Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 52

Văn bản gốc(Tây Tạng)

Trang 14 / 19 (50.000 ký tự/trang)
། གཞུང་ལས། ཁར་གསིལ་ལྷུང་བཟེད་ཆོས་གོས་དང་། །ཆུ་
ཚགས་སྦྱངས་པའི་ཡོན་ཏན་གྱིས། །ཡན་ལག་ལུང་བཞིན་མི་སྤང་སྟེ། །ལུང་མ་རྟོགས་པར་རྣལ་འབྱོར་པ། །སངས་རྒྱས་མུ་སྟེགས་ཅན་དུ་འགྱུར། །ཞེས་འབྱུང་སྟེ། བསླབ་པ་ཐམས་ཅད་མ་ཉམས་ཤིང་། ཕུན་སུམ་ཚོགས་པར་ལྡན་པས་དགེ་
སློང་རྡོ་རྗེ་འཛིན་པ་མཆོག་ཏུ་གསུངས་སོ། །གཞན་ཡང་དུས་ཐམས་ཅད་དང་། གཟུགས་ཅན་མ་ཡིན་པ་དང་། ཐམས་ཅད་ལ་ཁྱབ་པ་དང་། མི་འགྱུར་བའི་ཡན་ལག་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ཡིན་པར་གསུངས་ན། འཛག་པའི་བདེ་བ་སྐད་ཅིག་

མ་ནི་དེ་ལས་བཟློག་པའི་མཚན་ཉིད་དེ། བསམ་གཏན་གྱི་ལྷ་རྣམས་ལ་ཡང་ཡོད་པར་མ་གྲགས་ན། ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་ལ་མངའ་བརྙེས་པའི་ཡེ་ཤེས་ཀྱི་ལྷ་རྣམས་ལ་དྲི་མ་དེ་ལྟ་བུ་ཇི་ལྟར་མངའ། དེས་ན་མཚོན་བྱ་དང་། མཚོན་
བྱེད་དང་། རྒྱུ་དང་འབྲས་བུ་འབྲེལ་པར་ཡང་ཇི་ལྟར་རུང་། དེའི་ཕྱིར་སངས་རྒྱས་པའི་གཞུང་ལས་གསུངས་པ་ནི། སྲིད་པའི་ཡེ་ཤེས་དང་། མི་མཐུན་པའི་དཔེ་དང་། དོན་གཞན་མཚོན་པ་དང་། དགོངས་པ་གཞན་ཡིན་པར་ཟད་དོ། །དེ་ལྟར་ན་ཆོས་
ཀྱི་སྐུ་ནི་སྤྲོས་པ་དང་བྲལ་བ་ཡིན་པས་བདེན་མོད་ཀྱི། ལོངས་སྤྱོད་རྫོགས་པའི་སྐུ་དཀྱིལ་འཁོར་ཆེན་པོའི་གཟུགས་སུ་བཞུགས་པ་དང་། སྤྲུལ་པའི་སྐུ་རིགས་མཆོག་གི་ཡབ་ཡུམ་ལས་སྐྱེ་བ་ཞེས་པ་ཇི་ལྟར་རུང་ཞེ་ན། འདིར་སྨྲས་པ། ཡང་དག་པར་
རྫོགས་པའི་སངས་རྒྱས་ནི་ཇི་ལྟར་འགྲོ་བ་བློ་གྲོས་དམན་པ་རྣམས་ཀྱིས་བརྟགས་ཤིང་མཐོང་བ་དེ་ལྟར། འཇིག་རྟེན་གྱི་ཁམས་གང་དུ་ཡང་གཟུགས་ཀྱི་སྐུར་འབྱུང་བ་མི་སྲིད་དེ། དེའི་རྒྱུ་མ་རིག་པའི་བག་ཆགས་མ་ལུས་པར་གཏན་དུ་ཟད་པར་གསུངས་པའི་ཕྱིར་
རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འགྲོ་བ་བློ་གྲོས་དམན་པས་བརྟགས་པའི་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལྟར་ནུས་པ་གཏན་མེད་པ་ཡང་མ་ཡིན་ཏེ། ཐུགས་རྗེ་ཆེན་པོས་བསྐལ་པ་མཐའ་ཡས་པར་སྒྱུ་འཕྲུལ་དྲ་བའི་རྩལ་སྦྱངས་པ་ཐོབ་པའི་ཕྱིར་
རོ། །རྒྱུད་ལས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སེམས་ཅན་རྣམས་ལ་རྣམ་པར་ཕྱེ་སྟེ། ཚུལ་སྣ་ཚོགས་
དང་། བསམ་པ་སྣ་ཚོགས་དང་། ཐབས་སྣ་ཚོགས་པ་དག་གིས་སྟོན་ཅིང་། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི་ཐེག་པ་ཆེན་པོའི་ཚུལ། ཁ་ཅིག་ལ་ནི་མངོན་པར་ཤེས་པ་ལྔའི་ཚུལ།

ཁ་ཅིག་ལ་ནི་ལྷར་སྐྱེ་བར་བྱ་བ་དང་། ཁ་ཅིག་ལ་ནི་མིར་སྐྱེ་བར་བྱ་བ་ནས་ཅི་ཙམ་དུ་ལྟོ་འཕྱེ་ཆེན་པོ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅིར་སྐྱེ་བར་བྱ་བའི་ཕྱིར་ཆོས་སྟོན་ལ། དེ་ལ་
སེམས་ཅན་ལ་ལས་སངས་རྒྱས་ཀྱིས་གདུལ་བར་བྱ་བ་དག་གིས་ནི། སངས་རྒྱས་ཀྱི་གཟུགས་སུ་མཐོང་། ལ་ལས་ནི་ཉན་ཐོས་ཀྱི་གཟུགས་སུ། ལ་ལས་ནི་རང་སངས་རྒྱས་ཀྱི་གཟུགས་སུ། ལ་ལས་ནི་བྱང་ཆུབ་སེམས་དཔའི་གཟུགས་སུ། ལ་ལས་
ནི་དབང་ཕྱུག་ཆེན་པོའི་གཟུགས་སུ། ལ་ལས་ནི་ཚངས་པའི་གཟུགས་སུ། ལ་ལས་ནི་སྲེད་མེད་ཀྱི་བུའི་གཟུགས་སུ། ལ་ལས་ནི་རྣམ་ཐོས་ཀྱི་བུའི་གཟུགས་ནས། ལ་ལས་ནི་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་བར་དུ་མཐོང་སྟེ། རང་རང་
གི་ཚིག་བརྗོད་པའི་ཚུལ་དག་དང་། སྤྱོད་ལམ་སྣ་ཚོགས་མཐོང་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་འདི་ལྟར། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་རོར་རོ་གཅིག་པ་ལགས་སོ་ཞེས་འབྱུང་སྟེ། རྣམ་པར་གྲོལ་བའི་རོ་ཡང་ཆོས་ཉིད་སྐྱེ་བ་མེད་པར་
གསུངས་སོ། །ཡང་རྒྱུད་ལས། དཔལ་རྣམ་པར་སྣང་མཛད་ནི་ཤཱཀྱ་ཐུབ་པར་གྱུར་ཏོ། །འཇམ་དཔལ་ནི་ཟས་གཙང་མར་གྱུར་ཏོ། །འཇིག་རྟེན་དབང་ཕྱུག་ནི་སྒྱུ་མ་ཆེན་མོར་གྱུར་ཏོ། །ཀུན་དུ་བཟང་པོ་ནི་ཀུན་དགའ་བོར་གྱུར་ཏོ་ཞེས་བྱ་བ་ལ་སོགས་
པ་འབྱུང་ངོ་། །ཡང་དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཏེ་འགྲོ་བ་དང་འོང་བ་གང་ཡང་མེད་པར་གསུངས་སོ། །དེ་ལ་སོགས་པའི་ལུང་དང་རིགས་པས་ཟབ་ཅིང་རྒྱ་ཆེ་བ་མཐོང་དགོས་ཏེ། གཞན་དུ་ན་བུས་པའི་བློ་ཁོ་ནར་ཟད་དོ། །འོ་ན་གོང་གི་ལམ་
དེ་ལྟ་བུ་དུས་ནམ་ཡང་མི་འདོད་དམ། དེ་ལྟ་ནི་ཁྱེད་ཉིད་ལ་ཡང་འགལ་བའི་སྒོ་མང་དུ་མཐོང་ངོ་ཞེ་ན། མ་ཡིན་ཏེ། གང་ཟག་དམ་པ་རྣམས་ལ་ནི་ཉོན་མོངས་པ་བྱང་ཆུབ་ཀྱི་ཡན་ལག་ཏུ་འགྱུར་བའི་སྐབས་ཀྱང་ཡོད་དེ། འདི་ལྟར་བདེ་བ་ཆེན་པོའི་ཞི་གནས་ཀྱི་

དཔུང་བསྐྱེད་པ་དང་། འགག་པ་མེད་པའི་ལྷག་མཐོང་གི་རྩལ་སྦྱངས་པ་དང་། ཐོགས་པ་མེད་པའི་སྤྱོད་པའི་མཉམ་པ་ཉིད་ཀྱི་ཀྲུང་དུ་འཇུག་པ་དང་། གྲུབ་པའི་རྣལ་འབྱོར་གྱི་ཚད་བསྟན་པ་དང་། སློབ་པའི་རྣལ་འབྱོར་པ་སྤྲོ་བ་
བསྐྱེད་པ་དང་། འཇིག་རྟེན་ཕལ་པའི་སྒྲོ་སྐུར་བསལ་བ་དང་། དྲེགས་པ་ཅན་རྣམས་ཚར་གཅད་པ་དང་། ཡང་དག་པར་ན་ཆོས་ཐམས་ཅད་ཀྱི་རང་བཞིན་གང་དུ་ཡང་མི་གནས་པར་བསྟན་པ་ལ་སོགས་པའི་ཕྱིར་རོ། །དེ་ལྟ་བུ་ལ་དགོངས་ནས་རྒྱུད་ལས།
ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །ཞེས་འབྱུང་བ་དང་། ཡང་། མི་གང་གསང་སྔགས་རྒྱུད་དག་གིས། །སྦྱོར་བ་ལ་ནི་འཕྱ་བྱེད་པ། །དེས་ནི་དངོས་གྲུབ་
ཐོབ་མི་འགྱུར། །དེ་ནི་རྟག་ཏུ་གདོན་གྱིས་འཛིན། །ཁབ་ལེན་རྡོ་ལྕ་ལགས་འདུ་ལྟར། །མི་འདོད་ཡིད་དུ་འོང་བ་ཡི། །ཚེ་འདིར་མི་བདེ་སྣ་ཚོགས་འདུ། །ཕྱི་མར་ངན་སོང་གསུམ་མཐར་ལྟུང་། །ཞེས་འབྱུང་ངོ་། །དེའི་ཕྱིར་ཉེས་པའི་ལས་ནི་ཕལ་ཆེར་
གཏི་མུག་ལས་འབྱུང་བས། ཤེས་རབ་ཀྱིས་བརྟགས་ཏེ་སྨྲ་བར་བྱའོ། །ལས་དང་པོ་པའི་ཚངས་པར་སྤྱོད་པ་རྣམས་ལ་ནི་དགོས་པའི་དོན་མཐོང་བའི་སྐབས་སུ། བརྡ་དང་ཐ་སྙད་ཙམ་ལས་མ་གཏོགས་པ། དོན་གྱི་དངོས་པོ་ནམ་ཡང་སྣང་བ་མེད་པས།
བརྟན་པ་མ་ཐོབ་བར་དུ་ཡང་། སྡོམ་གསུམ་ལྡན་པས་འཇུག་མི་བྱ། །ཞེས་འབྱུང་སྟེ། སླར་ལྟུང་བར་གྱུར་པ་དང་། གཞན་གྱི་ཡང་བཞད་གད་དུ་འགྱུར་བའི་ཕྱིར་རོ། །དེ་བས་ན་གང་དུ་ཡངས་པའི་སྤྱོད་པ་བསྟན་པ་དེ་ན། རབ་ཏུ་དག་པའི་རྣལ་འབྱོར་
པའི་ནུས་པ་དང་། ས་མཚམས་ལ་སོགས་པ་བསྟན་ནས་ཡོད་པས། རང་དང་གཞན་ལ་ཕན་པར་འདོད་པའི་སྔགས་པ། ཤེས་རབ་ཀྱི་མིག་དང་ལྡན་པ་དག་གིས་དམ་པ་རྣམས་ཀྱིས་མཛད་པའི་གཞུང་དུ་ལྟོས་ཤིག །མདོར་ན་འདིར་མང་དུ་སྨྲ་བས་ཅི་

ཞིག་བྱ། རང་གི་ལུང་དུ་གྱུར་པའི་བླ་མ་དམ་པ་རྣམས་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ཡང་དག་པའི་ལམ་དུ་མི་བཞེད་དོ། །དེ་བས་ན། རྒྱུ་སྐྱེས་ཡེ་ཤེས་གླང་པོ་ཆེ། །ཞེས་བྱའོ། །དྲང་བའི་དོན་བསྟན་ཟིན་ཏོ།། །།ངེས་པའི་དོན་གང་ཞེ་ན།
འཇོམས་བྱེད་སེང་གེ་བདག་གི་གཞུང་། །ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོ་ལ་གཞོལ་བར་བྱེད་པའོ། །དབང་བཞི་པའོ། །དེ་ཉིད་ཀྱང་གང་ཞེ་ན། སྙིང་པོ་དང་། དེའི་ཡན་ལག་གོ། །སྙིང་པོ་གང་ཞེ་ན། ཡང་དག་པའི་བླ་མ་བརྒྱུད་པ་ལས་མཐོང་བ་ནི་
རྡོ་རྗེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སོ། །དེ་ནི་ལུང་དང་རིགས་པ་ལས་ཀྱང་འདས་པའོ། །དེའི་ཡན་ལག་གང་ཞེ་ན། ལུང་དང་རིགས་པ་དང་མི་འགལ་བ་ཙམ་མོ། །དེའི་ཅུང་ཟད་དབྱེ་བ་ནི། ཐམས་ཅད་ཀྱི་གཞིར་གྱུར་ཅིང་སྙིང་པོ་ལེན་པས་ན་དེ་ཉིད་དཀྱིལ་
འཁོར་རོ། །འཁྲུལ་པའི་དྲི་མ་དག་པར་བྱེད་པ་དང་། མཆོག་ཏུ་གྱུར་པ་དང་། མི་འགྱུར་བ་དང་། རང་བཞིན་གྱིས་སྟོང་པ་དང་། བརྡར་བཏགས་པ་དང་། ཐམས་ཅད་ལ་ཁྱབ་པ་དང་། རང་གིས་རིག་པ་ལ་སོགས་པའི་ཕྱིར། དེ་ཉིད་ཆུ་ལ་སོགས་
པའི་དབང་ངོ་། །དམ་པ་མི་ཟད་པའི་བདེ་བ་ཡིན་པ་དང་། བརྒྱུད་པའི་མན་ངག་གིས་གནང་བས་ན། དེ་ཉིད་གསང་བའི་དབང་ངོ་། །ཐམས་ཅད་ཀྱི་སྐྱེད་མར་གྱུར་པ་དང་། དེ་ཉིད་ཡུལ་དུ་བྱ་བ་མ་ཡིན་པ་དང་། དགའ་བ་སྐྱེད་པར་བྱེད་པ་དང་།
ཐམས་ཅད་རོ་གཅིག་ཏུ་གྱུར་པ་དང་། མངོན་པར་ཞེན་པའི་སྲོག་འཕྲོག་པར་བྱེད་པས་དེ་ཉིད་མ་ལ་སོགས་པའི་རང་གི་རིགས་ཀྱི་ཤེས་རབ་མའོ། །མ་སྐྱེས་པ་དང་དཔེ་ལས་འདས་པ་དང་། ཐམས་ཅད་ལ་ཁྱབ་པ་དང་། རང་བཞིན་གཉུག་མར་གནས་
པའི་དོན་ཡིན་པས་དེ་ཉིད་གཞོམ་པ་ལ་སོགས་པའི་ཡོན་ཏན་བཞི་དང་ལྡན་པའོ། །མཐའ་དབུས་མེད་པ་དང་། རྫས་མེད་པ་དང་། བདེ་བའི་འབྱུང་གནས་སུ་གྱུར་པས། དེ་ཉིད་རབ་ཏུ་རྒྱས་པ་ལ་སོགས་པའི་ཆོས་དང་ལྡན་པའི་པདྨའོ། །ཕྱིན་ཅི་མ་ལོག་པར་འབིགས་པ་དང་། ངེས་པར་

