Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 52

Văn bản gốc(Tây Tạng)

Trang 17 / 19 (50.000 ký tự/trang)
་མན་ངག །འཇམ་དཔལ་སྨྲ་བའི་སེང་གེ་ལ་
ཕྱག་འཚལ་ལོ། །གྲུབ་ཐོབ་དམ་པ་བརྒྱད་ཅུ་རྩ་བཞི་ལས། །སྐྱེས་བུ་ཁྱད་པར་རིག་འཛིན་ལྔ་ཡི་གཞུང་། །མཆོག་གྱུར་རྣམས་ཀྱི་ཞབས་ཀྱི་རྡུལ་ལ་རེག །དེ་ཕྱིར་དཔེ་བྲལ་ཕྱག་རྒྱ་ཆེན་པོ་བཤད། །རྣམ་གཅོད་དང་ནི་ཡོངས་གཅོད་དང་། །ཕུང་པོ་གསུམ་པོ་སེལ་བ་དང་། །དོན་དམ་མཇལ་
བའི་ཚད་མ་ཡིས། །ཡང་དག་ཡིད་ལ་ལྟ་བ་བྱ། །ཡང་དག་དོན་ལ་ཡི་གེ་མེད། །གང་གིས་ཡི་གེ་མེད་ཤེས་པ། །དེ་ཡིས་ཡི་གེ་ཐམས་ཅད་ཤེས། །ཡི་གེ་ཨ་ནས་ཀྵ་ལ་རྫོགས། །སྡེ་ཚན་བརྒྱད་ཀྱི་སྒྲ་སྦྱོར་ནི། །ཨཱ་ལི་ཀཱ་ལིར་ཤེས་པར་བྱ། །མ་སྐྱེས་པ་དང་མ་འགག་པ། །ཟུང་འཇུག་མཐའ་བཞི་
བྲལ་བ་ཡི། །བདེ་བ་ཆེན་པོ་རྒྱུན་ཆགས་སུ། །བླ་མའི་བརྡ་ཡིས་མཚོན་པར་བྱ། །ཁ་དོག་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲ། །བརྒྱད་པ་འདི་རུ་དོན་བསྡུས་པ། །གོ་བ་ཅིག་ཤོས་སྐྱེ་བར་འགྱུར། །ཨིནྡྲ་བྷཱུ་ཏི་བདག་མེད་མ། །ལྷན་ཅིག་སྐྱེས་སྦྱོར་འདོད་ཡོན་གྲོལ། །
འཁོར་བ་དང་ནི་མྱ་ངན་འདས། །བདེན་དོན་རྟོགས་པ་འཕགས་པ་ལྷ། །སྲོག་དང་རྩོལ་བ་ནཱ་ག་པ། །ཕྱི་ནང་རླུང་གསུམ་ཚངས་པར་འདྲེན། །ཁ་སྦྱོར་ཐིག་ལེ་པདྨར་འབྱུང་། །བདེ་བས་རྒྱས་པའི་ཟ་མ་ཏོག །སྐུ་གསུམ་མཉམ་གཞག་མདའ་བསྣུན་ན། །དྲན་མེད་སྐྱེ་མེད་བློ་ལས་
འདས། །མཉམ་གཞག་དང་ནི་རྗེས་ཐོབ་དང་། །རྨི་ལམ་དང་ནི་བར་དོ་ལ། །ཟིན་དང་བརྟན་དང་བོགས་འབྱིན་པ། །རྒྱས་གདབ་པ་དང་རྣམ་པ་བཞི། །དང་པོ་དུས་བཞི་མཉམ་སྦྱར་ལ། །གནད་གསུམ་གཟེར་བཞི་གདབ་པར་བྱ། །ལུས་ཀྱི་གནད་དང་དམིགས་པའི་གནད། །

རླུང་གི་གནད་ནི་ཤེས་པར་བྱ། །རིག་པ་གཅུར་ལ་གདབ་པ་དང་། །ཤེས་པ་སྲང་དུ་གཞུག་པ་དང་། །སེམས་ནི་རུང་དམིགས་འདྲེན་པ་དང་། །རྟེན་དང་དབྲལ་ཞིང་བསྒོམ་པ་གཅེས། །ཨེ་ཝཾ་བརྒྱན་པའི་བདེ་བ་ལ། །བདེ་བས་བྱང་ཆུབ་ལམ་དུ་ཀྱེར། །སྣང་སྲིད་བརྡ་རུ་སློང་བ་
དང་། །གང་མཐོང་ཕྱག་རྒྱ་ཆེན་པོར་ཤར། །ཐམས་ཅད་རོ་མཉམ་དེ་བཞིན་ཉིད། །གཅིག་ཟོས་པ་ཡིས་གཞན་ཀུན་གྲོལ། །ཇི་ལྟར་ཆུ་བོའི་རྒྱུན་བཞིན་དུ། །རྣལ་འབྱོར་མ་ཡེངས་རྒྱུན་དུ་བསྒོམ། །གཟུང་བ་དང་ནི་སྦྱང་བ་དང་། །སྒྱུ་མ་དང་ནི་ཁོ་ན་ཉིད། །ཉལ་དང་ལོག་པའི་ཁྱད་པར་ལས། །
རྨི་ལམ་མན་ངག་ཤེས་པར་བྱ། །ད་ལྟ་འཆི་ཁ་བར་དོ་ལ། །རྟེན་དང་འོང་དང་ཐིག་ལེ་སེམས། །གྲོང་འཕོའི་མན་ངག་ཤེས་པ་ཡིས། །བདེ་བ་ཅན་དུ་དེ་འགྲོའོ། །དོན་མཐོང་པ་ཡིས་སྒྲོ་འདོགས་ཆོད། །ཉམས་སུ་བླངས་ན་བྱིན་རླབས་འབྱུང་། །དྲོད་རྟགས་ནུས་པ་ཚོད་ཟིན་པས། །
ཡིད་བཞིན་ནོར་བུ་ལྟ་བུའོ། །རླུང་མཁྲིས་བད་ཀན་འདུས་པའི་ནད། །མཚོན་དང་མཆེ་བ་འབྱུང་བ་འཁྲུགས། །དལ་ཡམས་འབྲུམ་པོ་ཆུ་སེར་ལ། །ཏིང་འཛིན་མེ་བཙའ་སྐྱུགས་ཀྱིས་ཞི། །བདུད་དང་མུ་སྟེགས་ཆོ་འཕྲུལ་གཏོང་། །གདོན་དང་འབྱུང་པོ་བཤུགས་པ་འདྲེན། །གནོད་
སྦྱིན་འཁུ་ལྡོག་བྱེད་པའི་ཚེ། །མི་གཡོ་རྒྱ་མཚོ་ལྟ་བུ་གཞག །མེ་དང་ཆུ་དང་དུག་སྦྲུལ་དང་། །བསེ་དང་ཆོམ་རྐུན་རྒྱལ་པོའི་ཆད། །སྟག་དང་དྲེད་མོ་གཅན་གཟན་ཁྲོ། །དེ་ཚོ་ང་ཡིས་འདོད་པ་ཡིན། །དགོད་དང་རྩེད་མོ་བྱེད་པ་དང་། །དལ་དང་དྲག་དང་ཤིན་ཏུ་དྲག །ཟང་ཟིང་ལོངས་
སྤྱོད་མང་པོ་ལ། །སྦྱོར་བ་འདི་ཡིས་ཁྱབ་ན་བདེ། །རོ་སྙོམས་གཏུམ་མོ་མཁའ་སྤྱོད་དང་། །སྨན་དང་བཅུད་ལེན་བདུད་རྩི་བསྟེན། །རོ་ལངས་མཁའ་འགྲོ་དངོས་གྲུབ་སྟེར། །བླང་དོར་མེད་པའི་སེམས་ཀྱིས་འབད། །མཐའ་རྒྱས་གཉིས་ཀྱིས་ཤན་ཕྱེ་ལ། །ཁར་ཕོག་
ཅར་ཕོག་ཐོག་བབས་སུ། །ཐུན་དང་བཅུད་ཀྱིས་རྩལ་སྦྱངས་ཏེ། །སྣང་གསུམ་སྦྱོར་བ་བསྐྱེད་པའི་ཕྱིར། །དབང་པོ་གསུམ་གྱིས་དམ་མི་འདའ། །མ་འཁྲུལ་གསུམ་གྱིས་སོ་ཐུབ་སྟེ། །སྲོག་འཛིན་གསུམ་གྱིས་བརྟན་པ་ཐོབ། །གྲོལ་ལུགས་གསུམ་གྱིས་ཚད་བསྟན་ནོ། །ལོ་ཟླ་གསུམ་

གྱིས་ཟད་སར་བསྐྱལ། །འགྲོ་བ་སྡུག་བསྔལ་འཁོར་བར་བྱིང་བ་ལ། །མ་རིག་མིག་འབྱེད་ཞི་བྱེད་འདི་བཀོད་པས། །ཕྱི་ནང་གསང་བ་ཁོ་ན་ཉིད་རྟོགས་ཏེ། །ཀུན་གྱིས་ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག །དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་མན་ངག་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀ་
མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གུ་ཧྱ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བླ་མ་ལོ་བཙུན་ཆུང་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་
ཐབས། འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །ཡུམ་གྱི་སྒྲུབ་པ་བཤད་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་འབྱུང་བའི། །གང་ཞིག་བསྒོམས་པ་ཙམ་གྱིས་ནི། །རྒོལ་བ་ཐམས་ཅད་ཚར་གཅོད་པ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །སྐུ་མདོག་དཀར་ཞིང་
ཡིད་འོང་མ། །སྐྲ་བཅིངས་པ་ལ་ཅུང་ཞིག་འཕྱང་། །ཆུ་སྐྱེས་དཀར་ལ་ལེགས་གནས་པ། །ཕྱག་གཡས་སུ་ནི་པདྨ་སྟེ། །ཁ་དོག་དམར་བའི་རྣམ་པར་བསྒོམ། །ཤེས་རབ་ཕ་རོལ་ཕྱིན་པ་གཡོན། །རྡོ་རྗེ་སྐྱིལ་ཀྲུང་ལེགས་པར་བཅས། །རྒྱན་ཀུན་གྱིས་ནི་ལེགས་པར་བརྒྱན། །
ལྟེ་བའི་དཀྱིལ་འཁོར་དག་ཏུ་བསྒོམ། །ཨ་ཡིག་ཡི་གེ་ལ་ཞུགས་ཤིང་། །མཆོག་ཏུ་དགའ་བར་བྱེད་པའོ། །དམ་ཚིག་སེམས་དཔའ་རྣམ་བསྐྱེད་ལ། །ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམ། །ཟླ་བ་དྲུག་གི་སྦྱོར་བ་ཡིས། །ཤེས་རབ་ཕ་རོལ་ཕྱིན་པར་འགྱུར། །མཚན་མ་
བདུན་གྱི་སྦྱོར་བ་ཡིས། །བསྟན་བཅོས་ཀུན་ལ་མཁས་པར་འགྱུར། །ཟླ་བ་ཤར་བའི་རིམ་གྱིས་ནི། །ཟླ་བ་ཕྱེད་ནི་བསྒོམ་པར་བྱ། །བཟླས་པ་འབུམ་བྱས་སྦྱོར་བ་ཡིས། །ཉིན་རེ་བཞིན་དུ་ཚིགས་བཅད་བརྒྱ། །འབད་པ་མེད་པར་སྦྱོར་བ་འབྱུང་། །གཞུང་ཡང་བརྒྱ་ཙམ་འཛིན་
པར་འགྱུར། །དེ་ལ་སྔགས་ནི་འདི་ཡིན་ཏེ། །ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷ་བརྡྷ་ནི། །དྷི་རི་དྷི་རི་བུདྷི་བརྡྷ་ནི་སྭཱ་ཧཱ། བྱ་རོག་གི་སྐད་མ་གྲག་པར་སྔགས་འདི་ལན་བདུན་དུ་མངོན་པར་བསྔགས་པར་བྱས་ནས། མ་བརླངས་པའི་སྐྱུར་པོའི་ཁུ་བ་འཐུངས་ན་ཟླ་བ་དྲུག་ཏུ་

གང་འཐུང་བར་བྱེད་པ། དེ་ཤེས་རབ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བྷཊྚཱ་ར་ཀཱརྱ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། རྗེ་བཙུན་མ་འཕགས་
མ་སྒྲོལ་མའི་སྒྲུབ་ཐབས། སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །ཡེ་ཤེས་དྲི་མེད་སྒྲོལ་མ་གསལ་བའི་ཐུགས། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕར་ཕྱིན་གསུངས། །སྟོང་ཉིད་སྙིང་རྗེའི་རྡོ་རྗེ་ཕག་མོའི་སྐུ། །རྗེ་བཙུན་སྒྲོལ་མའི་སྐུ་གསུང་ཐུགས་ལ་འདུད། །སྒྲོལ་མ་གསུམ་དང་
ཚུལ་མཐུན་རྣལ་འབྱོར་པས། །རྟག་ཏུ་ལྷ་མོ་འདི་བསྒོམ་བྱ་ཕྱིར་བཤད། །དང་པོ་རྟེན་གྱི་གང་ཟག་གིས། །གདོང་ལ་སོགས་པ་ཁྲུས་བྱས་ནས། །ཡིད་དུ་འོང་བའི་གནས་དེ་རུ། །མཎྜལ་བྱི་དོར་ལེགས་བྱས་ལ། །བདེ་བའི་སྟན་ལ་འདུག་ནས་ནི། །སྙིང་གར་ཟླ་དཀྱིལ་ཡི་གེ་ཏཱཾ། །
ལྕགས་ཀྱུ་འདྲ་བའི་འོད་འཕྲོས་པས། །བླ་མ་ལྷ་མོ་སྤྱན་དྲངས་ལ། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ། །དགེ་བ་ཅུང་ཟད་ཅི་བསགས་པ། །བྱང་ཆུབ་ཐོབ་ཕྱིར་བདག་གིས་བསྔོ། །དེ་ནས་ཚངས་པའི་གནས་བཞི་བསྒོམ། །སྔགས་འདི་
བཟླས་པས་སྟོང་པར་བསྒོམ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། པཾ་ལས་པདྨ་འདབ་བརྒྱད་སྟེང་། །ཏཱཾ་ལས་རྗེ་བཙུན་སྒྲོལ་མ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་། །གཡས་ན་མཆོག་སྦྱིན་ཕྱག་རྒྱ་ཅན། །གཡོན་ན་ཨུཏྤལ་སྔོན་པོ་འཛིན། །རིན་ཆེན་རྒྱན་རྣམས་
མཛེས་པའི་ཚུལ། །སྨྲ་བའི་སེང་གེས་དབུ་བརྒྱན་པ། །ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པར་བཞུགས། །དར་གྱི་སྟོད་གཡོགས་སྨད་གཡོགས་བྱས། །དེ་ལྟར་དམ་ཚིག་བསྐྱེད་བྱས་ལ། །ཐུགས་ཀའི་ཏཱཾ་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། །དད་པའི་
སྟོབས་ཀྱིས་ཕྱག་བྱས་ཏེ། །དེ་ནས་མཆོད་པ་སྔགས་འདིས་དབུལ། །ཨོཾ་བཛྲ་པུཥྤེ་པཱུ་ཛ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་པཱུ་ཛ་ཧཱུཾ། ཨོཾ་བཛྲ་དཱི་པེ་པཱུ་ཛ་ཧཱུཾ། ཨོཾ་བཛྲ་གནྡྷེ་པཱུ་ཛ་ཧཱུཾ། ཨོཾ་བཛྲ་ནཻ་བི་དྱེ་པཱུ་ཛ་ཧཱུཾ། ཨོཾ་གཱི་ཏི་པཱུ་ཛ་ཧཱུཾ། ཇི་སྲིད་མི་སྐྱོའི་བར་དུ་བསྒོམ། །སྐྱོ་ན་བཟླས་པ་འདི་ལྟར་བྱ། །

