང་བར་བྱེད་དོ། །ལ་ལས་ནི་བསམ་གཏན་དང་ཏིང་ངེ་འཛིན་དང་ཞི་གནས་དང་། མཉམ་པར་གཞག་པ་ བསྒོམས་ནས་རྣལ་འབྱོར་དུ་བྱས་པས་ཐར་པ་རང་དུ་མཐོང་བ་ཡོད་དེ། །དེ་དག་དྲན་པ་ལས་མ་འདས་པས། ཡི་གེ་བའི་འགྲོ་བ་མ་ལུས་པ། དྲན་པའི་ཐ་སྙད་རང་ལ་སྣ་ཚོགས་ཀྱི་མིང་བཏགས་ན། ཐ་སྙད་དང་བྲལ་བའི་ངོ་མ་ཤེས་པས། ཡི་གེ་ མེད་པ་གཅིག་ཀྱང་མེད། །དོན་དམ་པ་ནི་བློས་གཞག་ཏུའང་མི་བཏུབ་ལ། ཚིག་གིས་བརྗོད་དུ་མ་བཏུབ་པ་གང་ཡིན་པ་དེ་ནི་ཡི་གེ་མེད་པའོ། །ཇི་སྲིད་བླ་མ་དམ་པས་མ་བསྟན་གྱི་བར་དུ་ཡི་གེ་དང་ཐ་སྙད་ལ་སེམས་མ་ཡེངས་པའོ། །བརྡ་དང་ཐབས་ཀྱིས་བསྟན་ནས་མ་ ཡེངས་པ་དེ་ནི། ཇི་སྲིད་ཡི་གེ་མེད་འགྱུར་བ། །བརྗོད་པ་ཀུན་དང་བྲལ་བ་དེ་ཉིད་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས། དེ་སྲིད་ཡི་གེ་རབ་ཏུ་ཤེས། སྣག་ཚ་མཉེས་པའི་ཡི་གེ་རབ་ཏུ་ཤེས། ནང་ན་ཡི་གེ་བཀླག་ཏུ་བཏུབ་པ་གང་ཡང་ མེད་དོ། །གསུང་རབ་ཏུ་བྲིས་ནས་བཀླག་པ་མེད་ཡང་གཞན་མ་ཡིན་ནོ། །དེ་བཞིན་དུ་ཆོས་སྐུ་བསྒོམ་དུ་མེད་པས་བལྟར་མེད་དོ། །དེ་ལས་ལོགས་ན་འགྲོ་དོན་མེད་དོ། །སྣག་ཚ་མཉེས་པས་བཀླག་ཏུ་མེད། །འགྲོ་དོན་བྱས་པ་ནི་སྤྲུལ་པས་སྤྲུལ་པ་ལ་བྱེད་པར་འགྱུར་ གྱི། ཆོས་ཀྱི་སྐུས་ནི་མཛད་པ་དང་ནི་མཛད་པ་མི་མངའ་སྟེ། བྲམ་ཟེ་མ་ལགས་པས་རིག་བྱེད་འདོན་ཡང་དོན་མེད་པས། རིག་བྱེད་དོན་མེད་འདོན་པས་ཉམས། །བློའི་སྤྱོད་ཡུལ་མ་ཡིན་པ་དོན་དམ་པ་ཅིག་ཤོས་ཤེས་ཀྱང་། ཤེས་པ་མ་ཡིན་པས་དམ་པ་སོམས་ དང་ཅིག་ཤོས་མི་ཤེས་ན། ཆོས་ཐམས་ཅད་སྣང་བ་དང་སྟོང་པ་དང་སྐྱེ་བ་མེད་པ་ལས་སྐྱེ་བའི་རྣམ་པ་ཤར་ཡང་། དེའི་རང་བཞིན་ལས་མ་གཡོས་པས། གང་ནས་ཤར་ཅིང་གང་དུ་ནུབ། །ཕྱི་རོལ་གྱི་དངོས་པོ་འདི་དག་ནི་སྒྱུ་མའམ། དེ་བཞིན་དུ་ནང་དུ་དྲན་རིག་ ཉམས་སུ་མི་བདེན་པའི་རྣམ་པ་ཡིན་པས། ཇི་ལྟར་ཕྱི་རོལ་དེ་བཞིན་ནས། །དྲན་རིག་ཉམས་སུ་མྱོང་བ་ནི། །གཞན་གྱིས་རྒྱུན་དུ་གནས་པར་མཐོང་ཡང་དྲན་པ་རྒྱུན་དུ་མི་གནས་པས། འདོད་པའི་ཁམས་འགྲོ་བ་རིགས་དྲུག་དང་། གཟུགས་ཁམས་བསམ་ གཏན་བཞི་དང་། གཟུགས་མེད་པའི་ཁམས་སྐྱེ་མཆེད་བཞི་སྟེ་བཅུ་བཞིའོ། །དེ་ལ་རྡོ་རྗེ་འཛིན་པའི་མི་གཡོ་བ་རྒྱུན་དུ་གནས་པས། བཅུ་བཞི་པའི་ས་ལ་རྒྱུན་དུ་གནས། །ས་ལ་རྒྱུན་དུ་གནས་པའི་ལུས་ནི་དཔེ་དོན་གཉིས་སོ། །ལུས་འདི་ལ་རྐང་མཐིལ་ཡན་ཆད་སྤྱི་བོ་ མན་ཆད་ལ་སེམས་བཙལ་བས་མི་རྙེད་པ་བཞིན་དུ། བཅུ་བཞི་པའི་ས་ལ་མཉམ་པ་ཉིད་ཀྱི་དོན་གྱི་ལུས་ཤིན་ཏུ་དང་བ། ལུས་ལ་དོན་གྱི་སེམས་སྦས་པ་མི་རྙེད་དེ། ཇི་ལྟར་སེམས་ཅན་གྱི་ལུས་ལ་སེམས་སྦས་པ་བཞིན་དུ། སྐུ་གསུམ་ལ་སྦས་པ་ནི་ལུས་མེད་ལུས་ལ་ སྦས་པ་སྟེ། ཇི་ལྟར་སེམས་ཅན་ལ་སྙིང་པོ་མེད་པར་ཤེས་པ་བཞིན་དུ། སངས་རྒྱས་ལ་ཡེ་ཤེས་དོན་དམ་པར་མི་མངའ་བས། དེ་ཐོབ་པ་གང་ཞིག་ཐོབ་པ་གང་ཡིན་པ་དེ་ནི་མེད་དེ་དེ་བས་ན་རྣལ་འབྱོར་པ་རྣམས་ཀྱིས་ཐོབ་པ་མེད་པའི་ཚུལ་གྱིས། བློས་མི་རེག་པའི་དེ་ ཉིད་བླ་མ་དམ་པས་བསྟན་པ་ཙམ་གྱིས་གྲོལ་བས། གང་གིས་དེ་ཤེས་དེ་ཡིས་གྲོལ་བར་འགྱུར། །སློབ་བྱ་ནི་ཡི་གེ་བཞི་ལ་སློབ་དགོས་སོ། །དེ་ཡང་སྒྲུབ་པར་གྱུར་ཅིག་སྨོན་ལམ་གྱི་ཡི་གེ་བཞི་ལའོ། །དོན་ལ་ནི་བརྗོད་བྱ་ཇི་སྙེད་པ་ལ་ཤེས་པར་བྱའོ། །སངས་ རྒྱས་ཀྱི་ཆོས་ཇི་སྙེད་པ་ནི་ཨེ་ཝཾ་མ་ཡཱ་ལ་སློབ་པར་བྱ་བ་ཡིན་པས། དང་པོ་ནས་ཆོས་ཀྱི་གནས་ལུགས་ཀྱི་ངོ་བོ་བསྟན་ལ། དེ་ནས་ཆོས་ཐམས་ཅད་བཞི་བཞིའི་མན་ངག་གིས་ཤེས་པར་བྱའོ། །དེ་ཡང་ཇི་ལྟ་བ་བཞིན་དུ་ཉམས་སུ་བླངས་ལ་གནས་པར་མི་བྱའོ། ། ལས་དང་པོ་པས་ཡི་གེ་འབྲུ་བཞིའི་མན་ངག་ལ་བསླབ་པར་བྱ་གནས་པར་མི་བྱའོ། །ཡི་གེ་མེད་ལས་ཡི་གེའི་ཐ་སྙད་ཡིན་པས་བསྒྲུབ་ཡིག་བཞི་ལ་དང་པོ་བདག་གིས་བཏོན། དེ་ལྟ་བུ་རྟོགས་པའི་དུས་སུ་སྙིང་པོ་དོན་གྱི་རྣལ་འབྱོར་གྱི་ཁུ་བ་འཐུང་བར་བྱ་ན། བློ་ཡི་ ཡུལ་ལས་འདས་པ་རྟོགས་པའི་རྣལ་འབྱོར་པས་ནི། ཆོས་རྣམས་དྲན་བརྗེད་གཉིས་ལ་བསྡུའོ། །དྲན་པ་དེ་ཡང་བག་ཆགས་སམ་རྐྱེན་ལ་རག་ལུས་པས་ཀུན་རྫོབ་སྒྱུ་མ་ཙམ་མོ། །སོ་སོའི་སྐྱེ་བོས་ནི་ཆོས་རྣམས་ཀྱི་སྙིགས་མ་ཟ་བ་དང་། འདྲ་བ་ནི་དྲན་པ་ཁོ་ན་ལ་སྤྱོད་ པས་སོ། །རྣལ་འབྱོར་པས་ནི་ཆོས་ཀྱི་སྙིང་པོ་ཁུ་བ་བོར་བ་འཐུང་བ་དང་འདྲ་བ་ནི་བརྗེད་པ་ཁོ་ན་སྤྱོད་པས། ཁུ་བ་འཐུངས་པས་ངས་ནི་བརྗེད་པར་འགྱུར། །བརྗེད་པ་དེ་ཡང་དྲན་པ་ལ་མི་གནས་པར་བྱ་བའི་དོན་དུ་ཡིན་གྱིས། སེམས་ནི་དྲན་ པ་དང་བརྗེད་པ་ལགས། ཅི་ཡང་སྐྱེ་བའི་རྒྱུ་མེད་སྐྱེ་བ་མེད་པ་དེ་ཉིད། གང་གིས་ཡི་གེ་གཅིག་ཤེས་ལ། །སྐྱེ་བ་མེད་པའི་ཞེས་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་ཡང་སྐྱེ་བའི་རྣམ་པ་ཟད་པར་བྱ་བའི་དོན་དུ་ཡིན་གྱི། དེ་ལྟ་བུའི་ཐ་སྙད་ལས་འདས་ནས་སེམས་ཀྱི་ཡུལ་ དང་ཡུལ་ཅན་དང་བྲལ་བ་དེ་གང་གིས་གང་ལའང་མིང་མེད་པས། དེའི་མིང་ནི་མི་ཤེས་སོ། །དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་ཡང་དག་པའི་མཐའ་ནི། རྐྱེན་གྱིས་མ་བསླད་པ་ཡིད་ལ་བྱར་མེད་པ་དེ་ནི། རྐྱེན་བྲལ་གསུམ་ནི་ཡི་གེ་གཅིག །དེ་ལས་ ཟག་པ་དང་བཅས་པའི་ཡི་གེ་ནི། ཁམས་གསུམ་གྱི་སེམས་ཅན་གྱི་ལུས་ངག་ཡིད་གསུམ་མོ། །དེ་ཡང་ཇི་སྲིད་དྲན་པ་དང་བཅས་པའི་དུས་སུའོ། །ཟག་པ་མེད་པ་ནི་སེམས་དེ་ཉིད་དྲན་མེད་སྐྱེ་མེད་བློ་ལས་འདས་པ་ངོས་བསྟན་དུ་ཡོད་ལ། ངོས་གཟུང་དང་བྲལ་བའོ། ། དེའི་རང་བཞིན་ཡིད་ལ་བྱས་པ་མ་ཡིན་པས་ཡི་དམ་གྱི་ལྷ་ཉིད་དུ་ཤེས་ལ། རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་དགོངས་པ་དེ་ལ་མཛད་པས། ཟག་མེད་གསུམ་གྱི་དབུས་ན་ལྷ། །ལྷ་དེ་ཉིད་ནི་བློས་རེག་ཏུ་མི་བཏུབ་ལ། དེ་ལས་ཟག་པ་དང་བཅས་པ་དྲན་པ་བྱུང་ཡང་། ཅིག་ཤོས་དང་མ་བྲལ་བར་ཤེས་ན། གང་ཞིག་གསུམ་པ་ཟག་པ་ནི། །དོན་དམ་པར་ནི་བསྒོམ་དུ་མེད་པ་ཡིན་པ་ལ། བསྒོམས་པ་ནི་བློས་བཞག་ནས་དྲན་པའི་བར་དུ་ཡེངས་པ་ནི་ཡིན་གྱི། བཅོས་མ་ཡིན་ནོ། །དཔེར་ན་རེག་ཏུ་མི་བཏུབ་པ་གདོལ་པ་བྲམ་ཟེ་བཅོས་ ནས་རིག་བྱེད་བཏོན་ཡང་། དང་པོ་རེག་ཏུ་མི་བཏུབ་པས། །བར་དུ་རེག་ཏུ་བཏུབ་བཏུབ་དྲན་ཏེ་ཐ་མ་རེག་ཏུ་མ་བཏུབ་བར་སོང་བའི་སྒྲུང་བརྒྱུད་བཞིན་དུ། ཡང་དག་པའི་ཅིག་ཤོས་ནི་བློས་རེག་ཏུ་མི་བཏུབ་ལ། བར་དུ་བློས་རེག་ཏུ་བཏུབ་བཏུབ་འདྲ་སྟེ་ཐ་མ་རེག་ཏུ་མི་བཏུབ་ པས། གདོལ་པའི་རིག་བྱེད་དེ་བཞིན་ནོ།། །།དེ་ལ་ལོངས་སྐུ་མ་ཤེས་པ་ལ་སྨིག་རྒྱུའི་དཔེས་བསྟན་པར་བྱའོ། །དེ་ལ་དང་པོ་མ་ཤེས་པ་བརྒལ་བ། འགྲོ་བ་མ་ལུས་པ་ལ་སྐྱེ་བ་མེད་པའི་རང་བཞིན་གྱིས། ཁྱབ་པ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ པར་མ་ཤེས་པས་མ་ལུས་རང་བཞིན་གང་གིས་མི་ཤེས་པ། ཕྱག་རྒྱ་ཆེན་པོའི་བྱིན་གྱི་རླབས་མ་ཤེས་ན། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་བདེ་བ་ཆེན་པོ་མ་ཡིན་པས། ཀུན་དུ་རུའི་སྐབས་སུ་བདེ་ཆེན་སྒྲུབ་པ་ནི། །ལས་ཀྱི་ཕྱག་རྒྱའི་ཉམས་སུ་མྱོང་བ་ལ་ ཡིད་ལ་བྱས་པ་དེ་ཕྱག་རྒྱ་ཆེན་པོ་མ་ཡིན་པས་ན། ཇི་ལྟར་སྐོམ་པས་སྨིག་རྒྱུ་སྙེགས་པ་བཞིན་དུ། ཆུ་མ་ཡིན་པ་ལ་ཆུའི་འདུ་ཤེས་ཀྱིས་མི་ངོམས་པ་བཞིན་དུ། ཕྱག་རྒྱ་ཆེན་པོ་ནི་སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་བ་ནམ་མཁའ་དང་འདྲ་བ་བསམ་དུ་མེད་པ་མ་ཤེས་ན། བསམ་པ་དང་དྲན་པས་དོན་དམ་དུ་འདོད་པ་དེ་སྙེགས་པས། སྐོམ་ནས་འཆི་ཡང་ནམ་མཁའི་ཆུ་སྙེད་དམ། །རྡོ་རྗེ་པདྨ་གཉིས་ནི་གནས་ཉི་ཚེ་བ་ཡིན་ལ། དེ་ལས་བྱུང་བའི་དུས་སུ་བྱང་ཆུབ་སེམས་ནི་རྒྱུ་ཉི་ཚེ་བ་ཡིན་ཏེ། སྐད་ཅིག་མ་དེ་ལས་གཞན་ན་མེད་པས་དུས་ ཉི་ཚེ་བ་ཡིན་ནོ། །དེ་ཡང་ཐིག་ལེ་བཞི་པ་གཉིས་ཤོར་བས་འདོད་ཆགས་ཀྱི་ངད་ཡལ། གཉིས་མཉམ་པས་འདོད་ཆགས་དང་བྲལ་བ་ཡང་མ་ཡིན། དེ་ཡང་ཐིག་ལེ་གཅིག་རྡོ་རྗེ་རྩེ་མོར་གནས། ཐིག་ལེ་གཅིག་པདྨའི་ཟེ་འབྲུ་ལ་གནས་པའི་དུས་སུ། རྡོ་རྗེ་པདྨ་གཉིས་ ཀྱི་བར་གནས་པ་དེའི་བདེ་བ་ནི། དཔེའི་ལྷན་ཅིག་སྐྱེས་པ་ཙམ་ཡིན་པ་ལ། དོན་དམ་པའི་བདེན་པ་ཡིན་སྙམ་ནས་འབད་པས། བདེ་བ་གང་གི་རྣམ་པར་རོལ་པ་ནི། །ཅི་སྟེ་མ་ཡིན་ཟེར་ན་ཕྱག་རྒྱ་ཆེན་པོའི་བདེ་བ་ནི་ནམ་མཁའ་བཞིན་དུ་གང་ལ་ཡང་མི་རྟེན་པས། ཆོས་ ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་ཡིན་གྱི། གཉིས་ཤོར་གཉིས་མཉམ་གྱི་བདེ་བ་ནི་བདེ་བ་ཉི་ཚེ་བ་ཡིན་པས། རྟེན་ནུས་པ་མེད་པའི་ཕྱིར། ཅི་སྟེ་དེ་རྟེན་ནུས་པ་མེད་པས་ན། །ཡིད་ལ་མ་བྱས་པའི་ཕྱག་རྒྱ་ཆེན་པོའི་བདེ་བས་ནི། ཁམས་གསུམ་གྱི་རེ་བ་སྐོང་བར་འགྱུར་ གྱི་གཉིས་ཤོར་གཉིས་མཉམ་གྱི་བདེ་བ་ནི། འདོད་ཁམས་ཀྱི་ཕྱོགས་གཅིག་པ་ཡིན་པས། ས་གསུམ་རེ་བ་གང་གིས་རྫོགས་པར་འགྱུར། །མཚན་ཉིད་དང་བྲལ་བའི་སྐད་ཅིག་མའི་བདེ་བ་ནི་དབང་གསུམ་པ་ཡིན་པས་ན། དཔེའི་ཡེ་ཤེས་ཀྱིས་ མཚོན་ལ། དོན་གྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡང་དྲན་དགོས་པའི་ཕྱིར་ཐབས་ཙམ་དུ་གྱུར་པས་ཡང་ན་ཐབས་ཀྱི་བདེ་བ་སྐད་ཅིག་མ། ཡང་ན་དྲན་ཙམ་ཡོད་ལ་མ་དྲན་ཙམ་ན་མེད་པས། ཡང་ན་དེ་ཉིད་གཉིས་སུ་འགྱུར་བ་སྟེ། །བླ་མ་དམ་པས་བསྟན་ཙམ་ན། དྲན་པ་དེ་ཉིད་ སེམས་ངལ་སོས་པར་ཤེས་པས། བླ་མའི་དྲིན་གྱིས་སླར་ཡང་ནི། །དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ། ཕྱག་རྒྱ་ཆེན་པོའི་རང་བཞིན་སེམས་དང་ཡིད་དང་བློ་དང་རྣམ་པར་ཤེས་པ་དང་། དྲན་པ་དང་རིག་པ་དང་། ཡེ་ཤེས་ཀྱི་སྤྱོད་ཡུལ་མ་ཡིན་པ། བརྒྱུད་པའི་ བཀའ་གདམས་པས་ཤེས་པར་འགྱུར་གྱི། གཞན་གྱིས་ཤེས་པར་བྱ་བ་མ་ཡིན་པས། །བརྒྱ་ལ་འགའ་ཡིས་ཤེས་པར་འགྱུར།། །།ཤེས་པའི་ཡོན་ཏན་ཟླ་བའི་ནོར་བུའི་དཔེས་བསྟན་པར་བྱའོ། །རྟོགས་པ་རྣམས་ནི་བརྒྱུད་པའི་གྲོགས་པོ་ཡིན་ལ། རྒྱ་མཚོ་ བཞིན་དུ་ཟབ་པ་དང་། །ནམ་མཁའ་བཞིན་དུ་རྒྱ་ཆེ་བས། །གྲོགས་དག་ཟབ་མོ་དང་ནི་རྒྱ་ཆེ་བ། །དེ་ལྟ་བུ་ལ་ནི་བདག་དང་གཞན་གྱི་དམིགས་པ་དང་བྲལ་བས་གཞན་མིན་བདག་ཉིད་མ་ཡིན་ནོ། །དེ་གང་གི་དུས་སུ་ཞེ་ན། ཕྱག་རྒྱ་ཆེན་པོའི་དབང་གི་དུས་སུ་ཡིད་ལ་བྱས་ པ་ཐམས་ཅད་དང་བྲལ་བ་དེ་ཉིད་གསུམ་པ། དྲན་མེད་སྐྱེ་མེད་བློ་ལས་འདས་པ་གསུམ་དབང་གསུམ་པ་ཡིན་པས་ན། དེ་ལས་མ་གཡོས་པ་བཞི་པའི་མན་ངག་གིས་ཤེས་པས་ནི། ལྷན་ཅིག་སྐྱེས་པ་བཞི་པའི་དུས། །དེ་ཉིད་བློ་ལས་འདས་ནས་རྟག་ཏུ་རྒྱུན་དུ་གནས་པ་ གཉུག་མ། དེ་ལྟར་རྟོགས་པས་ཉམས་སུ་མྱོང་བ་ནི། གཉུག་མ་ཉམས་སུ་མྱོང་བས་ཤེས། །དེས་ཅི་འདྲ་ཞེ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ནི། མུན་ནག་ཐིབས་པོ་དང་འདྲ་བ་ལ། དེ་འཇོམས་པར་བྱེད་པ་ཀླུའི་ཡུལ་གྱི་ཟླ་བའི་ནོར་བུ་དང་འདྲ་བ་བླ་མ་དམ་པའི་ གདམས་ངག་གིས་མ་རྟོགས་པ་རྟོགས་པར་བྱེད་པ། མུན་ནག་ཆེན་པོར་ཟླ་བའི་ནོར་བུ་ནི། །ཇི་ལྟར་ཟླ་བའི་ནོར་བུས་མུན་ནག་དེ་རང་ལས་གཞན་དུ་སྐྱེལ་མི་དགོས་པ་དེ་བཞིན་དུ། ཉོན་མོངས་པ་དང་ཤེས་བྱ་སྤང་མི་དགོས་པས། ཇི་ལྟར་འཆར་བར་བྱེད་པ་དེ་བཞིན་ དུ། །འཁོར་བའི་འདམ་དང་མྱ་ངན་ལས་འདས་པའི་འདམ་གྱིས་ཀྱང་མ་གོས་པའི་བདེ་བ་ཆེན་པོའི་གང་དང་ཡང་ཐུན་མོང་མ་ཡིན་པ་མཆོག་བསྟན་མ་ཐག་ཏུ་སྐད་ཅིག་མ་གཅིག་ལ་སངས་རྒྱས་ཀྱི་དགོངས་པ་མཐོང་བས། མཆོག་ཏུ་བདེ་ཆེན་སྐད་ཅིག་གཅིག་ལ་ནི། ། ཡིད་ལ་བྱས་པ་ནི་བསམ་པའི་སྡིག་པ་ཡིན་ལ། ཡིད་ལ་མ་བྱས་པ་ནི་མི་བསྒོམ་པའི་དགེ་བ་ཡིན་པས། དྲན་པའི་རྣམ་རྟོག་ལ་སེམས་ངལ་སོ་བ་ཤེས་ལ། དྲན་པ་མེད་པ་ལ་ཉམས་སུ་མྱོང་བའི་ཕྱིར་ཡིད་ཕམ་པས། བསམས་པའི་སྡིག་པ་མ་ལུས་ཕམ་པར་ བྱེད་པའོ།། །།ད་ནི་རྟོགས་ན་སེམས་གླང་པོ་ཆེ་ཡན་པའི་དཔེས་བསྟན་པར་བྱའོ། །དེ་ལ་རེ་ཞིག་སྤྲུལ་སྐུ་རྟོགས་པར་བྱའོ། །ཚད་པས་གདུངས་པའི་སེམས་ཅན་ནི། །མིག་གིས་ཉི་མའི་དཀྱིལ་འཁོར་གྱི་ནང་དུ་ཅེ་རེ་ལྟ་བ་མི་བཟོད་པ་བཞིན་དུ། སེམས་ཅན་ ལ་ལའི་ལུས་ཀྱང་མིག་དང་འདྲ་བས། ཉི་མ་ལ་སྡུག་བསྔལ་དུ་མཐོང་བས། ནམ་ཞིག་ནུས་པར་འགྱུར་སྙམ་མོ། །ཉི་མ་ནུབ་པ་དང་། ནམ་མཁའ་ལ་ཁྱབ་པ་སྐར་མའི་བདག་པོ་ཟླ་བ་དང་། གཟའ་དང་བསིལ་བར་གྱུར་པ་མཉམ་དུ་ཤར། །དེ་བཞིན་དུ་རྣལ་འབྱོར་ པ་རྣམས་ཀྱིས་འཁོར་བའི་རྒྱུར་དྲན་པ་འདི། སྡུག་བསྔལ་གྱི་ཉི་མ་དང་འདྲ་བས་ན། ནམ་ཞིག་ནུབ་པར་འགྱུར་སྙམ་པས་ན། སྡུག་བསྔལ་སྣང་བྱེད་ནུབ་པ་ན། །ཟླ་བ་ཉ་བའི་དུས་ཉི་མ་ནུབ་པ་དང་། སྐར་མ་ཟླ་བ་གཟའ་གསུམ་མཉམ་དུ་ཤར་བ་བཞིན་དུ། རྣལ་ འབྱོར་པའི་དྲན་པ་ནུབ་པའི་དུས་དང་། ཀུན་ལ་ཁྱབ་པ་དྲན་མེད་དང་། །གཟུགས་ཅན་མ་ཡིན་པ་སྐྱེ་མེད་དང་། འགྲོ་འོང་མེད་པ་བློ་ལས་འདས་པ། མན་ངག་གིས་བསྟན་མ་ཐག་ཏུ་ཤར་བས། སྐར་མའི་བདག་པོ་གཟའ་དང་མཉམ་དུ་ཤར། །འདི་ལྟར་དྲན་ མེད་སྐྱེ་མེད་བློ་ལས་འདས་པའི་དབྱིངས་སུ་གནས་ཤིང་། སྤྲུལ་པའི་རྣམ་པ་དུ་མ་དེ་ལས་སྤྲུལ་པ་ཡིན་པས། འདི་ལྟར་གནས་པས་སྤྲུལ་པ་སྤྲུལ། །དྲན་མེད་ལས་སྣ་ཚོགས་ཤར་བར། སྤྲུལ་པ་སྐུའི་དཀྱིལ་འཁོར་དང་། སྐྱེ་མེད་ དབྱིངས་སུ་གནས་པ་རྟོགས་པ་ལོངས་སྤྱོད་རྫོགས་པ་སྐུའི་དཀྱིལ་འཁོར་དང་། བློ་ལས་འདས་ཤིང་བསྒོམ་དུ་མེད་པས་ཆོས་ཀྱི་སྐུའི་དཀྱིལ་འཁོར་དེ་ཉིད་འཁོར་ལོ་དམ་པ་ཡིན་པས། དེ་ནི་དཀྱིལ་འཁོར་འཁོར་ལོ་དམ་པའོ། །དེ་ལྟ་བུ་ནི་མ་རིག་པའི་དབང་གིས་ རྨོངས་པར་གྱུར་ན་ཡང་གཟུང་འཛིན་དང་བྲལ་བའི་སེམས་དྲན་པ་ཙམ་གྱིས་དག་པའི་སེམས་ནི་དྲན་མེད་ལ། རྟོགས་པར་བྱ་བ་མ་ཡིན་པས། །ཀྱེ་ཧོ་རྨོངས་པའི་སེམས་ཀྱིས་སེམས་ལ་རྟོགས་ནས་ནི་རྟག་ཆད་ལ་སོགས་པའི་ལྟ་བ་ངན་པས་གྲོལ་བ་དང་ལྟ་ཞོག་གི། དེ་བས་ཀྱང་སེམས་ཙམ་པ་དང་དབུ་མ་པས། ཡིད་ལ་མ་བྱས་པའི་ཕྱག་རྒྱ་ཆེན་པོ་མ་རྟོགས་ན་ལྟ་བ་ངན་པ་ཡིན་ཏེ། རྣལ་འབྱོར་པས་གང་གིས་ཀྱང་རྟོགས་པར་བྱ་བ་མ་ཡིན་པ་རྟོགས་པས་ན། ལྟ་བ་ངན་པ་ཐམས་ཅད་ནི་རང་གྲོལ་འགྱུར། དེ་ཡང་ཤེས་དང་ཤེས་ བྱའི་སྒྲོག་གཉིས་ཀྱིས་བཅིངས་པ་ནི་སེམས་ཙམ་པ་དང་དབུ་མ་པ་ཡིན་གྱི། རྣལ་འབྱོར་པ་རྣམས་ནི་ཤེས་དང་ཤེས་བ