འཇོམས་པ་དང་། གཞན་དུ་མི་འགྱུར་བས་དེ་ཉིད་ཐ་མི་དད་པར་སྦྱོར་བ་ལ་སོགས་པའི་ཆོས་དང་ལྡན་པའི་རྡོ་རྗེའོ། །ནམ་མཁའི་རོ་དང་མཚུངས་པ་དང་། ལྷུན་གྱིས་གྲུབ་པ་དང་། ཕུན་སུམ་ཚོགས་པས་དེ་ཉིད་ལྷན་ཅིག་སྐྱེས་པའི་དགའ་བས་རྨད་དུ་བྱུང་བ་དྲི་མ་མེད་པའི་རྒྱུན་ས་གསུམ་གྱི་ཆོས་ཉིད་དུ་
གྱུར་པའོ། །དེ་ཉིད་འཇིག་རྟེན་པའི་བྱ་བ་ལས་གྲོལ་བ་དང་། ལུང་ལས་རྡོ་རྗེའི་ཚིག་ཏུ་ཟིན་པས་དམ་པ་རྣམས་ཀྱི་གཤེགས་ཤུལ་ཡིན་པ་དང་། ངོ་བོ་ཉིད་དུ་གནས་པའི་དོན་ཡིན་པས་རིགས་པ་དམ་པས་བརྟག་ཐུབ་པ་དང་། རྟོག་གེ་པ་རྣམས་ལ་རང་བཞིན་གྱིས་སྦས་ཤིང་རྙེད་པར་དཀའ་བས་ན་མཐར་
ཐུག་པའི་དོན་ཡིན་པ་དང་། བརྒྱུད་པའི་མན་ངག་གིས་མངོན་སུམ་དུ་ཕྲད་པས། ཡིད་ཆེས་ཤིང་སླར་མི་ཉམས་པའི་ཕྱིར། དབང་བཞི་བ་ཞེས་བྱའོ། །དེ་ཉིད་ནམ་ཡང་སྤང་བར་བྱ་བ་མ་ཡིན་པ་དང་། འདའ་བར་བྱ་བ་མ་ཡིན་པ་ལ་སོགས་པས། དོན་དམ་པའི་ལྷ་དང་། མཉམ་པ་ཉིད་ཀྱི་དམ་ཚིག་ལ་
སོགས་པར་ཤེས་པར་བྱའོ། །དེ་བས་ན་ལུང་དང་མན་ངག་དག་ལས། སློབ་མ་རྣམས་ནི་ནན་ཏན་དུ། །བྱང་ཆུབ་སེམས་ཀྱིས་སྦྱང་བར་བྱ། །ས་ནི་དང་པོ་གང་ཡིན་པ། །སེམས་ཀྱི་སར་ནི་བཤད་པ་ཡིན། །སྦྱང་བ་སྔར་ནི་བསྟན་པ་སྟེ། །དེ་ཡིས་དེ་ནི་ཡོངས་སུ་སྦྱང་། །ཆོས་དང་ཆོས་མིན་
རྣམ་སྤྱད་ན། །རྣམ་དག་ནམ་མཁའ་ལྟ་བུར་ནི། །ཆོས་ཀུན་ཉེ་བར་མི་དམིགས་པ། །དེ་ནི་དཀྱིལ་འཁོར་དམ་པ་ཡིན། །ཕྱག་རྒྱ་ཆེན་པོའི་དབང་དེ་ལས། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །དེ་ཡི་དབང་གིས་འདི་ཡིན་ཏེ། །དཀྱིལ་འཁོར་དེ་ནི་གཞན་མ་ཡིན། །རང་བཞིན་བདག་མེད་
མ་དེ་ནི། །བདག་གི་སྨད་འཚོང་མར་འདོད་དེ། །ཆགས་པ་མེད་པ་དེ་ཡིས་ནི། །ཉོན་མོངས་ཞི་བར་བྱེད་པ་ཡིན། །རྣལ་འབྱོར་མ་ནི་ཉམས་མྱོང་ན། །རྣལ་འབྱོར་པ་རུ་མི་འགྱུར་ཏེ། །གཞོན་ནུ་མ་ནི་གཞན་དག་དང་། །འདུས་པས་བདེ་བ་བསྐྱེད་པ་ཡིན། །ཤེས་དང་ཤེས་བྱ་རྣམ་ཟད་པ། །
སྙོམས་པར་འཇུག་ཅེས་བརྗོད་པ་ཡིན། །སྐྱེ་བ་མེད་པ་གང་ཡིན་པ། །དེ་ནི་ཁུ་བའི་སྒྲར་བཤད་དོ། །སྙིང་རྗེ་གང་སུ་འཐུང་བ་དང་། །དམ་ཚིག་རྣམས་ནི་སྐྱོང་བ་དང་། །བླ་མེད་ཡེ་ཤེས་ཐོབ་གྱུར་པ། །དེ་ནི་ཀ་པཱ་ལ་ཞེས་བརྗོད། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་

ཞེས་སུ་བཤད། །ཅེས་བྱ་བ་ལ་སོགས་པ་འབྱུང་བ་དང་། ཡང་། སྔགས་ཀྱི་བཟླས་པ་མེད་ཅིང་དཀའ་ཐུབ་མེད་ཅིང་སྦྱིན་སྲེག་མེད། །དེ་ལ་དཀྱིལ་འཁོར་མེད་ཅིང་དཀྱིལ་འཁོར་ཅན་ཡང་མེད། །དེ་ནི་སྔགས་བཟླས་ཏེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དེ་ནི་དཀྱིལ་འཁོར་
ཉིད། །མདོར་བསྡུས་ནས་ནི་སེམས་སུ་འདུས་པའི་ཚུལ་ཅན་ནོ། །ཞེས་འབྱུང་ངོ་། །དེ་ལྟ་བུའི་ལུང་ཉུང་ཞིང་མི་གསལ་ལ་རབ་ཏུ་འཐོར་བ་དེས་ན་རྒྱུད་ནས་རྡོ་རྗེའི་ཚིག་ཏུ་ཟིན་པ་ཞེས་བྱའོ། །མདོར་ན་དེ་ཉིད་ཆོས་ཐམས་ཅད་ཀྱི་ཟབ་པ་དང་། རྒྱ་ཆེ་བའི་རང་བཞིན་དུ་གྱུར་པས། ལྟ་བ་མ་
ལུས་པའི་གཞིའམ། ལུང་ཐམས་ཅད་ཀྱི་འབྱུང་གནས་སམ། རིགས་པ་ཐམས་ཅད་ཀྱི་བདག་ཉིད་ཅེས་བྱའོ། །རིགས་པའི་ཡེ་ཤེས་རང་ལས་ཤར་པའམ། སྒྲིབ་པའི་མུན་པ་མ་ལུས་པར་སེལ་བས། རྣལ་འབྱོར་གྱི་ཉི་ཟླ་ཞེས་བྱའོ། །དངོས་པོ་རྣམས་ཀྱི་མཐའ་འམ་དོན་གྱི་གཏིང་མཐོང་
བར་བྱེད་པས་རྡོ་རྗེའི་མིག་ཅེས་བྱའོ། །ཆོས་ཐམས་ཅད་ཀྱི་འབབ་སའམ་རོ་གཅིག་ཏུ་ལྡུགས་པས་ལྷན་ཅིག་སྐྱེས་པའི་རྒྱ་མཚོ་དང་ཞེས་བྱའོ། །ཐམས་ཅད་ཀྱི་ཁོངས་ན་གནས་པའམ། མ་ལུས་པར་བསྲེག་པར་ནུས་པས་ལྷན་ཅིག་སྐྱེས་པའི་གཏུམ་མོ་ཞེས་བྱའོ། །མཚན་མ་རྣམས་
ཀྱི་སྲོག་འགོག་པའམ་བུས་པ་ཉེ་བར་འཇིག་པའི་གནས་ཡིན་པས། མཐར་ཐུག་པའི་དུར་ཁྲོད་ཅེས་བྱའོ། །གཞན་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཚུལ་ནས་ཐམས་ཅད་མཉམ་པ་དང་། རྟོགས་པ་དང་མ་རྟོགས་པའི་རྐྱེན་གྱིས་སེམས་ཅན་དང་སངས་རྒྱས་ཡོན་ཏན་མི་མཉམ་
པ་ནི་ཟླ་བའི་དཔེས་ཤེས་པར་བྱའོ། །དོན་ལ་ཐམས་ཅད་མཉམ་པ་ཡང་དཔེ་དེ་ཉིད་ཀྱིས་ཤེས་པར་བྱའོ། །ངེས་དོན་གྱི་མན་ངག་བསྟན་ཅིང་ཐོབ་པ་ཙམ་གྱིས་སངས་རྒྱས་ཀྱི་རང་བཞིན་ཅིག་ཅར་ཡིན་པ་དང་། ཐམས་ཅད་མཁྱེན་པའི་ཡོན་ཏན་རིམ་གྱིས་འབྱུང་བར་འགྱུར་བ་ནི། རྒྱལ་
བའི་བུའི་དཔེས་ཤེས་པར་བྱའོ། །ཡང་དོན་ལ་ཡོན་ཏན་ཡང་ཅིག་ཅར་དུ་ལྡན་པའང་དཔེ་དེ་ཉིད་ཀྱིས་ཤེས་པར་བྱའོ། །ཐམས་ཅད་ཀྱིས་མཉམ་པའམ་མ་རྟོགས་པ་ཙམ་གྱིས་བསྒྲིབས་ཏེ་སྡུག་བསྔལ་ལ་སྤྱོད་པ་ནི། དབུལ་པོའི་ལུས་ཀྱི་ནོར་བུ་རིན་པོ་ཆེའི་དཔེས་ཤེས་པར་བྱའོ། །

རང་བཞིན་དེ་རྒྱུ་ལ་ལྟོས་པ་མེད་པ་ལ་སོགས་པ་དང་། མ་ནོར་བའི་གདམས་ངག་ལ་རག་ལས་པ་ལ་སོགས་པའང་དཔེ་དེ་ཉིད་ཀྱིས་ཤེས་པར་བྱའོ། །གཞན་ཡང་ཆོས་ཐམས་ཅད་ཀྱི་རྒྱུ་རྐྱེན་སོ་སོར་མ་འདྲེས་པས་ཕྱལ་པ་མ་ཡིན་པ་དང་རྐྱེན་གྱིས་བསྐྱེད་པས་རང་གི་
ངོ་བོ་ཡང་དག་པར་ཡོད་པ་མ་ཡིན་པས། མུ་སྟེགས་ལ་སོགས་པ་ཕྱི་རོལ་པ་དང་མི་འདྲ་བ་ནི། སྒྱུ་མ་དང་རྨི་ལམ་ལ་སོགས་པའི་དཔེས་ཤེས་པར་བྱའོ། །དོན་ཕྱི་ནང་དང་བདེན་བརྫུན་ལ་སོགས་པ་གཉིས་སུ་མེད་པའང་དཔེ་དེ་ཉིད་ཀྱིས་ཤེས་པར་བྱའོ། །མཐར་ཕྱིན་པའི་མན་ངག་
ཅེས་བྱ་བ་ཡོད་པ་དང་། ཐམས་ཅད་ཀྱིས་རྙེད་པར་དཀའ་བ་དང་། ཇི་ལྟར་རྙེད་པའི་དོན་ཅིག་ཅར་རམ་རིམ་གྱིས་བསྟེན་པར་བྱ་བ་དང་། དེས་ཐོབ་པའི་ཡུལ་ལ་མི་སླུ་བ་ནི་མི་དང་ལྷའི་སྨན་བཟང་པོ་དང་། མཆོག་གི་བདུད་རྩིའི་དཔེས་ཤེས་པར་བྱའོ། །ཅིག་ཅར་དུ་འཇུག་པ་ཀུན་གྱི་
ཡུལ་མ་ཡིན་པ་དང་། དོན་ལོག་པར་རྟོགས་ན་སླར་གནོད་པར་འགྱུར་བ་ལ་སོགས་པ་ཡང་དཔེ་ཉིད་ཀྱིས་ཤེས་པར་བྱའོ། །དེ་ལ་སོགས་པའི་དཔེ་དོན་གྱི་ཡན་ལག་མ་ནོར་བའི་བཤད་པས། དོན་གྱི་སྙིང་པོ་བརྒྱན་ཅིང་ཡིད་ཆེས་པ་བསྟན་པར་བྱའོ། །འདིར་བསྡུས་ཏེ་ཚིགས་སུ་
བཅད་པ། རིན་ཆེན་བརྟག་ཕྱིར་ཀ་ཤི་ཀ་ཡི་རྡོ། །ཤེས་ལྡན་བུ་ལ་ཕ་ཡིས་གཞག་པ་ལྟར། །མུ་སྟེགས་སངས་རྒྱས་བར་མ་དོ་རྟོགས་ཕྱིར། །རྟེན་འབྲེལ་ཕྱག་རྒྱ་ཐུབ་པས་འཁོར་ལ་བཞག །ལུང་གི་དག་བྱེད་རིགས་པ་བཟང་པོ་སྟེ། །རིགས་པ་བདེ་སྐྱེད་ལུང་གི་སྣང་བར་
གསུངས། །ལུང་རིགས་བཟང་ལས་དོན་གྱི་སྙིང་པོ་མཐོང་། །དེ་ལས་གཞན་དུ་ནམ་ཡང་སྲིད་པ་མིན། །ཐོག་མར་བདེ་གཤེགས་ཡོན་ཏན་མོས་པར་འགྱུར། །དེ་འོག་དེ་འགྲུབ་རྒྱུ་ཡི་ཆོས་ལ་མོས། །དེ་འོག་སྟོན་བྱེད་བླ་མ་ལ་གུས་འགྱུར། །མཐར་ནི་རང་སེམས་དག་ལ་
དགའ་དང་སྐྱེ། །འབར་བའི་མེ་དབུས་མྱུ་གུ་སྐབས་མེད་ལྟར། །མི་ཁོམ་གནས་སུ་དལ་འབྱོར་ཇི་ལྟར་འཐོབ། །དེ་ཕྱིར་དགེ་བཅུའི་རྟོག་པ་འདི་བཟང་སྟེ། །མི་དགེ་ལས་ཀྱི་རྣམ་རྟོག་དེ་ལྟ་མིན། །ལྕགས་དང་གསེར་ལས་བྱས་པའི་ལུ་གུ་རྒྱུད། །འཆིང་བར་འདྲ་ཡང་

དེ་ཉིད་ཁྱད་པར་ཆེ། །དེ་ཕྱིར་ལུང་ལས་དུས་གསུམ་དགེ་པའི་ཚིག །ང་ཡི་ཡིན་ཞེས་ཀུན་ལ་ཁྱབ་པར་བསྟན། །ལེགས་པར་གསུངས་པའི་དམ་ཆོས་འདུལ་བ་ལས། །མི་རྟག་བདག་མེད་ཡུལ་གྱི་དངོས་པོ་ལ། །ཡན་ལག་དང་བྲལ་དངོས་གཞི་ཉེས་མེད་གསུང་། །དེ་ཕྱིར་ཐེག་ཆེན་
སྔགས་ཀྱི་ཚུལ་དུ་ཡང་། །དུས་གཞན་གང་ཟག་གཞན་དང་ཡུལ་གཞན་དང་། །ཐབས་གཞན་དང་ནི་དོན་གཞན་དགོངས་པ་ཡིས། །འགལ་ཞིང་འགོག་པ་ཅུང་ཟད་མ་གསུངས་ཏེ། །དགེ་སློང་རྡོར་འཛིན་དེས་ན་མཆོག་ཏུ་གསུངས། །དེ་ཕྱིར་རྒྱུད་དོན་དཔག་བསམ་ཤིང་དང་ནི། །
ཡིད་བཞིན་ནོར་དང་བུམ་པ་བཟང་པོ་དང་། །སྔགས་དོན་རིག་པའི་བླ་མ་རྣམས་གསུངས་ཏེ། །སེན་དའི་སྒྲ་དང་ཆོམ་རྐུན་སྒྲ་བཞིན་ནོ། །ཇི་ལྟར་སྨན་མཆོག་ནད་པའི་བྱེ་བྲག་གིས། །འབའ་ཞིག་དང་ནི་འདྲེན་མར་བྱིན་པ་ཡིས། །ཞུ་དང་མ་ཞུ་མཐུ་ཡི་ཁྱད་པར་སྣང་། །དམ་ཆོས་
སྨན་ཡང་དེ་འདྲར་བླ་མ་གསུངས། །རང་རིག་སྒྱུ་འཕྲུལ་བདེ་བ་ཆེན་པོའི་ངང་། །མ་རིག་སྒྱུ་འཕྲུལ་སྡུག་བསྔལ་ཐོག་མཐའ་མེད། །ཆོས་རྣམས་ཐམས་ཅད་སྒྱུ་འཕྲུལ་དྲ་བ་སྟེ། །སྲིད་དང་རྣམ་གྲོལ་གཅིག་དང་ཐ་དད་མིན། །གཞན་ཡང་དཔེ་ནི་རྟོགས་པའི་དུག་ཙམ་སྟེ། །ཡང་དག་
ཏུ་ན་བཅིངས་པ་གང་ཡང་མེད། །དེས་ན་ཆོས་ཀུན་བློ་ལྡན་ཅིག་ཤོས་ལ། །གྲུབ་དང་སྒྲུབ་པ་བསྟན་པ་དེ་འདིར་འཐད། །ཇི་ལྟར་དཔའ་བོ་ཐོགས་མེད་འགྲོ་བ་ཡང་། །དམན་པའི་དོན་ཕྱིར་ངལ་སོལ་རིམ་གྱིས་འཇུག །དེ་བཞིན་མཁས་པ་ཆགས་པའི་གནས་མེད་ཀྱང་། །བློ་ལྡན་དོན་
ཕྱིར་གྲུབ་མཐའ་རིམ་གྱིས་སྐྱོང་། །དེ་ཉིད་ཕྱིར་ན་རྣལ་འབྱོར་ཆེན་པོས་ཀྱང་། །ཐོག་མར་འགའ་ལ་དོན་གྱི་སྙིང་པོ་བསྟན། །གདུལ་བྱ་དམན་གཟིགས་ཕྱི་ནས་རིམ་པ་ཡང་། །དུམ་མཛད་དེ་ཡང་དག་བཞེད་མིན་གཟུང་། །བློ་ཡི་རིམ་པས་དོན་གྱི་ཁྱད་པར་ལེན། །དེ་ལས་གཞན་
དུ་སྐྱེ་བོ་འདོད་རྒྱལ་གཞུང་། །དང་པོའི་ལས་པས་ཉོན་མོངས་ལམ་འཇུག་པ། །བདུད་ཀྱི་སྡེར་གསུངས་ཐར་ཅིང་གྲོལ་བ་མེད། །བཀྲེས་པ་ཞི་ཕྱིར་རིང་དུ་རྒྱུག་པ་དང་། །སྐོམ་པ་བསལ་ཕྱིར་ལན་ཚྭའི་ཆུ་འཐུང་དང་། །སྙན་པར་འདོད་ཕྱིར་ཕ་མ་གསོད་པ་དང་། །བདེ་བ་འདོད་

