Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 50

Văn bản gốc(Tây Tạng)

Trang 16 / 16 (50.000 ký tự/trang)
་པས་འགྲུབ། །ཅེས་པ་ནི་འབྱུང་པོའི་སྙིང་དུ་ཁྲོ་
བོ་མེ་ལྟར་འབར་བ་བསམས་ལ་དེའི་འོད་ཀྱིས་འབྱུང་པོ་ཚིག་པར་བསམ་མོ། །གོང་མའམ་ནི་ཞེས་པ་བཤད་མ་ཐག་པའི་རིམ་པས་སོ། །ཁྲོ་བོ་བཅུས་འགྲུབ་ཅེས་པ་ནི་ཁྲོ་བོ་མེ་ལྟར་འབར་བའི་རྟོག་པ་ལས་འབྱུང་བ་ཉིད་དོ། །དེ་ལྟར་འབྱུང་པོ་ཐམས་ཅད་གདུལ་བ་བསྟན་ནས། ཁྱད་
པར་ཀླུ་ཡི་སྦྱོར་བ་ཡང་། །ཞེས་པ་ལ་སོགས་པས་ཀླུ་གཟིར་བ་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་གཟིར་བ་མཁའ་ལྡིང་ལྔ་པོ་སྟེ། །ཞེས་པ་ནི་བཤད་པ། ལྔ་ལ་ལྔ་ནི་ལེགས་གནས་ཏེ། །ཞེས་པ་ནི་གཡས་པ་ལ་རྡོ་རྗེ་རྩེ་ལྔ་པ་གདེངས་པ་ལ་བྱ་ཁྱུང་ལྔ་པ་བསམ་པའོ། །གཡོན་
པ་ལ་ནི་ལྕགས་ཀྱུ་ལྔ་བསམ་མོ། །པུས་མོ་དཔུང་པ་རྣམ་བཞི་ལ། །ཐོགས་མེད་འཁོར་ལོ་བཞི་བསམས་ཏེ། །ཞེས་པ་བྱ་ཁྱུང་བཞི་བསམ་པའོ། །རྡོ་རྗེས་བསྲེགས་ཤིང་ལྕགས་ཀྱུས་འཛིན། །ཞེས་པ། རྡོ་རྗེ་ལས་འོད་བྱུང་བས་ཀླུ་ཐམས་ཅད་ནད་པའི་ལུས་ལས་བཀུག་སྟེ་ལྕགས་
ཀྱུས་བཟུང་ངོ་། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི། གོང་མ་བཞིན་དུ་བཤད་དོ། །ཙ་ལས་བྱུང་བ་ནི་འཁོར་ལོའོ། །ཁྲོཾ་ལས་བྱུང་བ་ནི་བྱ་ཁྱུང་ངོ་། །འོད་ཟེར་གྱིས་ཞེས་པ་ལ་སོགས་པ་ནི་རང་དང་འདྲ་བ་སྤྱན་དྲངས་ཏེ་བསྟིམ་པའོ། །བདག་འོད་བུ་ག་དགུ་སོགས་ཞུགས། །ཞེས་
པ་ནི་ལུས་ཁྱབ་པར་བསྟན་ཏོ། །ལྟེ་བའི་འཁོར་ལོ་ནི་མེ་བསྐུལ་བའོ། །གཡས་ཀྱི་རྡོ་རྗེས་སྦར་བ་ཡང་དེ་ཉིད་དོ། །གཞན་གོ་སླ། ཡང་ན་ནང་དུ་བསྲེག་པར་བྱ། །ཞེས་པ་ནི། ནད་པའི་ལུས་ཐམས་ཅད་མེ་འབར་བས་ནད་པར་བཅས་པ་བསྲེགས་ཏེ། རླུང་གིས་གཏོར། ཆུས་བཀྲུས་
པ་ལས་རིམ་གྱིས་ཕྱག་ན་རྡོ་རྗེ་བསྐྱེད་དེ་དབང་བསྐུར་སྔགས་བཟླས་པའོ། །ཀླུའི་ཚོགས་ཀྱི་ལས་སུ་བྱ་བ་ནི། ཟངས་སོགས་དམར་པོའི་སྣོད་དུ་བཀོད། །ཅེས་པ་པདྨ་འདབ་མ་བརྒྱད་པའི་གཟུགས་བྱས་ལ་བཀོད་པའོ། །བདུད་རྩིས་གསོ་བ་ནི་ནཱ་ག་གེ་སར་དང་དབང་པོ་ལག་པ་ལ་

སོགས་པ་བ་དམར་མོའི་འོ་མ་དང་སྦྱར་ཏེ་གསོ་བའོ། །གཞན་ནི་བཤད་ཟིན་ཏོ། །གང་གིས་ནད་པའི་ལས་སུ་བྱ་བའང་གང་གི་ཐོག་མར་ནང་པ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྡོམ་པ་དང་དམ་ཚིག་ལ་སོགས་པ་ཡང་དག་པར་བླངས་ནས། དེ་ནས་ལས་སུ་བྱ་བ་གང་ཡང་རུང་བས་འབྱུང་པོ་ཕྲལ་
ཏེ། དེ་ནས་དྲག་པོའི་སྔགས་ཉེ་བར་བཟླས་པའི་ཆུས་ཉིན་ལན་གསུམ་མཚན་ལན་གསུམ་དུ་བཀྲུ་བར་བྱའོ། །དབང་བསྐུར་ཏེ། དེས་ཡན་ལག་ཡོངས་སུ་རྫོགས་པར་འགྱུར་རོ། །བགེགས་བཟློག་པའི་ཆོ་ག་བཤད་ཟིན་ཏོ། །དེ་ནས་གདུག་པ་ཅན་གདུལ་བའི་ཆོ་ག་བཤད་པའི་
ཕྱིར། གང་ཞིག་གདུག་པ་འདུལ་འདོད་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གདུག་པ་ནི་བྱང་ཆུབ་སེམས་དང་མི་ལྡན་ཞིང་དུས་ཐམས་ཅད་དུ་གཞན་ལ་གནོད་པར་ཞུགས་པའོ། །དེ་བསད་པ་ནི་ལུས་སེམས་དབྲལ་བའོ། གནས་གང་དུ་ཞེ་ན། དུར་ཁྲོད་ལ་སོགས་འཇིགས་གནས་