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྔགས་ཕྲེང་སྙིང་ག་ནས་ཕྱུང་སྟེ། །ཡེ་ཤེས་ཐུགས་ལ་མཉེས་པས་མཆོད། །བྱིན་རླབས་ཚུར་འདུས་ཞལ་ནས་འཐོན། །བདག་ལ་ཐིམ་ཞིང་འོད་འཕྲོས་པས། །བར་ཆད་སེལ་དང་སྒྲིབ་སྦྱངས་བསམ། །དེས་སྐྱོ་གཏོར་མ་གཏང་བྱ་སྟེ། །མི་རྟོག་
ཨོཾ་ལས་རིན་ཆེན་སྣོད། །ཨཱཿལས་བདུད་རྩི་སྣ་ཚོགས་བསམ། །ཧཱུཾ་ལས་ཐིམ་ཞིང་སྣ་ཚོགས་གསོལ། །སྔགས་འདིར་སྙིང་པོ་བཏགས་ཏེ་དབུལ། །བ་ལིཾ་ཏ་པཱུ་ཛ་ཨརྒྷཾ་པཱུ་ཛ་བ་ལིཾ་ཨི་དཾ་གྲྀཧྣ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་ཁཱ་ཧི་སྭཱ་ཧཱ། དད་པའི་སྟོབས་ཀྱིས་བསྟོད་པར་བྱ། །ཨོཾ་
སྟོང་ཉིད་སྙིང་རྗེ་ཕག་མོ་ཆེ། །སྒྲོལ་མའི་སྐུ་ལ་ཕྱག་འཚལ་བསྟོད། །སྨྲ་བསམ་བརྗོད་མེད་ཕ་རོལ་ཕྱིན། །སྒྲོལ་མའི་གསུང་ལ་ཕྱག་འཚལ་བསྟོད། །དྲི་མེད་ཡེ་ཤེས་གསལ་བའི་ཐུགས། །སྒྲོལ་མའི་ཐུགས་ལ་ཕྱག་འཚལ་བསྟོད། །ཟླ་འོད་སྲིད་པའི་མུན་སེལ་བ། །འཇོམས་
བྱེད་ཉི་མའི་དཀྱིལ་དང་མཚུངས། །ཐབས་དང་ཤེས་རབ་ཡོན་ཏན་ལྡན། །སྒྲོལ་མ་ལ་ནི་རྟག་ཏུ་འདུད། །འགྲོ་ལ་བུ་བཞིན་རྟག་ཏུ་འདུན། །སྲིད་གསུམ་རྣམ་ཐར་གསུམ་ལ་འགོད། །སེང་ལྡེང་ནགས་ལ་རབ་གནས་ཤིང་། །འཇིགས་པ་བརྒྱད་ལས་ཤིན་ཏུ་སྐྱོབ། །སྒྲོལ་མ་
ལ་ནི་ཕྱག་འཚལ་བསྟོད། །མངོན་པར་དགའ་བའི་ཞིང་ཁམས་སུ། །རྡོ་རྗེ་མཁའ་འགྲོའི་སྐུར་སྟོན་ཅིང་། །སྐྱེ་ཤི་མེད་པའི་ཆོས་ཀྱང་སྟོན། །སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད། །དཔལ་དང་ལྡན་པའི་ཞིང་ཁམས་སུ། །རིན་ཆེན་མཁའ་འགྲོའི་སྐུར་སྟོན་ཅིང་། །འགྲོ་བའི་སྡུག་
བསྔལ་ནད་རྣམས་སེལ། །སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད། །བདེ་བ་ཅན་གྱི་ཞིང་ཁམས་ན། །པདྨ་མཁའ་འགྲོའི་སྐུར་སྟོན་ཅིང་། །བདེ་བ་ཆེན་པོའི་ངང་ལ་གནས། །སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད། །རྣམ་པར་དག་པའི་ཞིང་ཁམས་ན། །ལས་ཀྱི་མཁའ་འགྲོའི་སྐུར་
སྟོན་ཅིང་། །ཕྲིན་ལས་བཞི་ཡི་དོན་ཡང་སྒྲུབ། །སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད། །མཐའ་དབུས་མེད་པའི་ཞིང་ཁམས་ན། །ཕ་རོལ་ཕྱིན་མའི་སྐུར་སྟོན་ཅིང་། །ཕྱོགས་བཅུའི་སངས་རྒྱས་ཚོགས་དང་བཅས། །སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད། །དེ་ནས་ཉལ་བའི་དུས་

ན་ནི། །སྟོང་པ་ཉིད་ཀྱི་ངང་ལ་ཉལ། །ལས་དང་སྤྱོད་ལམ་ཅི་སྤྱོད་པ། །ལྷ་མོའི་ང་རྒྱལ་དུ་ནི་བསྒོམ། །འདི་བརྩམས་པ་ཡི་དགེ་བ་གང་། །རྗེ་བཙུན་སྒྲོལ་མའི་ཐུགས་རྗེ་དང་། །དམ་པ་རྣམས་ཀྱི་བྱིན་རླབས་ཀྱིས། །རྗེ་བཙུན་སྒྲོལ་མ་འགྲུབ་པར་ཤོག །རྗེ་བཙུན་
ཀ་མ་ལ་ཤཱི་ལས་མཛད་པའི་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །འཁོར་ལོའི་གཙོ་ལ་
རབ་བཏུད་ནས། །དེ་ཡི་ཟབ་མོ་སྒྲུབ་པའི་ཐབས། །དྲ་བ་སྡོམ་པའི་ཚུལ་བཞིན་བཤད། །དེ་ལ་རྡོ་རྗེ་ཕག་མོ་སྒྲུབ་པར་འདོད་པས་དུར་ཁྲོད་ལ་སོགས་པའི་གནས་སུ་སྟན་བདེ་བ་ལ་འདུག་ལ། ཁ་ནུབ་ཏུ་བལྟས་ཏེ་དང་པོར་སེམས་བསྐྱེད་པ་སྔོན་དུ་སོང་བས་དད་པས་གཞི་བཟུང་བསོད་
ནམས་ཀྱིས་ཚོགས་བསག་གོ། །དེ་ནས་རིམ་གྱིས་སྣང་བ་འབྱུང་བ་ལ་བླ་མ་སྤྱི་བོར་བསྒོམས་ལ། ཡི་གེ་གསུམ་གྱི་སྔགས་ཀྱིས་བྱིན་གྱིས་བརླབ་ཅིང་། ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲིཾ་ཧྲཱིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ཅེས་པས་ལག་པ་བྱིན་གྱིས་བརླབས་ལ་གོ་བགོ་སྟེ་བགེགས་ཐམས་ཅད་
ཞི་བར་བྱེད་པའི་སྔགས་འདི་བརྗོད་དོ། །ཨོཾ་ཧྲིཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཾ་ཕཊ་སྭཱ་ཧཱ། དེ་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་འབྱུང་བས་ལུས་ངག་ཡིད་གསུམ་གྱིས་ཐབས་ལ་མཁས་པར་བྱ་སྟེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བརྗོད་པས་ལུས་རྣམ་
པར་དག་པ་ལྷའི་གཞལ་ཡས་ཁང་ཆོས་འབྱུང་གི་དཀྱིལ་དུ་བསམ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ་ཞེས་བརྗོད་པས་ངག་རྣམ་པར་དག་པ་སྔགས་ཀྱི་འཁོར་ལོ་ལ་ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། ཨོཾ་བཛྲ་ཝརྞ་ནཱི་ཡེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ།
ཞེས་བཟླས་སོ། །ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ་ཞེས་བརྗོད་ཡིད་རྣམ་པར་དག་པ་ལྷའི་སྐུ་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་ཐོད་པ་དང་ཁ་ཊྭཱཾ་གི་འཛིན་པ། སྐུ་མདོག་དམར་བ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན་པ་ཞབས་གཡས་བསྐུམ་པ། གཡོན་བརྐྱང་བས་དུས་མཚན་

མ་མནན་པ། གར་དགུའི་ཉམས་ཀྱིས་བཞུགས་པ་བསྒོམ་པར་བྱའོ། །དེའི་གསང་གནས་སུ་ཆུའི་ས་བོན་ལས་འོད་འཕྲོས་པས་ཕྱག་རྒྱ་བཞིས་ཡེ་ཤེས་ཀྱི་ལྷ་མོ་དགུག་གཞུག་ལ་སོགས་པ་བྱའོ། །དེ་ཡང་རང་ཉིད་ལྟ་བུ་གཅིག་སྤྱན་དྲངས་ལ་ཕྱག་འཚལ་མཆོད་པ་དབུལ། སྡིག་
པ་བཤགས། རྗེས་སུ་ཡི་རང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། གསོལ་བ་གདབ། དགེ་བ་བསྔོ། །བྱིན་གྱིས་བརླབས། དབང་བསྐུར། བདག་ལ་མཁའ་འགྲོ་མ་བཞིས་བསྟོད། སྔགས་འདིས་གཏོར་མ་གཏང་སྟེ། ཨོཾ་བཛྲ་ཡོ་གི་ནཱི་ཀཱ་མ་རུ་པ་ཡོ་གི་ནཱི། ཛྭ་ལ་མུ་ཁི་ནི་ཁ་
ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བརྗོད་ཅིང་རྐང་པ་བརྒྱད་ཀྱིས་བསྟོད། དེ་ནས་ཐབས་བླ་ན་མེད་པས་རྫོགས་པའི་བྱང་ཆུབ་ཐོབ་པས་ཡོད་མེད་གཉིས་སུ་མེད་པའི་གདམས་ངག་བླ་མའི་ཞལ་ལས་ཤེས་པར་བྱའོ། །མར་གྱུར་ཐུགས་ཀྱི་དཔལ་བེའུ་ལས། །ཟབ་མོ་བཅུད་ཀྱི་ཐིགས་པ་
བྱུང་། །སྐལ་ལྡན་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཕག་མོ་འགྲུབ་པར་ཤོག །རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མཉྫུ་ཤྲཱི་ཀྲོ་དྷ་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་ཁྲོ་བོར་སྒྲུབ་པ། སྨྲ་བའི་སེང་གེ་
ལ་ཕྱག་འཚལ་ལོ། །དཔལ་ལྡན་ཁྲོ་བོ་གཤིན་རྗེ་གཤེད། །ཁྲོ་རྒྱལ་གཙོ་ལ་རབ་འདུད་ནས། །དེ་ཡི་ཟབ་མོ་སྒྲུབ་པའི་ཐབས། །སྒྱུ་འཕྲུལ་དྲ་བའི་ཚུལ་དུ་བྲི། །དེ་ལ་འཇམ་དཔལ་གཤིན་རྗེ་སྒྲུབ་པར་འདོད་པའི་རྣལ་འབྱོར་པས་དུར་ཁྲོད་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་
གནས་སུ་སྟན་བདེ་བ་ལ་འདུག་སྟེ་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་བསྒོམ། དེའི་དབུས་སུ་ཧཱུཾ་མཐིང་ནག་རབ་ཏུ་འབར་བ་བསྒོམ། དེ་ལས་འོད་འཕྲོས་པས་བར་ཆད་ཐམས་ཅད་སྲུང་ཞིང་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དམ་བསྐུལ་ཏེ། སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ། ཡན་ལག་བདུན་པ་བྱ་ཞིང་ཚད་མེད་པ་བཞི་བསྒོམས་ཏེ་དེ་ནི་བསོད་ནམས་ཀྱི་ཚོགས་བསག་གོ། །དེ་ནས་ཨོཾ་སརྦ་དྷརྨཱ་བྷཱ་བ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་བསྒོམ། །དེའི་ངང་

ལས་རང་གི་རིག་པ་ཧཱུཾ་མཐིང་ནག་རབ་ཏུ་འབར་བར་བསྒོམ། དེ་གྱུར་པ་ལས་རྡོ་རྗེ་ཁྲོ་བོ་ཧཱུཾ་གིས་མཚན་པར་བསམ། དེ་ལས་བྱུང་བའི་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་མཐིང་ནག་ཞལ་གཅིག་པ་སྤྱན་གསུམ་པ། ཁྲོ་གཉེར་དཔྲལ་བར་བསྡུས་
པ། མཆེ་བ་གཙིགས་ཤིང་སྐྲ་གྱེན་དུ་བརྫེས་པ། ཕྱག་གཡས་ཀྱིས་རལ་གྲི་རྡོ་རྗེའི་ཡུ་བ་ཅན་བཟུང་བ། གཡོན་སྡིགས་མཛུབ་ཨུཏྤ་ལས་མཚན་པ། གཅེར་བུ་དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། ཡུམ་རྡོ་རྗེ་ཕག་མོ་དང་རོལ་ཞིང་ཡེ་ཤེས་ཀྱི་མེ་འབར་བ། མ་ཧེ་གདན་དུ་བཏིང་ནས་
ལས་ཀྱི་གཤིན་རྗེ་འདུལ་བར་བསྒོམ། དེའི་ཐུགས་ཀ་ནས་ཧཱུཾ་ལས་འོད་འཕྲོས་པས་དེ་ལྟ་བུའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་ཕྱག་དང་མཆོད་པ་དབུལ་ཏེ། ཨོཾ་བཛྲ་པུཥྤེ་ཧཱུཾ། དྷཱུ་པེ་ཧཱུཾ། དཱི་པེ་ཧཱུཾ། གནྡྷེ་ཧཱུཾ། ནི་རི་ཏེ་ཧཱུཾ། ནཻ་བི་དྱེ་ཧཱུཾ། ཤབྡ་ཧཱུཾ། ཞེས་མཆོད་པ་དབུལ་གཏོར་མ་
གཏང་ངོ་། །གཏོར་སྣོད་མི་དམིགས་པ་ལས་རིན་པོ་ཆེའི་སྣོད་དུ་བསམ། ཧཱུཾ་ཞེས་བརྗོད་པས་བདུད་རྩིར་བསམ། འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་ལ་སོགས་པ་བྱ་ཞིང་། ཡི་གེ་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས། དབང་བསྐུར།
མི་སྐྱོ་བར་དུ་བསྒོམ། དེ་ནས་བཟླས་པའི་སྔགས་འདི་ཡིན་ཏེ། ཨཱོཾ་ཧྲཱིཿཥྚྲྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ནམ་མཁའི་དཀྱིལ་ནས་ཐོག་བབས་པ་ལྟར་ཤིན་ཏུ་དྲག་པར་བཟླས་སོ། །དེ་ནས་སྒྱུ་མ་ལྟ་བུའི་རང་བཞིན་འོད་གསལ་བ། ཟུང་དུ་འཇུག་པ། རྡོ་རྗེའི་བཟླས་པ་
སེམས་དེ་ལ་གཏད་པའོ། །ནག་པོ་ཐུགས་ཀྱི་དཔལ་བེའུ་ནས། །ཟབ་མོ་བདུད་རྩིའི་བཅུད་ཐིགས་པས། །སྐལ་ལྡན་རིན་ཆེན་ལྟ་བུ་ཡི། །འཇམ་དཔལ་གཤིན་རྗེ་གྲུབ་པར་ཤོག །འཇམ་དཔལ་ཁྲོ་བོར་སྒྲུབ་པ་རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།།
༄༅༅། །རྒྱ་གར་སྐད་དུ། ཥ་ཊ་དྷརྨ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། ཆོས་དྲུག་གི་མན་ངག་ཅེས་བྱ་བ། དཔལ་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། །དལ་འབྱོར་རྒྱུ་འབྲས་ལས་རྣམས་ལས། །རྣལ་འབྱོར་དོན་གྱི་སྙིང་པོ་བཙལ། །རྣལ་འབྱོར་ལུས་ཀྱི་རྩ་ཡི་

ཚོགས། །ཕྲ་རགས་རླུང་དང་ལྡན་པ་ནི། །དབང་དུ་བྱེད་ཐབས་འཁྲུལ་འཁོར་གྱིས། །དབྱུང་རྔུབ་དགང་དང་གཞིལ་བ་སྟེ། །ལ་ལ་ནཱ་དང་ར་ས་ནཱ། །ཨ་ཝ་དྷཱུ་ཏཱི་འཁོར་ལོ་བཞི། །ལྟེ་བར་ཙཎྜ་ལཱི་ཡི་མེ། །ཕྲ་རབ་ལས་འཕེལ་ཏཱཾ་ལས་ནི། །བདུད་རྩིའི་ཆུ་རྒྱུན་དགའ་བཞིའི་
འགྲོས། །རྒྱུ་མཐུན་ལ་སོགས་འབྲས་བུ་བཞི། །འཁྲུལ་འཁོར་དྲུག་གིས་རྒྱས་པར་བྱ། །ཙཱརྱ་པའི་ཨུ་པ་དེ་ཤའོ།། །།སྣོད་བཅུད་ཁམས་གསུམ་མ་ལུས་པ། །སྒྱུ་མ་རྨི་ལམ་ལ་སོགས་དཔེས། །འགྲོ་འདུག་སྤྱོད་ལམ་ཀུན་དུ་སྦྱང་། །ལྷ་ཚོགས་སྒྱུ་མ་མེ་ལོང་གཟུགས། །རྡོ་རྗེ་
སེམས་དཔའ་ལེགས་བྲིས་པ། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །དེ་ཉིད་སྒྱུ་མའི་གཟུགས་བཞིན་དུ། །སྒྱུ་དཔེ་བཅུ་གཉིས་ལྟར་མཐོང་བ། །རྣལ་འབྱོར་སྒྱུ་མའི་དོན་མཐོང་བའོ། །ནཱ་གཱ་རྫུ་ནའི་ཨུ་པ་དེ་ཤའོ།། །།རྨི་ལམ་རྨི་ལམ་དོན་ཤེས་ཤིང་། །རྒྱུན་དུ་ཟབ་
མོའི་དོན་བསྒོམ་པ། །ནཱ་ད་ཐིག་ལེ་ལ་སོགས་པ། །རིགས་ལྔའི་ས་བོན་ལ་དམིགས་ནས། །སངས་རྒྱས་ཞིང་དང་སངས་རྒྱས་བལྟ། །གཉིད་དུས་བདེ་ཆེན་སྒྲུབ་པའི་ཐབས། །ལ་བ་པའི་ཨུ་པ་དེ་ཤའོ།། །།རྣལ་འབྱོར་ཨ་ཝ་དྷཱུ་ཏཱི་པ། །ཨ་ཝ་དྷཱུ་ཏཱིར་སེམས་གནས་པ། །
སྙིང་གི་ཐིག་ལེར་སེམས་བརྟན་པས། །འོད་དང་འོད་ཟེར་འཇའ་རིས་དང་། །སྐྱ་རིངས་ཉི་འོད་ཟླ་འོད་དང་། །ཉི་མ་ཟླ་བ་ཤར་འདྲ་དང་། །ལྷ་དང་སྐུ་ཡི་སྣང་བ་སོགས། །སྣ་ཚོགས་ཞིང་ཁམས་དག་པར་འགྱུར། །རྣལ་འབྱོར་པ་ཡི་ལམ་ཆེན་ཏེ། །ནཱ་གཱ་རྫུ་ནའི་ཨུ་པ་དེ་ཤའོ།། །།
རྣལ་འབྱོར་འཆི་བའི་དུས་ཀྱི་ཚེ། །དབང་པོ་རྣམས་དང་འབྱུང་བ་སྡུད། །ཟླ་ཉི་རླུང་རྣམས་སྙིང་གར་འདུས། །རྣལ་འབྱོར་ཏིང་འཛིན་སྣ་ཚོགས་འཆར། །རྣམ་ཤེས་ཕྱི་རོལ་ཡུལ་སོང་ན། །རྨི་ལམ་ཡུལ་བཞིན་སྣ་ཚོགས་སྣང་། །བདུན་བདུན་དུས་ཚེ་འཆི་སྣང་དང་། །དེ་ནས་སྐྱེ་
བར་འགྱུར་བ་ཉིད། །དེ་ཚེ་ལྷ་ཡི་རྣལ་འབྱོར་སྒོམ། །ཡང་ན་དེ་ཉིད་ངང་ལ་གཞག །དེ་རྗེས་སྐྱེ་ལ་ཕྱོགས་པའི་ཚེ། །མངའ་བདག་ལྷ་ཡི་རྣལ་འབྱོར་གྱིས། །སྣང་སྲིད་ལྷ་ཡི་རྣལ་འབྱོར་སྒོམ། །དེས་ནི་བར་དོ་ཁེགས་པར་འགྱུར། །སུ་ཁ་སི་དྷིའི་ཨུ་པ་དེ་ཤའོ།། །།དེ་