ཕྱིར་རང་སྲོག་འདོར་བ་འདྲ། །མི་བཟད་དུག་གིས་ནད་ཀུན་ཞི་བྱེད་པར། །སྨན་པའི་མཆོག་སྟེ་ཕལ་པ་རྣམས་ཀྱིས་མིན། །འབར་བ་མེ་ཡིས་ཁྲུས་ཀྱི་ལས་བྱེད་པ། །གཙང་སྦྲ་ཅན་དེ་རི་དགས་ཀུན་གྱིས་མིན། །ཀེ་ཏ་ཀ་ཟོས་ལྕི་བ་སྨན་གྱུར་པ། །སྤོས་ཀྱི་གླང་ཆེན་
བ་ལང་གཞན་གྱིས་མིན། །སྙིང་རྗེའི་མཐུ་ཐོབ་རང་ལུས་ཆགས་མེད་དང་། །ཏིང་འཛིན་དབང་ཐོབ་སྣང་བ་བསྒྱུར་ནུས་དང་། །མཉམ་ཉིད་གདེང་ཐོབ་འཁྲུལ་པ་ཟིལ་གནོན་པའི། །དམ་པས་ཡུལ་སྤྱད་གྲོལ་ཏེ་གཞན་གྱིས་མིན། །དེ་ཕྱིར་སྙིགས་མའི་དུས་འདིར་སློབ་མ་
ཡིས། །ཡང་དག་བླ་མ་བཙལ་བ་ཆེད་ཆེ་སྟེ། །དེ་ལོག་ན་ནི་ཐམས་ཅད་ལོག་པར་འགྱུར། །ལོག་པའི་ལམ་གྱི་སྲིད་མཚོར་ཡུན་རིང་འཁྱམས། །ཞེས་བྱ་བའོ། །དེ་ལྟར་ན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་མཐར་རྟོགས་པས། ལམ་དང་ལམ་མ་ཡིན་པ་
བྱེ་བྲག་ཤིན་ཏུ་ཕྱེད་པ་དང་ཐེག་པ་གསུམ་དུ་ཕྱེ་ཡང་དོན་མི་འགལ་བར་བསྟན་པ་ཁོང་དུ་ཆུད་པས་འདྲེན་པ་རྣམས་ཀྱི་བསྟན་པ་ལ་གུས་པར་ཡིད་ཆེས་པ་དང་། ཚད་མ་གསུམ་གྱིས་ཆོས་རྣམས་བདག་མེད་པར་གཏན་ལ་ཕེབས་པས་དོན་ལ་ཐམས་ཅད་མཉམ་པ་ཉིད་དུ་ཤེས་ཤིང་གདེང་
དུ་གྱུར་པ་ནི་ཡང་དག་པའི་རྣལ་འབྱོར་པ་སྟེ། འཇོམས་བྱེད་སེང་གེ་བདག་གི་གཞུང་། །ཞེས་བྱ་བའོ། །དེ་ལྟ་བུའི་རྣལ་འབྱོར་པའི་ཡེ་ཤེས་དེ་ཁོ་ན་ཉིད་རྟོགས་ཤིང་ཉམས་སུ་ལོན་པ་མེད་པར་ཐ་སྙད་ཙམ་ལ་བརྟེན་ནས། རྣལ་འབྱོར་དུ་མཆིས་ཤིང་། ལོག་པའི་ལམ་ལ་
འཇུག་པ་ནི། ཕྱིན་ཅི་ལོག་གི་གཡངས་ས་བསྐོར་བའི་ཕྱིར་རབ་ཏུ་ཡང་ཉམ་ང་བར་སྣང་ངོ་། །རྒྱུད་ལས་ཀྱང་། ཕྱི་མའི་དུས་ཀྱི་རྣལ་འབྱོར་སྤྱོད་མང་དག །བརྐམ་ཞིང་རབ་གཏུམ་མ་བསྡམས་འབྱུང་བར་འགྱུར། །སྡིག་ལ་རབ་དགའ་རྣལ་འབྱོར་ཡོ་བྱད་ཆགས། །རྒྱུད་ཆེན་འདི་
དང་བཞི་པ་འདི་སྤོང་འགྱུར། །རྒོད་ཅིང་དབང་པོ་གཡེངས་ལ་ཕྲག་དོག་ཅན། །གནས་ལ་ཆགས་ཤིང་རྙེད་ལ་འདོད་པ་དག །སྦྱོར་བ་བྱེད་པའི་སྐབས་ལ་རྟག་ཏུ་གནས། །བཞི་པ་འདི་ནི་རབ་ཏུ་སྤོང་བར་འགྱུར། །རྐང་ལག་བརྡེབས་ཤིང་ཁ་ནི་གྱ་ཚོམ་སྨྲ། །རྩེ་འཇོ་ལ་ཞེན་དགོད་

ལ་རྟག་པར་ཞུགས། །གཅིག་ལ་གཅིག་གིས་མགུལ་འཁྱུད་ལག་ཀྱང་སྦྲེལ། །གྲོང་དུ་འཇུག་ན་སྤྱོད་ལམ་གཞན་དུ་ཆོས། །མི་རིགས་སྦྱོར་བའི་མཚན་ཉིད་འདི་དག་སྟེ། །གཞན་གྱི་བུ་མོ་ལ་ཡང་རྟག་ཏུ་ཆགས། །གཟུགས་ཀྱིས་རྒྱགས་ཤིང་མདུད་པ་བོར་བ་ཡིན། །གྲོང་དང་གྲོང་
ཁྱེར་ཡུལ་འཁོར་ཀུན་དུ་རྒྱུ། །དེ་དག་བཟའ་དང་བཏུང་བ་རབ་ཏུ་ཞུགས། །གླུ་དང་བྲོ་གར་དེ་བཞིན་རོལ་མོ་དང་། །ཉོ་ཚོང་ལྷག་པར་བྱེད་ཅིང་རབ་ཏུ་བརྩོན། །བཏུང་བ་དག་ལ་ཆགས་ཤིང་ངོ་ཚ་བོར། །མི་རིགས་བརྩོན་པས་སྤྲིང་ཡིག་བསྐུར་བར་བྱེད། །དམ་ཚིག་དེ་བཞིན་སྤྱོད་ལམ་
བཏང་ནས་ནི། །ཁྱིམ་པ་དག་རང་བསྟེན་ཅིང་དམ་དྲལ་ནས། །དེ་དག་དམ་ཚིག་ཤིན་ཏུ་ལོག་པར་གནས། །ལས་གང་རྡོ་རྗེ་འཆང་གིས་རྟག་སྨད་པ། །སྲང་དང་ཚད་ལ་གཡོ་སྒྱུ་བྱེད་པ་དང་། །དེ་འདྲའི་སྡིག་པ་ཉོན་མོངས་ལས་བྱས་པས། །ལས་ངན་བྱེད་པ་དེ་དག་ངན་སོང་འགྲོ། །
དུང་དང་གསེར་དང་ནོར་བུ་མང་བ་དང་། །ཁྱིམ་དང་གཉེན་བཤེས་རྣམས་སྤངས་དཀྱིལ་འཁོར་ཞུགས། །སངས་རྒྱས་བསྟན་པ་འདི་ལ་ངེས་བྱུང་ནས། །སྡིག་པའི་ལས་རྣམས་ཤིན་ཏུ་སྤྱོད་པར་བྱེད། །ནོར་དང་འབྲུ་ལ་སྙིང་པོར་འདུ་ཤེས་ཤིང་། །བཞོན་དང་བ་ལང་ཤིང་རྟ་རྣམས་ལ་
ཆགས། །གང་ལ་རྣལ་འབྱོར་ནན་ཏན་མེད་པ་རྣམས། །དེ་དག་གིས་ཀྱང་ཅི་ཕྱིར་དཀྱིལ་འཁོར་ཞུགས། །ངས་ནི་སྔོན་ཚེ་རྣལ་འབྱོར་སྤྱོད་པ་ན། །ལུས་དང་སྲོག་ལ་རབ་ཏུ་མ་བལྟས་པར། །ང་ཡིས་ཏིང་འཛིན་བཞི་པ་འདི་བཙལ་ན། །དེ་དག་དེ་ཚེ་འདི་ཐོས་གད་མོས་འདེབས། །བཟོད་
པ་སྤངས་ནས་རབ་ཏུ་སྤྲོས་པར་བྱེད། །རྣལ་འབྱོར་སྤྱོད་པ་ངེད་ཡིན་ཚིག་ཏུ་སྨྲ། །དམ་ཚིག་ཉམས་ལ་བྱང་ཆུབ་ག་ལ་ཡོད། །དམ་ཚིག་དྲལ་ནས་བྱང་ཆུབ་འདི་ཐོབ་པ། །ངས་ནི་མ་ཐོས་ནམ་ཡང་ཡོད་མ་མཐོང་། །ཤེས་རབ་དམན་ཞིང་ཡོན་ཏན་རབ་སྤངས་པ། །རྒྱུད་ཆེན་མཆོག་
གི་ཉེས་པ་རྟག་ཏུ་བརྗོད། །འཚོ་བ་མེད་པ་མང་པོ་རྣལ་འབྱོར་བྱེད། །སངས་རྒྱས་བྱང་ཆུབ་རྣམ་པ་ཀུན་མི་འདོད། །བྱིས་པ་དེ་དག་བདག་ཏུ་ལྟ་ལ་ཆགས། །སྟོང་པ་ཉིད་ནི་ཐོས་ན་སྐྲག་པར་འགྱུར། །གང་དག་དམ་ཚིག་སྲུང་ཞིང་ཡོན་ཏན་ལྡན། །བྱམས་ལ་གནས་ཤིང་རྟག་ཏུ་བཟོད་

རྟོག་པ། །མཉེན་ཞིང་དེས་པ་ཤིན་ཏུ་བསྡམས་པ་རྣམས། །དེ་དག་དེ་ཚེ་ཡོངས་སུ་བརྙས་པར་འགྱུར། །གང་ཡང་ཤིན་ཏུ་དམ་བྲལ་སེམས་ལྡན་དང་། །མི་བཟད་མ་རུངས་ངན་པའི་ལས་བྱེད་པ། །དམ་ཚིག་མ་ཡིན་སྤྱོད་ཅིང་འཐབ་ལ་དགའ། །དེ་དག་དེ་ཡི་དུས་ན་རྩོད་པར་
འགྱུར། །ཡང་དག་མཆོག་གིས་གསང་ཆེན་འདིར་ཞུགས་ནས། །རྣལ་འབྱོར་སྤྱོད་པ་ཡིན་ཟེར་ཞིང་། །བྱ་བ་མ་ཡིན་ཀུན་ལ་འཇུག །འཇིག་རྟེན་སུན་བྱེད་རྐུན་པོ་འབྱུང་། །འཇིག་རྟེན་དབུགས་ནི་དབྱུང་ངོ་ཞེས། །མགོ་ལ་ཆུ་རྒྱུན་ལྡུགས་པར་བྱེད། །ཅོད་པན་རྡོ་རྗེ་དྲིལ་བུ་སོགས། །
མགོ་ལ་ལག་པས་རབ་ཏུ་འཛིན། །དེ་རྗེས་དེ་ནི་འཚོ་བ་སྒྲུབ། །ཁ་ཅིག་སློབ་མའི་ཚོགས་སྡུད་ཅིང་། །ང་ཡི་ཚིག་ནི་འདི་ཉིད་དག །ཡིན་ཞེས་ཟེར་ཞིང་བྱིས་པ་འཇིག །གསང་བ་ལོག་པར་རབ་ཏུ་སྟོན། །ཁ་ཅིག་བས་མཐར་རབ་འཁོད་ཅིང་། །བདག་མེད་ཤེས་རབ་ཕ་
རོལ་ཕྱིན། །སྐད་ཅིག་ཙམ་ཡང་མི་གནས་པར། །འཇིག་རྟེན་སྔགས་སོགས་སྒྲུབ་པར་བྱེད། །ཁ་ཅིག་སློང་མོས་རྒྱུ་བྱེད་ཅིང་། །ཀུན་དུ་འགྲོ་ཞིང་གྱ་ཚོམ་སྨྲ། །མི་མོ་རྣམས་ལ་རབ་ཏུ་ཆགས། །སངས་རྒྱས་དམ་ཚིག་རབ་ཏུ་འཇིག །ཁ་ཅིག་གྲོང་དུ་འཁོད་བྱེད་ཅིང་། །བཟའ་
དང་བཏུང་ལ་རབ་ཏུ་ཆགས། །ཁྱེའུ་དང་བུ་མོ་ཕལ་མང་དང་། དགོད་ཅིང་རབ་ཏུ་རྩེ་བར་བྱེད། །ཁ་ཅིག་རོལ་མོ་ཟློས་གར་དང་། །གླུ་དང་རྒྱན་པོ་འགྱེད་བྱེད་དང་། །འདུས་པའི་ཚོགས་ལ་ལྟ་བྱེད་ཅིང་། །བཟོ་ཡི་གནས་ལ་རབ་ཏུ་སློབ། །ཁ་ཅིག་ཚོང་དང་ཞིང་ལས་དང་། །གླང་པོ་བ་
ལང་སོགས་བྱེད་ཅིང་། །ཤིང་རྟ་ལ་སོགས་འདྲེན་པ་དང་། །ཉེས་པ་མང་པོ་རབ་ཏུ་བྱེད། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཡི། །དགེ་སྦྱོང་དང་ནི་དགེ་སྦྱོང་མ། །དགེ་བསྙེན་མ་དང་དགེ་བསྙེན་དག །ཕན་ཚུན་མཚོན་གྱིས་རབ་ཏུ་འདེབས། །ལེགས་པར་གསུངས་པའི་འདུལ་བ་ལ། །རབ་
ཏུ་མི་གནས་སྲུང་མི་བྱེད། །སངས་རྒྱས་རྒྱལ་མཚན་སུན་འབྱིན་ཅིང་། །ཕས་ཕམ་ལ་སོགས་རབ་ཏུ་བྱེད། །གང་གིས་བཏུང་བའི་མཆོག་མི་ཤེས། །སཱ་ལུ་ལ་སོགས་བཅོས་སྦྱར་བའི། །མྱོས་པའི་ཁུ་བ་འཐུང་བྱེད་ཅིང་། །དེ་ཡིས་ཕུང་ཁྲོལ་རབ་ཏུ་བསྐྱེད། །གང་དག་ཐ་སྙད་

ཙམ་ཅིག་ལ། །བརྟེན་ཏེ་མི་དགེའི་ལས་བཅུ་སྤྱོད། །དེ་དག་འགྲོ་བ་ཅི་འདྲ་བ། །འདྲེན་པ་ཡིས་ཀྱང་ག་ལ་རྟོགས། །ཞེས་འབྱུང་ངོ་། །གཞན་ཡང་སེང་གེ་ལ་དཔེར་བཞག་པ་ནི་དོན་མཐུན་པ་མང་དུ་ཡོད་དེ། འདི་ལྟར་བྱང་ཆུབ་ཀྱི་སེམས་ནི་འཁོར་བ་མ་རྟོགས་པའི་དུས་ན་ཡང་། རང་བཞིན་
གྱིས་མཐུ་དང་ལྡན་པ་དང་། བྱང་ཆུབ་ཀྱི་སེམས་རྟོགས་ཤིང་སྐྱེས་མ་ཐག་ཏུ་གཞན་ཟིལ་གྱིས་གནོན་པའི་མཐུ་དང་ལྡན་པ་དང་། བྱང་ཆུབ་ཀྱི་སེམས་གོམས་པ་མཐར་ཕྱིན་པའི་དུས་ན་མི་མཐུན་པ་རྩད་ནས་འཇོམས་པའི་མཐུ་དང་ལྡན་པ་དང་། དེ་དང་ལྡན་པའི་དམ་པ་དཀོན་པ་དང་། །དེ་
དཔའ་བ་དང་། དེ་སྟོང་པ་ཉིད་ཀྱི་རི་དང་། རྫོང་ལ་གནས་པ་དང་། དེ་བདག་མེད་པའི་སྒྲ་སྒྲོགས་པ་དང་། དེ་རང་གི་རྒྱུད་ལེགས་པར་འཇོག་པ་ལ་སོགས་པའོ། །དེ་ལྟར་གཞུང་དག་ལས་ཀྱང་། །ཇི་ལྟར་ཁྱུང་དང་སེང་གེའི་བུ། །མངལ་དང་སྒོ་ངས་བསྒྲིབས་གྱུར་ཀྱང་། །རང་ལ་ཡོད་
པའི་རྩལ་གྱིས་ནི། །གཉེན་པོར་འགྱུར་བའི་མཐུ་སྟོབས་ལྡན། །བྱང་ཆུབ་སེམས་ལ་འཇུག་པ་དང་། །དེ་བཞིན་སྨོན་པར་བྱེད་པ་ནི། །མུན་པ་ལོ་སྟོང་ལོན་པ་ཡང་། །སྒྲོན་མེ་གཅིག་གིས་སེལ་བར་བྱེད། །དེ་བཞིན་སེང་གེའི་ཕྲུ་གུས་ཀྱང་། །ཤིན་ཏུ་རྒས་པའི་གཅན་གཟན་
འཇིགས། །གཅན་གཟན་རྒྱལ་པོ་གཅིག་པུས་ཀྱང་། །གླང་ཆེན་དྲེགས་ཁྱུའི་ཀླད་པ་འགེམས། །ས་ལ་སེང་གེ་ཁྱུས་འཁོད་སྔོན་མ་བྱུང་། །གང་ཟག་དམ་པ་ཁྱུས་འཁོད་སྔོན་མ་བྱུང་། །དཔའ་བོ་སེང་གེ་ལྟ་བུར་འཇིགས་མེད་སྤྱོད། །ཅེས་བྱ་བ་དང་། དཔེར་ན་སེང་གེ་རི་སུལ་
བརྟེན་ནས་འཇིགས་མེད་པར། །རི་དགས་ཕྲ་མོ་མང་སྐྲག་བྱེད་ཅིང་སྒྲ་སྒྲོགས་ལྟར། །མི་ཡི་སེང་གེ་ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །མུ་སྟེགས་ཅན་མང་སྐྲག་བྱེད་འཇིག་རྟེན་སྒྲ་ཡང་སྒྲོག །ཅེས་འབྱུང་ངོ་། །གཞན་ཡང་སེང་གེ་ཁོ་ན་ལ་དཔེར་བཞག་པ་ནི། སེང་གེ་ནི་རི་དགས་
གཞན་གྱིས་གཞོམ་པར་མི་ནུས་ཤིང་། མཐར་རང་གི་རྐྱེན་གྱིས་འཆི་བར་འགྱུར་ཏེ། དེའི་རོ་ཡང་གཞན་གྱིས་བཤིག་པར་མི་ནུས་ལ། རང་ཉིད་ཀྱི་ཕུང་པོ་ལྷག་མ་མེད་པར་འཇིག་པར་འགྱུར་བ་བཞིན་དུ། ཆོས་ཐམས་ཅད་རབ་ཏུ་མི་གནས་པར་སྨྲ་བའི་རྣལ་འབྱོར་པ་ཡང་དེ་ལྟར་ཤེས་