སུ། །ཞེས་དུར་ཁྲོད་དང་། རི་ཁ་རལ་དང་སུམ་མདོ་དང་། གྲོག་གླིང་ལ་སོགས་པའི་བཀྲ་མི་ཤིས་པའི་གནས་སུ་བྱའོ། །དྲག་པོའི་དཀྱིལ་འཁོར་དུག་གིས་བྲི། །ཞེས་པ་ཀུན་དུ་ཁྲུ་རེ་ཡོད་པའི་གནས་སུ་དུག་དང་གྲི་བོའི་ཁྲག་དང་། སོལ་ཆེན་གྱིས་བྱུག་པར་བྱའོ། །གཞན་གོ་སླ། ཚ་བ་བསྐྱེད་
པའི་སྦྱོར་བ་བྱ། །ཞེས་པ་ནི། ནིམ་པ་ལ་སོགས་པའི་ཤིང་ལ་མེ་སྦར་ལ་གང་གི་རྫས་གོང་མ་དང་ཚ་བ་གསུམ་དང་འབྲུ་མར་དང་བསྲེས་ཏེ། བྱུགས་ཤིང་བསྐམ་མོ། །གཞན་གོ་སླ། བདག་ལས་སྤྲུལ་པའི་ཁྲོ་བོའི་ཚོགས། །ཞེས་པ་རྩ་བའི་སྔགས་ཀྱི་འོད་ལས་འཇིག་རྟེན་གྱི་ཁམས་
ཁྲོ་བོའི་ཚོགས་ཀྱིས་རྒྱས་པར་བྱའོ། །རྡོ་རྗེ་དགུག་པའི་སྔགས་རྩ་བའི་སྔགས་དང་སྤེལ་ཏེ། བཟླས་པར་བྱའོ། །དེས་ཅི་བྱེད་ཅེ་ན། ལྕགས་ཀྱུ་ལ་སོགས་བཞི་པོ་སྤྲོས། །ཞེས་པ་ནི། ལྕགས་ཀྱུ་ཅན་དང་ཞགས་པ་ཅན་དང་། ལྕགས་སྒྲོག་ཅན་དང་། ཐོ་བ་ཅན་གྱིས་དགུག་པ་དང་
གཞུག་པ་དང་བཅིང་བ་དང་བརྡུང་བའི་ལས་ཀྱིས་གདུལ་བྱ་བསྟིམ་པ་ཉིད་དོ། །ལས་ཀྱི་རྒྱའམ་རི་རབ་ཀྱིས། །དེ་ཡི་སྟེང་ནས་མནན་པར་བྱ། །ཞེས་པ་ནི། སྤྱི་བོར་རྒྱ་གྲམ་དང་རི་རབ་དེའི་ལྟེ་བ་ལ་བསམ་པར་བྱའོ། །བྱིན་གྱིས་བརླབས་པའི་ལྷ་ནི་དབང་བསྐུར་བའི་ལྷ་སྟེ་སྙིང་གའི་ས་བོན་ནོ། །

ལས་ཀྱི་ཁྲོ་བོ་ནི་བདུད་རྩི་འཁྱིལ་པ་སྟེ། །དེས་དབྱེ་བ་ནི་དབྲལ་བའོ། །དེ་དག་གི་དོན་ཡང་གདུལ་བྱ་མདུན་དུ་བསམས་ཏེ། དེའི་སྙིང་གི་ནང་ན་དབང་བསྐུར་བའི་དུས་ཀྱི་ཡེ་ཤེས་སེམས་དཔའ་གསལ་བར་གྱུར་པ་དང་། རང་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྤྲོས་ཏེ། མཉེས་པར་བྱས་
ནས་ཉེས་པ་བསྒོ་སྟེ། དེས་ན་དེ་ཁྲོས་པར་གྱུར་པས་ཁྲག་འཐུང་བར་བསམ་པའོ། །སྲོག་རྩའི་བདག་པོ་བྲམ་ཟེའི་གཟུགས། །ཞེས་པ་ནི་སྲོག་རྩའི་ནང་ན་བྲམ་ཟེའི་གཟུགས་འོད་ལྟ་བུར་གནས་པའོ། །གདུག་པའི་ཁྲོ་བོས་སྦྱར་མས་བདུག །ཅེས་པ་ནི། ཁམས་གསུམ་རྣམ་པར་རྒྱལ་
བས་གུ་གུལ་སྦྱར་མས་བདུག་པའོ། །ཁྲོས་པའི་སྟོབས་ཀྱིས་ཁྲག་འབྱིན་པ་ནི་སྲོག་ལྷ་ཁྲོས་པས་སྲོག་རྩ་ཆད་པར་འགྱུར་བའོ། །སྤྲུལ་པ་ཐོགས་ལྔ་ལ་སོགས་པ་ནི་བཤད་ཟིན་ཏོ། །གཞན་གོ་སླ། ཐོག་ཆེན་སྦྱོར་བའི་ལས་བྱས་ནས། །ཞེས་པ་ནི་མཚོན་ཆའི་ཆར་འབབ་པར་བསམ་
པའོ། །གང་གིས་ཤེ་ན། དཀྱིལ་འཁོར་ཀུན་གྱིས་ཏེ། སྤྲུལ་པའི་དཀྱིལ་འཁོར་ཐམས་ཅད་ཀྱིས་སོ། །ལྕགས་ནི་མི་བསད་པ་ལ་སོགས་པའོ། །རིགས་མཐུན་པ་ནི་དུག་དང་། ཚེར་མ་དང་། མདོག་ནག་པོར་གྱུར་པའི་ཤིང་ངོ་། །ཁྲོ་བོ་དེ་དང་མཐུན་པ་ནི་སྟོད་འཕགས་པ་གོས་སྔོན་པོ་ཅན་
ལ་སྨད་ལྕགས་རབ་ཏུ་འབར་བར་གྱུར་པའོ། །དཀྱིལ་འཁོར་ཀུན་ནི་སྔ་མ་བཞིན་ནོ། །རལ་གྲི་ལ་སོགས་པ་ཡང་དཀྱིལ་འཁོར་ཀུན་གྱི་ཞེས་པ་དང་འབྲེལ་པར་ཤེས་པར་བྱའོ། །གཞན་གོ་སླ། ཁྲོ་ཆུང་སྦྱོར་བ་ནི་ཁྲོ་བོ་མེ་དབལ་རབ་ཏུ་འབར་བར་བསམ་པའོ། །དུག་དང་མྱོས་པའི་ཆུར་
སྦྱར་ཏེ། །ཞེས་པ་ནི་བཅོས་པའི་ཆང་དང་སྦྱར་བའོ། །གདུག་པའི་སྦྲུལ་ནག་སྦྱོར་བ་ནི་སྟོང་གསུམ་ནས་སྦྲུལ་ནག་པོ་བཀུག་པས་དུག་སྐྱུགས་ཏེ་གང་བར་གྱུར་པའོ། །བཀུག་ཅིང་ཁ་རུ་བླུགས་གྱུར་ན། །ཞེས་པ་ནི་གདུལ་བྱ་བཀུག་སྟེ། དུག་ཁར་བླུགས་ན་འཆི་ཞེས་པའི་དོན་
