Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 52
Văn bản gốc(Tây Tạng)
Trang 15 / 19 (50.000 ký tự/trang)
སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་གསུངས་ སོ། །འོན་ཏེ་ཆགས་པ་དང་བཅས་པ་མ་ཡིན་པས། བདེ་བ་ཆེན་པོ་མཚན་མ་མེད་པ་ཡིན་པའི་ཕྱིར་རོ། །དེ་དང་འདྲ་བར་ཇི་ལྟར་འགྱུར་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། མཚན་མ་དང་བཅས་པའི་བདེ་བ་ཉིད། བླ་མ་དམ་པའི་གདམས་ངག་གི་མཚན་མ་མེད་པར་འགྱུར་རོ། །དེ་ལྟར་ས་ར་ཧའི་ཞལ་སྔ་ ནས། གང་ཡང་མཚན་མར་བཅས་པའི་བདེ་བ་འདི། །དེ་ཉིད་བདག་ཉིད་ཆེན་པོ་རྣམས་ཀྱིས་མཚན་མ་མེད་པ་ཡིན། །རང་འབྱུང་ཡེ་ཤེས་ངོ་བོ་ཉིད། །ཀུན་རྟོག་བདེ་བ་ཆེན་པོ་ཉིད། །དེའི་ཕྱིར་ཐབས་དང་བཅས་པའི་ཡུལ་ལ་ལོངས་སྤྱོད་ཅིང་། །འདོད་ཆགས་ཆེན་པོ་མངོན་པར་བྱང་ཆུབ་པའི་སྒྲུབ་བྱེད་ ཡིན་ནོ། །དེ་ཉིད་ས་དང་ཆུ་དང་མེའི་ཁམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་ནི་སའི་དཀྱིལ་འཁོར་རོ། །ཆུ་ནི་ཆུའི་དཀྱིལ་འཁོར་རོ། །མེ་ནི་མེའི་དཀྱིལ་འཁོར་རོ། །རླུང་ནི་རླུང་གི་དཀྱིལ་འཁོར་རོ། །ནམ་མཁའ་ནི་ནམ་མཁའི་དཀྱིལ་འཁོར་རོ། །ལྔ་པོ་དེ་ཉིད་སྐྱེ་བ་དང་འཇིག་པའི་ རིམ་པས་ཟླ་བ་དང་ཉི་མའི་རིམ་པར་བརྗོད་དོ། །དེ་ལྟར་ཡང་དཔལ་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། ནམ་མཁའ་ལ་སོགས་རྟག་ཏུ་གཡོན་ནས་རྒྱུ། །འཇིག་པ་པོ་སོགས་རྟག་ཏུ་གཡས་ནས་རྒྱུ། །ཞེས་གསུངས་སོ། །དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་། ཡེ་ ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སེམས་ནི་ཐིག་ལེར་རྣམ་པར་དགོད། །འདིའི་ ཡང་བྱེ་བྲག་བཤད་པ་ནི། །རྡོ་རྗེ་ཕྲེང་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས། སྣ་རྩེར་ཡུངས་ཀར་ཞེས་བྱ་བ། །སྲོག་དང་རྩོལ་བ་ཞེས་སུ་བརྟག །སྲོག་དང་རྩོལ་བ་དག་ལ་འོད་ཟེར་ལྔ། །སངས་རྒྱས་ལྔ་ཡི་ངོ་བོ་སྟེ། །དེ་སྐད་དུ་ཡང་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས། །སྣའི་བུ་ག་གཡོན་པ་དང་གཡས་ པ་གཉིས་ནས། དང་པོའམ་ཐ་མར་གང་ཡང་རུང་སྟེ། གང་གི་ཚེ་དབུས་ནས་རྒྱུ་བའོ། །གང་གི་ཚེ་ནམ་མཁའི་རླུང་རྒྱུ་བ་དེའི་ཚེ་དབུས་ནས་རྒྱུ་བའོ། །གང་གི་ཚེ་རླུང་གི་དཀྱིལ་འཁོར་རྒྱུ་བ་དེའི་ཚེ་སྣ་བུག་སྟེང་ལ་བརྟེན་ནས་རྒྱུའོ། །གང་གི་ཚེ་མེའི་དཀྱིལ་འཁོར་རྒྱུ་བ་དེའི་ཚེ་སྣ་བུག་གཡས་ པ་ལ་བརྟེན་ནས་རྒྱུའོ། །གང་གི་ཚེ་སའི་དཀྱིལ་འཁོར་རྒྱུ་བ་དེའི་ཚེ་འོག་ལ་རེག་ནས་རྒྱུའོ། །གང་གི་ཚེ་ཆུའི་དཀྱིལ་འཁོར་རྒྱུ་བ་དེའི་ཚེ་གཡོན་ནས་རྒྱུའོ། །དཀྱིལ་འཁོར་འདི་རྣམས་ཡུལ་དུ་བློས་བླངས་ཞེས་བྱ་བ་ནི། ཡུལ་རྡོ་རྗེ་དང་པདྨ་སྦྱོར་བ་སྟེ། དེ་ལས་བློ་བདེ་བ་ཉམས་སུ་མྱོང་བ་ ཡེ་ཤེས་ཀྱི་ཕྱག་རྒྱ་དེའི་ཡུལ་ནི་བློའོ། །དེ་བླངས་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྟོགས་པ་སྟེ། ཡོངས་སུ་ནི་རྣམ་པ་ཐམས་ཅད་ཀྱི་ཡེ་ཤེས་དྲུག་ལ་སོགས་པ་ལ་འཇུག་པར་འགྱུར་བ་དེ་ལྟར་ཉམས་སུ་མྱོང་བར་གྱིས་ཞེས་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དབའ་རླབས་མེད་པ་དག་ནི་ཡོངས་སུ་ སྤྱད། །ཅེས་གསུངས་ཏེ། དབའ་རླབས་ནི་སྤྱན་འདྲེན་པ་དང་གཤེགས་སུ་གསོལ་བ་མེད་པས་དབའ་རླབས་མེད་པའོ། །ཇི་ལྟར་འགྱུར་བའི་ཨེ་ཝཾ་གྱི་ཡི་གེའི་ངོ་བོ་ཡིན་པའི་ཕྱིར་ན་ལྷན་ཅིག་སྐྱེས་པའི་ངོ་བོ་རླུང་བུམ་པ་ལྟ་བུ་ལས་ཤིན་ཏུ་འདས་པའི་ཕྱིར་ན་མཉམ་པའོ། །སྐྱོན་ནི་དྲི་མ་མ་ལུས་ སྤངས་པ་སྟེ། །ཞེས་བྱ་བ་ནི་མ་ལུས་པའི་སྡིག་པ་ནི་མ་ལུས་པའི་སྐྱོན་ཏེ་འདོད་ཆགས་དང་བྲལ་བའི་ངོ་བོ་ཉིད་དོ། །སྤངས་པ་ནི་གྲོལ་བའོ། །དེ་ལྟར་ཡང་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། ཆགས་བྲལ་ལྟ་བུའི་སྡིག་པ་མེད། །བདེ་བ་ལྟ་བུའི་དགེ་མཆོག་མེད། །དེ་ཕྱིར་འགྱུར་མེད་བདེ་བ་ལ། ། རྒྱལ་པོ་རྟག་ཏུ་སེམས་ཞུགས་གྱིས། །ཞེས་གསུངས་སོ། །དེ་ལྟར་གྱུར་པའི་བདེ་བ་ལ་ཡང་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར། དེ་ལ་དགེ་དང་སྡིག་པ་དག་ཀྱང་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པ་ནི་འདོད་ཆགས་དང་བྲལ་བའི་སྡུག་བསྔལ་ལོ། །དགེ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱང་ཕྱིར་ མི་འབྱུང་བའི་བདེ་བའོ། །དེ་ལ་གཅིག་ཀྱང་མེད་ཅེས་བྱའོ། །དེ་ལྟར་དཔལ་ཁ་སྦྱོར་ཐིག་ལེའི་རྒྱུད་ལས། ཆགས་དང་ཆགས་པ་བྲལ་བ་གཉིས། །ཟོས་ན་སྲིད་པ་ཉིད་དུ་འགྱུར། །ཞེས་གསུངས་སོ། །གསལ་པོར་ནག་པོ་དག་གིས་བསྟན། །ཞེས་པ་ནི། འདི་གསལ་བར་ནག་པོ་སྤྱོད་པའི་རྡོ་རྗེས་ བསྟན་ཏེ། གཞན་གྱིས་གསལ་པོར་མ་བསྟན་ཞེས་པའི་དོན་ཏོ། །འདི་ལྟ་བུའི་རྣལ་འབྱོར་ལས་ཁ་ཕྱིར་བལྟས་པ་རྣམས་ཀྱིས་བདག་ཉིད་ཀྱི་རྣལ་འབྱོར་བྱས་ནས་ཀྱང་མི་རྟོག་པར་བསྟན་པའི་ཕྱིར། ཕྱི་རོལ་འབྱུང་བ་ལྟ་བུ་སྤྱད་བྱས་ནས། །ཞེས་བྱ་བ་སྨོས་ཏེ། རང་གི་བློས་ངེས་པར་སྤྱད་པས་སྟོང་པ་ ཉིད་ནི། རྣམ་པའི་འཁོར་ལོ་སྟོང་པ་ཉིད་དུ་རྟོགས་པའོ། །སྟོང་པ་མིན་ནི་རང་གི་ལྷ་རྟོག་པའི་རྣལ་འབྱོར་པ་ལ་སོགས་པའོ། །བློ་ཡིས་ཞུགས་ཤིང་དེ་ལ་དམིགས་པར་འགྱུར་བས་སོ། །སྟོང་པ་ཉིད་དང་སྟོང་མིན་གཉིས་སུ་ཞེས་པ་ནི་སྟོང་པ་ཉིད་དང་སྟོང་པ་མ་ཡིན་པ་དག་གི་དབུས་སུ། ཀྱེ་མ་རྨོངས་ བ་དེ་ཉིད་གཅིག་ཀྱང་མ་མཐོང་སྟེ་མ་རྟོགས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་ཡིན་ན་ཇི་ལྟར་ན་དེ་ཉིད་ཁོ་ན་ཡོད་སྙོམ་དུ་དགོངས་པ་ལ། གཅིག་ཏུ་ལྷན་ཅིག་སྐྱེས་པ་དེ་ཉིད་ཡིན། །ཞེས་གསུངས་ཏེ། ལྷན་ཅིག་སྐྱེས་པ་འབའ་ཞིག་ཡོད་ན་ནི། ནག་པོ་རྡོ་རྗེ་ཁོ་ན་ལས་ཤེས་པའོ། །བསྟན་བཅོས་ལུང་ནི་ མང་པོ་བཀླགས་གྱུར་ཀྱང་། །ཞེས་པ་ནི། བསྟན་བཅོས་ནི་ཚད་མ་ལ་སོགས་པའོ། །ལུང་ནི་བྱ་བ་དང་སྤྱོད་པ་ལ་སོགས་པའོ། །དེ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཀློག་པ་དང་ཉན་པ་དང་། སེམས་པ་དང་གོམས་པར་བྱས་ཀྱང་ཅུང་ཟད་ཀྱང་མི་ཤེས་ཏེ། དེ་རྣམས་ལ་དེའི་ངོ་བོ་ཉིད་མེད་པའི་ཕྱིར་ རོ། །དབའ་རླབས་མེད་པའི་སྔགས་ཚུལ་གདམས་ངག་ནི། །གཞན་ང་ལྟ་བུར་ཤེས་སོ་ཞེས་པའི་དོན་ཏོ། །དེ་ལྟ་བུའི་གདམས་པ་དེ་ཉིད་ཚུལ་དེ་དང་དེས་རྒྱས་པར་བསྟན་པའི་ཕྱིར། སྟེང་དང་འོག་དག་ཏུ་ནི་མི་རྒྱུ་ཞིང་། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྟེང་དུ་མི་འགྲོ་བ་ནི་ འདིའི་ཚུལ་གྱིས་སྲོག་གི་རླུང་འགེགས་པའོ། །འོག་ཏུ་མི་འགྲོ་བ་ནི་ཐུར་སེལ་གྱི་རླུང་འགེགས་པ་སྟེ། ལུས་དང་ངག་དང་ཡིད་ཀྱི་བྱེ་བྲག་གིས་ཟླ་བ་དང་ཉི་མ་དང་རཱ་ཧུ་ལ་དང་། ཆུ་དང་མེ་དང་། སྟོང་པ་ཉིད་རང་གི་རིགས་ཀྱི་ལམ་གསུམ་དགག་པའོ། །འོག་ཏུ་མི་རྒྱུ་བ་ནི་འདིའི་ཚུལ་གྱིས་འོག་ཏུ་རྒྱུ་བའི་རླུང་ སྟེ། ལུས་དང་ངག་དང་ཡིད་གསུམ་གྱི་བྱེ་བྲག་གིས་དྲི་ཆེན་དང་དྲི་ཆུ་དང་བྱང་ཆུབ་ཀྱི་སེམས་རྒྱུ་ཞིང་ས་དང་ཆུ་དང་མེ་ཡེ་ཤེས་ཀྱི་ཁམས་ཀྱི་རིགས་གསུམ་འགོག་པའོ། །དེ་ལྟར་སྟེང་དང་འོག་གི་སྲོག་དང་ཐུར་སེལ་གྱི་ལམ་བཀག་པས། སྔོན་དུ་བསྟན་པའི་ཡེ་ཤེས་ཀྱི་གཟུགས་བརྙན་མཐོང་བས་ན་དེའི་ འོག་ཏུ་རྡོ་རྗེ་བཟླས་པའི་ཆོ་གས་སྲོག་དང་རྩོལ་བ་རྟག་ཏུ་འབྱུང་བར་བྱེད་དོ། །དེ་ལྟར་ཡང་དཔལ་དུས་ཀྱི་འཁོར་ལོ་ལས། གཟུགས་བརྙན་མཐོང་ནས་བྱུང་བ་ནི། །སྲོག་དང་རྩོལ་བ་རྟག་ཏུ་ནི། །སྟེང་དང་འོག་དང་རྩ་གསུམ་ལས། །ལུས་ངག་ཡིད་གསུམ་དགག་པའི་ཕྱིར། །ཟླ་བ་ཉི་མ་རཱ་ཧུ་དང་། །དྲི་ ཆེན་དྲི་ཆུ་ཁུ་རྒྱུ་བ། །ཟླ་བ་ཉི་མ་མུན་པ་དང་། །ལུས་དང་ངག་དང་ཡིད་ཀྱི་རྩ། །དྲི་ཆེན་དྲི་ཆུ་དུས་རྒྱུ་བ། །དེ་དག་སྲོག་རྩོལ་རིམ་པས་སོ། །ཟླ་བ་ལུས་ཀྱི་ཐབས་དང་ནི། །ཤེས་རབ་ཉིད་ནི་ཉི་མའོ། །ཤེས་རབ་ཀྱི་ནི་དྲི་ཆེན་རྩ། །གཙོ་བོ་དག་ནི་བྱང་རྒྱུ་བ། །ཆུ་མེ་སྟོང་པ་ས་དང་རླུང་། །ཡེ་ ཤེས་ཁམས་ནི་རང་རིག་ལ། །ཐབས་ཀྱིས་སེམས་ནི་མུན་ལྷ་མོ། །ཤེས་རབ་བྱང་ཆུབ་སེམས་རྒྱུ་བ། །སྟེང་དང་འོག་ཏུ་རིགས་དྲུག་ནི། །ལུས་དང་ངག་ཡིད་བྱེད་པས་སོ། །ཤེས་རབ་ཐབས་སྦྱོར་དབྱེ་བ་ཡིས། །ལུས་ཅན་ཀུན་ལ་རྣམ་པར་གནས། །དེ་ལྟར་གྱུར་པས་སྲོག་དང་རྩོལ་བས་ཇི་ ལྟར་གནས་ཤེ་ན། །གཉིས་ལ་མི་རྒྱུ་བ་ནི་རྣམ་པར་གནས། །ཞེས་གསུངས་ཏེ། གཉིས་ནི་སྟེང་དང་འོག་གི་སྲོག་རྩོལ་བ་སྟེ། མི་རྒྱུ་བ་ནི་ཡོངས་སུ་སྤངས་པ་སྟེ། དེ་ལྟ་བུ་ངོ་བོ་ཉིད་ཀྱི་མི་གཡོ་བར་གནས་པ་ནི་དབུགས་འབྱིན་བར་མ་མཆོག་ཅེས་བྱ་བ། དེ་ལྟར་ཡང་རིག་ལྡན་པས། ལྷན་ཅིག་ སྐྱེས་པ་ཧེ་རུ་ཀ །བར་མའི་དབུགས་ནི་མཆོག་ཡིན་ཏེ། །དྲི་ཆེན་དྲི་ཆུ་ཁུ་བ་ཉིད། །རྩ་གསུམ་དག་དང་ལྡན་པའོ། །དངོས་པོ་གསལ་པོ་དེ་ཁོ་ན་ཉིད་རྗེས་སུ་འགྲོ་བ་ལས་ཀྱང་། ལྷན་ཅིག་སྐྱེས་རུང་རང་གི་གཞི་ལ་གནས། །རྟོག་པའི་དྲ་བ་དག་ལས་རབ་ཏུ་གྲོལ། །རང་ཡང་དགའ་བ་སྐྱེད་པ་ བརྗོད་དུ་མེད། །དེ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དུ། །ཞེས་གསུངས་སོ། །དེ་ལྟར་གྱུར་པས་བྱང་ཆུབ་སེམས་བདེ་བ་ཆེན་པོ་དགག་པ་བསྟན་པའི་ཕྱིར། ཡིད་ནི་གང་དུ་ཡང་མི་གཡོ་བ་ནི། ནག་པོས་གསུངས་ཞེས་བྱ་བ་སྨོས་ཏེ། སློབ་དཔོན་ནག་པོ་ན་རེ་ཡིད་ནི་བྱང་ཆུབ་སེམས་དེ་མི་གཡོ་བ་ནི་ གང་དུ་ཡང་ཕྱིར་མི་འབྱུང་བ་སྟེ་སྟེང་དང་འོག་ཏུ་འབྱུང་བ་སྤངས་པས། དུས་ཀྱི་རྩ་ཁམས་གསུམ་དུ་བྱས་པའི་ཕྱིར་རོ། །འདིའི་དགོངས་པ་ནི་རི་བོང་ཅན་གྱི་ཐིག་ལེ་མ་ལྷུང་བར་འབའ་ཞིག་ངའི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། འོན་ཀྱང་སྟེང་འོག་གཉིས་སུ་འགྲོ་བའི་ངོ་བོའོ། །འདི་ལྟ་བུའི་འབྱུང་ བ་མེད་པའི་ངོ་བོ་གང་དུ་གནས་ཤེ་ན། མི་གཡོ་རླུང་གི་ཁྱིམ་བདག་མོ་ནི་ཁྱིམ་ན་གནས། །ཞེས་གསུངས་སོ། །མི་གཡོ་བའི་རླུང་ནི་འབར་བའི་རླུང་ངོ་། །ཁྱིམ་བདག་མོ་ནི་དེ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཁྱིམ་ནི་དེའི་བདེ་བའི་ནམ་མཁའི་ཁམས་ཨ་ཧཾ་གི་རང་བཞིན་ གོང་དུ་གསུངས་པ་སྟེ། ཨ་ཝ་དྷཱུ་ཏཱིའོ། །དེ་ལ་གནས་པ་ནི་ཁྱིམ་དེར་གནས་པའོ། །འདིའི་དགོངས་པ་ནི་རླུང་གི་འགྲོ་བའི་ཆོས་ཅན་ཏེ། ནམ་མཁའི་ཁམས་ལ་བརྟེན་པ། འགྲོ་བ་དང་འོང་བ་ལས་གྲོལ་བའི་ནམ་མཁའི་ཁམས་ལ་ཁྱེར་ཞིང་། སེམས་ཀྱི་བཞོན་པ་སྣང་བ་དང་ བཅས་པ་ཡེ་ཤེས་གསུམ་དང་ལྡན་པའི་ཐིམ་པར་འགྱུར་རོ། །དེའི་ཕྱིར་དེའི་བདག་ཉིད་བཅོམ་ལྡན་འདས་བདེ་བ་ཆེན་པོ་ལ་ཞུགས་པ་ཞེས་བརྗོད་དོ། །དེ་སྐད་དུ་ཡང་། དགོངས་པ་བླ་ན་མེད་པ་ལས། །སྣང་བ་སྣང་བ་མཆེད་པ་དང་། །སྣ་ཚོགས་འདུས་པ་འདི་དག་ནི། །སེམས་ནི་རྣམ་པ་ གསུམ་དུ་བརྗོད། །རླུང་ནི་ཕྲ་བའི་གཟུགས་ཀྱིས་ནི། །ཡེ་ཤེས་དང་ནི་འདྲེས་པར་འགྱུར། །དབང་པོ་ལམ་ནས་ཕྱུང་ནས་ནི། །ཡུལ་རྣམས་ལ་ནི་འཇུག་པར་བྱེད། །སྣང་བ་དང་ནི་མི་ལྡན་ཞིང་། །རླུང་གི་བཞོན་པའི་རྒྱུར་གྱུར་པ། །དེ་ལ་འདི་ནི་རང་བཞིན་ཀུན། །རིམ་དང་རིམ་པ་མུན་པར་འཇུག།། རླུང་ནི་གང་དང་གང་གནས་པ། །དེ་དང་དེར་ནི་དེ་བཞིན་རྒྱུ། །ཇི་སྲིད་རླུང་ནི་མི་རྒྱུ་བ། །སྣང་བ་བརྟན་པར་མི་འགྱུར་རོ། །དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་ཇི་ལྟར་འགྱུར་ཞེ་ན། རི་བོ་མཆོག་རབ་དག་གི་ཕུག་ཟབ་མོར། །ཞེས་གསུངས་ཏེ། མཆོག་ནི་ཕུལ་དུ་བྱུང་བའི་ངོ་བོའི་ རི་བོ་སྟེ། རབ་ནི་སྒལ་ཚིགས་ཀྱི་བདག་ཉིད་དོ། །དེ་ལྟར་ཡང་དཔལ་ཁ་སྦྱོར་ཐིག་ལེ་ལས། རྐང་པའི་མཐིལ་དུ་རླུང་གནས་པ། །རླུང་ནི་གཞུ་ཡི་དབྱིབས་ཅན་ནོ། །མདོམས་ཀྱི་སུམ་མདོར་གནས་པ་ནི། །དེ་བཞིན་གྲུ་གསུམ་དམར་པོའོ། །ཟླུམ་པོའི་གཟུགས་ཀྱི་ངོ་བོ་ཉིད། །ཆུ་ནི་ལྟོ་བར་གནས་པའོ། ། སྙིང་ག་རུ་ནི་ས་ཉིད་ཀྱང་། །ཀུན་དུ་གྲུ་བཞིར་གནས་པའོ། །སྒལ་ཚིགས་དབྱུག་པའི་ངོ་བོ་ནི། །དེ་བཞིན་རི་རྒྱལ་ལྷུན་པོའོ། །དེ་ཡི་ཕུག་ནི་རི་ཕུག་གོ། །དེ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་ཡུལ་མ་ཡིན་པས་ཟབ་པའོ། །དེས་ཅིར་འགྱུར་ཞེ་ན། འགྲོ་བ་མ་ལུས་པ་ནི་འཆིང་བར་འགྱུར་ཏེ། འགྲོ་བ་མ་ ལུས་པ་ཉིད་འཆིང་བར་འགྱུར་བ་ནི་ཉམས་པ་སྟེ། དེ་ལ་སྟེང་དུ་སྤྱི་བོའི་བར་དུ་དབང་པོ་གཉིས་ཀྱིས་སྦྱོར་བའི་བདེ་བའི་མངོན་པའི་ང་རྒྱལ་གྱི་བྱང་ཆུབ་སེམས་མེད་པའི་ཕྱིར་རོ། །འོན་ཏེ་འགྲོ་བ་ཐམས་ཅད་འདི་ཡིས་བཅིང་བར་ཅིས་ཤེས་ཤེ་ན། དྲི་མ་མེད་པའི་ཆུ་ནི་སྐམས་གྱུར་ཏེ། །ཞེས་བྱ་བ་ གསུངས་ཏེ། དྲི་མ་མེད་པའི་དོན་དམ་པའི་རང་བཞིན་ནོ། །ཞུ་བ་ནི་ཀུན་རྫོབ་ཀུནྡ་ལྟ་བུ་སྟེ། དྲི་མ་མེད་པའི་ཆུ་བདེན་པ་གཉིས་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་གང་ཡིན་པ་སྐམས་པར་འགྱུར་ཏེ་འོག་ཏུ་ལྟུང་བའོ། །གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་འགྲོ་བའི་ངོ་བོ་ཉིད་དུ་འགྱུར་རོ། །གང་གི་ཚེ་འོག་ ཏུ་ལྟུང་བ་དེའི་ཚེ་ཉམས་པར་འགྱུར་བའོ། །དེ་ལྟར་ཡང་དཔལ་དང་པོའི་སངས་རྒྱས་ལས། ལུས་ཅན་ཐམས་ཅད་འཆི་དུས་སུ། །འོག་ཏུ་ཟླ་བ་བདུད་རྩི་འཛག །རྣམ་ཤེས་རང་བཞིན་མཚན་ཉིད་དང་། །ཉི་ཁྲག་རཱ་ཧུ་སྟེང་དུ་འགྲོ། །དེས་ཅིས་འགྱུར་ཞེ་ན། དུས་ཀྱི་མེ་ནི་རབ་ཏུ་ཞུ་གྱུར་ན། ། ཞེས་གསུངས་ཏེ། དུས་ཀྱི་མེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཕྱིར་འབྱུང་བའི་གནས་སྐབས་ཏེ། ནག་པོའི་ཕྱོགས་ཀྱི་མཚན་ཉིད་དེ། །འཆི་བའི་དུས་ཀྱིས་ཞེས་བྱའོ། །དེ་ལྟར་ཡང་དཔལ་དང་པོའི་སངས་རྒྱས་ལས། ལྷུང་ན་ཆགས་དང་བྲལ་གྱུར་ཏེ། །ཆགས་བྲལ་ལས་ནི་སྡུག་བསྔལ་ བསྐྱེད། །སྡུག་བསྔལ་གྱིས་ནི་ཁམས་ཟད་དེ། །ཁམས་ཟད་པས་ནི་འཆི་བར་འགྱུར། །འཆི་བ་ལས་ནི་ཡང་སྲིད་འབྱུང་། །དེ་ལྟར་འདོད་ཆགས་བྲལ་བས་བྱུང་། །གཞན་དུ་སེམས་ཅན་མི་སྲིད་དོ། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །སེམས་བྱུང་འདོད་ཆགས་སྤང་བར་བྱ། ། རྣལ་མ་འབྱུང་མེད་བདེ་བ་ཡིས། །འཁོར་བའི་འཆིང་བ་ལས་གྲོལ་འགྱུར། །ཞེས་གསུངས་སོ། །ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་འབྱུང་བར་འགྱུར་ཞེ་ན། ས་འཛིན་དག་ལས་འདི་ནི་གཟུང་དཀའ་སྟེ། །ཞེས་གསུངས་ཏེ། གཟུང་དཀའ་བ་ནི་སྦྱོར་བའི་ཡན་ལག་དྲུག་གིས་རླུང་གཟུང་ཞིང་བྱང་ ཆུབ་སེམས་གཟུང་དགོས་པ་སྟེ། དེ་ལ་འདིར་གཟུང་དཀའ་བའོ། །ས་འཛིན་རི་རབ་དང་འདྲ་སྟེ་མི་གཡོ་བའོ། །དེ་ཉིད་ཀྱི་ཕྱིར་མཉམ་པ་དང་མི་མཉམ་པ་སྟེ་ཞེས་སྨོས་ཏེ། སྡུད་པ་དང་འབྱུང་བའོ། །དེ་ལ་མཉམ་པའི་འཕོ་བའི་རིམ་པས་རྒྱུ་བ་ནི་ཉི་མ་རྒྱུ་བ་གཡས་པའི་སྣ་བུག་གོ། །མི་ མཉམ་པའི་འཕོ་བ་ནི་རིམ་པ་མ་ཡིན་པས་རྒྱུ་བས་ན། མི་མཉམ་པ་སྟེ་ཟླ་བ་རླུང་རྒྱུ་བས་ན་སྣ་བུག་གཡོན་པའོ། །མཉམ་པ་དང་མི་མཉམ་པ་གཉིས་དང་ལྡན་པའི་ཡིད་ཀྱིས་སེམས་ཀྱི་ཁམས་ལ་ལྟ་བ་ནི་ཡོངས་སུ་སྒྲོལ་བ་སྟེ། དེ་ལྟ་བུའི་ཤེས་པའི་དོན་ཏོ། །དེ་ལྟར་གྱུར་པའི་ཡིད་ཀྱིས་གལ་ཏེ་མི་ ཤེས་ན་ཟླ་བ་དང་ཉི་མ་མི་མཉམ་པ་དང་མཉམ་པར་རྒྱུ་བ་ནི། སེམས་ཅན་གྱི་རྣམ་པར་ཤེས་པའི་ཁམས་ནི་གྲོལ་བར་མི་ནུས་པ་དེ་སྤྱི་གཙུག་བར་དུ་འགྲོ་བར་མི་ནུས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། ནག་པོ་དག་གིས་གསུངས་ཞེས་སྨོས་ཏེ། ནག་པོ་རྡོ་རྗེས་འདོད་ཆགས་དང་བྲལ་བའི་གནས་ སྐབས་སྤངས་པའི་བདེ་བས་ཡེ་ཤེས་ཀྱི་མིག་གིས་མཚོན་པར་བྱས་པས་ན་མཚོན་པར་དཀའ་བ་སྟེ། ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་དང་། རྣམ་པ་ཐམས་ཅད་ཀྱིས་མཉམ་པ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཉེ་བར་རྟོགས་ཤིང་ཉམས་སུ་མྱོང་བ་དེའི་ཕྱིར་རྟོགས་པར་དཀའ་བའོ། །དེ་ལ་འདི་ལྟ་བུར་གྱུར་ པ་ཅིས་རྟོགས་ཤེ་ན། གང་གིས་ཡིད་ཀྱི་རིན་ཆེན་རྟོགས། །ཞེས་གསུངས་སོ། །གང་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ལས་ཡིད་ཀྱི་ཉེ་བར་དམིགས་ཤིང་ཇི་ལྟ་བ་བཞིན་དུ་འགྱུར་བའི་བདག་ཉིད་དགའ་བ་སྟེ། བླ་ན་མེད་པའི་བདེ་བ་འཕེལ་བར་བྱེད་པའི་ཕྱིར། རིན་ཆེན་ནི་ཡིད་ཀྱི་རིན་པོ་ཆེ་སྟེ། སངས་ རྒྱས་ཀྱི་གཟུགས་བརྙན་ནོ། །དེ་ལྟར་ཡང་དཔལ་གསང་བ་འདུས་པ་ལས། བྷ་གར་ལིངྒ་བཅུག་ནས་ནི། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཁམས་གསུམ་མ་ལུས་པ་རྣམས་ནི། །སངས་རྒྱས་གཟུགས་བརྙན་དག་ཏུ་བསྒོམ། །སྟོང་ཉིད་གཟུགས་བརྙན་རྒྱུ་ཡིན་པས། །འབྲས་ བུ་མི་འགྱུར་བདེ་བའོ། །དེ་ཉིད་ཀྱི་ཕྱིར་ལྷན་ཅིག་སྐྱེས་པ་སྤྲོ་ཞེས་གསུངས་ཏེ། ཉི་མ་རེ་རེ་སྐྱེས་པ་ནི་ཐམས་ཅད་སྟོང་པའོ། །འཕོ་བ་ནི་ནམ་མཁའ་དང་འཕོ་ཞིང་སྣང་བའོ། །དེ་ལྟར་ཡང་མཚན་ཡང་དག་པར་བརྗོད་པ་ལས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། ། ཞེས་གསུངས་ཏེ། དེ་ལྟར་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། བསྙེན་པའི་དུས་སུ་གཙུག་ཏོར་ཆེ། །འབད་པས་གཟུགས་བརྙན་བསྒོམ་པར་བྱ། །ཉེ་བར་བསྙེན་པའི་དུས་སུ་ནི། །གཟུགས་བརྙན་བདུད་རྩི་འཁྱིལ་པ་ཡི། །སྒྲུབ་པའི་དུས་སུ་ལྷ་ཡི་གཟུགས། །བསྒོམ་ཞིང་མི་ དམིགས་པར་བྱ་སྟེ། སྒྲུབ་པ་ཆེན་པོའི་དུས་སུ་ནི། །གཟུགས་བརྙན་སངས་རྒྱས་གཙོ་བོའི་སེམས། །ཞེས་གསུངས་སོ། །དེ་ཉིད་བསྟན་པའི་ཕྱིར་རིགས་ལྡན་ལས་ཀྱང་། དགོངས་པ་བསྟན་པ་འདི་སྐད་གཞན་གྱི་གཙུག་ཏོར་གཟུགས་བརྙན་ནི་ཁམས་གསུམ་མ་ལུས་པའི་སངས་རྒྱས་ཀྱི་ གཟུགས་བརྙན་ནམ་མཁའི་ཆོས་ཀྱི་འབྱུང་གནས་ལ་སེམས་ཀྱི་རྡོ་རྗེ་རབ་ཏུ་གཞག་པ་སྟེ། བསྙེན་པའི་དུས་སུ་སོ་སོར་སྡུད་པ་བསྒོམ་པར་བྱ་སྟེ། བསམ་གཏན་གྱིས་ནི་བརྟན་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱི་དམ་བཅའ་བ་ནི། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་ གཅིག་ཏུ་ཡོངས་སུ་བརྟག །གལ་ཏེ་ཡིད་ཆེས་མ་གྱུར་ན། །དེའི་ཚེ་ང་ཡིས་བརྫུན་སྨྲས་སོ། །ཞེས་གསུངས་ཏེ། །དེ་ཡང་ཡིད་ཆེས་པའི་དུ་བ་ལ་སོགས་པའི་རྟགས་སོ། །དེ་ལྟར་ཡིད་དུ་འོང་བའི་རིན་པོ་ཆེ་སངས་རྒྱས་ཀྱི་གཟུགས་བརྙན་རྟོགས་པ་འབྱུང་བ་དེ་ནི། ཆོས་ཀྱི་རང་བཞིན་ དག་ནི་དེ་ཡིས་ཞེས་གསུངས་ཏེ། རང་བཞིན་དག་ནི་དེ་ཡིས་ཤེས་པ་ནི། །དེ་གཅིག་པུ་ཆོས་ཀྱི་རང་བཞིན་མངོན་པར་རྟོགས་པའོ། །གཞན་ལ་བཟླས་སུ་ཟིན་ཀྱང་ཅི་ལ་གོ། །ཞེས་པ་ནི། གཞན་ནི་དབང་པོའི་བདེ་བ་ལ་མངོན་པར་ཞེན་པའོ། །ཅི་ལ་གོ་ནི་སྨྲས་ཀྱང་མི་གོ་ཞེས་པའི་དོན་ཏོ། ། དེ་ཉིད་རྣམ་པ་གཞན་གྱིས་བསྟན་པ་ནི། རླུང་ནི་བཞོན་པའི་རྒྱུར་གྱུར་པས་སྣང་བ་གསུམ་གྱི་ངོ་བོ་ཉིད་ཀྱི་རང་བཞིན་བརྒྱ་དྲུག་ཅུའི་ངོ་བོ་ཉིད་དབང་པོའི་སྒོ་ནས་འབྱུང་བ་སྟེ། ཡུལ་རྣམས་ལ་ཉེ་བར་དམིགས་པར་འགྱུར་རོ། །ལམ་འགྲོ་རང་ཉིད་བཅིངས་པར་བྱས་པ་གང་། །ཞེས་གསུངས་ཏེ། རྣམ་པར་ ཤེས་པའི་ཁམས་འཁོར་བའི་ལམ་དུ་འགྲོ་བའོ། །ཡིད་ནི་ལྷན་ཅིག་སྐྱེས་པའི་གཟུགས་སོ། །བཅིང་བར་བྱ་བ་ནི་གང་གིས་ཡན་ལག་དྲུག་གི་སྲོག་བརྟན་པར་བྱེད་པ་ནི་བཅིངས་པའོ། །དེ་རྣལ་འབྱོར་གྱི་དབང་ཕྱུག་གིས་བྱེད་པ་དེ་ནི། ཁམས་གསུམ་མ་ལུས་སྤྲོ་ཞིང་ཡང་དེར་བསྡུ། །ཞེས་གསུངས་ ཏེ། ཁམས་གསུམ་ནི་སྐུ་དང་། གསུང་དང་། ཐུགས་ཀྱི་འཁོར་ལོའོ། །མ་ལུས་པ་ནི་སོ་སོའི་བ་སྤུའི་བུ་གའི་བར་དུ་གཉིད་སད་པའི་གནས་སྐབས་སུ་དགའ་བ་ལ་སོགས་པའི་ཁྱད་པར་གྱི་བྱང་ཆུབ་ཀྱི་སེམས་རྣམ་པར་སྤྲོས་ནས་ཡང་དེར་སྡུད་པ་སྟེ། སྟེང་དུ་སོང་ནས་བཞི་པ་ཟད་ཅིང་རྒྱུ་མཐུན་པ་ལ་ སོགས་པའི་བྱེ་བྲག་གིས། ཨ་ཝ་དྷཱུ་ཏཱིར་སྡུད་པ་སྟེ། ཆ་དང་ཐིག་ལེ་ཕྲ་མོ་ལས་འདས་ཤིང་ཐམས་ཅད་སྟོང་པ་ཉིད་ཀྱི་ཁམས་ལ་ཞུགས་ཏེ། དེས་རྡོ་རྗེ་འཛིན་པ་ཆེན་པོ་མངོན་དུ་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། བདེ་གཤེགས་ལྷ་མོ་ཁྲོ་བོའི་ཚོགས། །སྲིད་པ་ཅི་ཕྱིར་བྱེད་ཅེས་གསུངས་ཏེ། དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། ཁྲོ་བོའི་ཚོགས་ལ་སྲེད་པ་ཅིའི་ཕྱིར་བྱེད་ཅེས་བྱ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་དག་སྤངས་ལ། ལྷན་ཅིག་སྐྱེས་པའི་དུས་སུ་གནས་སོ་ཞེས་དགོངས་སོ་ཞེས་བྱ་བ་ལ་དགོངས་པ་འདི་ཡིན་ཏེ། ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་དང་། ལུས་དང་ངག་དང་ ཡིད་དང་། དཀྱིལ་འཁོར་གྱི་ལྷ་རྣམས་གདམས་ངག་གིས་བདེ་བ་ཆེན་པོ་རོ་གཅིག་པར་གྱུར་པ་དེ་ལྟར་ནའོ། །དེ་ཉིད་དཀྱིལ་འཁོར་ཆེན་པོར་གྱུར་པ་ལས། །དེ་ལ་གཞན་དུ་གྱུར་པའི་དཀྱིལ་འཁོར་མེད་དོ་ཞེས་བྱའོ། །དེ་ལྟར་ཡང་གསང་བའི་རྒྱུད་ལས། ཡན་ལག་ཀུན་བསྒོམས་ལས་འདས་ ཤིང་། །རྟོགས་དང་རྟོག་བྱེད་རྣམ་པར་སྤངས། །ཆ་དང་ཐིག་ལེ་ཡང་དག་འདས། །འདི་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །ཞེས་གསུངས་སོ། །དེ་ཉིད་གཞན་གྱི་སྒོ་ནས་དཀྱིལ་འཁོར་དུ་བསྟན་པ་ནི། གང་གིས་ལྷན་ཅིག་སྐྱེས་པ་བརྟན་བྱས་ཏེ། །ཞེས་པ་ལྷན་ཅིག་སྐྱེས་པ་ནི་ལྷན་ཅིག་འབྱུང་ བའི་ཤེས་རབ་སྟེ། བརྟན་པ་ནི་ཕྱིར་འབྱུང་བ་མེད་པར་བྱའོ། །མཉམ་པར་རོ་གཅིག་པ་ནི་དགའ་བ་བཞི་པོ་གཅིག་པས་རང་གི་ཡིད་ཀྱི་རྒྱལ་པོ་ནི་ཡན་ལག་མེད་པའི་རྡོ་རྗེའོ། །དེའི་དུས་ཉིད་དུ་ནི་འགྲུབ་པར་འགྱུར་ཞེས་གསུངས་སོ། །གྲུབ་པ་ནི་ཕྱག་རྒྱ་ཆེན་པོ་གྲུབ་པ་ སྟེ། རྡོ་རྗེ་འཆང་ཆེན་པོ་ཐོབ་བོ། །དེའི་དུས་ཉིད་དུ་དུས་མ་ཡིན་པ་རྒྱུད་ལ་གཅིག་ཅེས་བྱའོ། །དེ་སྐད་དུ་ཡང་དཔལ་བདེ་མཆོག་ལས། མཐོ་རིས་མི་ཡུལ་ས་འོག་གི། །སྐད་ཅིག་གིས་ནི་སྐུ་གཅིག་འགྱུར། །རང་དང་གཞན་དུ་རྟོག་པ་ཡིས། །སྐད་ཅིག་ཏུ་ནི་གནོད་མི་འགྱུར། །ཞེས་ གསུངས་སོ། །དེ་ཉིད་ཀྱི་ཕྱིར། རྒ་དང་འཆི་བའི་འཇིགས་པ་དག་ནི་མེད། །ཅེས་གསུངས་སོ། །ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་བསྟན་པ་ནི། མི་གཡོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་གཡོ་བ་ནི་བྱང་ཆུབ་ཀྱི་སེམས་ཕྱིར་མི་འབྱུང་བའོ། །མི་རྟོག་པ་ནི་ཉམས་སུ་མྱོང་བ་རོ་གཅིག་པས། དེ་དང་ འདི་ནི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་རོ། །འགྱུར་བ་མེད་པ་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དག་གིས་ཅི་བྱ་ཞེ་ན། དེ་དག་ལས་གྲོལ་བའི་ཕྱིར་རོ། །སྐྱེ་འཇིག་སྤངས་པ་ནི། ཟླ་བ་དང་ཉི་མ་བཀག་པའི་ཕྱིར་རོ། །མཛེས་པ་ནི་ཤིན་ཏུ་མཛེས་པ་སྟེ། བདེ་བ་ཆེན་པོ་ཡིན་པའི་ཕྱིར་རོ། །སྙིང་ པོ་ནི་འོད་གསལ་བ་ཉིད་ཀྱི་ཕྱིར་རོ། །དེང་འདིར་ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པར་བརྗོད་དེ། མྱ་ངན་ལས་འདས་པའོ་ཞེས་སྒྲས་སྨྲས་པ་ལ། ཡང་དག་པའི་མྱ་ངན་ལས་འདས་པ་ཡིན་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །དེ་ཇི་ལྟ་བུའི་ཁྱད་པར་ དང་ལྡན་ཞེ་ན། གང་ལ་སེམས་དང་སེམས་ལས་བྱུང་བ་མེད། །ཅེས་གསུངས་ཏེ། གང་ལ་ཇི་སྲིད་སེམས་ནི་རྣམ་པ་གསུམ་སྟེ། སེམས་ལས་བྱུང་བ་ནི་སེམས་ཀྱི་རང་བཞིན་བརྒྱ་དྲུག་ཅུ་དང་། ཐིག་ལེས་ཀྱང་ཅིའང་མི་བྱེད་དེ་ལྟ་བུའི་རྣམ་པར་རྟོག་པ་ཅུང་ཟད་ཀྱང་མི་འབྱུང་ངོ་ཞེས་པའི་དོན་ཏོ། །དེ་ཉིད་ བསྟན་པའི་ཕྱིར། གང་གིས་ཨེ་ཝཾ་རྣམ་པར་ཤེས་གྱུར་པ། །ཞེས་གསུངས་ཏེ། དེའི་དོན་ནི་འདི་ཡིན་ཏེ། དེ་ཡང་ཇི་སྐད་དུ། ལྷའི་དབང་པོས་ཡོངས་སུ་ཞུས་པ་ལས། ཨེ་ནི་སྟོང་པའི་རང་བཞིན་ཏེ། །ཝཾ་ནི་ཐུགས་རྗེ་ཆེན་པོར་བརྗོད། །ཐིག་ལེ་གཉིས་མེད་སྦྱོར་བའོ། །འདི་ཡི་ཟུང་འཇུག་ དྲན་པར་བྱ། །ཨེ་ནི་མ་རུ་བརྗོད་པ་སྟེ། །ཝཾ་ནི་ཕ་རུ་ཤེས་པར་བྱ། །ཐིག་ལེ་གཉིས་མེད་སྦྱོར་བར་འགྱུར། །དེ་ཡི་སྦྱོར་བ་ངོ་མཚར་ཏེ། །ཨེ་ནི་པདྨ་ཉིད་དུ་གསུངས། །ཝཾ་ནི་རྡོ་རྗེའི་རང་བཞིན་ནོ། །དེ་ལས་ཐིག་ལེའི་ས་བོན་འགྱུར། །དེ་ལས་སྲིད་གསུམ་ཡང་དག་འབྱུང་། །ཨེ་ནི་ཤེས་རབ་ཉིད་ དུ་འགྱུར། །ཝཾ་ནི་ཐབས་སུ་ཡང་དག་བརྗོད། །ཐིག་ལེ་དེ་ཉིད་མི་ཤིགས་པའོ། །དེ་ལས་ཡི་གེ་མ་ལུས་བྱུང་། །གང་གིས་ཆོས་ཀྱི་ཕྱག་རྒྱ་ནི། །ཡི་གེ་གཉིས་ནི་དེ་ཉིད་ཤེས། །དེ་ཡིས་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་འགྱུར་རོ། །འགྲོ་བ་གང་གིས་ཡི་གེ་གཉིས། ། དེ་ཉིད་མི་ཤེས་རྟག་ཏུ་འདོན། །སངས་རྒྱས་ཆོས་ལ་ཕྱིར་འབྱུང་སྟེ། །ཕྱུག་པོ་ལོངས་སྤྱོད་སྤངས་བཞིན་ནོ། །ཞེས་གསུངས་སོ། །འདིར་དེ་ལྟ་བུའི་ཨེ་ཝཾ་ཡི་གེ་ཤེས་པ་ནི་རྟོགས་པ་སྟེ། གང་གིས་ཤེས་པ་དེ་ནི་སངས་རྒྱས་རྟོགས་པའོ། །མ་ལུས་ནི་ཨེ་ཝཾ་གྱི་ཡི་གེ་སྣ་ཚོགས་ ལུས་པ་མེད་པ་སྟེ། དེ་ཉིད་སྣ་ཚོགས་གཅིག་གི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ཇི་ལྟ་བུར་གྱུར་པ་ཞེ་ན། དེ་ཉིད་ཆོས་ཀྱི་ཟ་མ་ཏོག་ཡིན་ཏེ། །ཞེས་གསུངས་ཏེ། ཆོས་རྣམས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཏེ་དགའ་བ་ལ་སོགས་པའོ། །དེ་རྣམས་ཀྱི་ཟ་མ་ཏོག་ནི་གནས་སོ། །དེ་ཉིད་བོད་ པའི་ཚིག་གོ། །དེ་ནི་རང་གི་བདག་པོའི་ཆ་ལུགས་སོ། །ཞེས་གསུངས་ཏེ། རང་གི་བདག་པོ་ནི་ཐུགས་ཀྱི་རྡོ་རྗེའོ། །ཆ་ལུགས་ནི་རྒྱན་ནོ། །དེ་ཉིད་ཀྱིས་འཁྱུད་པར་སྐྱེས་པའི་ཕྱིར་རོ། །ཡང་དེ་ཉིད་ཀྱིས་སྒྲུབ་པའི་ཐབས་མདོར་བསྟན་པ་ནི། རླུང་ནི་འགྲོ་བའི་སྒོ་རྣམས་ལའང་། །ཞེས་གསུངས་ཏེ། རླུང་འགྲོ་བའི་སྒོ་ནི་སྟེང་དང་འོག་གོ། །དམར་པོར་ནི་དེ་ལ་བརྟན་ཞིང་མི་ཕྱེད་པའོ། །ལྕགས་ནི་སྒོ་དྲུག་གི་རླུང་ཁ་སྦྱོར་དུ་བྱ་བ་སྟེ། ཟླ་བ་དང་ཉི་མའི་ལམ་བཀག་པས་དུས་ཀྱི་མེ་ཡོངས་སུ་རྫོགས་པར་བྱེད་པ་འདིའི་ལུས་ཀྱི་འཆིང་བའོ། །གལ་ཏེ་ནང་གི་མུན་པ་ནག་པོ་ལ། །ཞེས་གསུངས་ཏེ། གལ་ཏེ་ དེ་ལ་མི་ཟད་པ་ནི་མུན་པ་སྟེ་མི་གཡོ་བའི་ཏིང་ངེ་འཛིན་རླུང་བུམ་པ་ལྟ་བུའི་ངོ་བོ་ཉིད་གཞོམ་དུ་མེད་པའི་སྒྲ། ཆོས་ཀྱི་དབང་ཕྱུག་ཡིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱིས་དེའི་ཚེ་ཉིད་བདེ་བ་ཆེན་པོ་གསལ་བར་བྱེད་པའི་ཕྱིར་མར་མེའོ། །བྱེད་གྱུར་ན་ནི་དུ་བ་ལ་སོགས་པའི་རྟགས་ཀྱིས་གསལ་བར་བྱེད་པའོ། ། དེ་སྐད་དུ་ཡང་། དཔལ་གསང་བ་འདུས་པ་ལས། སེམས་ཀྱི་རྡོ་རྗེ་འགོག་པ་ལས། །མཚན་མ་ལ་སོགས་མཐོང་བར་འགྱུར། །ཞེས་གསུངས་ཏེ། འདིས་ནི་ངག་བཅིང་བའོ། །རྒྱལ་བའི་རིན་ཆེན་སྟེང་གི་ནམ་མཁར་བཞུགས། །ཞེས་གསུངས་པ་ནི། རྒྱལ་བའི་རིན་ཆེན་ནི་ གཞོམ་དུ་མེད་པའི་སྒྲ་དེ་ཉིད་དོ། །སྟེང་གི་ནམ་མཁར་བཞུགས་པ་ནི་གང་གི་ཚེ་རྟེན་དུ་གྱུར་པ་དྲུག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཐིག་ལེ་ལ་རེག་པ་སྟེ། དེ་ལ་འཁྱུད་པ་ཞེས་བྱའོ། །དེ་ལྟར་ཡང་། །མཁའ་འགྲོ་རྡོ་རྗེ་ནོར་བུ་སྟེ། སངས་རྒྱས་རྣམས་ནི་སྤྱི་བོར་གནས། །ཞེས་གསུངས་ཏེ། འདིས་ནི་ སེམས་ཀྱི་བཅིང་བའོ། །དེ་ལྟར་ཡང་དཔལ་ཁ་སྦྱོར་ཐིག་ལེ་ལས། རླུང་དང་མེ་ཡི་དཀྱིལ་འཁོར་ལས། །རྡོ་རྗེ་པདྨའི་ས་བོན་བསྐུལ། །ཐིག་ལེ་སྒྲ་ཡིས་ཡང་དག་མནན། །ཆར་རྒྱུན་འབབ་པ་དག་ཏུ་དྲན། །ཞེས་གསུངས་ཏེ། དེ་ལྟར་ཡང་། ཐིག་ལེའི་སྒྲ་དང་ཡང་དག་ལྡན། །གང་ཚེ་ རྣམ་ཀུན་འགྱུར་བ་ན། །དེ་ཚེ་འབྲས་བུ་ཞེས་བརྗོད་པར། །མཆོག་གི་རྣལ་འབྱོར་པ་ཡིས་བཤད། །ཅེས་གསུངས་སོ། །དེས་ཅིར་འགྱུར་ཞེ་ན། ཇི་སྲིད་ལོངས་སྤྱོད་པས་ཐར་སྒྲུབ་ནག་པོས་གསུངས་ཏེ་ནག་པོ་རྡོ་རྗེ་སྲིད་པ་ལ་སྤྱོད་པ་སྟེ། ཤེས་རབ་ནི་བདེ་བ་ཉམས་སུ་མྱོང་ཞིང་འདོད་ཆགས་ བྲལ་བ་ཐམས་ཅད་ལས་ལོག་པའི་ཕྱིར། ཐར་པ་ནི་ཕྱག་རྒྱ་ཆེན་པོའི་གོ་འཕང་ཐོབ་པ་སྟེ་མངོན་དུ་བྱེད་པའོ། །དེ་ལྟར་དཔལ་དང་པོའི་སངས་རྒྱས་ལས། སྲོག་ནི་དབུས་སུ་བཅུག་སྟེ་ཟླ་བ་ཉི་མ་འགྲོ་བ་གཡས་དང་གཡོན་བཅིང་བ། །བྱང་སེམས་ཕྱག་རྒྱ་འགྲོགས་པས་མཆོག་ཏུ་དགའ་བར་ འགྲོགས་ཤིང་རྡོ་རྗེ་བསླང་བར་བྱ། །ཆུ་སྐྱེས་རྡོ་རྗེ་སྒྲ་ཡི་རང་ལག་པདྨའི་རོལ་པས་བདེ་བ་ཕྱིར་གསོར་བའམ། །ས་བོན་འཆོར་བ་བདེ་བཅས་འཇིག་པ་སྤོང་བྱེད་དེ་ནི་དཔལ་ལྡན་བླ་མའི་ཞལ། །ཞེས་གསུངས་སོ། །སེམས་ཀྱི་བཅིང་པ་ཉིད་ཀྱིས་ཐམས་ཅད་འགྲུབ་པར་བསམས་ནས་ སེམས་བརྟན་པ་ཉིད་གསལ་བར་སྟོན་ཏེ། བརྟན་པའི་ཡིད་ཀྱིས་སྦྱོར་བས་ན། །ཞེས་གསུངས་ཏེ། རྡོ་རྗེ་པདྨ་སྦྱོར་བའི་སྒོ་ནས་བྱང་ཆུབ་སེམས་བརྟན་པའི་སྦྱོར་བ་བྱེད་པའོ། །དེ་གང་དུ་ཞེ་ན། ཆོས་ཀྱི་ཡི་གེའི་ནང་དུ་ནི། །ཞེས་གསུངས་ཏེ། ཆོས་ཀྱི་ཡི་གེ་ནི་གཞོམ་དུ་མེད་པ་སྟེ། བདག་མེད་པའི་ས་བོན་ཏེ། དེའི་ནང་དུ་ནི་དེ་ལ་ཞེས་པའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། སྐད་ཅིག་དེ་ལས་རླུང་ནི་འགགས་འགྱུར་ཏེ། །ཞེས་གསུངས་ཏེ། རླུང་ནི་སྲོག་གི་རླུང་སྟེ་སྐད་ཅིག་དེ་ལ་འགག་པའོ། །གཞན་ཡང་ཅི་ཞེ་ན། ཡུལ་རྣམས་ལ་ཡང་ཆགས་པ་མེད་པར་འགྲོ། །ཞེས་གསུངས་ཏེ། ཡུལ་རྣམས་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །ཉེ་བར་ལོངས་སྤྱོད་པ་ནི་མངོན་པར་ཞེན་པ་མེད་པར་འཁོར་བའི་འཆིང་བ་ལས་གྲོལ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཆོས་ཀྱི་ཡི་གེ་གང་དུ་ཤེས་པར་བྱ་ཞེ་ན། གང་ལ་མཆོག་དང་དགའ་བྲལ་དག་ཐོབ་ན། །ཞེས་གསུངས་ཏེ། མཆོག་ དང་དགའ་བྲལ་ནི་ཟླ་བ་དང་ཉི་མའོ། །དེ་གཉིས་ཀྱི་དབུས་སུ་མཐོང་བ་ནི་དེ་ལ་ཆོས་ཀྱི་ཡི་གེ་སྟེ། སྔོན་བསྟན་པའི་མཚན་ཉིད་དང་ལྡན་པ་དབུས་སུ་མཚོན་པར་བྱའོ། །གང་ལ་འདི་ལྟ་བུ་ཡི་གདམས་ངག་གསལ་གྲུབ་ན། །ཞེས་བྱ་བ་སྨོས་ཏེ། འདི་ལྟ་བུའི་གསང་སྔགས་ནི་ཚུལ་གྱིས་གདམས་ ངག་གིས་གསལ་བར་གྲུབ་སྟེ། ཡོངས་སུ་རྫོགས་པ་གྲུབ་པ་དེའི་ཚེ་ཁྱིམ་བདག་མོ་རླུང་མི་གཡོ་བར་བཅིངས་ཞེས་གསུངས་ཏེ། ཁྱིམ་བདག་མོ་རླུང་གི་སྔོན་དུ་བསྟན་པའི་མཚན་ཉིད་དང་ལྡན་པའི་མི་གཡོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདི་དེ་ལ་རྩོལ་རླུང་བཅིངས་པས་ཆོས་ཀྱི་ཡི་གེ་བདེ་བ་ ཆེན་པོའི་ངོ་བོ་རྡོ་རྗེ་ལྟ་བུའི་ངོ་བོ་ཉིད་དུ་གྱུར་པ་གང་ལ་གནས་པར་འགྱུར་ཞེ་ན། རི་བོ་མཆོག་གི་རྩེ་ཐང་སྤངས་པ་ལ། །ཞེས་གསུངས་ཏེ། རི་བོ་མཆོག་ནི་རིན་པོ་ཆེའི་རི་བོ་སྟེ། དེ་ཉིད་སྔོན་དུ་བསྟན་པའི་རི་བོའོ། །དེའི་རྩེ་མོ་སྟེ། མ་ལུས་པའི་རྒྱུ་བ་དང་། མི་རྒྱུ་བའི་བདེ་བ་ཆེན་པོ་ཉིད་གནས་ཡིན་ པའི་ཕྱིར་རོ། །ཐང་སྤངས་པ་ནི་ཡན་ལག་མཆོག་གི་ཐང་སྟེ་སྤྱི་གཙུག་སྟེ། རི་ཁྲོད་མ་ཡི་ས་དེར་གནས་བཅས་ལ། །ཞེས་པ་ནི་རི་ཁྲོད་མ་དེ་ལྟ་བུའི་བདག་ཉིད་གྲུབ་པའི་ཆོས་ཀྱི་ཡི་གེ། །བཅོམ་ལྡན་འདས་ཀྱིས་གང་གནས་བྱས་པ་དེ་དེ་ནི་གནས་བྱས་པའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། སེང་གེ་ཡིས་ ཀྱང་མཆོང་བར་མི་ནུས་ན། །ཞེས་གསུངས་ཏེ། མཆོང་མི་ནུས་པ་ནི་གཞོམ་པར་མི་ནུས་པའོ། །གང་གིས་ཤེ་ན། སེང་གེ་ནི་གདོང་པ་ལྔ་པ་སྟེ། དེ་ཉིད་དཀྱིལ་འཁོར་ལྔའི་བདག་ཉིད་ཀྱི་སྲོག་གི་རླུང་སེང་གེས་གནོན་པར་མི་ནུས་ཏེ། དྲུག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ རོ། །གླང་པོ་ཆེ་ཡིས་སྨོས་ཅི་དགོས། །ཞེས་གསུངས་ཏེ། གླང་པོ་ཆེ་ནི་ཕྱུགས་ཏེ། ཉི་མ་དང་ཟླ་བ་སྟེ། དེ་དག་གིས་ཐག་རིང་པོར་འགོམ་པ་དང་གསལ་བར་ག་ལ་ནུས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཟླ་བ་ཉི་མ་ཕྱུགས་ཆེན་པོ། །ཞེས་གསུངས་ཏེ། འདིར་དགོས་པ་ནི་ ཟླ་བ་དང་ཉི་མའི་དཀྱིལ་འཁོར་དུ་རྒྱུ་བའི་རླུང་ལ་ཞོན་པའི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱིས་ཐམས་ཅད་ལས་ཐམས་ཅད་དུ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་གནས་ཀྱང་མི་རྟོགས་པའོ། །དེ་ལྟར་ཡང་ལུས་སྐྱེས་པའི་ལུས་ལ་ངེས་པར་གང་དུ་གནས་ ཤེ་ན། འདི་ཡི་རིགས་མཆོག་དག་ཏུ་འདི་ཡི་ས་བོན་བསྟན། །ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་ཕྱེད་དང་གཉིས་ནི་རྟོགས་པར་སླ་བས་འདིར་མ་སྨོས་སོ། །གོང་དུ་ཇི་སྐད་བསྟན་པའི་ལས་ཀྱི་ཕྱག་རྒྱ་གང་དུ་མཐོང་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་མི་འགྱུར་བའི་བདེ་བ་ཆེན་པོ་རྫོགས་པས། དེ་བསྟན་པའི་ ཕྱིར། སྔགས་དང་རྒྱུད་ནི་གཅིག་ཀྱང་མི་བྱ་སྟེ། །ཞེས་གསུངས་ཏེ། གཅིག་ཀྱང་བྱ་མི་བྱ་སྟེ། གང་མི་བྱ་ཞེ་ན། སྔགས་ཀྱི་བཟླས་པ་ནི་གསང་སྔགས་ཀྱི་བཟླས་པའོ། །རྒྱུད་ནི་རྒྱུད་ཀློག་པའོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། རང་ཁྱིམ་བདག་མོ་ཞེས་གསུངས་ཏེ། རང་ཁྱིམ་བདག་མོ་ནི་ ལྷན་ཅིག་རང་སྣང་བའི་ཡེ་ཤེས་ཀྱང་ཕྱག་རྒྱ་སྟེ། བཟུང་བ་ནི་བླ་མ་དམ་པའི་གདམས་ངག་གིས་སོ། །གྲོལ་འགྱུར་ནི་ཡིད་དང་རྗེས་སུ་མཐུན་པའི་ཕྱག་རྒྱ་དང་ལྷན་ཅིག་སྐྱེས་པ་རྣམས་ཀྱིས་བྱེད་དོ་ཞེས་བྱ་བའོ། །དེ་ལྟར་ཡང་དཔལ་དུས་ཀྱི་འཁོར་ལོ་ལས། སེམས་ཀྱི་སྣང་བ་ཙམ་དུ་ཡིད་ལས་ སྐྱེས་པའི་མེ་ལོང་གཟུགས་བརྙན་ལྟ་བུ་སྟེ། །རྣལ་འབྱོར་དབང་ཕྱུག་བསྟེན་བྱ་མ་ལུས་སངས་རྒྱས་ལྔ་དང་སྲས་བཅས་རྣམས་ཀྱིས་སྟེན་དེའི་ཡེ་ཤེས་འོད་ཟེར་བསྐྱེད། །རང་གི་ལུས་དང་བཅས་པའི་བདུད་རྣམས་སྒྲིབ་པ་མ་ལུས་བསྲེག །འདོད་ཆགས་ལ་སོགས་བསྲེག་ཅིང་ལོ་གཅིག་སྦྱོར་བས་ ལུས་ལ་རོ་མཉམ་བདེ་བ་སྟེར། །ཞེས་གསུངས་ཏེ། བཅོམ་ལྡན་འདས་མ་དེ་ཉིད་ལ་མངོན་དུ་ཞེན་པའི་རྣལ་འབྱོར་པ་དེས། སྔགས་དང་རྒྱུད་ལ་འཛིན་ཅིང་ཞེན་པར་མི་བྱའོ། །འདིའི་དོན་ནི་འདི་ཡིན་ཏེ་དེ་ཉིད་གང་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཡིད་ཡིན་པར་བསྔགས་སོ། །དེ་ཉིད་དུ་འཚོགས་ པའི་རྒྱུ་ཡིན་པས་ན་སྐད་ཀྱི་དབྱིངས་ཀྱི་རྒྱལ་པོ་ཉེ་བར་འཁོར་འཛིན་པའི་ཕྱིར་རྒྱུད་དོ། །དེ་ལ་མངོན་པར་དགའ་བས་ཐམས་ཅད་བྱས་པ་ཡིན་ནོ་ཞེས་པའོ། །དེ་ལྟར་ཡང་དགྱེས་པའི་རྡོ་རྗེ་ལས། སྔགས་བཟླས་དཀའ་ཐུབ་མེད་ཅིང་དཀྱིལ་འཁོར་སྦྱིན་སྲེག་མེད། །དེ་ཉིད་སྔགས་བཟླས་དཀའ་ཐུབ་ སྦྱིན་སྲེག་དེ་ཉིད་ཡིན། །དེ་ཉིད་དཀྱིལ་འཁོར་བ་དང་དཀྱིལ་འཁོར་ཉིད། །ཅེས་གསུངས་སོ། །དེ་ཉིད་ཀྱི་དོན་གསལ་བར་བསྟན་པའི་ཕྱིར། དེ་སྲིད་ཁྱིམ་བདག་མོ་ནི་རང་ཁྱིམ་གནས་མ་འགྱུར། །ཞེས་གསུངས་སོ། །རང་གི་ཁྱིམ་ནི་ཐམས་ཅད་སྟོང་པ་ཉིད། སྡིག་སྤངས་ཀྱི་གནས་ནི་རང་གི་ཁྱིམ་མོ། ། ཕྱག་རྒྱ་ཆེན་པོ་ནི་ཁྱིམ་བདག་མོ་སྟེ། ཇི་སྲིད་དུ་གནས་པར་མ་གྱུར་པ་ནི་ཐིམ་པར་མ་གྱུར་པའོ། །དེ་སྲིད་འདོད་ཡོན་ལྔ་སྟེ། རེ་ཞིག་མངོན་པར་བྱང་ཆུབ་པ་ལྔས་སེམས་ཅན་མང་པོས་བསམ་པའི་བྱེ་བྲག་གིས་ཞལ་དང་། ཕྱག་རྒྱ་དང་ཁ་དོག་དབྱིབས་ལ་སོགས་པ་སྣ་ཚོགས་ཀྱིས་དེ་ལྟར་ཇི་ལྟར་གནས་ ཏེ་མི་གནས་སོ་ཞེས་བྱའོ། །དེ་ཡང་དཔལ་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། ལས་ཀྱི་ཕྱག་རྒྱ་མཉམ་སྦྱོར་ཞིང་། །ཡེ་ཤེས་ཕྱག་རྒྱ་སོགས་དམིགས་ནས། །ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། །འབྱུང་མེད་བདེ་བ་བདེ་འཕེལ་འགྱུར། །ཀུན་དུ་ཞལ་དང་ཕྱག་ལ་སོགས། །ཀུན་དུ་དབུ་དང་སྤྱན་ དང་གདོང་། །ཀུན་དུ་འཇིག་རྟེན་ཐོས་པར་ལྡན། །ཐམས་ཅད་ཁྱབ་ནས་གནས་པའོ། །ཞེས་གསུངས་སོ། །དེ་ཉིད་ལྷ་རྫས་ཀྱི་ཕྱག་རྒྱ་དེ་ཉིད་ཀྱི་འབྲས་བུའི་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་གདམས་ངག་ངེས་པར་བསྟན་ཅིང་ཡང་དེ་ཉིད་བསྟན་པ་ནི། བཟླས་དང་སྦྱིན་སྲེག་དཀྱིལ་འཁོར་ལས་འདི་ཡིན། ། ཞེས་གསུངས་ཏེ། ཕྱི་རོལ་དུ་གྱུར་པའི་བཟླས་པ་དང་། དཀྱིལ་འཁོར་དང་སྦྱིན་སྲེག་གི་ལས་འདིས་ནི་ཉི་མ་རེ་རེ་ཞིང་ཅིའི་ཕྱིར་གནས་ཞེས་བྱ་བ་སྟེ། སྟེང་དུ་ཁ་བལྟས་ཤིང་ཅིའི་ཕྱིར་ཀུ་རེའི་ངོ་བོ་ཉིད་འབྲས་བུ་མེད་ཅེས་བྱ་བའི་དོན་ཏོ། །འདི་རྣམས་ཅིའི་ཕྱིར་དོན་མེད་པ་ཡིན་ཞེ་ན། དེ་ལྟ་བུའི་གཞོན་ནུ་ མ་དང་རྟག་ཏུ་མ་མཇལ་ན་ཞེས་གསུངས་ཏེ། དེ་ཉིད་རྟག་ཏུ་གཞོན་ནུ་མ་ལ་འདོད་ཆགས་ཀྱི་རང་བཞིན་ཡིན་པས། དེ་ཉིད་ལྷ་རྫས་ཀྱི་ཕྱག་རྒྱ་སྟེ། དེ་ལ་དབའ་རླབས་མེད་པའི་རྟག་ཏུ་དགའ་བ་ལ་སོགས་པའི་རིམ་པ་གང་གིས་རྗེས་སུ་ཆགས་པ་སྐྱེ་བ་དེ་དབའ་རླབས་མེད་པའི་མཛའ་བས་སོ། ། ལུས་འདི་ཡིན་ཏེ་བྱང་ཆུབ་ཇི་ལྟར་འགྲུབ། །ཅེས་བྱ་བ་ནི། བྱང་ཆུབ་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། དེ་ཇི་ལྟར་འགྲུབ་ཅེ་ན། སྔོན་དུ་བསྟན་པའི་ཨེ་ཝཾ་གྱི་ཡི་གེའི་ལུས་མེད་ན་མི་འགྲུབ་ཅེས་པའི་དོན་ཏོ། །གང་གིས་རྟག་ཏུ་ལྷན་སྐྱེས་བདེ་རྟོགས་ན། །ཞེས་གསུངས་པ་ནི་གོ་སླའོ། །གང་ གིས་རིན་ཆེན་སེམས་ནི་བརྟན་བྱས་པ། །ཞེས་གསུངས་ཏེ། རབ་ཏུ་གཏུམ་པའི་གཏུམ་མོ་མེས་ཞུ་བར་བྱས་ནས། བསྐྱོད་པར་མི་ནུས་པའི་ཕྱིར་གང་གིས་བརྟན་པར་བྱས་པའི་སེམས་རིན་པོ་ཆེ་བྱང་ཆུབ་ཀྱི་སེམས་སོ། །ཅི་བྱས་ནས་ཞེས་པ་ལ། རང་གི་ཁྱིམ་བདག་མོ་བླངས་ནས་འདི་ཞེས་བྱ་བ་གསུངས་ ཏེ། རང་གི་ཁྱིམ་བདག་མོ་ནི་ལྷ་རྫས་ཀྱི་ཕྱག་རྒྱ་དེ་ཉིད་དེ། དེ་ལ་ཨེ་ཝཾ་གྱི་ཡི་གེ་དེ་ལ་བདེ་བ་ཆེན་པོའི་གཟུགས་བཟུང་ནས་དེ་ཉིད་རྡོ་རྗེ་སེམས་དཔའ་མགོན་པོ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་གཙོ་བོ་སྟེ། དེ་ཉིད་བོད་པའི་ཚིག་གོ། །མཆོག་གི་དོན་ནི་བདག་གིས་རབ་བརྗོད་ན། །བདག་ནག་པོ་རྡོ་ རྗེས་མཆོག་གི་དོན་མ་བཅོས་པ་འདི་བརྗོད་དོ་ཞེས་པ་སྟེ། དོན་འདི་ལས་གཞན་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་དཔེས་བསྟན་པའི་ཕྱིར། ཚྭ་ནི་ཆུ་ལ་ཞུགས་པ་བཞིན་དུ་ནི། །ཞེས་གསུངས་ཏེ། ཚྭ་ཆུ་ལ་ཞུགས་པ་དེ་བཞིན་དུ་ཁྱིམ་གྱི་བདག་མོ་ཡེ་ཤེས་ཀྱི་ཕྱག་རྒྱའི་རང་བཞིན་བླངས་པའོ། །སེམས་ ནི་བྱང་ཆུབ་ཀྱི་སེམས་ཏེ་རོ་གཅིག་པར་འགྱུར་རོ། །དེ་ལྟར་དཔལ་དགྱེས་པའི་རྡོ་རྗེ་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡིས་བདེ་བ་འདོད་མར་བརྗོད། །ཅེས་གསུངས་ཏེ། ཁུ་བ་དང་བདེ་བ་དེ་ཉིད་ཀྱང་རྟེན་དང་བརྟེན་པ་ངོ་བོ་ཉིད་དེ་དག་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་བརྗོད་པ་བདེ་ བ་མཉམ་ཞིང་རོ་གཅིག་པ་དེའི་སྐད་ཅིག་ལས་འགྱུར་རོ། །དེ་ལྟར་ཡང་དཔལ་དང་པོའི་སངས་རྒྱས་ལས། ཇི་སྲིད་རྟེན་དང་བརྟེན་པའི་སྦྱོར་བ་ཡིས། །དེ་སྲིད་འབྱུང་མེད་བར་དུའོ། །སེམས་ནི་འགོག་པ་ཉིད་གྱུར་ནས། །རྟེན་དང་བརྟེན་པའི་མཚན་ཉིད་མེད། །ཅེས་གསུངས་ཏེ། དེ་ལྟར་ཡང་ཁ་ སྦྱོར་ཐིག་ལེ་ལས། སྣ་ཡི་བུ་ག་གཉིས་ནས་ནི། །འཇུག་པ་བདེ་བ་དུས་ཞེས་བརྗོད། །འབྱུང་བ་བདེ་བ་དུས་ཡིན་ཏེ། །དེ་གཉིས་ཉིད་ནི་གཅིག་པར་གྲགས། །གྲོགས་མེད་དག་ནི་གཅིག་པུ་ནི། །བསམ་གྱིས་མི་ཁྱབ་དུས་ཉིད་འགྲོ། །སྲོག་དང་ཐུར་སེལ་མཉམ་གནས་དང་། །འབྱུང་དང་ འཇུག་པ་རྣམ་པར་སྤངས། །འགྲོ་དང་འོང་བ་རྣམ་གྲོལ་བ། །དུས་གཅིག་ཏུ་ནི་དེ་བརྗོད་དོ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །འདོད་ཆགས་མ་ཡིན་ཆགས་བྲལ་ལམ། །གཉིས་པོ་འདྲེས་པ་གཞོམ་དུ་མེད། །མར་ནི་མར་དུ་ཞུ་གྱུར་པ། །འདྲེས་ པར་གྱུར་པ་རྙོག་མེད་ལྟར། །དེ་བཞིན་འདོད་ཆགས་བྲལ་བ་ལྟར། །སྐད་ཅིག་ལ་ནི་རོ་གཅིག་འགྱུར། །ཞེས་གསུངས་སོ། །གང་གི་དེ་དང་རྟག་ཏུ་གནས་ན་ནི། །ཞེས་གསུངས་ཏེ། གལ་ཏེ་དེ་གཉིས་ཕན་ཚུན་དུའོ། །རྟག་ཏུ་གནས་པ་ནི་རྒྱུན་མི་འཆད་པར་དེའི་ཚེ་ཡང་འདི་ལྟར་འགྱུར་ཞེས་ པའོ། །འདིའི་དོན་ནི་དེ་ལྟར་བསྟན་པའི་ཁམས་ཀྱི་ཁུ་བ་དང་ངོ་བོ་དག་ཕན་ཚུན་རྒྱུན་མི་འཆད་པར་བྱའོ། །གལ་ཏེ་གཞན་དུ་འགྱུར་ན། ཁུ་བའི་ངོ་བོ་ཉིད་ཟླ་བའི་རང་བཞིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུའོ། །ཁྲག་གི་རང་བཞིན་ཉི་མར་སྣང་བས་སྤྲུལ་པའི་སྐུ་ནུས་པར་གནས་པའོ། །བདེ་བའི་ངོ་ བོ་ཉིད་དུ་གནས་པའི་ཁྱིམ་བདག་མོ་དང་ལྷན་ཅིག་ཏུ་བྱང་ཆུབ་ཀྱི་སེམས་འདི་གཉིས་ཀའི་སྦྱོར་བས་གོང་བུར་གྱུར་ནས་སྐྱེ་བ་དང་འཇིག་པའི་འཁོར་བའི་ལམ་ནས་འདས་ནས། རོ་གཅིག་པ་རྒྱུན་འབྱུང་བའི་དཔལ་ཧེ་རུ་ཀར་འགྱུར་རོ། །དེ་ལྟར་ཡང་དཔལ་ཁ་སྦྱོར་ཐིག་ལེ་ལས། གང་ཚེ་མགྲོན་ གནས་ཆགས་ཆེན་པོ། །ཟླ་བའི་གཟུགས་ཀྱིས་གནས་གྱུར་པས། །སངས་རྒྱས་རྣམས་ཀྱི་སྐུ་མཆོག་ཡིན། །གང་ཚེ་རྡོ་རྗེ་རྩེ་གནས་པའི། །དེ་ཚེ་ལོངས་སྤྱོད་རྫོགས་པ་ཡི། །སྐུ་ཡང་ནུས་པར་འགྱུར་བ་ཡིན། །པདྨའི་ནང་དུ་གནས་གྱུར་འདོད། །ཉུངས་ཀར་དུ་ནི་རྣམ་པར་གྲགས། ། ཉི་མའི་གཟུགས་སུ་ཡང་དག་གྲགས། །སྤྲུལ་པའི་སྐུ་རུ་བརྗོད་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །དེ་ལ་སྤྲོ་ཞིང་སྐྱེ་བ་ཡི། །པདྨ་གར་དབང་རྒྱལ་པོ་ནི། །པདྨའི་གཙོ་བོ་རུ་ནི་འགྱུར། །ཞེས་གསུངས་སོ། །དཔལ་ནག་པོ་རྡོ་རྗེའི་དོ་ཧ་མཛོད་ཀྱི་འགྲེལ་པ་པཎྜི་ཏ་ འོད་དཔག་མེད་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་ཨུ་པ་དེ་ཤཾ། བོད་སྐད་དུ། ཕྱག་རྒྱ་ཆེན་པོའི་མན་ངག །དཔལ་ལྷན་ཅིག་སྐྱེས་པ་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་གྱུར་ཀྱང་། །དཀའ་བ་སྤྱོད་ཅིང་བླ་མ་ལ་གུས་པའི། ། སྡུག་བསྔལ་བཟོད་ལྡན་བློ་ལྡན་ནཱ་རོ་པ། །སྐལ་ལྡན་ཁྱོད་ཀྱི་སྙིང་ལ་འདི་ལྟར་བྱོས། །ཀྱེ་ཧོ་འཇིག་རྟེན་ཆོས་ལ་ལེགས་ལྟོས་དང་། །རྟག་མི་ཐུབ་སྟེ་རྨི་ལམ་སྒྱུ་མ་འདྲ། །རྨི་ལམ་སྒྱུ་མ་དོན་ལ་ཡོད་མ་ཡིན། །དེས་ན་སྐྱོ་བསྐྱེད་འཇིག་རྟེན་བྱ་བ་ཐོང་། །འཁོར་གཡོག་ཆགས་སྡང་ཉེ་ འབྲེལ་ཀུན་སྤོངས་ལ། །གཅིག་པུ་ནགས་འདབ་རི་ཁྲོད་དགོན་པར་བསྒོམས། །བསྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས། །ཐོབ་མེད་ཐོབ་ན་ཕྱག་རྒྱ་ཆེན་པོ་ཐོབ། །འཁོར་བའི་ཆོས་འདིས་དོན་མེད་ཆགས་སྡང་རྒྱུ། །བྱས་ཆོས་སྙིང་པོ་མེད་པས་དོན་དམ་སྙིང་པོ་ལྟོས། །བློ་ཡི་ཆོས་ཀྱིས་བློ་འདས་ དོན་མི་མཐོང་། །བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྙེད། །བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །རང་སེམས་རྩད་ཆོད་རིག་པ་གཅེར་བུར་ཞོག །རྟོག་པ་དྲི་མའི་ཆུ་དེ་དངས་སུ་ཆུག །སྣང་བ་དགག་སྒྲུབ་མི་བྱ་རང་སོར་ཞོག །སྤོང་ལེན་མེད་ན་ཕྱག་རྒྱ་ཆེན་པོར་གྲོལ། །དཔེར་ན་ལྗོན་ཤིང་ཡལ་ག་ ལོ་འདབ་རྒྱས། །རྩ་བཅད་ཡལ་ག་ལོ་འདབ་ཁྲི་འབུམ་སྐམས། །དཔེར་ན་བསྐལ་སྟོང་བསགས་པའི་མུན་པ་ཡང་། །སྒྲོན་མེ་གཅིག་གིས་མུན་པའི་ཚོགས་རྣམས་སེལ། །དེ་བཞིན་རང་སེམས་འོད་གསལ་སྐད་ཅིག་གིས། །བསྐལ་པར་བསགས་པའི་སྡིག་སྒྲིབ་མ་ལུས་སེལ། །བློ་ དམན་སྐྱེ་བོ་དོན་ལ་མི་གནས་ན། །རླུང་གི་གནད་བཟུང་རིག་པ་གཅུད་ལ་བོར། །ལྟ་སྟངས་དང་ནི་སེམས་འཛིན་དུ་མ་ཡིས། །རིག་པ་དང་ལ་མི་གནས་བར་དུ་གཅུན། །དཔེར་ན་ནམ་མཁའི་དཀྱིལ་ནི་བརྟག་བྱས་ན། །མཐའ་དང་དབུས་སུ་འཛིན་པ་འགག་པར་འགྱུར། །དེ་བཞིན་སེམས་ཀྱིས་ སེམས་ལ་བརྟག་བྱས་ན། །རྣམ་རྟོག་ཚོར་འགག་རྟོག་མེད་གནས་གྱུར་ནས། །བླ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་མཐོང་། །དཔེར་ན་ས་རླངས་སྤྲིན་ནི་ནམ་མཁར་དེངས། །གར་ཡང་སོང་མེད་གར་ཡང་གནས་པ་མེད། །དེ་བཞིན་སེམས་ལས་བྱུང་བའི་རྟོག་ཚོགས་ཀྱང་། །རང་སེམས་ མཐོང་བས་རྟོག་པའི་དབའ་རླབས་དེངས། །དཔེར་ན་ནམ་མཁའ་ཁ་དོག་དབྱིབས་ལས་འདས། །དཀར་ནག་དག་གིས་གོས་མེད་འགྱུར་བ་མེད། །དེ་བཞིན་རང་སེམས་ཁ་དོག་དབྱིབས་ལས་འདས། །དགེ་སྡིག་དཀར་གནག་ཆོས་ཀྱིས་གོས་མི་འགྱུར། །དཔེར་ན་གསལ་དག་ཉི་ མའི་སྙིང་པོ་དེ། །བསྐལ་པ་སྟོང་གི་མུན་པས་བསྒྲིབས་མི་ནུས། །དེ་བཞིན་རང་སེམས་སྙིང་པོ་འོད་གསལ་དེ། །བསྐལ་པའི་འཁོར་བས་བསྒྲིབས་པར་མི་ནུས་སོ། །དཔེར་ན་ནམ་མཁའ་སྟོང་པར་རབ་བརྟགས་ཀྱང་། །ནམ་མཁའ་ལ་ནི་འདི་འདྲ་བརྗོད་དུ་མེད། །དེ་བཞིན་རང་སེམས་ འོད་གསལ་བརྗོད་གྱུར་ཀྱང་། །བརྗོད་པར་འདི་འདྲ་གྲུབ་ཅེས་བརྟག་གཞི་མེད། །དཔེར་ན་ནམ་མཁའ་གང་ལ་གང་གིས་བརྟེན། །དེ་བཞིན་རང་སེམས་ཕྱག་ཆེན་རྟེན་ཡུལ་མེད། །མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །བཅིངས་པ་གློད་གྱུར་གྲོལ་བར་ཐེ་ཚོམ་མེད། །དེ་ལྟར་སེམས་ཀྱི་རང་ བཞིན་ནམ་མཁའ་འདྲ། །ཆོས་རྣམས་མ་ལུས་དེ་རུ་མ་འདུས་མེད། །ལུས་ཀྱི་བྱ་བ་ཡོ་ཐོང་རྣལ་མར་ཞོག །ངག་གི་སྨྲ་བརྗོད་མ་མང་བྲག་ཅ་འདྲ། །ཡིད་ལ་མི་སེམས་ལ་བཟླའི་ཆོས་ལ་ལྟོས། །ལུས་ལ་སྙིང་པོ་མེད་པས་སྨྱུག་སྡོང་འདྲ། །སེམས་ནི་ནམ་མཁའི་དཀྱིལ་ལྟར་བསམ་ ཡུལ་འདས། །དེ་དང་བཏང་གཞག་མེད་པར་གློད་ལ་ཞོག །སེམས་ལ་གཏད་སོ་མེད་ན་ཕྱག་ཆེན་ཡིན། །དེ་ལ་གོམས་པས་བླ་མེད་བྱང་ཆུབ་འཐོབ། །དམིགས་པའི་ཡུལ་མེད་སེམས་ཀྱི་རང་བཞིན་གསལ། །བགྲོད་པའི་ལམ་མེད་སངས་རྒྱས་ལམ་སྣ་ཟིན། །བསྒོམ་མེད་གོམས་ པས་བླ་མེད་བྱང་ཆུབ་འཐོབ། །གཟུང་འཛིན་ཀུན་འདས་ལྟ་བའི་རྒྱལ་པོ་ཡིན། །ཡེངས་པ་མེད་ན་བསྒོམ་པའི་རྒྱལ་པོ་ཡིན། །བྱ་བརྩལ་མེད་ན་སྤྱོད་པའི་རྒྱལ་པོ་ཡིན། །རེ་དོགས་མེད་ན་འབྲས་བུ་མངོན་དུ་འགྱུར། །ཀུན་གཞི་སྐྱེ་མེད་བག་ཆགས་སྒྲིབ་གཡོགས་བྲལ། །མཉམ་རྗེས་མི་བྱ་ སྐྱེ་མེད་སྙིང་པོར་ཞོག །སྣང་བ་རང་སྣང་བློ་ཡི་ཆོས་རྣམས་ཟད། །མུ་མཐའ་ཡོངས་གྲོལ་ལྟ་བའི་རྒྱལ་པོ་ཡིན། །མུ་མེད་གཏིང་ཡངས་བསྒོམ་པའི་རྒྱལ་པོ་མཆོག །བྱར་མེད་རང་གནས་སྤྱོད་པའི་རྒྱལ་པོ་མཆོག །རེ་མེད་རང་གནས་འབྲས་བུའི་རྒྱལ་པོ་མཆོག །ལས་ནི་དང་པོ་གཅོང་ རོང་ཆུ་དང་འདྲ། །བར་དུ་ཆུ་བོ་གངྒཱ་དལ་བུས་འབབ། །ཐ་མ་ཆུ་བྲན་མ་བུ་ཕྲད་པ་འདྲ། །སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །འདུལ་བའི་སྡེ་སྣོད་ལ་སོགས་ཆོས་རྣམས་དང་། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ཀྱང་། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཡིད་ ལ་མི་བྱེད་ཞེ་འདོད་ཀུན་དང་བྲལ། །རང་བྱུང་རང་ཞི་ཆུ་ཡི་དབའ་རླབས་འདྲ། །ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་བསྒྲིབས། །རྟོགས་པ་བསྲུང་སྡོམ་དམ་ཚིག་དོན་ལས་ཉམས། །མི་གནས་མི་དམིགས་དོན་ལས་མི་འདའ་ན། །དམ་པ་ཉམས་ལེན་མུན་པའི་སྒྲོན་ མེ་ཡིན། །ཞེ་འདོད་ཀུན་བྲལ་མཐའ་ལ་མི་གནས་ན། །སྡེ་སྣོད་ཆོས་རྣམས་མ་ལུས་མཐོང་བར་འགྱུར། །དོན་འདིར་གཞོལ་ན་འཁོར་བའི་བཙོན་ལས་ཐར། །དོན་འདིས་མཉམ་གཞག་མ་ལུས་སྡིག་སྒྲིབ་བསྲེག །བསྟན་པའི་སྒྲོན་མེ་ཞེས་སུ་བཤད་པ་ཡིན། །དོན་འདིར་མི་མོས་ སྐྱེ་བོ་བླུན་པོ་རྣམས། །འཁོར་བའི་ཆུ་བོས་རྟག་ཏུ་ཁྱེར་བར་ཟད། །ངན་སོང་སྡུག་བསྔལ་མི་བཟོད་སྙིང་རེ་རྗེ། །སྡུག་བསྔལ་ཐར་འདོད་བླ་མ་མཁས་པ་བསྟེན། །བྱིན་རླབས་ཞུགས་པས་རང་སེམས་གྲོལ་བར་འགྱུར། །ལས་རྒྱ་བསྟེན་ན་བདེ་སྟོང་ཡེ་ཤེས་འཆར། །ཐབས་དང་ཤེས་ རབ་བྱིན་རླབས་སྙོམས་པར་ཞུགས། །དལ་བར་དབབ་ཅིང་དཀྱིལ་འཁོར་དྲང་བ་དང་། །གནས་སུ་བསྐྱལ་དང་ལུས་ལ་ཁྱབ་པར་བྱ། །དེ་ལ་ཞེན་མེད་བདེ་སྟོང་ཡེ་ཤེས་འཆར། །ཚེ་རིང་སྐྲ་དཀར་མེད་ཅིང་ཟླ་ལྟར་རྒྱས། །བཀྲག་མདངས་གསལ་ཞིང་སྟོབས་ཀྱང་སེང་གེ་ འདྲ། །ཐུན་མོང་དངོས་གྲུབ་མྱུར་ཐོབ་མཆོག་ལ་གཞོལ། །ཕྱག་རྒྱ་ཆེན་པོ་གནད་ཀྱི་གདམས་པ་འདི། །འགྲོ་བ་སྐལ་ལྡན་སྙིང་ལ་གནས་པར་ཤོག །དཔལ་ཏི་ལླི་པས་ནྭ་རོ་པ་ལ་ཆུ་བོ་གངྒཱའི་འགྲམ་དུ་གསུངས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། དྲྀཥྚི་སཾ་ ཀྵིཔྟ་ནཱ་མ། བོད་སྐད་དུ། ལྟ་བ་མདོར་བསྡུས་པ་ཞེས་བྱ་བ། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་ཉིད་སྐྱོབ་པའི་གཙོ། །འགྲོ་བའི་མགོན་ལ་ཕྱག་འཚལ་ལོ། །ལུང་དང་རིགས་པའི་རྗེས་འབྲངས་ནས། །དངོས་དོན་བསྡུས་ཏེ་གཏན་ལ་དབབ། །སྣང་ཞིང་སྲིད་ པའི་ཆོས་རྣམས་ཀུན། །རང་རིག་སེམས་ནི་གུད་ན་མེད། །སྣང་ཞིང་གསལ་བ་ཡིན་པའི་ཕྱིར། །དཔེར་ན་རང་རིག་ཉམས་མྱོང་བཞིན། །གལ་ཏེ་སེམས་དེ་མ་ཡིན་ན། །འབྲེལ་པ་མེད་ཕྱིར་མི་སྣང་ཐལ། །དེ་ལྟར་ཀུན་རྫོབ་གཏན་ལ་དབབ། །ཆོས་ཀུན་སེམས་ལ་གནས་ཞེས་གསུངས། ། ཆོས་ཀྱི་དངོས་གཞི་སེམས་ཉིད་དེ། །རིག་པ་བཞི་སོགས་ཀྱིས་དཔྱད་ཀྱང་། །དངོས་པོ་སྒྲ་ཡི་ཆ་ཙམ་མེད། །དཔེར་ན་ནམ་མཁའི་པདྨ་བཞིན། །དེ་ལྟར་ཡོད་པ་མ་གྲུབ་ཕྱིར། །མེད་པ་ཅུང་ཟད་གྲུབ་མི་འགྱུར། །ཕན་ཚུན་ལྟོས་པ་ཉིད་ཀྱི་ཕྱིར། །ཚུ་རོལ་མ་གྲུབ་ཕ་རོལ་བཞིན། །ཡོད་མེད་ གཉིས་ཀ་མ་ཡིན་ཏེ། །སོ་སོ་ཉིད་དུ་བཀག་ཕྱིར་རོ། །གཉིས་ཀ་མེད་པ་མ་ཡིན་ཏེ། །ཡོད་མེད་དངོས་སུ་འགལ་བའི་ཕྱིར། །ལུས་ཅན་ཡང་ནི་མ་ཡིན་ལ། །ལུས་ཅན་མིན་པ་མི་སྲིད་ཕྱིར། །དེས་ན་སྤྲོས་པ་ཐམས་ཅད་བྲལ། །དེ་ལྟར་དོན་དམ་གཏན་ལ་དབབ། །སེམས་ནི་ནམ་མཁའ་ ལ་གནས་གསུངས། །རང་རིག་སྤྲོས་བྲལ་དེ་ཉིད་ཀྱང་། །སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །དེ་ཕྱིར་སྣང་སྟོང་དབྱེར་མེད་དེ། །དཔེར་ན་ཆུ་ཡི་ཟླ་བ་བཞིན། །དེ་ལྟར་གཉིས་མེད་གཏན་ལ་དབབ། །ནམ་མཁའ་ཅི་ལའང་མི་གནས་གསུངས། །རང་བཞིན་སྤྲོས་བྲལ་དེ་ཉིད་ནི། །རིག་པ་ཡིན་ ཕྱིར་གསལ་བའོ། །རང་རིག་མིན་ཕྱིར་མི་རྟོག་སྟེ། །རང་རིག་རང་ལ་རྟོག་མི་སྲིད། །རྣམ་པར་རྟོག་བྱ་མིན་པའི་ཕྱིར། །སེམས་དེའི་རང་བཞིན་མི་རྟོག་ཉིད། །གསལ་བ་མི་རྟོག་ཡེ་ཤེས་ཏེ། །དཔེར་ན་བདེ་གཤེགས་ཡེ་ཤེས་བཞིན། །དེས་ན་སེམས་ཉིད་འོད་གསལ་ལ། །སེམས་ནི་ ཡེ་ཤེས་ཡིན་རྟོགས་ན། །སངས་རྒྱས་གཞན་དུ་མི་བཙལ་གསུངས། །འོན་ཀྱང་སེམས་དེ་གློ་བུར་གྱི། །རྣམ་རྟོག་དྲི་མས་ཉོན་མོངས་ཏེ། །ཆུ་དང་གསེར་དང་ནམ་མཁའ་ལྟར། །གནས་སྐབས་དག་དང་མ་དག་གཉིས། །རང་བཞིན་འོད་གསལ་སེམས་དེ་དང་། །གློ་བུར་རྣམ་རྟོག་ དྲི་མ་གཉིས། །གཅིག་གམ་ཐ་དད་གང་ཡིན་པ། །ཤིན་ཏུ་ཟབ་པ་ཆེན་པོ་ཉིད། །ཤིན་ཏུ་ཟབ་ཕྱིར་མཁས་པས་དཔྱོད། །བཤད་པ་ཡོད་ཀྱང་མ་བྲིས་སོ། །སྟོང་པ་དེ་ཉིད་རིག་པ་སེམས། །བྱང་ཆུབ་སེམས་ཀྱང་དེ་ཉིད་དོ། །སངས་རྒྱས་རིགས་ཀྱང་དེ་ཉིད་ཡིན། །བདེ་གཤེགས་ སྙིང་པོ་དེ་ཉིད་དེ། །ཇི་བཞིན་པ་ཡི་རོ་མྱང་བས། །བདེ་བ་ཆེན་པོའང་དེ་ཉིད་ཡིན། །གསང་སྔགས་ཞེས་པ་འདི་ཉིད་དོ། །ཐབས་དང་ཤེས་རབ་དེ་ཉིད་ལ། །ཟབ་དང་རྒྱ་ཆེ་དེ་ཉིད་ཡིན། །ཀུན་བཟང་ཡབ་ཡུམ་དེ་ཉིད་དོ། །ནང་སྟོང་དབྱིངས་དང་ཡེ་ཤེས་ལས། །ཡེ་སངས་རྒྱ་ཞེས་དེ་ལ་བྱ། ། དྲི་མ་དང་བཅས་རང་རིག་དེ། །དེ་ཡང་གཞན་ལ་མི་ལྟོས་ཕྱིར། །རང་བྱུང་ཡེ་ཤེས་དེ་ཉིད་དོ། །འཁོར་བའི་དངོས་གཞི་དེ་ཉིད་དེ། །མྱ་ངན་འདས་པའང་དེ་ཉིད་ཡིན། །དབུ་མ་ཆེན་མོའང་དེ་ཉིད་དོ། །མཐོང་བར་བྱ་བ་དེ་ཉིད་དོ། །བསྒོམ་པར་བྱ་བའང་དེ་ཉིད་དོ། །ཐོབ་ པར་བྱ་བའང་དེ་ཉིད་དོ། །ཚད་མའི་བདེན་པའང་དེ་ཉིད་ཡིན། །རྒྱུ་དང་ཐབས་དང་འབྲས་བུ་ཡི། །རྒྱུད་ནི་རྣམ་གསུམ་གྲགས་པ་དང་། །གཞི་ལམ་འབྲས་བུར་གྲགས་པ་དང་། །དེ་ཉིད་ཀྱི་ནི་གནས་སྐབས་སོ། །རྒྱུ་རྐྱེན་རྩ་བ་ཀུན་གཞི་དང་། །འཁོར་བ་ཇི་སྲིད་ཕུང་པོ་དང་། ། གཞན་དབང་ཤེས་པ་ལ་སོགས་གྲགས། །ཨེ་མ་ཧོ། །སེམས་ཉིད་དྲི་མ་དང་བཅས་དེ། །རྣམ་འཕྲུལ་འགྲོ་བ་དྲུག་ལ་སོགས། །ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར། །སྡུག་བསྔལ་འཁྲུལ་འཁོར་བསམ་ལས་འདས། །རྣམ་རྟོག་དྲི་མ་དང་བྲལ་བའི། །རང་རིག་ སྤྲོས་བྲལ་དེ་ཉིད་ནི། །མི་གནས་མྱ་ངན་འདས་པ་ཡིན། །རྡོ་རྗེ་སེམས་དཔའ་འང་དེ་ཉིད་ཡིན། །སངས་རྒྱས་དྲུག་པའང་དེ་ཉིད་དོ། །རིགས་དྲུག་པའང་དེ་ཉིད་དོ། །འཇམ་དཔལ་གཞོན་ནུའང་དེ་ཉིད་ཡིན། །རྣམ་པར་སྣང་མཛད་དེ་ཡིན་ཏེ། །ཆོས་ཀྱི་སྐུ་དང་བདེ་ཆེན་དང་། །ཟུང་ འཇུག་ཅེས་པ་དེ་ཉིད་དོ། །བཞི་པའི་དབང་ཡང་དེ་ཡིན་ཏེ། །ལྷན་ཅིག་སྐྱེས་དགའ་དེ་ཉིད་དོ། །རང་བཞིན་དག་པའང་དེ་ཉིད་ལ། །དེ་ལ་སོགས་པ་མདོ་རྒྱུད་ལས། །རྣམ་གྲངས་ཐ་སྙད་གྲགས་པ་རྣམས། །ཕལ་ཆེར་དེ་ལ་བརྟེན་པ་ཡིན། །ཇི་ལྟར་རིགས་པར་སྦྱར་བར་བྱ། ། ཨེ་མ་ཧོ། །སེམས་ཉིད་དྲི་མ་མེད་པ་དེའི། །རྣམ་འཕྲུལ་གཟུགས་སྐུར་བསྡུས་པ་ཡི། །ཞིང་ཁམས་རྣམ་པར་དག་པ་དང་། །དཀྱིལ་འཁོར་རྣམ་འཕྲུལ་ལ་སོགས་པ། །ངོ་མཚར་དངོས་གཞི་དེ་ཉིད་དེ། །ནམ་མཁའི་མཐའ་ཀླས་ཁྱབ་པར་སྣང་། །རང་སེམས་དེ་ལ་རྨོངས་པ་ ཡི། །ཕྱི་རོལ་མུ་སྟེགས་པ་དག་གིས། །བདག་དང་གཙོ་བོ་ལ་སོགས་ཞེས། །གྲུབ་མཐའ་ལོག་པའི་རྒྱ་མཚོར་ཞུགས། །རང་གི་སྡེ་པ་ཉན་ཐོས་དང་། །རང་རྒྱལ་སེམས་ཙམ་པ་དག་གིས། །གཟུང་འཛིན་གཉིས་སུ་འཛིན་པ་དང་། །གཉིས་མེད་ཡང་དག་ཉིད་དུ་རྟོགས། །གཞན་ ཡང་རྣམ་བདེན་རྣམ་བརྫུན་སོགས། །རྣམ་རྟོག་དྲ་བར་ཚུད་པར་འགྱུར། །དེ་ལྟར་ལྟ་བ་མ་ནོར་ན། །བསྒོམ་པ་དང་ནི་སྤྱོད་པ་དག །དངོས་དང་མཐུན་པས་བྱང་ཆུབ་ཐོབ། །དཀྱུས་བསྟན་པ་ཡི་རྟ་བཞིན་ནོ། །ལྟ་བ་དངོས་དང་མ་མཐུན་ན། །བསྒོམ་དང་སྤྱོད་པ་འཁྲུལ་འགྱུར་བས། ། འབྲས་བུ་ཇི་བཞིན་མི་འཐོབ་སྟེ། །དམུས་ལོང་དམིགས་བུ་མེད་པ་བཞིན། །དོན་དངོས་རྒྱ་མཚོ་ལྟར་ཟབ་པས། །ཁྲོན་པའི་སྦལ་འདྲ་བདག་གི་བློས། །དཔྱོད་པས་གཏིང་རྙེད་ག་ལ་འགྱུར། །ནོངས་གྱུར་མཁས་ལ་བཟོད་པར་གསོལ། །འདི་བྱས་དགེ་བ་གང་ཡིན་པས། །སྐལ་ལྡན་སྐྱེ་བོ་ དམ་པ་ཡི། །འཁྲུལ་པའི་དྲི་མ་རབ་སྤངས་ནས། །རྟོགས་པའི་ཤེས་རབ་སྐྱེ་བར་ཤོག །རྗེ་ན་རོ་པའི་ལྟ་བ་མདོར་བསྡུས་པ་ཞེས་བྱ་བ་རྫོགས་སོ།། །།ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་ཙིནྟྱ་མ་ཧཱ་མུ་དྲ་ ནཱ་མ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྐྱེ་འགག་མེད་པའི་ཆོས་ཉིད་འོད་གསལ་ནི། །སྨྲ་བསམ་བརྗོད་མེད་ཕྱག་རྒྱ་ཆེན་པོའི་ལམ། །ངོས་གཟུང་དང་བྲལ་ཡིད་ལ་མི་བྱེད་པའོ། །ཟབ་ཞི་འདུས་མ་ བྱས་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། །རྡོ་རྗེ་དབྱེར་མེད་སྐྱེ་འཇིག་བྲལ། །དྲག་པོས་ཁམས་གསུམ་འགྲོ་བ་ཐམས་ཅད་འདུལ། །མུན་ཁུང་གཏེར་ལ་སྒྲོན་མེ་ལྟར། །མ་རིག་སྦུབས་ནས་རང་རིག་གསལ། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས། །རང་བཞིན་གཉིས་སུ་མེད་པའི་ཕྱིར། ། སེམས་ཉིད་རང་བྱུང་ཡེ་ཤེས་ཏེ། །མ་འདྲེས་ཡོངས་རྫོགས་རྒྱལ་བའི་ཐུགས། །དེ་ཉིད་ཇི་བཞིན་རྟོགས་གྱུར་ན། །སངས་རྒྱས་ཞེས་ནི་དེ་ལ་བྱ། །གདོད་ནས་གནས་པའི་དཀྱིལ་འཁོར་ལ། །གྲུབ་མེད་སྤྲུལ་པའི་དཀྱིལ་འཁོར་ཤར། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ། །གདལ་ ཁྱབ་ས་ལ་འབད་པ་མེད། །ཟག་མེད་རྣམ་གྲོལ་ངང་དུ་གདབ། །རྒྱལ་བའི་དགོངས་པ་འདི་ཁོ་ན། །དཀྱིལ་འཁོར་ལ་སོགས་འཕྲོ་འདུ་རྣམས། །ཆེད་དུ་མ་བྱས་ངང་ནས་ཤར། །འོད་གསལ་ཆུ་བོའི་དབའ་རླབས་ཀྱི། །ངོ་མཚར་རྣམ་སྤྲུལ་བསམ་མི་ཁྱབ། །དེ་ཕྱིར་ཆོས་ རྣམས་སྣ་ཚོགས་ཀུན། །ཇི་བཞིན་མ་ཡིན་མ་བཅོས་བཞིན་དུ་སྣང་། །ཉོན་མོངས་ལྔ་སོགས་རང་བཞིན་རྣམས། །རྣམ་གྲོལ་ཡེ་ཤེས་ཆེན་པོར་ཤར། །དེ་ཉིད་མངོན་གྱུར་བརྟན་པ་ན། །མི་ཟད་རྒྱན་གྱི་འཁོར་ལོ་སྣང་། །གཉིས་སྣང་རྣམ་པ་མི་མངའ་བས། །རང་དོན་རང་ བཞིན་ལྷུན་གྱིས་གྲུབ། །འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །འཁོར་བའི་རྣམ་རྟོག་སྣ་ཚོགས་ལས། །རྒྱལ་བའི་སྐུ་དང་ཡེ་ཤེས་འབྱུང་། །རང་བཞིན་མ་སྐྱེས་ཡུམ་གྱི་ཀློང་། །མ་འགགས་ཤར་བ་ཡབ་ཀྱི་མཁའ། །དེ་ལྟར་གཉིས་མེད་བདེ་བ་ནི། ། རྣལ་འབྱོར་རིག་པའི་དགོངས་པ་ཡིན། །བྱ་བྱེད་རིག་པའི་རྩོལ་བ་རྣམས། །ཐབས་དང་ཤེས་རབ་གཉིས་སུ་མེད། །འཁོར་བའི་ཉོན་མོངས་དུག་གསུམ་འདི། །ལྷུན་གྲུབ་མ་བཅོས་སྐུ་གསུང་ཐུགས། །འདུས་བྱས་ཕུང་པོའི་རང་བཞིན་ནི། །ཟག་མེད་རྣམ་པར་གྲོལ་བ་དང་། །སྣ་ཚོགས་ སྣང་བའི་འཁོར་ལོ་འདི། །རང་བཞིན་སྤྱོད་པ་སྒྱུ་མའི་གྲོགས། །གསང་ཆེན་བླ་མེད་ཐེག་པ་འདི། །ཐབས་དང་ཤེས་རབ་ཕུལ་དུ་ཕྱིན། །སྣང་དང་མི་སྣང་གཉིས་སུ་མེད། །འཛིན་པ་བྲལ་བ་དེ་ཙམ་མོ། །ཇི་བཞིན་མ་བཅོས་སེམས་ཉིད་ལ། །མ་ཡེངས་བཅོས་བསླད་མེད་པར་གནས། །དེས་ན་ གསང་བའི་སྙིང་པོ་ནི། །ཚིག་གི་བརྗོད་པའི་ཡུལ་ལས་འདས། །རང་ལུས་དབེན་པའི་དགོན་པ་དེར། །ཕྱི་ནང་གསང་བའི་ཡོ་བྱད་འཛིན། །སེམས་ཉིད་རིན་ཆེན་ཟ་མ་ཏོག །ཆགས་བྲལ་ནམ་མཁའ་ལྟར་དུ་འཆར། །སྣང་བ་སྒྱུར་བྱེད་རྣལ་འབྱོར་པ། །རིན་ཆེན་མཛེས་པ་སྣ་ཚོགས་ལ། ། འཕྲུལ་དགའ་ལྟ་བུར་སྣང་བས་ན། །དོན་དུ་མི་འགྱུར་ཡོངས་མ་གསུངས། །བདག་ཉིད་ཆེན་པོ་རྒྱལ་བའི་སེམས། །རྟོགས་པར་འདོད་པ་དགད་བྲོ་ཨང་། །ཁམས་གསུམ་ཡེ་ནས་རྒྱལ་བའི་སྐུ། །འཁོར་བ་མྱང་འདས་གཉིས་སུ་མེད། །དུས་གསུམ་རྒྱལ་བ་རང་གི་སེམས། །འབད་ ཅིང་རྩོལ་བའི་ནང་དང་བྲལ། །བདེ་དང་སྡུག་བསྔལ་དབྱེར་མེད་ལ། །སྤོང་ལེན་མཚན་མ་འདོད་པ་ཅི། །དེ་ཉིད་རང་གསལ་འཛིན་པ་མེད། །འཛིན་མེད་གྲུབ་མཐའ་ལྟ་བ་བྲལ། །སེམས་ཀྱི་མེ་ལོང་དེ་གསལ་བ། །སྔགས་འཆང་དགོངས་པ་མཉམ་པ་ཉིད། །རང་ལ་གནས་ པས་གཞན་དུ་མིན། །རྒྱུན་དུ་གནས་ཀྱང་གཏིང་དཔག་དཀའ། །རྩོལ་སྒྲུབ་བྲལ་བར་ཡོངས་ལ་ཁྱབ། །དངོས་སུ་མཐོང་བ་བླ་མའི་དྲིན། །མ་སྐྱེས་སྤྲོས་བྲལ་སེམས་ཉིད་ནི། །ཁ་དོག་དབྱིབས་དང་གནས་རིག་བྲལ། །ཟབ་ཅིང་རྒྱ་ཆེ་གསལ་བར་ལྡན། །བརྟན་གཡོ་མ་ལུས་དེ་ལྟར་ བྱོས། །འགྲོ་བ་འདི་ཀུན་སངས་རྒྱས་ཏེ། །གསལ་བར་ཡོད་ཀྱང་རྟོགས་པ་མེད། །སེམས་ཉིད་ནོར་བུ་རིན་ཆེན་དེ། །སྦུབས་ན་མཁའ་ལྡིང་ཕྲུ་གུ་འདྲ། །དམ་པ་མཉེས་བྱེད་སྐྱེས་བུ་ཡིས། །བདེ་གཤེགས་དགོངས་པ་རྫོགས་པའི་དོན། །དུག་གསུམ་སྐུ་གསུང་ཐུགས་སུ་དག ། དཔའ་བོ་སེང་གེ་བཞིན་དུ་རྒྱུ། །ཐེག་ཆེན་གསང་བའི་རྣལ་འབྱོར་གྱིས། །སྤྱོད་པའི་ཁྱད་པར་ཅི་སྤྱད་ཀྱང་། །ཚོགས་བསྒྱུར་ལེན་མེད་འཛིན་དང་བྲལ། །དཀྱིལ་འཁོར་ཆེན་པོའི་གསང་བར་ཞུགས། །སྐུ་གསུང་ཡོན་ཏན་ཕྲིན་ལས་ལ། །འོད་གསལ་ཡེ་ཤེས་སྙོམས་མཛད་པ། །བདག་ གཞན་གཉིས་ཀྱི་འདོད་པ་སྒྲུབ། །ཐུགས་རྗེས་ཁམས་གསུམ་སྒྲོལ་ལ་བརྩོན། །རོལ་པའི་ཡེ་ཤེས་དགྱེས་པ་ལས། །ཐབས་ཆེན་ཟབ་མོའི་ཐེག་པ་སྤྲོ། །མི་ཟད་བསྡུ་བ་ཟུང་དུ་འཇུག །དེ་ལྟར་མཉམ་སྤྱོད་རྣལ་འབྱོར་གྱིས། །རྣལ་འབྱོར་གྱི་དབང་ཕྱུག་ཏི་ལླི་པས་གོ་རི་ཤར་བའི་རྒྱལ་པོའི་ ཁབ་ཏུ་རྣལ་འབྱོར་པ་ལ་གདམས་པ། རང་བཞིན་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཨི་ཐི།། ༄། །མཐུ་ཅན་ལ་གདམས་པ་བཞུགས། ༄༅༅། །གདུག་པ་ཚར་གཅོད་ཡེ་ཤེས་ཆེན་པོའི་ཀློང་། །རབ་འབར་འཇིགས་བྱེད་ཧེ་རུ་ཀ་ལ་འདུད། །ཐབས་དང་ལྡན་པ་རྣལ་འབྱོར་ཆེན་པོའི་ གཞུང་། །མ་ལུས་རྒྱལ་བའི་རྗེས་སུ་འཇུག་པར་བྱ། །སྡང་བའི་སེམས་ཅན་ཞི་བས་མི་འདུལ་བ། །གཉེན་པོས་ཚར་གཅོད་ཕྲིན་ལས་ཆེན་པོའི་ལུགས། །བླ་མ་ལ་སྨོད་བསྟན་ལ་སྡང་སོགས་ལ། །རང་གཞན་གྲོལ་ཕྱིར་བསྒྲལ་བའི་སྦྱོར་བ་ཙམ། །མཉམ་ཉིད་རིག་པའི་རྣལ་འབྱོར་ཆོས་ ཀུན་ནི། །རོ་གཅིག་ཞི་བས་སྡུག་བསྔལ་རྒྱུ་འབྲས་བཅད། །ཐབས་ལྡན་ལྕགས་ཀྱུས་འཁོར་ལོ་ཕུང་པོ་དགུག །ཐུགས་རྗེའི་ལྕིད་མནན་ཤེས་རབ་མཚོན་གྱིས་དྲལ། །ཆུ་ཤིང་ཁ་ཕྱེ་མ་རིག་མུན་པ་བསལ། །ཡེ་ཤེས་འོད་ཀྱིས་འབྱུང་བ་རིམ་པར་སྦྱངས། །དེ་སེམས་གསལ་བ་ཉི་ ཟླའི་གདན་སྟེངས་སུ། །ཨ་ཧཱུཾ་སྦྱོར་བས་འོད་ཀྱི་སེམས་དཔའི་ཚུལ། །འོག་མིན་གནས་སུ་ཡ་ཡིས་རབ་ཏུ་བསྐུལ། །གཉིས་མེད་རྒྱལ་བའི་སྲས་གྱུར་རྡོ་རྗེ་སེམས། །རིག་པའི་དབང་བསྐུར་གཞན་དོན་མཛད་པ་ཅན། །ངོ་མཚར་སྒྱུ་མའི་དཔེ་བྱད་རྣམས་ཀྱིས་སྦས། །ཕུང་པོ་ ལ་སོགས་འབྱུང་བ་དབང་པོ་རྣམས། །མཆོད་པའི་སྤྲིན་དུ་ཕྱོགས་བཅུ་ཁྱབ་པར་སྤྲོ། །མཉམ་དུ་སྦྱོར་བས་དེ་ཉིད་ངེས་པ་ཡི། །ཨ་ཡི་རང་བཞིན་ཐོག་མཐའ་མེད་པའི་ནང་། །ཏ་ལ་མངོན་མཚོན་བྲིས་པའི་གཟུགས་ལ་བལྟ། །ཧཱུཾ་བལྟས་ཕུར་བུས་བཏབ་བསྐོར་རྩད་ནས་བཅད། །ཕྱག་རྒྱའི་ སྙིང་པོ་བདག་པོ་དགུ་འདས་པས། །གོ་འཕང་སྟེར་བྱེད་ཆགས་པས་སྡིག་པ་སྒྲོལ། །ཐབས་དང་ཤེས་རབ་འབྲེལ་པ་གསང་བའི་ཐབས། །དཀའ་ཐུབ་ཚོགས་དང་བྲལ་བ་གྲུབ་པའི་ལམ། །ཉི་ཟླའི་རྩི་ཟིན་ཞེ་སྡང་བདེ་བར་ཐིམ། །ཉོན་མོངས་དྲན་རྟོག་ཤེས་རབ་སྣང་བར་གསལ། །གོམས་ པའི་སྦྱོར་བ་ལེགས་གཞག་བསྟན་པ་ཡིས། །རྟེན་མེད་འཛིན་པ་བྲལ་བ་ཡེ་ཤེས་ལྷ། །མཉམ་པར་སྦྱོར་བས་ཟག་མེད་བདེ་བ་ཆེ། །གཉིས་འཛིན་བུད་ཤིང་མེ་ལྟར་རང་ཚིག་འགྱུར། །དེ་ལྟར་ཤེས་པའི་སྐྱེས་བུ་འཛིན་པ་དང་། །འཕེལ་འགྲིབ་ཟག་པ་ཡོད་མེད་ལ་སོགས་པ། །འཆིང་ གྲོལ་ཁང་པར་སྣ་ཚོགས་སྣང་བ་ཀུན། །སྒྱུ་མའི་སྦྱོར་བ་རྒྱལ་བའི་མཛད་པས་གནས། །སྦྱོར་བས་གདུག་པ་མ་ལུས་བསྒྲལ་བྱ་ཞིང་། །བསྒྲལ་བས་སྐྱེ་མེད་དབྱིངས་སུ་ངེས་པར་སྦྱོར། །དངོས་པོ་དངོས་མེད་འཇིག་རྟེན་འཇིག་རྟེན་འདས། །སྤྱོད་ཡུལ་བྲལ་བས་གསང་བའི་ལམ་ མཆོག་གོ། །གནོད་སྦྱིན་སྲིན་པོའི་མཐུ་རྩལ་ངན་སོང་ལམ། །གཉིས་འཛིན་ཞེན་པས་རང་རྒྱུད་འཁོར་བ་སྟེ། །དེ་ཉིད་མེད་པར་གྲོལ་བ་སྲིན་པོའི་ལས། །ཡང་དག་དོན་ལ་གནམ་ས་ལྟ་བུར་འགྱུར། །ཐམས་ཅད་རང་བྱུང་བྱང་ཆུབ་སེམས་ཡིན་པས། །འདི་ཉིད་མ་སྐྱེས་ཕྱོགས་ རིས་ཆ་ཤས་བྲལ། །མ་དམིགས་མི་དམིགས་དམིགས་སུ་མེད་པ་ཡི། །ཕྲིན་ལས་ཆེན་པོས་མི་མཐུན་དྲི་མ་སེལ། །དགུག་དང་བཀུག་དང་འཐབ་དང་དགར་བ་དང་། །འདྲེན་དང་འཛིན་དང་འཁྱིལ་བར་བྱ་བ་སྟེ། །སྦྱངས་དང་སྤེལ་བའི་ལས་ལ་ལེགས་བརྩམས་ པས། །རྒྱུན་ཆད་མེད་པའི་བདེ་བ་ཆེན་པོར་འགྱུར། །གསང་མཆོག་ཐེག་ལ་དབྱིངས་ལ་རབ་ཏུ་རྫོགས། །ཕྱི་ནང་སྣོད་བཅུད་ཡེ་ཤེས་ཆེན་པོའི་སྐུ། །གང་གིས་དཔག་པར་མི་ནུས་བསམ་ལས་འདས། །རང་བྱུང་མཐའ་དབུས་མེད་པ་སྙིང་པོའི་གསང་། །དབང་པོ་དམན་དང་རྟོག་གེའི་ ཡུལ་མིན་ཞིང་། །གང་དུ་འཆིང་བའི་ལས་ལ་སྤྱད་པས་ཀྱང་། །དེ་ཉིད་གྲོལ་བའི་མཆོག་སྟེར་རྒྱལ་སྲས་ལམ། །འཕྲོ་འདུ་མེད་པ་རྒྱལ་བའི་དཀྱིལ་འཁོར་རོ། །རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པས། གྱད་ཀྱི་ནོར་བུའི་གྲོང་དུ་མཐུ་ཅན་ལ་གདམས་པ་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ཞེས་ བྱ་བ་ཨི་ཐི།། ༄། །གླུ་མཁན་ལ་གདམས་པ་བཞུགས། ༄༅༅། །ཀྱེ་ཧོ་སངས་རྒྱས་རྣམས་ཀྱིས་གསང་བའི་གསུང་། །མཛད་པ་རྣམ་གྲོལ་ཡེ་ཤེས་ཆེན་པོ་ལ། །དགྱེས་མཉམ་རོལ་པས་ཆོས་ཀྱི་ཕུང་པོ་རྣམས། །ཡིད་འོང་གླུ་རུ་ཐུབ་པས་བཀའ་སྩལ་ཏ། །གསང་སྔགས་ བརྡ་ཡི་ཚིག་མཐུན་བཀའ་ལུང་ཅན། །ཟབ་མོའི་སྒྲ་སྒྲོགས་རྣམ་དག་སྔགས་ཉིད་དེ། །ལུས་ཅན་གདུང་བ་སེལ་བ་བདེ་བའི་སྒྲ། །གྲག་སྟོང་གཉིས་སུ་མེད་པ་ཟུང་འཇུག་དང་། །སྣང་བ་སྐུ་ལ་སྒྲ་ཚིག་སྣ་ཚོགས་གསུང་། །མཁྱེན་པ་ཐུགས་ལ་བྱ་བ་ཡོན་ཏན་ཡིན། །མཛད་པ་ཕྲིན་ལས་ཡེ་ཤེས་ རྣམ་པ་ལྔ། །ཕྱོགས་བཅུ་དུས་གསུམ་རྒྱལ་བའི་རང་བཞིན་ནོ། །གླུ་ཡི་མཁན་པོ་མཉམ་གནས་ངོ་བོའི་སྐུ། །ཐམས་ཅད་སྤྲུལ་པས་འཕྲོ་བར་ཁྱབ་པར་གསུངས། །དེ་ཉིད་དབྱེར་མེད་ངང་དུ་འདུས་པ་ཐུགས། །རྒྱལ་བའི་གསུང་ལ་ཐ་དད་མེད་པ་ཡི། །ཨ་ཡིས་དྲངས་པ་ཚངས་པའི་ དབྱངས་ཀྱི་སྒྲ། །ངོ་བོ་སྐྱེ་མེད་བརྗོད་པའི་ཡུལ་ལས་འདས། །ང་རོ་བཅུ་དྲུག་རང་བྱུང་དགའ་བ་ཡིན། །ཤེས་རབ་ཡུམ་ཆེན་ཁོ་ནས་འདྲེན་པའོ། །གསལ་བྱེད་འདྲེན་པས་མི་འབྱུང་ཚིག་ཏུ་འབྲེལ། །ཐུབ་པའི་དགོངས་པ་ལྐོག་གྱུར་མཁྱེན་པ་གཉིས། །ཐུགས་རྗེས་སྤྲོ་ཕྱིར་གསལ་ བའི་ཚིག་ཏུ་བརྒྱུས། །དོན་ཆེན་སྟོན་པ་གླུ་ཡི་ཚིག་ཡིན་ནོ། །ཕོ་ཡིས་དྲངས་ནས་མོ་ཡི་རྒྱུན་དང་ལྡན། །གཉིས་མེད་ང་རོ་གསལ་བ་མཐོ་དང་དམའ། །སེམས་བྱུང་རྒྱུན་གཅོད་ངང་དུ་གནས་པར་བྱེད། །དེའུ་ཡི་སྒྲ་སྟེ་འདྲེན་པ་གླུ་ཡི་རྒྱན། །སྒྲ་ཡིས་ཡིད་མཚོན་ཚིག་གི་དོན་ལ་ སྦྱོར། །དགྱེས་པའི་རང་རྩལ་མི་མཐུན་ཕྱོགས་ལས་རྒྱལ། །གསང་སྔགས་བདེན་པའི་ངག་ཏུ་བྱིན་གྱིས་རློབ། །མི་དམིགས་ཐུགས་རྗེ་མཉམ་པའི་དབྱིངས་ལས་བྱུང་། །ཡེ་ཤེས་ཆེན་པོ་སྒྱུ་མར་རང་སྣང་བས། །ཟག་མེད་སྙན་པའི་ང་རོ་བསོད་ནམས་ཚོགས། །གསང་ བའི་དབྱིངས་ལས་རབ་ཏུ་འཕྲོས་གྱུར་པ། །དཀྱིལ་འཁོར་མཐའ་ཡས་རྣམས་ལ་རོལ་པས་དབུལ། །དབང་པོ་ཡུལ་དུས་རགས་བའི་ཚོགས་རྣམས་དང་། །འབྱུང་བ་ཤེས་རབ་བྱང་ཆུབ་རྡོ་རྗེ་སྟེ། །ལྷག་པའི་ཡེ་ཤེས་དེ་བཞིན་ཉིད་མཆོག་ལ། །སྐལ་པ་མཉམ་པའི་མཉེས་པ་ཆེན་པོའོ། ། དེ་ལྟར་གླུ་ཡིས་འཇིག་རྟེན་གདུང་སེལ་ཅིང་། །འཇིག་རྟེན་འདས་པ་མཉེས་པའི་མཆོད་པ་སྟེ། །དོན་དུ་ངེས་པ་དག་གི་རིག་བྱེད་ཅན། །མཁྱེན་པའི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ། །སྡུག་བསྔལ་བདེ་བར་སྦྱར་བས་མཐུ་སྟོབས་ཅན། །ཉོན་མོངས་རྣམ་གྲོལ་ཡེ་ཤེས་ཆེན་པོའི་ ལམ། །ལས་ལས་ཡེ་ཤེས་འབྱུང་བས་འཛིན་པ་མེད། །ངེས་པར་སྦྱོར་བས་རྡོ་རྗེའི་ཚིག་གི་གླུ། །རང་བཞིན་གཉིས་མེད་དགོངས་པ་མཐའ་ཡས་སྟོན། །དེ་ཡི་རྒྱུ་ཉིད་དོན་དམ་བློ་ལས་འདས། །འབྲས་བུ་རོལ་པའི་དཀྱིལ་ལས་རྔམ་པའི་གདངས། །མི་དམིགས་ཐུགས་རྗེའི་ རྩལ་དུ་རང་ཤར་རོ། །ཆོས་རྣམས་མ་ལུས་སེམས་སུ་འདུས་པ་སྟེ། །སེམས་ལས་མ་གཏོགས་ཤེས་བྱ་གཞན་མེད་པས། །སེམས་ཀྱི་རང་བཞིན་ཡེ་ནས་རྒྱལ་བའི་ཐུགས། །འཕོ་འགྱུར་མེད་པས་འཕེལ་འགྲིབ་གོལ་ས་ཆོད། །རང་བྱུང་དགའ་བས་འགྲོ་བའི་གདུང་བ་སེལ། ། དངས་མ་རྩེར་ཕྱིན་མཁྱེན་པ་བསམ་མི་ཁྱབ། །སྐྱེ་དགུའི་བདག་པོ་ཚངས་པའི་རྩེ་མོའི་བར། །སྐྱོང་བའི་གླུ་མཁན་ཏིལླི་པ་ཡིན་ནོ། །ཀྱེ། །ཡོན་ཏན་སྒྱུ་མ་ཡིན་པས་སྐྱོན་ལ་དངོས་མ་གྲུབ། །གནས་ལ་ངེས་པ་མེད་པས་འཕོ་འགྱུར་ཉམ་མི་ང་། །སེམས་ལ་སྐྱེ་ཤི་མེད་དེ་འོད་ གསལ་ངང་། །དྲན་རིག་སྣ་ཚོགས་ཡེ་ཤེས་རོལ་པའི་རྩལ། །དེ་ལྟར་ཤེས་པས་སྤང་བླང་འཛིན་པ་མེད། །རིག་པའི་ངོ་བོ་མཉམ་ལས་མ་གཡོས་པར། །དུར་ཁྲོད་ཆེན་པོར་སྨྱོན་པའི་སྤྱོད་པ་གྱིས། །རྣལ་འབྱོར་རྣམས་ལ་ང་ཡིས་ལུང་བསྟན་ནོ། །རྣལ་འབྱོར་གྱི་དབང་ཕྱུག་ ཏིལླི་པས། འདུས་པ་རིན་པོ་ཆེའི་ཚོང་དུས་སུ་གླུ་མཁན་ལ་གདམས་པ་རོལ་མོ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཨི་ཐི།། ༄། །མུ་སྟེགས་ལ་གདམས་པ་བཞུགས།། ༄༅༅། །ཨ་ཨི་རྣལ་འབྱོར་ཆེན་པོ་ཀྱེ། །གཉིས་སུ་མེད་པའི་བདེ་བ་ནི། །རང་བྱུང་རྩོལ་བ་ བྲལ་བ་སྟེ། །བསམ་གྱིས་མི་ཁྱབ་ངོ་མཚར་ཆེ། །ཐབས་ཆེན་རྣམ་གཉིས་མ་བསྟན་པར། །དེ་ཉིད་རྟོགས་པ་མེད་པ་སྟེ། །སེམས་ཉིད་ནོར་བུ་རིན་ཆེན་ལ། །འདོད་པ་མེད་པའི་ཚུལ་གྱིས་རྟོགས། །ཤེས་རབ་ལྷུན་གྱིས་གྲུབ་པ་ཡི། །ཡེ་ཤེས་ཆེན་པོ་བསམ་མི་ཁྱབ། ། གཉིས་མེད་ལམ་གྱི་འཇུག་པ་དང་། །ཟུང་འཇུག་ཆེན་པོ་རྒྱལ་བའི་ཐུགས། །སྒྲིབ་མེད་ཉི་མ་གསལ་བ་ཡིས། །དངོས་པོ་མ་ལུས་སྣང་བར་བྱེད། །དོན་དམ་ཡེ་ཤེས་ཆེན་པོ་ལ། །ཀུན་རྫོབ་རྒྱལ་བའི་དཀྱིལ་འཁོར་ཤར། །མཉམ་ཉིད་སེམས་ལ་གོམས་པ་ནི། །སྐྱེས་བུ་ སེང་གེ་ལྟ་བུར་བརྗིད། །པདྨ་འདམ་གྱི་ཉེས་དང་བྲལ། །མི་དབང་མ་ཡི་ལྟོ་ན་གནས། །སེལ་མེད་ཤེས་པ་མ་བཅོས་པ། །གསང་བའི་དཀྱིལ་འཁོར་ཆེན་པོ་ཡིན། །གཉེན་པོས་བཅོས་དང་དགག་པ་མེད། །རང་ལུགས་ཡེ་ཤེས་ཆེན་པོར་གསལ། །མཉམ་པའི་གདེང་དང་ ལྡན་པ་ཡིས། །དཔའ་བོ་མི་མཐུན་གཡུལ་ལས་རྒྱལ། །དེ་ལྟར་བརྟུལ་ཞུགས་སྤྱོད་པ་ཡིས། །རྣལ་འབྱོར་ཆེ་ལ་གནས་པར་བྱ། །རྨ་བྱ་དུག་གིས་མཛེས་པ་ལྟར། །དཔའ་བོ་ཉོན་མོངས་རྒྱན་དུ་འགྱུར། །རྒྱལ་བ་གཤེགས་ཡུལ་ཕྲིན་ལས་བཞི། །དེ་བཞིན་རྣལ་འབྱོར་ པས་ཤེས་མཛོད། །འཛིན་མེད་ཡེ་ཤེས་ཆེན་པོའི་མེས། །རྟོག་པའི་བག་ཆགས་སྲེག་པར་བྱེད། །སྒྲིབ་བྲལ་བྱང་ཆུབ་སེམས་ལ་ནི། །དྲི་མས་ནམ་ཡང་གོས་པ་མེད། །རིན་ཐང་མེད་པའི་ནོར་བུ་དེ། །བསོད་ནམས་ཕུན་ཚོགས་དག་ལ་མངའ། །ལྡན་མིན་སེམས་ཀྱི་ གཏེར་མཛོད་དེ། །བླ་མའི་དྲིན་ཐོབ་རྣམས་ལ་གསལ། །རིག་བྱེད་སེམས་ཀྱི་རྣམ་པ་ནི། །མན་ངག་རིམ་པས་ཐག་བཅད་དེ། །རང་བཞིན་དེ་ལྟར་ཡིད་ཆེས་པས། །རྣམ་པར་མི་རྟོག་དོན་དམ་མོ། །ཆོས་རྣམས་ནམ་མཁའ་མཚོན་པ་སྟེ། །ངོ་བོ་སེམས་ཀྱི་ཡུལ་ལས་ འདས། །སྨིག་རྒྱུའི་རྒྱུ་ཡང་ནམ་མཁའ་ལ། །སྣ་ཚོགས་སྣང་བ་དེ་ལྟར་བྱོས། །ཐེག་མཆོག་ཡངས་པ་ཟབ་མོའི་ལམ། །དམིགས་མེད་སྤྲོས་པ་ཀུན་ལས་འདས། །ཆོས་ཀྱི་དབྱིངས་སུ་མཉམ་པ་ཡི། །དེ་ཉིད་དོན་ཆེན་བློ་ལ་འཆར། །ཡོད་མེད་སེམས་ཀྱི་ ཡུལ་ལས་འདས། །རེ་དོགས་འཛིན་པ་མཐའ་ནས་སངས། །ཆོས་རྣམས་དུ་མ་རོ་གཅིག་ཕྱིར། །སྒོམ་དང་མི་སྒོམ་རྩོལ་བ་བྲལ། །སེམས་ཉིད་ཡེ་ནས་སངས་རྒྱས་པས། །ཆོས་ཉིད་གཞན་དུ་བསྒོམ་མི་དགོས། །ཡིན་པར་ཤེས་པ་བློ་ཐག་ཆོད། །སྤངས་ཐོབ་ཡོན་ཏན་དེ་ཙམ་ མོ། །རྣམ་པར་རྟོག་དང་མི་རྟོག་ཀྱང་། །རང་བཞིན་ཤེས་པས་ཡོངས་མི་ཉམས། །ངོ་བོ་ཉིད་ཀྱིས་མ་སྐྱེས་པས། །རྗེས་མེད་བྱ་ལམ་བཅོས་སུ་མེད། །མི་མཐུན་གཉེན་པོ་དབྱེར་མེད་པ། །དེ་ཤེས་འབད་པའི་བློ་དང་བྲལ། །མཉམ་གཞག་ཆེན་པོའི་དགོངས་པ་སྟེ། །གང་ ལ་དེ་ཡོད་རིག་པ་ཅན། །གཅེར་བུ་རལ་པའི་གཙུག་ཕུད་ཅན། །ལས་ཀྱིས་འཕངས་པའི་རྫུ་འཕྲུལ་གྱིས། །འཇིག་རྟེན་ས་ལ་མི་དོར་ཞིང་། །དེ་ཉིད་ཡེ་ཤེས་མཐོང་བ་མེད། །ཀུན་གཞི་རྣམ་དག་དཀར་པོ་ལ། །སྣང་བ་སྣ་ཚོགས་རི་མོ་བཀྲ། །ཇི་སྲིད་ནམ་མཁའི་མཐའ་ ཡི་བར། །ཤེས་རབ་སྤྲུལ་པ་བསམ་མི་ཁྱབ། །སྤྲུལ་ཙམ་ཉིད་ན་མ་ངེས་ཏེ། །མཉམ་ཉིད་རྒྱལ་པོའི་ངང་ལ་གནས། །དབང་བསྒྱུར་ཡེ་ཤེས་ཆེན་པོ་སྟེ། །དེ་ཉིད་གཞན་མིན་བདག་པོ་ཉིད། །སྒྲ་ཚད་ལུང་གི་མཚོན་ཆ་ཡང་། །སྐྱེ་མེད་རང་བྱུང་ངང་ནས་ཤར། །ཚངས་ པ་དབང་ཕྱུག་ལ་སོགས་ཀྱང་། །ཡི་གེ་ཤེས་པར་མ་མཐོང་ངོ་། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །རྩོལ་བས་རིང་དུ་སྤོང་གྱུར་པས། །རྩོལ་མེད་བླ་མའི་ཞལ་ལས་ནི། །ལེགས་ཉེས་རིང་ཐང་བྲལ་བ་ལྟོས། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཏིལླི་པས། རྒྱལ་པོ་སེང་ གྲགས་སེང་གེའི་སྒོ་དྲུང་དུ་མུ་སྟེགས་པ་ལ་གདམས་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཨི་ཐི།། ༄། །ཤན་པ་ལ་གདམས་པ་བཞུགས། ༄༅༅། །ཨེ་མ་སངས་རྒྱས་ཨེ་མ་ཆོས། །ཨེ་མ་གཏུམ་པོ་མཛད་པ་ལེགས། །ཨེ་མ་གསོད་པ་ཤིན་ཏུ་ ཟབ། །ཨ་ཨ་སྡུག་བསྔལ་གནས་ནས་བསྒྲལ། །རྡོ་རྗེ་རིགས་ཀྱི་དམ་ཚིག་སྟེ། །གསལ་ཞིང་དངས་པ་ཐུགས་ཀྱི་རིགས། །རྣོ་ཞིང་རྩུབ་པས་འབིགས་པ་ཡང་། །གང་ལ་བསྣུན་པས་འཇོམས་པར་བྱེད། །མ་སྐྱེས་རྡོ་རྗེ་ཡེ་ཤེས་ཀྱང་། །རྣོ་ཞིང་འབིགས་པའི་རང་བཞིན་ ཏེ། །བསད་ཅིང་ཕྲིན་ལས་དྲག་པོ་ཡིས། །གདུག་པ་མ་ལུས་ཞི་བར་མཛོད། །བརྩེ་ཞིང་མཁས་པའི་རྣལ་འབྱོར་པས། །ཅི་ནུས་བསད་པའི་སྦྱོར་བ་བརྩམ། །ངན་སོང་གསུམ་དུ་བཀའ་སྩལ་དང་། །བསྒྲལ་བའི་གནས་ལྔར་གྲགས་པ་དང་། །སྙིང་རྗེའི་ཡུལ་ནི་རྣམ་པ་གཉིས། ། ལས་དང་དགེ་བས་བསྡུས་པའོ། །རང་བཞིན་ཡེ་ནས་རྣམ་དག་ཀྱང་། །མ་རྟོགས་ཉོན་མོངས་དབང་གིས་ནི། །ཁམས་གསུམ་སྡུག་བསྔལ་མྱོང་འགྱུར་ལ། །བསད་པས་ཐར་བར་བྱ་ཕྱིར་རོ། །དེ་ཡི་རིག་པ་འོག་མིན་ནམ། །སངས་རྒྱས་ཞིང་ལས་མི་ལྡོག་པའི། །གནས་སུ་ངེས་ པར་བྱས་པས་ནི། །ཡོན་ཏན་ལྡན་པའི་གནས་སུའོ། །ཆོས་རྣམས་ཅི་ཡང་མིན་པ་ལས། །སྙིང་རྗེས་བསད་པར་དམ་བཅས་ནས། །ཆོས་ཀུན་འཛིན་པའི་ཤེས་རབ་ཀྱིས། །ཇི་ལྟར་རྟོགས་ཤིང་གོམས་པ་ལས། །ཡིག་འབྲུ་འོད་ཟེར་སྣ་ཚོགས་ཀྱིས། །སྒྲིབ་པ་སྦྱང་ཞིང་གོ་འཕང་ བསྒྲོད། །སྔགས་དང་ཕྱག་རྒྱ་ལྡན་པ་ཡིས། །རྒྱལ་བའི་ཐུགས་རྗེས་གསད་པར་བྱ། །དེ་ཡིས་ཆོས་ཀུན་དོན་གཅིག་ཅིང་། །དེ་རྩལ་སྒྲིབ་པའི་བག་ཆགས་ཆོམས། །ཤེས་རབ་ཏིང་འཛིན་དམ་ཚིག་ཉེ། །སྐྱེ་འགྱུར་དོགས་པ་མེད་པས་བསད། །དེ་བསད་མཆོད་པའི་ཁྱད་པར་ གྱིས། །རྡོ་རྗེ་མཁའ་འགྲོ་ལ་སོགས་མཉེས། །དེ་འོང་སེམས་ཅན་དོན་བྱ་སྟེ། །སྡུག་བསྔལ་གནས་བསྒྲལ་བསོད་ནམས་ཚོགས། །རང་སེམས་ཁྱད་པར་དམ་ཚིག་ཉེ། །བདག་དོན་ཕུན་སུམ་ཚོགས་པའོ། །ངན་འགྲོ་རྣམས་ཀྱི་སྒྲིབ་པ་སྦྱངས། །བསད་པས་བྱང་ཆུབ་ལམ་ལ་ བཀོད། །གཞན་དོན་ལྷུན་གྱིས་གྲུབ་པའོ། །དེ་ལྟར་ཤེས་རབ་ཆེན་པོ་ཡིས། །དངོས་འཛིན་རྡུལ་ཙམ་མ་དམིགས་ལ། །ཐབས་སུ་མ་གྱུར་གང་ཡང་མེད། །མཉམ་པར་ཤེས་ནས་ཅི་དགའ་གྱིས། །ངང་ལས་མ་གཡོས་སྙིང་རྗེ་ཡིས། །སྣ་ཚོགས་མཛད་པ་སྟོན་པར་བྱེད། ། གསོད་པའི་སྦྱོར་བ་གོམས་པ་ཡིས། །སྒྱུ་མ་ལྟ་བུའི་ཚུལ་ཤེས་ནས། །ཡོད་མེད་དམིགས་པ་ལས་འདས་པས། །ལོག་རྟོག་ཙམ་ལ་སྲོག་ཏུ་སྣང་། །སྲོག་ཀྱང་མེད་ལ་གཅད་བྱ་མེད། །སྲོག་ནི་དངོས་པོར་ལྟ་བ་དང་། །མཚན་མར་ཞེན་པ་རྣམས་ལ་སྣང་། ། དེ་ལྟར་མཚན་མ་བྲལ་བ་དང་། །སྙིང་རྗེའི་བློ་ཅན་རྣམས་ལ་མིན། །དེ་ལྟར་ཤེས་ལ་སྤོང་ལེན་ནམ། །འཇུག་དང་རྩོལ་བས་ལེན་མི་འགྱུར། །སྒྱུ་མ་ལྟ་བུའི་སྤྱོད་པ་ཡིས། །དེ་མ་རྟོགས་པའི་འགྲོ་བ་རྣམས། །མ་ལུས་རྒྱལ་བའི་ས་ལ་འགོད། །གཏུམ་པོ་རང་གི་གནས་ན་ འགྱིང་། །དཔའ་བོས་གཡུལ་ལས་རྒྱལ་བར་བྱེད། །ནགས་ཀྱི་མུན་པ་མེ་ཡིས་བསྲེག །དུག་མཚོའི་སླེ་ལ་བདུད་རྩིས་མྱོས། །སྔོན་གྱི་ཐུགས་དམ་ཆེན་པོ་ཡིས། །འཇིག་རྟེན་འགྲོ་བ་མ་ལུས་པ། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །བསད་པའི་སྦྱོར་བ་ཤེས་པར་བྱོས། ། གཞི་རྩ་བྲལ་བའི་སྐད་ཅིག་ལ། །ཡང་དག་སྒྱུ་མའི་ཚུལ་དུ་སྣང་། །བདག་དང་གཞན་གྱི་རང་བཞིན་རྣམས། །རྣམ་དག་དབྱིངས་སུ་ཚུལ་གཅིག་གོ། །རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པས། །རིགས་ངན་གཏུམ་མོའི་གྲོང་ཁྱེར་དུ་ཤན་པ་ལ་གདམས་པ་གསོད་པའི་སྦྱོར་བ་བསམ་ གྱིས་མི་ཁྱབ་པ་ཞེས་བྱ་བ་ཨི་ཐི།། ༄། །རིག་བྱེད་མཁན་ལ་གདམས་པ་བཞུགས།།