པར་བྱའོ། །དེ་ཡང་སོ་སོར་རྟོག་པའི་ཡེ་ཤེས་མེ་དང་འདྲ་བ་དང་། སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་ལམ་དང་འདྲ་བ་དང་། དེ་བཞིན་ཉིད་དམིགས་ཀྱི་ཏིང་ངེ་འཛིན་ཆུ་དང་འདྲ་བ་དང་། ལྷན་ཅིག་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ནམ་མཁའ་དང་འདྲ་བའི་རྣལ་འབྱོར་ལ་མི་
གནས་པར་གནས་པའི་ཚུལ་གྱིས། ཡུན་རིང་དུ་གོམས་པའི་རྐྱེན་གྱིས་མི་མཐུན་པའི་རྣམ་པར་རྟོག་པ་དང་། གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་དང་། དེ་ཁོ་ན་ཉིད་ཀྱི་རྣམ་པར་རྟོག་པ་དང་། འབྲས་བུའི་རྣམ་པར་རྟོག་པ་ཐམས་ཅད་སྤངས་ཏེ། དུས་གསུམ་མཉམ་པ་ཉིད་ཀྱི་
གོ་འཕང་ཐོབ་ནས་གང་ཅི་ལ་ཡང་གནས་པར་མི་འགྱུར་རོ། །འདིར་ཚིགས་སུ་བཅད་པ། ཇི་ལྟར་ནད་མེད་རྩིས་ནི་ཁྱབ་པ་ཡི། །ཐ་མལ་ཟས་ཀྱང་སྨན་གྱི་མཆོག་ཡིན་ལྟར། །མཉམ་ཉིད་བྱང་ཆུབ་སེམས་ཀྱིས་ཟིན་པ་ཡི། །བསྐྱེད་རྫོགས་ཐམས་ཅད་ཡང་དག་ལམ་ཡིན་ནོ། །
དབའ་དང་ཡན་དང་གཟུང་དང་བཏང་བ་དང་། །བསྐྱིལ་དང་གཞུག་དང་ལྟ་དང་བསྲེ་ལ་སོགས། །གནད་ཀྱི་མན་ངག་གང་ལ་གོམས་བྱས་ཀྱང་། །སླུ་བ་མེད་དེ་ཡང་དག་ལམ་ཡིན་ནོ། །མི་ཤེས་མི་གནས་མཉམ་པ་ཉིད་ཀྱི་ཀློང་། །དུས་རྣམས་ཀུན་ཤེས་རེ་དོགས་མེད་པའི་བློ། །
མཐར་ཐུག་དོན་གྱི་དགོངས་པ་དེ་ཡིན་ཏེ། །ཐིག་ལེ་ཆེན་པོ་ཡི་གེ་མེད་པའི་ལྷ། །བསྐལ་པ་དུ་མར་དགེ་ཚོགས་སྤྱད་པའི་མཐུས། །བྱང་ཆུབ་སེམས་ཀྱི་གདམས་ངག་འདི་ཐོས་ན། །རིན་ཆེན་རྡོ་ལས་བདུད་རྩིའི་ཆུ་འབྱུང་བཞིན། །དད་པའི་མཆི་མ་སེམས་ཀྱི་གཏིང་ནས་འབྱུང་། །
ངང་པའི་ཚོགས་ནི་མཁའ་ལ་ཀུན་དུ་རྒྱུ། །གང་ལ་མདས་ཕོག་དེ་ནི་ས་ལ་ལྟུང་། །བུས་པ་བདེ་འདོད་བརྫུན་པའི་ཡུལ་ལ་རྒྱུག །མན་ངག་མཚོན་ཕོག་རྣལ་འབྱོར་ཤི་དང་འདྲ། །འཇིག་རྟེན་བྱེད་སྤྱོད་ཁེ་དང་གྲགས་པ་ཀུན། །རྨི་ལམ་བྲག་ཅའི་ས་དང་འདྲར་གཟིགས་ནས། །ཆགས་མེད་
ཐུགས་རྗེ་དོན་དམ་ཀློང་ན་འཕྱོ། །འགྲོ་བའི་གཉེན་གཅིག་ཨ་ཝ་དྷཱུ་ཏཱི་ཡིན། །རང་བཞིན་སྟོང་པ་སྟོང་པས་རྣམ་དབེན་པ། །རྟོག་པའི་གང་ཟག་ཆད་པའི་ལམ་གྱིས་འཇིགས། །བདེ་བའི་ཐང་ལ་མི་ཤེས་མགོན་པོའི་ཚོགས། །མཚན་མོ་རྒྱུ་བ་གཡས་སོགས་དགོས་པར་ལྡན། །

སྲིད་པའི་གླང་ཆེན་འཁྲུལ་པ་ཀུན་བཅོམ་ནས། །རྟོག་མེད་ལྷུན་གྲུབ་དུས་གསུམ་མཉམ་པའི་རྫིང་། །རིག་པའི་སེང་གེ་རང་སྲོག་དེ་རུ་འདོར། །རང་རྒྱུད་རྩལ་གྱིས་བདག་མེད་སྒྲ་ཆེན་སྒྲོགས། །ཇི་ལྟར་ཆུ་ནི་མེ་ཡི་གཉེན་པོ་སྟེ། །རྒྱ་མཚོའི་ཆུ་འཁོར་དག་ལས་མེ་ཡང་འབར། །དེ་ལྟར་
སྐྱེ་མེད་སྐྱེ་བའི་གཉེན་པོ་སྟེ། །མ་སྐྱེས་ཆོས་ལ་སྒྱུ་འཕྲུལ་དྲ་བ་འབྱུང་། །དེ་ལྟའི་དོན་ལ་སྐྱེ་བ་ཡོད་དམ་མེད། །ཐུབ་ལ་གཞན་དོན་མཛད་དམ་འོན་ཏེ་མིན། །སྨྲ་བསམ་ལས་འདས་རྣམ་པ་ཀུན་གྱི་མཆོག །དེ་ཕྱིར་སྙིང་པོའི་དོན་ལ་ཡིད་ཆེས་བྱོས། །ཞེས་བྱའོ། །རྣམ་པ་ཐམས་ཅད་ཀྱི་
མཆོག་དང་ལྡན་པའི་སྟོང་པ་ཉིད་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གྱུར་པ་དེ་ནི། གཞུང་ལས་ཀྱང་། དེ་ནི་ངག་གིས་འཇུག་པ་མེད། །རང་རིག་པ་ཡང་མེད་པ་དེ། །བློ་ནི་ཚུ་རོལ་དག་ཏུ་བརླག །དེ་ནི་ཤིན་ཏུ་ཟབ་པ་ཡིན། །དངོས་དང་དངོས་མེད་སྤངས་གསལ་གང་། །ལྷན་ཅིག་སྐྱེས་ལས་ཕ་
རོལ་གྱུར། །གྲོགས་མོ་བདག་གིས་སྨྲས་པའོ། །དེར་ནི་བརྟན་གྱིས་གཡོ་མ་བྱེད། །དོན་འདི་ཐུབ་དབང་སྤྱོད་ཡུལ་ལོ། །ཞེས་པ་དང་། ཡང་རྒྱུད་ལས། ཇི་ལྟར་ནམ་མཁའ་ཕྱོགས་རྣམས་ན། །ཀུན་ལ་རྟག་པར་མི་གནས་པ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །གསང་
སྔགས་མགོན་པོ་མི་གནས་སོ། །ཇི་ལྟར་དངོས་རྣམས་ནམ་མཁའ་ལ། །གནས་ཤིང་རྟག་ཏུ་རྣམ་སྣང་ཡང་། །དེ་ནི་གནས་སུ་མི་འགྱུར་བ། །གསང་སྔགས་མགོན་པོའང་དེ་བཞིན་ནོ། །ནམ་མཁའ་དུས་གསུམ་ལ་སོགས་དང་། །ཇི་ལྟར་བྲལ་བར་འདོད་པ་བཞིན། །དེ་ལྟར་
གསང་སྔགས་མགོན་པོ་ཡང་། །དུས་གསུམ་མེད་ཀྱང་རྣམ་པར་སྣང་། །མིང་ཙམ་དུ་ནི་གདགས་པའི་གནས། །བྱེད་པ་པོ་ལ་སོགས་དང་བྲལ། །ནམ་མཁའ་ལ་ནི་ཐ་སྙད་དུ། །མཁས་པ་རྣམས་ནི་འདོགས་པར་བྱེད། །མིང་མ་གཏོགས་པ་ཅུང་ཟད་ཀྱང་། །ཡོད་པ་མ་ཡིན་ནམ་
མཁའ་བཞིན། །དེ་བཞིན་གསང་སྔགས་དབང་ཕྱུག་ཀྱང་། །ཐ་སྙད་ཙམ་དུ་སྣང་བར་ཟད། །མེ་དང་ཆུ་དང་རླུང་མ་ཡིན། །ས་དང་ཉི་མའང་མ་ཡིན་ཞིང་། །ཟླ་བ་ལ་སོགས་གཟའ་ཀུན་མིན། །ཉིན་པར་མ་ཡིན་མཚན་མོའང་མིན། །སྐྱེ་བ་མ་ཡིན་འགག་པའང་མིན། །འཆི་

བ་དང་ནི་རྒུད་པའང་མིན། །སྐད་ཅིག་མ་ཡིན་ཡུད་ཙམ་མིན། །ལོ་ལ་སོགས་པ་མ་ཡིན་ཞིང་། །འཇིག་པ་དང་ནི་འཆགས་པའང་མིན། །བསྐལ་པའི་གྲངས་ཀྱང་ཡོད་མ་ཡིན། །དགེ་དང་མི་དགེ་ལས་བྱུང་བའི། །དབུས་སུ་ཡོད་པའང་མ་ཡིན་ནོ། །ཀུན་
མཁྱེན་གོ་འཕང་འདོད་པ་ཡིས། །རྟོག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་གང་ལའང་མེད་འགྱུར་བ། །དེ་ལ་རྟག་ཏུ་བརྩོན་པར་བྱ། །ཞེས་པ་དང་། ཡང་རྒྱུད་ལས། རྣམ་པར་ཤེས་པ་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་མི་རྟོག་ལྷུན་གྱིས་གྲུབ། །
དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་བྱ་བ་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བར་འགྱུར་རོ། །བདག་གི་གཞུང་ཞེས་གསུངས་པ་ནི། །མ་འོངས་པའི་དུས་སུ་ཟབ་མོའི་དོན་ལ་མོས་པའི་སྐལ་བ་དང་ལྡན་པའི་སློབ་མའི་རྒྱུད་གཟུང་བའི་ཕྱིར།
བླ་མ་བརྒྱུད་པའི་འགྲེལ་པ་བསྟན་པ་སྟེ། འདི་ལྟར་དོན་དམ་པར་ཆོས་ཐམས་ཅད་གང་དུ་མི་གནས་པར་སྟོན་པའི་གཞུང་ལྷོ་ཕྱོགས་ཀྱི་ནགས་ཚལ་དུ་དཔལ་རི་ཁྲོད་རྡོ་རྗེའི་ཞལ་སྔ་ནས། བདག་གིས་རྙེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་ཚིགས་སུ་བཅད་པ། འདྲེན་པ་
རྣམས་ཀྱིས་དུས་གསུམ་བསྟན་པ་ནི། །དོན་དམ་གཉིས་མེད་བྱང་ཆུབ་སེམས་ཉིད་དེ། །ཐུབ་པའི་བསྟན་པ་ཐམས་ཅད་རོ་གཅིག་པས། །ཕྱོགས་རིས་མེད་པར་སྡེ་སྣོད་གསུམ་དུ་ལྟོས། །རིགས་པའི་གཟེར་ལྡན་བསྟན་བཅོས་བཟང་པོར་ལྟོས། །ཡིད་ཆེས་མན་ངག་གྲུབ་པའི་
གཞུང་དུ་ལྟོས། །དེ་དག་རྣམས་ནི་བལྟ་བར་མི་ནུས་པས། །བརྒྱུད་པའི་གདམས་ངག་སྙིང་པོ་འདི་ལ་ལྟོས། །ཞེས་སོ། །ཡང་དག་པའི་མན་ངག་སྦ་བ་དང་། གཏད་པའི་གནས་ཀྱང་འདི་ལྟར་གཞུང་ལས། ཐ་སྙད་ཚིག་གི་ང་རྒྱལ་གྱིས། །བླ་མ་མི་བསྟེན་བསྙེན་བཀུར་
མེད། །དམན་པའི་ལྟ་བ་ལ་མོས་ཏེ། །སྦས་གསུམ་ལྟ་ཞེན་མི་གཏོང་ཞིང་། །མཐར་ཐུག་དོན་ལ་མི་སྨོས་ཏེ། །རིགས་པ་གཙོར་བྱེད་ཤེས་རབ་ཀྱིས། །མཐར་ཐུག་ཟབ་མོ་སུན་འབྱིན་པ། །དེ་ལ་འདི་ཉིད་བསྟན་མི་བྱ། །གང་ཞིག་བླ་མ་བསྙེན་བཀུར་ཞིང་། །ཐམས་

ཅད་སྟོང་པས་མི་སྐྲག་བཟོད། །མཐར་ཐུག་དོན་ལ་དད་མོས་ལ། །དེ་ལ་བླ་མའི་དྲིན་སྦྱིན་བྱ། །ཞེས་གསུངས་སོ། །འདིར་དོན་ཉེ་བར་བསྡུ་ན། །མདོར་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་མ་སྐྱེས་པ་དང་། །ཐམས་ཅད་མཉམ་པ་ཉིད་དོ། །སྒྲུབ་ཐབས་ནི། དེའི་དོན་ནི་ཕྱིན་ཅི་མ་ལོག་
པར་རྟོགས་ཤིང་འདྲིས་པའོ། །ཐོབ་པ་ནི་གདེང་དུ་གྱུར་པས་ཕྱིར་མི་ལྡོག་གོ། །དེ་ལྟར་མི་གནས་སེང་གེའི་དོན། །འགྲོ་བ་གང་གིས་ཤེས་གྱུར་པ། །ལོག་ལྟའི་གླང་པོ་མྱུར་བཅོམ་སྟེ། །རྣམ་གྲོལ་ལམ་ལས་ཕྱིར་མི་ལྡོག །ཆོས་ཐམས་ཅད་རབ་ཏུ་མི་གནས་པར་སྟོན་པའི་དེ་ཁོ་ན་ཉིད་
ཚིགས་སུ་བཅད་པ་ཕྱེད་ཀྱི་འགྲེལ་པ་དཔལ་ཨ་ཝ་དྷཱུ་ཏཱིའི་ཞབས་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨ་བོ་དྷ་བོ་དྷ་ཀཿ། བོད་སྐད་དུ། མ་རྟོགས་པ་རྟོགས་པར་བྱེད་པ། བླ་མ་དང་སངས་རྒྱས་ལ་ཕྱག་འཚལ་ལོ། །སྐྱོན་མེད་ཡོན་ཏན་རྒྱ་མཚོ་
ཡི། །མགོན་པོ་འཇམ་དཔལ་ལ་བཏུད་ནས། །མ་རྟོགས་རྟོགས་བྱེད་དེ་ཉིད་ནི། །བརྩེ་བས་བདག་གིས་བྲི་བར་བྱ། །འདི་ན་གཞན་གྱིས་བརྟགས་པ་དེ་རྟོགས་པ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་དོ། །གཞན་གྱིས་བརྟགས་པ་དེ་གང་ཡིན་ཞེ་ན། བདག་བརྟག་པ་ཁྱབ་པ་ཀུན་དུ་འགྲོ་ཞིང་གཟུགས་
ཅན་མ་ཡིན་པའི་གཅིག་པུ་ཡོད་པའོ། །བདག་བརྟག་པ་ཇི་ལྟ་བུ་ཞེ་ན། རེ་ཞིག་ཕུང་པོ་ནི་བདག་མ་ཡིན་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །ཕུང་པོ་ལས་གཞན་པ་ཡང་མ་ཡིན་ཏེ། བུམ་པ་བཞིན་ཐ་དད་པར་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་ཡང་ཇི་ལྟར་བུམ་པ་
དང་ཆུ་བཞིན་རྟེན་དང་བརྟེན་པའི་དངོས་པོར་ཡང་མེད་དེ། འབྲས་དང་ཕོལ་མིག་ལྟར་ཕུང་པོ་དང་ཉེ་བར་གྱུར་པ་ཡང་ཡོད་པ་མ་ཡིན་ནོ། །ཕུང་པོ་དང་འདུལ་བ་ཡང་མ་ཡིན་ཏེ། ཕུང་པོ་ལས་ཕྱི་རོལ་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཇི་ལྟར་ལྷ་སྦྱིན་བ་ལང་ཅན་བཞིན་ཕུང་པོ་དང་ལྡན་པ་
ཡང་མ་ཡིན་ནོ། །འདིར་ཕ་རོལ་རྒོལ་བ་ན་རེ་བདག་མེད་ན་ནི་དེའི་ཚེ་ལས་དང་འབྲས་བུ་འབྲེལ་བ་དོན་མེད་པར་འགྱུར་བ་སྟེ། བ་ལང་ཤི་ན་རྭ་དང་རྨིག་པ་དང་། རྔ་མ་ལ་སོགས་པ་ཡང་ལྡོག་པར་འགྱུར་བ་བཞིན་ནོ་ཞེ་ན། སྨྲས་པ་འདིར་ཁྱད་པར་ཅན་གྱི་དཔེ་ཉོན་ཅིག །ནམ་མཁའོ་