ལས་རྣལ་འབྱོར་འཕོ་བའི་ཚེ། །གྲོང་འཇུག་ལྷ་དང་ས་བོན་གྱིས། །འགྲོ་འོང་རིང་དང་ཐུང་བ་དང་། །ལྷ་ལ་བསླབ་ཅིང་འཕར་བའི་དུས། །གང་འདོད་གྲོང་དུ་འཇུག་པར་བྱ། །གོང་དུ་འབོ་ན་སྟོང་ར་ལྷ། །ཡཾ་སྤྲོད་ཧི་ཀ་ཧཱུཾ་དང་ཧཱུཾ། །ལྷ་དང་བླ་མའི་ཐུགས་ཀར་
འཕང་། །དེས་ནི་འདོད་པའི་གནས་སུ་འཕྲོ། །སུ་ཁ་སིདྷིའི་ཨུ་པ་དེ་ཤའོ།། །།གྲུབ་པའི་རྣལ་འབྱོར་དབང་ཕྱུག་ཏིལླི་པའི་ཞབས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁས་པ་ནཱ་རོ་པཎྜི་ཏ་དང་། མར་པ་ལྷོ་བྲག་པ་ཆོས་ཀྱི་བློ་གྲོས་ཀྱིས་ཁ་ཆེའི་གནས་པུཥྤ་ཧ་
རིར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱ་ཧ་པྲ་མ་ཎ་སཾ་མྱགྣཱ་མ་ཌཱ་ཀི་ནྱུ་པ་དེ་ཤ། བོད་སྐད་དུ། བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་མཁའ་འགྲོ་མའི་མན་ངག །དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །གང་ཟག་བློ་ཡི་ཁྱད་པར་གྱིས། །རིམ་གྱིས་
པ་དང་ཅིག་ཅར་བ། །རིམ་གྱིས་པ་ཡི་སྨན་ཆེན་འདི། །ཅིག་ཅར་བ་ཡི་དུག་ཆེན་ཡིན། །ཅིག་ཅར་བ་ཡི་སྨན་ཆེན་འདི། །རིམ་གྱིས་པ་ཡི་དུག་ཏུ་འགྱུར། །དེས་ན་སྦྱངས་པའི་འཕྲོ་ཅན་ལ། །ཅིག་ཅར་བ་ནི་བསྟན་པར་བྱ། །སེམས་ཅན་དང་པོའི་ལས་ཅན་ལ། །རིམ་གྱིས་པ་འདི་བསྟན་
པར་བྱ། །དང་པོ་ཉོན་མོངས་གདུལ་བ་ནི། །ཁམས་ཀྱི་རབ་ཏུ་དབྱེ་བ་བྱ། །ཕུང་པོ་ཞིག་གྲོལ་བསྒོམ་པར་བྱ། །བླ་མས་བསྟན་པའི་ལམ་གྱི་ནི། །སློབ་མ་ཡོངས་སུ་སྨིན་བྱ་ཞིང་། །བསྐྱེད་རིམ་གཞུང་ལས་ཤེས་པར་བྱ། །ངག་དབེན་པ་དང་རླུང་སྒོམ་པ། །བླ་མའི་ཞལ་ལས་ཤེས་
པར་བྱ། །སེམས་ལ་དམིགས་པའི་མན་ངག་ནི། །བདེ་བ་ཆེན་པོའི་མན་ངག་གོ། །བྱང་ཆུབ་སེམས་ཀྱི་མན་ངག་ནི། །བླ་མའི་ཞལ་ལས་ཤེས་པར་བྱ། །ཕྱག་རྒྱ་ཆེན་པོའི་མན་ངག་ནི། །མན་ངག་ཚིག་བསྡུས་དག་ལས་ཤེས། །གཏུམ་མོ་འོད་གསལ་སྦྱངས་པ་ལ། །སྒྱུ་མ་
ལྟ་བུའི་ལུས་བསྒོམ་པ། །སློབ་པ་དང་ནི་མི་སློབ་གཉིས། །སློབ་པ་ལ་ཡང་གཉིས་ཡིན་ཏེ། །མངོན་པར་རྟོགས་པའི་རིམ་པ་དང་། །རང་ཉིད་ལྷག་པར་གནས་པའོ། །མངོན་པར་རྟོགས་པའི་རིམ་པ་ལ། །གསང་བའི་དབང་གི་དུས་དག་ཏུ། །མེ་ལོང་དྲི་མ་མེད་པ་

ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་ཏེ། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། །ཞེས་བྱ་བ་ནས་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་སྒོ་ནས་རྟོགས་པར་བྱའོ། །རང་ཉིད་ལྷག་པར་གནས་པ་ལ། །འཕོ་དང་གྲོང་དུ་འཇུག་པ་དང་། །རྨི་ལམ་བར་དོ་རྣམ་པ་བཞི། །གོང་དུ་འཕོ་བ་
རྣམ་གསུམ་སྟེ། །བསྐྱེད་པའི་རིམ་པའི་ཚུལ་དང་ནི། །སྒྱུ་མ་དངོས་དང་འོད་གསལ་ལོ། །བསྐྱེད་པའི་རིམ་པའི་ཚུལ་ལ་ནི། །ཀྵུཾ་ལ་སོགས་པའི་ཡི་གེ་ཡིས། །བུ་ག་དག་ཀྱང་དགག་བྱ་སྟེ། །རང་གི་སེམས་ནི་ལྷ་ཡི་སྐུ། །འཇའ་ཚོན་ལྟ་བུར་བསྒོམ་པའོ། །ཡང་ན་ཧཱུཾ་ལ་བསྡུ་བྱ་སྟེ། །
ཚངས་པའི་བུ་ག་དག་ཏུ་གདོན། །འོག་མིན་གནས་སུ་ཡང་དང་ཡང་། །རྒྱུན་མི་ཆད་པར་གནས་པར་བྱ། །དེ་ལྟར་སྒོམ་པ་བརྟན་གྱུར་ནས། །དུས་དང་རྟགས་རྣམས་ཤེས་བྱ་སྟེ། །འཕོ་ཁར་ཤེས་པ་གནས་སུ་བསྐྱལ། །དེ་ལྟར་བྱས་པས་འཕོ་བར་འགྱུར། །སྒྱུ་མ་དངོས་ཀྱི་འཕོ་བ་ནི། །
འོག་ནས་འབྱུང་བའི་རྨི་ལམ་ལ། །གོམས་པར་བྱ་སྟེ་སུམ་ཅུ་ནི། །རྩ་གསུམ་གནས་སུ་འཕོ་བྱ་སྟེ། །དེ་རུ་སྔར་ནི་གང་བསྒོམས་པའི། །གོམས་པ་ཁྲིད་དེ་བསྒོམས་གྱུར་ན། །བདེ་བ་སྐྱེ་བའི་གནས་ཡིན་པས། །མི་རྟོག་ཡེ་ཤེས་ཐོབ་ནས་ནི། །ཚེ་འདི་ཉིད་ལ་སངས་རྒྱས་ཉིད། །
ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྔགས་པའི་འགྲོ་ས་མཆོག་ཡིན་ཏེ། །མཚན་ཉིད་པ་ནི་ལྟུང་བར་འགྱུར། །འོད་གསལ་བ་ཡི་འཕོ་བ་ནི། །འཆི་བའི་དུས་ནི་ཤེས་བྱ་སྟེ། །མི་རྟོག་པ་ལ་སེམས་གནས་ནས། །ལུས་ཀྱི་རྩོལ་བ་དག་གིས་ནི། །འོད་གསལ་བར་ནི་གཞུག་བྱ་སྟེ། །
བར་དོར་མྱ་ངན་འདའ་བ་ཡིན། །བསླབས་ནས་འཕོ་བ་དེ་རྣམས་ཡིན། །འོད་གསལ་བ་ལ་སེམས་གནས་ན། །སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །མ་བསླབས་པར་ཡང་འཕོ་བ་ཡོད། །ཟུང་འཇུག་ཏིང་འཛིན་ལ་གནས་ན། །སླར་ཞིང་གང་ལའང་མི་སློབ་བོ། །གདམས་པ་
གསེར་འགྱུར་རྩི་འདི་ཡིས། །འཆི་ཚེ་གང་ལ་ཕོག་གྱུར་པ། །དངོས་དེ་མྱ་ངན་འདས་གསེར་འགྱུར། །དེ་ཕྱིར་བླ་མ་ཐབས་ལ་མཁས། །དེ་ལ་གྲོང་དུ་འཇུག་པ་ནི། །མདུན་དུ་དམིགས་པ་གསལ་བྱས་ལ། །དབུགས་དང་སེམས་ནི་མ་ཡེངས་བར། །གཏད་ནས་ཡུན་དུ་གོམས་

གྱུར་ན། །དེས་ནི་ཤེས་ལུས་བྱ་བ་དང་། །དམིགས་པ་ཇེ་གསལ་ཇེ་གསལ་འགྱུར། །དེ་ལ་ཡུན་དུ་གོམས་བྱས་ནས། །བསོད་ནམས་ཅན་གྱི་ལུས་བླངས་ཏེ། །རང་གི་ཕུང་པོ་དོར་བྱས་ནས། །སེམས་ཅན་དོན་ནི་མ་ལུས་བྱའོ། །རྨི་ལམ་ལ་ཡང་རྣམ་ལྔ་སྟེ། །དྲན་
དང་སྒྱུ་མར་ཤེས་པ་དང་། །སྦྱངས་དང་གོམས་པ་ཁྲིད་པ་དང་། །གོང་དུ་འཕོ་བར་ཤེས་པར་བྱ། །དྲན་པ་ཤེས་བྱ་སྒོམ་པ་ནི། །གཉིད་མ་ལོག་པའི་དུས་སུ་ཡང་། །འདུན་པ་དག་ནི་སྔོན་བཏང་སྟེ། །ལོག་ཀ་མ་ཡི་ཤེས་པ་ནི། །དྲན་པས་ཡང་དང་ཡང་བསྒུག་ལ། །བསྒུགས་པས་ལོག་པ་
ལན་རེ་བཞིན། །རབ་འབྲིང་སད་དུས་འབྱུང་བར་འགྱུར། །དེ་ལྟར་དྲན་པ་བརྟན་གྱུར་ནས། །སྒྱུ་མ་དག་ཏུ་ཤེས་བྱ་སྟེ། །མ་ལོག་པ་ཡི་དུས་སུ་ཡང་། །སྣང་སྲིད་སྒྱུ་མར་ཤེས་བྱ་སྟེ། །སྒྱུ་མ་དངོས་ནི་རྨི་ལམ་ཡིན། །འདི་ཉིད་སྒྱུ་མར་མ་ཤེས་པས། །བར་དོ་སྒྱུ་མར་མ་ཤེས་ན། །བར་
དོའི་སྲིད་པ་མི་ཁེགས་པས། །སྐྱེ་བ་ཡང་ནས་ཡང་བླངས་ཏེ། །ཁམས་གསུམ་འཁོར་བར་འཁྱམས་པ་ཡིན། །དེ་ལྟར་རྨི་ལམ་དངོས་དག་ལ། །བློ་ནི་འཇུག་ཏུ་མ་བཏུབ་ན། །སྔོན་དུ་འགྲོ་བ་དག་བྱ་སྟེ། །མ་ལོག་པ་ཡི་དུས་སུ་ཡང་། །སྣང་སྲིད་སྒྱུ་མར་ཤེས་བྱ་སྟེ། །བསྐྱེད་
པའི་རིམ་པའི་རྟགས་དག་དང་། །འདུ་འཛི་ཤིན་ཏུ་ཉུང་བ་དང་། །སྔར་གྱི་གོམས་པས་ཁྲིད་པ་དང་། །མོས་པ་ཤིན་ཏུ་དྲག་པ་དང་། །འགུགས་པའི་དུས་དག་ཤེས་པའོ། །གཉིད་མ་ལོག་པའི་དུས་སུ་ཡང་། །དྲན་པས་དེ་ཉིད་སྒྱུ་མ་རུ། །ཤེས་བྱ་བསམ་པ་སྔོན་བཏང་ལ། །ནན་
ཏན་དུ་ནི་བསྒོམ་པར་བྱ། །དེ་ལྟར་དུ་ནི་གོམས་པ་དང་། །ཕན་ཚུན་དག་ཏུ་བྱིན་པ་དང་། །ངལ་དུབ་དག་ནི་འོང་བ་དང་། །འགྲངས་ལྟོགས་དག་ནི་འོང་བ་དང་། །ཆོ་འཕྲུལ་དག་ནི་སྟོན་པ་དང་། །དེ་ལ་སོགས་པའི་མཚན་མ་རྣམས། །གཉིད་ལོག་པ་ཡི་དུས་སུ་ཡང་། །གོམས་པར་
བྱས་པའི་བག་ཆགས་ཀྱིས། །ལོག་ཀ་མ་ཡི་དུས་སུ་ཡང་། །མཚན་མའི་དྲན་པ་དེ་ཉིད་ལ། །བག་མི་ཚ་བར་སྤྱད་པར་བྱ། །དེས་ན་སྒྱུ་མའི་བསྲེ་བ་འགྲུབ། །དེ་ལྟར་སྒྱུ་མར་ཡང་དང་ཡང་། །ཉིན་མཚན་རྟག་ཏུ་བསམས་ནས་སུ། །སྒྱུ་མར་ཤེས་པའི་མཚན་མ་ནི། །ཡ་མི་ང་

དང་བག་མི་ཚ། །དམ་དུམ་ཀམ་ཀེམ་འབྱུང་བར་འགྱུར། །དེ་ལྟར་གོམས་པ་བརྟན་པར་བྱ། །དེ་ལྟར་བརྟན་པར་གྱུར་ནས་ནི། །འཕོ་བ་དག་ནི་བྱ་བར་བཤད། །གཉིད་མ་ལོག་པའི་དུས་སུ་ཡང་། །སེམས་ནི་གང་དགར་གཏང་བར་བྱ། །འགྲོ་སར་སེམས་ནི་བཏང་བྱས་ནས། །
ལོག་ཀ་མ་ཡི་དུས་སུ་ཡང་། །དེ་རིང་བག་ཆགས་དྲན་བྱས་ཏེ། །དེ་ལྟར་རང་གི་རིག་པ་ཡིས། །དཔྱད་ཅིང་གང་ལྟར་བདེ་བར་འཕོ། །འཕོ་བ་བརྟན་པར་གྱུར་པ་ན། །སྒྱུ་མ་སྦྱངས་པའི་མཚན་ཉིད་ཀྱིས། །སྔོན་གྱི་བསམ་པ་ཁྲིད་པར་བྱ། །དེ་ལྟར་སྔ་མ་ཇི་བཞིན་བསྒོམ། །ལོག་
ཀར་ཡང་དང་ཡང་དུ་སྒོམ། །དེ་ལྟར་རྨི་ལམ་དུས་སུ་ཡང་། །དམ་དུམ་བག་རེ་འབྱུང་བར་འགྱུར། །དེ་ནས་རྨི་ལམ་སྦྱོང་བ་ལ། །གང་ཡང་བཟང་ངན་མི་ལྟ་སྟེ། །རྟགས་མ་བྱུང་བར་ཟིན་པའང་ཡོད། །རང་གི་རིག་པས་རྟོགས་བྱ་བ། །མ་རྟོགས་པ་ན་འབད་ཅིང་བརྟག །རྩོལ་བ་དག་
གིས་བསྐྱེད་བྱས་ལ། །ཤེས་པ་ཚར་ནི་གཅད་པར་བྱ། །གོང་གི་བསྟན་པའི་གདམས་པ་ལྟར། །དེ་ལྟར་ཡང་དང་ཡང་བྱས་པས། །མོད་དུ་ཟིན་པ་དག་ཀྱང་ཡོད། །ལོངས་སྤྱོད་ལ་སོགས་རྒྱུད་སྦྱངས་པས། །ལོ་ཡིས་ཟིན་པ་དག་ཀྱང་ཡོད། །ཡེ་མ་ཟིན་པ་དག་ཀྱང་ཡོད། །དེ་ལྟར་
ཡང་དང་ཡང་གོམས་པས། །རྨི་ལམ་བྱིན་གྱིས་རློབ་པ་ཡིན། །དེ་ཡིས་བར་དོ་རློབས་པར་འགྱུར། །གོང་མའི་རྨི་ལམ་གོམས་པ་ཡིས། །འཆི་ཀའི་ཤེས་པ་གསལ་བྱས་ཏེ། །འཆི་ཀའི་རྟགས་རྣམས་ཚང་བ་དང་། །སྔར་གོམས་པ་ལ་སེམས་བཞག་སྟེ། །འོད་གསལ་བར་ནི་འཇུག་
པར་བྱ། །འཆི་ཁར་གཉིད་ནི་ལོག་པ་ནི། །དྲན་པ་དག་ན་སྔོན་བཏང་ནས། །འོད་གསལ་ངང་ལ་གནས་པར་བྱ། །ས་བོན་སྐྱེ་གནས་རིམ་ཁྱབ་པ། །གཞི་དང་ཁང་པ་ཉིད་དང་ནི། །ལས་དང་སྦྱོར་བ་རང་ནུས་ལ། །རང་གི་ངོ་བོ་ཐིག་ལེར་བཅས། །བཅུ་གཉིས་མཐའ་ཡི་ཚིག་གི་དོན། །
གང་གིས་རྟག་ཏུ་གོམས་གྱུར་ནས། །དེས་ནི་དངོས་གྲུབ་བདེ་བ་ཡི། །རྡོ་རྗེ་འཛིན་པ་རང་ཉིད་འགྱུར། །སྣང་བ་ཐིམ་དང་རྟོག་པ་ཐིམ། །རགས་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་དང་། །རང་བཞིན་གྱིས་ནི་འོད་གསལ་འབྱུང་། །དེ་ཡི་རྗེས་ལ་ཟུང་འཇུག་སྐུ། །སློབ་

