Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 52
Văn bản gốc(Tây Tạng)
Trang 13 / 19 (50.000 ký tự/trang)
པའོ། །དེའི་དངོས་པོ་མེད་པས་འཁོར་བའི་འགྲོ་བ་ དང་འོང་བ་རྒྱུན་འཆད་པར་འགྱུར་རོ། །དེའི་ཕྱིར་རང་གི་ངོ་བོ་ཉིད་ལ་ལོག་པར་རྨོངས་པས་སོ། །ཅིའི་ཕྱིར་འབྲས་བུ་མེད་པ་ལ་འགོག་པར་བྱེད། དེ་བཞིན་དུ་ཡང་བྷུ་སུ་ཀུའི་ཞབས་ཀྱིས་ཀྱང་། ཉོན་མོངས་ཡུལ་རྣམས་ལ་ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་གསུམ་པས་ དོན་དམ་པའི་སེམས་ཀྱི་རྗེས་སུ་བསྔགས་པ་གསུངས་ཏེ། ཚིག་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་བླ་མ་དམ་པའི་ཞབས་ཀྱི་ཆུ་སྐྱེས་ཀྱི་རྡུལ་ལ་རེག་པ་ལས་དེ་ཉིད་ལས་འཁོར་བའི་ཡིད་གང་དུ་རྨོངས་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེའི་ཚེ་མེས་ཚིག་པར་མི་འགྱུར་ཞིང་ ཆུས་ཀྱང་ཁྱེར་བར་མི་འགྱུར་རོ། །མཚོན་གྱིས་ཆོད་པར་ཡང་མི་འགྱུར་ཏེ། དོན་དམ་པའི་སེམས་རྟགས་ཀྱི་ང་རྒྱལ་གྱིས་སོ། །དེ་བཞིན་དུ་མཐོང་བར་གྱུར་པ་དེ་ཉིད་ཀྱང་བློ་གྲོས་དམན་པ་རྨོངས་པས་མཆོག་ཏུ་འཆིང་བར་བྱེད་དོ། །དེ་བཞིན་དུ་ཕྱིའི་བསྟན་བཅོས་ལས། འབད་པ་ ཡིས་ནི་སྡིག་པ་ཡང་དག་སྤྱོད། །བསོད་ནམས་ཞར་ལ་བྱུང་ཡང་སྤྱོད་མི་བྱེད། །མི་ཡི་འཇིག་རྟེན་འདི་དག་ཡ་མཚན་ཆེ། །འོ་མ་ཡོངས་སུ་སྤངས་ནས་དུག་འཐུང་བྱེད། །རྐང་པ་གཉིས་པས་དོན་དམ་པའི་བདེན་པའི་མཚན་ཉིད་གསུངས་ཏེ། གྲིབ་མ་ཞེས་བྱ་བ་ལ་སོགས་པ་ལ་གཏི་ མུག་ལས་གྲོལ་བ་གང་གི་ཚེ་དོན་དམ་པར་རིག་པར་འགྱུར་རོ། །དེའི་ཚེ་སྒྱུ་མ་དང་འདྲ་བར་རང་གི་ལུས་ཤེས་ནས་མིག་གིས་མཐོང་བར་འགྱུར་རོ། །ཕྱོགས་དང་ཕྱོགས་མ་ཡིན་པ་དབྱེར་མེད་པ་དཔལ་ཧེ་རུ་ཀ་ལྔ་རྟོག་པར་བྱེད་དོ་ཞེས་སོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། ལྷ་མོ་སྒྱུ་མ་ཆེན་ མོ་ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་བཞི་པས་སེམས་ཀྱི་འབྲས་བུའི་ངོ་བོ་གསུངས་ཏེ། སེམས་ཀྱི་ཞེས་བྱ་བ་ལ་སོགས་པའི་དེ་ཉིད་ཅེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གྱི་བཅུད་ཆེན་པོས་སེམས་ཀྱི་བག་ཆགས་ཀྱི་ཉེས་པ་རྣམ་པར་སྦྱོང་བར་གལ་ཏེ་མཁས་པས་བྱེད་ པ་དེའི་ཚེ་ཛ་ཡ་ནནྟའི་ཞབས་ཉིད་སྨྲ་བར་བྱེད་དེ། སེམས་ནི་གཞན་མ་ཡིན་ཏེ་དངོས་པོ་མེད་པ་མ་ཡིན་ནོ། །རྣམ་དག་དེ་བཞིན་ཉིད་གང་ལས། །དེ་ཉིད་གཞན་དུ་མ་ཡིན་ནོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང་། དངོས་རྣམས་ཀུན་གྱི་ངེས་པ་ནི། །རྣམ་དག་དེ་བཞིན་ཉིད་དུ་འདོད། །དུ་ཛྫ་ ར་ཞེས་བྱ་བའི་གླུ་དབྱངས་ཆོས་པའི་ཞབས་ཀྱིའོ། །རྡོ་རྗེ་པདྨའི་དབུས་སུ་གྱུར་པ་བླངས། །མཉམ་ཉིད་སྦྱོར་བས་གཏུམ་མོ་འབར་བར་གྱུར། །ཌོམྦི་ནི་ཡི་ཁང་པ་མེ་ཡིས་ཚིག་ནས་འབར། །རི་བོང་འཛིན་པའི་ཆུ་ནི་ལོང་ལ་གཏོར་བར་གྱིས། །རྩྭ་ནི་འབར་བ་མ་ཡིན་དུ་བ་མཐོང་བ་མེད། །རི་རབ་སྟེང་དུ་ བླངས་ནས་ནམ་མཁར་རབ་ཏུ་ཞུགས། །རྗེ་བཙུན་ཁྱབ་འཇུག་དབང་ཕྱུག་ཚངས་པ་རྣམས་ནི་ཚིག །ཡོན་ཏན་དགུ་དང་ཡུལ་གྱི་གྲོང་ཁྱེར་རྣམས་ཀྱང་ཚིག །དྷརྨས་སྨྲས་པ་གསལ་པོར་བླངས་ནས་རབ་ཏུ་ཤེས། །རྩ་ཕྲན་ལྔ་ལས་ཆུ་ནི་སྟེང་དུ་སོང་བར་གྱུར། །དེ་ཁོ་ན་ཉིད་ཀྱི་དོན་ལ་མཆོག་གི་སྙིང་ རྗེ་དང་བྱམས་པའི་ཐུགས་ཀྱིས་གྲུབ་པའི་སློབ་དཔོན་ཆོས་པའི་ཞབས་ཉིད་ཀྱིས་གསུངས་ཏེ། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་ནི་ཐབས་དང་ཤེས་རབ་མཉམ་པ་ཉིད་དུ་ཡང་དག་པར་སྦྱོར་བས་བདེ་བ་ཆེན་པོ་འདོད་ཆགས་ཀྱི་མེ་འབར་བདག་གི་ལྟེ་བ་སྤྲུལ་པའི་འཁོར་ལོར་གཏུམ་མོའི་མེ་འབར་ བའོ། །དྷྲཱུའི་རྐང་པས་དོན་དེ་ཉིད་རྣམ་པར་གསལ་བར་བྱེད་དོ། །མེས་ཚིག་ཅེས་པ་ལ་སོགས་པ་ནི་བདེ་བ་ཆེན་པོའི་འདོད་ཆགས་ཀྱི་སྲེད་པ་དང་ལྡན་པས་མེ་ཉིད་དོ། །ཌོམྦི་ནི་ཡོངས་སུ་དག་པའི་ཨ་ཝ་དྷཱུ་ཏཱིའི་ཁྱིམ་དུ་སྦྱོང་བའོ། །དེ་བས་ན་བདེ་བ་ཆེན་པོའི་མེས་བདག་གི་ཡུལ་ལ་སོགས་པའི་ ཚོགས་པ་ལ་བརྟེན་པ་མཐའ་དག་བསྲེག་པའོ། །རི་བོང་འཛིན་པ་ཞེས་པ་ནི་བླ་མ་དམ་པའི་དྲིན་ལས་མཚན་ཉིད་དང་བྲལ་བས་རྣམ་པར་སྦྱངས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བཟུང་ནས་དེའི་མེ་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས། ལྟེ་བར་གཏུམ་ མོ་སྤར་བ་ཡིས། །ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་གཉིས་པས་ཡེ་ཤེས་ཀྱི་མེའི་རང་བཞིན་གསུངས་ཏེ། རྩ་ནི་འབར་བ་མ་ཡིན་ཞེས་བྱ་བ་ལ་སོགས་པས་དཔེར་ན་ཕྱི་རོལ་དུ་མེ་དྲག་པོ་འབར་བ་དེའི་དུ་བ་ལ་སོགས་པ་མཐོང་བ་དེ་བཞིན་དུ་ཡེ་ཤེས་ཀྱི་མེ་ནི་མི་ མཐོང་སྟེ། འོན་ཀྱང་དངོས་པོ་དང་དངོས་པོ་མེད་པ་བསྲེག་པ་སྔོན་དུ་གསུངས་པའི་རི་རབ་ཀྱི་སྟེང་དུ་མེ་ནི་ནམ་མཁའ་ལ་ཞེས་ཏེ་བདེ་བ་ཆེན་པོའི་འཁོར་ལོར་ཐིམ་པ་ཞེས་སོ། །རྐང་པ་གཉིས་པས་གསུངས་པའི་དོན་སོ་སོར་རྒྱས་པར་བཤད་དོ། །སྲེག་པ་ཞེས་བྱ་བ་ལ་སོགས་པ་ནི་ཚངས་ པ་ཞེས་པ་དགོངས་པའི་སྐད་ཀྱིས་དྲི་ཆེན་གྱི་རྩར་རིག་པར་བྱའོ། །ཁྱབ་འཇུག་ཅེས་པ་ནི་དྲི་ཆུའི་རྩའོ། །དབང་ཕྱུག་ཅེས་པ་ནི་ཁུ་བའི་རྩ་སྟེ་དེ་རྣམས་ཚིག་པའོ། །སྟེང་དུ་ནི་ལ་ལ་ནཱ་དང་ར་ས་ནཱའོ། །ཡོན་ཏན་དགུ་དང་ཡུལ་གྱི་ཞེས་པ་ནི་མིག་གི་དབང་པོ་ལ་སོགས་པ་དང་ཡུལ་དུ་བཤད་ པ་རྣམས་བསྲེག་པའོ། །དེ་ཉིད་འདོད་ཆགས་ཀྱི་མེས་རང་བཞིན་མེད་པར་གྱུར་པའོ། །ས་ར་ཧའི་ཞབས་ཀྱིས་ཀྱང་། །ཡིད་ནི་འཆི་བ་མེད་པས་སོ། །ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་བཞི་པས་དགའ་བ་བཞི་པའི་རྐྱེན་དུ་གསུངས་ཏེ། དྷརྨས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ཆོས་ པའི་ཞབས་ཉིད་ཀྱིས་གསུངས་སོ། །ཀྱེའི་ལམ་མ་རྟོགས་པས། དཔལ་གྱི་བླ་མའི་ཞབས་ཀྱིས་ཡང་དག་པར་རྡོ་རྗེ་དང་ཆུ་སྐྱེས་མཉམ་དུ་སྦྱོར་བ་གསལ་བར་མཛད་ནས་ལྷན་ཅིག་སྐྱེས་པའི་དགའ་བ་ཤེས་པར་གྱིས་ཤིག་པའོ། །དེའི་བདེ་བ་ཆེན་པོ་ཆུ་སྐྱེས་ལས་འོང་བ་ཉིད་གང་བྱང་ཆུབ་ཀྱི་སེམས་ ནོར་བུའི་རྩེ་མོར་སོན་པ་བཞི་པའི་དགའ་བས་སྦྱངས་པ་ནཱ་ད་དང་བཅས་པ་པདྨའི་ནཱ་ད་ལ་ཞེས་ཏེ་ཨ་ཝ་དྷཱུ་ཏིའི་ལམ་གྱིས་སླར་ཡང་དེ་ཉིད་དུ་འགྲོ་བའོ། །པ་ཌ་ཧ་ཞེས་བྱ་བའི་གླུ་དབྱངས་ཀུཀྐུ་རཱི་པའི་ཞབས་ཀྱིའོ། །རྡོ་རྗེ་ཆུ་སྐྱེས་གཡུལ་ངོར་ཞུགས། །མཉམ་ཉིད་སྦྱོར་བའི་དམག་དཔུང་ཚོགས། །ཡུལ་ དང་དབང་པོའི་གྲོང་རྣམས་བཅོམ། །སྟོང་ཉིད་རྒྱལ་པོ་བདེ་ཆེན་མིང་། །རྔ་སྒྲ་དུང་སྐད་གཞོམ་དུ་མེད་པའི་དབྱངས་རྣམས་སྒྲོགས། །གཏི་མུག་སྲིད་པའི་དཔུང་རྣམས་རིང་དུ་འདའ་བར་བྱས། །དཀྱིལ་འཁོར་གསུམ་གྱི་སྐྱོན་རྣམས་མེ་ཡིས་བསྲེག་པར་བྱས། །བདེ་བའི་གྲོང་ཁྱེར་རྩེ་མོར་ གནས་ནས་ཐམས་ཅད་བསྡུས། །སོར་མོ་གྱེན་དུ་བསླང་ནས་ཀུཀྐུ་རཱི་པ་སྨྲ། །འདི་ནི་འཇིག་རྟེན་གསུམ་དུ་བདེ་བ་ཆེན་པོས་རྒྱལ། །དེ་ཁོ་ན་ཉིད་ཀྱི་དོན་སྒྲ་གཞན་གྱིས་ཀུཀྐུ་རཱི་པའི་ཞབས་ཀྱིས་གསུངས་ཏེ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་ཡུལ་གྱི་སྒྲའི་གཡུལ་ངོ་འགོག་པའི་ཕྱིར་རྡོ་རྗེ་ དང་ཆུ་སྐྱེས་དེ་བཞིན་དུ་ཐབས་དང་ཤེས་རབ་བདེ་བ་ཆེན་པོའི་རང་བཞིན་ཀུཀྐུ་རཱིའི་ཞབས་ཀྱིས་འདྲེན་པར་བྱེད་དོ། །མཉམ་ཉིད་ཅེས་པ་ནི་རང་བཞིན་གཅིག་ཏུ་བདེ་བ་ཆེན་པོའི་ངོ་བོ་ཉིད་རྣལ་འབྱོར་གྱི་དབང་ཕྱུག་གི་མཉམ་པ་ཉིད་དུ་སྦྱོར་བ་དེ་ཉིད་དེའི་དཱ་རི་ཀཱའོ། །དེ་བཞིན་དུ་ལུང་ལས་ ཀྱང་། དངོས་པོ་གཅིག་གི་དེ་ཉིད་གང་གིས་མཐོང་། །དངོས་ཀུན་དེ་ཉིད་ངེས་མཐོང་ངོ་བོ་གཅིག །དངོས་པོ་ཀུན་གྱི་ངོ་བོ་རང་བཞིན་རྣམས། །དངོས་ཀུན་གཅིག་གི་རང་བཞིན་ངོ་བོ་ཉིད། །དྷྲཱུའི་རྐང་པས་བདེ་བ་ཆེན་པོའི་མཐུ་གསུངས་ཏེ། བཅོམ་ཞེས་པ་ནི་བདེ་བ་ཆེན་པོ་ཞེས་པ་ ཐོས་པ་ཙམ་གྱིས་སྲིད་པའི་དཀྱིལ་འཁོར་གྱི་ཡུལ་དང་དབང་པོ་འདི་དག་བཅོམ་པའོ། །རྐང་པ་གཉིས་པས་དོན་དེ་ཉིད་གསལ་བར་མཛད་དོ། །སྒྲོགས་པ་ཞེས་བྱ་བ་ལ་སོགས་པའི་གཞོམ་དུ་མེད་པའི་དབྱངས་ཞེས་པ་ནི་རྔ་སྒྲ་དང་དུང་སྒྲ་གཡུལ་ངོར་སྒྲོགས་ཏེ། གང་སྟོང་པ་ཉིད་ཀྱི་ དབུས་སུ་བསྐྱེད་པས་ཀྱེའི་རྣལ་འབྱོར་པས་སྲིད་པའི་གཡུལ་གྱི་དཔུང་རང་བཞིན་མེད་པར་གྱིས་ཤིག་པའོ། །རྐང་པ་གསུམ་པས་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་སུ་བསྔགས་པ་གསུངས་ཏེ། གསུམ་ཞེས་པ་ལ་སོགས་པའི་གསུམ་ནི་བདེ་བ་ཆེན་པོའི་མེས་ལུས་ལ་སོགས་ པ་དཀྱིལ་འཁོར་གསུམ་གྱི་ཉེས་པ་བསྲེགས་ནས་བདེ་བ་ཆེན་པོའི་འཁོར་ལོའི་རྩེ་མོར་གནས་པས་མི་ལྟུང་བའི་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཀྱི་མེས་སྡུད་པར་བྱེད་པའོ། །དེ་བཞིན་དུ་ར་ཏི་བཛྲ་གྱིས་ཀྱང་། བྱང་ཆུབ་སེམས་ནི་སྤང་མི་བྱ། །རྡོ་རྗེ་པདྨས་རྒྱས་འདབས་ པས། །ཞེས་སོ། །རྐང་པ་བཞི་པས་འབྲས་བུའི་ངོ་བོ་གསུངས་ཏེ། གྱེན་དུ་ཞེས་བྱ་བ་ལ་སོགས་པ་ཀུཀྐུ་རཱི་པའི་ཞབས་ཀྱིས། ཀྱེའི་རྣལ་འབྱོར་པས་སོར་མོའི་སྟེང་དུ་བྱས་པ་ནི་གསུངས་པའི་དོན་འདིས་འཇིག་རྟེན་གསུམ་ཞེས་ཏེ། ལུས་དང་ངག་དང་ཡིད་ཀྱི་སྣང་བའི་ སྐྱོན་ལས་བདེ་བ་ཆེན་པོས་རྒྱལ་བའོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། ཁྱིམ་ནི་ཡོད་བཞིན་ནགས་སུ་འགྲོ་བར་མ་བྱེད་ཅིག །ཅེས་པ་ལ་སོགས་པས་སོ། །མལླཱ་རི་ཏཱ་ལ་གཅིག་པ་ཞེས་བྱ་བའི་གླུ་དབྱངས་བྷུ་སུ་ཀུའི་ཞབས་ཀྱིའོ། །རྒྱལ་ པོའི་གྲུ་ནི་པདྨའི་ཚལ་ནས་འབབ། །བརྩེ་བ་མེད་པས་བཾ་ག་ལ་ཡུལ་ཁྱེར། །དེ་རིང་བྷུ་སུ་ཀུ་པ་ནང་འཁྲུག་ཤོར། །རང་གི་ཁྱིམ་མི་མོ་ནི་གཏུམ་པོས་ཁྱེར། །རྣམ་པ་ལྔ་པོ་བསྲེགས་ཤིང་ཡུལ་རྣམས་བརླག །རང་སེམས་རིན་ཆེན་གར་འགྲོ་སླེབ་མི་ཤེས། །གསེར་དངུལ་བདག་ལ་ ཅི་ཡང་མི་གནས་ན། །རང་གི་འཁོར་གྱིས་རིན་ཆེན་བླངས་ནས་གནས། །བདག་མཛོད་བྱེ་བ་ཕྲག་བཞི་མ་ལུས་ཁྱེར། །གསོན་པོ་དང་ནི་ཤི་ལ་ཁྱད་པར་མེད། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆུ་གཏེར་ཡོངས་སུ་བསྲུབས་པའི་དེ་ཁོ་ན་ཉིད་ཀྱི་བདུད་རྩིས་ཡོངས་སུ་ཚིམ་པ་ གྲུབ་པའི་སློབ་དཔོན་བྷུ་སུ་ཀུའི་ཞབས་ཀྱིས་ནང་འཁྲུག་གི་དགོངས་པའི་སྐད་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་རབ་ཏུ་གསལ་བར་མཛད་དེ། ཤེས་རབ་ཀྱི་ཆུ་སྐྱེས་ཀྱི་སྒོའི་བུ་གར་བླ་མ་དམ་པའི་ཞབས་ཀྱི་ཐབས་ཀྱིས་རབ་ཏུ་འཇུག་གོ། །དེ་ལ་དགའ་བ་ལ་སོགས་པའི་སྒྲས་ ཞེས་བྱ་བ་ལ་སོགས་པ་སྟེ། མི་འགྱུར་བའི་བདེ་བ་གཉིས་སུ་མེད་པ་ནི་བཾ་ག་ལར་འབབ་པ་ཞེས་ཏེ་དབྱེར་མེད་པ་ཉིད་དུ་བྱས་པའོ། །དེ་བཞིན་དུ་ལུང་ལས་ཀྱང་། ཉོན་མོངས་བྱང་ཆུབ་སོ་སོར་མིན། །བྱང་ཆུབ་ཉོན་མོངས་ལས་བྱུང་མིན། །འཁྲུལ་པ་ལས་ནི་ཉོན་མོངས་རྟོག ། འཁྲུལ་པའི་རང་བཞིན་དྲི་མ་མེད། །དྷྲུའི་ཚིག་གིས་དེ་ཁོ་ན་ཉིད་ཀྱི་དོན་མངོན་པར་གསལ་བར་མཛད་དེ། དེ་རིང་ཞེས་བྱ་བ་ལ་སོགས་པ་ནི་བདག་ཉིད་རང་ལ་ཡང་དག་པར་འབོད་པར་གསུངས་ཏེ། ཀྱེའི་བྷུ་སུ་ཀུའི་ཞབས་བསམ་གཏན་ཡོངས་སུ་སྨིན་པའི་གནས་སྐབས་ན་ སྦྱོར་བ་དང་བྲལ་བས་དེ་རིང་ཉིད་ནང་འཁྲུག་ཤོར་བར་གྱུར་པ་སྟེ། གང་གི་ཕྱིར་ནང་གི་ཁྱིམ་མི་མོ་ཞེ་ན། སེམས་ཡོངས་སུ་དག་པ་ཨ་ཝ་དྷཱུ་ཏཱི་ནི་རླུང་གི་གཟུགས་སོ། །གཏུམ་པོས་ཁྱེར་ཞེས་པ་ནི་རེག་བྱ་རང་བཞིན་གྱིས་འོད་གསལ་གྱིས་ལེན་པའོ། །རྐང་པ་གཉིས་ པས་ངོ་བོ་ཉིད་འགྱུར་བ་མེད་པ་གསུངས་ཏེ། བསྲེགས་ཤིང་ཞེས་བྱ་བ་ལ་སོགས་པ་ནི་དེའི་བདེ་བ་ཆེན་པོའི་མེས་རྣམ་པ་ལྔ་པོ་བསྲེགས་པ་ནི་ཕུང་པོ་ལྔ་ལས་བྱུང་བའི་བདག་དང་བདག་གིར་འཛིན་པའི་ཕྱོགས་རྣམས་བསྲེགས་ཏེ་དབང་པོ་དང་ཡུལ་ལྔའོ། །དེའི་ཕྱིར་རང་གི་ རྟོག་པ་ཡོངས་སུ་སྤངས་པས་རང་གི་སེམས་རིན་པོ་ཆེ་མི་ཤེས་པའོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། ཇི་ལྟར་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །རྐང་པ་གསུམ་པས་དེ་ཉིད་རྒྱས་པར་བཤད་དེ། གསེར་དངུལ་ཞེས་བྱ་བ་ལ་སོགས་པ་ནི་སོ་ན་ཞེས་པ་ནི་སྟོང་པ་ ཉིད་འཛིན་པའོ། །རཱུ་པ་ཞེས་པ་ནི་གཟུང་བའི་ངོ་བོ་སྟེ། རྣམ་པར་རྟོག་པ་གཉིས་ཀའི་རང་བཞིན་རྣམ་པར་དཔྱད་པར་གྱུར་ན་ཅུང་ཟད་ཀྱང་མི་གནས་པའོ། །རང་གི་འཁོར་གྱིས་ཞེས་པ་ནི་དེ་ཉིད་ལས་ངེས་པར་རྣམ་པར་རྟོག་པ་སྤངས་པས་བདེ་བ་ཆེན་པོའི་རིན་པོ་ཆེར་བདག་ཉིད་ ཐིམ་པའོ། །དེ་བཞིན་དུ་ལུང་ལས་ཀྱང་། དོན་གཉེར་སྐྱེ་བོ་མེད་ན་བློ་གྲོས་མཆོག་གིས་རིང་དུ་ལེན། །གང་ཞིག་སྐྱེས་བུ་དམ་པ་དེ་རྣམས་རྒྱལ་བའི་ལོངས་སྤྱོད་དང་འགྲོགས་ཏེ། །བློ་གྲོས་མཆོག་དང་ལྡན་པས་ཉིན་དང་མཚན་དུ་བསམ་གཏན་སྒོམ་པར་བྱེད། །བདག་བློ་རྨོངས་པས་ བསྒོམ་པ་བདེ་བའི་གོ་འཕང་ལ་བརྟེན་ཉིན་མི་མཐོང་། །སེམས་ཅན་དོན་ཕྱིར་སྙིང་རྗེའི་རོ་ཡིས་མ་རིག་ཐིབས་པོར་སླར་འདོད་པ། །རྐང་པ་བཞི་པས་ཤིན་ཏུ་བསྒོམས་པ་གསུངས་ཏེ། བྱེ་བ་ཕྲག་བཞི་ཞེས་བྱ་བ་ལ་སོགས་པ་ནི་གཞན་གང་ལ་མཐའ་བཞིས་རྣམ་པར་དཔྱད་ པའི་མཛོད་བདག་གིའོ། །གཉིས་སུ་མེད་པས་ན་ནང་འཁྲུག་པ་དེ་ཡིས་ཁྱེར་བའོ། །དེའི་ཕྱིར་བདག་ནི་གསོན་པ་དང་ཤི་བ་ནི་བསམ་གཏན་ལ་སོགས་པ་ལ་རྣམ་པར་རྟོག་པ་མེད་པའོ། །དེ་བཞིན་དུ་ཡང་དཔལ་ལྡན་དགྱེས་པ་རྡོ་རྗེ་ཉིད་ལས། དེ་ཡི་བདེ་བ་ཉིད་ཐོབ་ཅེས་བྱ་བ་ལ་ སོགས་པས་སོ། །དགའ་བས་རྩེ་བ་ཞེས་བྱ་བའི་གླུ་དབྱངས་རི་ཁྲོད་ཞབས་ཀྱིའོ། །ནམ་མཁའ་ནམ་མཁར་སོན་པ་ལྟ་ཞིང་སྟ་རེས་གཅོད། །མགུལ་དུ་བདག་མེད་གཞོན་ནུ་མ་ནི་སད་ནས་རྙེད། །སྒྱུ་མ་ལ་རྨོངས་མ་རུང་ཡན་ལག་ཅན་ནི་སྤོངས་ཤིང་སྤོངས། །ས་ཝ་རི་ནི་བདེ་ཆེན་ གྱིས་སྒེག་སྟོང་པའི་མི་མོ་ལེན། །བདག་གིས་ལྡུམ་ར་བལྟས་པས་ནམ་མཁའ་དང་མཚུངས་མཉམ་ཞིང་འདྲ། །རས་བལ་མེ་ཏོག་ཤིན་ཏུ་རྒྱས་པས་རབ་ཏུ་དགའ་བར་གྱུར། །ཀཾ་གུ་ཙ་ནི་སྨིན་གྱུར་རྔོན་པ་ཕོ་མོ་བཟི་བར་གྱུར། །ཉིན་མཚན་ཤ་ཝ་རི་པ་ཅིར་ ཡང་བསམ་མེད་བདེ་ཆེན་མྱོས། །ཕྱོགས་བཞི་རྣམས་སུ་སྨྱུག་མའི་རིབ་མས་ལེགས་པར་བསྐོར་ནས་བྱིན། །ས་ཝ་རི་ཡིས་དེ་བྱས་བྱ་དང་ཅེ་སྤྱང་རྣམས་ནི་ངུ་། །ཁྱོད་ཀྱིས་བསད་བྱས་ཕྱོགས་བཅུར་གཏོར་མ་དཀར་པོ་གཏོང་བ་ལྟོས། །ས་ཝ་རི་ནི་མྱ་ངན་འདས་གྱུར་སྲིད་རྩ་ ཐམས་ཅད་ཞིག །དེ་ཁོ་ན་ཉིད་ཀྱི་དོན་དམ་པའི་བདེན་པ་མངོན་སུམ་དུ་མཛད་པས་འགྲོ་བའི་དོན་གྱི་ཕྱིར་གྲུབ་པའི་སློབ་དཔོན་ས་ཝ་རིའི་ཞབས་ཀྱིས་གསུངས་ཏེ། ནམ་མཁའ་ནམ་མཁར་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའ་ཞེས་ལན་གཉིས་གསུངས་པས་སྟོང་པ་ཉིད་དང་ ཤིན་ཏུ་སྟོང་པ་ཞེས་བྱ་བར་རིག་པར་བྱའོ། །དེ་ལ་སྦྱར་ཞིང་བསྡུས་པའི་རིགས་པས་གསུམ་པ་སྟོང་པ་ཆེན་པོ་དང་སྙིང་པོ་ཞེས་ཏེ། འོད་གསལ་བཞི་པ་སྟོང་པས་སྟ་རིར་བྱས་ནས་དེ་ལ་བསྣུན་པ་ལ་སོགས་པ་སྟོང་པ་གསུམ་པོའི་སྐྱོན་གཅོད་པ་ཉིད་དོ། །མགུལ་དུ་ཞེས་པ་ ནི་ལོངས་སྤྱོད་ཀྱི་འཁོར་ལོར་བདག་མེད་པའི་ཆོས་རྟག་ཏུ་ཁོང་དུ་ཆུད་པས་གང་དུ་ཡང་རྣལ་འབྱོར་པ་རབ་ཏུ་སད་པས་དེ་འཇིག་རྟེན་གསུམ་དུ་གསལ་བར་བྱེད་དོ་ཞེས་སོ། །དྷྲཱུའི་རྐང་པས་གྲོགས་ཡོངས་སུ་སྤོང་བར་བྱེད་དེ། སྤོངས་ཤིག་ཅེས་བྱ་བ་ལ་སོགས་པ་ནི་སྒྱུ་མ་ཞེས་ཏེ། མ་རུངས་ཡན་ལག་ཅན་ནི་ལས་ཀྱི་ཡན་ལག་ཅན་ནོ། །ཀྱེའི་རྣལ་འབྱོར་པ་རྣལ་འབྱོར་ཆེན་པོས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་གྱིས་ཤིག་པ་སྟེ། བདག་ལ་མཚོན་ཆ་རྣམ་པ་གཉིས་གསུངས་སོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། །འགྲོ་བ་ཞེས་བྱ་བ་ལ་ སོགས་པས་སོ། །དེའི་ཕྱིར་ས་ཝ་རི་ནི་བདེ་བ་ཆེན་པོའི་ངོ་བོ་སྟོང་པ་ཉིད་བདག་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་འཛིན་པའི་ཕྱིར་སྒེག་ཅིང་རོལ་པའོ། །རྐང་པ་གཉིས་པས་བྱ་བ་བྱེད་པ་གསུངས་ཏེ། བདག་གི་ལྡུམ་ར་དབེན་པ་སྟེ་བདག་གི་གསུམ་པ་ཨ་ཝ་དྷཱུ་ཏཱི་པའོ། །ནམ་མཁའ་ དང་མཚུངས་པ་ནི་བླ་མའི་ཞབས་ཀྱི་དྲིན་གྱིས་འོད་མཚུངས་པར་གྱུར་པའོ། །ཀ་པཱ་ས་ཞེས་བྱ་བ་ནི་ཀ་ཡིག་གི་རྩ་བར་འཇུག་པ་ནི་ཁ་ཡིག་སྟེ་སྟོང་པ་བཞི་པ་བདག་ཉིད་འདིར་གསལ་བར་གྱུར་པའོ། །སླར་ཡང་གཞན་གྱི་ངོ་བོ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་ཡང་། དུད་འགྲོ་མགོན་ཤར་དྲི་མེད་པའི། ། ཟླ་བ་ཇི་བཞིན་ལྷན་སྐྱེས་སྤྲོ། །རྐང་པ་གསུམ་པས་དེ་ཉིད་ཀྱི་ཁྱད་པར་གསུངས་ཏེ། ལྡུམ་རའི་རྩ་བ་ཞེས་བྱ་བ་ལ་སོགས་པ་ནི་སྟོང་པ་གསུམ་པ་ལ་གཉེན་པོ་སྟེ། ཟླ་བ་ཤར་བ་ཞེས་ཡེ་ཤེས་ཀྱི་ཟླ་བའི་དཀྱིལ་འཁོར་དེ་ཤར་བར་གྱུར་པའོ། །དེའི་ཚེ་ཉོན་མོངས་པའི་མུན་པས་སེལ་ཏེ་བྲོས་པའོ། ། ནམ་མཁའ་ཞེས་པ་ནི་ཀཾ་བདེ་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེས་གང་གི་ཡན་ལག་ཏུ་གྱུར་པའོ། །ཀཾ་གུ་ཙ་ན་ཞེས་པ་ནི་བཞི་པ་སྐྱེ་བ་མེད་པ་རང་བཞིན་གྱིས་འོད་གསལ་བའི་གཟུགས་བླ་མའི་དྲིན་གྱིས་མཆོག་གི་རྣལ་འབྱོར་པས་གཉིས་པོ་གཅིག་ཏུ་གྱུར་པར་ཡོངས་སུ་རྟོག་གོ། །དེའི་ཕྱིར་རྔོན་པ་ནི་ ཐུགས་རྡོ་རྗེའོ། །རྔོན་པ་མོ་ཞེས་པ་ནི་ཡེ་ཤེས་ཀྱི་ཆང་གིས་མྱོས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་འཛིན་པའི་ཕྱིར་ཐོགས་པ་མེད་པའི་ནཱ་དའི་དགའ་བས་རབ་ཏུ་མྱོས་པས་རྟག་ཏུ་ཅུང་ཟད་ཀྱང་བསམ་དུ་མེད་པའོ། །དེའི་ཕྱིར་བདེ་བ་ཆེན་པོས་ས་ཝ་རི་ནི་སེམས་མེད་པར་གྱུར་ནས་ཉལ་བའོ། །རྐང་པ་ལྔ་པས་ རབ་ཏུ་འཇུག་པའི་ཐབས་གསུངས་ཏེ། བཞི་ཞེས་བྱ་བ་ལ་སོགས་པ་ནི་དེ་མཚམས་བཞིར་དགའ་བ་བཞི་ལས་ཀྱི་ཕྱག་རྒྱ་ལས་རིག་པར་བྱའོ། །བསྐོར་ནས་ཞེས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་གིས་བརྟན་པར་བྱའོ། །དེ་བཞིན་དུ་ལུང་ལས་ཀྱང་། དེ་ལ་དགའ་བ་སྐྱེ་བར་འགྱུར། །ཞེས་པ་ལ་སོགས་པས་ སོ། །དེའི་སྟེང་དུ་གཏུམ་མོ་ཞེས་པས་ཡུལ་དང་དབང་པོའི་ཕྱིར་རོ། །ས་ཝ་རི་ཞེས་པ་ནི་དེ་བྱེད་པའི་ཕྱིར་ཕ་རོལ་གང་ལ་སྟོབས་ཀྱིས་བྱེད་པས་རྔུབ་ཅེས་ཏེ། འདིར་ས་ཝ་རིའི་ཞབས་གྲུབ་པའི་སློབ་དཔོན་འཆི་བ་མེད་པ་ཉིད་མཐོང་ནས་ཅེ་སྤྱང་ལ་སོགས་པའི་བྱའི་ཚོགས་མཐའ་དག་ངུ་བར་གྱུར་པའོ། ། འདིས་ས་ཝ་རིའི་ཞབས་བདག་གིས་བརྩིར་བ་ཞེས་པའོ། །རྐང་པ་དྲུག་པས་རིགས་རྫོགས་པར་གསུངས་ཏེ། བསད་བྱས་ཞེས་པ་ནི་ཡུལ་ལ་སྤྲོ་བ་སྟེ། སེམས་ཀྱི་རྒྱལ་པོ་བླ་མ་དམ་པའི་གསུང་གི་རལ་གྲིས་མི་སྣང་བར་བྱས་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་བདག་གི་དེ་ཁོ་ན་ཉིད་ ཀྱིས་མཆོད་པར་བྱའོ། །དེ་བཞིན་དུ་ལུང་ལས་ཀྱང་། གཏོར་མའི་མཆོད་པའི་ཡོ་བྱད་ནི། །གཏོར་མ་ཆེན་པོ་དགའ་བ་ཡིན། །ཞེས་སོ། །དེའི་ཕྱིར་ས་ཝ་རི་ནི་སེམས་ཀྱི་རྡོ་རྗེའོ། །བདག་དང་བདག་གིར་འཛིན་པ་ཡོངས་སུ་བཏང་ནས་ངེས་པར་རིག་པར་གྱུར་པའོ། །དེ་ལྟ་བུར་ གྱུར་པ་ནི་ཐོག་མ་དང་ཐ་མ་མེད་པའི་བག་ཆགས་ཀྱི་དོན་བདག་གིས་བསལ་ཞིང་བྲོས་པར་གྱུར་པའོ་ཞེས་སོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། རྟོག་པ་རྣམས་ཉམས་ཉམས་ལས་སངས་རྒྱས་སུ། །བློ་ངན་རྣམས་ཀྱིས་རྗེས་སུ་སྟོན་པར་བྱེད། །བདག་ལས་དེ་ཉིད་བློ་ལྡན་ རྣམས་ཀྱིས་ནི། །ཅིས་ཀྱང་མཁས་ལས་ལྷག་ཏུ་སྟེར་བར་བྱེད། །དཔལ་ལྡན་ཧེ་རུ་ཀའི་རྒྱུད་ཀྱི་རྒྱལ་པོའི་ཆུ་གཏེར་ཟབ་མོ་འདུས་པ་ལ་སོགས་ལས། །དཔལ་ལྡན་བླ་མ་དམ་པའི་མགོན་གྱི་གསུང་བསྲུབས་པ་ལས་གྲུབ་པ་གང་ཞིག་འཁྲུངས་པ་ནི། །དཔལ་ལྡན་དེ་ཉིད་བདུད་རྩིའི་རོ་རུ་ གྱུར་པ་རང་ལ་སྟོན་པར་བྱེད་པའི་མཐར་གནས་པ། དཔལ་ལྡན་དེ་ཉིད་དཔུང་གཉེན་ཀྱང་ནི་རྟག་ཏུ་ཡང་དག་བསྡུས་པ་རྣམ་པར་སྤྱད་པ་རྣམས། །བསྡུས་པ་དེ་ལ་རྣམ་པར་དཔྱོད་བྱེད་པ། །ཉེ་བར་བསྡུས་པ་སྤྱོད་པའི་གླུ་བརྒྱ་ལ། །སེམས་ཅན་རྣམས་ཀྱིས་བྱང་ཆུབ་རྟོགས་བྱའི་ཕྱིར། །བློ་གྲོས་དད་ལྡན་རྣམས་ཀྱིས་ དང་མཛོད་མཛད། །དེ་ཕྱེད་ཐུབ་པས་བྱིན་གྱིས་རྣམ་དཔྱད་ནས། །སློབ་མས་ཡང་དག་རྟོགས་པར་བྱ་ཕྱིར་དང་། །ཀུན་གྱིས་ཀྱང་ནི་ཤེས་པར་བྱ་བའི་ཕྱིར། །མཛོད་ཀྱི་དོན་ནི་རབ་ཏུ་གསལ་བར་བྱས། །སྐྱེས་བུ་དམ་པ་བཤེས་རྣམས་ལ། །ཐུབ་པས་བྱིན་གྱིས་འགྲེལ་མཛད་པའི། །བདག་གི་བསོད་ནམས་གང་དེ་ཡིས། །སྐྱེས་ བུ་དམ་པ་རྒྱལ་གྱུར་ཅིག །སྤྱོད་པའི་གླུའི་མཛོད་གྲུབ་པ་རྣམས་ཀྱི་རྡོ་རྗེའི་གླུ་དེ་ཁོ་ན་ཉིད་གསལ་བར་ཤེས་པའི་སྐྱེ་བོ་རྣམས་ལ་སློབ་དཔོན་ཐུབ་པས་བྱིན་གྱིས་འགྲེལ་པ་མཛད་པ་ལས་གྲུབ་པ་རྣམས་ཀྱི་རྡོ་རྗེའི་གླུ་འགྲེལ་པ་དང་བཅས་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཀཱིརྟི་ཙནྡྲའི་ཞལ་སྔ་ ནས་གདམས་པ་དང་བཅས་པ་ལེགས་པར་ཞུས་ཤིང་། ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པ་ཁུ་དབོན་རྣམས་ཀྱི་སྐུ་དྲིན་ལ་བརྟེན་ནས་བལ་ཡུལ་ཡམ་བུའི་གྲོང་ཁྱེར་དུ་བོད་ཀྱི་ལོ་ཙཱ་བ་བནྡེ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་རོ།། །། ༄། །དངོས་པོའི་གནས་ལུགས་བསྒོམ་པ་བཞུགས། ༄༅༅། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་བཞི་ལ་ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོའོ། །དེ་ལ་ལས་ཀྱི་ཕྱག་རྒྱ་ནི། བུད་མེད་དེ་ལོ་ བཅུ་གཉིས་སམ། བཅུ་དྲུག་གམ། ཉི་ཤུ་རྩ་བཞི་མའོ། །དེ་ཡང་ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། གནས་ཉི་ཤུ་རྩ་བཞིར་སྐྱེས་པ། དབང་བསྐུར་ཐོབ་པ། བསྒོམ་པ་དང་། བཟླས་པ་ཤེས་པ། སྔགས་ལས་སྐྱེས་པ། སྨོན་ལམ་དག་ པ། སྔགས་ཀྱི་ནུས་པ་དང་ལྡན་པ། ཡེ་ཤེས་ལས་སྐྱེས་པའོ། །དེ་ཡང་ཨ་ཝ་དྷཱུ་ཏཱི་རིང་བའམ། ཨ་ཝ་དྷཱུ་ཏཱི་སྟོན་པའི་ནུས་པ་ཅན། དུང་ཅན་མ་དང་། པདྨ་ཅན་དང་། རི་བོང་ཅན་དང་། རི་དགས་ཅན་ནོ། །དེ་ནི་སེམས་ཏིང་ངེ་འཛིན་དང་ལྡན་པ་ཡང་རུང་། མི་ལྡན་ པ་ཡང་རུང་སྟེ། བདེ་བ་སྐྱེས་པ་ནས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་སློབ་དཔོན་ནཱ་གརྫུ་ནས་གསུངས་པའོ། །དེ་ལ་ཆོས་ཀྱི་ཕྱག་རྒྱ་ནི། ཡིད་ཀྱིས་མངོན་སུམ་གྱི་ཡུལ་གཟུགས་ཡིད་དུ་འོང་བ་དང་། སྒྲ་སྙན་པ་དང་། དྲི་ཞིམ་པ་ དང་། རོ་ཡིད་དུ་འོང་བ་དང་། རེག་ཡིད་དུ་འོང་བ་སྟེ། དོན་ཕྱི་རོལ་དུ་མ་བརྟགས་པ་ཤེས་པའི་སྣང་བ་ཙམ་སྟེ། དེ་ལ་དང་པོ་དགའ་བ་དང་། མཆོག་དགའི་ལུས་ཀྱི་བདེ་བ་དང་། ཕྱི་ནས་ཡིད་བདེ་བ་ལྷན་ཅིག་སྐྱེས་དགའ་སྟེ། དེ་ལྟར་འདོད་པའི་ཡོན་ཏན་ལྔ་ལ་དགའ་བ་དང་མཆོག་ དགའ་དང་། ལྷན་ཅིག་སྐྱེས་དགའ་འབྱུང་ངོ་། །དེའི་སྟེང་དུ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་སྣང་སྟོང་གཉིས་མེད་བསྒོམ་མོ། །དེ་ལ་ཡིད་སྐྱོ་ན་དགའ་བྲལ་དུ་འགྱུར་རོ། །དམ་ཚིག་གི་ཕྱག་རྒྱ་ནི་དེ་ལ་བཞི་སྟེ། གཏུམ་མོ་འབྱེད་འཛུམས་དང་། གཏུམ་མོ་མར་མེ་གསོ་བ་དང་། གཏུམ་མོ་སྲུབ་ཤིང་གི་འཁོར་ལོ་དང་། གཏུམ་མོ་བ་སྤུའི་བུ་ག་བསྒོམ་པའོ། །དེ་ལ་དང་པོ་ནི་སྤུ་མཚམས་ནས་ལྟེ་བའི་བར་དུ་མར་མེ་སོར་བརྒྱད་པ་ཅིག་བསམས་ནས། བཤང་བའི་ལམ་འབྱེད་འཛུམས་བྱེད་པའོ། །གཉིས་པ་མར་མེ་གསོ་བ་ནི་སྤུ་མཚམས་ནས་ལྟེ་བར་ཕྱིན་པས་ ལྟེ་བའི་བྱང་ཆུབ་ཀྱི་སེམས་འཛག་པས་གསོ་བའོ། །གསུམ་པ་ནི་ཨ་ཝ་དྷཱུ་ཏཱི་སྲུབ་ཤིང་ལ་ལ་ནཱ་དང་ར་ས་ནཱ་ལྟེ་བ་ཁྲག་གི་ཐིག་ལེ་ལས་མེ་འབར་བས་སྙིང་གའི་བྱང་ཆུབ་ཀྱི་སེམས་ཞུ་ནས་བདེ་བ་ཆེན་པོ་བསྒོམ་མོ། །བཞི་པ་བ་སྤུའི་བུ་ག་ནི་ལྟེ་བའི་དབུས་སུ་བུ་ག་ཕྲ་མོ་ འཁྱིལ་བ་བསྒོམས་ལ་སྟེང་གི་རླུང་མནན་པར་བྱའོ། །དེ་ལྟར་བསྒོམ་པ་དང་ལྡན་པའི་ཚེ་ས་ཆུ་ལ་ཐིམ་པས་དུ་བ་ལྟ་བུ་མཐོང་བ་དང་། ཆུ་མེ་ལ་ཐིམ་པས་སྨིག་རྒྱུ་ལྟ་བུ་མཐོང་བ་དང་། མེ་རླུང་ལ་ཐིམ་པས་སྲིན་བུ་མེ་ཁྱེར་ལྟ་བུ་མཐོང་བ་འབྱུང་བ་དང་། རླུང་རྣམ་པར་ཤེས་པ་ལ་ཐིམ་ པས་ནམ་མཁའ་ལྟ་བུ་འབྱུང་བ་དང་། རྣམ་པར་ཤེས་པ་རྟོག་པ་ཡིན་ཏེ། ནམ་མཁའ་མི་རྟོག་པ་ལ་ཐིམ་པས་ན། ནམ་མཁའ་སྟོང་པ་ལྟ་བུའི་རྟགས་འབྱུང་ངོ་། །དེ་ལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི། རྒྱ་དགུས་གདབ་པར་བྱའོ། །གཟུང་བ་མེད་དེ་རང་གི་སྣང་བ་ཡིན་པས་རྣམ་ པར་སྣང་མཛད་ཀྱི་རྒྱས་བཏབ་བའི་བདེ་བ་ཆེན་པོ་དང་། འཛིན་པ་བདེ་བ་ཆེན་པོའི་རང་བཞིན་ཡིན་པས་མི་བསྐྱོད་པའི་རྒྱས་བཏབ་པ་དང་། སེམས་རང་རིག་གཉིས་སུ་མེད་པར་ཡང་མི་བསམ་སྟེ། བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་པ་བསམ་གྱིས་མི་ཁྱབ་པ་ཡིན་པས། རྡོ་རྗེ་ སེམས་དཔའི་རྒྱས་བཏབ་པ་དང་། བསྒོམ་པར་བྱ་བ་དང་། སྒོམ་པར་བྱེད་པ་དང་། སྒོམ་པ་པོ་རོ་གཅིག་པ་གཉིས་སུ་མེད་པའི་རྒྱས་གདབ་པ་དང་། སྦྱོར་བ་དང་དངོས་གཞི་དང་རྗེས་རོ་གཅིག་པར་རོ་མཉམ་པའི་བདེ་བ་ཆེན་པོས་རྒྱས་གདབ་པ་དང་། འཁོར་བ་དང་མྱ་ངན་ ལས་འདས་པ་གཉིས་འོད་གསལ་བའི་ངང་དུ་རྒྱས་གདབ་པ་དང་། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་བརྟན་པ་དང་གཡོ་བ་རྣམས་ཧེ་རུ་ཀ་ལ་རོལ་པས་རྒྱས་གདབ་པའོ། །དེ་ལྟར་རྒྱས་དགུས་སྣོད་བཅུད་ཀུན་བདེ་སྟོང་གཉིས་ཀྱིས་རྒྱས་གདབ། སེམས་ནི་འོད་གསལ་ རྒྱ་མཚོ་ལས། །གློ་བུར་དབའ་རླབས་ཚུལ་དུ་བརྟག །སེམས་ནི་ནམ་མཁའ་སྟོང་པ་ལས། །གློ་བུར་སྤྲིན་གྱི་ཚུལ་དུ་བརྟག །བསྒོམ་དུ་མེད་པ་ལྷུན་གྲུབ་བསྒོམ། །རྟོག་པའི་དྲ་བ་ངང་གིས་སྟོང་། །མངོན་སུམ་ཚད་མས་མཐོང་བ་ཉིད། །ཤེས་བྱ་རྣལ་མ་ ཡིན་པར་གསལ། །རྟོག་པ་ཐམས་ཅད་འགོག་པ་དང་། །མི་རྟོག་ཡེ་ཤེས་ངང་ལ་གཞག །བསྒོམ་དུ་མེད་པ་བསྒོམ་པ་ཡིན། །ལྷུན་གྱིས་གྲུབ་པ་བསྒོམ་པ་ཡིན། །རྣམ་པར་རྟོག་པ་མེད་པ་ལ། །རྣམ་རྟོག་མེད་པའི་སྒྲོ་མི་གདགས། །དངོས་པོ་གདོད་ནས་ གཉིས་མེད་ལ། །གཉིས་མེད་ཅེས་བྱ་བསམ་མི་བྱ། །བདེ་ཆེན་སྒྲོ་སྐུར་བྲལ་བ་ལ། །བྲལ་ལོ་སྙམ་དུ་བསམས་ན་སྐྱོན། །ཉམས་མྱོང་འོད་གསལ་དག་པ་ལ། །དག་གོ་ཞེས་ཀྱང་རློམ་མི་བྱ། །རློམ་སེམས་མེད་པ་གནས་པའི་ཚེ། །རྟོག་པ་རང་གི་ ངང་གིས་འགག །ཆོས་དང་གང་ཟག་བདག་མེད་ཅེས། །རྟོག་པའི་ངོ་བོ་ཉིད་ཡིན་ཏེ། །རྟོག་པའི་རང་བཞིན་འོད་གསལ་བར། །ཤེས་ན་དེ་ཚེ་ཉིད་ན་འགགས། །གཉེན་པོའི་རྒྱལ་པོ་མངོན་སུམ་ཡིན། །གཅིག་དང་དུ་བྲལ་གཏན་ཚིགས་རྣམས། །འོད་གསལ་ཤེས་ ན་དགོས་པ་མེད། །གླང་པོ་དངོས་སུ་རྙེད་གྱུར་ནས། །གླང་པོའི་རྗེས་ནི་ཚོལ་བྱེད་དམ། །བདེ་ཆེན་དེར་སྣང་མངོན་སུམ་ལ། །ལུས་དང་རྗེས་དཔག་བཙལ་མི་དགོས། །མྱོང་བ་དངོས་པོའི་གཤིས་ཡིན་པས། །ཆད་པར་ལྟ་བའི་དོགས་པ་མེད། །གང་ལ་དེའོ་མི་སེམས་ པས། །སྒྲོ་འདོགས་པ་ཡི་དོགས་པ་མེད། །སྣོད་བཅུད་བདེ་ཆེན་རྒྱས་གདབ་པས། །ཉོན་མོངས་དགྲ་ལས་ལྡང་དོགས་མེད། །ལས་ལ་བྱེད་དོ་བྱའོ་ཞེས། །དགེ་སྡིག་གང་ལའང་མི་སེམས་ཤིང་། །རྨི་ལམ་ལས་ལ་ཁྱད་མེད་པས། །ངན་སོང་གསུམ་གྱི་དོགས་པ་མེད། ། གང་དང་གང་ལ་སེམས་པ་ན། །བདེ་ཆེན་དེར་སྣང་ངོ་ཤེས་ན། །གཉེན་པོ་གཞན་ཞིག་བཙལ་མི་དགོས། །བྱ་བ་བཏང་བའི་སེམས་ཉིད་ནི། །ལྷུན་གྱིས་གྲུབ་པར་རྣམ་པར་གནས། །ཇི་ལྟར་ཆུ་ལ་ཆུ་གཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་གི་ཡེ་ཤེས་ནི། ། ལེགས་མཐོང་གང་ཡིན་འདི་ཕྱག་ཡིན། །དེ་ཉིད་གཉིས་མེད་མཆོད་པ་ཡིན། །གཉེན་པོ་སྟོང་ཉིད་ལྟ་བ་འདི། །སྡིག་པ་བཤགས་པའི་མཆོག་ཡིན་ཏེ། །མེ་དང་གྲང་བའི་རེག་པ་བཞིན། །བདེ་སྟོང་མངོན་སུམ་འདི་དང་འགལ། །རྗེས་སུ་ཡི་རང་ལ་སོགས་དང་། །ཆོས་སྤྱོད་སྡོམ་ པའི་ནང་ནས་ཀྱང་། །དོན་དམ་བྱང་ཆུབ་སེམས་འདི་མཆོག །སྟོང་ཉིད་མངོན་སུམ་མཐོང་སྟེ་མཆོག །དཀྱིལ་འཁོར་སྦྱིན་སྲེག་བཟླས་བརྗོད་ཀྱི། །ནང་ན་བདེ་ཆེན་དཀྱིལ་འཁོར་མཆོག །གང་དང་གང་ལ་བློ་གཞག་པ། །དེ་དང་དེ་ནི་བདེ་ཆེན་དུ། །ཤེས་ན་ མལ་ཆ་སྟན་དག་དང་། །གཡོག་འཁོར་གཉེན་བཤེས་སྣང་བ་ཀུན། །བདེ་ཆེན་ཤེས་པ་བསྒོམས་པས་ཆོག །སྣོད་ནི་གཞལ་ཡས་ཁང་ཡིན་ལ། །བཅུད་ནི་ལྷ་དང་ལྷ་མོ་ཡིན། །འགྲོ་བ་རིགས་དྲུག་བདེ་གཤེགས་དྲུག །དམྱལ་བའི་འཇིག་རྟེན་བདེ་བ་ཅན། །ཡི་དགས་ དུད་འགྲོ་བདེ་ཆེན་གྱི། །ངང་དུ་ཤེས་པ་ལྷ་ཡི་སྐུ། །སེམས་ལ་བཀག་པ་མེད་པ་ཉིད། །གཉེན་པོ་མཆོག་ཏུ་ཁོ་ཡིས་མཐོང་། །དཔེར་ན་རྨི་ལམ་གནས་སྐབས་ན། །བདེ་དང་སྡུག་བསྔལ་སྣང་བ་ཀུན། །སད་པར་གྱུར་པ་རོ་གཅིག་ལྟར། །དེ་བཞིན་འཁོར་བའི་བདེ་སྡུག་ཀུན། ། སྐྱེ་མེད་ངང་དུ་མཉམ་པས་ན། །རྣལ་འབྱོར་སེམས་ལ་བླང་དོར་མེད། །དགྲ་སྡང་རྨི་ལམ་འདྲར་ཤེས་ནས། །ཆགས་སྡང་གཉེན་པོ་བསྒོམ་མི་དགོས། །སེམས་ཀྱི་རང་བཞིན་ཡོངས་ཤེས་ན། །ཆོས་ཉིད་གཞན་དུ་བསྒོམ་མི་དགོས། །དུས་གསུམ་ཁམས་གསུམ་ཐ་སྙད་དུ། ། བེམས་པོ་གློ་བུར་ཡིན་ཤེས་ན། །སེམས་ཀྱི་རང་བཞིན་བཅོས་མི་དགོས། །སྐྱེ་འགག་ནམ་མཁའི་སྐྲ་ཤད་བཞིན། །སྔ་ཕྱི་སྐྱེ་བས་སྟོང་པས་ན། །མ་སྐྱེས་ཞེས་སུ་བསྒོམ་པ་མེད། །རྒྱལ་བའི་ཐུགས་གཞི་རྟོག་མེད་ལ། །སྐྱེ་བ་མེད་པ་ཞེས་སུ་བསྒྲགས། །གཉེན་པོ་སྤང་ བྱ་དབྱེར་མེད་ཀྱི། །དོན་ལ་བྱ་བཙལ་མེད་པ་ཉིད། །བཏང་སྙོམས་ཆེན་པོ་བསྒོམ་པའི་མཆོག །དཔེར་ན་མི་འགའ་བཙོན་བྱས་ན། །དེ་ལ་འབད་རྩོལ་གྱིས་འབྲོས་ལ། །དེ་ཉིད་བཙོན་པར་གཏད་ནས་ནི། །འབད་རྩོལ་མེད་པར་གནས་པ་བཞིན། །ཉོན་མོངས་འབད་པས་བཀག་ ཀྱང་ནི། །ཆེད་ཀར་འབྱུང་བར་འགྱུར་བ་ལ། །དེ་ཉིད་བདག་ཉིད་ལྕགས་བཀྲོལ་ནས། །ཡུལ་ལ་རང་དགའ་བཏང་ན་ནི། །རང་གི་ངང་གིས་རྟོག་མེད་སྐྱེ། །དེས་ན་ཐབས་ལ་མཁས་པ་ཡིན། །འབྲས་བུ་ལམ་དུ་བྱེད་པར་གསུངས། །བླུན་པོ་ཡོད་མེད་སྡུག་བསྔལ་ཀྱང་། ། གདོད་ནས་སྐྱེ་བ་མ་མྱོང་ལ། །མཁས་པ་འགག་པ་སེམས་ལ་མེད། །ཆེད་ཀར་གཉེན་པོ་བསྒོམ་མི་དགོས། །རྣལ་འབྱོར་ནང་དུ་ཁ་བལྟས་ལ། །སེམས་ལས་མ་གཏོགས་མྱོང་མེད་པས། །སྣང་སྲིད་རྟག་དང་མི་རྟག་ལ། །བཀག་པ་དང་ནི་སྒྲུབ་པ་མེད། །སེམས་ཀྱང་ཡེ་ཤེས་ ཡིན་ཤེས་ན། །མྱ་ངན་འདས་པ་བསྟན་མི་དགོས། །གལ་ཏེ་ཆགས་སྡང་སྐྱེས་གྱུར་ཀྱང་། །གཉེན་པོ་མི་སྡུག་བྱམས་སོགས་ནི། །འགྲོ་བའི་སེམས་རྒྱུད་གཉིས་མི་འཆང་། །ཇི་ལྟར་སྤྲིན་ནི་སྣ་ཚོགས་དག །ནམ་མཁའི་དབྱིངས་སུ་ཐིམ་པ་ལྟར། །དངོས་པོ་འོད་ གསལ་གློ་བུར་བཅས། །ཕྱིས་ནི་རང་གི་ངང་འགགས་ན། །གཉེན་པོ་དག་ནི་སུ་ལ་བསྒོམ། །མ་རིག་འཁྲུལ་པའི་བག་ཆགས་ཀྱིས། །སེམས་ལ་སྨིག་རྒྱུ་བཞིན་སྣང་ན། །མི་མཁས་སྨིག་རྒྱུ་འཆོས་པ་བཞིན། །གཉེན་པོ་བསྒོམ་པ་ཀྱེ་རེ་མཚར། །སེམས་ཀྱི་རང་ བཞིན་འོད་གསལ་བ། །སྐྱེ་བ་ཉིད་ཀྱང་མི་བརྟན་ན། །གློ་བུར་རྟག་པར་ག་ལ་འགྱུར། །དེ་བས་གཉེན་པོ་མི་བསྒོམ་སྟེ། །གཉེན་པོ་མེད་ཅིང་བསྒོམ་པའང་མེད། །མཚན་མར་མི་འཛིན་རྣལ་འབྱོར་པ། །འདི་དང་འདི་འགའ་སེམས་པ་མེད། །འགྲིབ་པ་མེད་ཅིང་འགག་པ་ མེད། །འདུ་མི་བྱེད་པ་ནམ་མཁའ་འདྲ། །འདུ་ཤེས་ལས་བྱུང་ཏིང་འཛིན་སྐྱོན། །འདུ་མི་བྱེད་ཅེས་སེམས་པ་མེད། །མངོན་སུམ་རྟོག་བྲལ་རྒྱུན་བསྲིངས་ནས། །བསྒོམས་སོ་ཞེས་སུ་ཐ་སྙད་འདོགས། །རྟོག་མེད་ཡེ་ནས་སྐྱེ་ན་ཡང་། །སྒྲོ་འདོགས་སེལ་བ་བསྒོམ་པ་ ཡིན། །བཅོས་མེད་རང་གསལ་མ་བྱས་ན། །ནན་གྱིས་མི་རྟོག་བསྒོམས་གྱུར་ཀྱང་། །མི་རྟོག་པ་ཉིད་སྒྲིབ་པའི་རྒྱུ། །དཔེར་ན་སྨན་ཉིད་མ་ཞུ་ན། །ནད་ཀྱི་ནང་ན་དེ་ཉིད་ལྕི། །འབད་མེད་བསྒོམས་ལ་སྒྲོ་འདོགས་བཅད་ཅེས་བྱ། །སྒྱུ་མ་ཆུ་ཟླ་བཞིན་དུ་ཤེས་མེད་ན། ། སྟོང་ཞེས་བརྗོད་པས་སེམས་ལ་ཡོངས་མི་འགྲོ། །སེམས་ཀྱི་རང་བཞིན་སྣང་སྟོང་རྟོགས་ན་ནི། །འགྲོ་བ་རྣམས་ལ་སྙིང་རྗེ་ངང་གིས་སྐྱེ། །བདག་དང་གཞན་དག་དབྱེ་བ་མེད་པར་ཡང་། །ཆུ་ཟླ་ལྟ་བུར་བློ་ནི་སྐྱེ་འགྱུར་ན། །བདེ་བ་ཆེན་པོ་སྒོམ་ཞེས་དེ་ལ་བྱ། །གང་ཞིག་ བྷ་གར་བདེ་བ་རྟོག་མེད་མྱོང་། །གང་ཞིག་མེ་ལོང་གཟུགས་བརྙན་སྣང་བ་དང་། །གང་ཞིག་གཏུམ་མོ་དྲོད་ལས་བདེ་མྱོང་དང་། །གང་ཞིག་དགོད་དང་ལྟ་དང་ལག་བཅངས་དང་། །འོ་བྱས་འཁྱུད་པ་བདེ་བ་དམ་པ་མྱོང་། །རྟོག་མེད་མྱོང་བར་གྱུར་ཀྱང་བདེ་ཆེན་གྱིས། །རྒྱས་ མ་བཏབ་ན་བྱང་ཆུབ་མེད་དོ་ཞེས། །རྡོ་རྗེ་འཆང་བ་གསུང་ཞིང་ཚད་མས་གྲུབ། །བདེ་བ་སྟོང་པ་ཉིད་ཀྱི་རྒྱས་གདབ་བྱ། །རྒྱས་གདབ་ཅེས་བྱའི་དོན་ནི་ངོ་བོ་ཡང་། །དམིགས་པའི་ཡུལ་ནི་སྒྱུ་མར་མ་ཟད་ཀྱི། །རང་གི་མྱོང་བ་སྒྱུ་མར་མངོན་སུམ་དུ། །རིག་པ་དེ་ལ་རྒྱས་གདབ་ རྗེས་སུ་བརྗོད། །རྟོག་པ་རེ་རེས་བཅད་པ་རྒྱས་གདབ་མིན། །དེ་བཞིན་རྗེས་དཔག་བསྒོམ་པ་རྒྱས་གདབ་མེད། །ཤེས་བྱའི་དཀྱིལ་འཁོར་སྤྲོས་དང་བྲལ་བ་ཡི། །མངོན་སུམ་དེར་སྣང་རྒྱ་ཡི་རྣམ་པར་བྱུང་། །དེས་ན་རྒྱས་གདབ་ཅེས་ནི་བྱ་བར་བཤད། །འཇིག་རྟེན་འདི་དང་ འཇིག་རྟེན་ཕ་རོལ་དག །བདེ་ཆེན་མཉམ་པར་ཤེས་ཏེ་བསྒོམས་པས་ན། །འདའ་བའི་མན་ངག་གཞན་ནས་བཙལ་མི་དགོས། །སེམས་ཀྱི་རང་བཞིན་ཆོས་ཀྱི་སྐུར་ཤེས་ན། །འབྲས་བུ་ཐོབ་བྱས་སར་དུ་བཙལ་བ་མེད། །སེམས་ཀྱི་ངང་ལས་འཕེལ་འགྲིབ་མེད་ཤེས་ན། ། བསྒོམ་པ་ཤོར་ཡང་སྤོགས་པ་བཙལ་མི་དགོས། །ལེགས་བྱས་ཉེས་བྱས་གློ་བུར་ཡིན་ཤེས་ན། །དམ་ཚིག་ཉམས་ཆགས་བཤགས་པ་དེ་ཉིད་ཡིན། །ཇི་ལྟར་སྣང་བ་དེ་ལྟར་བདེན། །ཇི་ལྟར་བཏགས་པ་དེ་ལྟར་མེད། །ཇི་ལྟར་བཙལ་བ་དེ་ལྟར་སྐྱོན། །ཇི་ལྟར་བསམས་ པ་དེ་ལྟར་བྲལ། །ཡུལ་ནི་གང་དང་གང་དག་ལ། །རྟོག་བྲལ་གསལ་བ་སྐྱེས་གྱུར་ན། །དེའི་ཚེ་དེ་འོང་མིའི་སེམས་ལ། །དེ་ནི་སྟོང་ཉིད་བསྒོམ་པ་ཡིན། །རང་རིག་གཉིས་མེད་བསྒོམ་བྱ་ཞེས། །གང་ལ་གདམས་ངག་ཕོག་གྱུར་ཀྱང་། །གཉིས་མེད་ཉིད་དུ་མ་ མྱོང་ན། །གང་ཞིག་བསྟན་ཀྱང་མིང་དུ་ཟད། །ཡུལ་ནི་གང་དང་གང་དག་ལ། །ཐམས་ཅད་ལས་ནི་སེམས་བསྡུས་ན། །ནང་གི་བདག་ཉིད་གཡོ་མེད་པར། །གནས་པས་མིག་གིས་གཟུགས་དག་གམ། །གནས་པས་རྣ་བས་སྒྲ་དག་གམ། །གནས་པས་སྣ་ཡིས་དྲི་ དག་གམ། །གནས་པས་ལྕེ་ཡིས་རོ་དག་གམ། །གནས་པས་ལུས་ཀྱིས་རེག་དག་གམ། །གནས་པས་ཡིད་ཀྱིས་ཆོས་དག་གམ། །ཤེས་པའི་བློ་དེ་རྟོག་བྲལ་ཡིན། །རྟོག་པའི་སྐྱེ་དང་འགག་པ་དང་། །རང་རིག་གཉིས་ཀྱིས་མྱོང་བས་ན། །རྟོག་དང་བྲལ་བས་མངོན་དུ་གྲུབ། ། གང་ཞིག་རྟོག་བྲལ་དོན་དེ་ལ། །ཚོར་བ་བདེ་བ་ལ་བརྟེན་ནས། །བསྒོམས་པས་ཕོ་ཉའི་ལམ་དུ་གྱུར། །གང་ལ་དང་པོ་རྟོག་མེད་ལ། །དགའ་བ་ཞེས་སུ་བཤད་པ་ཡིན། །རྟོག་བྲལ་བདེ་ཆེན་གཉིས་པ་ལ། །མཆོག་དགའ་ཞེས་སུ་བཤད་པ་ཡིན། །དེ་ནི་ལུས་ཀྱི་ བདེ་བ་སྟེ། །ཡིད་འོང་ཡུལ་ལས་བྱུང་བའོ། །རྟོག་དང་བྲལ་བ་གསུམ་པ་ནི། །ལྷན་ཅིག་སྐྱེས་དགའ་ཞེས་བཤད་དེ། །ཡིད་ཀྱི་མངོན་སུམ་བདེ་བ་ཡིན། །གཟུང་འཛིན་དྲི་མ་དང་བྲལ་བས། །མྱོང་བས་གསལ་བ་སྐྱེ་བ་ནི། །རང་རིག་བདེ་ཆེན་ཞེས་སུ་བཤད། ། གང་ཞིག་རྟོག་པས་བར་བཅད་ན། །དགའ་བདེའི་ཏིང་འཛིན་ཉམས་འགྱུར་བས། །ཕྱག་རྒྱ་བཞི་ཡི་ཡུལ་རྣམས་ལས། །ཚོར་བ་བདེ་བ་སྐྱེས་གྱུར་པས། །རྒྱུ་རྐྱེན་ཚོགས་པའི་སྟོབས་ལྡན་པས། །རྟོག་དང་བཅས་པས་སྐྱེ་མི་འགྱུར། །དེ་བས་བདེ་བའི་ཏིང་འཛིན་ ལས། །རྣལ་འབྱོར་པ་ཡི་ཡིད་གཞག་ནས། །གཉིས་མེད་བདེ་ཆེན་བསྒོམ་པར་བྱ། །གང་ཞིག་བདེ་བའི་ཏིང་འཛིན་ལས། །སེམས་འཇོག་པ་ནི་ཞི་གནས་ཡིན། །དེས་ན་དགའ་དང་མཆོག་དགའ་དང་། །ལྷན་སྐྱེས་དགའ་བ་ཕུལ་བྱུང་ཡང་། །ཞི་གནས་ སེམས་ལས་མི་འདའ་སྟེ། །ལུས་དང་ཡིད་ཀྱི་བདེ་བར་ཟད། །བདེ་ཆེན་དོན་གྱིས་རྒྱས་གདབ་ན། །ལྷག་མཐོང་ཕུལ་དུ་བྱུང་བར་འགྱུར། །གང་ཞིག་བདེ་བའི་ཆོས་ཅན་ལ། །སྟོང་ཉིད་སྒྲུབ་པ་གང་ཡིན་པ། །ལྷན་ཅིག་སྐྱེས་དགའ་ཡིན་སྙམ་སྟེ། །དེ་ནི་རྗེས་ དཔག་བསྒོམ་པའི་ལམ། །སོ་སོར་རྟོག་པའི་རྣལ་འབྱོར་ཏེ། །བདེ་བ་ཆེན་པོ་མྱོང་བའང་མེད། །འོད་གསལ་བདེ་བའི་རྒྱ་མཚོ་ལས། །དགའ་བདེ་དབའ་རླབས་ཚུལ་དུ་ཤེས། །དེ་ཉིད་སྟོང་པ་བསྒོམ་པ་ཡིན། །བདེ་དང་ཡིད་བདེ་གང་ཡིན་ལས། །དེ་ཡི་ རང་བཞིན་སྟོང་ཤེས་ན། །གཏན་ཚིགས་ལ་སོགས་དོན་མེད་ཡིན། །ཆུ་ནི་དང་བར་གྱུར་པ་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་སྟོང་གསལ་རང་བཞིན་ལས། །སྣ་ཚོགས་ཤེས་པ་ལྡང་ཞིང་འགག །སྣོད་བཅུད་བདེ་ཆེན་རྒྱས་བཏབ་པས། ། སེམས་ཀྱི་གླང་པོ་ཡན་བཏང་ཡང་། །གནས་མ་རྙེད་ནས་ལྡོག་པར་འགྱུར། །དངོས་པོ་གསལ་བ་མཐོང་ན་ཡང་། །དེ་དེ་བདེ་བས་རྒྱས་བཏབ་ནས། །གཡེང་བ་ཉིད་ཀྱང་གཡེང་བ་མིན། །སྤྱོད་ལམ་རོ་མཉམ་ཡིན་ཤེས་ནས། །འགྲོ་བ་ཉིད་ནི་འགྲོ་འོང་མེད། །རྒྱུ་འབྲས་མེད་ཀྱང་ རྒྱས་བཏབ་པས། །སྐྱེ་བ་ཉིད་ནའང་སྐྱེ་བ་མེད། །འགག་པ་ཐིམ་པའི་རྒྱས་བཏབ་པས། །བཀག་ཙམ་ཉིད་ནའང་འགག་པ་མེད། །བདེ་གཤེགས་རྣམས་ནི་བདེ་ཆེན་ཉིད་ཀྱི་སྐུ། །ཆོས་རྣམས་ཐམས་ཅད་བདེ་གཤེགས་ཉིད་དང་མཉམ། །བྱིས་པའི་བློ་ཅན་དངོས་ལ་ཞེན་པ་རྣམས། ། རྣམ་པར་རྟོག་པས་བརྟགས་པ་ཉིད་ལ་སྤྱོད། །དངོས་རྣམས་ཐམས་ཅད་བཅོས་སུ་མེད་ན་ཡང་། །གྲུབ་མཐའ་ངན་པས་བསླད་པས་འཆོས་པར་བྱེད། །གདོད་ནས་རྣམ་དག་འོད་གསལ་ཆོས་ཀྱི་དབྱིངས། །བདེ་གཤེགས་ཆོས་ཀྱི་སྐུ་ཡིས་མཁྱེན་པར་མཉམ། །འཁོར་བའི་ ཕུང་པོ་སྒྱུ་མར་རྣམ་དག་ཤེས། །ལོངས་སྤྱོད་རྫོགས་སྐུ་སྒྱུ་མར་ཡང་དག་མཉམ། །གལ་ཏེ་སྒྱུ་མའི་རྒྱུན་ལ་བདེ་སྡུག་དང་། །དགའ་དང་གདུང་བའི་བྱེ་བྲག་ཡོད་མིན་ཡང་། །དེར་སྣང་སྐད་ཅིག་རེ་རེར་གནས་པ་ལས། །བདེ་ཆེན་བདེ་བ་ཆེན་པོ་ཉིད་དུ་གཅིག །རྣམ་པར་ རྟོག་པ་ཐ་དད་མེད་ན་ཡང་། །མི་རྟོག་ངང་ལས་རོ་གཅིག་གྱུར་པར་སྣང་། །དང་པོའི་ལས་ཅན་སོ་སོའི་སྐྱེ་བོ་ལ། །བདེ་བ་ལམ་དུ་བྱེད་པར་གསུངས་ན་ཡང་། །གང་ཞིག་བླ་མའི་ཕན་པའི་ལུང་ཐོབ་ནས། །བདེ་སྡུག་ཐམས་ཅད་བདེ་བ་ཆེན་པོར་འགྱུར། །གང་ཞིག་སྟོང་ཉིད་ མི་ཤེས་པ། །དེ་ལ་ཐར་པའི་སྐལ་བ་མེད། །འགྲོ་དྲུག་སྲིད་པའི་བཙོན་ར་རུ། །རྨོངས་པ་དེ་ནི་འཁྱམ་པར་འགྱུར། །དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས། །སྟོང་པ་ཉིད་ནི་བསྒོམ་བྱས་ན། །བློ་ནི་གཞན་དོན་ལ་དགའ་བར། །འགྱུར་བ་ཉིད་དུ་ཐེ་ཚོམ་མེད། ། སེམས་ཅན་གང་ཡིན་ཐམས་ཅད་སྔོན། །ཕ་མ་མཛའ་བཤེས་རྩ་ལག་ཏུ། །གྱུར་ཅིང་ཕན་ཆེན་བཏགས་པས་ན། །བྱས་པ་གཟོ་བ་ཉིད་དུ་བྱ། །སེམས་ཅན་ལ་བརྟེན་བླ་མེད་པའི། །སངས་རྒྱས་གོ་འཕང་ཉིད་ཐོབ་ན། །ཚངས་དབང་དྲག་པོ་འཇིག་རྟེན་སྐྱོང་། །སོགས་པ་ འཐོབ་པ་མཚར་ཅི་ཆེ། །སེམས་ཅན་ཕན་པ་བྱས་ཙམ་གྱིས། །འགྲོ་བ་གསུམ་པ་དམ་པར་སྐྱེ། །སེམས་ཅན་གནོད་པས་སྡུག་བསྔལ་ནི། །རྣམ་པ་དུ་མའི་ཚུལ་དག་གིས། །དམྱལ་བ་ཡི་དགས་དུད་འགྲོ་རུ། །སེམས་ཅན་རྣམས་ནི་ཉེ་བར་སྤྱོད། །དངོས་ པོ་ཀུན་གྱིས་མགུ་བྱ་བ། །རང་ལུས་བཞིན་དུ་བསྲུང་བར་བྱ། །འབད་པས་སེམས་ཅན་མི་དགའ་བ། །དུག་དང་འདྲ་བ་སྤང་བར་བྱ། །སེམས་ཅན་ཡོངས་སུ་མ་བཏང་བས། །སངས་རྒྱས་བྱང་ཆུབ་ཀུན་དུ་འཐོབ། །གཞན་གྱི་གནོད་པ་མ་བཟོད་པས། ། མནར་མེད་དུ་ཡང་སྐྱེ་བར་བྱེད། །རང་གི་ལུས་དང་ནོར་སྦྱིན་པ། །འདི་ནི་མཚར་ཞིང་འདི་ནི་བསྔགས། །འདི་ནི་འཇུག་པ་མཆོག་ཡིན་ནོ། །མཚར་ཞེས་བྱ་བ་འདི་མིན་ཏེ། །ཆོས་འདི་སྟོང་པར་ཤེས་ནས་སུ། །ལས་ཀྱི་འབྲས་བུ་བསྟེན་བྱེད་པ། །མཚར་ བ་བས་ཀྱང་འདི་མཚར་ཞིང་། །ངོ་མཚར་བས་ཀྱང་ངོ་མཚར་རོ། །སེམས་ཅན་བསྐྱབ་པའི་བསམ་པ་འདིས། །སྲིད་པའི་འདམ་དུ་སྐྱེས་མོད་ཀྱི། །པདྨ་ལ་ནི་ཆུ་བཞིན་དུ། །སྲིད་པའི་སྐྱོན་གྱིས་དེ་མ་གོས། །བཟང་པོ་ལ་སོགས་རྒྱལ་བའི་སྲས། །འདི་ ན་ཡེ་ཤེས་མེ་ཡིས་ནི། །ཉོན་མོངས་བུད་ཤིང་བསྲེགས་བཞིན་དུ། །འོན་ཀྱང་ཐུགས་རྗེས་བསླབ་པ་མཛད། །བྱང་ཆུབ་ཆེ་དང་འཆི་དང་སྐྱེ། །དུར་ཁྲོད་གཤེགས་དང་དཀའ་སྤྱོད་མཛད། །བདུད་སྡེ་རབ་ཏུ་འཇོམས་པ་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་ དང་། །ལྷ་ཡུལ་གཤེགས་དང་མྱ་ངན་འདས། །དེ་བཞིན་ཁྱིམ་ནས་བྱུང་བ་རྣམས། །སྙིང་རྗེའི་དབང་གིས་འཇུག་པ་ཡིས། །འགྲོ་བའི་མགོན་པོ་སྟོན་པར་མཛད། །ཚངས་དབང་ཉེ་དབང་དྲག་སོགས་ཀྱི། །གཟུགས་ཀྱིས་རབ་ཏུ་འཇུག་མཛད་ཅིང་། ། འགྲོ་བ་འདུལ་བའི་སྦྱོར་བ་ཡིས། །ཐུགས་རྗེས་ཐུགས་ཀྱིས་རོལ་པ་མཛད། །ཐེག་པ་གཉིས་པོ་དག་ཀྱང་ནི། །ཐེག་པ་ཆེན་པོར་འབྱུང་བས་ན། །སྲིད་པའི་ལམ་གྱིས་དུབ་པ་རྣམས། །ངལ་བསོ་དོན་དེ་དེ་ཉིད་མིན། །ཉན་ཐོས་དེ་དག་དེ་སྲིད་དུ། ། སངས་རྒྱས་རྣམས་ཀྱིས་མ་བསྐུལ་བར། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་དྲེགས་པས་མྱོས་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་དགའ་བྱེད་ཅིང་། །བསོད་ནམས་ཡེ་ཤེས་ཉེར་འཕེལ་ནས། །སངས་རྒྱས་བྱང་ ཆུབ་འཐོབ་པར་འགྱུར། །བག་ཆགས་ལས་ནི་བྱུང་བས་ན། །བག་ཆགས་ས་བོན་དག་ཏུ་བཤད། །བག་ཆགས་རྗེས་མཐོང་ཚོགས་པ་ན། །སྲིད་པའི་མྱུ་གུ་དེ་བསྐྱེད་དོ། །སྟོང་ཉིད་སྨྲ་བས་སྨྲ་བྱེད་ཅིང་། །རྟག་ཏུ་ལུས་ངག་ཡིད་གསུམ་གྱིས། །འདི་ལྟར་སེམས་ཅན་དོན་ བྱེད་པ། །ཆད་པར་སྨྲ་བ་ཡོད་མ་ཡིན། །ཞེས་གསུངས་སོ། །དཔེར་ན་གསེར་འགྱུར་ཟངས་ལྕགས་ཐམས་ཅད་ལ། །གསེར་འགྱུར་རྩི་ཡི་ནུས་པའི་ཐབས་རྙེད་ན། །ཐམས་ཅད་ཁ་དོག་གསེར་དུ་འགྱུར་བ་ལྟར། །སེམས་ཀྱང་བདེ་ཆེན་ངང་དུ་རོ་གཅིག་འགྱུར། །སྒྱུ་མ་ སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་རྣམས། །རྟོག་དང་བྲལ་བའི་སྟོང་པའི་རྣམ་པ་སྐྱེས། །དེ་བཞིན་སྒྱུ་འདྲར་སེམས་ཀྱི་སྒྱུ་འདྲར་ཤེས། །བདེ་ཆེན་རྒྱས་བཏབ་བདག་བྱིན་བརླབ་པ་ལ། །སྒྱུ་མའི་དཔེ་ཡིས་དོན་རྣམས་བཙལ་མི་དགོས། །ཐམས་ཅད་སྒྱུ་འདྲ་མི་འདྲར་དགག་སྒྲུབ་ བྱེད། །ཕྱག་རྒྱའི་ལམ་ལ་བདེ་བ་སྟོང་པར་ཤེས། །ཆོས་ཀྱི་མདོ་དོན་སེམས་ཀྱིས་སྟོང་པར་ཤེས། །ཆོས་རྣམས་ཀུན་ལ་ཡོད་མེད་དགག་སྒྲུབ་མེད། །རྟོག་མེད་མངོན་སུམ་ལམ་ལ་བློ་གཞག་པས། །རྟགས་ཀྱིས་རྗེས་འབྲངས་གཞན་སེལ་དགོས་པ་མེད། །དུས་ གསུམ་བདེ་གཤེགས་ཇི་ལྟར་སངས་རྒྱས་ལྟར། །གང་དུ་ཁ་བལྟས་སེམས་ཀྱི་གསང་ཤེས་པས། །སྒྲིབ་པ་ཀུན་ཟད་ཡེ་ཤེས་ཕུན་ཚོགས་ཤིང་། །སངས་རྒྱས་ཞིང་གྲོལ་སེམས་ཅན་ཐམས་ཅད་སྒྲོལ། །ཐམས་ཅད་བཟང་རྒྱུ་ཉིད་དུ་གྱུར་པར་ངེས། །ཇི་ལྟར་སྦྲུལ་ གྱི་རང་བཞིན་ཤེས་པ་ན། །དེ་ཡི་དུག་ནི་གནོད་པར་མི་འགྱུར་ཏེ། །གང་ཞིག་ཉོན་མོངས་འཁོར་བའི་རང་བཞིན་ཤེས། །དེས་ནི་དེ་མ་ཐག་ཏུ་ངེས་གྲོལ་འགྱུར། །དེ་ཉིད་ཀྱིས་ནི་སངས་རྒྱས་ཤིང་། །དེ་ཉིད་ཀྱིས་ནི་ཉོན་མོངས་འཇོམས། །བདེ་ཆེན་ལམ་ལ་བརྟེན་ནས་ ནི། །ཐམས་ཅད་བྱས་ཀྱང་རྣམ་པར་གྲོལ། །རྣམ་པར་རྟོག་པ་རྣམ་སྤངས་ཤིང་། །གཟུང་དང་འཛིན་པ་དང་བྲལ་བས། །ཡེ་ཤེས་འདུས་མ་བྱས་པ་སྟེ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའོ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྤངས་པ་ཡིན། ། རུ་ནི་བཀོད་པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་པ། །སེམས་ཀྱི་ངང་ལ་རྣམ་གནས་ན། །མྱ་ངན་འདས་པ་བསྟན་དུ་མེད། །བདེ་ཆེན་རྟོགས་པའི་མན་ངག་འདི། །སྡེབ་སྦྱོར་གོ་རིམས་བསྒྲིགས་པ་མིན། །ཉམས་མྱོང་རྟོགས་པའི་ཕན་པའི་ལུང་། །དམ་ པའི་སྤྱི་བོས་བླང་བར་མཛོད། །དངོས་པོའི་གནས་ལུགས་བསྒོམ་པ་ཞེས་བྱ་བ། ནོར་བུ་གླིང་པའི་སློབ་དཔོན་བདེ་བའི་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙ་ཏུར་མུ་དྲ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། ཕྱག་རྒྱ་བཞིའི་མན་ངག་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང་། །ཟབ་ཅིང་རང་བཞིན་བརྟག་དཀའ་བ། །ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད། །ཕྱག་འཚལ་ནས་ནི་དེ་ཉིད་བཤད། །དེ་ལ་མན་ངག་ལ་ འཇུག་པར་འདོད་པའི་རྣལ་འབྱོར་པས་ཐོག་མར་གྲུབ་མཐའ་དག་ཤེས་པར་བྱ་སྟེ། དེ་ཡང་ཐེག་པ་ནི་རྣམ་པ་གསུམ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའོ། །དེ་ཉིད་གནས་པ་བཞི་སྟེ་བྱེ་བྲག་ཏུ་སྨྲ་བར་གནས་པ་དང་། མདོ་ སྡེ་པར་གནས་པ་དང་། རྣམ་པར་རིག་པར་གནས་པ་དང་། དབུ་མར་གནས་པའོ། །དེ་དག་ཉིད་སྦྱོར་བ་དགུ་སྟེ། ཉན་ཐོས་རབ་འབྲིང་གསུམ་དང་། རང་སངས་རྒྱས་དང་། མདོ་སྡེ་པ་དང་། རྣམ་བཅས་དང་། རྣམ་མེད་དང་། སྒྱུ་མ་ལྟ་བུ་གཉིས་སུ་མེད་པར་སྨྲ་བའི་དབུ་མ་ དང་། ཆོས་ཐམས་ཅད་རབ་ཏུ་མི་གནས་པར་སྨྲ་བའི་དབུ་མ་དག་རེ་རེ་ལ་ཡང་དཔྱད་པའི་སྒོ་དང་། བསམ་གཏན་དང་། བསམ་གཏན་གྱི་དྲི་མ་དང་། ལྟ་བ་སྟེ་བཞི་བཞིའོ། །དེ་ལ་དཔྱད་པ་ནི་ཐོས་བསམ་ལ་བརྟེན་པའི་རང་གི་སོ་སོར་རྟོག་པའི་ཤེས་ རབ་བོ། །བསམ་གཏན་ནི་རང་གི་བསྒོམ་པའི་ཤེས་རབ་བོ། །བསམ་གཏན་གྱི་དྲི་མ་ནི་དེའི་དངོས་སུ་མི་མཐུན་པའི་ཕྱོགས་སོ། །ལྟ་བ་ནི་རང་གི་ཤེས་རབ་ཀྱིས་ཟིན་པའི་ཁྱད་པར་དང་། རང་གི་འབྲས་བུ་ལ་བློས་ཡུལ་དུ་བྱེད་པའོ། །དེ་ལ་ཉན་ཐོས་ཐ་མའི་སྤྱོད་པ་ནི། སྔོན་ པོ་ལ་སོགས་པའི་དོན་ཁས་ལེན་པ་སྔོན་དུ་འགྲོ་བས་བརྗོད་དུ་མེད་པའི་གང་ཟག་འདོད་པའོ། །འབྲིང་པོ་ནི་དེ་དང་མཐུན་པའོ། །རབ་ནི་འཕགས་པའི་བདེན་པ་བཞི་ཡོངས་སུ་ཤེས་པས་གང་ཟག་སྟོང་པར་ལྟ་བའོ། །རང་རྒྱལ་ནི་གཟུང་བ་སྟོང་ཞིང་འཛིན་པ་ཁས་ལེན་པའོ། །མདོ་ སྡེ་པ་ནི་གཟུང་བ་འདུས་པར་འདོད་ཅིང་འཛིན་པ་ཚོགས་དྲུག་གོ། །རྣམ་བཅས་ནི་ཐམས་ཅད་ཤེས་པའི་རྣམ་པར་འདོད་པ་སྟེ། སྣ་ཚོགས་གཉིས་སུ་མེད་པར་འདོད་པའོ། །རྣམ་མེད་ནི་འདི་དག་ཐམས་ཅད་སེམས་ཉིད་དེ། རྣམ་པ་མེད་པར་རིག་པའི་ངོ་བོར་འདོད་པའོ། །སྒྱུ་མ་ ལྟ་བུ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡང་དག་པའི་དངོས་པོས་སྟོང་པ་སྟེ། དེ་ཉིད་གཉིས་སུ་མེད་པར་འདོད་པའོ། །རབ་ཏུ་མི་གནས་པ་ནི་ཐ་སྙད་ཐམས་ཅད་ནི་མཚོན་པ་ཙམ་སྟེ། དོན་གྱི་ངོ་བོ་ཅིར་ཡང་མི་གནས་པའོ་ཞེས་དཔྱོད་པའོ། །བསམ་གཏན་ནི་མི་སྡུག་པ་བསྒོམ་པ་དང་། སྲོག་དང་རྩོལ་བ་བགྲང་བ་ལ་གནས་པ་དང་། སྟོང་པ་ཉིད་ཀྱི་བདེན་པ་མར་མེ་བསད་པ་ལྟ་བུ་ཅི་ཡང་མི་སྣང་བ་ལ་སེམས་གནས་པ་དང་། སྣའི་རྩེ་མོར་གནས་པ་དང་། དཀྱིལ་འཁོར་བསྡུས་ནས་སེམས་གནས་པ་དང་། སེམས་ཀྱི་རྣམ་པ་ལ་སེམས་གནས་པ་དང་། རྣམ་པ་ མེད་པ་ལ་གནས་པ་དང་གཟུགས་བརྙན་ལ་གནས་པ་དང་། ཅིར་ཡང་མ་གྲུབ་པའི་ངོ་བོ་ཉིད་ལ་གནས་པའོ། །དེ་ལ་སེམས་ཀྱི་རྣམ་པ་ལ་གནས་པར་བྱ་བ་ནི་དང་པོར་ཅི་ཡང་རུང་བ་ལ་ཤེས་པ་གཏད། དེ་ཉིད་སེམས་ཙམ་དུ་ཤེས་པར་བྱས་ཏེ་གནས་པའོ། །རྣམ་པ་མེད་པ་ལ་ གནས་པ་ནི་ཐོག་མར་མཆོད་པ་ལ་སོགས་པ་བྱས་ཏེ། སློབ་མ་སྟན་ལ་བཞག་ལ་དབུགས་སོར་བཅུག་སྟེ། ཐོག་མར་མེ་ཏོག་ལྟ་བུ་ལ་ཤེས་པ་གཏོང་དུ་བཅུག་ནས་ལག་པ་སྤྱི་བོར་བཞག་ལ་སྔགས་འདི་བརྗོད་དོ། །ཨོཾ་ཨ་ར་ར་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཡོ་གི་ནཱི་ཨ་དྷི་ཏིཥྛ་ཧཱུཾ་ཕཊ། ཅེས་ པའི་མགོར་རང་གི་ཡི་དམ་གྱི་སྔགས་བརྗོད་དོ། །དེ་ནས་མེ་ཏོག་ཀྱང་མེད་པར་བྱས་ན་མྱུར་དུ་སྐྱེའོ། །བསམ་གཏན་གྱི་དྲི་མ་རྣམས་དང་། ལྟ་བ་རྣམས་ནི་གཞན་ནས་གསལ་བས་འདིར་མ་བརྗོད་དོ། །དེ་ལྟར་ན་མི་མཁས་པ་རབ་རིབ་ཅན་དང་། མཁས་པ་རབ་རིབ་ མེད་པའོ། །དེ་དག་གི་སྙིང་རྗེ་ཡང་སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ། །དེ་ལ་གསང་སྔགས་ཀྱི་ཐེག་པ་ནི་ཐེག་པ་གསུམ་ལས་ནི་ཐེག་པ་ཆེན་པོའོ། །གནས་པ་ནི་ཕྱི་མ་གཉིས་སོ། །སྦྱོར་བ་ནི་ཐ་མ་བཞི་ལའོ། ། དེ་ལ་སློབ་དཔོན་ཉིད་ཀྱི་གཞུང་གིས་ནི་རབ་ཏུ་མི་གནས་པར་སྦྱོར་བའོ། །དེ་ལྟ་ན་ཡང་དེ་དང་ཐམས་ཅད་དུ་ཁྱད་མེད་པ་ནི་མ་ཡིན་ཏེ། ཇི་སྐད་དུ། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོས་དབང་བྱས་ཕྱིར། །སྔགས་ ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པས་དེ་བརྗོད་པར་བྱ་སྟེ། ཕྱི་བསྐྱེད་པའི་རིམ་པ་དང་། ཟབ་མོ་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དང་། ཡོངས་སུ་རྫོགས་པའི་རིམ་པ་དང་། ངོ་བོ་ཉིད་ཀྱི་རིམ་པའོ། །ཡང་དེ་བཞིན་གཤེགས་པའི་ དབུགས་དབྱུང་བ་དང་། རྡོ་རྗེ་འཆང་གི་དབུགས་དབྱུང་བའོ། །ཡང་ཀུན་བརྟགས་ལ་གཞན་དབང་གི་རྒྱ་དང་། གཞན་དབང་ལ་ཡོངས་སུ་གྲུབ་པ་དང་། ཡོངས་སུ་གྲུབ་པ་ལ་རྡོ་རྗེ་སེམས་དཔའ་དང་། དེ་ཉིད་ལ་བདེ་བ་ཆེན་པོས་རྒྱས་གདབ་པའོ། །ཡང་ཕྱག་རྒྱ་བཞི་ ལས་རྟོགས་པར་བྱ་སྟེ། ལས་ཀྱི་ཕྱག་རྒྱ་ནི་ཟབ་མོ་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །ཆོས་ཀྱི་ཕྱག་རྒྱ་ནི་ཡོངས་སུ་རྫོགས་པའི་རིམ་པའོ། །ཕྱག་རྒྱ་ཆེན་པོ་ནི་ངོ་བོ་ཉིད་ཀྱི་རིམ་པའོ། །དམ་ཚིག་གི་ཕྱག་རྒྱ་ནི་ཕྱི་བསྐྱེད་པའི་རིམ་པའོ། །ཀུན་བརྟགས་ ལ་གཞན་དབང་གི་རྒྱ་ནི་ཕྱི་བསྐྱེད་པའི་རིམ་པའོ། །ཡོངས་སུ་གྲུབ་པའི་རྒྱ་ནི་ལྷ་ཐམས་ཅད་ཀྱང་རྣམ་པར་རིག་པ་ཙམ་མོ། །རྡོ་རྗེ་སེམས་དཔའི་རྒྱ་ནི་རྣམ་རིག་སྟོང་པ་ཉིད་དུ་ཤེས་པའོ། །བདེ་བ་ཆེན་པོའི་རྒྱ་ནི་དེ་ཉིད་མན་ངག་ཉམས་སུ་མྱང་བར་བྱས་པའོ། ། ལས་ཀྱི་ཕྱག་རྒྱ་ནི་དབང་གི་ངོ་བོ་སྟེ། དེ་ཡང་བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། བཞི་པའོ། །བུམ་པ་ནི་སློབ་དཔོན་གྱི་དབང་མན་ཆད་དེ། ལུས་དག་པར་བྱེད་པའོ། །གསང་བ་ནི་ཐབས་ཤེས་རབ་གཉིས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ སྟེར་བ་སྟེ། ངག་དག་པར་བྱེད་པའོ། །ཤེས་རབ་ཡེ་ཤེས་ནི་གསུམ་སྟེ། དྲག་པོ་དང་། ངན་པ་དང་། བཟང་པོའོ། །དེ་ལ་དྲག་པོ་ནི་འོ་དང་འཁྱུད་པ་ནས་བརྩམས་ཏེ་ཕྱི་རོལ་གྱི་བྱ་བ་ནི་དགའ་བ་སྟེ། རྣམ་པ་སྣ་ཚོགས་སོ། །བསྲུབ་པ་དང་སྲུབས་ པའི་སྦྱོར་བ་ནི་རྣམ་པར་སྨིན་པ་སྟེ་མཆོག་དགའོ། །རིན་པོ་ཆེར་ཉམས་སུ་མྱོང་བ་ནི་མཚན་ཉིད་དང་བྲལ་བ་སྟེ་དགའ་བྲལ་ལོ། །པདྨར་ལྷུང་བ་ནི་རྣམ་པར་ཉེད་པ་སྟེ། ལྷན་ཅིག་སྐྱེས་པའོ་ཞེས་འདོད་པ་སྟེ་ལུང་དང་འགལ་བའོ། །ལུང་ལས་མཆོག་དགའ་བྲལ་ དགའ་དབུས་དག་ཏུ། །མཚོན་བྱ་ཤེས་ནས་བརྟགས་པར་གྱིས། །ཞེས་པ་དང་། ཡང་། དགའ་བྲལ་དང་པོ་མཆོག་མཐའ་ཅན། །ཞེས་པ་ལ་སོགས་པ་བསྟན་པ་དང་། ཡང་དགའ་བ་བཞི་ནི་དགའ་བ་དང་། མཆོག་ཏུ་དགའ་བ་དང་། ལྷན་ཅིག་སྐྱེས་ པའི་དགའ་བ་དང་། དགའ་བྲལ་གྱི་དགའ་བའོ་ཞེས་གསུངས་པས་སོ། །འོན་ཏེ་ལུང་ལས་ལྷན་ཅིག་སྐྱེས་པ་མཐའ་མར་ཡོད་དོ་ཞེ་ན། ཡང་བདེན་མོད་ཀྱི། དེ་ནི་བླ་མ་ལ་ལྟོས་པ་དང་བྲལ་བ་གླེགས་བམ་གྱིས་མཁས་པར་གང་ཟག་དག་གིས་ཕྱེད་དུ་དཀྲུགས་ ནས་བཤད་དེ། འདིར་གྲངས་ཀྱི་བཞི་པར་འདུག་ཀྱང་དོན་གྱི་གསུམ་པར་སྦྱར་རོ། །དེ་ནས་འདིར་དྲག་པོའི་སྦྱོར་བ་ནི་གོ་རིམས་དང་དོན་གཉིས་ཀ་ལ་མི་མཁས་པའོ། །ད་ནི་དབང་བསྐུར་ངན་པ་བརྗོད་པར་བྱ་སྟེ། འོ་དང་འཁྱུད་པ་ལ་སོགས་པ་ཕྱི་རོལ་གྱི་བྱ་བ་ནི་ རྣམ་པ་སྣ་ཚོགས་ཏེ་དགའ་བའོ། །བསྲུབ་པ་དང་སྲུབས་པའི་སྦྱོར་བ་ནི་རྣམ་པར་སྨིན་པ་སྟེ་མཆོག་དགའོ། །རིན་པོ་ཆེར་ཉམས་སུ་མྱོང་བ་ནི་མཚན་ཉིད་བྲལ་བ་སྟེ་ལྷན་ཅིག་སྐྱེས་པའོ། །པདྨར་ལྷུང་བ་ནི་རྣམ་པར་ཉེད་པ་སྟེ་དགའ་བྲལ་ལོ་ཞེས་འདོད་པ་སྟེ། མུ་སྟེགས་པ་དང་ཁྱད་མེད་པའོ། །ཅིའི་ཕྱིར་ཞེ་ན། ཉམས་སུ་མྱོང་བ་ལ་ཡང་དག་པར་འཛིན་པའི་ཕྱིར་རོ། །དེ་ནི་གོ་རིམས་ལ་མཁས་ཀྱང་དོན་ལ་མི་མཁས་པའོ། །ད་ནི་དབང་བསྐུར་བཟང་པོ་བརྗོད་པར་བྱ་སྟེ། འདིའི་ལུགས་ཀྱིས་དགའ་བ་བཞི་ནི་འདི་ལྟར་ ཤེས་པར་བྱ་སྟེ། ཕྱི་རོལ་གྱི་བྱ་བ་ནས་བསྐྱོད་པའི་མཐར་ཐུག་པ་ནི་རྣམ་པ་སྣ་ཚོགས་པའི་དགའ་བའོ། །རིན་པོ་ཆེའི་མཐར་ཐུག་པ་ཉམས་སུ་མྱོང་བ་ནི་རྣམ་པར་སྨིན་པ་སྟེ་མཆོག་དགའོ། །བཅོམ་ལྡན་འདས་ཀྱིས། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་བྱ་བའི་ ཐིག་ལེ་བཞིའི་གཟུགས་ཀྱིས་བཞུགས་པ་ལས་གཉིས་ནི་རྡོ་རྗེ་རྩེ་མོའི་ཆ་ལ་གནས། གཉིས་ནི་པདྨའི་ཟེའུ་འབྲུའི་ཆ་ལ་གནས་པའི་མཚན་ཉིད་དང་བྲལ་བ་སྟེ་ལྷན་སྐྱེས་པའོ། །ཐིག་ལེ་བཞི་ཆར་ཡང་པདྨའི་ཆ་ལ་གནས་པ་ནི་རྣམ་པ་མེད་པ་སྟེ་དགའ་བྲལ་ལོ། །དེ་ཡང་། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་གཉིས་ཀྱིས་འཁྱུད་ནས་ནི། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་ཤེས་པར་བྱ། །ཞེས་པ་དང་། དབང་ནི་བཞི་ཡི་གྲངས་ཀྱིས་ཀྱང་། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་པ་དང་། ཐམས་ཅད་ གསང་བའི་རྒྱུད་ལས་ཀྱང་། །གཉིས་ཤོར་གཉིས་ནི་མཉམ་པའི་དབུས། །རྡོ་རྗེ་ནས་ནི་པདྨར་རེག །རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང་། །འདི་ནི་བདེ་ཆེན་རྒྱལ་པོའོ། །ཞེས་གསུངས་སོ། །དེ་ལྟར་ན་དྲག་པོའི་སྦྱོར་བ་ནི་མི་བསྐྱོད་པའི་རྒྱ་དང་བྲལ་ལ་དབང་བསྐུར་ངན་ པ་ནི་རྡོ་རྗེ་སེམས་དཔའི་རྒྱ་དང་བྲལ་ཞིང་རྡོ་རྗེ་འཆང་གི་དབུགས་དབྱུང་བ་དང་བྲལ་བའོ། །འདིར་རྡོ་རྗེ་སེམས་དཔས་མི་བསྐྱོད་པ་ལ་རྒྱས་བཏབ་པ་ནི་དབུ་མའི་ལམ་མོ། །དེ་ཡང་ལུང་ལས་མདོར་བསྟན་པ་དང་། རྒྱས་པར་བསྟན་པ་དང་། ཤིན་ཏུ་རྒྱས་པར་ བསྟན་པ་སྟེ། དེ་དག་ནི་དབང་གི་འགྲེལ་པ་ཉིད་ན་གསལ་བས་འདིར་མ་བྲིས་སོ། །དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ་ཡིད་དགའ་བར་བྱེད་པའོ། །བཞི་པ་ནི་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་དགའ་བ་གསུམ་དང་ཐ་མི་དད་པ་རྟེན་འབྲེལ་ གྱི་ངོ་བོར་ཟུང་དུ་འཇུག་པ་ནི་བཞི་པའོ། །དེ་དག་ནི་ལས་ཀྱི་ཕྱག་རྒྱ་སྟེ། རྒྱུ་མཐུན་པའི་འབྲས་བུ་སྐྱེད་པར་བྱེད་དོ་ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཤད་དོ། །ཆོས་ཀྱི་ཕྱག་རྒྱ་ནི་སྣང་གྲགས་ཀྱི་ཆོས་སྣ་ཚོགས་སུ་སྣང་བ་ཉིད་དེ། དེ་ཡང་ལས་ཀྱི་ཕྱག་རྒྱའི་ལྷན་ཅིག་སྐྱེས་ པ་ཉིད་ལས་གྲོལ་བ་སྣ་ཚོགས་ཀྱི་རྟོག་པ་འབྱུང་བ་དང་། སྣ་ཚོགས་ཀྱི་རྟོག་པ་འགགས་ཤིང་ལྷན་ཅིག་སྐྱེས་པའི་གཟུགས་སུ་གནས་པ་དང་། སྣ་ཚོགས་དང་ལྷན་ཅིག་སྐྱེས་པ་ཉིད་དུ་མེད་པ་དང་། སྣ་ཚོགས་དང་ལྷན་ཅིག་སྐྱེས་པ་གཉིས་ཀའི་རྟོག་པ་མི་ དམིགས་པ་དང་བཞི་ནི་ཆོས་ཀྱི་ཕྱག་རྒྱའི་དགའ་བ་དང་། མཆོག་དགའ་དང་། ལྷན་ཅིག་སྐྱེས་དགའ་དང་། དགའ་བྲལ་ལོ། །དེས་ན་ཆོས་ཀྱི་ཕྱག་རྒྱ་ནི་དངོས་པོ་མ་བཅོས་པའི་རང་བཞིན་ལས་མ་བཅོས་པའི་ཕྱག་རྒྱ་ཆེན་པོ་སྐྱེ་བའི་ཕྱིར་རྣམ་པར་སྨིན་པའི་ འབྲས་བུ་ཞེས་བརྗོད་དོ། །ཕྱག་རྒྱ་ཆེན་པོ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངོ་བོ་ཟུང་དུ་འཇུག་པ། གཟུང་བ་དང་འཛིན་པའི་རྟོག་པ་དང་བྲལ་བ་དང་། ཉོན་མོངས་པ་དང་ཤེས་བྱ་ལ་སོགས་པའི་སྒྲིབ་པ་སྤངས་པ། ཇི་ལྟ་བ་བཞིན་དུ་རང་གི་མཚན་ཉིད་ཉམས་ སུ་མྱོང་བ་སྟེ། དྲི་མ་མེད་པའི་འབྲས་བུར་བརྗོད་དོ། །དེའི་ངོ་བོ་ནི་མཐའ་དབུས་ཀྱི་ཆོས་ཐམས་ཅད་གཟུགས་ཅན་མ་ཡིན་པ་དང་། ཐམས་ཅད་དུ་ཁྱབ་པ་དང་མི་འགྱུར་བ་དང་། དུས་ཐམས་ཅད་པའོ། །དེས་ན་ཕྱག་རྒྱ་ཆེན་པོ་ནི་སྐད་ཅིག་མ་གཅིག་ལ་མངོན་པར་ སངས་རྒྱས་པ་སྟེ། སྐད་ཅིག་མ་བཞི་དང་། དགའ་བ་བཞི་དབྱེ་བ་ནི་མེད་དོ། །འོན་ཀྱང་ཕྱག་རྒྱ་བཞི་ལ་ལྟོས་ནས་དགའ་བ་བཞི་བཞག་སྟེ་ལས་ཀྱི་ཕྱག་རྒྱ་ནི་དགའ་བའོ། །ཆོས་ཀྱི་ཕྱག་རྒྱ་ནི་མཆོག་ཏུ་དགའ་བའོ། །ཕྱག་རྒྱ་ཆེན་པོ་ནི་ལྷན་ཅིག་སྐྱེས་པའི་དགའ་ བའོ། །དམ་ཚིག་གི་ཕྱག་རྒྱ་ནི་དགའ་བྲལ་ལོ། །དེ་ཉིད་ཇི་ལྟ་བ་བཞིན་ཆོས་ཀྱི་འཁོར་ལོའི་དུས་སུ་བླ་མའི་ཞལ་ལ་ལྟོས་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་ནི་དེ་ཁོ་ན་ཉིད་མཚོན་པར་བྱེད་པ་འབྲས་བུ་ལྷའི་དཀྱིལ་འཁོར་ཏེ། དེ་ཡང་རྗེ་བཙུན་གྱིས་ཐབས་མཚོན་པ་དང་། རྗེ་བཙུན་མས་ཤེས་རབ་མཚོན་པ་དང་། འཁྱུད་པས་གཉིས་སུ་མེད་པ་མཚོན་པའི་ཕྱིར་དམ་ཚིག་གོ། །དེ་ཡང་བསྐྱེད་པའི་རིམ་པ་བདུན་པོ་དག་པར་བྱས་ནས་རྒྱུའི་ཧེ་རུ་ཀ་བསྐྱེད་པ་དང་། ལྷ་མོའི་འཁོར་ལོ་སྤྲོ་བ་དང་། ཉི་མ་དང་ཟླ་བར་ཐིག་ལེའི་གཟུགས་སུ་ ཞུ་བ་དང་། ལྷ་མོའི་དབྱངས་ཀྱིས་བསྐུལ་བ་དང་། འབྲས་བུ་རྡོ་རྗེ་འཛིན་པར་གྱུར་པ་ནི་དམ་ཚིག་གི་ཕྱག་རྒྱའི་དགའ་བ་བཞི་སྟེ་གོ་རིམས་བཞིན་ནོ། །འབྲས་བུ་ལྷའི་འཁོར་ལོ་འདི་ནི་འགྲོ་བའི་དོན་འཛིན་པར་བྱེད་པས་སྐྱེས་བུ་བྱེད་པའི་འབྲས་བུ་བརྗོད་དོ། །དེ་ ལྟར་ན་ཕྱག་རྒྱ་བཞི་ལ་དགའ་བ་བཞི་བཞི་སྟེ་བཅུ་དྲུག་ཏུ་ཤེས་པར་བྱའོ། །ཕྱག་རྒྱ་བཞིའི་མན་ངག་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་ བསྒྱུར་བའོ།། ༄། །ཆོས་ཐམས་ཅད་རབ་ཏུ་མི་གནས་པར་སྟོན་པའི་དེ་ཁོ་ན་ཉིད་ཚིགས་སུ་བཅད་པ་བྱེད་ཀྱི་འགྲེལ་པ་བཞུགས། ༄༅༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །རྒྱུ་སྐྱེས་ཡེ་ཤེས་ གླང་པོ་ཆེ། །འཇོམས་བྱེད་སེང་གེ་བདག་གི་གཞུང་། །ཞེས་གསུངས་པ་ནི། རིམ་པ་དང་ལ་ཟླ་བ་སྟེ། །དྲང་བ་དང་ངེས་པའི་དོན་ཏོ། །དེ་ཡང་གང་ཞེ་ན། ཆོས་རྣམས་ཀྱི་རང་བཞིན་དང་། དེ་སྒྲུབ་པར་བྱེད་པའི་ཐབས་དང་། དེ་ཡང་དག་པར་ཐོབ་པའོ། ། དེ་ལ་རྣལ་འབྱོར་སྤྱོད་པའི་གཞུང་གིས། རྒྱུ་གཞན་ལས་སྐྱེ་བའི་དོན་དམ་པའི་ཆོས། ལུང་རིགས་པས་གྲུབ་པ་སྣང་བའམ། སྣང་བ་མེད་པའི་རང་བཞིན་ཆོས་ཐམས་ཅད་ཀྱི་གཞི་དང་། རྟེན་དུ་གྱུར་པ། གཉིས་སུ་མེད་པའི་ཡེ་ཤེས། བརྟགས་པས་སྟོང་ པ། རྒྱུན་ཆགས་པ། མཐའ་བཞི་ལས་གྲོལ་བས་དབུ་མའི་ལམ། འདི་ཙམ་ཞིག་ཡང་དག་པར་ཡོད་དེ། སྒྲུབ་ཐབས་དང་འབྲས་བུ་ཡང་དེ་བཞིན་ནོ་ཞེས་ཟེར་རོ། །དེ་ནི་གླང་པོ་ཆེ་དང་འདྲའོ། །ཅིའི་ཕྱིར་ཞེ་ན། ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བའི། མུ་སྟེགས་དང་ཉན་ཐོས་དང་། མདོ་སྡེའི་གཞུང་རྣམས་ཕལ་ཆེར་ལུང་རིགས་ཀྱི་ཆེ་བས་འཇོམས་པར་ནུས་པ་དང་། རྣམ་པར་ཤེས་པ་ནི་སངས་རྒྱས་པའི་ཆོས་རྣམས་ཀྱི་ལུས་སུ་གྱུར་པས། ཡེ་མི་བཞེད་པ་མ་ཡིན་པའི་ཕྱིར་བསྟོད་པའོ། །འོན་ཀྱང་ཤེས་བྱ་ནང་ གི་དངོས་པོ་ལྟ་བས་ན་དེ་ཉིད་ཀྱང་། གཞོམ་དུ་རུང་བའི་ཕྱིར་གླང་པོ་ཆེ་དང་འདྲའོ། །གང་གིས་འཇོམས་པར་བྱེད་ཅེ་ན། རབ་ཏུ་མི་གནས་པར་སྨྲ་བའི་དབུ་མ་སེང་གེ་ལྟ་བུའི་ལུང་རིགས་ཀྱི་མཆེ་བ་ཆེས་མི་བཟད་པས་འཇོམས་པར་བྱེད་པའི་ཕྱིར་རོ། །ལུང་གང་ཞེ་ན་ འདིར་མདོ་ལས་འཇམ་དཔལ་ཁྱོད་འདི་སྐད་དུ། ཆོས་ལ་བརྟག་པའི་ཐབས་ལྔ་པོ་འདི་དག་ཀུན་ཡང་དག་པ་ལགས་སམ། འོན་ཏེ་ཁ་ཅིག་ནི་ཡང་དག་པ་ལགས་ལ། ཁ་ཅིག་ནི་ཡང་དག་པ་མ་ལགས་སམ་ཞེས་ཟེར་བ་ནི། ཆོས་ལ་བརྟག་པའི་ཐབས་ལྔ་པོ་ འདི་དག་ཐམས་ཅད་ཀྱང་། ཡང་དག་པ་ཡིན་པར་བཟུང་སྟེ། ཁ་ཅིག་གིས་ནི་ཆོས་ཐམས་ཅད་ཇི་ལྟར་སྣང་བ་བཞིན་དུ་ཡོད་པའི་ཆོས་སྟོན་ཏོ། །སྙམ་པའང་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འབྱུང་བ་བཞི་ནང་དེས་བྱས་པ་རྣམས་ནི། ཐ་སྙད་ དུ་སྒྱུ་མ་བཞིན་དུ་ཡོད་པའི་ཕྱིར་རོ། །ཁ་ཅིག་གིས་ནི་ཆོས་ཐམས་ཅད་སེམས་ཙམ་ལས་མ་གཏོགས་པ་གཞན་མེད་པའི་ཆོས་སྟོན་ཏོ་སྙམ་པའང་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་སྣ་ཚོགས་སུ་འདོགས་པ་རྣམས་རྟག་པ་ཐེར་ཟུག་ཏུ་བརྟག་པའི་བག་ཆགས་ སེམས་ལ་གཞག་པའི་མཐུས། དུས་ཐམས་ཅད་དུ་བདག་དང་ཆོས་རྣམས་སུ་སྣང་བ་ཐ་དད་དུ་སྣང་ཡང་། དོན་དམ་དུ་རང་བཞིན་མེད་དེ། སེམས་ཙམ་ལས་མེད་པའི་ཕྱིར་རོ། །ཁ་ཅིག་གིས་ནི་སེམས་ཉིད་ཀྱང་མ་སྐྱེས་པ་ཡིན་པར་བདག་ཅག་ལ་ཆོས་ སྟོན་ཏོ་སྙམ་པའང་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལ་དབྱིབས་སམ། ཁ་དོག་གམ། དུས་གསུམ་མམ། མཐའ་དབུས་མེད་པའི་ཕྱིར་རོ། །ཁ་ཅིག་གིས་ནི་ཆོས་ཐམས་ཅད་སྒྱུ་མ་བཞིན་དུ་སྣང་ཞིང་སྒྱུ་མ་བཞིན་དུ་མ་གྲུབ་པའི་ཆོས་སྟོན་ཏོ་སྙམ་ པའང་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རྒྱུ་དང་རྐྱེན་ལས་སྐྱེ་ཞིང་འབྱུང་བའི་ཕྱིར་རོ། །ཁ་ཅིག་གིས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གནས་པ། ལས་དང་བྱ་བའི་མཐའ་ཐམས་ཅད་དང་བྲལ་བ། རྟོག་ པ་དང་མི་རྟོག་པར་ཡུལ་ལས་འདས་པ་ཐོག་མ་མེད་པའི་དུས་ནས་སྤྲོས་པ་རྣམ་པར་དག་པའི་ཆོས་སྟོན་ཏོ་སྙམ་པའང་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་གི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པ་དེ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་ལས་གཞན་བགྲང་ མི་དགོས་སོ། །རིགས་པ་གང་ཞེ་ན། བདག་ཉིད་ཆེན་པོ་རྣམས་ཀྱིས་སྔོན་དུ་ལེགས་པར་བཀོད་པའི་གང་དག་ཡོད་པར་གྲགས་པའི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་ལས་བྱུང་བའི་ཕྱིར། སྒྱུ་མ་ལྟ་བུའོ་ཞེས་བྱ་བ་དང་། དེ་ཉིད་ཀྱིས་དོན་དམ་པར་ ན་རང་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་སྐྱེ་བ་ནམ་ཡང་མི་འཐད་པའི་ཕྱིར་དོན་དམ་པར་ནམ་མཁའི་པདྨ་ལྟ་བུའོ་ཞེས་བསྟན་པ་འདི་ཁོ་ནས་ཆོག་སྟེ། ཤེས་རབ་ཀྱི་མིག་དང་ལྡན་པ་རྣམས་ཀྱིས་རང་བཞིན་གྱི་གཏན་ཚིགས་འདི་ཁོ་ནའི་སྒོ་ནས་དྲང་པོར་ཞིབ་ཏུ་བལྟས་ ན། མཐར་ཅི་ཡང་གྲུབ་པ་མ་རྙེད་པས། ཆོས་ཐམས་ཅད་རབ་ཏུ་མི་གནས་པར་མ་གྲུབ་པའོ། །གཏན་ཚིགས་མ་གྲུབ་པ་ལ་སོགས་པའང་མ་ཡིན་ཏེ་མང་དུ་བརྗོད་མི་དགོས་སོ། །དེ་ཉིད་ཀྱིས་ཕྱིན་ཅི་ལོག་གི་གཞུང་མ་ལུས་པར་ཡང་ཆོམས་པར་འགྱུར་ཏེ། འདིར་ ཚིགས་སུ་བཅད་པ། ལྟོས་མེད་བདག་ལས་སྐྱེ་འདོད་ན། །རྟག་པར་རྒྱུར་སྨྲ་གྲངས་ཅན་པ། །རྒྱུ་གཞན་དག་ལས་སྐྱེ་འདོད་ན། །བྱེད་པ་རྒྱུར་སྨྲ་བྱེ་བྲག་པ། །གཉིས་ཀ་ལས་ནི་སྐྱེ་འདོད་ན། །དབང་ཕྱུག་རྒྱུར་སྨྲ་གཅེར་བུ་པ། །སྐྱེ་བ་མེད་ལས་སྐྱེ་ འདོད་ན། །རང་བཞིན་རྒྱུར་སྨྲ་རྒྱང་པན་པ། །སྐྱེས་པ་སྟོང་བར་འགྱུར་འདོད་ན། །ནམ་མཁའི་ཡིད་ཅན་ཆད་པའི་ལམ། །གང་ཡང་ཁས་མི་ལེན་གྱུར་ན། །ངན་གཡོ་རྨོངས་པའི་ལྟ་བ་སྟེ། །རང་བཞིན་གྲུབ་དང་མ་གྲུབ་དང་། །གཞན་ནི་ རྟག་དང་མི་རྟག་ལས། །བརྟགས་ན་སྐྱེ་བ་མི་འཐད་ཕྱིར། །དེ་བཞིན་རེས་འགའ་བ་ཉིད་ཕྱིར། །འདི་ཀུན་རྟེན་ཅིང་འབྲེལ་འབྱུང་ཚུལ། །སྤྲོས་པའི་མཐའ་ཀུན་གདོད་ནས་ཞི། །ཞེས་བྱའོ། །དེས་ན་ཆོས་ཐམས་ཅད་ཡང་དག་པར་མ་སྐྱེས་པས། ཡིད་ལ་ བྱར་མེད་ཅིང་། གང་ལ་ཡང་སྨིན་དུ་མེད་པ་ནི། བདག་གི་གཞུང་ཞེས་བྱའོ། །ཡང་དག་གི་དོན་དེ་ཉིད་ནི། གསང་སྔགས་ཀྱི་གཞུང་དུ་ནི། ལས་ཀྱི་ཕྱག་རྒྱ་ལས་གྲུབ་པ། །ལྷན་ཅིག་སྐྱེས་པའི་དགའ་བར་འདོད་དོ། །དེ་ཡང་ལྷན་ཅིག་སྐྱེས་པའི་དགའ་ བ་བཞི་པ་ལས་འདོད་པ་ནི། དགའ་བྲལ་གྱི་དང་པོ་ལ་སོགས་པར་འབྱུང་བའི་ལུང་དང་། དགའ་བྲལ་ནི་རྗེས་ཐོབ་དྲོད་ཀྱི་ཤེས་པ་ཞེས་བྱ་བ་ལ་སོགས་པའི་རིགས་པ་དང་། མངོན་སུམ་དང་འགལ་བའི་ཕྱིར་བཙན་ཐབས་ལ་ཞེས་བྱའོ། །ཡང་ལྷན་ཅིག་སྐྱེས་པའི་དགའ་ བ་གསུམ་པ་ལ་འདོད་ཀྱང་། དོན་གྱིས་གནས་སྦས་པ་ལ་མངོན་པར་རྨོངས་པས་མུ་སྟེགས་ཀྱི་གཞུང་དང་ཁྱད་པར་མེད་པའི་ཕྱིར་དང་། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་དང་བྲལ་བའི་ཕྱིར་དང་། མངོན་སུམ་དང་འགལ་བའི་ཕྱིར། དབང་ལ་མི་མཁས་པ་ཞེས་བྱའོ། །དེ་ གཉིས་ནི་རྣམ་པར་མ་སྦྱངས་པའི་གླང་པོ་དང་འདྲའོ། །ཡང་། དགའ་བྲལ་དང་པོ་མཆོག་གི་མཐའ། །ཞེས་བྱ་བ་ལ་སོགས་པའི་ལུང་དང་། བཅོམ་ལྡན་འདས་ཀྱི་སྐུའི་བརྡ་དང་། གཞུང་གཞན་ཁེགས་པའི་རིགས་པ་དང་། བརྒྱུད་པའི་མན་ངག་དང་། རང་རིག་ པའི་མངོན་སུམ་གྱིས་ཤིན་ཏུ་ཕྲ་བའི་སྐད་ཅིག་གིས་གསུམ་པ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་རྙེད་པ་ནི། ཡང་དག་པའི་དབང་ལ་མཁས་པ་ཞེས་བྱའོ། །དེ་ཉིད་རྣལ་འབྱོར་ཆེན་པོ་དང་། རྣལ་འབྱོར་མའི་རྒྱུད་ལས། མུན་པ་ལ་ནི་མར་མེ་ལྟར། །ཞེས་བྱ་བ་ ལ་སོགས་པའི་དཔེ་སྣ་ཚོགས་ཀྱིས་བསྒྲུབ་པ། གསང་སྔགས་རྡོ་རྗེ་ཐེག་པའི་ངེས་པའི་ཚིག་ཏུ་གཞག་པ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཐབས་ཁྱད་པར་དུ་གྱུར་པ། སྐལ་བ་དང་ལྡན་པའི་སྤྱོད་པའི་ཡུལ། དགྱེས་པའི་རྡོ་རྗེ་དང་། དམ་པ་དང་པོ་དང་། ཟླ་གསང་ཐིག་ལེ་ལ་སོགས་པའི་རང་བཞིན་དུ་གྱུར་པའོ། །དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་འབྱུང་བས། སྒྲུབ་པའི་ཐབས་དང་། གྲུབ་པའི་རང་བཞིན་ཡང་དེ་བཞིན་དུ་ཤེས་པར་བྱའོ་ཞེས་ཟེར་རོ། །ཤེས་རབ་ཡེ་ཤེས་ཀྱི་དབང་དག་གི་སྤྱིར་ཁྱབ་ པའི་མན་ངག །ཕྱག་རྒྱ་ཉེ་བར་བརྟགས་པ་དང་། ལས་ཀྱི་གོ་རིམས་དང་། རྣམ་པ་དང་། དཔེ་དང་། གནས་དང་། བརྡ་དང་། སའི་རིམ་པ་གང་ཐོབ་པ་ལ་སོགས་པ་ནི། བདག་གིས་གསལ་བར་ཤེས་མོད་ཀྱི། །འདིར་བརྗོད་པའི་དགོས་ པ་མེད་དོ། །དེ་ལྟར་ཡང་དག་པའི་དབང་ལ་མཁས་པས་ནི། བཙན་ཐབས་དང་། དབང་ལ་མི་མཁས་པའི་གཞུང་དག་ལུང་རིགས་ཀྱི་མཆེ་བས་འཇོམས་པར་ནུས་པ་དང་། ཐབས་ཀྱི་ཐེག་པའི་ལུས་སུ་གྱུར་པའི་ཕྱིར། །གླང་པོ་ཆེ་དང་། བརྡའོ་ ཞེས་བསྟོད་པའོ། །ཐབས་གང་ཞེ་ན། བརྫུན་པའི་ལམ་གྱིས་བསླུས་ཏེ། ཡང་དག་པའི་ལམ་ལ་སྦྱོར་བའོ། །གང་སླུ་ཞེ་ན། ཐེག་པ་གཞན་ལས་ཡངས་པ་དང་། །གཞན་ནས་འཇུག་པ་དང་། ཐ་མལ་པ་དང་། ཚངས་པར་སྤྱོད་པའོ། ། ཇི་ལྟར་སླུ་ཞེ་ན། དང་པོ་གསུམ་ནི་སྡོམ་པ་ཡང་དག་པར་བླངས་པ་གཏོང་བའི་ཉེས་པ་མེད་པས། སྤྱོད་ཡུལ་དངོས་ལ་སྦྱོར་བའམ། །ཡང་ན་སློབ་དཔོན་དང་འགལ་ན། །ཐབས་གཞན་གྱིས་བཟུང་སྟེ། རེ་ཞིག་དམན་པའི་ཡུལ་ལས་མི་བཟློག་པར་ ཅི་རིགས་པའི་སྒྲར་བསྟན་པའོ། །ཚངས་པར་སྤྱོད་པ་ནི། དེ་དང་ཆོས་མཐུན་པའི་ཐབས་གཞན་གྱིས་བཟུང་སྟེ། དོན་ས་གཞན་ལ་དྲང་བའམ། །ཡང་ན་དོན་ཉིད་བཤད་པར་བྱའོ། །ཡང་དེ་ཉིད་ཡང་དག་པའི་མན་ངག་མ་ཡིན་པའི་གཞོམ་དུ་རུང་ བའི་ཕྱིར་གླང་པོ་ཆེའོ། །ཡང་དག་པའི་འཇོམས་པར་བྱེད་ཅེ་ན། ཡང་དག་པའི་ལུང་དང་། རིགས་པ་དང་། མན་ངག་སེང་གེ་ལྟ་བུས་སོ། །དེ་ཡང་། ལས་ཀྱི་ཕྱག་རྒྱ་འཁོར་རྒྱུ་ཅན། །ཐག་རིང་རྣམ་པར་སྤང་བར་བྱ། ། ཞེས་འབྱུང་བ་ལ་སོགས་པའི་ལུང་གིས་གསལ་བ་དང་། གདུལ་བྱ་ཤིན་ཏུ་དམན་པ་ལ་བསྟན་པའི་ཕྱིར། དམ་པ་རྣམས་ཀྱིས་སྤང་བར་བྱ་བ་དང་། ཐབས་གཞན་ཡོད་པའི་ཕྱིར་མ་ངེས་པ་དང་། ལས་དང་པོའི་ཚངས་པར་སྤྱོད་པ་ལ་མ་གནང་བའི་ཕྱིར། འགལ་བ་དང་། རྩེལ་བ་ལས་བྱུང་བའི་ཕྱིར་སྐད་ཅིག་མ་སྟེ་སྟོན་ཀའི་པདྨ་ལྟ་བུའོ་ཞེས་བཀོད་པའི་རིགས་རྣམས་ཀྱིས་བཅོམ་པ་དང་། ཁུ་བ་རླུང་དུས་སུ་ལྟ་བ། །ཀྱེ་ཡི་རྡོ་རྗེ་དེས་མི་ཤེས། །མ་ཡིན་ངེས་དོན་གཞན་དུ་དཔྱད། །ཅེས་ཡང་དག་པའི་མན་ ངག་གཞན་ཡོད་པར་ཁ་འཕངས་པའི་ཕྱིར་རོ། །མདོར་ན་ཡང་དག་པར་དཔྱད་ན། ཕྱག་རྒྱ་ཆེན་པོའི་དོན་ནི་མི་ཤེས་པར། ལས་ཀྱི་ཕྱག་རྒྱ་ལ་ལམ་དུ་མཐོང་བ་མཐའ་དག །ཕྱི་རོལ་མུ་སྟེགས་པ་དང་། བདུད་ཀྱི་རིགས་པ་དག་ཡིན་པར་མངོན་ཏེ། ལྷན་ཅིག་སྐྱེས་པའི་རང་བཞིན་ནི་མ་སྐྱེས་པ། མཚན་ཉིད་མེད་པ། བརྗོད་དུ་མེད་པ་ཞེས་ཚིག་ཏུ་བརྗོད་ཀྱང་། ལས་ཀྱི་ཕྱག་རྒྱའི་རྒྱུ་ལ་ངེས་པར་ལྟོས་པའི་ཕྱིར། དོན་དེ་ཉིད་བདེ་བའི་རྣམ་པར་འདོད་པར་ཤེས་ཏེ། དཔེར་ན་ལོག་སྲེད་ཅན་དག་བག་མ་ལེན་པར་ བྱེད་པ་བཞིན་ནོ། །འདི་ལྟར་ཞིབ་པ་དང་ཚོར་བའི་གཞུང་ལས་ཀྱང་། ལྷ་དང་ལྷ་མོ་མི་ཕྱེད་སྦྱོར། །བདེ་བ་ཆེན་པོ་གློ་བུར་སྐྱེ། །ཡང་། རིན་ཆེན་ནང་ན་དེ་གནས་ན། །ལྷ་མེད་ལྷ་མོའང་ཡོད་མ་ཡིན། །མཚན་ཉིད་མཚན་གཞི་ལས་གྲོལ་བ། །ངག་ གིས་སྨྲ་བར་ནུས་མ་ཡིན། །འདི་ནི་རིན་ཆེན་ཕོ་བྲང་ནས། །ཟེ་འབྲུར་ལྟུང་ན་ཆགས་བྲལ་ཡིན། །ཡེ་ཤེས་བདུད་རྩིས་ཚིམ་པ་ནི། །བྱ་བ་བྱས་པའི་རྣལ་འབྱོར་པ། །བྱེད་པ་ཅུང་ཟད་ཡོད་མ་ཡིན། །ཡོད་ན་དེ་ཉིད་ཤེས་པ་མིན། །ཡང་གང་གང་ མཐོང་ཅུང་ཟད་ནི། །དེ་དེ་ཚངས་པར་རྣམ་པར་གནས། །དེ་ལས་གཞན་དུ་མི་འགྲོའི་སེམས། །ངེས་པར་ཚངས་པ་ཉིད་དུ་གནས། །ཡང་། དེ་ལ་བདེ་བ་རྒྱུན་མི་འཆད། །དེ་ལ་སྡུག་བསྔལ་འོང་བ་མེད། །ཡང་། ཡོད་པ་མ་ཡིན་མེད་པ་མིན། །གཉི་ག་མ་ ཡིན་གཉིས་མེད་མིན། །དེ་ཡི་གནས་སྐབས་རྟོགས་དཀའ་བ། །ཅི་དཀའ་འམ་དེ་ནི་བླ་ན་མེད། །ཡང་། ཆོས་དོར་ཆོས་མ་ཡིན་པ་དོར། །བདེན་དང་བརྫུན་པ་ཉིད་དོར་ནས། །དེ་གཉིས་དོར་བ་ཉིད་ཀྱང་དོར། །ཡང་། འདོད་ཆགས་ཐ་མལ་སེམས་ལས་ཀྱང་། །དེ་སྙེད་ དེ་ནི་མྱ་ངན་འདས། །ཞེས་འབྱུང་སྟེ། དེ་དག་གིས་ནི་ཡེ་ཤེས་ཀྱི་རྟེན་དང་། གནས་དང་། རང་བཞིན་དང་། དགའ་བྲལ་གྱི་ཉེས་དམིགས་དང་སྤྱོད་པ་དང་། དེས་མཚོན་པའི་རྣལ་འབྱོར་དང་། ཕན་ཡོན་དང་སྐྱོན་བསལ་བ་དང་། ལ་བཟླ་བ་དང་། ཐབས་ཀྱི་ཁྱད་པར་དང་། འབྲས་བུ་ མྱ་ངན་ལས་འདས་པ་ཐོབ་པར་འགྱུར་པ་བསྟན་པའོ། །དེ་ལྟ་བུའི་ལོག་པའི་ལམ་སངས་རྒྱས་པའི་རྣལ་འབྱོར་པས་ཤེས་པ་ནི་ཆེད་ཆེ་སྟེ། ཐོག་མར་སྤང་བར་བྱ་བའི་ཡན་ལག་ཡིན་པའི་ཕྱིར་རོ། །འདི་ལྟར་འདོད་པའི་ཁམས་ཀྱི་བདུད་དང་། དེའི་རིགས་སུ་གྱུར་པའི་ཡི་དགས་ རྣམས་ནི་ཡང་དག་པའི་ལམ་ལ་ཞུགས་པ་དང་། འཇུག་པར་འགྱུར་བའི་འགྲོ་བ་ལ་བར་དུ་གཅོད་དེ། ཉོན་མོངས་པ་ཤས་གང་ཆེ་བ་དེའི་རྐྱེན་བྱས་ཏེ། ཉོན་མོངས་པ་མཆེད་ཅིང་འབར་བར་བྱེད། ཟབ་མོའི་ལམ་གྱི་གཟུགས་བརྙན་སྟོན་པར་བྱེད། གང་ལ་རེ་བ་ཡོད་ པའི་མངོན་པར་ཞེན་པའི་ཡོན་ཏན་སྒྲུབ་པར་བྱེད། དེས་ཡང་དག་པའི་ལམ་ཉམས་པར་བྱེད། འདྲེས་པར་བྱེད་དོ། །མདོ་ལས་ཀྱང་སྟོང་པའི་བདུད་དང་། འདོད་ཆགས་ཀྱི་བདུད་ལ་སོགས་པ་སེམས་ཀྱི་ཁོང་དུ་ཞུགས་ན་འདི་སྐད་དུ་སྨྲ་སྟེ། བྱང་ཆུབ་སེམས་དཔའ་ལ་ བསྲུང་བ་དང་ཞིག་པ་མེད་ཀྱིས། ཆང་འཐུང་ཤ་ཟོ་གཡེམ་རྒྱས་པར་སྤྱོད་ཅིག་ཅེས་སོ། །བདུད་ཀྱི་སྟོབས་ཀྱི་ཕྱིར་མི་དག་ཀྱང་སྡུད་དེ། མི་དག་ཐེ་ཚོམ་དང་སྐུར་པ་འདེབས་པ་དེ་དག་སེམས་ལ་ཡི་དགས་རིང་དུ་ཞུགས་ཏེ། བར་བར་རྐྱགས་པ་ཟ་གཅིན་འཐུང་བ་ཡང་ཤ་ཆང་དང་མཚུངས་སོ། ། དེ་དག་ཐམས་ཅད་སྟོང་པར་རོ་གཅིག་ཅེས་ནས། སངས་རྒྱས་ཀྱི་ཚུལ་ཁྲིམས་དང་འདུལ་བ་བཤིག་གོ་ཞེས་པ་དང་། མ་རབས་གླེན་པས་གྲངས་བརྒྱ་ནས་ཁྲིའི་བར་དག་ལ་ཡང་སྟོན་ཏོ་ཞེས་པ་དང་། ཚིག་ཏུ་འདི་སྐད་ཀྱང་སྨྲ་སྟེ། སངས་རྒྱས་ཆེན་པོའོ། ། སངས་རྒྱས་ཆུང་ངུའོ། །སངས་རྒྱས་སྔ་མའོ། །སངས་རྒྱས་ཕྱི་མའོ། །དེའི་ནང་ནས་ཀྱང་ཡང་དག་པའི་སངས་རྒྱས། སྒྱུ་མའི་སངས་རྒྱས། སྐྱེས་པའི་སངས་རྒྱས། བུད་མེད་ཀྱི་སངས་རྒྱས་སོ་ཞེས་པ་དང་། བདག་གི་ཤའི་ལུས་ནི་ཕའི་ཕའོ། །བུའི་བུ། གཅིག་ལས་གཅིག་སྐྱེས་པ་ནི་ཆོས་ཀྱི་སྐུ་སྟེ། རྣམ་པར་མ་ཆད་པ། འདི་དག་ཀུན་ཡིན་པས་དེ་ཉིད་སངས་རྒྱས་ཀྱི་ཞིང་ཁམས་ཡིན་ནོ། །གུད་ན་སངས་རྒྱས་ཀྱི་ཞིང་ཁམས་གསེར་གྱི་ཁ་དོག་ལྟ་བུ་མེད་དོ་ཞེས་སྨྲས་པ་དང་། མི་དག་གིས་ཡིད་ཆེས་པར་བཟུང་ནས། སྔ་ མའི་སེམས་ནི་སྟོར་ཞིང་བརྗེད་ནས། སྲོག་ལུས་དེར་བསྟན་ཏེ། ཡོད་མ་མྱོང་བ་ཐོབ་བོ་ཞེས་སོ། །དེ་ལ་སོགས་པ་ནི་བླུན་ཞིང་འཁྲུལ་པས། བར་བར་ནི་བྱང་ཆུབ་སྙམ་ནས། བདག་གི་སེམས་བརྗེད་དེ་སྟོར་ནས། སངས་རྒྱས་ཀྱི་ཚུལ་ཁྲིམས་ནི་བཤིག །ལྐོག་ན་ གཡེམ་པ་སྤྱོད་དོ། །ངག་གིས་སྲིད་པ་སྨྲ་སྟེ། མིག་དང་རྣ་བ་དང་སྣ་དང་ལྕེ་ཀུན་སངས་རྒྱས་ཀྱི་ཞིང་ཡིན་ནོ། །མོ་མཚན་དང་ཕོ་མཚན་ནི་བྱང་ཆུབ་ཀྱི་ལམ་ཡིན་ཏེ། ཡང་དག་པའི་མྱ་ངན་ལས་འདས་པ་ནི་སུས་ཀྱང་མི་ཤེས་སོ་ཞེས་པ་དང་། སྟོང་པའི་སེམས་ཐོབ་སྟེ་རྟེན་ཅིང་ འབྲེལ་པར་འབྱུང་བ་མེད་དོ་ཞེས་པ་དང་། ཡང་ཚིག་ཏུ་ནི་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ངའི་བུ་ཡིན། བདག་ལ་སངས་རྒྱས་ཐམས་ཅད་སྐྱེས། ང་ནི་འཇིག་རྟེན་དུ་འབྱུང་། ང་ནི་ཡེ་ནས་སངས་རྒྱས་པ་ཡིན་ཏེ། འཇིག་རྟེན་དུ་བྱུང་མོད་ཀྱི་འདུས་བྱས་ ལས་སྐྱེས་པ་ནི་མ་ཡིན་ནོ་ཞེས་པ་དང་། བར་བར་ང་ནི་རྡོ་རྗེ་འཆང་ཡིན་ཏེ། ཁྱོད་ལ་ཚེ་རིང་བར་བྱའོ་ཞེས་བྱ་བ་ལ་སོགས་པར་འབྱུང་ངོ་། །ཡང་དགའ་བོ་བདུད་དེ་དག་ནི་མ་འོངས་པའི་དུས་ཀྱི་ཚེ། ངའི་གསུང་རབ་ཏུ་འབྱུང་སྟེ། ཆོས་ཀྱི་ལམ་སྒྲུབ་པའི་མིའི་སེམས་ ཀྱི་ལམ་དུ་འཇུག་པར་བྱེད་དོ། །གཡེམ་པ་སྦྱོར་བ་ལ་བསྟོད་ཅིང་། །སངས་རྒྱས་ཀྱི་ཚུལ་ཁྲིམས་འཇིག །སྔར་ནི་མཁན་པོས་བསླུས། །ཕྱིས་ནི་སློབ་མས་བསླུས་ཏེ་གཡེམ་པ་སྤྱོད་ཅིག་པར་འདེབས་པར་བྱེད་དོ་ཞེས་པ་དང་། ཡང་། ཉེ་ན་ཚེ་རབས་དགུ། །རིང་ ན་ཚེ་རབས་བརྒྱའི་བར་དུ་དགེ་བ་སྤྱོད་ཅིང་བདུད་ཀྱི་བཤེས་གཉེན་དུ་འགྱུར་རོ། །དེ་ནས་ཚེ་བརྗེས་ནས་བདུད་ཀྱི་བྱེ་བྲག་ཏུ་འགྱུར་རོ། །ཡང་དག་པར་ཁྱབ་པར་ཤེས་པའི་དྲལ་སྟོར་ནས་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་ཞེས་འབྱུང་སྟེ། དེ་ལྟ་ བུའི་བདུད་ཀྱི་ལས་དག་ཤེས་པར་བྱའོ། །དེ་ཡང་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ལ་བརྟན་པར་གནས་པས་སྤང་བར་བྱའོ། །མདོ་སྡེ་ཉིད་ལས་ཀྱང་། ཁྱོད་འཁོར་བ་ལ་མ་འཇུག་པར་སྔར་ཤེས་པར་གྱིས་ཤིག་ཅེས་པ་ དང་། དགའ་བོ་རིགས་ཀྱི་བུ་དག་ཏིང་ངེ་འཛིན་ལ་མི་གནས་པའི་ཡང་དག་པ་ཉིད་ལ་མཉམ་པར་གཞག་ན་བདུད་རྣམས་སེམས་ཐག་ཆོད་དོ་ཞེས་པ་དང་། ཕྱི་མའི་དུས་ངན་པ་ཐ་མའི་ཚེ་སྙིང་རྗེ་ཆེན་པོ་བསྐྱེད་དེ། ཡང་དག་པར་དད་པའི་སེམས་ ཅན་རྣམས་གྲོལ་ཞིང་ཐར་བར་གྱིས་ཤིག་ཅེས་པ་དང་། འདི་ཁྱབ་པར་སྟོན་ཅིག་ཅེས་འབྱུང་ངོ་། །སྡོམ་པ་གསུམ་འཛིན་པས་ནི་བསླབ་པའི་ཡན་ལག་ཙམ་ཡང་ཉམས་པར་མ་གནང་སྟེ