ཟེར་གྱུར་པ་ན་ཐག་པ་ལ་སྦྲུལ་དུ་ཤེས་པས་སྐྲག་པ་ཉིད་དུ་གྱུར་ནས་དེ་ལྟར་མར་མེ་ཁྱེར་ཏེ་བལྟས་པའི་ཚེ་འདི་ཐག་པ་ཡིན་གྱི་སྦྲུལ་ནི་མ་ཡིན་ནོ། །འོན་ཀྱང་མི་བདེན་པར་སྒྲོ་བཏགས་པ་དང་བྲལ་ལོ་སྙམ་པ་དེ་བཞིན་དུ་མདོར་བསྡུས་ན་གང་ཟག་གི་བདག་མེད་པའོ། །འདིར་
བརྗོད་པ། དེ་ལྟ་མོད་ཀྱི་ཐག་པའི་དངོས་པོ་ཡོད་དོ་ཞེ་ན། སྨྲས་པ། འདི་ཐག་པ་མ་ཡིན་ཏེ། གཉིས་བསྒྲིལ་བའོ། །གཉིས་བསྒྲིལ་བ་ཡང་ཡོད་པ་མ་ཡིན་ཏེ། སྣལ་མའི་ཚོགས་ཡིན་པའི་ཕྱིར་རོ། །དེ་ཡང་ཡོད་པ་མ་ཡིན་ཏེ་རྡུལ་ཕྲ་རབ་འདུས་པའི་ཕྱིར་རོ། །རྡུལ་ཕྲ་རབ་ཀྱང་ཡོད་
པ་མ་ཡིན་ཏེ་ཕྱོགས་ཆ་ཐ་དད་པས་ཕྱེ་ན་རྡུལ་ཕྲ་རབ་ཀྱང་ཐ་དད་པར་མཐོང་བའི་ཕྱིར་རོ། །གང་ལ་ཆ་ཤས་ཆ་ཅན་དུ་གཏོགས་པ་དེ་ཇི་ལྟར་རྡུལ་ཕྲ་མོར་འགྱུར། དེ་ལྟ་བས་ན་ཐམས་ཅད་མེད་པར་འགྱུར་རོ་ཞེ་ན། དངོས་པོ་ཡོད་པ་མ་ཡིན་པས། །གང་ཞིག་མེད་པར་འགྱུར་བ་ཡིན། །ཡོད་
དང་མེད་པའི་ཆོས་བྲལ་བས། །ཡོད་དང་མེད་པར་བསམ་དུ་མེད། །འདི་དག་ནི་ཆོས་བདག་མེད་པའོ། །དེ་ལྟ་ན་ནི་སྐྱེ་བ་དང་གནས་པ་དང་འཇིག་པ་ཇི་ལྟ་ཞེ་ན། སྨྲས་པ། ཐོག་མར་འབྱུང་བ་གང་ཡིན་བརྗོད་པ་སྐྱེ་བའོ། །སྨྲས་པ། གནས་པ་དང་འཇིག་པ་དང་བྲལ་ན་གང་ཞིག་
གིས་སྐྱེ་བ་ཡིན། གལ་ཏེ་གནས་པ་དང་འཇིག་པ་མེད་པའི་སྐྱེ་བ་དེའི་ཚེ་རུས་སྦལ་གྱི་སྤུ་ཡང་སྐྱེ་བར་འགྱུར་རོ། །སྨྲས་པ། དེ་ལྟ་ཡིན་མོད་ཀྱི་གནས་པ་ཡིན་ནོ་ཞེ་ན། སྐྱེ་བ་དང་འཇིག་པ་དང་བྲལ་ནས་གང་ཞིག་གནས་པ་ཡིན། གལ་ཏེ་སྐྱེ་བ་དང་འཇིག་པ་མེད་པར་གནས་ན་
དེའི་ཚེ་མགོ་བོ་གཉིས་དང་ལག་པ་གསུམ་པོ་མ་སྐྱེས་པ་ཉིད་ལ་ཡང་མཐོང་བར་འགྱུར་རོ། །འོན་ཏེ་འཇིག་པ་མ་ཡིན་ནོ་ཞེ་ན། གལ་ཏེ་སྐྱེ་བ་དང་གནས་པ་དང་བྲལ་བའི་འཇིག་པ་ཡོད་པ་དེའི་ཚེ་མོ་གཤམ་གྱི་བུ་ལ་ཡང་ཇི་ལྟར་ཟློག་པར་བྱེད། འོན་ཏེ་ཅིག་ཅར་དུ་འཇུག་གོ་ཞེ་ན།
མ་ཡིན་ཏེ། ཕན་ཚུན་འགལ་བའི་ཕྱིར་མུན་པ་དང་སྣང་བ་བཞིན་ནོ། །འོན་ཏེ་རྣམ་པར་རིག་པར་སྨྲ་བ་ན་རེ་འདི་ལྟར་རྣམ་པར་ཤེས་པ་ནི་ཡོད་དོ་ཞེ་ན། སྨྲས་པ། གལ་ཏེ་ཡོད་པ་དེའི་ཚེ་ངོ་བོ་ཉིད་དཔྱད་པར་བྱ་སྟེ། གཅིག་ཅིག་གི་རང་བཞིན་ཡིན་ནམ་དུ་མའི་རང་བཞིན་ཡིན། རེ་ཞིག་

གཅིག་གི་རང་བཞིན་ནི་མ་ཡིན་ཏེ། ཕྱོགས་ཆ་དུ་མས་ཐ་དད་པའི་ཕྱིར་རོ། །གཅིག་གི་རང་བཞིན་མེད་ན་དུ་མའི་རང་བཞིན་ཡོད་པ་མ་ཡིན་ནོ། །ཁ་དོག་གམ་དབྱིབས་དམིགས་པ་མ་ཡིན་གྱི་འོན་ཀྱང་སྐྱེ་བའོ་ཞེ་ན། དེ་ཡང་མི་འཐད་དེ་རང་ངམ་གཞན་ནམ་གཉི་ག་ལས་སམ་རྒྱུ་མེད་པར་
མི་རུང་བའི་ཕྱིར་རོ། །དེ་ལྟ་ན་ནི་གལ་ཏེ་ཐམས་ཅད་མེད་པ་དེའི་ཚེ་ན་ཕྱི་རོལ་དང་ནང་དུ་སྣང་བ་འདི་དག་ཅི་ཞིག་ཡིན་ཞེ་ན། སྨྲས་པ། མགལ་མེའི་འཁོར་ལོ་སྤྲུལ་པ་དང་། །རྨི་ལམ་སྒྱུ་མ་ཆུ་ཟླ་དང་། །སྒྲ་བརྙན་དང་ནི་སྨིག་རྒྱུ་དང་། །དུ་བའི་མཚན་མ་ལ་སོགས་བཞིན། །དེ་སྐད་དུ་
ཡང་། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། །དམིགས་པ་མེད་པའི་ཆོས་འདི་ཀུན། །དམིགས་པ་མེད་པར་རབ་ཏུ་བཤད། །དམིགས་པ་མེད་པའི་བློར་
བྱས་ནས། །དམིགས་པ་མེད་པར་འགྱུར་བ་ཡིན། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ལ་སོགས་རྟག་ཏུ་བརྟེན། །དུས་མི་རིང་བ་ཉིད་དུ་ནི། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །མ་རྟོགས་པ་རྟོགས་པར་བྱེད་པ་སློབ་དཔོན་ཆེན་པོ་དཔལ་གཉིས་མེད་རྡོ་རྗེས་
མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཕྱག་ན་རྡོ་རྗེ་དང་། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སརྦ་སཱ་ར་ས་མུཙྪ་ཡ་པྲ་ཀ་ར་ཎ། བོད་སྐད་དུ། སྙིང་པོ་ཀུན་ལས་བཏུས་པའི་རབ་ཏུ་བྱེད་པ། བླ་མ་དང་སངས་
རྒྱས་ལ་ཕྱག་འཚལ་ལོ། །གང་དེ་དགའ་བའི་རང་བཞིན་གྱིས། །སྙིང་ལ་བདེ་བྱེད་ཉམས་མྱོང་བ། །དེ་ཡང་ཀུན་དུ་རྟོག་པ་ཙམ། །འདོད་ཆགས་བྲལ་བའི་དངོས་པོ་གང་། །དེ་ནི་གཅིག་ཏུ་སྲིད་རྒྱུའི་མཆོག །གང་ཞིག་ཡིད་ཀྱིས་སྐྱེས་པ་ཡི། །རྣམ་པར་རྟོག་པ་གང་དག་ཀྱང་། །དེ་ཉིད་
རང་བཞིན་ཡིན་ཕྱིར་ཏེ། །སྣང་ཞིང་རྒྱུ་བ་འདི་དག་ལས། །མྱ་ངན་འདས་པ་གཞན་དུ་ནི། །ཡོད་མིན་ཡུལ་ནི་ཅི་ལ་ཡང་། །རྣམ་པར་མི་རྟོག་བདག་ཉིད་སེམས། །རྣམ་རྟོག་སྤངས་པ་དེ་བཞིན་ཏེ། །མྱ་ངན་འདས་པ་ཞེས་བརྟག་གོ། །གཉིས་མེད་མྱ་ངན་འདས་པ་མིན། །འཁོར་

བའང་མ་ཡིན་པ་ཁོ་ན། །སོ་སོར་འགེགས་ཚིག་གང་ཡིན་དང་། །སོ་སོར་འགག་བྱར་འགེགས་པ་ཡི། །གསུམ་གྱི་དངོས་པོའང་མེད་པས་ན། །གང་གིས་གང་ཞིག་ཇི་ལྟར་འགྲུབ། །ཡུལ་ནི་དངོས་མེད་གཉིས་ཡིན་ནོ། །སོ་སོར་འགེགས་པའི་བྱེ་བྲག་ཅི། །
ནམ་མཁའི་མེ་ཏོག་ལ་སོགས་པས། །ཅིར་ཡང་མཐོང་ཞིང་རྒྱས་པ་བཞིན། །སྐྱེ་བ་མེད་པའི་རང་བཞིན་གྱིས། །བདེན་པའི་དངོས་པོ་སྦྱིན་སྣང་བ། །རྣམ་རྟོག་སྟོབས་ལས་བསལ་བ་ལ། །བུས་པའི་འབྲས་བུ་ངོ་མཚར་ཆེ། །ཇི་ལྟར་བུས་པ་བཀྲེས་པ་དག །སོར་མོ་རང་གི་ཁར་
བཅུག་ནས། །ནུ་ཞོ་འབབ་པ་ལྟ་བུ་ནི། །མཆིལ་མ་འཐུངས་པས་ངུ་བ་མེད། །དེ་ལྟ་བས་ན་འབྲས་རྨོངས་པས། །མྱ་ངན་འདས་ལ་སོགས་པར་བྱེད། །བདེ་བ་ཐོབ་པར་འདོད་པ་ཡི། །སོ་སོའི་སྐྱེ་བོ་དེ་ཉིད་དམན། །འགྲོ་རྣམས་དེ་ལྟར་སྡུག་བསྔལ་བས། །ཐོབ་པར་གྱུར་པ་
མི་མཉམ་སྟེ། །དྲུད་པ་ལས་བྱུང་མེ་ཡིས་ནི། །འོད་མ་ཚིག་གྱུར་ཇི་བཞིན་ནོ། །ཆགས་དང་ཆགས་བྲལ་ཞེས་བྱ་བ། །རྣམ་པར་སྤངས་ནས་མཉམ་གཞག་ན། །སྡུག་བསྔལ་མེད་ཅིང་བདེ་བ་མེད། །དེ་ཉིད་མཐོང་བར་སོམ་ཉི་མེད། །སྙིང་པོ་ཀུན་ལས་བཏུས་པའི་རབ་ཏུ་བྱེད་པ། སློབ་
དཔོན་ཆེན་པོ་ཤྲཱི་ཨཱ་ནནྡ་བཛྲའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བྷཱ་ཝ་ན་ཀྲ་མ་ཥ་ཊ་ནཱ་མ། བོད་སྐད་དུ། བསྒོམ་རིམ་དྲུག་པ་ཞེས་བྱ་བ།
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དང་པོ་ཐུགས་བརྩེ་བླ་མ་སྟེ། །བླ་མའི་མཚན་ཉིད་བརྟག་པར་བྱ། །རྗེས་སུ་བཟུང་བ་སློབ་མ་སྟེ། །བླ་མས་ཀྱང་ནི་དེ་བཞིན་བཏགས། །མཚན་ཉིད་ཀུན་ལྡན་བླ་མ་ལ། །སྒོ་གསུམ་གུས་དང་དངོས་པོ་ཡིས། །ཞེན་པ་མེད་པར་མཆོད་
བྱས་ལ། །ཁྱིམ་པའི་གནས་སམ་དུར་ཁྲོད་དམ། །ཤིང་གཅིག་ཅི་བདེའི་ས་ཕྱོགས་སུ། །ཆོ་གའི་རིམ་པ་བརྩམ་བྱ་ཞིང་། །འཇམ་པའི་སྟན་ལ་འཁྲུལ་འཁོར་བཅས། །བར་ཆོད་བསལ་ཕྱིར་གོ་ཆ་བགོ། །ཚོགས་ཆེན་རྣམ་གཉིས་བསགས་པའི་ཕྱིར། །བླ་མ་

སྤྱི་བོར་རྗེས་དྲན་བྱ། །དབང་པོ་གཉིས་ཀྱི་བྱེ་བྲག་གིས། །དང་པོ་ལྟ་བ་ཐག་བཅད་དེ། །ཏིང་འཛིན་ངོ་བོ་བརྟག་པར་བྱ། །རྟོགས་ཐོབ་དུས་མཉམ་བྱུང་མ་བྱུང་། །རང་དང་བླ་མའི་ཉམས་ལས་ཤེས། །ཕྱི་རོལ་སྤྱོད་པ་དེ་བཞིན་ཤེས། །མ་བྱུང་རིགས་པ་ཉམས་སུ་བླངས། །རོ་སྙོམས་བཞི་
ལ་རིམ་གྱིས་བསླབ། །ཡང་ན་ལུས་ངག་ཡིད་གསུམ་སྦྱངས། །ཐ་མ་འགྲོ་སར་གཏང་བར་བྱ། །གལ་ཏེ་དུས་མཉམ་བྱུང་བ་ན། །གཞི་དང་ལམ་དང་འབྲས་བུ་གསུམ། །བརྡ་ཡིས་ཕྱེ་ལ་དོན་དུ་དྲིལ། །གཞི་གཏན་ལ་འབེབས་པའི་ཆོས་དྲུག་དང་། །གཞི་སྨིན་པར་བྱ་བའི་ཆོས་གསུམ་
དང་། །གཞི་འགྲོལ་བར་བྱེད་པའི་ཆོས་གསུམ་སྟེ། །གཞི་ལ་བརྡ་ཆོས་བཅུ་གཉིས་བསྟན། །ལམ་ལ་ཉེ་དང་རིང་བ་དང་། །ཉེ་རིང་མེད་པའི་ལམ་དང་གསུམ། །རེ་རེ་ལ་ཡང་ལྔ་ལྔར་བརྟག །ལྔ་གསུམ་བཅོ་ལྔ་ལམ་གྱི་ཆོས། །འབྲས་བུའི་མཚན་ཉིད་བསྟན་པ་ཡང་། །སྐུ་བཞི་
རྒྱུན་ཆད་མེད་པ་ལ། །ངོ་བོ་བསམ་བརྗོད་བྲལ་བ་སྟེ། །གདགས་བྱ་སྣ་ཚོགས་མི་འགག་སྟེ། །ཡིད་བཞིན་ནོར་བུ་བུམ་པ་བཟང་། །དཔག་བསམ་ཤིང་ཆེན་ལྟ་བུའོ། །བསྒོམ་རིམ་དྲུག་པ་ཞེས་བྱ་བ། སངས་རྒྱས་གཉིས་པ་ལྟར་གྲགས་པའི་བཛྲ་པཱ་ཎིས་མཛད་པ་རྫོགས་སོ།། །།
ལོ་ཙཱ་བ་ནག་ཚོས་བསྒྱུར་བའོ།། ༄༅༅། །ན་མོ་བུདྡྷཱ་ཡ། སྐྱེ་བ་མེད་ཅིང་འགག་པ་མེད། །གཟུགས་མེད་གཟུགས་དང་ལྡན་པའང་མེད། །འཁོར་མེད་མྱ་ངན་འདས་པའང་མེད། །ན་ཡི་ཡི་གེས་བརྗོད་པའོ། །མོ། གཏི་མུག་རྟག་ཏུ་འཇིག་པར་བྱེད། །ཐར་པ་གཅིག་པུ་ལེགས་
པར་སྟེར། །བདུད་དང་ཉོན་མོངས་འཇོམས་པར་བྱེད། །ཡི་གེ་མ་ཡིས་བརྗོད་པའོ། །བུད། སངས་རྒྱས་ཀྱིས་ནི་ཕ་རོལ་གཤེགས། །སངས་རྒྱས་འགྲོ་བ་ཕན་པ་མེད། །སངས་རྒྱས་ཉོན་མོངས་དག་པ་ནི། །ཡི་གེ་བུད་ཀྱིས་བརྗོད་པའོ། །དྷཱ། ཆོས་རྣམས་ཐམས་ཅད་འཛིན་པ་ཡིས། །
ཆོས་ཀྱི་དབྱིངས་དང་བཅས་པར་ནི། །ཆོས་རྣམས་ཉིད་ནི་ཆོས་ཀྱི་མཆོག །ཡི་གེ་དྷཱ་ཡིས་བརྗོད་པའོ། །ཡ། ཇི་ལྟར་གནས་པ་དེ་བཞིན་འཇིག །ཇི་ལྟར་འཇིག་པ་དེ་བཞིན་གནས། །ཇི་ལྟར་སྨྲས་པ་དེ་བཞིན་བྱེད། །ཡི་གེ་ཡ་ཡིས་བརྗོད་པའོ། །ན་མོ་བུདྡྷཱ་ཡའི་འགྲེལ་པ་རྫོགས་སོ།། །།