པ་དང་ནི་མི་སློབ་གཉིས། །མི་སློབ་པ་རུ་གྱུར་པ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །སྔོན་བྱུང་སྲིད་པའི་ཤ་ཚུགས་ཅན། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །བར་དོ་དེ་ཡི་མིག་སྔ་རུ། །ཐབས་དང་ཤེས་རབ་མཐོང་བ་ལ། །བླ་མ་དག་ཏུ་དམིགས་བྱས་ཏེ། །
གསང་བའི་དབང་ནི་དྲན་བྱས་ནས། །མིག་སེར་ཞེ་སྡང་ཀུན་སྤངས་ཏེ། །བདེ་བའམ་མི་རྟོག་པ་བསྒོམས་པའམ། །ཡང་ན་སྔར་དུས་གང་བསྒོམས་པའི། །སྦྱངས་པ་སྔོན་དུ་དྲན་པར་བྱ། །དུས་སུ་དྲན་པར་གྱུར་ནས་ནི། །དང་པོའི་སྲིད་པ་ཁེགས་པར་འགྱུར། །དེ་ནས་བདུན་ཕྲག་བདུན་
གྱི་བར། །གོང་མ་བཞིན་དུ་གོམས་བྱས་ན། །བཞི་བཅུ་རྩ་དགུ་འདས་པ་དང་། །འཁོར་བའི་སྲིད་པ་ཁེགས་པ་དང་། །དེ་ལྟར་སྒྱུ་མར་གནས་པ་ལ། །འོད་གསལ་པ་ཡིས་སྦྱང་བྱ་སྟེ། །འོད་གསལ་བར་ནི་འཇུག་པར་འགྱུར། །རྩིགས་ཀྱི་རྒྱ་བདུན་དང་བཅས་པའོ།།
༄། །བཀའ་དཔེ་ཕྱི་མ་བཞུགས་སོ། ། ༄༅༅། །བླ་མ་ཆེན་པོ་ནཱ་རོ་པས། །བདེ་མཆོག་འཁོར་ལོའི་གསང་སྔགས་ནི། །འབུམ་ཕྲག་གཅིག་ཏུ་བཟླས་པ་ཡིས། །ས་ནི་གཡོ་ཞིང་ལུང་བསྟན་ཐོབ། །ཤར་ཕྱོགས་ངོགས་གྱི་ཏེ་ལོ་པའི། །ཞལ་སྔར་གདམས་པ་མནོས་པ་ནི། །དངོས་པོའི་
གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དེ་ལ་དངོས་པོའི་གནས་ལུགས་ནི། །ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །དེ་ལ་སེམས་ཀྱི་གནས་ཐབས་ནི། །ལུས་
གནས་ཡེ་ཤེས་ཆེན་པོ་སྟེ། །སྐྱེ་འགག་བྲལ་བའི་ངོ་བོ་ཡིན། །ལམ་ལ་བསྐྱེད་དང་རྫོགས་པའོ། །དེ་ལ་གནད་ནི་རྣམ་གསུམ་སྟེ། །ལུས་དང་དུས་དང་ཡུལ་དང་གསུམ། །དེ་ལ་ལུས་ཀྱི་གནད་བཤད་པ། །ཆུ་ཤིང་བཞིན་དུ་བསྲང་བར་བྱ། །རེ་མིག་བཞིན་དུ་བསྣོལ་བར་བྱ། །
ནོར་བུ་རིན་ཆེན་དྲང་པོར་རྩར། །མཉམ་པར་གཞག་པའི་ཕྱག་རྒྱ་ནི། །ལྟེ་བའི་འོག་ཏུ་བཙིར་བར་བྱ། །མགུལ་པ་བསྲང་ལ་ནོར་བུ་སྦ། །འཕེལ་ཀ་ནམ་མཁའ་ལྟར་ཡངས་བྱ། །ཡུལ་གྱི་གནད་ནི་གཉིས་ཡིན་ཏེ། །ཕྱི་ཡི་དཀར་དམར་རྣམ་པ་ཅན། །ནང་དུ་འཁོར་ལོ་རྣམ་པ་བཞི། །

དེ་ལ་ཐབས་ལམ་བགྲང་མི་ལང་། །དེ་ལ་དུས་ཀྱི་གནད་བཤད་པ། །གཡས་གཡོན་འཕོ་དུས་ཟེར་བ་ཡོད། །གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་མལ་དུས་དང་རྣམ་པ་བཞི། །དེ་ལ་དུས་བཞིའི་ཉམས་ལེན་ནི། །བླ་མའི་ཞལ་ལས་ཤེས་པར་བྱ། །རླུང་གི་གནད་
ལ་བཞི་ཡིན་ཏེ། །རྔུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་གྱེན་དུ་འཕངས་པ་སྟེ། །སྲོག་རྩོལ་གྱི་ནི་སྦྱོར་བ་ཡིས། །ལྟེ་བའི་ཨ་ལས་མེ་སྦར་ཏེ། །འཁོར་ལོ་བཞི་བསྲེགས་རྩ་ཁ་དབྱེ། །མེ་ལྕེ་ཧཾ་ལ་རེག་པ་ཡིས། །བྱང་ཆུབ་སེམས་ཀྱི་རྩ་རྣམས་དགང་། །ཨ་
ལས་བབས་ཤིང་ཐིགས་པ་ཆད། །བདེ་སྟོང་དབྱེར་མེད་དོན་ལ་གཟུང་། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉེན། །འབྱུང་བཞི་རོ་སྙོམས་མ་ཤེས་ན། །བསྒོམས་ཀྱང་བོགས་ནི་མི་འབྱུང་སྟེ། །བཅོས་ཐབས་བགྲང་ནི་མི་ལང་གིས། །གཏུམ་མོའི་གོ་
ཆ་གཙིགས་སུ་ཆེ། །དེ་ལས་འབྲས་བུ་འཆར་བ་ནི། །དང་པོ་དྲོ་བ་ལྟ་བུ་འབྱུང་། །གཉིས་པ་དུ་བ་ལྟ་བུ་འབྱུང་། །གསུམ་པ་སྲིན་བུ་མེ་ཁྱེར་དང་། །བཞི་པ་མར་མེ་ལྟ་བུ་སྟེ། །ལྔ་པ་ནམ་མཁའ་ལྟ་བུར་འཆར། །དེ་ནས་བདེ་བ་འཆར་བ་དང་། །རྣམ་པར་རྟོག་པ་ཤུགས་ཀྱིས་
འགག །སྨིག་རྒྱུ་སྲིན་བུ་མེ་ཁྱེར་དང་། །སྐྱ་རེངས་ཤར་བ་ལྟ་བུ་འབྱུང་། །འབྱུང་བཞི་གཅིག་ལ་གཅིག་ཐིམ་ནས། །ཙཎྜ་ལཱི་ནི་ཤུགས་ཀྱིས་འབར། །ཤུ་ཀྲ་ངེས་པར་འབབ་པར་ངེས། །ནང་གི་ཚ་གྲང་འདྲེས་པའི་རྟགས། །ནམ་མཁའ་སྤྲིན་དག་ལྟ་བུ་རྣམས། །རིམ་པས་གྲངས་
ཀྱིས་འབྱུང་བར་གསུངས། །སེང་གེ་དཀར་མོའི་འོ་མ་དེ། །གསེར་སྐྱོགས་དངུལ་སྐྱོགས་མ་ཡིན་པ། །སྣོད་ངན་ཕལ་དུ་མི་བླུགས་འཚལ། །བརྒྱ་ལ་གལ་ཏེ་བླུགས་པ་ན། །སྣོད་ཀྱང་ཆག་ལ་འོ་མ་འབོ། །བླ་མ་གྲུབ་ཐོབ་མན་ངག་འདི། །སློབ་མ་སྐལ་ལྡན་མ་གཏོགས་པ། །སྣོད་ངན་
རྣམས་ལ་བྱིན་གྱུར་ན། །དམ་ཚིག་ཉམས་ནས་དམྱལ་བར་འགྲོ། །དེས་ན་སྦྱངས་པའི་ལས་ཅན་གཅེས། །བསྒོམས་པས་སངས་རྒྱ་བ་གཏུམ་མོའི་ཚིག་སྦྲམ། བརྩོན་འགྲུས་ཅན་ཚེ་འདི་ལ་སངས་རྒྱ་བའི་གདམས་པའོ།། །།སྒྱུ་ལུས་ལམ་དུ་བྱ་བ་ནི། །སྣང་བ་འདི་དང་འགྲོ་བ་ཀུན། །

སྒྱུ་མ་ལྟ་བུར་འདིར་བཤད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང་། །ཕྱི་དང་ནང་དུ་རྣམ་ཕྱེ་བ། །ཐམས་ཅད་སྒྱུ་མ་ལས་གཞན་མིན། །མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་འདི་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་
ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པའི། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །རྣལ་འབྱོར་པས་ནི་གང་གང་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟགས། །མེ་ལོང་ནང་གི་གཟུགས་བརྙན་དང་། །རྨི་ལམ་སྒྱུ་
མ་ཆུ་བུར་དང་། །མིག་འཕྲུལ་མཚུངས་པར་གང་གིས་མཐོང་། །སྨིག་རྒྱུ་རྨི་ལམ་ལྟ་བུ་དང་། །དྲི་ཟའི་གྲོང་ཁྱེར་དག་དང་མཚུངས། །སྒྱུ་མར་བསྟན་པའི་མཚན་ཉིད་ཀྱི། །འགྲོ་བ་སྒྱུ་མ་ཇི་བཞིན་ཏེ། །དམིགས་མེད་ཀུན་རྫོབ་དག་ཏུ་ནི། །སྒྱུ་མ་ལྟ་བུར་རབ་ཏུ་བཤད། །དག་པ་ལྷ་ཡི་སྒྱུ་
ལུས་དང་། །རྣམ་པར་སྨིན་པའི་སྒྱུ་ལུས་ཏེ། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དག་ལ། །མིག་ལ་སོགས་པ་ལ་འཇུག་པ། །སྒྱུ་མ་ལྟ་བུ་ཉེ་བར་བརྟགས། །རྡོ་རྗེ་ཐེག་པ་འདི་ཉིད་དུ། །མང་དུ་བཤད་པས་ཅི་ཞིག་བྱ། །བག་ཆགས་དག་པས་སངས་རྒྱ་བ་སྒྱུ་ལུས་ཀྱི་
ཚིག་སྦྲམ།། །།རྨི་ལམ་ལམ་ཁྱེར་གདམས་པ་ནི། །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་། །རང་བཞིན་དག་པ་དེ་ཉིད་ལ། །འཁྲུལ་པ་ལོག་པར་རབ་ཏུ་གསུངས། །རྡོ་རྗེ་ལས་བྱུང་སྣ་ཚོགས་པའི། །རྨི་ལམ་དྲི་མ་མེད་མཐོང་ན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་
ལས། །སྐྱེས་པ་བླ་མེད་འགྲུབ་པར་འགྱུར། །འདི་ལ་དོན་ལྔ་རྒྱས་པར་བཤད། །དོན་བཞིས་ལམ་དུ་སློང་བའོ། །དྲན་དང་སྒྱུ་མར་ཤེས་པ་དང་། །སྦྱངས་དང་གོམས་པ་ཁྲིད་པ་རྣམས། །སྔར་ནི་གོང་དུ་རྒྱས་པར་བསྟན། །དོན་བཞིས་ཉམས་སུ་བླང་བ་ནི། །དང་པོར་རྨི་ལམ་བཟུང་བ་དང་། །
དེ་ནས་སྦྱང་ཞིང་སྒྱུ་མར་བསླབ། །དེ་ནས་ཡ་ང་སྤང་བ་དང་། །ཁོ་ན་ཉིད་དོན་བསྒོམ་པའོ། །ཆོས་རྣམས་རྨི་ལམ་ལྟར་ཤེས་ནས། །སེམས་ཅན་དོན་དུ་རབ་ཏུ་འཇུག །སྒྱུ་མ་ལྟ་བུར་ལམ་ཁྱེར་བས། །སྒྱུ་མ་ལྟ་བུར་སངས་ཀྱང་རྒྱ། །བག་ཆགས་ཅན་རྨི་ལམ་ལ་བརྟེན་ནས་སངས་

རྒྱ་བའི་ཚིག་སྦྲམ།། །།འོད་གསལ་ལམ་དུ་བྱ་བ་ནི། །ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །ཡེ་ཤེས་གསུམ་ནི་རྣམ་དག་པ། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བར་ནི་ཞུགས་པར་འགྱུར། །སྟོང་
པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང་ནི་མི་དམིགས་སོ། །ཇི་ལྟར་དང་བའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་ཞིང་འགག །འོད་གསལ་འདི་ནི་རྣམ་ལྔ་སྟེ། །རང་བཞིན་གྱིས་ནི་འོད་གསལ་དང་། །ཤེས་
རབ་འོད་གསལ་འཆར་བ་དང་། །ཏིང་ངེ་འཛིན་གྱི་འོད་གསལ་དང་། །དེ་བཞིན་ཉིད་ཀྱི་འོད་གསལ་དང་། །རྟོགས་པའི་འོད་གསལ་བསྟན་པའོ། །དེ་ལ་དུས་ནི་ལྔ་ཡིན་ཏེ། །འཆི་བའི་དུས་དང་དབུ་མར་གནས། །མཉམ་གཞག་དང་ནི་ལོག་པའི་ཚེ། །མཉམ་རྗེས་རོ་གཅིག་གྱུར་པ་དང་། །
ལྷག་མཐོང་རྟོགས་པའི་དུས་ཡིན་ནོ། །འོད་གསལ་མངོན་དུ་གྱུར་པ་ལས། །དེ་ལས་ཟུང་དུ་འཇུག་པར་འཆར། །གཉིད་འཐུག་པོས་སངས་རྒྱ་བ་འོད་གསལ་གྱི་ཚིག་སྦྲམ།། །།འཕོ་བའི་བྱེ་བྲག་ཤིན་ཏུ་མང་། །སྦྱངས་ཏེ་འཕོ་དང་ཏིང་འཛིན་དང་། །སྲོག་དང་རྩོལ་བས་འཕོ་བ་
དང་། །ལུས་ཀྱི་རྩོལ་བས་འཕོ་བ་དང་། །རྣམ་ཤེས་བླ་མར་འཕོ་བ་དང་། །བཙན་ཐབས་དག་ཏུ་འཕོ་བ་དང་། །སྤྲོས་མེད་ཆོས་སྐུའི་འཕོ་བ་དང་། །སྤྲོས་བཅས་གཟུགས་སྐུའི་འཕོ་བ་དང་། །ལོངས་སྤྱོད་རྫོགས་སྐུའི་འཕོ་བ་དང་། །ཡིད་འོང་མཁའ་འགྲོའི་འཕོ་བའོ། །
དེ་དག་ཐམས་ཅད་རོ་གཅིག་པར། །སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། །པུས་མོ་བསྐོར་ཞིང་སེ་གོལ་གདབ། །བརྒྱ་རྩ་བརྒྱད་པ་ཟིན་པའི་ཚད། །སྙིང་གར་ཟིན་ནས་ལྐོག་མར་བཟུང་། །དབུགས་ནི་ངལ་བར་གྱུར་པ་ན། །སྣ་སྒོར་ཆ་མཉམ་ངལ་བསོ་བྱ། །རང་འདོད་དབུ་མར་
ཟིན་གྱུར་ན། །བདེ་བའི་འཁོར་ལོར་དྲང་བྱ་སྟེ། །ཤེས་པ་བདེ་བ་ཅན་དུ་གཏད། །ཚངས་པའི་སྒོ་ནས་འཕོ་བར་བྱ། །རིམས་ལ་སོགས་པས་མ་ཕོག་པར། །འཕོ་བའི་སྦྱོར་བ་མཆོག་ཡིན་ནོ། །དུས་ལ་བབས་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །ཇི་ལྟར་འདམ་