ཏོ། །བུད་མེད་ཐོད་པ་ནི་རིམས་ཀྱིས་ཤི་བའི་ཐོད་པའོ། །སྙིང་ནང་མ་མོའི་སྦྱོར་བ་ཡིས། །ཞེས་པ་ནི། ནག་པོ་ཆེན་པོའི་སྲིན་མོ་སྙིང་དུ་བསྐྱེད་པའོ། །ཁར་བླུགས་གྱུར་ན་ཞེས་པ་ནི་ཁར་བླུགས་པ་མ་མོ་ལ་ཕོག་པས་སྙིང་རྩ་གཅད་དེ་ཁྲག་འཐུངས་པའོ། །ཐོད་པར་ཀླད་པ་འཁོར་ལོ་

བསྐོར། །ཞེས་པ་ནི། ཀླད་པའི་ནང་དུ་མ་མོས་ཐོད་པ་ཀླད་ལ་བསྐོར་ཞིང་རུ་ལུ་རུ་ལུ་ཞེས་གྲགས་པར་བསམས་ན། མགོ་འཁོར་བར་འགྱུར་རོ། །གཞན་གོ་སླ། མཛེ་ཅན་ཁྲག་གི་སྦྱོར་བ་ཡིས། །ལུས་ནང་གང་ནས་ཞེས་པ་ནི། མཛེས་ཟིན་ཏེ་ཤི་བའི་ཁྲག་གཏོར་ཞིང་བསམ་གཏན་
གྱི་ལུས་ཁྲག་གིས་གང་ནས་ལྕགས་སྦྲང་ངམ། ལྕགས་སྡིག་སྲིན་བུ་ལ་སོགས་པས། །བ་སྤུའི་བུ་གར་སྦྱོར་ཞེས་པ་ནི། ཁྲག་ལུས་ལས་སྲིན་བུ་དང་། སྦྲང་མ་དང་། སྡིག་པའི་ཚོགས་བྱུང་ནས་ཤ་དང་རུས་པ་ལ་ཐུག་པར་ཟོས་པར་བསམས་ན་མཛེས་འཆི་བར་འགྱུར་རོ། །གོང་དུ་ཤ་
བའི་འཁོར་ལོར་ལྡན། །ཞེས་པ་ནི་ཤ་བའི་ལུས་ལ་འཁོར་ལོ་རྩིབས་བཞི་པའི་དབུས་ན་མིང་བྲི། རྩིབས་བཞི་ལ་ཧཱུཾ་ཞེས་པ་བཞི་བྲིས་ལ། ལུག་གི་ཐོད་པའམ་ལྐུགས་ནས་ཤི་བའི་ཐོད་པར་བཅུག་སྟེ་མནན་ན་ལྐུགས་ནས་ཤི་བར་འགྱུར་རོ། །ལྕེ་ལ་རི་རབ་སྦྱོར་བ་བྱ། །ཞེས་པ་ནི་ཁམས་
གསུམ་རྣམ་པར་རྒྱལ་བས་ལྕེ་དྲངས་ཏེ། ལཾ་ལས་རི་རབ་ཀྱིས་མནན་ན་ཡང་དེ་བཞིན་ནོ། །གཞན་གོ་སླ། སྙིང་ནང་སྦྲུལ་ནག་བཅུག་བྱས་ཏེ། །ཞེས་པ་ནི་སྙིང་གི་ནང་དུ་སྦྲུལ་ནག་པོ་བསྐྱེད་ལ་སྟོང་གསུམ་གྱི་སྦྲུལ་ནག་པོ་ཐམས་ཅད་བློས་བཀུག་སྟེ། དེའི་ལུས་ལ་བསྡུས་ན་དེ་ལྟར་
འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལྟར་རྫས་ལ་སོགས་པའི་སྦྱོར་བས་བསད་པའི་ཆོ་ག་བསྟན་ནས། ད་ནི་བསམ་གཏན་འབའ་ཞིག་པའི་བསད་པ་བསྟན་པའི་ཕྱིར། བསམ་གཏན་ཁོ་ན་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མདུན་དུ་ཟ་བྱེད་ཁ་གདེངས་ལ། །ཞེས་པ་ནི་སྒྲུབ་པའི་མདུན་
དུ་ཁྲོ་བོ་ཟ་བྱེད་ཁ་གྱེན་དུ་ལྟ་བ་ཁ་ནས་མེ་འབར་བ་བསམས་ལ་དེའི་སྟེང་དུ་བསྒྲུབ་བྱ་བཀུག་སྟེ། བསམ་གཏན་གྱི་ཕུར་བུ་སྤྱི་བོར་བཏབ་པས་རྐང་པར་ཐལ་བྱུང་སྟེ། དེའི་རྗེས་སུ་ཁྲག་ཕྱུང་བས་ཟ་བྱེད་ཀྱི་ཁར་སོང་བར་བསམ་པ་ནི་ལས་གཞན་གྱི་སྦྱོར་བའོ། །ཡང་ན་སྤྱིའུ་ཚུགས་གྱུར་
པ་ནི་སྡིག་ཅན་གྱི་བར་མདོ་ལྟ་བུ་སྟེ། གོང་གི་ཁྲོ་བོ་གཉིས་ཀྱིས་རྐང་པ་གཉིས་ནས་བཟུང་བའོ། །རྡོ་རྗེ་ནི་ཞེས་པ་གོ་སླ། སུམ་སྐོར་འོད་ཀྱི་སྦྱོར་བ་ཡིས། །ཞེས་པ་ནི་རང་གི་འོད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་འཕྲོས་ཏེ། དེ་ལས་རྡོ་རྗེ་བྱུང་བ་སྤྱི་བོའི་བར་ལ་ཐུག་གོ། །འོད་ཟེར་སྙིང་ལ་སོགས་པར་

སྲེག །ཅེས་པ་ནི་རྡོ་རྗེ་ལས་འོད་མེ་ལྟ་བུ་བྱུང་བས་ལུས་ས་བོན་དང་བཅས་པ་སྲེག་པར་བྱེད་དོ་ཞེས་པའི་དོན་ཏོ། །ཡང་ན་འོད་ཟེར་ནག་པོའམ། །ཞེས་པ་ལ་སོགས་པའི་དོན་ནི། རང་ལས་འོད་ནག་པོ་སྤྲོས་པས་གདུལ་བྱའི་ལྟེ་བར་མེ་འབར་ཏེ། སྤྱི་བོ་ན་ས་བོན་བཀུག་ནས་