༄༅༅། །རྒྱ་གར་སྐད་དུ། དོ་ཧ་ཀོ་ཥཱ། བོད་སྐད་དུ། དོ་ཧ་མཛོད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཇིག་རྟེན་པ་ནི་ང་རྒྱལ་བྱེད། །ད་ནི་དོན་དམ་འཇུག་པའོ་ཞེས། །གོས་པ་མེད་ལ་ཞུགས་པ་ནི། །བྱེ་བའི་ནང་ནས་གཅིག་ཙམ་སྲིད། །ལུང་དང་རིག་བྱེད་
རྙིང་པ་ཡིས། །མཁས་པ་ང་རྒྱལ་བྱེད་པ་དག །དཔལ་འབྲས་སྨིན་པ་ལ་ནི་བུང་བ་བཞིན། །དེས་ནི་ཕྱི་རོལ་དག་ཏུ་འཁོར་བར་བྱེད། །བྱང་ཆུབ་སེམས་དང་རྡུལ་གྱིས་བརྒྱན། །མི་བསྐྱོད་པ་ནི་གོས་འགྱུར་བས། །པདྨའི་ས་བོན་རང་བཞིན་ལ། །དག་པ་གཉུག་མའི་ལུས་ལ་མཐོང་། །
ནམ་མཁའི་ཆུ་དང་འོད་དཔག་མེད་ཀྱི་འདམ། །དེས་ནི་རྩ་བ་རབ་ཏུ་སྤངས་ནས་བྱས། །ཨ་ཝ་དྷཱུ་ཏཱིས་རྩ་བ་སྡོང་པོ་བྱས། །ཧཾ་གི་ཡི་གེའི་རྣམ་པར་སྐྱེས་གྱུར་པ། །རོ་མ་དང་ནི་བརྐྱང་མ་གཉིས་ཀྱིས་ནི། །གཡས་དང་གཡོན་ཕྱོགས་གཉིས་ཀྱི་སྡོང་བུར་བྱས། །པདྨ་འདབ་མ་བཞི་དང་རྩ་
བ་བཞི། །བདེ་བ་ཆེན་པོ་དག་ནི་ཚང་ན་གནས། །ཨེ་ཝཾ་ས་བོན་དག་ནི་བླངས་ནས་ནི། །མེ་ཏོག་པདྨ་བཞིན་དུ་རྒྱས་པར་བྱེད། །བུང་བའི་གཟུགས་ཀྱིས་བདེ་ཆེན་དཔའ་བོ་ནི། །སྦྲང་རྩི་དག་ནི་རབ་ཏུ་འཐུང་བར་བྱེད། །འབྱུང་བ་ཆེན་པོ་ལྔ་ཡི་ས་བོན་ནི། །བླངས་ནས་རྫོགས་པ་དག་ཏུ་
བྱེད་པར་འགྱུར། །སྲ་བར་འགྱུར་བ་དག་ནི་ས་ཡིན་ནོ། །ཆུ་ནི་རླན་པ་ཚ་བ་མེ་ལས་སྐྱེས། །ཡང་ཞིང་གཡོ་བ་དག་ནི་རླུང་ཡིན་ནོ། །ནམ་མཁའ་བདེ་བ་དག་ནི་གང་བའོ། །མ་ལུས་ལྷ་དང་ལྷ་མིན་དེ་ལས་སྐྱེས། །རྨོངས་པ་འདི་དག་རྣམས་ནི་སྟོང་པའོ། །ས་དང་ཆུ་དང་མེ་རླུང་ནམ་
མཁའ་རྣམས། །བློ་ཡི་ཡུལ་དུ་བླངས་ནས་ཤེས་པར་གྱིས། །དབའ་རླབས་མེད་ཅིང་མཉམ་པ་གཉུག་མའི་ལུས། །སྒྲིབ་པ་མ་ལུས་སྤངས་པ་སྟེ། །དགེ་དང་སྡིག་པ་གཅིག་ཀྱང་མེད། །གསལ་པོར་ནག་པོ་དག་གིས་གསུམ། །ཕྱི་རོལ་འབྱུང་བ་དག་ནི་སྤྱད་བྱས་ནས། །སྟོང་
དང་སྟོང་མིན་དག་ལ་འཇུག་པར་གྱིས། །སྟོང་དང་སྟོང་མིན་གཉིས་ཀྱི་དབུས་སུ་ནི། །ཀྱེ་ཧོ་རྨོངས་པ་ཅི་ཡང་མ་མཐོང་ངམ། །ལྷན་ཅིག་སྐྱེས་པ་གཅིག་པུ་ཡོད། །ནག་པོ་བདག་གིས་ཡོངས་སུ་ཤེས། །ལུང་དང་བསྟན་བཅོས་མང་པོ་བཀླགས་པ་དང་། །ཉན་ཀྱང་རྨོངས་པ་ཅི་ཡང་

མི་ཤེས་སོ། །སྟེང་དུ་མི་རྒྱུ་འོག་ཏུ་མི་འགྲོ་ཞིང་། །གཉིས་པ་སྤངས་པས་དེ་ནི་བརྟན་པར་གནས། །ནག་པོ་ན་རེ་ཡིད་ནི་གང་དུ་མི་འཕོ་ཟེར། །མི་གཡོ་རླུང་ནི་ཁྱིམ་བདག་མོ་ནི་ཁྱིམ་དུ་གནས། །མཆོག་གི་རི་བོ་དག་ནི་ཕུག་ཟབ་མོར། །འགྲོ་བ་མ་ལུས་པ་ནི་ཆགས་པར་འགྱུར། །
དྲི་མ་མེད་པར་ཆུ་ནི་སྐམས་འགྱུར་ཏེ། །དུས་ཀྱི་མེ་ནི་རབ་ཏུ་ཞུགས་གྱུར་པ། །ས་འཛིན་འདི་ནི་ཤིན་ཏུ་བཟུང་དཀའ་སྟེ། །མཉམ་དང་མི་མཉམ་དག་ལ་རྒལ་མི་ནུས། །ནག་པོ་ན་རེ་མཚོན་དཀའ་རྟོགས་དཀའ་བ། །འདི་ནི་གང་གི་སེམས་ཀྱིས་བསམ་མི་ནུས། །གང་གི་ཡི་ནི་རིན་
ཆེན་རིས་ནུས་པ། །ཉི་མ་རེ་རེ་ལྷན་ཅིག་སྐྱེས་པ་འཕྲོ། །དེ་ཡིས་ཆོས་ཀྱི་རང་བཞིན་དག་ནི་ཤེས། །གཞན་ལ་བསྟན་དུ་ཟིན་ཀྱང་མི་ཤེས་སོ། །ལམ་འགྲོ་གཉུག་མའི་ཡིད་ནི་བཅིངས་ནུས་པ། །ཁམས་གསུམ་མ་ལུས་སྤྲོ་ཞིང་ཡང་དེར་སྡུད། །བདེ་གཤེགས་སྲིད་པའི་ལྷ་
མོ་ཁྲོ་བོའི་ཚོགས། །དཀྱིལ་འཁོར་འཁོར་ལོ་དག་ནི་སྤངས་ནས་སུ། །ལྷན་སྐྱེས་སྐད་ཅིག་ལ་ནི་བདག་གནས་བྱ། །གང་གིས་ལྷན་སྐྱེས་མི་གཡོ་བརྟན་ནུས་པ། །གཉུག་མའི་ཡིད་ཀྱིས་རྒྱལ་པོ་རོ་མཉམ་འགྱུར། །དེ་ཡི་སྐད་ཅིག་ལ་ནི་འགྲུབ་འགྱུར་ཏེ། །རྒས་དང་འཆི་བའི་
འཇིགས་པ་གང་ཡང་མེད། །མི་གཡོ་མི་རྟོག་སྐྱོན་རྣམས་མེད་པ་ནི། །ཤར་ནུབ་སྤངས་པ་དེ་ནི་སྙིང་པོ་སྟེ། །འདི་ནི་འདི་རུ་མྱ་ངན་འདས་པར་གསུངས། །དེས་ནི་ཡིད་ཀྱིས་ང་རྒྱལ་ཅི་ཡང་མི་བྱེད་དོ། །ཨེ་ཝཾ་རྣམ་པ་གང་གིས་ཤེས་གྱུར་པ། །དེས་ནི་མ་ལུས་ལུས་པ་མེད་པར་
ཤེས། །ཀྱེ་ཧོ་ཆོས་ཀྱི་ཟ་མ་ཏོག་ཅེས་དེ་ལ་བྱ། །གཉུག་མའི་བདག་པོ་ཆ་ལུགས་དེ་ཡིན་ནོ། །གལ་ཏེ་རླུང་དང་ནམ་མཁའ་སྒོ་གཉིས་ལ། །སྒོ་ལྕགས་དམ་པོར་གང་གིས་འཇུག་ནུས་ན། །དེས་ནི་དེ་རུ་མུན་པ་ནག་པོ་ཡིས། །ནང་དུ་ཡིད་ཀྱི་མར་མེ་དག་ནི་བྱ། །རྒྱལ་བ་རིན་
ཆེན་ལུས་ཀྱི་སྟེང་དུ་སོང་། །ནག་པོ་ན་རེ་སྲིད་ལོངས་སྤྱད་པས་ཐར་པ་འགྲུབ། །གང་གི་ཡིད་ནི་བརྟན་པར་བྱས་གྱུར་ན། །དེ་ནི་ཆོས་ཀྱི་ཡི་གེའི་དྲུང་ན་གནས། །སྐད་ཅིག་གིས་ནི་རླུང་གིས་འཆིང་བར་འགྱུར། །དེའི་ཚེ་ཡུལ་རྣམས་ལ་ཡང་རེ་བ་མེད། །མཆོག་དང་དགའ་བྲལ་

དབུས་སུ་གང་སྐྱེས་པ། །ཆོས་ཀྱི་ཡི་གེའི་དབུས་སུ་ཤེས་པར་གྱིས། །འདི་ལྟའི་གདམས་ངག་གསལ་པོར་འགྲུབ་འགྱུར་ནི། །དེ་ཡི་ཁྱིམ་བདག་མོ་རླུང་མི་གཡོ་བཅིངས། །མཆོག་གི་རི་བོའི་རྩེ་ལ་རྒྱས་པའི་ཐང་། །རི་ཁྲོད་པ་ནི་དེ་རུ་གནས་བྱས་པས། །གདོང་ལྔ་པས་ཀྱང་རྒལ་
བར་མི་ནུས་ན། །གླང་པོ་ཆེ་ཡི་རེ་བ་རིང་དུ་འགྱུར། །འདི་ནི་མཆོག་གི་རི་བོར་བདག་གིས་བསྟན། །འདི་ནི་བདེ་བ་ཆེན་པོའི་གནས་ཡིན་ནོ། །ལྷན་ཅིག་སྐྱེས་པའི་སྐད་ཅིག་འདི་རུ་ལྟོས། །བདེ་བ་ཆེན་པོ་མ་རྙེད་བར་དུའོ། །འགྲོ་བ་ཀུན་གྱིས་ལུས་ངག་ཡིད་འདྲེན་སྤྱོད། །ཀྱེ་ཧོ་དེ་ཉིད་བདེ་ཆེན་རྒྱལ་པོ་གཅིག་ཏུ་
ཉིད། །རྒྱུད་དང་སྔགས་རྣམས་ཀྱིས་ནི་ཅི་ཞིག་བྱ། །གཉུག་མའི་ཁྱིམ་བདག་མོ་ནི་བླངས་ནས་རོལ་པར་བྱ། །གཉུག་མའི་ཁྱིམ་དུ་ཁྱིམ་བདག་མོ་ནི་མ་ཆུད་པའི། །བར་དུ་དེ་སྲིད་འདོད་ཡོན་ལྔ་ལ་སྤྱོད། །བཟླས་པ་སྦྱིན་སྲེག་དཀྱིལ་འཁོར་ལས་འདི་ཡིས། །རྟག་ཏུ་ཀུ་རེ་རྩེད་མོས་ཅི་ཞིག་བྱ། །གཞོན་ནུ་
མ་དང་རྟག་ཏུ་མཛའ་བ་དེ་མེད་ན། །ལུས་འདི་ཡིས་ནི་བྱང་ཆུབ་ཇི་ལྟར་འགྲུབ། །གང་གི་རྒྱུན་དུ་ལྷན་ཅིག་སྐྱེས་རྟོགས་ན། །རིག་བྱེད་རྙིང་པ་དེ་ཡིས་ཅི་ཞིག་བྱ། །དེས་ནི་འགྲོ་བ་མ་ལུས་རྣམ་རྟོག་བཅད། །གང་གིས་ཡིད་ནི་རིན་ཆེན་བརྟན་ནུས་ན། །གཉུག་མའི་ཁྱིམ་བདག་མོ་ནི་བླངས་ནས་འདིར། །དེ་
ནི་རྡོ་རྗེ་སེམས་དཔའ་མགོན་པོ་སྟེ། །མཆོག་གི་དོན་འདི་བདག་གིས་རབ་ཏུ་བརྗོད། །ཇི་ལྟར་ལན་ཚྭ་ཆུ་ལ་ཞུ་བ་བཞིན། །དེ་ལྟར་ཁྱིམ་ཐབ་མོས་ནི་གཟུང་བའི་སེམས། །ཀྱེ་ཧོ་སྐད་ཅིག་གིས་ནི་རོ་མཉམ་འགྱུར། །གང་གིས་དེ་དང་རྟག་ཏུ་མཉམ་པར་གནས། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སློབ་
དཔོན་ནག་པོ་རྡོ་རྗེས་མཛད་པའི་དོ་ཧ་མཛོད་ཅེས་བྱ་བ་རྫོགས་སོ།། །།ལྷོ་ཕྱོགས་ཀོ་ས་ལར་སྐུ་འཁྲུངས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་བཻ་རོ་ཙ་ན་བཛྲའི་ཞལ་སྔ་ནས་རང་འགྱུར་དུ་མཛད་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀྲྀཥྞ་བཛྲ་པཱ་ད་དོ་ཧ་ཀོ་ཥ་ཊཱི་ཀཱ། བོད་སྐད་དུ། དཔལ་
ནག་པོ་རྡོ་རྗེ་ཞབས་ཀྱི་དོ་ཧ་མཛོད་ཀྱི་རྒྱ་ཆེར་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཁོར་བའི་རྒྱ་མཚོ་དྲི་མེད་ཆུས་གང་བའི། །སྔགས་ཀྱི་ལུགས་ཀྱི་མཚོ་ལས་པད་སྐྱེས་པ། །སྤྱོད་འཆང་ནག་པོ་འགྲོ་དོན་སྦྲང་རྩི་ཡི། །བསུང་གི་མེ་ཏོག་རྟག་ཏུ་རྒྱལ་གྱུར་ཅིག །རང་གི་

སློབ་མས་བསྐུལ་བའི་དབང་གིས་ཏེ། །མཁས་པ་དཔག་མེད་རྡོ་རྗེ་ཡིས། །སྤྱོད་ཞབས་དོ་ཧ་ཀོ་ཥ་ཡི། །ཚིག་དོན་རབ་ཏུ་དབྱེ་བར་བྱ། །འདིར་ལོག་པའི་ཤེས་པ་ཉིད་ཀྱིས་མཆོག་གི་དོན་ལ་མཁས་པའི་བདག་ཉིད་ཡིན་ནོ་ཞེས་ང་རྒྱལ་བསམ་བཞིན་པས་འཇིག་རྟེན་པ་རྣམས་ངའི་དེ་ཁོ་ན་ཉིད་
རིག་པ་ཡིན་ནོ་ཞེས་ང་རྒྱལ་བྱེད་པར་གྲགས་པ་དེ་རྣམས་ལ་བལྟས་ནས། སྙིང་རྗེའི་ཁུར་བུས་བརླན་པའི་ཐུགས་ཀྱིས་དེའི་ང་རྒྱལ་ཐམས་ཅད་འཇོམས་པར་འདོད་པས་ཇི་ལྟ་བ་བཞིན་དུ་འགྱུར་བའི་སྔགས་ཀྱི་ལུགས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། སྐྱེ་འགྲོ་ཐམས་ཅད་ཀྱི་ཐུན་མོང་གི་དོན་དུ་འཕྲལ་
སྐད་ཚིག་གི་སློབ་དཔོན་སྤྱོད་པའི་རྡོ་རྗེ་ང་ནི་མཆོག་གི་དོན་ལ་མཁས་པ་ཞེས། འཇིག་རྟེན་པ་ནི་ང་རྒྱལ་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་པ་ནི་ང་རྒྱལ་བྱེད་པ་དེ་ཉིད་གང་ཡིན་ཞེ་ན། ང་ནི་མཆོག་དོན་ལ་མཁས་པ། །ཞེས་གསུངས་སོ། །འདི་ནི་ཇི་སྙེད་ཡོད་ཚད་བསྟན་པ་ཡིན་གྱི་བྱེ་
བྲག་དུ་བསྟན་པ་ནི་མ་ཡིན་ནོ། །དེ་བསྟན་པའི་ཕྱིར་བྱེ་བའི་ནང་ན་གཅིག་ཙམ་སྲིད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དེ་བྱེ་བའི་ནང་ན་སྲིད་ན་སྟེ། །རྡུལ་མེད་པ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་འདིར་བྲལ་བས་རྡུལ་བྲལ་ཏེ། ལྷན་ཅིག་སྐྱེས་པའི་སྐུའོ། །དེ་ལ་ཞུགས་
པར་གྱུར་པ་ནི་དེ་ལ་ཡིད་ངེས་པར་ཞུགས་པ་སྟེ། རྡུལ་མེད་པ་ལ་ཞུགས་པའོ། །རྣལ་འབྱོར་གྱི་དབང་ཕྱུག་དེ་ཡང་ང་ལྟ་བུ་ཡིན་ཞེས་དགོངས་སོ། །ལོག་པའི་ཤེས་པའི་ང་རྒྱལ་དང་ལྡན་པ་རྣམས་སུན་ཕྱུང་ནས་འཇིག་རྟེན་པའི་བདེ་བའི་ཤེས་རབ་དང་ལྡན་པས་དོན་དམ་པར་བདག་གིས་
ཤེས་སོ་ཞེས་མངོན་པའི་ང་རྒྱལ་བྱེད་པའི་མཁས་པ་རྣམས་ཀྱི་དབང་དུ་བྱས་ནས། ལུང་དང་རིགས་པ་རྙིང་པ་ཡིས་ཀྱང་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུང་ལ་སོགས་པ་ཤེས་པའི་མཁས་པ་རྣམས་ང་རྒྱལ་བྱེད་པ་ནི་དོན་དམ་པའི་བདེན་པ་ཤེས་པར་མངོན་པའི་ང་རྒྱལ་བྱེད་པའོ། །
དེ་ལྟ་བུར་གྱུར་པ་གང་ལ་ཇི་ལྟར་ཇི་བྱེད་སྙམ་པ་ལ། དཔལ་འབྲས་སྨིན་པ་ལ་ནི་བུང་བ་བཞིན། །ཞེས་བྱ་བ་ལ་སོགས་པ་ལ། དེ་རྣམས་འཁོར་ཞིང་རྒྱུ་བ་བཞིན། །ཞེས་གསུངས་ཏེ། བུང་བ་ནི་སྦྲང་རྩིའོ། །གཞན་ནི་ཇི་ལྟ་བ་བཞིན་དུ་ཕྱི་རོལ་ནས་འཁོར་ཞིང་རྒྱུ་བའོ། །དེ་བཞིན་དུ་ཕྱི་རོལ་གྱི་སྔགས་