པའི་ལུས་དག་ལས། །ཡེ་ཤེས་སྐུ་ནི་རང་དགར་འབྱུང་། །མ་བསྒོམས་པར་སངས་རྒྱ་བ་འཕོ་བའི་ཚིག་སྦྲམ།། །།བར་དོ་ལམ་དུ་སློང་བ་ནི། །དང་པོ་སྣང་བ་གསུམ་གྱིས་ནི། །ཐིམ་པས་འོད་གསལ་ངོས་བཟུང་བ། །གཉིས་པ་དག་དང་མ་དག་པས། །སྒྱུ་མ་ལྟ་བུའི་སྒོ་ནས་
ནི། །བར་མ་དོར་ནི་སངས་རྒྱ་ཐབས། །གསུམ་པ་མངལ་སྒོ་དགག་པ་དང་། །བཞི་པ་མངལ་སྒོ་བསྡམ་པའོ། །དེ་ལ་སྐྱེ་ཤིའི་བར་དོ་རུ། །བསྒོམས་ཏེ་སངས་རྒྱ་གཏུམ་མོ་དང་། །སྒྱུ་མའི་སྐུ་ལ་བསླབ་པར་བྱ། །དེ་ལ་གོམས་པར་གྱུར་པ་དང་། །རྨི་ལམ་སྒྱུ་ལུས་གཉིས་བསྲེས་ལ། །
རྨི་ལམ་བར་དོ་སྦྱང་བར་བྱ། །རྨི་ལམ་སྒྱུ་ལུས་འབྱོངས་པ་དང་། །འཆི་ཀའི་དུས་ཀྱི་བར་དོ་རུ། །འོད་གསལ་བ་དང་འདྲེས་པ་ལས། །སྒྱུ་ལུས་རིལ་འཛིན་རྗེས་ཞིག་གིས། །བག་ཆགས་ཐམས་ཅད་བསྲེགས་པ་ན། །འོད་གསལ་མེ་ཡིས་སྦྱངས་ནས་ནི། །ཟུང་དུ་འཇུག་པའི་སྐུར་སངས་
རྒྱ། །རིམ་གྱིས་འཇུག་པའི་གང་ཟག་གིས། །ཤེས་པ་སྐྱེ་ལུགས་འདི་ལྟ་སྟེ། །སྣང་བ་ཐིམ་དང་རྟོག་པ་ཐིམ། །རགས་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་པའི་རྗེས་སུ་གོམས་པ་ཡིས། །རང་བཞིན་གྱིས་ནི་འོད་གསལ་འབྱུང་། །དེ་ཡི་རྗེས་ལ་ཟུང་འཇུག་འཆར། །སྐུ་ནི་རྣམ་པ་གཉིས་
འབྱུང་སྟེ། །སློབ་པ་དང་ནི་མི་སློབ་གཉིས། །མི་སློབ་པ་རུ་གྱུར་ཙ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །གོང་དུ་བསྟན་པ་དེ་དག་ནི། །རྒྱས་པར་བཤད་ན་འདི་ལྟ་སྟེ། །དང་པོ་ལུང་རིགས་མན་ངག་གིས། །རྒྱུད་ལ་རྟོགས་པ་ཤར་ཙམ་ན། །སྣང་བ་འགག་ལུགས་བསྟན་པ་ནི། །
གཟུགས་ནི་སྒྲ་ལ་ཐིམ་གྱུར་ཞིང་། །སྒྲ་ཡང་དྲི་ལ་དྲི་ཡང་རོ། །རེག་བྱའི་བར་དུ་རིམ་གྱིས་ཐིམ། །ས་དང་ཆུ་དང་མེ་དང་རླུང་། །དེ་རྣམས་རིམ་གྱིས་རྣམ་ཤེས་ལ། །རྣམ་ཤེས་སྣང་བ་ལ་ཐིམ་ཆེ། །ཕྱི་རྟགས་ཟླ་ཤར་ལྟ་བུར་བལྟ། །ནང་རྟགས་དུ་བ་ལྟ་བུ་འབྱུང་། །སྣང་བ་དེ་ཉིད་
མཆེད་པ་ལ། །ཐིམ་ཆེ་ཕྱི་རྟགས་ཉི་ཤར་འདྲ། །ཤེས་པ་མར་མེ་ལྟ་བུ་འབྱུང་། །མཆེད་པ་ཐོབ་པ་ལ་ཐིམ་པས། །ཕྱི་རྟགས་མུན་པ་ལྟ་བུ་འབྱུང་། །ཤེས་རབ་མར་མེ་ལྟ་བུར་འཆར། །ཐོབ་པ་འོད་གསལ་ལ་ཐིམ་པས། །ཕྱི་རྟགས་ཐོ་རངས་དུས་ཚོད་ཀྱི། །སྐྱ་རེངས་ཤར་

བ་ལྟ་བུ་འབྱུང་། །ནང་གི་ཤེས་པ་ནམ་མཁའ་ནི། །སྤྲིན་དག་ལྟ་བུར་འཆར་བའོ། །འོད་གསལ་དེ་ལས་ལྡང་བ་ཡི། །ཟུང་འཇུག་ངོས་ནི་གཟུང་བྱ་སྟེ། །མངོན་པར་བྱང་ཆུབ་འོད་གསལ་མེས། །བག་ཆགས་ཐམས་ཅད་སྦྱོང་དུས་སུ། །སློབ་བའི་ཟུང་འཇུག་ཅེས་བྱའོ། །སྦྱང་གཞི་
སྦྱོང་བྱེད་མེད་ཙམ་ན། །གོམས་པ་མཐར་ཕྱིན་གྱུར་པ་སྟེ། །མི་སློབ་ཟུང་འཇུག་ཅེས་བྱའོ། །འབྲས་བུ་ཐོབ་པར་གྱུར་པ་ཡིན། །དེ་ལས་སྲིད་པའི་བར་མ་དོ། །སྒྱུ་ལུས་ཟུང་འཇུག་སྐུར་གྱུར་ཏེ། །ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་བོ། །དེ་ལ་གོམས་པས་མངལ་སྒོ་ཁེགས། །གལ་ཏེ་
ཟུང་འཇུག་མ་ཤེས་ན། །སྲིད་པའི་སྐྱེ་བ་མི་ཁེགས་པས། །ཆགས་སྡང་སྣང་བ་ཀུན་སྤངས་ལ། །དྲན་པའི་སྤྱན་མས་མཚམས་སྦྱར་ཏེ། །མངལ་བདམ་པ་ཡི་སྦྱོར་བ་བྱ། །མངོན་དགའི་འཕོ་བ་བྱས་པ་ཡིས། །གར་འདོད་གནས་སུ་སྐྱེ་བར་འགྱུར། །འཆི་བ་སྟོང་པ་ཆོས་སྐུ་ལ། །བར་
མ་དོ་ནི་ལོངས་སྤྱོད་རྫོགས། །སྲིད་པར་སྐྱེ་བ་སྤྲུལ་པ་ཡི། །སྐྱེ་བའི་ཆ་ནི་ཐབས་ཡིན་ལ། །འགག་པ་ཤེས་རབ་སྲིད་མཐར་བྱེད། །སྲིད་པ་བར་དོར་སངས་རྒྱ་བ་བར་དོ་རྣམ་པ་གསུམ་གྱི་ལམ་དང་བསྲེ་བ་བར་དོའི་ཚིག་སྦྲམ།། །།གྲོང་དུ་འཇུག་པའི་འཕོ་བ་ནི། །བསྐྱེད་པའི་རིམ་པའི་འཕོ་
བ་ལས། །བྱེ་བྲག་གསལ་བར་བསྟན་པ་སྟེ། །དང་པོར་སྔོན་འགྲོ་སྦྱངས་པ་དང་། །དངོས་གཞི་དམིགས་པ་གསལ་བ་ཡིན། །ལས་ལ་སྦྱར་བའི་དུས་ཀྱི་ཚེ། །མཎྜལ་སྟེང་དུ་ཐོད་པ་ནི། །མཚན་ལྡན་ཅིག་ལ་ཧཱུཾ་བྲིས་ཏེ། །དེ་ལ་ཤེས་པ་གཏད་པ་དང་། །གསལ་ཞིང་དང་ལ་
ཡང་བ་ཡི། །རིག་པ་བདེ་བ་སྐྱེ་བར་འགྱུར། །རླུང་དང་རྣམ་པར་ཤེས་པ་ཡང་། །ཕྱི་རོལ་ལྷ་དང་རང་ཉིད་བསྲེ། །དང་པོ་ཁྲུ་གང་བར་ཁྲུ་གསུམ། །ཐ་མར་ཁྲུ་བདུན་པ་ཡི་ནི། །དམིགས་པ་རྣོ་ལ་ངར་ལྡན་པས། །སྟེང་འོག་སྤོ་བར་ནུས་པ་ཡིས། །རྣལ་འབྱོར་པ་ཡིས་
འགྲུབ་པར་གསུངས། །སེམས་ཅན་རྨ་མེད་དག་ལ་ཡང་། །རླུང་སེམས་རྩལ་ནི་སྦྱང་བར་བྱ། །དེ་ནས་ལུས་ཀྱི་རྟེན་བརྗེ་བས། །ལས་ལ་སྦྱར་བའི་དུས་ཚོད་དུ། །དམ་ཚིག་ལྡན་པའི་གྲོགས་མཆོག་གཅེས། །ལུས་བརྗེས་སེམས་ཅན་དོན་བྱའོ། །གྲོང་འཇུག་གི་

ཚིག་སྦྲམ་བསྟན་པ་ཨྠིི།། །།ཐབས་ལམ་བྱང་ཆུབ་སེམས་ཀྱི་མན་ངག་ནི། །གླིང་བཞི་བསྡུས་ལ་རྒྱ་མཚོ་བྲག་ལ་གཏད། །དར་ཆེན་ཕྱར་ལ་ཆུ་མིག་གྱེན་དུ་བཟློག །འོག་རླུང་དྲངས་ལ་སྙིང་གར་ཕྱིན་པར་བྱ། །སྟག་མོ་ཁྱི་མོ་ཝ་བཞད་སྐད། །སྟེང་འོག་རླུང་ནི་
བསྡམས་པར་བཤད། །དེ་ནི་བཟུང་བའི་མན་ངག་གོ། །རྩ་མིག་གང་བའི་མན་ངག་ནི། །ཆུ་སྣོད་གཡས་གཡོན་གསུམ་གཅུ་སྟེ། །ཡི་གེའི་རྒྱུག་ཚུལ་ལན་གསུམ་བྱ། །ལུས་ལ་ཁྱབ་པར་བྱ་བ་ནི། །དཔུང་པ་གཡོན་པའི་སྟེང་དག་ཏུ། །ལྐོག་མ་ལན་གསུམ་གཅུ་ཞིང་གཞག །
གཡས་པ་ལ་ཡང་དེ་ལྟར་བྱ། །སེང་གེ་རྣམ་རོལ་ཕྱག་རྒྱ་ཡིས། །ལུས་ཀུན་ལ་ནི་ཁྱབ་པར་འགྱུར། །བདེ་བ་ཆེན་པོའི་མན་ངག་གོ། །སྲོག་རྩོལ་གནས་སུ་བསྡམས་བྱ་སྟེ། །རྩ་རླུང་ཐིག་ལེ་མཚན་ལྡན་དང་། །འོད་གསལ་རྗེས་སུ་གནང་བ་སྒོམ། །སྲོག་རྩོལ་དག་ལ་དབང་
ཐོབ་ན། །རླུང་ནི་གཡས་གཡོན་སྤོ་ནུས་དང་། །ཁ་དོག་བྱེ་བྲག་ཚོར་བ་མེད། །བསྡམས་གནོད་མེད་ཅིང་ཕྱི་ནང་བསྲེ། །ཚ་གྲང་འདྲེས་པའི་རྟགས་བྱུང་ན། །རླུང་ལྔ་འོད་གསལ་ཐིམ་པ་ན། །དགོས་དགུ་ཐམས་ཅད་འབྱུང་བ་དང་། །དངོས་གྲུབ་ཐོབ་པར་སངས་རྒྱས་གསུངས། །
བླ་མ་དམ་པའི་གདམས་ངག་ལ། །ཆུ་བོའི་རྒྱུན་བཞིན་ཉམས་བླངས་ན། །དམ་ཚིག་དེ་ཡིས་སྐོང་བར་གསུངས། །རྨི་ལམ་མངོན་སུམ་གང་ལ་ཡང་། །ཆོ་འཕྲུལ་སྣ་ཚོགས་བྱུང་བ་ལ། །སྒྱུ་མར་ཤེས་ན་ལམ་དུ་འགྱུར། །བདེན་པར་བཟུང་ན་བར་ཆོད་ཡིན། །དངོས་གྲུབ་རྣམ་
གཉིས་ཐོབ་པ་ན། །བར་ཆད་ལམ་གྱི་གྲོགས་སུ་འཆར། །གསང་སྔགས་ཐབས་ཀྱི་ལམ་མཆོག་གི། །མཁའ་འགྲོ་གསང་བའི་བཅུད་བསྡུས་པ། །སྙིང་པོ་འདི་ནི་བླ་ན་མེད། །སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ལོ། །འདི་ནི་ཐབས་ལམ་བཀའ་དཔེ་ཀུན་ལ་མ་གནང་བ་ཡིན་ནོ། །
བཀའ་རྒྱ་ལན་གསུམ་དུ་ཡོད་དོ།། ༄༅༅། །རྒྱ་གར་སྐད་དུ། པཉྩ་ཀྲ་མ་སཾ་གྲ་ཧ་པྲ་བྷ་ཝ། བོད་སྐད་དུ། རིམ་པ་ལྔ་བསྡུས་པ་གསལ་བ། དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་གསང་བ་ཆེ། །རིམ་པ་ལྔ་ལ་གནས་པ་པོ། །དངོས་

པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། །སེམས་དང་ལུས་ཀྱི་གནས་ཐབས་ལས། །རགས་དང་ཕྲ་དང་ཤིན་ཏུ་ཕྲ། །ཐུན་མོང་དབྱེར་མེད་རིམ་ཞེས་བྱ། །གཉིད་དང་རྨི་ལམ་སྙོམས་འཇུག་པ། །ཐ་མལ་དུས་དང་
རྣམ་པ་བཞི། །འཁོར་ལོ་བཞི་ཡི་བདག་ཉིད་ཀྱིས། །རྩ་དང་ཐིག་ལེ་སེམས་ཤེས་པ། །ལུས་དང་དུས་དང་ཡུལ་གྱི་ནི། །གནད་ནི་བཞི་རུ་ཤེས་པར་བྱ། །དྲན་པ་སྣ་ཆོགས་རྣམ་རྟོག་རྣམས། །སེམས་ལས་ཡང་དག་འབྱུང་བས་ན། །རྣམ་ཤེས་སྲོག་ནི་འདུ་བའི་རྟེན། །སྙིང་གར་
སྔགས་ཀྱི་འཁོར་ལོ་བསྒོམ། །གཞི་ལམ་འབྲས་བུ་རབ་ཤེས་པས། །ལུས་དབེན་སྔགས་དང་སེམས་གསུམ་གྱི། །སྒྱུ་མ་མངོན་པར་བྱང་ཆུབ་པ། །ཟུང་འཇུག་རིམ་པ་ཤེས་པར་འགྱུར། །སྔགས་ཀྱི་ཡི་གེའི་འཁོར་ལོ་ནི། །དང་པོར་ཆུ་སྐྱེས་འདབ་བརྒྱད་པ། །ཕྱི་ནང་གསང་བའི་ཚུལ་
གྱིས་ནི། །རིམ་པ་ལྡན་པར་བསམ་གཏན་བྱ། །ཕྱི་རིམ་ཤེས་རབ་དབྱངས་ཡིག་མཚན། །བར་མ་གསལ་བྱེད་ཐབས་བཅས་པ། །གཉིས་སུ་མེད་པར་ནང་མར་གནས། །ཕྱོགས་མཚམས་རིམ་པར་ཏིང་ངེ་འཛིན། །སྦྱོར་བ་རྣམ་པ་གསུམ་རང་བཞིན། །དབུས་སུ་མིག་གི་ཐིག་
ལེ་སྟེ། །ཨ་དང་བཅས་པ་སྲོག་གྱུར་གང་། །གུན་གྱི་སྙིང་པོ་སྤྲོ་ཞིང་སྡུད། །འབྱུང་བ་བཞི་ཡི་རླུང་རྣམས་ཉིད། །རླུང་དང་སྔགས་སུ་རབ་སྦྱོར་བས། །རྡོ་རྗེ་བཟླས་པ་སྦྱང་བར་བྱ། །འབྱུང་འཇུག་གནས་པ་ཉི་ཤུ་བཤད། །ཐ་མལ་རྣམ་རྟོག་བག་ཆགས་རྣམས། །སྔགས་ཉིད་
སེམས་སུ་དམིགས་པས་སོ། །ལུས་དག་པས་ནི་རྟོག་པ་དག །རླུང་དག་པས་ནི་དྲི་མེད་འགྱུར། །རླུང་དག་པས་ནི་ཡེ་ཤེས་ཀྱི། །ཀུན་རྫོབ་སྒྱུ་མ་མངོན་དུ་བྱེད། །དེ་ཉིད་མངོན་པར་བྱང་ཆུབ་པས། །ཟུང་འཇུག་ཡེ་ཤེས་ཐོབ་པར་འགྱུར། །ལས་རྣམས་བྱ་བ་ཕྲིན་ལས་
ཚོགས། །རྣམ་ཤེས་ཡེ་ཤེས་སྦྱོར་བས་འགྲུབ། །རྟགས་རྣམས་རིམ་པར་འཆར་བའི་དངོས། །ཡེ་ཤེས་ལྔ་ཡི་རྒྱུ་མཐུན་ཉམས། །གསལ་སྣང་འབར་བའི་ངང་དུའོ། །ཡན་ལག་རླུང་ལས་མངོན་ཤེས་འཐོབ། །རྟོག་པའི་ཚོགས་ནི་མར་འགྲིབ་ཅིང་། །གཉེན་པོ་ཡེ་