རྡོ་རྗེའི་ལམ་དུ་ཕྱུང་སྟེ། ཁྲོ་བོ་ཟ་བྱེད་ཀྱི་ཁར་སོང་བར་བསམ་མོ། ཡང་ན་རྡོ་རྗེའི་ཡི་གེ་གསལ། །ཞེས་པ་ལ་སོགས་པའི་དོན་ནི་འཁོར་ལོ་བཞིས་གསལ་བར་བྱས་ཏེ། རྡོ་རྗེ་རབ་ཏུ་འབར་བས་སྤྱི་བོ་ནས་བཤང་བའི་ལམ་ལ་ཐུག་པར་ཐལ་ཏེ། ས་བོན་ཐམས་ཅད་བཤིག་པ་དང་བསྲེག་པ་དང་
དབྱུང་བར་བྱའོ་ཞེས་པའི་དོན་ཏོ། །གཞན་གོ་སླ། ཡང་ན་འཁོར་ལོ་ནག་པོའི་སྟེང་། །ཞེས་པ་ནི། ཙ་ནག་པོ་ལས་བྱུང་བའི་འཁོར་ལོའི་སྟེང་དུའོ། །དེའི་སྟེང་དུ་བསྒྲུབ་བྱ་བཞག་ལ་སྙིང་གི་ནང་དུ་ཞེས་པ་ལ་སོགས་པའི་དོན་ནི་རང་གི་ས་བོན་ལས་ཕུ་སྤྲོས་ཏེ། དེ་ནས་སྦྲུལ་ནག་པོ་བསམ་
གྱིས་མི་ཁྱབ་པ་བསྐྱེད་ཅིང་བཀུག་ལ་སྦྲུལ་ནག་པོའི་ཚོགས་ཀྱིས་ཤ་ཟོས་པས་སྲིན་བུ་དང་སྦྲང་བུ་བྱུང་ནས་ཟ་བར་བསམ་མོ། །ལྟེ་བའི་ཡི་གེ་བསམས་ནས་ཀྱང་། །ཞེས་པ་ནི་ཨ་ཐུང་ངུའོ། །རཾ་ལས་བྱུང་བ་ནི་མེ་འབར་བའོ། །ཡི་གེ་དཀྲུགས་པ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གཞན་
གོ་སླ། ཡང་ན་དབང་ཕྱུག་མཐུ་ཆེན་གྱིས། །ཞེས་པ་ལ་སོགས་པའི་དོན་ཏེ། །གང་གིས་དྲག་པོའི་ལས་ཀྱི་སྦྱོར་བ་འདི་རྣམས་ཀྱང་ཐོག་མ་ཉིད་དུ་རང་གི་ཆོ་ག་ཡོངས་སུ་རྫོགས་པར་བྱ་སྟེ། ཡན་ལག་དང་བཅས་པའི་བསྐྱེད་པའི་ཏིང་ངེ་འཛིན་བརྟན་པས་སོ། །ཡན་ལག་ནི་གང་བསྐྱེད་
པ་ལ་བརྟེན་པ་ནི་གང་ཞེ་ན། འདིར་ཡན་ལག་ནི་སྡོམ་པ་ཕུན་སུམ་ཚོགས་པ་དང་། དབང་ཐོབ་པ་དང་ཚོགས་ཡོངས་སུ་རྫོགས་པའོ། །བསྐྱེད་པ་ལ་བརྟེན་པ་ནི་བསྐྱེད་པ་ལས་སུ་རུང་བ་སྟེ་འདི་ལྟར་ཤིན་ཏུ་གསལ་བ་དང་། ཡུན་ཐུབ་པ་དང་། ཁམས་ལ་གནོད་པ་མེད་པ་དང་སྣ་ཚོགས་
པར་གྱུར་པའོ། །དེས་ཀྱང་གདུལ་བྱ་ཞིང་དུ་གྱུར་པ་ལ་བསྒྲུབ་པར་བཤད་དོ། །གདུལ་བྱ་ཞིང་དུ་གྱུར་པ་ཞེས་བྱ་བ་ཅི་ལྟ་བུ་ཞིག་ཅི་ན་ཡུལ་དམ་པ་ཁྱད་དུ་གསོད་པ་དང་། བསྒོམ་པ་ལ་སོགས་པ་མི་འཛིན་པ་དང་གང་གིས་ཐབས་གཞན་གྱིས་མི་འདུལ་བའོ། །དྲག་པོ་ལས་ཀྱི་བསྒྲུབ་པ་

བཤད་ཟིན་ཏོ། །ད་ནི་རྫས་ལྷག་པར་གནས་པའི་ཆོ་ག་བཤད་པར་བྱ་སྟེ། དེའི་ཕྱིར། གཞན་ཡང་དངོས་གྲུབ་སྦྱོར་བ་རྣམས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་ཞི་བའི་རྒྱུ་ལས་བྱུང་བ་ནི། དངུལ་ལ་སོགས་པ་ལས་བྱས་པའོ། །གང་ལྟར་འདོད་པའི་དབྱིབས་སུ་བསྒྱུར། །
ཞེས་པ་ནི་རྩེ་མོར་འདུས་པ་དང་གདེངས་པོ་ལ་སོགས་པའོ། །འོད་དུ་ཞུ་ཞེས་པ་ལ་སོགས་པའི་དོན་ནི་རྡོ་རྗེ་དག་པ་ལས་ཧཱུཾ། དེའི་འོད་ཀྱིས་རྡོ་རྗེ་ལས་ལ་སོགས་པ་བསྐྱེད་པའི་རིམ་པ་བཞིན་ནོ། །འོད་དུ་ཞུ་བ་ལས་དེ་ལས་རྡོ་རྗེ་ཁ་དོག་ལྔ་ཞེས་པ་ཞི་བ་ལ་སོགས་པའི་དབང་དུའོ། །སྔགས་དངོས་སུ་བས།
དེའི་བསམ་གཏན་ནི། ཡེ་ཤེས་རྟགས་རྣམས་བཀུག་བྱ་སྟེ། །ཞེས་པ་ལས་ཀྱི་དབང་དུ་རྡོ་རྗེ་དཀར་པོ་ལ་སོགས་པ་བཀུག་ཅིང་བསྟིམ་མོ། །གཞན་གོ་སླ། དྲིལ་བུ་ཕྲེང་བ་ལ་སོགས་པའང་། །ཞེས་པ་ལ་སོགས་པའི་དོན་ནི། དྲིལ་བུ་དང་ཕྲེང་བ་ལ་སོགས་པའི་མཚན་མ་ཐམས་ཅད་དང་ལུགས་
མ་དང་། བྲིས་སྐུ་ལ་སོགས་པ་ཐམས་ཅད་བྱིན་གྱིས་བརླབས་པ་དང་དབང་བསྐུར་བ་དང་སྒྲུབ་པ་བྱས་ན་ནུས་པ་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ནས་ཁྲུས་ཀྱི་ཆོ་ག་བསྟན་པར་བྱ་སྟེ། དེའི་ཕྱིར། ཇི་སྲིད་ཁྲུས་ཀྱི་སྦྱོར་བ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གང་གིས་
བུམ་པ་སྦྱངས་ནས་ཞེས་པ་ནི་སྟོང་པ་ཉིད་ལས་བྷྲཱུཾ་ལས་བུམ་པ་གཞལ་ཡས་ཁང་དུ་གྱུར་པའོ། །པདྨ་བཞི། ཞེས་པ་ལ་སོགས་པ་ནི་བསྐྱེད་པའི་རིམ་པ་བཞིན་ནོ། །དག་པའི་སྔགས་ནི་འོག་ནས་སྟོན་ཏོ། །ཡེ་ཤེས་ཆུ་བོ་ནི་བྱང་ཆུབ་སེམས་ཏེ་གང་གིས་དེར་བྱིན་གྱིས་བརླབས་པ་དེ་ལ་དེ་སྐད་
ཅེས་བྱའོ། །དམ་པའི་དོན་ནི་སྟོང་པ་ཉིད་དོ། །ལྷ་མོ་རྒྱུན་འབབ་ནི་བྱང་ཆུབ་སེམས་ཀྱི་ཆུའོ། །ཁྲུས་འདི་དག་ལ་རྫས་ལ་བརྟེན་པའི་ཁྲུས་ཀྱང་ཡོད་དོ། །འདི་སྐད་སྨོས་པའོ། །གཉེན་པོར་གྱུར་པའི་ཁྲུས་ཀྱང་ཡོད་དེ། གང་དང་གང་འགལ་བར་འགྱུར་བའི་འགལ་བ་དེ་ཡོད་
དེ་མེད་པར་འགྱུར་བའོ། །ཡོངས་སུ་དག་པ་བླ་ན་མེད་པའི་ཁྲུས་ཀྱང་ཡོད་དེ་དེ་བཞིན་ཉིད་ལྟ་བུའོ། །ཐུན་མོང་གི་ཁྲུས་ཀྱང་ཡོད་དེ་ཇི་སྐད་སྨོས་པ་དེ་ཉིད་དོ། །ཐུན་མོང་མ་ཡིན་པའི་ཁྲུས་ཀྱང་ཡོད་དེ་བདུད་རྩི་རྣམ་པ་ལྔ་ལ་སོགས་པའོ། །འདིར་རྣམ་པར་བྱང་བའི་ཆོས་ཐམས་ཅད་

ཀྱང་ཁྲུས་ཀྱི་ངོ་བོ་ཉིད་ཁྲུས་ཀྱང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །ཁྲུས་ཀྱི་ཆོ་ག་བཤད་ཟིན་ཏོ། །ད་ནི་སྔགས་ཀྱི་ཆོ་ག་བཤད་པར་བྱ་སྟེ། ཨོཾ་ན་མོ་ལ་སོགས་པ་ནི་བསྙེན་པའི་སྔགས་སོ། །འོག་མ་ནི་བཅིང་བའོ། །མོ་ཧ་ཡ་ནི་རྨོངས་པའོ། །ཤཱནྟིཾ་ཀུ་རུ་ནི་ཞི་བའིའོ། །པུཥྚིཾ་
ཀུ་རུ་ནི་རྒྱས་པའོ། །བ་ཤཾ་ཀུ་རུ་ནི་དབང་གིའོ། །མཱ་ར་ཡ་ནི་བསད་པའོ། །སྟམ་བྷ་ཡ་ནི་མནན་པའོ། །བ་ལིཾ་ཞེས་བྱ་བ་ལ་སོགས་པ་ནི་གཏོར་མ་སྦྱིན་ཞིང་ལས་བཅོལ་བའི་སྔགས་སོ། །ཨོཾ་རཏྣ་ཏྲི་ཤ་མ་ཞེས་པ་ལ་སོགས་པ་ནི་ལྷའི་གདོན་བཟློག་པའི་སྔགས་ཏེ་ལས་ཀྱི་སྔགས་ནི་གཞན་
ལ་ཡང་སྦྱར་བར་བྱའོ། །ནཱ་ག་རཱ་ཛ། ཞེས་པ་ལ་སོགས་པ་ནི་ཀླུ་སོ་སོའི་མིང་གི་སྔགས་སོ། །ཨ་པསྨ་ར་ཞེས་པ་ནི་ལྟོ་འཕྱེ་བཟློག་པའོ། །སརྦ་པྲེ་ཏ་ནི་ཡི་དགས་ཐམས་ཅད་བཟློག་པའོ། །ཤུདྔྷེ། ཞེས་བྱ་བ་ལ་སོགས་པ་ནི། སྡིག་པ་དག་པར་བྱེད་པ་སྟེ་ཁྲུས་ཀྱིའོ། །གྲྀཧྞ་ལ་
སོགས་པ་ནི་ལས་ཀྱི་སྔགས་བསྡུས་པའོ། །བ་ར་བི་ཏྭ་ན། ཞེས་པ་ལ་སོགས་པ་ནི་རིག་སྔགས་བདག་པོ་དང་བཅས་པ་སྟེ། གོང་གི་མཐའ་དང་བཅས་པས་འཇོམས་པར་བྱེད་དོ། །སྔགས་ཀྱི་བསྒྲུབ་པ་བཤད་ཟིན་ཏོ། །ད་ནི་རྫོགས་པའི་རིམ་པ་བཤད་པར་བྱ་སྟེ། དེའི་ཕྱིར།
གང་ཞིག་དངོས་གྲུབ་མཆོག་འདོད་པ། །ཞེས་པ་ལ་སོགས་ཏེ། དེ་ལ་མཆོག་གི་དོན་ནི་མཆོག་གི་དངོས་གྲུབ་སྟེ་སྐུ་གསུམ་མོ། །དེ་སྒྲུབ་པ་ནི་བསྒྲུབ་པར་འདོད་པའོ། །དེ་ཡི་ནོར་བུ་བཞིན་བསྒྲུབ་ཕྱིར། །ཞེས་པ་ནི་ནོར་བུ་དང་འདྲ་བར་ཐོགས་པ་མེད་པར་འབྱུང་བའི་ཕྱིར་རོ། །དེ་ཉིད་
རྒྱན་ནི་བཤད་པར་བྱ། །ཞེས་པ་ནི། རྫོགས་པའི་རིམ་པ་གསལ་བར་བཤད་པར་བྱ་སྟེ། དེ་ལ་རྫོགས་པ་ཞེས་པ་ནི་སྐུ་གསུམ་སྟེ། ཆོས་ཐམས་ཅད་འབྲས་བུར་གྱུར་པ་ཉིད་དོ། །དེའི་དངོས་ཀྱི་རྒྱུར་གྱུར་པ་ནི་རྫོགས་པའི་རིམ་པ་སྟེ་གང་གིས་བསྒོམ་པའི་རིམ་པ་ཉིད་དོ། །འདིར་