དང་ཕྱག་རྒྱ་ལ་སོགས་པས་འབྲེལ་ཏེ། དེའི་ལྟ་བ་ལ་མངོན་པར་ཞེན་པའི་ཕྱིར་རོ། །ཟབ་མོ་དེ་ཁོ་ན་ཉིད་ཀྱི་དོན་ནི། བདུད་རྩི་མི་རིགས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་ལྷ་མོ་བཞིས་ཞུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། ཐུབ་པ་ཆེན་པོའི་ཆོས་ཕུང་ནི། །བརྒྱད་
ཁྲི་དང་ནི་བཞི་སྟོང་དག །གང་གིས་དེ་ཉིད་མི་ཤེས་ན། །དེ་དག་ཐམས་ཅད་འབྲས་བུ་མེད། །ཅེས་གསུངས་སོ། །གལ་ཏེ་དེ་ལྟ་ཡིན་ན་སྤྲོས་པའི་རྣམ་པ་ཇི་ལྟར་དངོས་སུ་བྱེད་ཅེས་བརྗོད་པར་བྱ་སྟེ། སྤྲོས་པའི་རྣམ་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཡང་སྤྲོས་པ་མེད་པ་ལྷན་ཅིག་སྐྱེས་
པའི་ཡེ་ཤེས་དེ་ཉིད་ལས་སྐྱེས་པའོ། །དེ་ཉིད་ལས་སྤྲོས་པའི་རྣམ་པ་བྱུང་བ་སྟེ། དེ་བསྟན་པར་བྱ་བའི་ཆེད་དུ་དེ་ལྟར་ཡང་། སྤྲོས་པས་སྤྲོས་པ་མེད་པར་བྱ། །ཞེས་གསུངས་སོ། །དེའི་ཕྱིར་ཨེ་ཝཾ་ལས་ཡི་གེ་ལྷན་ཅིག་སྐྱེས་པའི་སྐུ་ལས། ཇི་ལྟར་འགྲོ་བ་འབྱུང་བར་བསྟན་པའི་ཕྱིར། །བྱང་ཆུབ་
སེམས་དང་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དང་རྡུལ་གྱིས་ནི། །མི་བསྐྱོད་ལུས་ཀྱིས་འཁྱུད་གྱུར་པ། །ཞེས་གསུངས་ཏེ། སྟོང་པ་ཉིད་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོའོ། །སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པའོ། །སེམས་དང་སེམས་ལས་བྱུང་བ་
དང་མ་རིག་པའོ། །བུད་མེད་དང་སྐྱེས་པ་དང་མ་ནིང་ངོ་། །ཉིན་མོ་དང་ནུབ་མོ་དང་མཚམས་སོ། །སྤྲུལ་པའི་སྐུ་དང་། ལོངས་སྤྱོད་པ་དང་། ཆོས་ཀྱི་སྐུའོ། །ལུས་དང་ངག་དང་ཡིད་དོ། །རླངས་པ་དང་། ཕྱུར་བ་དང་། རྣམ་པར་བཅིངས་པའོ། །སྤྱན་དྲངས་པ་དང་གཤེགས་སུ་གསོལ་བ་དང་ཞུགས་
པའོ། །ཨོཾ་ཨཱཿཧཱུཾ་གི་ཡི་གེ་རྣམས་དང་། འོག་དང་སྟེང་དང་ཐད་ཀའི་སྒོའོ། །བདག་གི་དེ་ཉིད་དང་། སྔགས་ཀྱི་དེ་ཉིད་དང་། དཀྱིལ་འཁོར་གྱི་དེ་ཉིད་དོ། །སྙིང་སྟོབས་དང་། རྡུལ་དང་། མུན་པའོ། །ཟླ་བ་དང་ཉི་མ་དང་སྒྲ་གཅན་ནོ། །སྐྱེས་པ་དང་གནས་པ་དང་འཇིག་པའོ་ཞེས་བྱ་བ་ལ་སོགས་པ་བྱང་
ཆུབ་ཀྱི་སེམས་དང་། རྡུལ་དང་མི་བསྐྱོད་པའི་སྒྲས་བརྗོད་པའོ། །འདི་ལྟར་གང་དུ་མཐོང་ཞེས་བྱ་བ་ལ། པདྨའི་ས་བོན་གྱི་ནི་རང་བཞིན་གྱི། །དག་པ་ལྷན་ཅིག་སྐྱེས་པ་ལུས་ལ་མཐོང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨའི་ལུས་ཉིད་པདྨ་སྟེ། །དེའི་ས་བོན་རང་བཞིན་གྱིས་སོ། །དག་པ་ནི་དྲི་མ་མེད་

ཅིང་རང་བཞིན་གྱིས་འོད་གསལ་བའི་ཕྱིར། དེ་ཉིད་ལྷན་ཅིག་སྐྱེས་པའི་སྐུའོ། །འདི་གང་དུ་མཐོང་ཞིང་རྟོགས་སྙམ་པ་ལ། རང་ལུས་ལ་མཐོང་བ་སྟེ། འདིའི་དོན་ནི་ལུས་དང་ངག་དང་ཡིད་ལས་སྐྱེས་པའི་བཅོམ་ལྡན་འདས་སོ། །ཐམས་ཅད་སྟོང་པའི་ཁམས་ལ་ཞུགས་པ་འགྲོ་བ་ཨེ་ཝཾ་གྱི་ཡི་གེའི་
ངོ་བོ་ཉིད་དོ། །དེ་ལྟར་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། ལུས་ཀྱི་ཐིག་ལེ་ཟླ་བ་བྱང་ཆུབ་སེམས། །ངག་དང་ཚེག་དྲག་རྡུལ་དང་ཉི་མའོ། །རཱ་ཧུ་དུས་མེ་དག་གི་སེམས་འདི་ནི། །ཨེ་དང་ཝཾ་ནི་འགྲོ་ཀུན་ས་བོན་གཅིག །ཅེས་གསུངས་ཏེ། འདི་ཉིད་ཀྱི་ཕྱིར་ཡང་མཁའ་འགྲོ་མའི་འཁོར་ལོ་སྐྱེ་བ་
དང་། གནས་པ་དང་ཐིམ་པ་དང་། རབ་ཏུ་ཞི་བ་ཞེས་གསུངས་སོ། །དེའི་ཕྱིར་ཨེ་དང་ཝཾ་གི་ཡི་གྱེ་དག་ལས་རྣམ་པ་སྣ་ཚོགས་པའི་འགྲོ་བ་འབྱུང་ངོ་། །ཇི་ལྟར་འཇིམ་བག་གི་གོང་བུ་ལས་འཇིམ་བག་གཅིག་ལས་བྱས་པའི་བུམ་པའི་མཚན་ཉིད་ཀྱི་འབྲས་བུ་གཅིག་འབྱུང་སྟེ། དེ་ལ་ཇི་ལྟར་
གཅིག་ལས་གཟུགས་དང་དབྱིབས་དང་ཕྱོགས་སྣ་ཚོགས་ནས་གནས་པ་རྒྱུན་མ་ཆད་པ་མཐའ་མེད་པ་ཇི་ལྟར་འབྱུང་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། ཇི་ལྟར་མཁན་པོ་དག་ལས་རིག །མར་མེ་ལས་ནི་མར་མེ་བཞིན། །ཇི་ལྟར་རྒྱ་ལས་རྒྱ་ཉིད་དང་། །མེ་ལོང་ལས་ནི་གདོང་དང་གདོང་། །སྒྲ་ལས་
སྒྲ་བརྙན་འབྱུང་བ་བཞིན། །མེ་ཤེལ་ལས་ནི་མེ་འབྱུང་བཞིན། །ཉི་གཟུགས་ཉི་མ་ཕྱེད་ན་མེ། །ལྕེ་འཛག་སྐྱུར་ཟོས་མེད་ན་མེད། །རང་ལས་མ་ཡིན་གཞན་ལས་མིན། །གཉིས་ཀ་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ལས་ཀྱང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཕ་དང་མ་ཡི་ཁུ་
དང་ཁྲག །དེ་བཞིན་སྲོག་དང་ཐུར་སེལ་དང་། །སེམས་ཀྱི་རྡོ་རྗེ་ཡང་དག་ལྡན། །ལུས་ཀྱི་སྐྱེད་པར་བྱེད་པའི་རྒྱུ། །འོད་དཔག་མེད་དང་རིན་ཆེན་སྲོག །ཐུར་སེལ་གོ་རིམས་ཇི་ལྟ་བར། །ལུས་ངག་ཡིད་དང་ཆགས་པ་ནི། །ཐུགས་ཀྱི་རྡོ་རྗེ་ཞལ་རྣམས་སོ། །ཁུ་བ་ལས་ནི་ཟླ་བ་འབྱུང་། །ཁྲག་
ལས་ཉི་མ་སྲིད་པ་སྟེ། །སྲོག་ལས་རཱ་ཧུར་སྐྱེ་བའོ། །ཐུར་སེལ་རྩོལ་ལས་དུས་མེ་སྟེ། །ཁུ་བ་ལས་ནི་རྩ་རྣམས་སྐྱེ། །ཁུ་བ་ལས་ནི་རུས་པ་འབྱུང་། །རྡུལ་ལས་ཁྲག་ནི་འབྱུང་འགྱུར་ཞིང་། །ཤ་ལས་པགས་པ་སྐྱེ་བ་སྟེ། །རུས་པ་ལས་ནི་རྐང་འབྱུང་ངོ་། །ཟླ་བ་ལས་ནི་ཆུ་སྐྱེ་ཞིང་། །ཁྲག་ལས་མེ་

ནི་འབྱུང་བར་འགྱུར། །རཱ་ཧུ་ལས་ནི་སྲོག་སྐྱེ་སྟེ། །དུས་མེ་ལས་ནི་ཐུར་སེལ་འབྱུང་། །རྩོལ་བས་ཡིད་ནི་འབྱུང་བར་འགྱུར། །ལུས་ཅན་ཀུན་གྱི་ལྕེ་ཆུང་དང་། །ལྕེ་ནི་ཁུ་བ་དག་གིས་ཀྱང་། །གཡས་དང་གཡོན་པ་དག་གིས་ནི། །མིག་གཉིས་དག་ནི་རྡུལ་ལས་སྐྱེས། །དེ་བཞིན་སྣ་
ཡི་བུག་པ་གཉིས། །ཁྲག་དག་ལས་ནི་ངེས་པར་སྐྱེ། །དེ་བཞིན་རྣ་བའི་བུག་པ་གཉིས། །སྟོང་པ་དག་ནི་ཉིད་ལས་སྐྱེས། །དེ་བཞིན་འོག་གི་རྒྱུན་སྒོ་གསུམ། །ཐུར་སེལ་ཉིད་ལས་ཡང་དག་སྐྱེ། །དེ་བཞིན་ནུ་མའི་བུག་པ་གཉིས། །རཱ་ཧུ་ལས་ནི་ཡང་དག་སྐྱེ། །དེ་བཞིན་འབྲས་བུ་གཉིས་པོ་ནི། །ཐུར་
སེལ་དག་ལས་རབ་ཏུ་སྐྱེ། །དེ་ལྟར་འདིར་རིམ་པས་ལུས་པོའི་པདྨ་སྐྱེ་བར་འགྱུར་བས་དེའི་ཕྱིར་སྐྱེ་བའི་ཚོགས་པ་ཀུན་རྫོབ་དང་དོན་དམ་པའི་རིམ་པར་སྟོན་པའི་ཕྱིར། ནམ་མཁའི་ཆུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ནི་མི་བསྐྱོད་པ་སྟེ། དེ་ཉིད་ཆུ་རུ་མཚོན་པ་སྟེ། །དེ་ལྟར་
འདིའི་ཤིན་ཏུ་དག་པའི་ཕྱིར་རོ། །དེ་ཡང་། ནམ་མཁའ་བདུད་རྩི་ཐིགས་པ་དང་། །ཞེས་གསུངས་སོ། །འོད་དཔག་མེད་ཀྱི་འདམ་ཞེས་པ་ནི། འོད་དཔག་མེད་པ་ནི་བྱང་ཆུབ་སེམས་ཏེ། རྡུལ་གྱིས་བརྒྱན་པ་ཞེས་གོ་བར་བྱའོ། །དེ་ཉིད་ལས། འདམ་གྱི་རྩ་བ་སྤང་པ་ནི། །དེ་ཉིད་བར་པ་མཚོན་
པའོ། །འདི་ཡི་དོན་ནི་གཞན་ན་ཡང་། ས་བོན་དང་ཆུ་དང་འདམ་བག་ཚོགས་པ་ན་མྱུ་གུ་དང་སྡོང་བུ་ལ་སོགས་པ་སྐྱེ་བ་བཞིན་དུ་ཡང་། ཆོས་ཀྱི་དབྱིངས་ས་བོན་དང་ནམ་མཁའི་ཆུ་དང་། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་འབྱུང་བར་བཅོམ་ལྡན་འདས་ཀྱི་གཟུགས་གཞོམ་དུ་མེད་པ་དེ་ཉིད་ནི། པདྨ་མེ་
ཏོག་གི་ངོ་བོ་ཉིད་སྡོང་བུ་དང་། ཡལ་ག་དང་ལོ་མའི་རིམ་པས་རྫོགས་པར་འགྱུར་རོ། །དེ་ཉིད་སྡིག་སྤངས་རྩ་བ་དང་ནི་སྡོང་བུར་བཅས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པའི་ཉེས་པ་སྟེ་སྤངས་པ་ནི་བཅོམ་པ་སྟེ། འོད་གསལ་བ་ཉིད་ཀྱི་ཕྱིར་རོ། །འདིས་བཅོམ་པས་ན་སྡིག་སྤངས་ཞེས་
བྱ་སྟེ། དབྱངས་ཡིག་དང་པོའི་རང་བཞིན་ནོ། །དེ་ལྟར་ཡང་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། དང་པོ་དབྱངས་ཡིག་རང་བཞིན་ཏེ། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བརྟགས། །ཞེས་སོ། །སྡིག་པ་སྤངས་ཤིང་གཙོ་བོའི་རྩ་བ་སྡོང་བུར་བྱས་པའོ། །གང་གིས་སྡིག་པ་སྤངས་ཤིང་གཙོ་

བོའི་རྩ་བ་དང་སྡོང་བུ་བྱས་པ་གང་ཡིན་ཞེ་ན། ཧཾ་གི་ཡི་གེ་སྐྱེད་པར་གྱུར་པའོ་ཞེས་གསུངས་ཏེ། གཞན་གྱིས་བསྟན་པ་ལས་དང་བའི་ས་བོན་ཞེས་བརྗོད་དོ། །དེ་ཉིད་ནི་གཞོམ་དུ་མེད་པའི་ཕ་རོལ་དང་ནི་ཁའི་ཚུལ་ཏེ་ཧཾ་ཞེས་བྱ་བའོ། །ཡན་ལག་མེད་པའི་རྡོ་རྗེའི་ཡི་གེའོ། །ཐུང་ངུ་དང་རིང་པོའོ། །
ཤིན་ཏུ་རིང་བ་བསྡུས་པའི་ངོ་བོ་ཉིད་བདེ་བ་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་ཉིད་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ་གནས་ཞེས་བྱའོ། །དེ་ལྟར་ཡང་དཔལ་ཁ་སྦྱོར་ཐིག་ལེ་ལས། དབྱངས་དང་གསལ་བྱེད་ཡི་གེ་ལས། །བྱང་ཆུབ་སེམས་ནི་སུམ་ཅུ་གཉིས། །པདྨའི་དཀྱིལ་འཁོར་
རྟོགས་པའི་སྔགས། །རྒྱུད་དང་དཀྱིལ་འཁོར་ཞེས་སུ་བརྗོད། །འགྲོ་བའི་ཀླད་རྒྱས་དབུས་སུ་ནི། །གང་ཞིག་གནས་པར་བརྗོད་པ་སྟེ། །དེ་ཡི་དབུས་སུ་ཧཾ་ཡི་གེ །ཐིག་ལེའི་རང་བཞིན་གཞོམ་དུ་མེད། །དེ་ནི་སེམས་ཅན་ཐམས་ཅད་དང་། །བརྟན་དང་གཡོ་བ་བསྐྱེད་པའི་རྒྱུ། །གསལ་དང་
མི་གསལ་གཟུགས་ཀྱིས་ནི། །དེ་ཡི་ས་བོན་ངོ་བོར་གནས། །ལུས་ཅན་མ་ལུས་ཀུན་གྱི་གཟུགས། །དེ་ལས་དང་པོ་སྐྱེ་བར་འགྱུར། །བདུད་རྩི་འཛག་པའི་ཚུལ་གྱིས་ནི། །ཉིན་དང་མཚན་མོ་རྣམ་པར་གནས། །འོག་ཏུ་འཇུག་པའི་ཚུལ་གྱིས་སུ། །མེ་ནི་འབར་བར་གནས་པ་ཡིན། །དེ་ནི་
དཀྱིལ་འཁོར་ཡོངས་རྫོགས་པར། །འགྱུར་བར་འདི་ལ་ཐེ་ཚོམ་མེད། །དངོས་རྣམས་སྙིང་པོ་མཆོག་ཡིན་ཕྱིར། །དེ་ཉིད་དཀྱིལ་འཁོར་ཞེས་སུ་བརྗོད། །དེ་ཉིད་ལེན་ཅིང་འཛིན་པ་ཡིས། །ལུས་ནི་དཀྱིལ་འཁོར་ཉིད་དུ་འདོད། །རྣམ་པར་སྐྱེས་པར་འགྱུར་བའི་ཚིག་ནི། འདིར་རྣམ་པ་
ནི་ཐ་མལ་པའི་ཚིག་གི་རྒྱན་ནོ། །སྐྱེས་པ་ནི་ཇི་སྐད་དུ་སྨོས་པའི་ཧཾ་གི་ཡི་གེ་ལས་བྱུང་བའོ། །གལ་ཏེ་སྡིག་པ་གཙོ་བོའི་བོར་བ་དང་། སྡོང་བུར་བྱས་པ་དེ་ལྟར་ནི། །རྩ་བའི་ཡན་ལག་དང་། ཡལ་ག་དང་ལོ་མའི་རྣམ་པ་གང་ཡིན་ཞེ་ན། རོ་མ་བརྐྱང་མ་གཉིས་ཀྱིས་ནི། །གཡས་དང་
གཡོན་ཕྱོགས་གཉིས་ཀྱི་སྡོང་བུར་གནས། །པདྨ་འདབ་བཞི་རྩ་བ་བཞིས། །བདེ་བ་ཆེན་པོ་ཚང་ན་གནས། །ཞེས་གསུངས་ཏེ། དེ་ལ་བརྐྱང་མའི་སྒྲ་ནི་དབྱངས་ཡིག་དང་ཤེས་རབ་ཟླ་བ་ཞེས་བརྗོད་དེ། དེ་ཡང་གཡོན་ཕྱོགས་ཀྱི་སྣ་བུག་ན་རང་བཞིན་དེས་སྲོག་གི་རླུང་རྒྱུ་ཞིང་བརྐྱང་མར་