ཤེས་ཡལ་འཕེལ་དུ། །ཡེ་ཤེས་རིམ་པ་རང་ལས་རྙེད། །གཅིག་དང་དུ་མར་དམིགས་མི་ཕྱེད། །དང་པོ་སྨིག་རྒྱུ་ལྟ་བུའི་ཉམས། །འོད་ཟེར་ལྔ་དང་བཅས་པ་འཆར། །གཉིས་པ་ཟླ་བ་ལྟ་བུ་དང་། །གསུམ་པ་ཉི་མའི་འོད་ཀྱིས་འཁྲིགས། །མཚམས་
སྣང་ལས་ནི་ཐོབ་པ་སྟེ། །མཚམས་བྲལ་དུས་ཀྱི་ཡེ་ཤེས་ཆེ། །མངོན་པར་བྱང་ཆུབ་ཚུལ་གནས་པས། །དྲི་མེད་ཡེ་ཤེས་མངོན་པར་རྫོགས། །རྟགས་དང་རྟགས་ཅན་འཆར་ཚུལ་ནི། །ཡེ་ཤེས་འབར་དང་རྫོགས་པའི་དུས། །རླུང་སེམས་ཙམ་ལས་འབྱུང་བ་
ཡི། །སྒྱུ་མའི་ལུས་ནི་སྣང་བར་བཅས། །འོད་གསལ་རྒྱུན་གྱི་བསམ་གཏན་གྱིས། །ལས་དང་སྒྲིབ་པ་བག་ཆགས་སྦྱངས། །ས་ལམ་རྟགས་ཀྱི་རིམ་པའི་ཚོགས། །འདི་ཉིད་ཐོབ་པས་མྱུར་དུ་འཆར། །ནམ་མཁའི་དཀྱིལ་འཁོར་དབུས་གནས་པར། །གསལ་བའི་
དཀྱིལ་འཁོར་བསམ་པར་བྱ། །འདབ་མ་བརྒྱད་པའི་ས་བོན་ལ། །དབུས་སུ་སྲོག་གི་ས་བོན་ཏེ། །ཡི་གེ་ཀ་ནས་ཧ་ཡིག་བར། །ཀྵ་ནི་སྤངས་པའི་གཞི་བཅས་པ། །དབྱངས་ནི་ཕྱི་རིམ་སྣང་བ་སྟེ། །གསལ་བྱེད་བར་མ་མཆེད་པ་ཉིད། །མ་ནིང་སྣང་བ་ཐོབ་པར་བརྗོད། །བཅུ་
གཉིས་ཡི་གེ་ཐིག་ལེར་བཅས། །ཕྲེང་བ་ལྟ་བུར་གནས་པ་ནི། །རིམ་པ་ལྔ་ལྡན་བསམ་པར་བྱ། །འཁོར་ལོའི་དཀྱིལ་འཁོར་ཡོངས་རྫོགས་པ། །ཨེ་ཝཾ་ཐབས་དང་ཤེས་རབ་ལས། །སྡུད་ཅིང་སྤྲོ་བར་མཛད་པ་ཡི། །ཨ་ཞེས་དབུས་སུ་གནས་པར་མཛད། །མཉམ་པ་ཉིད་
དུ་སེམས་བསྡམ་སྟེ། །མཉམ་གཞག་འཁོར་ལོའི་ལྟེ་བ་ཡིས། །ཡེ་ཤེས་མཉམ་པར་མཐོང་གྱུར་པ། །ཉེ་བར་ཐོབ་པ་སྟོང་པ་ཆེ། །འོད་གསལ་བ་ཡི་གནས་ཐོབ་པ། །འཁོར་བ་ལས་ནི་བརྒལ་བར་འགྱུར། །ཐུན་གཅིག་ཡང་ནི་ཉིན་གཅིག་གམ། །ཟླ་ཕྱེད་ཟླ་བ་ལོ་ཡི་དུས། །
བསྐལ་པའམ་བསྐལ་པ་སྟོང་དུ་ཡང་། །སྐད་ཅིག་རེ་རེར་གནས་པ་ནི། །ཡེ་ཤེས་སྦྱོར་བ་རྟག་ཏུ་འབྱུང་། །རིམ་པ་གཉིས་པ་ལ་གཉིས་པ། །མཉམ་པར་ཟུང་འབྲེལ་ཉིད་བསྒོམ་པ། །བསྐྱེད་པའི་རིམ་འདི་ལྷ་ཡི་སྐུ། །རྫོགས་སངས་རྒྱས་ཀྱི་དཀྱིལ་འཁོར་མཆོག །རྣམ་པ་

མངོན་དུ་བྱེད་པ་གང་། །ལེགས་པར་བསླབས་པས་མཐར་ཕྱིན་འགྱུར། །ལུས་དབེན་སྣང་བ་སེམས་དང་ལུས། །རྒྱུ་དང་མི་རྒྱུ་འཇིག་རྟེན་བཅས། །རིམ་པས་ལྷ་ཡི་བདག་ཉིད་སྦྱོར། །རྡོ་རྗེ་འཆང་ཆེན་ལམ་དུ་བྱེད། །མོས་པ་ལས་བྱུང་ཏིང་ངེ་འཛིན། །རྟེན་ཅིང་འབྲེལ་པར་འབྱུང་
བའོ། །རླུང་གི་འབྱུང་འཇུག་གནས་པ་གསུམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །རླུང་སྔགས་མཉམ་པར་རབ་སྦྱོར་གང་། །རྡོ་རྗེ་བཟླས་པའི་རིམ་པའོ། །གསང་སྔགས་ལས་བྱུང་རྣམ་པར་ཤེས། །སྣང་བ་གསུམ་གྱི་བདག་ཉིད་ནི། །ཡེ་ཤེས་འཇུག་ལྡོག་ངེས་པ་གང་། །
སེམས་ལ་དམིགས་པའི་རིམ་པའོ། །རྨི་ལམ་ལུས་ནི་རྣམ་སྦྱངས་ཕྱིར། །སྒྱུ་མར་མཚོན་པའི་དུས་གང་ལས། །ཡུལ་སྣང་ཀུན་རྫོབ་གང་བྱུང་བ། །སྒྱུ་མ་ལྟ་བུའི་རིམ་པའོ། །རང་བཞིན་ཤེས་པ་བསམ་གཏན་ལས། །ཐབས་ལས་མ་བསྐྱེད་ཏིང་ངེ་འཛིན། །རང་གསལ་
ངོ་བོ་མི་རྟོག་པ། །འོད་གསལ་དོན་དམ་རིམ་པའོ། །བསམ་གཏན་མེས་སྦྱངས་ལྷ་ཡི་སྐུ། །རང་བྱུང་ཡེ་ཤེས་དག་པའི་ལུས། །སྦྱང་གཞི་སྦྱོང་བྱེད་བྲལ་བར་གནས། །ཟུང་དུ་འཇུག་པའི་རིམ་པའོ། །བྱང་ཆུབ་སེམས་ལྡན་བླ་མ་དང་། །ལྷག་པའི་ལྷ་ཡི་རྣལ་འབྱོར་དང་། །
ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །རྗེས་སུ་རྣལ་འབྱོར་བཅས་པ་དག །ཏིང་འཛིན་རིམ་པ་ལྡན་པ་ཡིས། །བསྙེན་པ་ཉེར་སྒྲུབ་སྒྲུབ་པ་ཆེ། །སྒྲུབ་པའི་ངོ་བོ་ཁྱད་པར་དུ། །སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་
འཛིན། །ཡན་ལག་དྲུག་ལྡན་ཁྱད་པར་རོ། །རིམ་པ་བཞི་ལྡན་ཕྱག་རྒྱར་བཅས། །དབང་བཞི་སྐུ་བཞི་རང་འབྱུང་བས། །མངོན་པར་བྱང་ཆུབ་ཚུལ་ལྔ་ལས། །བསྐྱེད་དང་བསྐྱེད་ཅིང་གནས་པ་དང་། །ལམ་གྱུར་རིམ་པ་ལྔ་ལྡན་པས། །བྱང་ཆུབ་ཕྱོགས་ཆོས་མདོ་དོན་དང་། །
སྤྲས་པ་རྣམ་གསུམ་མཐར་ཐུག་བཅས། །སྣ་ཚོགས་སྒྲ་ནི་མཚོན་པའོ། །གཏུམ་མོའི་རྣལ་འབྱོར་རླུང་གིས་ཏེ། །བདེ་ཆེན་སེམས་ལ་དམིགས་པའོ། །རྨི་ལམ་སྒྱུ་མ་གཅིག་ཏུ་སྦྱངས། །བར་དོ་རྣམ་གསུམ་བསྲེ་བ་ཉིད། །ཉོན་མོངས་ཡེ་ཤེས་ལམ་དུ་འགྱུར། །ལམ་མྱུར་

གཅོད་པར་འཕོ་བ་སྟེ། །གྲོང་དུ་འཇུག་པ་ཡན་ལག་གོ། །འོད་གསལ་གནས་ཐོབ་མངོན་སངས་རྒྱས། །བརྩོན་འགྲུས་ཅན་ནི་ཚེ་འདི་ཉིད། །ལེ་ལོ་ཅན་ནི་འཆི་ཁ་སྟེ། །ཐ་མ་སྲིད་པའི་བར་མ་དོར། །མཆོག་ཐོབ་སྐུས་ནི་གཞན་དོན་བྱེད། །ངོ་བོ་རྒྱུ་ཚུལ་འབྱུང་བ་ཁམས། །ལས་
དང་ངོ་བོ་དབྱེ་བ་དེ་ཉིད་རླུང་། །འབྱུང་འཇུག་གནས་པ་རྣམ་པར་བརྟགས། །འབྲུ་གསུམ་སྔགས་ཀྱི་ངོ་བོ་ཉིད། །ཨཱ་ལི་ཀཱ་ལི་སྦྱོར་དབུས་ལས། །བརྟགས་པ་གྲངས་ལྡན་བཟླས་པ་ཉིད། །སྦྱོར་དང་ཁྱད་པར་ཐབས་ལྡན་པས། །ངག་དབེན་རླུང་གི་རྣལ་འབྱོར་བསྟན། །རྒྱུ་དང་འབྲས་བུ་སྦྱོར་བ་གང་། །སྣང་བ་
གསུམ་གྱི་འཆར་ཚུལ་ཏེ། །དུས་དང་འབྱུང་འགྱུར་ཐབས་ཁྱད་པར། །དབྱེར་མེད་ཡེ་ཤེས་གནས་ཐོབ་པ། །སྤྱོད་པ་ཡེ་ཤེས་མངོན་དུ་བྱེད། །སློབ་དང་མི་སློབ་དེར་སྤྱོད་པའོ། །རང་བཞིན་ཤེས་པའི་ལམ་གྱུར་པ། །རྣམ་ཤེས་སྒྱུ་མར་མཚོན་པའི་ཆོས། །ཁྱད་པར་ལས་དང་སྤྱོད་པ་གང་། །དངོས་གྲུབ་ཐོབ་ཕྱིར་བདག་
བྱིན་རླབས། །ཕྱི་ནང་མངོན་པར་བྱང་ཆུབ་ཚུལ། །རྣལ་འབྱོར་ཐོབ་པས་བསམ་གཏན་གནས། །འབྱུང་དང་འཇུག་པ་མ་བརྟགས་པར། །སྤྱོད་ཚུལ་ཡེ་ཤེས་དེ་ཐོབ་པོ། །ལྟ་དང་ཉམས་མྱོང་ལུས་དང་ངག །བསམ་གཏན་མཉམ་རྗེས་སྤྱོད་པ་དང་། །སློབ་དང་མི་སློབ་གཉིས་མེད་ཅིང་། །རབ་ཏུ་མི་གནས་ཟུང་དུ་འཇུག །ཡི་གེའི་
དོན་དང་སྤྱི་ཡི་དོན། །སྦས་དང་མཐར་ཐུག་ཉིད་ཡིན་ཏེ། །ཐེག་པ་སྣ་ཚོགས་ཕ་རོལ་ཕྱིན། །སྲིད་པར་སྐྱེ་དང་གནས་ལ་སོགས། །དུས་ཀྱི་དབྱེ་བའི་ཁྱད་པར་གྱི། །སྟན་གཅིག་སྟེང་དུ་བསྒོམ་པར་བྱ། །འདི་ཉིད་ཡང་དག་རྟོགས་པ་འདིར། །ལམ་མཆོག་རིམ་པ་ལྔ་པོ་ཉིད། །ཕ་རོལ་ཕྱིན་དང་ཐེག་སྣ་
ཚོགས། །སྲིད་པ་སྐྱེ་དང་ཉིན་ཞག་གཅིག །སྟན་གཅིག་སྟེང་དུ་སྦྱར་ཏེ་བཤད། །འབྲས་བུ་སྐྱེ་བའི་རིམ་པ་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་ཏེ། །རྣལ་འབྱོར་དབང་ཕྱུག་དམ་པ་སྟེ། །སྐུ་ལྔ་རབ་རྫོགས་གྱུར་པའོ། །རིམ་པ་ལྔའི་དོན་བསྡུས་པ་གསལ་བ་ཞེས་བྱ་བ་དཔལ་ལྡན་ནཱ་རོ་པས་
མཛད་པའི་གསང་བའི་མན་ངག་བླ་མའི་ཞལ་ལས་རྟོགས་པར་བྱ་བ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདིས་ཀྱང་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག། །།

༄༅༅། །རྒྱ་གར་སྐད་དུ། །པྲ་ཏི་པཏྟི་སཱ་ར་ཤ་ཏ་ཀཾ། བོད་སྐད་དུ། གོ་བར་བྱེད་པ་སྙིང་པོ་བརྒྱ་པ། དཔལ་རྡོ་རྗེ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གང་ཞིག་ཤིན་ཏུ་ཕུལ་བྱུང་ཆོས་ཀུན་མཉམ་ཉིད་རང་བཞིན་ཡང་། །རྡོ་རྗེ་རྣམ་པར་སྒེག་མོ་རྣམས་ཀྱིས་དགྱེས་པར་གྱུར་པ་རྒྱལ། །སྤྲུལ་པའི་
གཟུགས་ནི་རྣམ་པ་མང་མཛད་དཀྱིལ་འཁོར་འཁོར་ལོའི་དཔལ། །ཧེ་རུ་ཀ་དཔལ་མཉམ་མེད་དེ་ཡི་ཞབས་ལ་བརྟེན་པར་བགྱི། །གང་གིས་དམིགས་པ་རྣམས་ཀྱིས་ཁེངས་པས་རློམ་པ་ལྟའི། །མང་པོའི་རྟོག་འདི་འབྲས་བུ་ལས་ནི་སྤངས་གྱུར་ཀྱང་། །ཤིན་ཏུ་མཛེས་པའི་དགའ་
བར་ཡོངས་བསྒྱུར་ཆེད་དུ་ཇི་ལྟའི་དོན། །གོ་བར་བྱེད་པའི་སྙིང་པོ་སྟོན་པ་དེ་ལ་ཕྱག་འཚལ་ལོ། །ཀུན་དུ་རྟོག་མེད་མ་འདྲེས་པ། །སྐྱེ་བ་མེད་ཅིང་ཐོགས་པ་མེད། །དོར་དང་བསགས་པ་སྤངས་པ་ཡི། །སེམས་ནི་ཀྱེ་ཡི་རྡོ་རྗེ་ཉིད། །སྣ་ཚོགས་སྤྲུལ་པའི་གཟུགས་རྣམས་སུ། །
སྣ་ཚོགས་མོས་པ་རྣམ་རྟོག་པ། །རང་གིས་རང་བཞིན་རྟོགས་པ་ཡིས། །རང་གི་ངོ་བོ་མོས་མེད་ཉིད། །འདི་ནི་རང་བཞིན་དཀྱིལ་འཁོར་ཏེ། །རྣམ་པ་མ་ལུས་འོད་གསལ་བ། །དག་པ་ཡེ་ཤེས་ལྔ་རང་བཞིན། །བླ་མེད་དབའ་རླབས་མེད་པའོ། །སྤྲོས་པ་མེད་པའི་
རང་བཞིན་གྱིས། །འདི་ལྟར་ལྷ་ཡི་གཟུགས་སུ་སྟེ། །མ་ལུས་དགའ་བ་ཡང་དག་རྫོགས། །ཉོན་མོངས་མ་ལུས་འཇིག་བྱེད་པ། །གཟུགས་ལ་སོགས་འདི་དེ་བཞིན་ཉིད། །ཇི་ལྟའི་རྣམ་པར་རྣམ་གནས་པ། །གཟུང་བྱ་མིན་པར་རབ་རྟོགས་བྱ། །རྟོགས་པ་དེ་འདི་མཚན་ཉིད་
བྲལ། །ཆོས་རྣམས་ཀུན་གྱི་སྙིང་པོ་ནི། །སྟོང་ཉིད་གཅིག་པུ་དེ་མིན་པས། །དཀྱིལ་འཁོར་དེ་ཉིད་ཡང་དག་རིག །རྣམ་པ་ཀུན་དུ་མཚན་ཉིད་བྲལ། །རྩ་རྣམས་ཐམས་ཅད་མཁའ་འགྲོ་མ། །ཕུང་པོ་ལྔ་ཡང་དཀྱིལ་འཁོར་དང་། །དངོས་པོ་ཐམས་ཅད་མཉམ་སྦྱོར་བ། །བསམ་མེད་
རྡོ་རྗེ་ཅན་གྱི་ཐུགས། །ཐམས་ཅད་དུ་ཡང་སྐུ་རྣམས་དང་། །དེ་བཞིན་རིགས་རྣམས་ཀུན་ཀྱང་དེ། །ཕྱག་རྒྱ་མཚན་མ་ལ་སོགས་རྣམས། །དེ་ནི་དེ་ལྟ་དེ་ལྟར་རོལ། །ཐམས་ཅད་དུ་ནི་སྙོམས་འཇུག་དེ། །བདེ་བ་ཆེན་པོའི་དགའ་སྟོན་རོ། །རྡོ་རྗེ་ཅན་གཟུགས་ཕུན་ཚོགས་པ། །མཐའ་ཡས་འདི་

ཙམ་ཉིད་ཀྱི་ཅི། །ཕུང་པོ་རྣམས་དེ་ཁམས་རྣམས་དེ། །སྐྱེ་མཆེད་རྣམས་ཀྱང་དེ་རྣམས་ཉིད། །ཐམས་ཅད་རོ་གཅིག་སྙོམས་འཇུག་པ། །རྡོ་རྗེ་ཅན་གྱི་རྣམ་འཕྲུལ་ལོ། །རྡོ་རྗེ་ཅན་འདི་དེ་རྣམས་དང་། །དེ་དག་རྣམས་ཀྱང་རྡོར་ཅན་ལས། །ཐ་དད་མ་ཡིན་ཟུང་འཇུག་འདི། །
གསལ་ཞིང་རྙོག་མེད་རྟེན་མེད་པའོ། །གང་དུ་སེམས་ལ་རྣམ་པ་མཐའ་དག་སྣང་ཞིང་གསལ་བར་འཕྲོ་བ་མཉམ་པ་ཉིད་གྱུར་དང་། །སེམས་དང་སེམས་ལས་བྱུང་བའི་དབྱེ་བ་རྣམ་པར་ཉམས་ཤིང་ཐམས་ཅད་ཏིང་ངེ་འཛིན་གྱུར་པ། །དེར་ནི་མཆོག་གི་བདེ་བ་ཆེན་པོའི་རོ་ཡིས་དབང་བསྐུར་བ་ལས་
བདག་ཉིད་རབ་དང་ཞིང་། །དཀྱིལ་འཁོར་དང་ནི་དཀྱིལ་འཁོར་པ་ཡི་མཛེས་པ་ཆེན་པོ་ཅི་ཡང་འཕྲོ་བ་ཉིད་དུ་མཐོང་། །རྣམ་དག་རྟོག་པའི་རྡུལ་གྱིས་མཉེས་པ་ལས། །ཀུན་ནས་དང་ཞིང་ཤིན་ཏུ་འོད་གསལ་བ། །མཐའ་ཡས་པ་ཡི་གཟུགས་དང་གཟུགས་བརྙན་ཚོགས། །སེམས་ཀྱི་མེ་
ལོང་དེ་ལ་ཅི་ཡང་མཛེས། །ཇི་ལྟར་སིནྡྷུ་ར་ཡི་རྡུལ་གྱིས་གོས་པ་ཡི། །མེ་ལོང་ལ་ནི་གཟུགས་བརྙན་ཚོགས་སྣང་མི་འགྱུར་བ། །དེ་བཞིན་རྟོག་པའི་ཁྱད་པར་གྱིས་ནི་སུན་ཕྱུང་བའི། །ཡིད་འདི་ལ་ནི་རབ་ཏུ་གསལ་བ་རིང་བ་ཉིད། །རང་གཞན་ཉིད་དུ་མངོན་པར་ཞེན་པས་རྒྱུག་པར་ནི། །ཀུན་
དུ་བྱས་ནས་ཡིད་ནི་ཕྱི་རོལ་ཡང་དག་འཕེལ། །ནང་དང་ཕྱི་རོལ་དུ་ཡང་མཉམ་པར་མ་བཞག་པ། །རང་གིས་བྱས་པས་དུབ་པའི་འགྲོ་བ་ཀྱེ་མའོ་མཚར། །གཉིས་ཀྱི་རྣམ་པ་བྲལ་བས་མཛེས་པའི་རྣལ་འབྱོར་པ། །ཇི་ལྟར་འདོད་པའི་སྤྱོད་པ་དགའ་བའི་རོ་ཡི་ཆར། །རྣམས་ཀྱི་སྒེག་
པ་ཆེན་པོས་མཐའ་དག་བརྟེན་གྱུར་ཀྱང་། །དེ་ལྟ་ཉིད་ཀྱིས་དགའ་ཞིང་འཆིང་བར་མི་འགྱུར་མཚར། །གཉིས་ཀྱི་རྣམ་པ་དོར་ཞིང་རབ་ཏུ་གསལ། །མཁས་པས་ཡང་དག་རེག་བྱ་སྐལ་བཟང་ལ། །སྟུག་པོའི་དགའ་བས་ཁྱབ་པ་སྟོབས་ཆེན་རོ་ཡིས་ཡོངས་གང་ནམ་མཁའི་མཐིལ་དུ་ནི། །
རྣམ་པ་སྣ་ཚོགས་འཕྲོ་བ་ཉེ་བར་བསགས་པ་མཐའ་དག་ནང་དུ་སོན་གྱུར་པའི། །ཡིད་ལ་འཇིག་རྟེན་གསུམ་པོ་སྣང་བ་འདི་དེ་ཐིམ་པ་ལྟ་བུར་གནས་པའོ། །རང་གི་བདག་པོ་ཉིད་ཀྱིས་གང་གྱུར་པ། །དེ་འདི་རང་བྱིན་རླབས་པའི་རིམ་པ་སྟེ། །གཉིས་ཉིད་དག་ལས་ངེས་པ་རྣམ་གྲོལ་

བ། །རང་གི་སྒྲ་ཡིས་མངོན་པར་བརྗོད་པ་ཡིན། །སྔགས་དང་ཡང་དག་དབབ་པ་དང་། །སྒེག་དང་བཞད་པ་སོགས་རིམ་མེད། །སྔགས་མིན་ཡིད་ལ་བྱེད་པ་དང་། །འདུ་བྱེད་སྐྱེ་བ་འབྱུང་བ་མེད། །གང་དུ་དངོས་རྣམས་རང་བཞིན་ནི། །རང་བཞིན་ཉིད་ཀྱི་ཁོང་དུ་ཆུད། །ལོག་པའི་རང་
བཞིན་ཟད་པ་ཡིས། །དགའ་བ་རང་བྱུང་འདི་འཆར་བྱེད། །བདེ་སྡུག་ཅེས་བྱ་གཉིས་དབྱེ་བའི། །དབྱེ་བ་སྦྱིན་བྱེད་རྣམ་རྟོག་སྟེ། །རྣམ་པར་མི་རྟོག་མི་དམིགས་པའི། །དམིགས་མེད་བདེ་བ་ཆེན་པོའོ། །སྣང་བ་མེད་ཅིང་གསལ་བ་མེད། །འཇུག་པ་མེད་ཅིང་བསམ་པ་མེད། །
འགྲོ་བའི་རྣམ་པའི་ཚོགས་རྣམས་ནི། །ཡང་དག་བསགས་པ་ཤེལ་ལྟ་བུ། །འགྲོ་བ་རྨི་ལམ་སྒྱུ་མ་དང་། །སྨིག་རྒྱུ་སོགས་མཚུངས་ངེས་པར་བལྟ། །གཟུང་པ་ཐམས་ཅད་ཡོངས་དོར་ལས། །དཔྱད་དུ་མེད་པ་ལྷུན་གྱིས་གྲུབ། །དངོས་དང་དངོས་པོ་མེད་ཉིད་ཀྱིས། །སྟོང་པར་
མཐོང་བ་ཀུན་རྫོབ་རྒྱུའོ། །ཀུན་རྫོབ་འདི་ནི་དོན་དམ་སྟེ། །སྲིད་པ་ཤེས་པས་མྱ་ངན་འདས། །མཐའ་གསུམ་ལས་ནི་རྣམ་གྲོལ་བའི། །རྟོག་པའི་ངོ་བོ་གཞི་མེད་པ། །དོར་དང་བསགས་པ་སྤངས་པ་དང་། །ཞི་བ་བླ་ན་མེད་པའོ། །དངོས་པོ་ཀུན་ལ་དབང་ཕྱུག་ནི། །དངོས་པོ་ཀུན་ལ་
དབང་ཕྱུག་མིན། །དངོས་ཀུན་རང་བཞིན་ཉིད་ལས་ནི། །དངོས་པོ་ཀུན་ལ་རྟག་ཏུ་གནས། །གནས་ལ་སོགས་པ་གསུམ་དབྱེ་བས། །རྣམ་པ་གཅིག་ཉིད་གྱུར་པ་དང་། །ཆགས་པ་མེད་ལས་རྣམ་འགྱུར་དང་། །བྲལ་བས་བློ་ནི་ལེགས་པར་གནས། །ཇི་ལྟར་མར་མེ་ཀུན་དུ་སྣང་། །རྣམ་
པ་ཐམས་ཅད་ལ་འདྲ་བ། །འདིར་ནི་གཅིག་དང་སྣ་ཚོགས་པའི། །དོན་གྱི་བློ་ནི་ཡོད་མ་ཡིན། །དེ་བཞིན་སེམས་ཉིད་ཀྱིས་ནི་སེམས། །དེ་ཡི་གཟུགས་བརྙན་བདག་ཉིད་ཀྱི། །གཅིག་དང་སྣ་ཚོགས་རྟོག་པའི་བློ། །རྣམ་པ་སྣང་བའང་དེ་དང་འདྲ། །རྣམ་པ་དེ་ཡང་རྣམ་པ་མེད། །
རྣམ་པ་ཉིད་ཀྱིས་མ་གཟུང་བས། །རང་གི་རྣམ་རྟོག་དོར་ལས་གཞན། །ཡོད་མིན་རྣམ་པ་མེད་པའང་མཚོན། །རྣམ་པ་བཅས་དང་རྣམ་མེད་ཅེས། །འདི་ནི་རྣམ་རྟོག་འཕེལ་བ་སྟེ། །སྣམ་བུ་མེད་ན་འོ་ན་ནི། །དཀར་སོགས་ཡོན་ཏན་གང་དུ་གནས། །རྣམ་བཅས་མ་ཡིན་རྣམ་མེད་ཡིན། །

བློ་ལྡན་སྣ་ཚོགས་ཉིད་སྤངས་པ། །ཇི་ལྟ་དེ་བཞིན་ཉིད་དུ་གྱུར། །དེ་ཡང་ཅི་ཞིག་རྟོགས་པར་བྱེད། །ཀྱེ་མ་ཇི་ལྟར་རྣམ་རྟོག་པ། །དེ་ལྟར་འདི་དག་འཆིང་བར་འགྱུར། །རང་གི་སེམས་ཀྱི་ཀུན་དུ་རྟོག །སྤངས་པ་ཙམ་ནི་ཐར་ཞེས་བྱ། །ཀཀྐོ་ལར་ནི་ག་བུར་ཞུ་བ་དྲི་མེད་
བཟང་པོའི་རོ་དང་འདྲ་མིན་ཞིང་། །བོ་ལ་ཡི་ནི་རྩེ་དགའི་ལོངས་སྤྱོད་རབ་ཏུ་གསལ་བའི་སྐལ་བ་བཟངས་ཏེ་འདྲ་ཡང་མིན། །ཅི་ཡང་གསལ་བྱ་མིན་པ་འདི་ནི་མཐའ་དག་ཀུན་དུ་རྟོག་པའི་ཚོགས་ཟད་པ། །དམིགས་པ་མེད་པའི་དགའ་བ་ཆེན་པོ་ཡིས་ནི་ནམ་མཁའ་རབ་ཏུ་གང་བར་འགྱུར། །
རྣམ་པར་མི་རྟོག་བདེ་བ་ཆེ། །འདོད་པའི་མཚན་ཉིད་བདག་ཉིད་ཀྱི། །དགའ་འདི་བདེ་བའི་ཁྱིམ་གྱིས་ནི། །སྒོ་ཡི་ཐེམ་སྐས་ལྟ་བུ་ཡིན། །ཨེ་མའོ་བདེ་བ་ཨེ་མའོ་བདེ་ཆེན་ཉིད། །ཨེ་མ་ཇི་ལྟ་ཇི་ལྟར་ལོངས་སྤྱོད་བགྱིའོ། །ཞེས་བྱར་འདོད་པ་རྩོལ་བའི་སེམས་ཀྱི་ནི། །དགའ་དེ་
དོན་དུ་འགྲོ་བ་ལྟ་བུ་ཡིན། །དངོས་པོ་རྣམས་ལ་ངོ་བོ་ཉིད་བརྟགས་པ། །སྟོང་པ་ཉིད་ཀྱིས་རྣམ་པར་འཇོམས་པར་བྱེད། །རང་བཞིན་མེད་པ་ཉིད་དུ་སྦྱོར་བ་ལས། །མཆོག་ཏུ་དགའ་བ་ཡི་ནི་རང་བཞིན་ཅན། །ཨེ་མའོ་ཡེ་ཤེས་ཨེ་ཡེ་ཤེས། །ཡེ་ཤེས་གསལ་བ་འདི་ངོ་མཚར། །
ཞེས་བྱར་ལོངས་སྤྱོད་རྩོལ་བའི་སེམས། །མཆོག་ཏུ་དགའ་བ་ཙམ་ཉིད་དོ། །གང་དུ་དངོས་དང་དངོས་པོ་མེད་པ་འབའ་ཞིག་ཉིད་དང་རྣམ་བྲལ་རང་ཉིད་མཛེས་པ་སྟེ། །སྟུག་པོར་གྱུར་པའི་དགའ་བའི་རང་བཞིན་རབ་ཏུ་རྟོག་པ་ཆེན་པོ་ནམ་མཁའི་གནས་ཁྱབ་ཅིང་། །རྒྱ་ཆེའི་རྣམ་པ་སྣ་
ཚོགས་ཅན་དང་དྲི་མེད་ཉིད་ཀྱིས་མེ་ལོང་དཀྱིལ་འཁོར་འཕྲོ་འདྲ་བ། །བདེ་བ་ཀུན་གྱི་གནས་གྱུར་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ནི་བཞི་པ་ཡིན་པར་བརྗོད། །ཨེ་མའོ་བདེ་ཆེན་རོལ་པ་ཡིས། །སྲིད་པ་གསུམ་པོ་གང་བ་ན། །གང་གིས་རང་གཞན་དབྱེ་བ་འདི། །སྐད་ཅིག་གིས་ནི་དབྱེར་
མེད་འགྲོ། །རང་གཞན་ཚུལ་དུ་མངོན་གསལ་བར། །སྲིད་པའི་བུར་དུ་བསྒྲགས་པ་ནི། །ཀྱེ་ཧོ་བདེ་ཆེན་ཆར་བབ་པས། །རྒྱས་པའི་འགྲོ་བ་དབྱེར་མེད་ཉིད། །དངོས་རྣམས་ཡོད་དང་མེད་ཉིད་ན། །སླར་ཡང་དབྱེ་བས་ཀུན་དུ་གནས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །

སྟོང་ཉིད་ཕྱིར་ན་བདེ་བ་ཆེ། །གཟུང་དང་འཛིན་པའི་དབྱེ་བ་འདི། །ལུས་ཅན་ཐམས་ཅད་རྣམས་ཀྱི་སྟེ། །དབྱེར་མེད་འདི་དག་ཡེ་ཤེས་ཀྱི། །སྣང་བ་རྣལ་འབྱོར་ཅན་རྣམས་ཀྱིའོ། །ཤེས་རབ་མ་ལ་རླུང་གིས་བསྐུལ་བས་གཏུམ་མོ་འབར་བ་རབ་ཏུ་གསལ་ཞིང་རྒྱ་ཆེ་བ། །སྒྲིབ་པ་
ཉིད་ཀྱི་དྲི་མ་དང་བྲལ་དངོས་པོ་ཚོགས་པ་རྣམ་པར་གཅོད་པས་འཕེལ་བ་བྱེད། །རྣམ་པར་རྟོག་པ་ཐམས་ཅད་བསྲེགས་པ་ན་ནི་བདུད་རྩི་དེ་ནི་དམིགས་པ་མེད། །ཡང་དག་རིག་བྱེད་ནམ་མཁའ་ཁྱབ་པ་དང་ཡང་དངོས་པོ་མཐའ་དག་མཉམ་ཉིད་ཡང་དག་རྫོགས། །རང་བཞིན་གྱི་ནི་
རྩ་རྣམས་ནི། །དེ་ཁོ་ན་ལས་ལྷ་རྣམས་མིན། །འདི་རྣམས་ཀྱི་ནི་ཤིན་ཏུ་དག །རང་བཞིན་མེད་འདི་རང་ངོ་བོ། །ཤེས་རབ་ཐབས་དག་གཅིག་ཉིད་གང་། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཨ་ཝ་དྷཱུ་ཏཱི་རྣམ་གསལ་བདག །དེ་ནི་དབུ་མའི་རྟོག་པར་འདོད། །ཐོག་མ་དབུས་
མཐའ་ཡང་དག་ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །དག་པའི་ཤེལ་ལྟར་རབ་གསལ་བ། །དེ་ནི་ཨ་ཝ་དྷཱུ་ཏཱི་ཉིད། །རྣམ་པ་ཐམས་ཅད་མངོན་སུམ་དུ། །རྣམ་པ་མཉམ་པ་མཚན་ཉིད་བྲལ། །མཚོན་བྱ་མཚོན་བྱེད་ཀུན་སྤངས་པ། །གཅིག་པུ་ཨ་ཝ་དྷཱུ་ཏཱི་ཉིད། །རབ་ཏུ་དགའ་བ་ཡང་
དག་རྟོགས་ཤིང་དག་པའི་དཔའ་བོ་ནམ་མཁའ་ཆེ། །རྣམ་ཀུན་ཉེ་བར་བསགས་པ་མཐའ་དག་རྫོགས་པར་རྟོགས་བྱ་ལོངས་སྤྱོད་རྫོགས། །དངོས་པོའི་ཚོགས་རྣམས་རོ་མཉམ་ཉིད་ཀྱིས་རྨི་ལམ་སྤྲུལ་པ་ལྟ་བུ་སྟེ། །སྒྲིབ་པ་ཞི་བའི་ཡེ་ཤེས་ཡུལ་དེ་རྣམ་དག་ཨ་ཝ་དྷཱུ་ཏཱིའོ། །ཆོས་དང་
ལོངས་སྤྱོད་རྫོགས་སྤྲུལ་པ། །བདེ་བ་ཆེན་པོ་ཞེས་བྱའི་རིམ། །བདེ་བ་ཆེན་པོའི་རང་བཞིན་གྱིས། །འཁོར་ལོ་བཞི་པོ་མཉམ་པ་ཉིད། །གྲངས་ཀྱང་རྟོགས་པའི་རང་བཞིན་ཏེ། །བགྲང་བྱར་བྱས་པ་མིན་པ་ལས། །གཉིས་ཉིད་དང་ནི་བྲལ་བའི་བདག །མཉམ་ཉིད་ནམ་མཁའ་འདྲ་བའོ། །
མཁའ་དང་ཉེ་བར་ལེན་པ་ཡི། །དབྱེ་བས་རྣམ་པར་འགྱུར་བའང་མེད། །སྣ་ཚོགས་རྩྭ་དང་ཤིང་བསྲེགས་ན། །ནགས་སུ་དབྱེ་བའི་མཚན་ཉིད་ཅི། །རང་བཞིན་དེ་ཉིད་ལས་དབྱེར་མེད། །ཀུན་རྫོབ་ཏུ་ནི་དབྱེ་བ་ལྟ། །གང་དུ་ཀུན་རྫོབ་ཉིད་མེད་པ། །དེར་ནི་དོན་དམ་ཉིད་ཀྱི་ཅི། །དངོས་

རྣམས་རང་བཞིན་ཉིད་ཀྱིས་ནི། །རང་བཞིན་མེད་པ་བློ་གཅིག་པུ། །མོ་གཤམ་བུ་ལ་སོགས་རྣམས་ཀྱི། །རང་བཞིན་རྣམ་པར་དཔྱོད་པ་མེད། །གཞན་ཡང་གང་འདིར་བཤད་པར་བྱ་སྟེ་ཕྲ་མོའི་རང་བཞིན་ནི། །ངེས་པར་དེ་ཁོ་ན་ཉིད་མ་ཡིན་འདིར་ནི་བཤད་པ་ཙམ། །
མཆོག་གི་བདེ་བ་རོ་གཅིག་དང་བ་ཡི་ནི་རྒྱུན་སྣང་བ། །གསལ་བར་ཉམས་སུ་མྱོང་བའི་སྙིང་པོ་དེ་ཉིད་དམིགས་པས་སྟོང་། །རང་བཞིན་མེད་པའི་རང་བཞིན་གྱིས། །དངོས་རྣམས་རྟོག་པའི་རང་བཞིན་ཅན། །རང་བཞིན་མེད་ཉིད་གང་འདི་ནི། །ཆོས་རྣམས་ཀུན་གྱི་རང་བཞིན་ནོ། །རང་གི་
འདོད་པས་བཅུག་པ་ལས། །བག་ཆགས་སྟོབས་ཀྱིས་གཡོས་གྱུར་པས། །རྣམ་པར་རྟོག་པ་སྐྱེས་གྱུར་པ། །ཕྱི་རོལ་དོན་འབྲས་ཉིད་ལྟ་བུའོ། །ཀྱེ་ཧོ་རྣམ་བཀྲའི་ཡུལ་ཉིད་ལ། །རྣམ་རྟོག་རྗེས་སུ་སོང་གྱུར་པ། །ཀ་དམ་པ་ཡི་རོ་སྒྲ་ལྟར། །རྣམ་པ་དུ་མ་དུས་གཅིག་ལའོ། །གཅིག་
གི་དངོས་པོ་ཉིད་ལ་ཡང་། །རྣམ་པ་སྣ་ཚོགས་དོན་དུ་རྟོག །དེ་དང་དེ་ཡི་བདག་ཉིད་མེད། །འདོད་པས་ཉེ་བར་བརྟགས་ཙམ་ཉིད། །དངོས་པོ་མེད་ཀྱང་འཁྲུལ་པ་ཡི། །སེམས་ཀྱི་འདོད་པའང་སྐྱེས་གྱུར་པ། །སྔ་མ་སྔ་མ་ཡིད་བྱེད་པའི། །འདུ་བྱེད་ཀྱི་ནི་འབྲས་བུའི་བདག །རང་གིས་
རང་བཞིན་མ་རྟོགས་པས། །སེམས་ནི་ཕྱི་རོལ་རྒྱུག་གྱུར་པ། །ཕྱིས་པས་རེག་བྱ་ངན་པ་ལ། །རེག་པས་རང་ཉིད་སྡུག་བསྔལ་བཞིན། །སེམས་དེ་རྟོག་པའི་རྣམ་པ་སྟེ། །ཕྱི་རོལ་དོན་དུའང་བརྟགས་པ་ཉིད། །རྟོག་པ་འདི་དག་སྤངས་པ་ན། །གཅིག་པུ་ནམ་མཁའི་བདག་ཉིད་དོ། །
མི་ཤེས་པས་ནི་དངོས་རྣམས་ཀྱི། །རང་བཞིན་རང་བཞིན་བཅས་པ་ཉིད། །དངོས་པོ་རྣམས་ནི་ཡོངས་ཤེས་པས། །རང་བཞིན་རང་བཞིན་མེད་པའོ། །རང་བཞིན་མེད་པའི་ཆོས་རྣམས་ལ། །རང་དབང་གིས་ནི་ཐམས་ཅད་བྱེད། །དེ་ཡི་བྱ་བ་ཞིག་པ་དང་། །བྱེད་པ་པོ་ཡང་དེ་བཞིན་ནོ། །
བྱ་བ་དང་ནི་བྱེད་པ་ཡི། །འབྲེལ་པ་རྟོག་པའི་དབང་གིས་ཏེ། །རང་བཞིན་ཁོང་དུ་ཆུད་པ་ལས། །བྱ་མེད་བྱེད་པ་པོ་ཡང་མེད། །བྱ་བ་ཅུང་ཟད་ཡོད་མིན་ཞིང་། །བྱེད་པ་པོ་ཡང་དེ་བཞིན་ནོ། །བརྡ་ཙམ་ཐོབ་པ་འདི་དག་ནི། །བྱེད་དོ་ཞེས་བྱ་བྱེད་པོ་མེད། །ཆོས་རྣམས་རང་བཞིན་མེད་

ཉིད་ན། །བླང་དང་དོར་བྱ་ཉིད་ག་ལ། །རྨི་ལམ་ནང་གི་ཆོས་ཀུན་ལ། །བླང་དོར་བྱ་བ་ཇི་བཞིན་ནོ། །ཕ་རོལ་ཕྱིན་པ་ཐམས་ཅད་རྣམས། །དེ་ལ་ཀུན་ནས་བསྟེན་བྱ་སྟེ། །ཕ་རོལ་ཕྱིན་ཀུན་ཡེ་ཤེས་ནི། །ཤེས་རབ་ཕ་རོལ་ཕྱིན་མིན་ནམ། །དེ་ཉིད་ལྷུན་གྱིས་གྲུབ་པའི་སེམས། །ལྷག་མ་
མེད་ཅིང་གོས་པ་མེད། །དབང་པོ་མེད་ཅིང་གཞི་མེད་ལ། །སྤྱོད་པ་མེད་ཅིང་འཁྲུགས་པ་མེད། །ཕ་རོལ་ཕྱིན་པ་ལྔ་འདི་རྣམས། །དགའ་བ་རོ་གཅིག་བདག་ཉིད་ཅན། །དགའ་བ་ཡོངས་སུ་ཤེས་པ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་མཆོག །འདི་རྣམས་འབྲས་བུ་དགའ་བ་
སྟེ། །འདི་རྟོགས་རང་བཞིན་མེད་པ་ཉིད། །གཉིས་པོ་ཤིན་ཏུ་དབྱེར་མེད་པའི། །དགའ་བ་ཉིད་ནི་བདེ་བ་ཆེ། །ཤེས་རབ་སྙིང་རྗེ་གཅིག་པ་ཉིད། །སྒྲོན་མ་དང་ནི་སྣང་བ་བཞིན། །ཤེས་རབ་སྙིང་རྗེའི་དབྱེ་བ་ཡང་། །སྒྲོན་མ་སྣང་བ་ཇི་བཞིན་ནོ། །གཉིས་པོ་འདི་ནི་དབྱེར་མེད་བདག །
སེམས་གཅིག་པུ་ནི་ངོ་བོ་ཉིད། །ཤེས་རབ་ཐབས་ཀྱི་བདག་ཉིད་དེས། །སེམས་ནི་ཀྱེ་ཡི་རྡོ་རྗེའི་གཟུགས། །དགའ་བ་ཡང་ནི་རང་བཞིན་མེད། །དེ་རྟོགས་པ་ཡང་དེ་དང་འདྲ། །འདི་ལྟར་ཀྱེའི་རྡོར་རང་བཞིན་གྱིས། །མ་ལུས་རྣམ་པར་དབྱེར་མེད་པའོ། །རྣམ་རྟོག་རྣལ་འབྱོར་མ་རྣམས་ཏེ། །
སྲིད་པ་གསུམ་པོ་དཀྱིལ་འཁོར་རོ། །བདེ་བ་ཆེན་པོའི་དགའ་སྟོན་གྱིས། །དེར་ནི་ཀྱེ་ཡི་རྡོ་རྗེ་རོལ། །བཟའ་དང་ཉལ་དང་རྩེ་བ་དང་། །དགོད་བཞིན་དུ་ཡང་དེ་དང་དེ། །རྣལ་འབྱོར་སྦྱོར་ལས་རྣལ་འབྱོར་པ། །ཀྱེ་ཡི་རྡོ་རྗེའི་མཆོད་པ་པོའོ། །ཐམས་ཅད་དུས་སུ་དངོས་ཀུན་ལ། །རྣལ་འབྱོར་
པ་ཡིས་དོགས་མེད་སྤྱད། །འཁོར་བའི་འདམ་གྱི་ནང་དུ་ཡང་། །གོས་པ་མེད་པ་མྱ་ངན་འདའ། །ཇི་ལྟར་སྒྱུ་མ་ཤེས་པས་སྒྱུ་མ་བརྒྱ་ཕྲག་སྟོན་པ་ན། །སྐྱོ་དང་རབ་ཏུ་དགའ་བ་མཉམ་པ་ཉིད་ཀྱིས་ཅི་དགར་སྤྱོད། །དེ་བཞིན་རྣལ་འབྱོར་ཁོ་ན་རྗེས་རྟོགས་རང་བཞིན་ཅན། །འཇིགས་པ་
བརྒྱད་དང་བདེ་བ་འཆར་ལའང་འཇིགས་དང་ཆགས་པ་མེད། །འདིར་ནི་སོ་སོར་བསྒོམ་བྱ་མེད། །སྒོམ་པ་པོ་ནི་སུ་ཡང་མེད། །གཉིས་པོ་མེད་ཕྱིར་སྒོམ་པའང་མེད། །མཉམ་ཉིད་འབའ་ཞིག་རྟོགས་པའོ། །གཉིས་ཀྱི་རྣམ་པ་ཡོངས་དོར་བས། །དབྱེ་བ་དབྱེར་མེད་རྣམ་པར་

བྲལ། །ཡོད་ཉིད་ཙམ་དུ་ཡོངས་ཤེས་པས། །བསྒོམ་པ་ཡང་ནི་སྐྱོན་མེད་པའོ། །སྔགས་བཟླས་ལ་སོགས་འདི་རྣམས་ཀྱང་། །མཉམ་པ་ཉིད་ཀྱི་རང་བཞིན་ཅན། །འགྲོ་ཀུན་ལྷན་ཅིག་སྐྱེས་ངོ་བོ། །འདི་ལས་དེ་ཡང་བགག་པ་མེད། །ལུས་དང་ངག་དང་ཡིད་ཅེས་
པ། །གསུམ་གྱི་བདག་ཉིད་ཡི་གེ་ཧཱུཾ། །དོགས་མེད་ཧེ་རུ་ཀ་ལྟ་བུར། །ཀུན་རྟོག་ཀུན་དུ་རྨོངས་པ་སེལ། །རྟོག་པའི་སྒྲིབ་པ་ཀུན་སྤངས་ནས། །མ་བརྟགས་པར་ནི་གང་མཐོང་བའི། །གསང་བ་དེ་ཉིད་སྔགས་དེ་རྣམས། །དངོས་གྲུབ་ཐམས་ཅད་སྦྱིན་བྱེད་པའོ། །ཆོས་རྣམས་རྨི་ལམ་
ལྟ་བུ་ལའང་། །དེ་བཞིན་ཞི་ལ་སོགས་པ་ཡི། །སྦྱོར་ལ་སྔགས་ཀྱིས་བདེ་བར་བྱེད། །དངོས་པོའི་ནུས་པའི་རང་བཞིན་འདི། །ཀུན་རྫོབ་ཏུ་ཡང་མཐོང་བ་ཡིན། །ཀུན་རྫོབ་རྣམ་པར་སྤངས་ན་ནི། །དོན་དམ་ཞེས་བྱ་བ་ཉིད་ཅི། །ཤིང་ལ་སོགས་ལས་བྱུང་ཉིད་ཀྱིས། །སངས་རྒྱས་གཟུགས་
བརྙན་དོར་མི་བྱ། །དེ་ཡི་རང་བཞིན་རྟོགས་པ་དེས། །ཕྱག་བྱས་པ་ལ་སྐྱོན་ཡོད་མིན། །ས་སོགས་ལས་བྱུང་སྐུ་གཟུགས་ལ་སོགས་ལ། །ལྷན་ཅིག་སྐྱེས་པའི་བདག་པོས་ཕྱག་མི་བྱ། །ལྷན་ཅིག་སྐྱེས་པ་རྟོགས་པར་གྱུར་པ་ཉིད། །བླ་ན་མེད་པའི་ཕྱག་ནི་དེ་ཡིན་ནོ། །དེ་བཞིན་དུ་ཡང་གཏོར་
མའི་རིམ་པ་འདི། །རྨི་ལམ་དང་ནི་སྤྲུལ་པ་ལྟ་བུ་སྟེ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་དུ་ནི། །དེ་ཡི་འཁོར་གསུམ་པོ་རྣམས་མཉམ་པ་ཉིད། །དེ་བཞིན་ཉིད་ཀྱི་རང་བཞིན་དབྱེར་མེད་པར། །ཁམས་གསུམ་པོ་ནི་གཅིག་ཏུ་ཡང་དག་རིག །རྣལ་འབྱོར་རྣམས་ཀྱི་རྒྱུན་མི་འཆད་པ་ཡི། །
དགའ་བ་འདི་དེ་གཏོར་མ་ཆེན་པོའོ། །ཇི་སྲིད་དུ་ནི་བྱང་ཆུབ་བར་གྱི་ཚོགས། །དེ་སྲིད་དེར་ནི་དྲི་མ་རྣམས་མེད་པ། །བླ་ན་མེད་པའི་འབྲས་བུ་ཐོབ་པ་ལས། །ཤེས་རབ་ཕ་རོལ་ཕྱིན་པ་རྣམ་པར་དག །རབ་གནས་སྦྱིན་སྲེག་མཆོད་པ་ལ་སོགས་པ། །བྱ་བ་ཐམས་ཅད་ཀྱང་ནི་དྲི་མ་མེད། །
ཤེས་རབ་ཐབས་དག་ཡང་དག་སྦྱོར་བ་ལས། །རྫོགས་པའི་བྱང་ཆུབ་བསྒྲུབ་པར་བྱས་པ་ཡིན། །དེ་བཞིན་མཐའ་དག་སངས་རྒྱས་རྣམས་ཀྱི་ནི། །རབ་ཏུ་གནས་པ་བླ་ན་མེད་པའང་དེ། །གང་དུ་རྣམ་དབྱེར་མེད་པའི་རྣམ་པ་ནི། །ཡང་དག་རིག་ལ་རྡོ་རྗེ་སེམས་དཔའ་གནས། །རོལ་པའི་

ཚོགས་ཀྱི་རྒྱུར་གྱུར་པའི། །བདེ་བའི་ཚོགས་རྣམས་ཅི་ཙམ་པ། །དེ་ཙམ་ཉམས་སུ་མྱོང་བ་ཉིད། །རྣལ་འབྱོར་ཚོགས་ནི་རྫོགས་བྱེད་པའོ། །བསམ་གྱིས་མི་ཁྱབ་སྦྱོར་བའི་བདག་ཉིད་ཀྱིས། །རྣམ་པར་སྒེག་པའི་སྦྲང་རྩིའི་ཚོགས་རྣམས་དང་། །གེ་སར་མཛེས་པ་འབར་བའི་པདྨ་ཡིས། །
རྡོ་རྗེའི་དབང་ཕྱུག་ལ་ནི་མཆོད་པར་བྱ། །གཟུགས་ལ་སོགས་པ་ལྔར་བཏགས་པ། །ཟ་བ་དམ་ཚིག་ཆེན་པོ་ཡིན། །དེ་ནི་རྣམ་དག་དག་པའི་བདག །རྫོགས་པའི་བྱང་ཆུབ་སྒྲུབ་བྱེད་པའོ། །རྣམ་པར་རྟོག་པ་སྤངས་པ་ཡིས། །ལྷག་པར་མོས་པ་མི་འབྱུང་བ། །གསལ་བར་སྣང་བ་འདི་
དེ་ནི། །རང་རིག་བདེ་བ་ཆེན་པོའོ། །འགའ་ཞིག་བདུད་རྩི་ཞེས་བྱ་བའི། །གཏམ་ཉིད་ཀྱིས་ནི་ཚིམ་མོད་ཀྱང་། །རང་གི་མངོན་སུམ་ཉམས་མྱོང་ནི། །རོལ་བརྩོན་པ་ཡི