ཡང་རྫོགས་པ་ལ་དམིགས་པའི་ཕྱིར་ཏེ། འབྲས་བུའི་ཚུལ་དུ་དང་དམིགས་པའི་ཚུལ་དུའོ། །དམིགས་པའི་ཚུལ་ཡང་རྫོགས་པའི་རིམ་པ་ཞེས་བྱ་སྟེ། ཡོད་པ་དངོས་སུ་བསྒོམ་པ་ཉིད་ཀྱི་ཕྱིར་རོ། །སྙིང་གར་བཅུ་དྲུག་བརྒྱད་དང་བཞི། །དབུས་གནས་ཐབས་དང་ཤེས་རབ་བར། །དཀར་

ཞིང་ཟླུམ་པའི་ཐིག་ལེ་བསམ། །ཞེས་པ་ནི། སྙིང་གི་ནང་དུ་རྩ་པདྨ་འདབ་མ་བརྒྱད་པ་གཉིས་དང་། བཞི་པ་གཉིས་ཀྱི་དབུས་སུ་ཟླ་བ་ཉི་མ་ཁ་སྦྱོར་དུ་བྱས་ཏེ། དེའི་དབུས་སུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྐྲ་རྩེའི་ཚད་ཙམ་དཀར་ཞིང་ཟླུམ་པ་བསམ་པར་བྱའོ། །འབྱུང་བཞིའི་དང་པོ་ཡི་གེ་
བརྒྱད། །ཅེས་པ་ནི་ཡ་ར་ལ་ཝ་བཞིས་ནང་གི་པདྨ་ལ་བརྒྱན་པ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད་ཀྱིས་ཕྱིའི་པདྨ་ལ་བརྒྱན་པ། རྩ་དང་ཡི་གེ་ཐམས་ཅད་མདོག་དཀར་པོར་བསམ་པར་བྱའོ། །ཡི་གེ་རྣམས་ཀྱང་འོད་ཁ་དོག་ལྔ་དང་ལྡན་པ་རྩེ་མོ་ལས་བ་ཐག་ཕྲ་མོ་དབུས་ཀྱི་རྗེས་སུ་
འབྲང་བ། རྐེད་པ་རྩེ་མོའི་ཆ་ལ་གནས་པ། ཏིང་ངེ་འཛིན་གྱི་མིག་གིས་བལྟས་པས་གང་གི་རྩེ་མོ་བྱེད་པ་དང་ཞུ་བའི་རྣམ་པ་ཅན་དུ་བསམ་པར་བྱའོ། །དེ་ལས་འབྱུང་བ་ལྔའམ་བཅུས། །དབང་པོ་རྒྱུ་བ་དགག་པར་བྱ། །ཞེས་པ་ནི། དབུས་ཀྱི་མདུད་པ་ལས་རྩ་ལྔར་བྱུང་
ནས་གསུང་གི་ཆད་དུ་བྱིན་པ་དང་། དབང་པོ་ལྔ་ལ་གཟུགས་ཏེ་བཅུར་འགྱུར་རོ། །གང་གི་ཚེ་རྩ་དེ་ལ་དམིགས་ནས་རླུང་ལ་བསླབ་པར་བྱའོ། །འབྱུང་བ་དང་ནི་འཇུག་པ་དང་། །གནས་པ་གཉིས་ཀྱི་བདག་ཉིད་ཅན། །ཞེས་པ་ནི། སྙིང་གར་ས་བོན་ལས་བ་ཐག་བྱུང་ནས་གང་གི་
ཚེ་རྩེ་མོའི་ཐིག་ལེ་ལ་འཇུག་པ་དང་། བཅད་པས་རྩེ་མོ་དང་རྩ་བའི་བར་དུ་གནས་པ་གཉིས་ལ་བསླབ་པར་བྱའོ། །དེ་ནས་ནི་གཉིས་སུ་མེད་པའི་གནས་པ་ལ་བསླབ་པར་བྱའོ། །དེ་ནས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་བསམ་གྱིས་མི་ཁྱབ་པའི་གནས་པ་ལ་བསླབ་པར་
བྱའོ། །བསམ་གཏན་གྱི་སྦྱོར་བ་གཞན་ཡང་གསུངས་པ། ཁྲག་དང་ཆུ་དང་བྱང་ཆུབ་སེམས། །མདུང་དང་རལ་གྲིའི་སྦྱོར་བ་ཅན། །མགྲིན་པའི་པདྨར་ཁ་བྱེ་བསམ། །ཞེས་པ་དབུས་ན་ནི་བྱང་ཆུབ་སེམས་སོ། །གཡས་དང་གཡོན་ནི་ཁྲག་དང་ཆུའོ། །མདུན་རྒྱབ་ན་
ནི་མདུང་དང་རལ་གྲི་ལྟ་བུ་སྟེ། །འདི་དག་ལས་ཁྲག་དང་། ཆུ་དང་། བྱང་ཆུབ་སེམས་དང་། དབུགས་དང་། དྲོད་ཀྱི་དངས་མ་གནས་ཏེ། ཀུན་གྱི་དབུས་ན་ནི་སྙིང་པོའི་ས་བོན་ཅན་ནོ། །རླུང་ལ་བསླབ་པ་སྔ་མ་བཞིན་ནོ། །ཇི་ལྟར་སློབ་ཅེ་ན། རེ་རེ་ལ་འབྱུང་བ་ལ་སོགས་པ་

སློབ་པ་དང་། གཉིས་གཉིས་ལ་སློབ་པ་དང་། ཐམས་ཅད་ལ་སློབ་པ་ཡང་ངོ་། །སྣང་བ་མཐའ་ཡས་ཀྱི་གནས་ན་ཞེས་པ་ནི་ལོངས་སྤྱོད་ཀྱི་གནས་སུའོ། །བཞི་བཅུའམ་ནི་ཞེས་པ་བཅུ་དྲུག་དང་བཞི་པའི་རྣམ་པ་གྱེན་དང་ཐུར་དུ་ལྟ་བའོ། །སུམ་ཅུ་གཉིས་ཞེས་པ་ནི།
བཞི་ལས་གཞན་པའོ། །འབྱུང་བ་བཞི་ནི་སྔ་མ་བཞིན་ནོ། །ཨཱ་ལི་བཅུ་དྲུག་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ། ཞེས་པ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་གཡས་དང་གཡོན་དུ་བསྐོར་བའོ། །གང་ཞིག་སྤྱི་བོའི་ཁང་པ་
རུ། །ཞེས་པ་ནི། བདེ་བ་ཆེན་པོའི་གནས་སུའོ། །སུམ་ཅུ་གཉིས་དང་བཞི་ཞེས་པ་ནི། རྩ་པདྨའི་ཚུལ་ཅན་ནོ། །དེ་ལས་གྱེན་དུ་ལྟ་བ་དང་ཐུར་དུ་ལྟ་བའི་བྱེ་བྲག་གིས་གྲངས་སུ་བགྲང་བར་བྱའོ། །ཨཱ་ལི་གཉིས་ནི་ཉིས་སྐོར་རོ། །ཀཱ་ལི་གཅིག་ནི་སྡེ་ལྔ་པ་དང་། ཨནྟསྠ་
དང་། ཨུཥྨ་ཎའི་ཕྱོགས་གཅིག་གོ། །ལྟེ་བ་ནི་ལྟེ་བའི་གནས་སུའོ། །དཔའ་བོ་གསང་བ་ནི་བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན་ཏེ་ཐམས་ཅད་ལ་སྦྱོར་རོ། །བརྒྱ་དང་ཉི་ཤུ་བརྒྱད་པའམ། །ཞེས་པ་ནི་དྲུག་ཅུ་བཞི་ཉིས་འགྱུར་རོ། །ཕྱེད་བཅུས་ནི་དྲུག་ཅུ་བཞི་ཉིད་དོ། །ཡི་
གེ་ནི་སྔ་མ་བཞིན་ཏེ། ཀཱ་ལི་ཉིས་སྐོར་དང་། ཨཱ་ལི་བཞི་སྐོར་རོ། །གཞན་གོ་སླ། ཁ་ཅིག་སློབ་པའི་དུས་དག་ཏུ། །ཉི་མ་རྡོ་རྗེའི་སྦྱོར་བ་སྟེ། །ཞེས་པ་ནི་རབ་གཏུམ་གྱི་ལྟེ་བར་ཉི་མའི་སྟེང་དུ་རྡོ་རྗེ་མེ་ལྟ་བུ་བསམས་ལ་རླུང་བསྡུས་པས་དབབ་ཅེས་བཤད་དོ། །ལ་ལ་ཡི་གེ་
ཐིག་ལེར་འདོད། །ཅེས་པ་ནི། ཐིག་ལེ་དཀར་དམར་གྱིས་དབབ་པ་ནི། བདེ་བའི་རྒྱན་ནོ། །ཨ་ཐུང་དུན་གྱིས་དབབ་པ་ནི། ཨ་ཝ་དྷཱུ་ཏཱི་པའོ། །བཞི་ནི་སོ་སོར་སློབ་པ་སྟེ། །ཞེས་པ་ནི་གོང་དུ་བཤད་པ་ཉིད་དོ། །གཅིག་ནི་མདུད་པར་སློབ་པའོ། །ཞེས་པ་ནི་འོག་ནས་སྟོན་
ཏོ། །གཞན་གོ་སླ། གང་གིས་རྡོ་རྗེའི་སྦྱོར་བ་ཡིས། །ཞེས་པ་ནི་གསང་བའི་རྡོ་རྗེའི་འཁོར་ལོ་ལ་སློབ་པའོ། །སུམ་ཅུ་གཉིས་དང་ཞེས་བྱ་བ་ལ་སོགས་པས་ནི་རྩེ་མོ་དང་རྐེད་པ་དང་དེའི་ཆ་དང་རྩ་བར་བསམ་པའོ། །བཞི་པོ་ཁོ་ན་ཞེས་པ་ནི། རྩེ་མོ་ལ་སོགས་པར་རླུང་

གི་འགྲོ་ལྡོག་གིས་བསྡུའོ། །བརྒྱད་ནི་སྟེང་འོག་གཉི་གའི་སྦྱོར་བའོ། །གཉིས་ནི་བདེ་བ་ཆེན་པོ་གཉིས་ལ་སྟེ་དབབ་པ་དང་། བཟློག་པའི་བྱེ་བྲག་གོ། །དབབ་པས་དགའ་བ་སྐྱེ་བ་དང་། །ཞེས་པ་ལ་སོགས་པ་ནི་བྱང་ཆུབ་ཀྱི་སེམས་གནས་པའི་བྱེ་བྲག་གི་དབང་དུ་བྱས་པའོ། །ད་ནི་རྣལ་འབྱོར་མ་ལ་
བརྟེན་པའི་ཆོ་ག་བཤད་པ། གང་ཚེ་རང་གི་རིགས་མཐུན་པ། །ཞེས་པ་ནི། རང་ལ་མཛེས་པའི་རྒྱན་ཡོད་པའོ། །བྱིན་གྱིས་བརླབས་ནས་གཉིས་མེད་སྦྱོར། །ཞེས་པ་ནི། གསང་བའི་སྙིང་པོ་བྱིན་གྱིས་བརླབས་ནས་རྡོ་རྗེར་ཞུགས་པའོ། །དེས་དགའ་བ་རྣམས་རིམ་གྱིས་བསྐྱེད་པའོ། །ཤེས་
རབ་མའི་དབྱེ་བ་བསྟན་པ་ལས་ལས་སྐྱེས་པ་ནི། ཁུ་ཁྲག་དང་བཅས་པ་ལས་སྐྱེས་པའི་བུ་མོའོ། །ཡེ་ཤེས་ཀྱི་བུ་མོ་ནི་བདེ་བར་གཤེགས་པ་ལས་སྤྲུལ་པའོ། །གཡོན་གྱི་ཡུམ་ནི་གཡོན་གྱི་ཡུམ་ཉིད་དོ། །སྙིང་གར་བྱུང་བ་ནི་ས་བོན་ལས་སྤྲུལ་པའི་བུ་མོའོ། །རྐང་པ་ཐི་གུས་བཅིང་བ་ནི་ལག་པ་དམ་
དུ་འཁྱུད་དེ་བསྡམས་པའོ། །དབུགས་ཀྱི་ལྕགས་ཀྱུ་བཟློག་པ་ནི་དབུགས་གྱེན་དུ་དྲངས་པའོ། །གཞན་གོ་སླ། ཉི་མའི་མེ་ནི་ལྟེ་བར་འབར། །ཞེས་པ་ནི། གང་གིས་ལྟེ་བ་ནས་ཏིང་ངེ་འཛིན་གྱིས་གཏུམ་མོ་སྦར་ཏེ། ས་བོན་བཀུག་པའོ། །ཡང་ན་འབྱེད་འཛུམས་སྦྱོང་བ་ཡིས། །ཞེས་བྱ་བ་ལ་
སོགས་པ་ནི་འབྱེད་འཛུམས་ཀྱིས་རླུང་སྔོན་པོ་བསྐྱོད་པ་ལ་སོགས་པའི་བདེ་བ་ཆེན་པོ་ནས། བྱང་ཆུབ་ཀྱི་སེམས་བཀུག་སྟེ། འཁོར་ལོ་རིམ་གྱིས་གང་བར་བསམ་པའོ། །རྣལ་འབྱོར་མ་ཞེས་པ་ལ་སོགས་པའི་དོན་ནི། ལོངས་སྤྱོད་དང་སྤྲུལ་པའི་གནས་སུ་ས་བོན་བསམ་པའོ། །ཐབས་ནི་ཞེས་པ་ལ་
སོགས་པའི་དོན་ནི།བདེ་བ་ཆེན་པོ་དང་ཆོས་ཀྱི་འཁོར་ལོ་ས་བོན་གྱིས་རྒྱས་པའོ། །སྦྲུལ་གྱི་ཞགས་པས་ཞེས་པ་ལ་སོགས་པའི་དོན་ནི། ཏིང་ངེ་འཛིན་ལ་སོགས་པས་ཧཾ་ལས་ས་བོན་བྱུང་བ་ཞུ་ནས་ཀུན་དུ་འཁྱིལ་པར་བསམ་པའོ། །དེ་ནས་འཁོར་ལོ་རྒྱས་པའི་དུས་བསྟན་པ་ནི། གང་གིས་གཙོ་བོའི་
སྦྱོར་བ་ལ། །ཞེས་པ་ལ་སོགས་པ་སྟེ། གཙོ་བོའི་ཏིང་ངེ་འཛིན་གསལ་ནས། དེ་ལས་གཞན་དུ་ཞུ་བར་གྱུར་པའོ། །ཡང་ན་རྣལ་འབྱོར་བདེ་ཆེན་པོར། །གསལ་ནས་ཁྱབ་པའི་སྤུ་ལྡང་ཞིང་། །སྣང་བ་གསུམ་ནི་འབྱུང་བར་འགྱུར། །ཞེས་བྱ་བ་ནི། གང་གིས་ཧཾ་ལ་བློ་གཏད་དེ་གསལ་བ་དང་། སྨིག་རྒྱུ་ལ་སོགས་

པའི་རྟགས་འབྱུང་བ་དང་། སྤུ་ལྡང་བ་དང་། འདར་བ་དང་། འཕར་བ་ལ་སོགས་པ་བྱུང་ནས་ཧཾ་ལས་ས་བོན་ཕབ་སྟེ། དགའ་བ་གསུམ་བསྐྱེད་པར་བྱའོ། །ཡང་ན་འཁོར་ལོའི་སྦྱོར་སྤངས་པས། །ཞེས་པ་ལ་སོགས་པའི་དོན་ནི། མདུད་པ་ནི་བཅུ་དྲུག་ལ་སོགས་པར་བྱང་
ཆུབ་སེམས་ཀྱི་རིམ་པར་དག་པའོ། །གང་ཞིག་འདི་ལ་རྟག་གནས་ན། །ཞེས་པ་ལ་སོགས་པའི་དོན་ནི། དུས་དེས་བསྐྱེད་པ་ཡོངས་སུ་རྫོགས་པ་ལ། །འབྲས་བུ་དམ་པ་ཐོབ་པར་འགྱུར་རོ། །གཞན་གོ་སླ། བདུད་དང་གནོད་སྦྱིན་ལ་སོགས་པ། །ཞེས་པ་ལ་སོགས་པའི་དོན་ནི། གང་ཞིག་གིས་
ཐོག་མ་ཉིད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་བའི་དགེ་བའི་སྟོབས་ཀྱིས་གནོད་པར་གྱུར་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་རོ། །ད་ནི་སྒྲུབ་པའི་ཐབས་གཏད་པ་ནི་ཡུལ་མི་མཐུན་པའི་ཕྱོགས་དང་བཅས་ཏེ། བསྟན་པ་གང་ཞིག་དོན་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །དེ་དག་གི་
དོན་ཡང་ཁ་ཕྱིར་བལྟས་པ་དང་ཉོན་མོངས་པ་མང་བ་དང་། ཆེད་དུ་མི་བྱེད་པར་གྱུར་པ་ལ་སྤེལ་ན། ཚེ་འདི་དང་ཚེ་རབས་ཕྱི་མ་ཐམས་ཅད་དུ་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བར་འགྱུར་རོ། །འོ་ན་གང་ཞིག་ལ་བསྟན་པར་བྱ་ཞེ་ན། སྣོད་ལྡན་ཞེས་བྱ་བ་ལ་སོགས་པའི་དོན་ནི། གཞན་ལ་མི་སྤེལ་བ་དང་།
ཁྲོ་བ་ཆུང་བ་དང་། མ་ཆགས་པ་དང་། མོས་པ་དང་། དད་པ་དང་ལྡན་པ་དང་། ང་རྒྱལ་ཆུང་བ་དང་། སེམས་ཀྱི་དོན་ལ་དགའ་བ་ལ་བྱིན་ན་ལེགས་པ་ཐམས་ཅད་ཀྱི་རྒྱུར་འགྱུར་རོ་ཞེས་པའི་དོན་ཏོ། །ད་ནི་ཉེས་པ་སྦྱང་བར་བསྟན་པ། བདག་འདྲ་མ་རིག་ཅེས་བྱ་བ་ལ་སོགས་པའི་དོན་ནི་ཤེས་རབ་ཞན་པ་དང་། གཏིང་
དཔག་དཀའ་བས་བརྩམ་པར་བྱ་བ་མ་ཡིན་ཀྱང་རང་བས་དམན་པས་རྟོགས་པར་སླ་བའི་ཕྱིར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བ་ནི། བདག་གིས་བསྒྲུབས་འདི་ཞེས་པའི་དོན་ནི། དགེ་བའི་རྩ་བ་འདིས་བསྟན་པ་ཡུན་རིང་དུ་གནས་པ་དང་། སེམས་ཅན་རྣམས་མངོན་པར་མཐོ་བ་དང་། ངེས་པར་
ལེགས་པ་ཐོབ་པར་སྨོན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཟོད་པར་གསོལ་བ་དང་། ཉེས་པ་བཤགས་པ་འདིས་ནི་བསྟན་བཅོས་དམན་པར་གྱུར་པའི་ཉེས་པ་དག་པ་དང་དགེ་བའི་རྩ་བ་མི་ཟད་ཅིང་ཤིན་ཏུ་འཕེལ་བར་ཡང་བསྟན་ཏོ། །དེ་ཁོ་ན་ཉིད་སྒྲོན་མའི་འགྲེལ་པ་སློབ་དཔོན་དཔའ་བོས་བྱིན་གྱིས་མཛད་པ་རྫོགས་སོ།། །།