གནས་སོ། །རོ་མའི་སྒྲ་ནི་གསལ་བྱེད་ཀྱི་གཟུགས་ཐབས་དང་ཉི་མ་ཞེས་བརྗོད་དོ། །དེ་ཡང་གཡས་ཕྱོགས་སྣ་བུག་གི་རང་བཞིན་ཏེ། རང་བཞིན་ནི་སྲོག་གི་རླུང་རྒྱུ་ཞིང་རོ་མར་གནས་སོ། །དེ་ལས་བྱུང་བ་ཚོགས་པའི་རིམ་པས་རྣམ་པར་ཤེས་པ་དང་། འདུ་བྱེད་དང་།
འདུ་ཤེས་དང་། ཚོར་བ་དང་། གཟུགས་ཏེ། དཀྱིལ་འཁོར་རྣམས་ནི་སྲིད་པ་སྐྱེ་བའི་རིམ་པས་བརྐྱང་མའོ། །ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་རང་བཞིན་ནི་སྲིད་པ་འཇིག་པའི་རིམ་པས་རོ་མའོ། །དེ་ལྟར་འཕོ་བ་བཅུ་གཉིས་ཀྱི་རིམ་པས་མི་མཉམ་པ་དང་མཉམ་པར་རྒྱུ་བའི་
གཟུང་བ་དང་འཛིན་པ་སྤངས་པའོ། །པདྨ་འདབ་མ་བཞི་ཞེས་པ་ནི་སྟོང་པ་བཞིའི་རང་བཞིན་འདབ་མ་བཞིའོ། །རྩ་བ་བཞི་ཞེས་པ་ནི་ཁམས་བཞིའི་རང་བཞིན་རྩ་བཞི་གྱེན་ལ་གནས་པའོ། །གང་དུ་གནས་ཤེ་ན། བདེ་བ་ཆེན་པོ་དག་ནི་ཚང་ན་གནས། །ཞེས་གསུངས་ཏེ། དགའ་བ་བཞིའི་
རང་བཞིན་སྟོང་པའི་བདག་ཉིད་བདེ་བ་ཆེན་པོའི་ཚང་སྟེ་གནས་པ་ནི་འདིར་བདེ་བ་ཆེན་པོའི་གནས་ཏེ་སྤྱི་བོའི་པདྨའོ། །དེ་ལ་ཐམས་ཅད་སྟོང་པ་བཞི་སྟེ་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ཀྱི་དྲ་བའི་ཚོགས་ཏེ། ཛཱ་ལནྡྷ་ར་ཞེས་བྱ་བའི་མིང་དུ་བརྗོད་ལ། རི་རབ་ཀྱི་རྩེ་ལ་ཞེས་བྱ་བའི་དོན་ཏོ། །ཨེ་
ཝཾ་ས་བོན་ཁྱེར་ནས་ཞེས་བྱ་བ་ལ་སོགས་པ་ནི། ཨེ་ཝཾ་ནི་གོང་དུ་བསྟན་པའི་མཚན་ཉིད་དང་ལྡན་པའི་ཨེ་ཝཾ་གྱི་ཡི་གེའི་ས་བོན་བླངས་ནས། དེའི་ས་བོན་སྙིང་པོར་གྱུར་ནས། མེ་ཏོག་ནི་གཞོམ་དུ་མེད་པའི་པདྨ་རྒྱས་པ་ཞེས་བྱའོ། །དོན་ནི་འདི་ཡིན་ཏེ། ས་བོན་གྱི་སྡོང་བུ་ལ་སོགས་པ་སྐྱེས་པ་དེ་
སྟོང་པ་མེ་ཏོག་ཀྱང་ས་བོན་གྱི་སྙིང་པོ་རྒྱུ་ཅན་ཉིད་དུ་འགྱུར་རོ། །འདིར་ཡང་ཨེ་ཝཾ་གྱི་ཡི་གེ་ལས་སྐྱེས་པའི་ལུས་ཀྱི་པདྨ་ཡང་། ཨེ་ཝཾ་གྱི་སྙིང་པོ་ཅན་གྱི་མེ་ཏོག་གོ། །བུང་བའི་གཟུགས་ཀྱིས་ཞེས་བྱ་བ་ལ་བུང་བ་ནི་ཐུགས་ཀྱི་རྡོ་རྗེའོ། །དེའི་གཟུགས་ནི་རང་བཞིན་ནོ། །བདེ་ཆེན་དཔའ་
བོ་ཞེས་པ་ནི། དེ་དང་དེའི་ཐབས་དང་ཤེས་རབ་གཉིས་ཀྱིས་གཉིས་སྤྲོད་པའི་སྦྱོར་བ་སྟེ། དེ་ལ་རྒྱུན་མི་འཆད་པར་འདོད་ཆགས་ཆེན་པོའི་ངོ་བོ་ཉིད་ཀྱིས་རྣམ་པར་གནས་པར་གསལ་བའི་ཕྱིར། དེ་ཉིད་བཅོམ་ལྡན་གཞོམ་དུ་མེད་པ་ལ་དཔའ་བོ་ཞེས་བྱའོ། །སྦྲང་རྩི་ནི་མེ་ཏོག་གི་བཅུད་དེ།

བདེ་བ་ཆེན་པོའི་དཔའ་བོ་ཡིན་པས་བྱང་ཆུབ་ཀྱི་སེམས་ནི་འབྱུང་བ་ཆེན་པོ་ཉམས་སུ་མྱོང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ངོ་བོ་ཉིད་ཀྱིས་བཅོམ་ལྡན་འདས་ཨེ་ཝཾ་གྱི་ཡི་གེའི་རང་བཞིན། ཟག་པ་དང་བཅས་པའི་འབྱུང་བ་ལྔའི་རང་བཞིན་དུ་ཇི་ལྟར་འགྱུར་སྙམ་པ་ལ། འབྱུང་བ་ཆེན་པོ་ལྔའི་ས་བོན་
ནོ། །བླངས་ནས་ཚོགས་པ་དག་ལས་སྐྱེ། །ཞེས་གསུངས་ཏེ། འབྱུང་བ་ནི་ས་ལ་སོགས་པ་ཆེན་པོ་ལྔ་དང་སྟེ། ས་བོན་ནི་ཨེ་ཝཾ་གྱི་ཡི་གེའོ། །བླངས་ནས་ཚོགས་པ་ནི་རྡོ་རྗེ་པདྨར་སྦྱོར་བ་དག་ལས་སྐྱེས་པའི་འབྱུང་བའོ། །དེ་གསལ་བར་བྱ་བའི་ཕྱིར། སྲ་བར་འགྱུར་བ་དག་ནི་ས་ཡིན་ཞེས་
གསུངས་ཏེ། སའི་ཁམས་ནི་སྲ་བ་ཉིད་ཡིན་ལ་སྲ་བ་ནི་སའི་ཁམས་སོ། །ཞུ་བར་གྱུར་པས་ན་ཆུའོ། །ཚ་བས་ན་མེའོ། །གཡོ་བས་ན་རླུང་ངོ་། །བདེ་བ་ཡིན་པས་ན་ནམ་མཁའི་ཁམས་སོ། །ལྔ་ནི་ཡོངས་སུ་རྫོགས་པས་ཞེས་བྱ་བས་ནི། དེ་ལྟར་གྱུར་པའི་འབྱུང་བ་ལྔ་པོ་འདིས་ཡོངས་
སུ་རྫོགས་པ་སྟེ། བསྡུས་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟར་ཡང་དཔལ་དགྱེས་པའི་རྡོ་རྗེ་ལས་འབྱུང་བ་ལས་གྱུར་པའི་གང་ཟག་དང་བཅས་པའི་ཕུང་པོ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་པདྨ་སྦྱོར་བ་ལས། །རེག་ལས་སྲ་བ་ས་ནི་སྐྱེས། །གཤེར་བ་
ལས་ནི་ཆུ་འབྱུང་ངོ་། །གཙུབས་པ་ལས་ནི་མེ་འབྱུང་སྟེ། །བསྐྱོད་པ་ལས་ནི་རླུང་དུ་གྲགས། །བདེ་བ་ནམ་མཁའི་ཁམས་ཡིན་ཏེ། །རྣམ་པ་ལྔ་ཡིས་ཡོངས་སུ་བསྐོར། །དབྱངས་ཡིག་རྣམས་ནི་བསྐྱེད་པའི་རྒྱུ། །ཞེས་གསུངས་སོ། །དེ་ནི་ཞེས་པ་དེ་ཉིད་དེ། །དེ་ཉིད་འདི་སྟེ་
འདི་ཡི་དོན། །ས་སོགས་དེ་ཉིད་བཞི་དང་ནི། །སྟོང་པ་ཉིད་ནི་བཞི་དང་ཡང་། །སྐྱེ་དང་འཇིག་པའི་རྒྱུ་རུ་ནི། །དེ་དོན་བརྒྱད་ནི་ཤེས་པར་བྱ། །འོད་གསལ་ལས་ནི་སྟོང་ཆེན་ཏེ། །དེ་ལ་ཐབས་ནི་འབྱུང་འགྱུར་ཞིང་། །དེ་ལས་ཀྱང་ནི་ཤེས་པ་འབྱུང་། །རླུང་ཡང་དེ་ལས་འབྱུང་བར་
འགྱུར། །རླུང་ལས་མེ་ནི་འབྱུང་བར་འགྱུར། །ཆུ་ལས་ཡང་ནི་ས་འབྱུང་ངོ་། །དེ་ཡི་རིམ་པས་སེམས་ཅན་སྐྱེ། །ས་ནི་ཆུ་ལ་ཞུགས་གྱུར་ཞིང་། །ཆུ་ནི་མེ་ལ་ཞུགས་པར་གྱུར། །མེ་ནི་ཕྲ་བའི་དོན་ཁམས་ཞུགས། །རླུང་ནི་སེམས་ལ་ཞུགས་གྱུར་ནས། །སེམས་ནི་སེམས་ལས་

བྱུང་བར་འགྱུར། །སེམས་བྱུང་མ་རིག་པར་ཞུགས་ནས། །དེ་ཡང་འོད་གསལ་བར་གྱུར་ཏེ། །སྲིད་གསུམ་པོ་ནི་འགག་པར་འགྱུར། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །རྨོངས་གྱུར་འདི་ནི་སྟོང་པ་ཉིད། །ཅེས་གསུངས་སོ། །དེ་ལྟ་བུར་གྱུར་པའི་ཐེག་པ་ལས་ཕྱི་རོལ་དུ་གྱུར་
པའི་ཕྱིར་རྨོངས་པ་ཞེས་བོད་པ་སྟེ། །ཀྱེ་མ་རྨོངས་པའི་སྔགས་ཀྱི་ཚུལ་གྱིས་འདི་ཉིད་ཤེས་པའོ། །འདི་ནི་ཞེས་བྱ་བ་ནི། འདི་ཉིད་སྟོང་པའི་འོད་གསལ་ཏེ། །འདི་བོར་ནས་སྟོང་པ་དེ་ཁོ་ན་ཉིད་གཞན་ན་མེད་ཅེས་བྱ་བའི་དོན་ཏོ། །དེས་འདི་སྐད་དུ་སྟོན་ཏེ། སྲིད་པ་ཞི་བ་གཅིག་པའི་བདེ་བ་ཆེན་པོ་
རྡོ་རྗེ་བཅོམ་ལྡན་འདས་དེ་ཉིད། འདིར་རང་ཉིད་ཀྱི་ལུས་ཀྱི་པདྨར་མངོན་པར་སྤྲུལ་ནས་དེ་ནི་གཞོམ་དུ་མེད་པའི་མེ་ཏོག་གི་བཅུད་སེམས་བུང་བའི་གཟུགས་ཀྱིས་རྟག་ཏུ་འཕྲོགས་ཤིང་གནས་པ་སྟེ། །དེ་ལྟར་ཡང་དཔལ་དགྱེས་པའི་རྡོ་རྗེ་ལས། རང་ཉིད་བྱེད་ཅིང་རང་ཉིད་འཕྲོགས། །རང་ཉིད་རྒྱལ་
པོ་རང་གཙོ་བོ། །ཞེས་གསུངས་སོ། །དེ་ལྟར་བསྒྲུབ་པར་བྱ་བ་ངེས་པར་བྱས་ནས། ད་ནི་སྒྲུབ་བྱེད་དཔྱད་པར་བྱ་སྟེ། དེ་ལ་རེ་ཞིག་ཡུལ་མ་ལུས་པ་ལ་ལོངས་སྤྱོད་པ་སྤངས་པ་ཡང་སྒྲུབ་པར་བྱེད་པ་མ་ཡིན་ལ། ཡུལ་མ་ལུས་པ་ལ་ཞེན་པ་ཡང་སྒྲུབ་བྱེད་མ་ཡིན་ནོ། །ཉན་ཐོས་དང་ཕ་རོལ་ཕྱིན་
པའི་ཚུལ་ཉིད་ལ་སོགས་པ་རྣམ་པར་གནས་པའི་ཕྱིར་རོ། །སྐྱོན་དག་པའི་ཡུལ་མ་ལུས་པ་ལ་ལོངས་སྤྱོད་པ་ཉིད་ཀྱིས་འདོད་ཆགས་ཆེན་པོའི་མངོན་པར་བྱང་ཆུབ་པ་བསྟན་པའི་ཕྱིར་ཡུལ་གྱི་བདེན་པ་འདི་ཉིད་འདིས་སྒྲུབ་བྱེད་ཡིན་ནོ། །དེ་ལྟར་ཡང་ས་ར་ཧའི་ཞལ་སྔ་ནས། ཁ་ཅིག་ཡུལ་རྣམས་
དག་ནི་སྤོང་བྱེད་ཅིང་། །ཁ་ཅིག་ཡུལ་རྣམས་དག་ནི་འཆིང་བར་བྱེད། །ཁ་ཅིག་ཡུལ་འདི་ཉིད་ནི་བླངས་ནས་སུ། །མཆོག་གི་གྲོལ་བ་དག་ནི་མངོན་པར་བྱེད། །ཅེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དང་གང་གིས་འཇིག་རྟེན་འཆིང་འགྱུར་ལ། །དེ་དང་དེ་ཡིས་
འཇིག་རྟེན་གྲོལ་བར་བྱེད། །འཇིག་རྟེན་རྨོངས་པ་དེ་ཉིད་མི་ཤེས་ཏེ། །དེ་ཉིད་སྤངས་པས་དངོས་གྲུབ་ཐོབ་མི་འགྱུར། །འདོད་ཆགས་ཀྱིས་ནི་འཇིག་རྟེན་བཅིངས། །འདོད་ཆགས་ཉིད་ཀྱིས་གྲོལ་བར་བྱེད། །བཟློག་པའི་བསྒོམ་པ་དེ་ཉིད་ཀྱིས། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་

གསུངས་སོ། །གལ་ཏེ་དེ་ལྟར་ཡིན་ན་སྲོག་ཆགས་ཐམས་ཅད་དབུལ་ལ་དགའ་ཞིང་ཆགས་པ་དེ་རྣམས་འདོད་ཆགས་ཆེན་པོའི་མངོན་པར་བྱང་ཆུབ་པ་ཐལ་ལོ་ཞེ་ན། དེ་ལྟར་མ་ཡིན་ཏེ། ཡུལ་ལ་ལོངས་སྤྱོད་པ་འབའ་ཞིག་གིས་རྒྱུན་མ་ཆད་པའི་བདེ་བ་ཆེན་པོ་ཞེས་ཁོ་བོ་ཅག་མི་སྨྲ་
སྟེ། འོན་ཀྱང་དེ་ཉིད་ཐབས་དང་བཅས་པ་ལ་ཟེར་གྱིས། །ཐབས་དང་བྲལ་བའི་ཡུལ་ལ་སྣང་བ་གསུམ་མི་ཤེས་པའི་ཕྱིར་རོ། །འདོད་ཆགས་ཆེན་པོའི་བདེ་བ་དངོས་སུ་མངོན་དུ་བྱེད་པ་མེད་པའོ། །དེ་ལྟར་ཡེ་ཤེས་ཆེན་པོ་ཀུན་ལ་སྙོམས་པར་འཇུག་པའི་རྒྱུད་ལས། བྷ་གར་ལིངྒ་ཞེན་ཅིང་
གཅིག་ཏུ་འཇོལ་བ་དེ་ནི་འདོད་ཆགས་ཆེན་པོའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །གང་གི་ཚེ་ཡང་བདེ་བ་འབའ་ཞིག་བླངས་ནས་ལྷག་པར་མོས་པ་ཙམ་གྱིས་ལས་དང་པོ་པའི་ས་ལ་རྣམ་པར་གནས་པ་དེའི་ཚེ་སློབ་པར་འགྱུར་རོ། །གང་ལ་རྡོ་རྗེ་པདྨའི་སྦྱོར་བའི་བདེ་བས་རང་བཞིན་སྣང་བའི་ཡང་དག་
པའི་ཡོན་ཏན་མཚོན་པར་བྱེད་པ་དེ་ནི་འདོད་ཆགས་ཆེན་པོའི་བདེ་བ་ལ་ཞུགས་པ་ཡིན་ནོ། །དེ་ལྟར་ཡང་དཔལ་དགྱེས་པའི་རྡོ་རྗེ་ལས། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །