Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 50

Văn bản gốc(Tây Tạng)

Trang 15 / 16 (50.000 ký tự/trang)
བྱའོ་ཞེས་པའི་དོན་ཏོ། །སྤྱོད་ལམ་ཞར་ལ་བྱུང་བསྟན་པ། །གཞན་པའི་ཡུལ་རྣམས་རང་བཞིན་བཞག །
ཅེས་པ་ནི་གཟུགས་ལ་སོགས་པའི་ཡུལ་སྣང་བར་གྱུར་པ་རང་ཞིར་གཞག་པར་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ནི། གང་གི་ལམ་ཉིད་ལམ་དུ་གྱུར་པ་སྟེ། གང་གིས་དང་པོའི་ཆོས་ཉིད་དང་ཡོངས་སུ་རྫོགས་པའི་ཆོས་ཉིད་ཀྱི་དབང་དུ་བྱས་པའོ། །དེས་ཅིར་
འགྱུར་ཞེ་ན། སངས་རྒྱས་ཀྱི་བསོད་ནམས་ཡེ་ཤེས་ཏེ། སྐུ་གསུམ་ཐོབ་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཅི་བསོད་ནམས་ཀྱི་ཚོགས་ཁོ་ནའམ་བསོད་ནམས་ཁོ་ནའི་ཚོགས་ཞེས་བརྟགས་གྲང་ན། དང་པོ་ལྟར་ནའང་དེ་ལས་གཞན་པའི་མ་ཡིན་པ་ཡིན་པ་ཉིད་དང་
གཉིས་པ་ལྟར་ནའང་རྣམ་སྨིན་ནམ་བྲལ་བའི་འབྲས་བུ་མེད་པར་འགྱུར་རོ། །འདི་ཁོ་ན་བསོད་ནམས་ཀྱི་ཚོགས་ཡིན་ནོ་ཞེས་ངེས་པར་གཟུང་བའང་མེད་དེ། བསྐྱེད་པའི་རིམ་པའང་དེར་འགྱུར་བ་ཉིད་དོ། །གལ་ཏེ་ནི་འགྱུར་ན་ནི། དེ་བསྒོམ་པར་བྱ་བ་མ་ཡིན་པ་ཞིག་ཏུ་འགྱུར་
ན། དེའང་མ་ཡིན་ནོ། །དེས་འགྱུར་བ་ཁོ་ན་ཞེས་བྱ་བ་ནི། དེ་ངེས་པར་ཏེ་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་གཉིས་པ་ལའང་དེ་ལྟར་བལྟ་བར་བྱའོ་ཞེ་ན། འདི་ཉིད་དེ་གང་གིས་དང་པོའི་དུས་ཀྱི་རྗེས་སུ་འབྲང་བར་བྱེད་པ་ཉིད་དེ། དེ་ནི་དེ་ཙམ་དུ་ཟད་དེ། ལྷག་མ་ནི་
དེའི་འབྲས་བུ་དང་རྗེས་སུ་མཐུན་པར་བྱས་པ་ཉིད་དོ། །དེ་ལྟར་སྔོན་དུ་འགྲོ་བ་བརྗོད་ནས། ད་ནི་བསྐྱེད་པའི་རྟེན་བསྟན་པར་བྱ་སྟེ། འཇིག་རྟེན་གྱི་ཁམས་མི་མཇེད་དུ་མེ་བདུན་ལ་སོགས་པས་བར་གྱི་བསྐལ་པ་ཉི་ཤུར་ཞིག་གོ། །བར་གྱི་བསྐལ་པ་ཉི་ཤུར་སྟོང་ངོ་། །བར་གྱི་
བསྐལ་བ་ཉི་ཤུར་རླུང་ལ་སོགས་པ་རིམ་གྱིས་ཆགས་ཏེ། དེ་དང་མཐུན་པར། ཡཾ་དང་བཾ་དང་ལཾ་དག་དང་། །སུཾ་དང་བྷྲཱུཾ་ལས་བྱུང་བ་ཡི། །རླུང་དང་ཆུ་ཡི་དཀྱིལ་འཁོར་དང་། །ས་གཞི་རི་རབ་སྟེང་དག་ཏུ། །གཞལ་ཡས་ཁང་པ་བསམ་པར་བྱ། །ཞེས་པ། རླུང་ནི་

ལྗང་སེར་དཔག་ཚད་ས་ཡ་དང་དྲུག་འབུམ་རྔམས་སུའོ། །ཆུའི་ནི་ཆུ་རྔམས་འབུམ་ཕྲག་བརྒྱད་དོ། །གསེར་གྱི་ནི་འབུམ་ཕྲག་གསུམ་དང་། སྟོང་ཕྲག་ཉི་ཤུ་དང་བརྒྱ་ཕྲག་བཅུའོ། །རི་རབ་ནི་རིན་ཆེན་སྣ་བཞི་ལས་གྲུབ་པ་བརྒྱད་ཁྲིའོ། །གཞལ་ཡས་
ཁང་ནི་ཁང་བཟངས་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་ལྟ་བུའོ། །གཞན་གོ་སླ། དེ་དབུས་ཧཱུཾ་ལས་བྱུང་བའི་ཞེས་པ་ལ་སོགས་པའི་དོན་ནི། ཇི་སྐད་སྨོས་པའི་གཞལ་ཡས་ཁང་གི་སེམས་ཉིད་སྣང་བ་ཡི་གེ་ཧཱུཾ་མཐིང་ག་འོད་དང་ལྡན་པ་ཅིག་གསལ་བར་བྱས་ཏེ། དེའི་འོད་ཀྱི་འཕྲོ་
འདུ་ལས་རྡོ་རྗེ་གདེངས་པོ་ས་བོན་དང་བཅས་པ། དེ་ལས་ཕྱག་ན་རྡོ་རྗེ་ཅུང་ཟད་ཁྲོ་བ་དང་བཅས་པར་གནས་པར་བསམས་ལ་དེས་གནོད་སྦྱིན་གོས་སྔོན་པོ་ཅན་དང་། ཀླུ་ལ་སོགས་པ་ལ་བལྟས་ཏེ། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་གོས་སྔོན་པོ་ཅན་སྣང་བའི་ཚུལ་དུ་བསླངས་ནས་
ཡིད་བསྡུ་བའི་སྦྱོར་བས་ས་བོན་བརྟན་པ་ལས་ཁྲོ་བོ་ཆེན་པོ་འཕགས་པ་གོས་སྔོན་པོ་ཅན་ཇི་སྐད་སྨོས་པའི་རྒྱན་ཐམས་ཅད་དང་ལྡན་པ་བསམ་པར་བྱའོ། །ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་སྔོན་དུ་འགྲོ་བས་དབང་བསྐུར་བས་ཀྱང་ཇི་སྐད་དུ་བཤད་པའི་སྐུ་ཁྱད་པར་དུ་འགྱུར་རོ་ཞེས་
བསྟན་པའི་ཕྱིར། ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆོད་པ་ནི་སྤོས་ལ་སོགས་པའོ། །གཏོར་མ་ནི་བདུད་རྩི་ལྔ་ལ་སོགས་པའོ། །དེས་མཉེས་པ་ནི་མགུ་བར་བྱས་པའོ། །དེས་ཅི་བྱེད་ཅེ་ན། དོན་ཆེད་འདི་ཡིས་གསོལ་བ་གདབ། །ཅེས་པ་
སེམས་ཅན་གྱི་དོན་དུའོ། །གསོལ་བ་གདབ་པའི་ཚིག་ནི་གོ་སླའོ། །འདིས་ཅི་བྱེད་ཅེ་ན། བུམ་པ་ལ་སོགས་དབང་རྣམས་བླང་། །ཞེས་པ་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་དང་བཞི་པ་བླང་པའོ། །དེ་ལ་བུམ་པའི་དབང་ནི་རིག་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་
བ་སྟེ། འབྲས་བུ་རིགས་ལྔར་གྱུར་པའོ། །གསང་བའི་དབང་ནི་ལག་པའི་བྱང་ཆུབ་ཀྱི་སེམས་སོ། །ཤེས་རབ་ཡེ་ཤེས་ནི་རིག་པའི་ཡུམ་གྱིས་བདེ་བ་བྱིན་པའོ། །བདེ་བ་ཆེན་པོར་རྟག་ཏུ་དགྱེས། །ཞེས་པ་ནི་དབང་བཞི་པ་སྟེ། དོན་དམ་པའི་ཕྱིར་བདེན་པ་ལ་གནས་པའོ། །

རྟེན་ཇི་ལྟ་བུ་ལ་བསྐུར་ཞེ་ན། ཕྱིས་ནི་གནས་གསུམ་བྱིན་བརླབས་ཏེ། །ཞེས་པ་རང་གི་སྐུ་བསྐྱེད་པའི་རྗེས་སུ་གནས་གསུམ་བྱིན་གྱིས་བརླབས་པའོ། །དེ་ནས་ཡོངས་སུ་བསླང་བའི་དོན་གྱི་འཁོར་གྱི་སྐུ་བསྐྱེད་པ་བསྟན་པའི་ཕྱིར། དེ་ནས་ཕྱོགས་བཅུའི་ལྷ་མོ་ཡིས། །
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་བཅུའི་ལྷ་ནི་སྒེག་མོ་ལ་སོགས་པ་སྟེ།དེ་དག་རྣམ་པའི་ཚུལ་དུ་བྱུང་ནས་བསྐུལ་ཞེའོ། །ཨ་ལ་ལ་ཧོ་ཞེས་པ་ནི་དགའ་བའི་མདངས་ཅན་གྱིས་སོ། །གང་ལ་ཞེ་ན་ཤུ་ཀྲ་སུ་ཀ་སྟེ། བྱང་ཆུབ་སེམས་བདེ་བའི་ངང་ལས་སོ། །བདེ་བ་ཆེན་པོ་ནི་དོན་
དམ་པའི་སྒོ་ནས་བོད་པ་སྟེ། བཅོམ་ལྡན་གསང་མཆོག་ཐུགས་རྗེའི་བདག་ཉིད་ཅན། །ཞེས་བྱ་བ་དང་འབྲེལ་ལོ། །བོས་ནས་ཅི་བྱེད་ཅེ་ན། འབར་བའི་སྐུར་བཞེངས་ནི་སྐུ་ཁྲོ་བོར་བཞེངས་ཤིག་པའོ། །ཅི་བྱེད་ཅེ་ན་འགྲོ་བའི་དོན་ལ་སྤྱོད་ཅེས་པ་དཀྱིལ་འཁོར་ཡོངས་སུ་རྒྱས་པ་སེམས་
ཅན་གྱི་དོན་མཛོད་ཅིག་པའོ། །གང་གི་ཕྱིར་ཞེ་ན། མ་རིག་རྨོངས་པ་ཡོངས་སུ་བཟུང་བའི་ཕྱིར་ཏེ་བླུན་པར་འགྱུར་བའི་སྒྲིབ་པ་བསལ་བའི་ཕྱིར་རོ། །མ་ཧཱ་གུ་ཧྱ་ཞེས་པ་ལ་སོགས་པའི་དོན་ཡང་དེ་ཉིད་དོ། །དེ་ལྟར་བསྐུལ་བའི་སྟོབས་ཀྱིས་ལྡང་བའི་ཚུལ་གྱིས་ནི། འོད་ལས་
ཡོངས་སུ་སད་གྱུར་ཏེ། །ཞེས་པ་ནི་འོད་ཀྱི་གོང་བུ་ལས་སྐུར་ལྡང་བ་སྟེ། རིམ་པའམ་ཅིག་ཅར་གྱིས་སོ། །རྡོ་རྗེ་པདྨ་བྱིན་བརླབས་ནས། །ཞེས་པ་ནི་རྡོ་རྗེ་དེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། རྩེ་མོ་ནོར་བུས་མཚན་པ་དང་། པདྨའི་ནང་བྷྲཱུཾ་ལས་གཞལ་ཡས་ཁང་དུ་བསམས་ཏེ།
དེའི་དབུས་སུ་ཨ་དམར་པོ་མཚལ་བཅག་པ་ལྟ་བུར་བསམ་མོ། །ལྷ་མོས་བསྐུལ་ཞེས་པ་ནི་ས་དང་ནམ་མཁའ་ལ་གནས་པའི་ལྷ་མོས་འཁོར་གྱི་སྐུ་བསྐྱེད་པར་བསྐུལ་བའོ། །དགའ་བའི་སྤྱོད་པ་ནི། འཆང་བ་དང་འཁྱུད་པ་དང་འཇིབ་པ་དང་སྤྲོད་པ་ལ་སོགས་པའོ། །སྙོམས་
པར་ཞུགས་པ་ནི། པདྨར་རྡོ་རྗེ་བསྟིམས་ཏེ་བསྐྱོད་པའི་སྒྲས་སངས་རྒྱས་ཀྱི་ས་བོན་བཀུག་སྟེ་བྷ་གའི་ནང་གི་འཁོར་ལོ་ལ་བཞག་པ་ལས་རིམ་གྱིས་སྐུ་རྫོགས་པར་འགྱུར་བའོ། །གྲངས་བསྟན་པ་སུམ་ཅུ་ལྔའམ་ཉི་ཤུ་ལྔ་ཞེས་པ་སུམ་ཅུ་ལྔ་ནི། ཕྱོགས་སྐྱོང་དང་བཅས་

པའོ། །ལྷག་མ་ནི་ཕྱོགས་སྐྱོང་གསལ་བ་དང་། དབུས་ཀྱི་འཁོར་ལོ་ལ་བཟུང་བའི་ཕྱིར་ཏེ། གོ་རིམས་བཞིན་ནོ། །དེ་ལས་སོ་སོའི་སྔགས་ཀྱིས་གདོན། །ཞེས་པ་ནི། ཡུམ་གྱི་བྷ་ག་ལས་ཕྱིར་བཏོན་ཏེ། གདུག་པ་ཅན་བཏུལ་ནས་སླར་འདུས་ཏེ། ཕྱིའི་
འཁོར་ལོ་ལ་ཞུགས་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་པ་ལ་སོགས་པས་ནི་གདོན་པའི་སྔགས་བསྟན་ཏོ། །དེ་ནས་ལྷ་སོ་སོའི་མཚན་ཉིད་བསྟན་པ། ཕྱོགས་དང་མིང་དང་ཁ་དོག་དང་མཚན་མ་དང་། རྒྱན་དང་གནས་དང་ལས་དང་ཆས་གོས་ཀྱིས་ཤེས་པར་བྱ་སྟེ། ཤར་དུ་སངས་རྒྱས་
གོས་སྔོན་ཅན། །ཞེས་པས་ནི་ཕྱོགས་དང་མིང་བསྟན་ཏེ། བདེ་བར་གཤེགས་པའི་རིགས་ཡིན་པའི་ཕྱིར་རོ། །ཞལ་དང་སྐུ་ནི་དཀར་ལ་འཚེར། །ཞེས་པ་ནི་ཁ་དོག་གི་ཁྱད་པར་བསྟན་ཏེ། དྲི་ཟ་ཐམས་ཅད་འདུལ་བར་བྱེད་པའི་ཕྱིར་རོ། །འཁོར་ལོ་དང་ནི་དྲིལ་བུ་བསྣམས། །
ཞེས་པ་ནི་གཡས་དང་གཡོན་ན་གོ་རིམས་བཞིན་ནོ། །སྦྲུལ་དཀར་པོ་དང་གོས་སྔོན་པོའི་ཤམ་ཐབས་ལ་སོགས་པ་ཐམས་ཅད་དང་ལྡན་པ་ནི་རྒྱན་གྱི་མཚན་ཉིད་དོ། །གནས་ནི་ཤར་གྱི་པདྨ་ལ་བརྟེན་པ་ཉིད་དོ། །ལས་ནི་དྲི་ཟ་ཐམས་ཅད་འདུལ་བར་བྱེད་པའི་ཕྱིར་རོ། །ཆས་གོས་
ནི་རྒྱན་གྱི་ཕྱོགས་གཅིག་གོ། །དེ་བཞིན་དུ་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་གོས་སྔོན་ཅན་ལ་སོགས་པ་ཐམས་ཅད་ཀྱང་བལྟ་བར་བྱའོ། །དེ་ལྟར་བསྐྱེད་པའི་རིམ་པའི་ལྷའི་འཁོར་ལོ་བསྐྱེད་ནས་དབང་བླང་བ་བསྟན་པར་བྱ་སྟེ། དེའི་ཕྱིར་གནས་གསུམ་བྱིན་གྱིས་བརླབས་པའམ་
ཞེས་ལྷ་ཐམས་ཅད་ཀྱི་གནས་གསུམ་བྱིན་གྱིས་བརླབས་པའོ། །ཡང་ན་ལྷ་མོས་དབང་བསྐུར་ཞིང་། །ཞེས་པ་ནི་གོང་དུ་བསྟན་པ་བཞིན་དུ་དབང་བླང་བའོ། །དེ་ནས་བདག་ལ་བསྟིམ་པའམ། །ཞེས་པ་ནི་གཉིས་སུ་མེད་པར་བསྟིམ་པའོ། །ཡང་ན་གསུམ་འདུས་སྦྱོར་བ་བྱ། །ཞེས་
པ་ནི། གནས་གསུམ་བྱིན་གྱིས་བརླབས་ལ་དབང་བླངས་ཏེ། དེའི་རྗེས་སུ་བསྟིམས་པས་ལྷ་ཐམས་ཅད་འོད་དང་གཟི་བྱིན་དང་ཡན་ལག་ཡོངས་སུ་རྒྱས་པར་འགྱུར་བར་བསམ་མོ། །དེ་ཡི་རྗེས་སུ་བྱ་བ་ཡང་། །དམིགས་དང་གསལ་བའི་ཆོ་ག་བྱ། །ཞེས་པ་རང་གི་སྐུ་ལ་ཡང་

ཡང་དང་ཡང་དུ་འདྲིས་པར་བསྒོམ་པར་བྱའོ། །གལ་ཏེ་བསྒོམ་པས་སྐྱོ་ན་སྔགས་བཟླས་པ་དང་། ཚོགས་བྱ་བ་དང་གཏོར་མ་བྱས་པ་གང་ཡིན་པ་ལ་འཇུག་པར་བྱའོ། །དངོས་སུ་ན་བསྐྱེད་པའི་རིམ་པ་ནི་རིག་པའི་ལྷའི་སྐུ་ལ་དམིགས་པའི་ཏིང་ངེ་འཛིན་ཏེ། སེམས་ཅན་
བསྐྱེད་པ་ལ་སོགས་པ་ལས་གཞན་དུ་ཐུན་མོང་གི་དངོས་གྲུབ་དངོས་སུ་ཐོབ་པར་བྱེད་པའི་ཕྱིར་རོ། །གཞན་ནི་སྔོན་དུ་འགྲོ་བ་དང་རྟེན་བྱེད་པ་དང་མཚུངས་པར་ལྡན་པ་དང་འབྲེལ་པའི་ཕྱིར། དེ་སྐད་ཅེས་བྱའོ། །ཏིང་ངེ་འཛིན་ཡང་འདིར་སློབ་པའི་དུས་ཏེ་གཞན་དུ་ན་ནི་
ཧ་ཅང་ཐམས་ཅད་པར་འགྱུར་རོ། །སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་དང་ཡང་མཐུན་ཏེ། ཉི་མ་དང་ཟླ་བ་དང་འདུས་པ་ནི་དྲོད་གཤེར་ལས་སྐྱེས་པ་ཉིད་དོ། །འོད་ཀྱི་གོང་བུ་ལས་སྐྱེས་པ་ནི་སྒོ་ང་ལས་སྐྱེས་པའོ། །དྲན་པ་ཙམ་གྱིས་སྐྱེ་བ་ནི་རྫུས་ཏེ་སྐྱེ་བའོ། །མཁའ་
གསང་སྦྱོར་བ་ལས་བྱུང་བ་ནི་མངལ་ནས་སྐྱེ་བའོ། །རླུང་ལ་སོགས་པའི་རིམ་པའི་སྟེང་དུ་སྐྱེ་བ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་དང་མཐུན་པའོ། །རླུང་སྟེང་དུ་བསྐྱེད་པ་ནི་དགའ་ལྡན་ལ་སོགས་པའི་དབང་དུ་བྱས་པའོ། །རང་དང་མཉམ་དུ་གནས་པ་ནི་བསམ་གཏན་བཞི་པའི་དབང་དུ་
བྱས་པའོ། །དེ་ལྟ་བས་ན་སེམས་ཅན་དང་མཐུན་པའི་ཕྱིར་ཏེ། དེའི་ཕྱིར་དེ་དག་དེ་ལས་འཇུག་པར་འགྱུར་རོ། །དེ་ལྟར་བསྐྱེད་པའི་རིམ་པ་སྦྱོར་བ་རྒྱས་པར་བསྟན་ནས། ད་ནི་སྦྱོར་བ་བསྡུས་པ་བསྟན་པར་བྱ་སྟེ། དེའང་གང་ཟག་གང་གི་དབང་དུ་བྱས་ཤེ་ན། གང་ཞིག་རྒྱས་
ལ་མ་དད་པའི། །གང་ཟག་ལ་ནི་སྦྱོར་འདི་བསྟན། །ཞེས་པ་ནི་གང་ཞིག་ལ་བསྟན་ཞེས་པ་སྟེ། ལམ་དུ་རྒྱས་ལ་མ་དད་པ་ནི་རྒྱས་པ་དང་ཤིན་ཏུ་བསྡུས་པ་ལ་མི་འཇུག་པའི་གང་ཟག་གི་དོན་དུ་སྦྱོར་བ་བསྡུས་པ་འདི་བསྟན་ཞེའོ། །སྔོན་དུ་བླ་མ་སངས་རྒྱས་ལ། །ཕྱག་འཚལ་ཞེས་པ་
ནི། བླ་མ་དང་སངས་རྒྱས་དུས་གཅིག་ཏུ་སྤྱན་དྲངས་ཏེ། མཆོད་པ་དང་བསྟོད་པ་དང་སྐྱབས་སུ་འགྲོ་བ་ནི་མཉེས་པའི་ཡན་ལག་ཡིན་པའི་ཕྱིར་ཕྱག་འཚལ་བར་བསྡུའོ། །སྡིག་པ་བཤགས་པ་ནི་སྡོམ་པ་བཟུང་བར་བསྡུ་སྟེ། ཉེས་པ་དང་ལྟུང་བ་སེལ་བའི་ཡན་ལག་

ཡིན་པའི་ཕྱིར་རོ། །བསྐུལ་བ་ལ་སོགས་པ་ནི། སེམས་ཅན་གྱི་དོན་གྱི་ཕྱིར་སེམས་བསྐྱེད་པར་བསྡུའོ། །སྟོང་པ་ཉིད་དུ་བསྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །འདི་དག་ལ་གྲངས་ཀྱི་སྦྱོར་བ་བསྡུས་པའང་ཡོད་དེ་ལྷ་བཅུའི་རྣམ་པ་ཅན་ནོ། །སྦྱོར་བའི་བྱེ་བྲག་
གི་བསྡུ་བའང་ཡོད་དེ། བསོད་ནམས་ཀྱི་ཚོགས་དེ་ཉིད་ལྟ་བུའོ། །དུས་ཀྱི་སྦྱོར་བ་བསྡུས་པའང་ཡོད་དེ་གང་གིས་དེ་ཉིད་ཡུན་ཐུང་ངུར་གནས་པའོ། །བསྡུས་པ་ལ་བསྡུས་པ་མ་ཡིན་པའང་ཡོད་དེ་འབྱུང་བ་ལྔ་ལྟ་བུའོ། །ཐོབ་པའི་སྦྱོར་བ་བསྡུས་པའང་ཡོད་དེ། བུམ་པ་ལ་
སོགས་པ་ཇི་ལྟ་བ་ཉིད་དོ། །གཞན་གོ་སླ། བསྡུས་པ་བསྟན་ནས་ཤིན་ཏུ་བསྡུས་པ་གང་དུ་བྱས་ཤེ་ན། ཤིན་ཏུ་བསྡུས་པའི་དོན་ཕྱིར་ཏ་ །ཞེས་པ་ནི་གོང་མ་བཞིན་ནོ། །བསོད་ནམས་ཀྱི་ཚོགས་ནི། དང་པོར་གཞན་གྱི་དོན་བྱ་དང་། །རང་ཉིད་འབྲས་ཐོབ་བསམ་པ་བསྐྱེད། །
ཅེས་པ་ནི་སེམས་ཅན་གྱི་དོན་དུ་རང་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་གང་ཡིན་པ་སྟེ། བསོད་ནམས་ཀྱི་ཚོགས་ཀྱི་ཡན་ལག་ལ་ཁྱབ་པ་དང་འབྲས་བུ་ཐ་དད་པ་མེད་པའི་ཕྱིར་ཏེ། སྟོང་ཉིད་ཅེས་བྱ་བ་འདིས་ནི་ཡེ་ཤེས་ཀྱི་ཚོགས་བསྟན་ཏོ། །ཅིག་ཅར་གྱི་གཞལ་ཡས་གཙོ་
བོ་ཞེས་པ་ནི་འབྱུང་བ་ལྔ་ལ་སོགས་པའང་ཅིག་ཅར་དུ་བྱའོ། །སྦྱོར་བ་ཤིན་ཏུ་བསྡུས་པ་བཤད་ཟིན་ཏོ། །དེ་ལྟར་སྦྱོར་བའི་བྱེ་བྲག་བསྟན་པ་ལ་སེམས་བཟུང་ངོ་ཞེས་བསྟན་པའི་ཕྱིར། སེམས་བཟུང་བའི་དམིགས་པའི་བྱེ་བྲག་བསྟན་པར་བྱ་སྟེ། དེ་ལས་སེམས་བཟུང་རིམ་པ་
བསྟན་པ་ནི། །ཞེས་པ་སེམས་བཟུང་བའི་དམིགས་པའི་བྱེ་བྲག་བསྟན་པའོ། །འདིའང་སྦྱོར་བའི་བྱེ་བྲག་གིས་གསུམ་སྟེ། དང་པོའི་དབང་དུ་བྱས་ནས་དང་པོར་བླ་མ་མཆོད་ལ་བརྟེན་ཞེས་པ་ལ་སོགས་པ་སྟེ། དེའི་དོན་ཡང་དང་པོར་ནི་བླ་མ་བྱིན་གྱིས་བརླབས་པ་གསལ་བར་བྱེད་
དོ། །དེ་ནས་ནི་བདེ་གཤེགས་མཆོད་པ་རྟེན་པར་བྱེད་དོ། །དང་པོ་ལའང་དང་པོ་ནི་རྗེས་སུ་དྲན་པའི་རྣལ་འབྱོར་རོ། །དེ་ནས་ནི་སྐད་ཅིག་མ་དང་རྒྱུན་ལ་སོགས་པའི་རྣལ་འབྱོར་རོ། །གཉིས་པ་ལའང་དང་པོ་ནི་རྗེས་སུ་དྲན་པའོ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ནི་རླུང་གི་དཀྱིལ་འཁོར་

ལ་རྟེན་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་དང་། དང་པོའི་དབང་དུ་བྱས་ནས་གཉིས་པ་ལའང་སྐད་ཅིག་མ་ལ་གཅིག་རྗེས་སུ་དྲན་པ་དང་། སྐད་ཅིག་དང་རྒྱུན་དུ་ཞེས་བྱ་བ་དང་། གསུམ་པ་ལའང་གཉིས་སྐད་ཅིག་ལ་གསུམ་པ་རྗེས་སུ་སྐད་ཅིག་མ་དང་རྒྱུན་ཞེས་བྱ་བ་ལ་སོགས་
པ་སྟེ། དམིགས་པའི་རང་གི་ངོ་བོའི་དབང་དུ་བྱས་པ་དང་དུས་ཀྱི་དབང་དུ་བྱས་པས་སྦྱོར་བ་གསུམ་གྱི་དམིགས་པ་ཡོངས་སུ་ཤེས་པར་འགྱུར་རོ། །ད་ནི་དམིགས་པ་དེ་ལ་སེམས་བཟུང་བའི་རིམ་པ་བསྟན་པར་བྱ་སྟེ། དེ་ལ། དག་པའི་དབང་དུ་འདོད་པ་ཡིས། །ཞེས་བྱ་བ་ལ་
སོགས་པས་ནི་མདོར་བསྟན་པ་སྟེ། དེ་ཉིད་བཤད་པ། ཉོན་མོངས་དགྲ་ནི་སྤང་བར་བྱ། །ཞེས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤངས་པས་དེ་ཉིད་ལ་གསལ་བར་འགྱུར་བའོ། །དུལ་ནས་འཛིན་པར་འདོད་པ་ཡིས། །ཞེས་བྱ་བ་ལ་སོགས་པའི་དོན་ནི། གནས་
བཞིར་ཏེ་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསང་བའི་གནས་སུ་མེ་དང་ས་དང་ཆུ་དང་རླུང་ཞེས་བྱ་བ་དམར་པོ་དང་། སེར་པོ་དང་། དཀར་པོ་དང་། ལྗང་གུ་རྣམས་ཟུར་གསུམ་དང་གྲུ་བཞི་དང་ཟླུམ་པོ་དང་ཟླ་གམ་གྱི་རྣམ་པར་བཀོད་དེ། དབུགས་ཀྱི་སྟོབས་ཀྱིས་འོག་ཏུ་
བསྟིམ་པ་ནི་རྒོད་པའི་དུས་སུའོ། །དེ་ལས་བཟློག་པ་ནི་བཟློག་པའི་དུས་སུའོ། །ཕྱི་དང་ནང་དུ་འབྱུང་བའང་དེ་བཞིན་ནོ། །གོང་དུ་བསྟན་པ་ཉིད་རྒྱས་པར་བཤད་པ། ཁམས་གསུམ་ལ་སོགས་ཤེས་པ་དང་། །རལ་གྲི་ཡང་ནི་སྦྱོར་བར་བྱ། །ཞེས་པ་གང་གིས་ཡུལ་གྱི་རྟོག་པ་འབྱུང་
བ་དེའི་ཚེ་ཁམས་གསུམ་ཐམས་ཅད་གཅིག་པ་མ་གྲུབ་པས་ཕྱོགས་ཆ་དྲུག་གི་ཅིག་ཅར་སྦྱར་ན་རྡུལ་ཕྲ་རབ་ཏུ་འགྱུར་ཏེ། དེ་མ་ཡིན་ན་གྲིབ་མ་དང་སྒྲིབ་པ་མི་རུང་བ་དང་། གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཏུ་འགྱུར་བ་ཉིད་དང་རིམ་གྱིས་འགྲོ་བ་མེད་པ་ལ་སོགས་པའི་ཕྱིར་རོ། །དེ་ལྟར་
ཁམས་གསུམ་རྫས་དངོས་སུ་མ་གྲུབ་པ་བཞིན་དུ་རང་གི་ལུས་དང་ཤ་དང་རུས་པ་དང་པགས་པ་དང་སྤྲི་དང་རྒྱུ་མ་དང་གཉེ་མ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གཅིག་དང་རྟག་པ་དང་གཙང་བ་དང་བདེ་བ་ལ་སོགས་པ་མ་གྲུབ་པའོ། །མཚན་མའི་སྟོབས་ཀྱིས་སེམས་གཟུང་བ་ནི།

ཕྱག་གཉིས་གསལ་བར་མ་གྱུར་ན། །ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེའི་བསོད་ནམས་ནི་སྐུ་གསལ་བར་མ་གྱུར་ན་མཚན་དམ་པ་དང་རྟག་པ་དང་དེ་ལས་གཞན་གྱི་མཚན་མས་དེ་གསལ་བར་འགྱུར་བ་ཉིད་དོ། །གྲོགས་ཀྱི་རྣམ་པས་སེམས་
བཟུང་བ་ནི། ཟས་དང་སྐོམ་དང་གནས་དག་གིས། །ཞེས་བྱ་བ་ལ་སོགས་པ་ནས་ཚ་བ་ལ་སོགས་པས་ཉེན་པ་ལ་ནི་དེ་དང་འགལ་བའི་ཟས་དང་སྐོམ་དང་གནས་བརྟེན་པར་བྱའོ། །དུས་ཀྱི་བྱེ་བྲག་ནི་གོ་སླའོ། །དེ་ལྟར་སེམས་བཟུང་བ་བཤད་ནས། ད་ནི་བོགས་དབྱུང་བ་བཤད་
པར་བྱ་སྟེ། དང་པོ་དཀར་པོ་ལྗང་གུའི་བར། །རེ་རེ་དང་ནི་ལྔ་འདུས་པ། །ཞེས་པ་ནི། དང་པོའི་མཐའི་ཟས་ནི་དཀར་པོར་རོ། །སེར་པོ་དང་དམར་པོ་དང་། ལྗང་གུ་དང་། ལྔ་འདུས་པའི་བར་རོ། །དེ་ལས་རི་རབ་ཏིལ་འབྲུའི་བར། །ཞེས་པ་ནི་རི་རབ་ཙམ་དུ་དང་ཏིལ་འབྲུ་རྣམ་
པའི་བར་དུ་སྟེ། མཐིང་ག་དང་དཀར་པོ་ལ་སོགས་པའི་རིམ་པ་བཞིན་ནོ། །སྟོང་གསུམ་གང་དང་གཅིག་འདུས་པ། །ཞེས་པ་ལྔ་དང་བཅུ་དང་དཔག་ཏུ་མེད་པའི་བར་དུ་སྟེ། ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་གིས་གྲངས་བཞིན་ནོ། །དེ་ལྟར་སྐུའི་བོགས་དབྱུང་བ་བཤད་
ནས་རྡོ་རྗེའི་བོགས་དབྱུང་བ་དེ་ལྟར་ཐུགས་ལ་བསླབ་པར་བྱ་སྟེ། ཁ་དོག་ཅེས་པ་ནི་རྡོ་རྗེའི་ཁ་དོག་ལྔ་ལ་རིམ་བཞིན་ནོ། །དབྱིབས་ཀྱི་བོགས་དབྱུང་བ་དབྱིབས་དང་ཞེས་པ་ནི་ཆེ་བ་དང་ཆུང་བའོ། །གྲངས་ཀྱི་བོགས་དབྱུང་བ་གྲངས་དེ་བཞིན་ནོ་ཞེས་པ་ནི་ཁ་དོག་དང་དབྱིབས་
ཀྱི་དབང་བསྐུར་དང་རྡོ་རྗེ་ལས་རིམ་བཞིན་མང་བ་དང་ཉུང་བར་གཞག་གོ། །གཞན་གོ་སླའོ། །བོགས་དབྱུང་བའི་སྦྱོར་བའམ་གང་གིས་ཐོག་མར་མཐིང་ག་སྐད་ཅིག་མ་ལས་དཀར་པོ་རྗེས་སུ་དྲན་པ་དང་། སྐད་ཅིག་དང་རྒྱུན་ལ་སོགས་པ་དང་། སེར་པོ་ལས་ཆེ་བར་
གྱུར་པ་རང་གི་རྣམ་པ་ལས་སྐད་ཅིག་དང་རྒྱུན་ལ་སོགས་པ་དང་། རིམ་བཞིན་ནོ། །གང་གིས་སྐུའི་སྐད་ཅིག་མ་ལས་སྐད་ཅིག་དང་རྒྱུན་ལ་སོགས་པས་རྡོ་རྗེའི་རྣམ་པ་ལ་དམིགས་པ་དང་། ཡི་གེའི་བར་ལ་དེ་དག་གི་རྣམ་པས་ཡོངས་སུ་གསལ་

བར་གྱུར་པས་སྐུ་སྣ་ཚོགས་པ་དང་མཚན་མ་སྣ་ཚོགས་པར་གནས་པས་དང་པོའི་ཆོ་ག་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་ལྟར་བོགས་དབྱུང་བ་བཤད་ཟིན་ཏོ། །ད་ནི་སྔགས་ཀྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ། དང་པོ་གང་ཟག་གང་གི་དབང་དུ་བྱས་ཤེ་ན། བསྒོམ་
ལ་མི་གཞོལ་ཞིང་གསང་སྔགས་གཙོ་ཆེར་བྱེད་པ་ཞེས་པ་གསང་སྔགས་ལ་ཆེད་དུ་བྱེད་པ་དང་། བསྒོམ་པ་ལ་ནི་མི་མོས་པ་དང་། སྤྱོད་པ་གཞན་ལ་མི་མོས་པའོ། །དེའི་དབང་དུ་བྱེད་པའི་སྔགས་རྣམ་པ་གཉིས་ལས་དང་པོ་ཐུན་མོང་གི་སྔགས་གསལ་བའི་དོན་ལ་དམིགས་
པའི་བཟླས་པ་ནི་བདག་དང་གཞལ་ཡས་འཁོར་བཅས་དམིགས་ཞེས་པ་ནི་སྔགས་ཀྱི་བཟླས་པ་དང་ལྡན་པས་ཐུན་ཇི་ལྟ་བ་བཞིན་དུ་དེའི་རྣམ་པ་ལ་ཡང་དང་ཡོངས་སུ་གཏོད་པའོ། །རྗེས་སུ་དྲན་པ་དང་། སྐད་ཅིག་དང་། རྒྱུད་སྤྱོད་པའི་དོན་ལ་དམིགས་པ་ལས་སྡིག་པ་
དབྱུང་བ་ནི། སྡིག་པའི་ལུས་ལས་ཕྱིར་འབྱིན་པའོ། །བསྲེག་པ་ནི་ལུས་ཀྱི་ནང་དུ་བསྲེག་པའོ། །བཀྲུ་བ་ནི་བདུད་རྩིའི་ཆུས་སོ། །གནས་གང་གི་ས་བོན་གྱིས་དེ་ལྟར་བྱེད་ཅེ་ན། ཧཱུཾ་དང་རཾ་དང་ཧཱུཾ་བསྐུལ་ཏེ་ཞེས་པ་ལྟེ་པའི་ཧཱུཾ་དང་གསང་བའི་རཾ་དང་། སྤྱི་བོའི་ཧཾ་མཐིང་
ག་དང་། དམར་སེར་དང་དཀར་པོའི་ཁ་དོག་ཅན་དང་རིམ་བཞིན་ནོ། །འོད་ཟེར་གྱི་བྱེ་བྲག་བསྟན་པ་ལ། མགལ་མེ་ཕྲེང་བ་ཉི་མ་ཡིས། །ཞེས་པ་འོད་ཟེར་འབའ་ཞིག་པ་དང་། ཡི་གེའི་ཕྲེང་བ་དང་བཅས་པ་དང་། ཡི་གེའི་འོད་དང་བཅས་པས་སོ། །ཅི་བྱེད་ཅེ་ན་གང་
ཞིག་བྱེད། །ཅེས་པ་ནི་གོང་མ་དང་འབྲེལ་བའོ། །འདིར་གསུངས་པ། འོག་ནས་སྟེང་གི་སྦྱོར་གཉིས་ཀྱིས། །དང་པོའི་ལས་གཉིས་བྱེད་པ་སྟེ། །བཟློག་པས་ཕྱི་མའི་སྦྱོར་བ་བྱེད། །གསུམ་གསུམ་དགུ་ཡི་བདག་ཉིད་ཅན། །ཞེས་སོ། །མཚན་མ་འདོད་པའི་དོན་ལ་
དམིགས་པ་ལས་ཡུམ་བསྒྲུབ་པའི་བཟླས་པ་ནི། གང་ཚེ་ཡུམ་དང་བཞི་སྐོར་དང་། །ཞེས་པའམ། མགལ་མེ་ལ་སོགས་པའི་རིམ་གྱིས་སྣ་རྩེ་བཞི་ལ་བརྒྱུད་དེ་བཟླས་ཏེ། ཀླུ་དབང་འཁྱིལ་བའི་སྟོབས་ཅན་གྱིས། །ཁྲོ་མོས་ཡུམ་ནི་སྒྲུབ་པར་བྱེད། །པདྨ་སྟོན་དང་

སྐུ་སྟོན་དང་། །སྦྱོར་བ་འཁྱུད་པའི་མཚན་མ་འབྱུང་། །ཞེའོ། །ཡེ་ཤེས་ཀྱི་འཁོར་ལོ་བསྒྲུབ་པ་ནི། མདུན་གྱི་དཀྱིལ་འཁོར་ཉིས་སྐོར་དང་། །ཞེས་པ་ནི། མདུན་དུ་སངས་རྒྱས་ཐམས་ཅད་བློས་བཞག་སྟེ། འོད་ཟེར་བ་ཐག་གཟིངས་པ་ལྟ་བུའམ། རེ་རེའི་
རྣམ་པ་ཅན་གྱི་དབང་དུ་བྱས་ཏེ། མགལ་མེ་ལ་སོགས་པ་དང་རིམ་བཞིན་ནོ། །འཁོར་སྒྲུབ་པ་ལ་སུམ་སྐོར་ཏེ། །ཞེས་པ་འཁོར་ནུས་པ་དང་ལྡན་པར་བྱ་བའི་ཕྱིར་རོ། །ངེས་པར་མ་གྲུབ་ན་གཙོ་བོ་དང་འཁོར་གྱི་བཟླས་པ་དང་ཞེས་པ་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ། གཙོ་བོ་
དང་འཁོར་དུས་གཅིག་པ་དང་རེ་རེའི་བཟླས་པར་བྱའོ། །གལ་ཏེ་དེས་མ་གྲུབ་ན་སྙིང་ནང་བཙོན་འདྲའི་བཟླས་པ་དང་ཞེས་འཁོར་ཐམས་ཅད་སྙིང་དུ་བསྡུས་ཏེ། བཟླས་པ་གོང་བཞིན་ནོ། །དེ་ལྟར་ཐུན་མོང་གི་བཟླས་པའི་བསམ་གཏན་རྫོགས་ནས་ཁྱད་པར་གྱི་བཟླས་པ་ལས་
དགུག་པའི་བཟླས་པ་ནི། ཁ་ནུབ་ཕྱོགས་སུ་བལྟས་ཏེ། དགའ་བ་ཡིད་ལ་བྱས་ནས་བྱའོ། །དེ་ཡང་སྔགས་འོད་དཀྱིལ་འཁོར་རྣམས་ལ་ཕོག་ཅེས་པ་ལ་སོགས་པའི་ཐོག་མར་པདྨ་གོས་སྔོན་ཅན་གྱི་ཚོགས་ལ་མཉེས་པར་བྱས་ཏེ། ཐོབ་པ་དང་ལྡང་བའི་རིམ་པས། ཨཱ་
ཀཪྵ་ཡ་ཧཱུཾ། ཞེས་པའི་མཐའ་དང་བཅས་པས་འོད་ཟེར་མདུན་གྱི་ལྷ་ལ་སྤྲོས་པས་དེའི་འོད་ལས་ལྕགས་ཀྱུ་ཅན་གྱི་ཚོགས་སྤྲོས་ཏེ། གདུལ་བྱའི་སྙིང་ག་ནས་བཟུང་ནས་འོང་བར་བསམས་ན་རྡོ་རྗེ་ཉིད་ཀྱང་འགུགས་པར་འགྱུར་ན་གཞན་ལྟ་ཅི་སྨོས། རལ་གྲི་ལ་སོགས་ཐོག་
འབེབས་དང་། །ཞེས་པ་ལ་སོགས་པའི་དོན་ནི། སྔ་མ་ཆོ་ག་སྔོན་དུ་སོང་ནས་ལྷོར་བལྟས་ཏེ། སྔགས་བཟླས་པའི་འོད་ཟེར་གྱིས་ཡེ་ཤེས་འཁོར་ལོ་ལས་རལ་གྲི་དང་སྤུ་གྲི་དང་འཁོར་ལོ་ལ་སོགས་པའི་ཐོག་གིས་བཀུག་པའང་དེ་ཉིད་ཤི་བར་བསམ་པ་དང་། ཁྲོ་བོ་མཚོན་ཆ་ཅན་
གྱི་ཚོགས་ཀྱིས་གདུལ་བྱའི་ཤ་བཅད་ཅིང་དུམ་བུར་བྱས་པར་བསམ་པའོ། །བསྟབ་པ་ནི་དེའི་ཆོ་གའི་ལྷག་མ་མེ་སྟེ་གོ་སླ། ཁྲོ་ཚོགས་འཁོར་ལོ་ཐོགས་པ་ཡིས། །ཞེས་པ་ལ་སོགས་པའི་དོན་ཏེ། འོད་ཟེར་ལས་འཁོར་ལོ་ཐོགས་པ་དཔག་ཏུ་མེད་པས་གདུལ་བྱའི་ཀླད་པར་

འཁོར་ལོ་ཐོགས་པས་བསྐོར་ཞིང་མགོ་འཁོར་བར་བསམ་པས་སྦྱར་བར་འགྱུར་རོ། །རྔ་མོ་ཅན་གྱི་ཁྲོ་ཚོགས་ཀྱིས། །ཞེས་པ་ལ་སོགས་པའི་དོན་ནི། རླུང་གི་རྔ་མོ་ལ་ཞོན་པའི་ཁྲོ་བོའི་ཚོགས་བྱུང་ནས་གདུལ་བྱའི་སྙིང་ག་ནས་བཟུང་ནས་རྔ་མོ་ལ་བསྐྱོན་ནས་ཁྲོ་བོ་གཞན་གྱིས་
བརྡེག་བཞིན་དུ་རླུང་ལྷའི་ཕྱོགས་སུ་སོང་བར་བསམས་ན། ངེས་པར་གཞན་དུ་བསྐྲད་པར་འགྱུར་རོ། །འོད་ཟེར་དཀར་པོའི་ཚོགས་བྱུང་ནས། །ཞེས་པ་ལ་སོགས་པའི་དོན་ནི་གདུག་པར་གྱུར་པ་དགུག་པར་འགྱུར་བ། སྔོན་དུ་སོང་ནས་འོད་དཀར་པོས་སྡིག་པ་དབྱུང་བ་ལ་
སོགས་པས་ཞི་བར་འགྱུར་ཏེ་སྦྲུལ་གྱི་བདེན་པ་བཞིན་ནོ། །གང་ཞིག་གིས་ནི་བཅུད་རྣམས་བསྡུས། །ཞེས་པ་ལ་སོགས་པའི་དོན་ནི། རང་བཞིན་ཡང་རུང་འོད་ཁ་དོག་སེར་པོས་དགུག་བྱའི་གནས་ནས་བཅུད་བཀུག་སྟེ། སྙིང་གའི་དབུས་སུ་ནི་མངོན་པར་ཤེས་པ་རྒྱས་པར་འགྱུར་
རོ། །ཀླད་པའི་དབུས་ཀྱིས་ནི་ཚེ་རྒྱས་པར་འགྱུར་རོ། །ལུས་ཁྱབ་པས་ནི་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །རྟེན་གཞན་ལས་བཀུག་པས་ནི་ཚེ་བཅུད་རྒྱས་པར་འགྱུར་རོ། །སྔགས་འོད་རྡོ་རྗེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི། གདུལ་བྱའི་ལུས་ཀྱི་ནང་རྡོ་རྗེ་གདེངས་
པོ་བསྐྱེད་པ་སྤྲུལ་པའི་རྡོ་རྗེ་གདེངས་པོས་བསྡུས་ཏེ། བསྟིམ་པ་སྟེ་རེངས་པར་འགྱུར་རོ། །འོད་ཟེར་ཁ་དོག་སྣ་ལྔ་ལས། །ཞེས་པ་ལ་སོགས་པའི་དོན་ནི། འོད་ཟེར་སོ་སོ་ལས་མཆོད་པའི་ལྷ་མོའི་ཚོགས་སྤྲོས་ཏེ། མཉེས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ལས་ནི་
འོད་བྱུང་བས། །ཞེས་བྱ་བ་ལ་སོགས་པའི་དོན་ནི་སྔགས་བཟླས་པས་སྙིང་གའི་ས་བོན་གྱིས་རང་གི་ལུས་འོད་དུ་ཞུ་སྟེ། དེ་ཡང་འདུས་ནས་ཕྲ་རབ་སྐྲ་རྩེའི་ཚད་ཙམ་དུ་གྱུར་པ་ནི་དང་པོའོ། །དེ་ཡང་འདུས་པ་ནི་བླ་ན་མེད་པའོ། །གསང་སྔགས་སྐྱོན་རྣམས་རབ་སྤངས་ནས། །ཞེས་
པ་ནི་སྒྲ་ཆེ་བ་དང་ཆུང་བ་དང་སྐྱེན་པ་དང་བུལ་བ་དང་། ཉོན་མོངས་པ་དང་། གཡེང་བ་དང་བར་དུ་གཅོད་པ་སྤངས་པའོ། །དེས་ཅིར་འགྱུར་ཞེ་ན། འབྲས་བུ་ཐོབ་པ་སྟེ་གོང་དུ་བཤད་པ་བཞིན་ནོ། །སྔགས་ཟློས་པའི་དུས་སུ་དྲན་པ་དང་ཤེས་བཞིན་དང་ལྡན་པར་བྱའོ། །དེ་ལྟར་

སྔགས་ཀྱི་བསམ་གཏན་བཤད་ནས། ད་ནི་ཚོགས་ཀྱི་འཁོར་ལོ་བཤད་པའི་ཕྱིར། །གང་གིས་ཚོགས་རྣམས་རྫོགས་བྱེད་ཅིང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་རྫས་རྣམས་མ་ལུས་པ། །ཀུན་ཚོགས་ཞེས་པ་ནི་ཁ་དོག་དང་དྲི་དང་རོ་དང་ལྡན་
པའི་རྫས་ཐམས་ཅད་དོ། །རྣལ་འབྱོར་ལྷ་གྲངས་ཏེ། འཚམ་པ་དང་ནི་མཆོད་པ་ཞེས་པ་ནི་ལྷའི་རྣལ་འབྱོར་ལྷའི་གྲངས་དང་མཉམ་པ་དེའི་སྟེང་དུ་འཚམ་པ་བཞི་དང་མཆོད་པ་བཞིའོ། །སྔོན་འགྲོ་ས་ཆོག་ལ་སོགས་རྫོགས། །ཞེས་པ་ནི་ཐོག་མར་ཡིད་དུ་འོང་བའི་གནས་སུ་
ཕྱིན་ཏེ། ས་བསླང་བ་དང་བརྟག་པ་དང་སྦྱང་བ་དང་བཟུང་བ་དང་བསྲུང་བ་དང་། དཀྱིལ་འཁོར་གྱི་ལྷ་སྟ་གོན་གྱི་ཆོ་ག་བྱའོ། །དེ་ནས་ལྷའི་ཞེས་པ་ལ་སོགས་པ་གོ་སླ། དེ་ནས་གསང་བའི་དཀྱིལ་འཁོར་བྲི། །ཞེས་པ་ནི། དང་པོར་ཐིག་ལེགས་པར་བཏབ་ནས། དེ་ནས་ཚོན་བཀྱེ་བ་
དང་། ཕྱག་རྒྱ་དགོད་པར་བྱའོ། །དེ་ཚེ་རྒྱལ་པོ་ཞེས་པ་ལ་སོགས་པ་ནི། སྦྱོར་བ་རྒྱས་པའི་བསྐྱེད་པ་བཞིན་དུ་བལྟ་བར་བྱའོ། །རྒྱལ་པོ་ཡིས་ནི་སེམས་དཔའ་བསྐུལ། །ཞེས་པ་ནི། རྡོ་རྗེ་སློབ་དཔོན་གྱིས་ལས་ཀྱི་རྣལ་འབྱོར་ལ་རྟ་མགྲིན་གྱི་བརྡ་བསྟན་པའོ། །དེས་ཅི་བྱེད་
ཅེ་ན། ཕྱི་རོལ་འཁོར་ལ་བསྡུས་བྱས་ནས། །ཞེས་པ་ནི། ཕྱིའི་རྣལ་འབྱོར་པ་ཁྲུས་བྱས་ནས་ནང་དུ་བཀོད་པའོ། །བདག་གི་འཇུག་པ་ཇི་བཞིན་དུ། །འཁོར་རྣམས་དམ་པའི་དོན་ལ་འཇུག །ཅེས་པ་ནི། རང་དང་མཐུན་པར་ཚོགས་བསགས་པ་ནས་རང་གི་སྣང་བའི་འཁོར་ལོ་བསྒྲུབ་
པའི་བར་དུའོ། །གང་ཞིག་གིས་ནི་རོལ་མོ་དང་། །ལྡན་པས་ཚོགས་ནི་དབུལ་བར་བྱ། །ཞེས་པ་ནི། གང་གིས་དུང་དང་པི་ཝང་དང་གླིང་བུ་ལ་སོགས་པ་དང་ལྡན་པས་ཚོགས་ཀྱི་རྫས་དབུལ་བའོ། །སྐོམ་དང་མཆོད་པ་སྔོན་སོང་ནས། །ཞེས་པ་ནི། སྣང་བའི་ལྷ་ལ་བདུད་རྩི་
དབུལ་བ་དང་། རང་གི་སེམས་དཔའ་ལ་ཁྲུས་བྱ་བའོ། །ཚོགས་ཀྱི་རྫས་རྣམས་བྱིན་གྱིས་བརླབས། །ཞེས་པ་ལ་སོགས་པའི་དོན་ནི། དྲིའི་ཆུས་ཉེ་བར་གཏོར་ཏེ་རྫས་འོད་དུ་ཞུ་བ་ལས། ཡཾ་ལས་རླུང་དང་། རཾ་ལས་མེ་དང་། ཨ་ལས་ཐོད་པ་སྟེ། དེའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། །

ཞེས་པ་ནི།ན་ད་ཧ་གོ་ཀུ་ལས་མི་དང་གླང་པོ་ཆེ་དང་རྟ་དང་བ་ལང་དང་ཁྱིའི་ཤ་དང་། བི་ར་ཤུ་མ་མུ་ལས་བྱང་སེམས་གཉིས་དང་དྲི་ཆེན་དྲི་ཆུ་ཤ་ཆེན་དངས་མ་ལྔར་གྱུར་པ་ལས། ཨོཾ་གྱི་འོད་ཀྱིས་རླུང་བསྐྱོད་པ་ལ་སོགས་པ་དང་ཨཱཿས་བྱང་ཆུབ་སེམས་སུ་གྱུར་པ་
དང་། ཧཱུཾ་གིས་བདུད་རྩི་དང་རྡོ་རྗེ་དབབ་པའི་ཏིང་ངེ་འཛིན་བྱའོ། །དེས་ཅི་བྱེད་ཅེ་ན། བདག་མཆོད་དཀྱིལ་འཁོར་མདུན་དུ་མཉེས། །ཆོ་གའི་ཡན་ལག་རྫོགས་པར་བྱ། །ཞེས་པ་ཐོག་མར་སེམས་ཡེ་ཤེས་ཀྱི་འཁོར་ལོ་མཆོད་པས་མཉེས་པར་བྱ་སྟེ། བསྟོད་པ་དང་ཉེས་པ་
བཤགས་པའི་ཡན་ལག་རྫོགས་ནས་རང་གི་སྙིང་དུ་བསྡུས་ཏེ། རླུང་དང་མེའི་སྦྱོར་བས་ནང་གི་སྦྱིན་སྲེག་རྫོགས་པར་བྱའོ། །དེ་ནས་མདུན་དུ་བཏོན་ཏེ་མཆོད་པས་མཉེས་པར་བྱས་ནས། འཇིག་རྟེན་མཎྜལ་སྔོན་པོའི་སྟེང་། །ཕྱི་རོལ་དུ་ནི་མཆོད་པར་བྱས། །ཞེས་པ། མཎྜལ་
སྔོན་པོ་ལ་ཕྱོགས་སྐྱོང་འཁོར་དང་བཅས་པ་བཀུག་སྟེ། བྱིན་གྱིས་བརླབས་པ་བྱས་ནས། ཕྱི་རོལ་དུ་ལྷག་མ་སྦྱིན་པར་བྱ་ཞིང་ལས་བཅོལ་བར་བྱའོ། །དེ་ལྟར་ཐུན་མོང་གི་ཆོ་ག་བཤད་ནས། ཁྱད་པར་ཆོ་ག་བསྟན་པ་ནི། །ཟབ་པ་སྤྲུལ་པར་བརྟེན་པ་དང་། །བཞི་དང་གསུམ་
དང་ངེས་པར་སྦྱར། །ཞེས་པ། ཤེས་རབ་མ་དང་སྙོམས་པར་ཞུགས་ཏེ། དེའི་དྲོད་བསྐུལ་བས་སྤྲུལ་པའི་འཁོར་ལོ་ཞུ་བ་དང་། ཆོས་དང་བདེ་བ་ཆེན་པོའི་བར་དུ་ཞུ་བར་བྱའོ། །ཡང་ན་ཟས་བྱང་ཆུབ་སེམས་ཀྱི་ཆུ་གཏུམ་མོའི་གནས་སུ་བསྲེག་པར་བྱའོ། །དེ་ལས་རྒྱས་
ནས་བདེ་བ་ཆེན་པོའི་བར་དུའོ། །འོ་ན་ཞི་བ་ལ་སོགས་པའི་ལས་གང་གིས་ཤེས་པར་བྱ་ཞེ་ན། སྔགས་ཀྱི་སྦྱོར་བ་བཞིན་དུ་བྱ་སྟེ། དེ་ཁོ་ན་ལྟར་སྦྱར་ཞེའོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་བསྟན་ནས། ད་ནི་ཚོགས་ཀྱི་མཆོད་པ་བསྟན་པར་བྱ་སྟེ། དེའི་ཕྱིར། བདག་པོ་རྫས་
རྣམས་དམན་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་ནི་ལྔ་སྟེ་ཐ་མའི་ཚད་དོ། །བཅུ་ནི་རབ་ཀྱི་ཚད་དོ། །སློབ་དཔོན་གཅིག་ནི་ཏིང་ངེ་འཛིན་གྱི་བྱེད་པའོ། །གཉིས་ནི་སྤྱོང་པ་གཙོར་བྱེད་པའོ། །དེས་ཅིར་འགྱུར་ཞེ་ན། ཁྱབ་འཇུག་བུ་མོའི་སྦྱོར་བའམ། །ཞེས་པ་ནི།

སྤྱད་པར་དཀའ་བའི་ཁྱབ་འཇུག་གི་བུ་མོ་རིགས་ལྡན་ཡང་སྦྱོར་ན་གཞན་ལྟ་ཅི་སྨོས་ཤེའོ། །ཡན་ལག་རྒྱས་པ་ཚོགས་འཁོར་བཞིན། །ཞེས་པ་ནི། ཆོ་གའི་ཡན་ལག་རྒྱས་པ་ཚོགས་ཀྱི་འཁོར་ལོ་བཞིན་ཏེ། བསྡུས་པ་ལ་སོགས་པ་ཅི་རིགས་སུའོ། །
དཀྱིལ་འཁོར་གཅིག་ནི་སྣང་བའི་དཀྱིལ་འཁོར་རོ། །གཉིས་ནི་རང་དང་བཅས་པས་སོ། །བར་ནི་གསུམ་པ་སྟེ། དོན་དུ་གཉེར་བ་ཁྱད་པར་དུ་འགྱུར་རོ། །བཞི་པ་ནི་ཕྱོགས་སྐྱོང་ལ་སོགས་པའོ། །སློབ་དཔོན་ནུས་པའི་བྱེ་བྲག་གིས། །ལས་གཞན་རྩོམ་ན་གོང་མ་
བཞིན། །ཞེས་པ་ནི་ལས་རྩོམ་པར་ནུས་ན་སྔགས་བཞིན་དུའོ། །མི་རྩོམ་གྱུར་ན་སྡིག་པ་སྦྱང་། །ཞེས་པ་ནི་ལས་སྦྱོང་བ་བཞིན་དུའོ། །འདིར་ཚོགས་གང་ཡིན་པའི་འཁོར་ལོ་དང་། །མཆོད་པ་ཡང་དེ་ཉིད་དམ་འཁོར་ལོ་དང་མཆོད་པ་གང་ཡིན་པ་དེ་ཡིན་ནམ་ཞེ་ན། ཚོགས་
ཡིན་ལ་འཁོར་ལོ་དང་མཆོད་པ་མ་ཡིན་པ་ཡང་ཡོད་དེ། གང་གིས་ཡན་ལག་སྤངས་པ་དེ་ཉིད་ལྟ་བུའོ། །ཚོགས་ཀྱི་འཁོར་ལོ་ཡིན་ལ་མཆོད་པ་མ་ཡིན་པ་ཡོད་དེ་དེ་ཉིད་དོ། །མཆོད་པ་ཡིན་ལ་འཁོར་ལོ་མ་ཡིན་པ་ཡོད་དེ། རྫས་དང་སློབ་དཔོན་གྱིས་དམན་པར་བྱས་པ་དེ་ཉིད་
དོ། །དེ་ལས་གཉི་ག་མ་བཟློག་པ་ཡང་ཡོད་དེ་རྒྱུད་ཀྱི་བྱེ་བྲག་ལྟ་བུའོ། །གཞན་གྱི་མིང་གི་ཕྱོགས་གཅིག་པའང་ཡོད་དེ། ཚོགས་སྤངས་པའི་མིང་ཅན་ནོ། །ཅིའི་ཕྱིར་ཚོགས་ཀྱི་འཁོར་ལོ་ཞེ་ན། འདིས་ཉེས་པ་ཐམས་ཅད་གཅོད་པའི་ཕྱིར་རོ། །ཅིའི་ཕྱིར་ཚོགས་
ཀྱི་མཆོད་པ་ཞེས་བྱ་ཞེ་ན། འདི་ལ་བརྟེན་ནས་དམ་པའི་ཡུལ་མཉེས་པར་བྱེད་པའི་ཕྱིར་རོ། །ཡང་ན་རྒྱུན་མི་འཆད་པའི་དོན་གྱིས་འཁོར་ལོའོ། །དེ་ལས་བཟློག་པའི་དོན་གྱིས་མཆོད་པའོ། །ཡང་ན་ཚོགས་ཀྱི་འཁོར་ལོ་ཆེན་པོ་དང་མཐུན་པར་རྨད་དུ་བྱུང་བའི་མཆོད་པ་ལ་
གནས་པའི་ཕྱིར་རོ། །ཚོགས་ཀྱི་འཁོར་ལོ་གཞན་ཡང་འདི་ལྟ་སྟེ། ཀུན་དུ་ཚོགས་པ་ཞེས་བྱ་བའི་ཚོགས་ཀྱི་འཁོར་ལོ་དང་། ཀུན་དུ་རོལ་པ་ཞེས་བྱ་བའི་ཚོགས་ཀྱི་འཁོར་ལོ་དང་། ཀུན་དུ་དག་པ་ཞེས་བྱ་བའི་ཚོགས་ཀྱི་འཁོར་ལོ་དང་། ཀུན་དུ་ཐོབ་པ་ཞེས་བྱ་བའི་

ཚོགས་ཀྱི་འཁོར་ལོ་དང་། ཀུན་དུ་བདེ་བ་ཞེས་བྱ་བའི་ཚོགས་ཀྱི་འཁོར་ལོའོ་ཞེས་འབྱུང་ངོ་། །ཚོགས་ཀྱི་རྣམ་པར་གཞག་པ་བཤད་ཟིན་ཏོ། །ད་ནི་སྦྱིན་སྲེག་གི་ཆོ་ག་བཤད་པར་བྱ་སྟེ། དེའི་ཕྱིར། དེ་ནས་དཔལ་ལྡན་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
སྔོན་བྱ་གཞན་ནི་གཞན་དུ་སྟེ་སའི་ཆོ་ག་དང་བསྙེན་པའི་ཆོ་ག་ལ་སོགས་པ་ནི་གཞན་ལས་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཐབས་ཀྱི་ལས་སུ་བྱ་བ་བསྟན་པས། ས་ཡི་རིགས་བཞིར་ཐབ་ཁུང་བཞི། །ཞེས་པས་ཁ་དོག་དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོ་ལ་
ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོའི་ཐབ་ཁུང་བྱའོ། །ཟླུམ་པོ་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་ཀྱང་གོ་རིམས་སུ་སྦྱར་རོ། །ཐབ་ཁུང་བྱིན་གྱིས་བརླབས་པ་བསྟན་པ། རཾ་ལས་འོད་འཕྲོས་པས་དེ་ཉིད། །ཅེས་བྱ་བ་ལ་སོགས་པའི་དོན་ནི། རཾ་གྱི་ས་བོན་གྱི་
འོད་ཀྱིས་ཐབ་མི་དམིགས་པ་ལས་ལས་དང་རྗེས་སུ་མཐུན་པའི་བྷྲཱུཾ་དུ་གྱུར། དེ་ལས་ཐབ་ཀྱི་གཞལ་ཡས་ཁང་ཁ་དོག་དང་དབྱིབས་གོང་མ་ལྟ་བུ་ལ་གཏོས་ནམ་མཁའི་མཐའ་དང་མཉམ་པར་གྱུར་པར་བསམ་མོ། །དེ་ནས་རྫས་བྱིན་གྱིས་བརླབ་པ། མཆོད་རྫས་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། མི་དམིགས་སྣོད་ནང་སྭ་ཡིག་ལས། །སོ་སོའི་དེ་ཉིད་རྒྱས་པ་ལ། །ཞེས་པ་ནི། རྫས་མི་དམིགས་པ་ལས་ཏྲཱཾ་ལས་རིན་པོ་ཆེའི་ཁ་དོག་སྣོད་དུ་གྱུར། དེའི་ནང་དུ་སྭ་ལས་སོ་སོའི་རྫས་དཔག་ཏུ་མེད་པར་གྱུར་པར་བསམ་མོ། །ཧ་ཧོཿཧྲཱི་ཡིས་སྐྱོན་རྣམས་
བསལ། །ཞེས་པ་ནི། ཧས་ཁ་དོག་གི་ཉེས་པ་ཕྲོགས། ཧོཿདང་ཧྲཱིས་དྲི་དང་རོའི་ཉེས་པ་དག་པར་བྱས་ནས་ཇི་སྐད་སྨོས་པའི་ཁ་དོག་ལ་སོགས་པར་གྱུར་པར་བསམ་མོ། །དེ་ནས་མེ་ལས་སུ་བྱ་བ་བརྩམ་པར་བྱ་སྟེ། དེའང་ལས་དང་མཐུན་པའི་ཐབ་ཁུང་དུ་རཾ་ལས་མེ་
བསྐྱེད་ལ་མེ་སྤར་བར་བྱ་སྟེ། ཞི་བ་ལ་ནི་ཞོ་ཅན་ལས་བྱུང་བའི་མེ་རླུང་གཡབ་ཀྱིས་སྦར་བར་བྱའོ། །རྒྱས་པ་ལ་ནི་ཁ་དོག་སེར་པོའི་ཤིང་ལའོ། །དབང་ལ་ནི་སེང་ལྡེང་གི་ཤིང་ལ་རྡོ་རྗེས་སྦར་ཏེ། དྲག་པོ་ལ་དུག་དང་ཚེར་མ་ཅན་གྱི་ཤིང་ལའོ། །དེ་ལྟར་སྦར་ནས་མར་གྱི་དགང་

བླུགས་བདུན་ཛྭ་ལ་རཾ་ཞེས་པའི་སྔགས་ཀྱིས་དབུལ་ལོ། །དེ་ནས་མེ་བརྟག་པར་བྱ་སྟེ། གལ་ཏེ་མཚན་མ་ངན་ན་ལས་ཐམས་ཅད་པའི་ཆུས་གཏོར་བར་བྱའོ། །དེ་ནས་མེ་ལྷ་བསྐྱེད་པ་ནི། ཨེ་ལས་གྲུ་གསུམ་ཞེས་པ་ནི། ལས་དང་མཐུན་པའི་
ཁ་དོག་བཞི་ལས་གྲུ་གསུམ་ཁ་དོག་བཞིར་གྱུར་པར་བསམ་མོ། །གྲུ་གསུམ་གྱི་ཟུར་གསུམ་ལ་ཨོཾ་ཨཱཿཧཱུཾ་སྟེ། དེ་ཉིད་གསུམ་དབུས་ན་རཾ་དང་བཅས་པའོ། །གདན་གང་གི་སྟེང་དུ་བསམ་ཞེ་ན། པད་སྟེང་ཞེས་སྨོས་ཏེ་འདི་ལྟར་ཞི་བ་ལ་ནི་ཆུའི་དཀྱིལ་འཁོར་རོ། །དབང་
ལ་ནི་མེའི་དཀྱིལ་འཁོར་རོ། །དྲག་པོ་ལ་ནི་རླུང་གི་དཀྱིལ་འཁོར་ཏེ། དེའི་སྟེང་དུ་སོ་སོའི་པདྨ་ཁ་དོག་བཞིའི་བདག་ཉིད་ཅན་གྱི་སྟེང་དུའོ། །དེ་ལས་མེ་ལྷར་གྱུར། ཞེས་པ་ནི། དེ་རྣམས་འོད་དུ་ཞུ་བ་ལས་སོ། །ཁ་དོག་བཞི་ཡི་བདག་ཉིད་ལ། །ཞེས་པ་ནི་ལས་སོ་སོའི་
དབང་དུའོ། །སོ་སོའི་རིགས་ཀྱིས་དབུ་བརྒྱན་བྱ། །ཞེས་པ་ནི། རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པས་སོ། །ལྟེ་བར་གོང་མའི་སྦྱོར་བ་སྟེ། །ཞེས་པ་ནི་གྲུ་གསུམ་ཡི་གེ་བཞི་དང་བཅས་པ་བསམ་པའོ། །སྙིང་གར་
ཕྱོགས་སྐྱོང་བཅུ་དང་ལྡན། །ཞེས་པ་ནི། པདྨ་འདབ་མ་བཅུ་ལ་ཕྱོགས་སྐྱོང་བཅུ་རྫོགས་པར་རོ། །དེ་ལས་ཡེ་ཤེས་མེ་ལྷ་དགུག །ཅེས་པ་ནི་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ཏེ་མདུན་དུ་མཆོད་པ་དང་བསྟོད་པས་མཉེས་པར་བྱས་ཏེ་བསྟིམ་པའོ། །བྱིན་བརླབས་དབང་
བསྐུར་ནི་གང་དུ་བཤད་དོ། །གཟི་བྱིན་བསྐྱེད་པ་ནི་དགང་བླུགས་ཀྱིས་སོ། །དེ་ལྟར་མེ་ལྷའི་སྐུ་བསྐྱེད་ནས། དེ་ནས་མེ་ལྷ་ལ་གོ་བསྐོན་ཏེ། སྙིང་གར་རྡོ་རྗེ་རྒྱ་གྲམ་ཧ་ལྗང་གུས་མཚན་པ། དེའི་ལྟེ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པའོ། །དེའི་ལྕེ་ལ་རྡོ་རྗེ་
རྩེ་ལྔ་པ་རཾ་གྱིས་མཚན་པ་བསམ་མོ། །སོ་སོའི་མཆོད་པ་དབུལ་བྱས་ཏེ། །ཞེས་པ་ནི་སྤོས་ལ་སོགས་པས་མཆོད་དོ། །དེ་ནས་སྲེག་རྫས་དབུལ་བའི་རིམ་པ་ནི། གཟར་བུ་རྡོ་རྗེ་ལ་སོགས་པའི། །ཁ་དོག་དབྱིབས་ལྡན་བྱིན་གྱིས་བརླབས། །ཞེས་པ་གཟར་

བུ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་ཐབ་ཀྱི་དབྱིབས་དང་མཚན་མ་དང་མཐུན་པ་འཛག་པ་ལ། རཾ་གྱིས་མཚན་པར་བསམ་མོ། །ཤིང་གི་འོད་ནི་བསྐྱེད་བྱས་ཏེ། །ཞེས་པ་ནི་ཡམ་ཤིང་ཕུལ་བས་མེ་ལྷའི་འོད་བསྐྱེད་པར་བསམ་མོ། །མར་གྱི་འོད་འཕྲོ་ཀུན་ལ་སྦྱར། །
ཞེས་པ་ནི་མར་སྲེག་བླུགས་ཀྱིས་འོད་འཕྲོས་པས་དེའི་རྣམ་པ་ཐམས་ཅད་གྱུར་པའོ། །དེ་ནི་ལས་ཐམས་ཅད་ལ་སྦྱར་རོ། །གཞན་ཡང་། དཀར་གསུམ་དང་ནི་མངར་གསུམ་གྱིས། །སྤྱི་དང་སོ་སོའི་སྡིག་པ་འབྱིན། །ཞེས་པ་ནི། དཀར་གསུམ་ཕུལ་བས་མེ་ལྷ་
མཉེས་ཏེ། དེའི་འོད་ཟེར་གྱིས་ལུས་ངག་ཡིད་ཀྱི་སྡིག་པ་སོ་སོར་འབྱིན་པར་མི་བྱེད་ཀྱི་སྤྱིར་འབྱིན་པའོ། །ལྷག་མ་ནི་དེ་ལས་བཟློག་པ་ཉིད་དེ། འབྲས་ཆན་འབྲུ་ཡི་ཆན་དག་གིས། །གོང་གི་གཉིས་པ་སོ་སོར་འབྱིན། །ཞེས་པ་ནི། ལུས་དང་ངག་གི་སོ་སོའི་
ཉིད་དུའོ། །ནས་ཐུག་འོ་མའི་ཐུག་པ་ཡིས། །རེ་རེའི་གནས་སུ་སྲེག་པར་བྱེད། །ཅེས་པ་ནི། ལུས་ཀྱི་སྡིག་པ་དང་ངག་གིས་སོ་སོའི་ལྟེ་བ་དང་མགྲིན་པའི་གནས་སུ་བསྲེག་པའོ། །ཏིལ་གྱིས་སྙིང་གི་ནང་ནས་འབྱིན། །ཞེས་པ་ནི། ཡང་ཏིལ་གྱིས་སྒོ་དགུར་
འཇུག་ཅེས་པས་ནི། ཡིད་ཀྱི་སྡིག་པ་འོད་ནག་པོ་ལ་སོགས་པའི་ཚུལ་དུ་དབྱུང་བ་དང་བསྲེག་པ་ཡང་ཤེས་པར་བྱའོ། །ཐ་མ་མར་གྱིས་འཁྲུ་བར་བྱེད། །ཅེས་པས་ནི་མར་ཕུལ་བ་དེའི་སྙིང་སྟོབས་ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བྱུང་སྟེ། དེས་འཁྲུ་བར་བྱེད་དོ། །ཞི་
བའི་སྲེག་རྫས་དབུལ་བ་བཤད་ཟིན་ཏོ། །རྫས་དེ་སེར་པོར་བྱས་པ་ནི་བསམ་གཏན་ནམ་མཚན་མས་སོ། །དཀར་གསུམ་གྱིས་ནི་གཟི་བྱིན་བསྐྱེད། །ཅེས་པ་ནི། འོད་ཁ་དོག་སེར་པོ་ཕོག་པས་རང་གཟི་བྱིན་བསྐྱེད་པའོ། །མངར་གསུམ་འབྱུང་ཁུངས་
བསལ་བ་སྟེ། །ཞེས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་དགོངས་པའི་ཚུལ་དུ་བསལ་བའོ། །འབྲས་དང་འབྲུ་ཡི་སྦྱོར་བ་ཡིས། །ཡེ་ཤེས་བཅུད་རྣམས་སྤྱི་བོར་འགུགས། །ཞེས་པ་ནི་རྫས་དེས་མེ་ལྷ་མཉེས་ཏེ། འོད་ཀྱིས་བསྐུལ་བས་

སངས་རྒྱས་ཐམས་ཅད་ཀྱི་བཅུད་སྤྱི་བོར་ཞུགས་ཏེ་གཞག་པའོ། །ནས་དང་འོ་མའི་སྦྱོར་བ་ཡིས། །འགྲོ་བའི་བཅུད་རྣམས་གནས་སུ་འགུགས། །ཞེས་པ་ནི་འགྲོ་བའི་བཅུད་བྱང་ཆུབ་སེམས་ཀྱི་ངོ་བོར་ལུས་ཀྱི་གནས་ཐམས་ཅད་དུ་འགུགས་པའོ། །ཐ་
མར་དཱུར་བའི་སྦྱོར་བ་ཡིས། །མཛོད་སྤུ་སྙིང་གའི་ཧཱུཾ་ལ་སྡུད། །ཅེས་པ་ནི། དཱུར་བ་བསྲེག་པའི་སྟོབས་ཀྱིས་མཛོད་སྤུ་ནས་བཅུད་བྱང་ཆུབ་སེམས་སུ་བསྡུས་ཏེ།སྙིང་གའི་ཧཱུཾ་ལ་འདུས་ནས། དེ་ནས་བྱུང་བས་ལུས་ཐམས་ཅད་རྒྱས་པར་བསམ་མོ། །གཞན་གོ་སླ། རྒྱས་
པའི་སྲེག་རྫས་དབུལ་བ་བཤད་ཟིན་ཏོ། །བ་ལང་ཤ་ཡི་གཏོར་མ་དང་བཅས་པ་ཞེས་བྱ་བས་ནི་རྫས་བསྟན་ཏོ། །གསུམ་སྐོར་ལ་སོགས་ཀྱིས་ཞེས་པས་ནི། འོད་ཟེར་གྱི་འཕྲོ་འདུ་བསྟན་ཏོ། །མྱུར་དུ་འགུགས་ཤིང་དབང་དུ་བྱེད། །ཅེས་པས་ནི། འོད་ཟེར་ལྕགས་ཀྱུ་ལྟ་
བུའམ། ལྕགས་ཀྱུ་ཐོགས་པའི་ལྷས་འགུགས་པར་བྱེད་དོ། །དབང་དུ་བྱེད་པ་ནི་འོད་འཕྲོས་པ་ཙམ་གྱིས་སོ། །དབང་གི་སྲེག་རྫས་དབུལ་བ་བཤད་ཟིན་ཏོ། །དང་པོ་ཤ་ཡིས་ཁྲོ་བ་སྟེ། །ཞེས་པ་ནི་ཤ་ཕུལ་བས་མེ་ལྷ་ཁྲོས་པར་གྱུར་ཏོ། །གཞན་གོ་སླ། དེ་ལྟར་
སྲེག་རྫས་རྣམས་ཕུལ་ནས་བསྟོད་པ་བྱ་བ་དང་ལས་བཅོལ་བ་འདི་ནི་མེ་ལྷའི་ཆོ་གའི་རིམ་པའོ། །སྙིང་གར་བཀོད་པའི་ཞེས་བྱ་བ་ལ་སོགས་པའི་དོན་ནི། རང་གི་སྙིང་གའི་ཕྱོགས་སྐྱོང་དག་པར་བྱས་ལ། །དེ་ནས་བསྐྱེད་པའི་རིམ་པ་སྦྱོར་བ་གསུམ་གང་ཡང་རུང་བས་ལྷ་བསྐྱེད་
དེ། བསྟོད་པའི་བར་རིམ་པ་བཞིན་དུ་བྱས་ནས་གཤེགས་སུ་གསོལ་བ་འདི་ནི་ལྷའི་ཆོ་གའི་རིམ་པའོ། །དེ་ནས་མཇུག་གི་དབང་དུ་བྱ་བ་ནི། ད་ནི་ཞར་ལ་བྱུང་བ་བཤད་པར་བྱ་བ་སྟེ། བསྲུང་བ་ཞི་བའི་ཆ་ལ་གདགས། །ཞེས་པ་ནི་ཞི་བའི་བྱེ་བྲག་ཡིན་པའི་ཕྱིར་རོ། །གཞན་
ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གང་གི་ཕྱིར་སྦྱིན་སྲེག་གི་ཆོ་ག་རྣམ་པ་གཉིས་ཀྱི་ཕྱིར་རྣལ་འབྱོར་པ་གཉིས་སུ་ཤེས་པར་བྱའོ། །དེ་ལ་སྦྱིན་སྲེག་གཉིས་ནི་རང་གི་དང་གཞན་གྱི་དོན་གྱི་ཕྱིར་རོ། །རྣལ་འབྱོར་པ་ནི་སྦྱིན་སྲེག་གི་ལས་ཀྱི་རིམ་པ་ལ་མཁས་པ་དང་།

སློབ་དཔོན་གྱི་ཚད་དུ་ཕྱིན་པ་སྟེ། རྐྱེན་ཐུབ་པ་དང་། ས་ནོན་པ་དང་། བྱིན་རླབས་ཆེ་བའོ། །རང་གི་དོན་གྱི་ཡང་གཉིས་ཏེ། སྡིག་པ་སྦྱོང་བ་དང་དངོས་གྲུབ་སྒྲུབ་པའོ། །དང་པོའི་ནི་དང་པོ་ཉིད་དེ་གཉིས་པ་ནི། བསྐྱེད་པའི་རིམ་པ་ལ་བརྟེན་པའོ། །དེ་ལྟར་དབྱེ་བའི་སྒོ་ནས་རྣལ་
འབྱོར་པ་རབ་དང་འབྲིང་དང་ཐ་མའི་ཚད་བསྟན་ནས་ལུང་ཁ་ཅིག་ལས་གནས་ཀྱི་རྟོག་པ་ཉེས་པར་མི་འགྱུར་བར་བཤད་པ་གང་ཡིན་པ་དེ་ཡང་རྣལ་འབྱོར་པ་རབ་ལ་དགོངས་པར་ཤེས་པར་བྱ་སྟེ། གཞན་དུ་ན་གཞན་བཤད་པའི་ཕྱིར་རོ། །དེ་ལྟར་སྦྱིན་སྲེག་གི་ཆོ་ག་རྒྱས་པར་བཤད་
ནས། ད་ནི་གཏོར་མའི་ཆོ་ག་བཤད་པར་བྱ་སྟེ། ཤ་ཁྲག་རུས་པ་འབྲུ་ལ་སོགས། །ཞེས་པ་འདིས་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྫས་བསྟན་ཏོ། །མ་སྤྱད་སྣོད་དུ་བླུགས་ཞེས་པ་ནི། རིན་པོ་ཆེའི་སྣོད་མ་སྤྱད་པའམ་ཐོད་པ་མཚན་ལྡན་གྱིས་རྒྱས་པའི་ནང་དུའོ། །དེ་
ནས་བྱིན་གྱིས་བརླབ་པ་ནི་གོང་དུ་བཤད་པ་བཞིན་ནོ། །དཀྱིལ་འཁོར་བཞི་ཡང་སྔ་མ་བཞིན་ནོ། །གཞན་གོ་སླ། རང་གི་བྱང་ཆུབ་སེམས་ཀྱི་ཆུས། །ཇི་ལྟར་སྙིང་གའི་ལྷ་མཆོད་པ། །ཞེས་པ་ནི་སྤྱི་བོ་ནས་ཆུ་བྱུང་བས་སྙིང་གའི་ལྷ་རྣམས་ཀྱི་ཞལ་དུ་གསོལ་བར་བསམ་མོ། །དེས་
ཅིས་འགྱུར་ཞེ་ན། འབྲས་མིན་འབྲས་བུ་ཅན་ཏེ། བླ་ན་མེད་པའི་དངོས་གྲུབ་ཚོགས་ཀྱི་གང་ཟག་གིས་མ་མྱངས་པ་ཐོབ་པར་འགྱུར་རོ། །འདིས་ནི་སྔོན་དུ་འགྲོ་བ་དང་། རྫས་དང་། བྱིན་གྱིས་བརླབ་པ་དང་། དབུལ་བའི་ཡུལ་དང་། དབུལ་བའི་ཐབས་དང་། དྲག་དང་།
བྱེ་བྲག་དང་། འབྲས་བུ་རིམ་པ་བཞིན་དུ་བསྟན་ཏོ། །གང་ཟག་ཐམས་ཅད་ནི་རྣམ་པ་གཉིས་ཏེ། དམན་པ་དང་མཆོག་ཏུ་གྱུར་པའོ། །དེ་ལ་དམན་པར་གྱུར་པའམ་དེའི་གནས་སུ་ནི། འབྲུ་ལ་སོགས་པ་ཐུན་མོང་གི་གཏོར་མ་སྦྱིན་པར་བྱའོ། །མཆོག་གམ་མཆོག་གི་
གནས་སུ་ནི་ཐུན་མོང་མ་ཡིན་པའི་གཏོར་མ་བྱའོ། །ཡང་གཉིས་ཏེ་ཟླ་དང་བཅས་པའམ་ཟླ་མེད་པའོ། །དེ་དག་དང་གཉིས་ཀྱང་གོ་རིམས་བཞིན་ཏེ་གཞན་དུ་ན་ཉེས་པ་དང་བཅས་པར་འགྱུར་རོ། །གཞན་ལས་ཀྱང་། དགེ་སློང་ལ་སོགས་དམན་པ་ཡི། །ནང་དུ་ཞག་

བདུན་གནས་པ་སྤངས། །ཟབ་མོའི་ལས་སུ་བྱ་བ་ཡང་། །དེ་ཡི་གནས་སུ་སྤང་བར་བྱ། །གལ་ཏེ་བྱས་ན་སེམས་ཅན་དེ། །འབྲས་བུ་མེད་ཅིང་ངན་འགྲོར་ལྟུང་། །གང་ཡང་དགོན་པ་ཆེན་པོ་དང་། །གསང་བའི་ལམ་ལ་གནས་པ་དེར། །གསང་བ་ཆེན་
པོའི་སྤྱོད་པ་འདི། །སྤྱད་པ་ཙམ་གྱིས་འབྲས་བུ་ཐོབ། །ཅེས་འབྱུང་བ་དང་། གཞན་ཡང་། གང་གིས་ཐུན་མོང་ཐུན་མོང་མིན། །རྨད་བྱུང་གཏོར་མའང་དེ་བཞིན་ཏེ། །འདས་ནས་ངན་འགྲོར་འགྲོ་བའི་ཕྱིར། །རྣམ་གཉིས་ཐུབ་པས་གསུངས་པ་ལ། །རང་གིས་སྨད་པའི་
རྫས་གྱུར་དང་། །འབྱུང་ཁུངས་དམན་ལས་བྱུང་བ་དང་། །རིགས་དང་ཉེ་བར་མ་སྤྱད་པ། །དེ་ལ་དངོས་གྲུབ་མེད་པར་འགྱུར། །ཞེས་འབྱུང་བ་ལྟ་བུའོ། །གཏོར་མའི་ཆོ་ག་བཤད་ཟིན་ཏོ།།དེ་ནས་སྤྱོད་ལམ་གྱི་ཏིང་ངེ་འཛིན་བཤད་པར་བྱ་སྟེ། དེ་ལ་མཁས་པ་ནི་བསྐྱེད་པའི་
ཏིང་ངེ་འཛིན་བརྟན་པའོ། །དེས་ཡུལ་གཟུགས་ལ་བལྟ་བའི་དུས་སུ་ཇི་ལྟར་ལྟ་ཞེ་ན། སྒྱུ་མ་མིག་ཡོར་ལྟ་བུ་སྟེ། །ཞེས་པ་སྣང་ལ་རང་བཞིན་མེད་པར་བསམ་པའོ། །དངོས་པོའི་ལྟ་བ་རབ་བཟློག་ནས། །ཞེས་པ་གཟུགས་ཀྱི་ལྷ་མོར་སྒོམ་པའོ། །དམིགས་སོགས་སེམས་
དཔའི་འཁོར་ལོ་ཅན། །ཞེས་པ་རྡོ་རྗེ་གོས་སྔོན་ཅན་བསམ་པའོ། །དེར་ནི་ལྷ་མོ་རྟག་ཏུ་དགྱེས། །ཞེས་པ་གཟུགས་ཀྱི་ལྷ་མོ་དང་གཉིས་སུ་མེད་པར་གྱུར་པའོ། །ཡིད་ནི་ཚིམ་པར་བྱེད་པའི་མཆོག །ཅེས་པ་བྱང་ཆུབ་སེམས་དབང་པོའི་ལམ་ནས་སྙིང་གར་ཕབ་པས་བདེ་
བར་གྱུར་པ་སྟེ། བདེ་བ་གཉིས་སོ། །འདི་ལྟ་སྟེ་ཐ་མལ་པའི་དུས་སུ་ས་བོན་ཅན་གྱི་རྣམ་པར་ཤེས་པ་ས་བོན་དུ་གནས་པ་རྐྱེན་ཉེ་བར་གནས་པས་བསླངས་ནས་ཡུལ་དང་ཕྲད་པར་འགྱུར་རོ། །དེ་ནས་ཡུལ་གྱི་རྣམ་པར་སྐྱེའོ། །དེ་ནས་རང་དང་མཐུན་པའི་ས་བོན་འཇོག་
ཅིང་ཆོས་གཞན་སྐྱེད་པར་བྱེད་དོ། །འདིར་ཆོས་འདི་ཡང་དེ་བཞིན་དུ་བལྟ་བར་བྱའོ། །གཞན་གོ་སླ། སྤྱོད་ལམ་གྱི་ཏིང་ངེ་འཛིན་བཤད་ཟིན་ཏོ། །དེ་ནས་ནང་གི་སྦྱིན་སྲེག་བཤད་པར་བྱ་སྟེ། དེའང་གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་དྲི་རྩོམ་པར་བྱེད་པ་སྟེ། གང་ལ་

བྱེད། གང་གིས་བྱེད། གང་བྱེད་ཅེ་ན་ལན་དུ། རྣལ་འབྱོར་མཆོག་གི་བྱེད་པ་སྟེ། །ཞེས་པ་ནི་ཏིང་ངེ་འཛིན་དམ་པས་བྱེད་པ་སྟེ། གསུམ་པའི་ལན་ནོ། །གང་ལ་ཞེས་པའི་ལན་དུ། སྙིང་ག་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །སྙིང་གི་ནང་དུ་དམ་ཚིག་སེམས་
དཔའི་འཁོར་ལོ་བཀོད་ལ། ཡེ་ཤེས་ཀྱི་ལྷ་བཀུག་སྟེ་བསྟིམ་པའོ། །ལྟེ་བའི་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ལྕེ་ཡི་འཁོར་ལོ་ཆེན་པོ་ནི། །བྱིན་ཟ་རུ་ནི་དམིགས་པར་བྱ། །ཞེས་པ་ནི། མེ་ལྷ་ཉིད་དུ་དམིགས་པའི་དུས། དེའི་མིང་དེ་སྐད་ཅེས་བྱའོ། །
གང་གི་དུས་སུ་ཞེ་ན། ཟས་ལ་སོགས་པ་ཟ་སོགས་དུས། །ཞེས་པ་གོ་སླའོ། །ཅིའི་རྣམ་པར་གྱུར་ཞེ་ན། ཟས་ནི་ཤ་ལྔ་ཞེས་བྱ་བ་ལ་སོགས་པའོ། །ཐབས་ཇི་ལྟར་ཞེ་ན། ལག་པ་གཟར་བུ་གཉིས་ཞེས་པ་དགང་བླུགས་གཟར་བུ་བསམ་པའོ། །ཟ་བའི་དུས་སུ་ལྷ་
རྣམས་ལ། །ཞེས་པ་ལ་སོགས་པའི་དོན་ཏོ། །ཟས་ཤ་དང་བདུད་རྩིའི་ངོ་བོར་གནས་པ་གཟར་བུ་ལ་སོགས་པའི་རིམ་གྱིས་སྙིང་གར་ལྷའི་ཞལ་དུ་གསོལ་བར་བསམ་མོ། །གཞན་སྔགས་ཀྱི་སྦྱོར་བ་དང་འདྲ་བར་བལྟ་བའོ། །ཟས་ལ་སོགས་པ་བདུད་རྩི་ཞེས་པའི་དོན་ནི་
གོང་དུ་བསྟན་པ་ཉིད་དབུལ་བའི་ཚུལ་དུ་ཞེ་ན་གསུངས་ཏེ། ལག་པ་ཡིས་ནི་དབུལ་བ་དང་། །ཞེས་པ་ནི་འདིར་བཤད་པ་ཉིད་དོ། །ཡང་ན་ལྷ་མོས་དབུལ་བ་དང་། །ཞེས་པ་ནི་ལྷ་མོས་མཆོད་པའི་ཚུལ་དུ་དབུལ་བའོ། །རྡོ་རྗེ་ལྕེ་ཐུང་ནི་སྐོམ་གྱི་ངོ་བོར་བྱས་ཏེ། རྡོ་རྗེ་སྦུ་གུ་
ནས་འདྲེན་པར་བྱེད་པས་ལས་ཐམས་ཅད་རྒྱས་པར་བྱེད་པའི་ཚུལ་ཏེ་གསུམ་མོ། །འདིར་ཡང་འཇིག་རྟེན་གྱི་རྫས་ཐམས་ཅད་ནི་སྨེ་བ་དང་། དམན་པ་དང་། ཉེས་པ་དང་བཅས་པ་དང་། ལན་རེ་བ་དང་བཅས་པ་སྟེ། དཔེར་ན་ཁྲོ་ཆུ་ཁོལ་མ་དང་འདྲ་བར་རྫས་ཟོས་པ་
ཙམ་གྱིས་ཉེས་པར་འགྱུར་བ་ཤ་སྟག་སྟེ། སྐྱེས་བུ་ཤེས་རབ་དང་ལྡན་པ་སྙིང་རྗེ་དང་ལྡན་པ། ཏིང་ངེ་འཛིན་དང་ལྡན་པས། རང་ལྷའི་སྐུར་གཅིག་ཏུ་གནས་ནས། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་སེམས་ཉེ་བར་བཞག་སྟེ། བྱིན་གྱིས་བརླབས་པ་བྱས་

པས་ཉེས་པ་ཐམས་ཅད་ཞི་བར་བྱས་ཏེ། རྣལ་འབྱོར་དང་ལྡན་པས་ཟོས་ན་བུ་ལོན་དུ་མི་འགྱུར་ཞིང་ཡོན་ཏན་ཐམས་ཅད་ཐོབ་པའི་རྟེན་ཉིད་དུ་འགྱུར་རོ། །ནང་གི་སྦྱིན་སྲེག་བཤད་ཟིན་ཏོ། །དེ་ནས་འཕགས་པའི་མཆོད་པའི་ཆོ་ག་བཤད་པར་བྱ་
སྟེ། དེའི་ཕྱིར། གཞན་ཡང་སེམས་ཅན་མོས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤོས་དང་མེ་ཏོག་ཅེས་བྱ་བ་ལ་སོགས་པས་ནི་རྫས་བསྟན་ཏོ། །ཐམས་ཅད་ལ་ལས་ཀྱི་སྦྱོར་བ་ནི་ལས་ཐམས་ཅད་པའི་ཆུའོ། །དེས་གཏོར་བ་ནི་དེས་གཏོར་བའོ། །
བྱིན་གྱིས་བརླབས་པ་བསྟན་པ་ཡོན་ཆབ་བཞུ་བ་ནི་ཡོན་ཆབ་འོད་དུ་ཞུ་བ་སྟེ་དེ་ལས་ཏྲཱཾ་དུ་གྱུར་པའོ། །རིན་ཆེན་འབར་བའི་སྣོད་མཆོག་ཏུ། །ཞེས་པ་ཏྲཱཾ་ལས་རིན་པོ་ཆེའི་སྣོད་རྒྱ་ཆེན་པོར་གྱུར་པའོ། །དེའི་ནང་དུ་མ་བསྐྱེད་པ་རང་བྱུང་ཡི་གེ་ཨ་གསལ་བར་བྱའོ། །དེ་འོད་
དུ་ཞུ་བ་ལས་ནི། ཡོན་ཆབ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པའོ། །ཐུན་མོང་མ་ཡིན་པར་ཨ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐུན་མོང་དུ་ཧ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྱིན་གྱིས་བརླབ་པ་བཤད་ཟིན་ཏོ། །དེ་ནས་དབུལ་བའི་ཡུལ་
བསྟན་པའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ཏེ། །ཞེས་པ་ལ་སོགས་པ་སྨོས་སོ། །ཨ་ཧ་རིའི་སྔགས་བཟླས་པས་ཞེས་བྱ་བ་ལ་སོགས་པས་ནི་དབུལ་བའི་ཐབས་བསྟན་ཏེ། ཡོན་ཆབ་ཐོགས་པའི་ལྷ་མོའི་ཚོགས། །དཔག་མེད་མདུན་དུ་སྤྲུལ་
བྱས་ཏེ། །ཞེས་པ་ནི་ལྷ་མོ་མདོག་དཀར་མོ་ལག་ན་རྡོ་རྗེ་ཡོན་ཆབ་ཐོགས་པ་སྔགས་ཀྱི་འོད་ཀྱིས་རྫས་ལ་བསྐུལ་བས་སྤྲོ་བ་ནི་ལྷ་མོ་བསྐྱེད་པའོ། །དེ་ཡིས་རྡོ་རྗེ་གླུ་ལྡན་པ། །ཞེས་པ་ནི། ལྷ་མོས་རྡོ་རྗེའི་གླུ་བླང་བའོ། །ཡོན་ཆབ་ནི་རྫས་ཏེ་དེས་ཕྱག་ཞབས་བཀྲུ་ཞེས་
པ་ནི་ཁྲུས་གསོལ་ཚུལ་ལོ། །གཞན་གྱི་མཆོད་པ་ཐམས་ཅད་ལ་ཡང་བསྐྱེད་པའི་སྔགས་དང་། འབྱུང་བའི་རྒྱུ་དང་། ལྷ་མོའི་མདོག་གོ། །མཆོད་པའི་རྫས་དང་། དེ་ལ་བལྟ་བ་དང་། དབུལ་བའི་གནས་དང་། དབུལ་བའི་ཚུལ་དང་། རྗེས་སུ་འབྲེལ་པ་དང་

དངོས་གྲུབ་བསྟན་པའོ། །བཛྲ་དྷཱུ་པེ། ཞེས་བྱ་བ་ལ་སོགས་པས་ནི་སྔགས་བསྟན་ཏོ། །རྒྱུ་ནི་ས་བོན་དང་རྫས་སོ། །དཀར་མོ་ལ་སོགས་པ་ནི་ལྷ་མོའི་མདོག་གོ། །སྤོས་ལ་སོགས་པ་ནི་རྫས་སོ། །ལྷ་མོ་ལ་སེམས་གཏད་པ་ནི་ལྟ་བའོ། །ཤངས་ལ་སོགས་པ་ནི་དབུལ་བའི་
གནས་སོ། །རྫས་ཕུལ་ནས་ལྷ་མོ་བསྡུས་པ་དང་། ལྷ་མོ་དང་བཅས་ཏེ་འབུལ་བ་ནི་འབུལ་བའི་ཚུལ་དུའོ། །འོད་ཟེར་གྱིས་བདག་གི་ནུས་པ་བསྐྱེད་པ་ནི་རྗེས་སུ་འབྲེལ་པའོ། །གཞན་གོ་སླ། གནས་ལྔ་ནང་དུ་དབུལ་བ་ནི་གཟུགས་ལ་སོགས་པའོ། །གནས་ལྔ་ཕྱི་རུ་
དབུལ་བ་ནི་སྤོས་ལ་སོགས་པའོ། །གནས་གཅིག་ཏུ་དབུལ་བ་ནི་ནང་དང་གསང་བའོ། །དུས་དང་རྗེས་སུ་མཐུན་པར་བྱ། །ཞེས་པ་ནི། གོང་དུ་བཤད་པ་ཉིད་དོ། །འདི་ནི་རང་བྱུང་ཞེས་པ་ལ་སོགས་པ་གོ་སླའོ། །བགད་དང་ཁྲོ་བ་ལ་སོགས་ཞེས་པ་ནི། བགད་པ་
དང་ཁྲོ་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དུང་དང་། དྲིལ་བུ་དང་། རྔ་རིངས་དང་། པ་ཊ་ཧ་དང་། ལྡོང་རུས་ལ་སོགས་པའི་གཏོར་མ་བྱིན་གྱིས་བརླབ་སྟེ་ཞེས་པ་གཏོར་མ་བཞིན་ནོ། །གཞན་གོ་སླ། གང་ཞིག་གཞན་ལ་ཇི་བཞིན་དུ། །ཞེས་པ་
ལ་སོགས་པའི་དོན་ནི་རང་གིས་རང་གི་འཁོར་ལ་མཆོད་པ་དང་། འཁོར་གྱིས་རང་ལ་མཆོད་པ་ལ་སོགས་པ། རང་གི་རྣལ་འབྱོར་པ་སོ་སོའི་དབང་དུའོ། །ད་ནི་མཆོད་པའི་དབྱེ་བ་བསྟན་པ། རྫས་ལ་བརྟེན་ནས་མཆོད་པ་དང་། །ཞེས་པ་ནི་གང་གིས་དད་པའི་སྟོབས་
ཀྱིས་རྫས་ཡིད་དུ་འོང་བ་དབུལ་བའོ། །བསམ་གཏན་ཁོ་ནས་མཆོད་པ་ནི་བསམ་གཏན་འབའ་ཞིག་གིས་མཆོད་པའོ། །གཞན་གོ་སླ། དེ་བཞིན་གཤེགས་པ་མཆོད་པ་ཡང་དངོས་སུ་ནི། དང་བ་དང་ཏིང་ངེ་འཛིན་ཏེ། དེ་བཞིན་གཤེགས་པ་ལ་སོགས་པའི་ཡུལ་
དམ་པ་མཉེས་པ་དང་། དངོས་གྲུབ་སྩོལ་བའི་ཕྱིར་རོ། །མཆོད་པ་ཡང་གང་གིས་མཆོད་པའོ། །ཡོངས་སུ་སྦྱང་བ་བྱས་པའི་མཆོད་པ་ཡང་ཡོད་དེ། དེ་ཁོ་ན་ཉིད་མཐོང་བ་རྣམས་ཀྱིའོ། །ཡོངས་སུ་སྦྱང་བ་མ་བྱས་པའི་མཆོད་པ་ཡང་ཡོད་དེ། དེ་ལས་གཞན་པ་

རྣམས་ཀྱིའོ། །རྩོལ་བ་དང་བཅས་པ་ཡང་ཡོད་དེ། གང་གིས་རྫས་ལ་སོགས་པའི་དངོས་པོ་ཚང་བར་དབུལ་བའོ། །རྩོལ་བ་མེད་པ་ཡང་ཡོད་དེ། སེམས་བསྐྱེད་པ་ལྟ་བུའོ། །བླ་ན་མེད་པའི་མཆོད་པ་ཡང་ཡོད་དེ། གང་གིས་མཚན་མ་སྤྱོད་པ་རྣམས་
ཀྱིའོ། །མཚན་མ་མེད་པའི་མཆོད་པ་ཡང་ཡོད་དེ། གང་གིས་མཚན་མ་མེད་པའོ། །འཆིང་བ་དང་ལྡན་པ་ཡང་ཡོད་དེ། ཉོན་མོངས་པ་དང་འབྲེལ་པ་རྣམས་ཀྱིའོ། །འཆིང་བ་མེད་པ་ཡང་ཡོད་དེ། གང་གིས་ཞེན་པ་མེད་པར་གྱུར་པའོ། །ཐུན་མོང་གི་མཆོད་པ་ཡང་ཡོད་དེ།
སྤོས་ལ་སོགས་པ་དང་གཟུགས་ལ་སོགས་པའི་འོ། །ཐུན་མོང་མ་ཡིན་པ་ཡང་ཡོད་དེ་ནང་དང་གསང་བར་གྱུར་པའི་མཆོད་པའོ། །བསྟན་དུ་ཡོད་པ་ཡང་ཡོད་དེ། ཇི་སྐད་བསྟན་པའི་ཏིང་ངེ་འཛིན་མ་གཏོགས་པའོ། །བསྟན་དུ་མེད་པའི་མཆོད་པའང་ཡོད་དེ། ཏིང་ངེ་འཛིན་གྱི་
མཆོད་པ་ཉིད་དོ། །འདིའི་མཆོད་པས་ཀྱང་ཡིད་དུ་འོང་བའི་རྫས་ཕུན་སུམ་ཚོགས་པ་དང་ཕུན་སུམ་ཚོགས་པ་ལ་སོགས་ཏེ། བསོད་ནམས་དམ་པ་འཐོབ་པར་འགྱུར་རོ། །མཆོད་པའི་ཚོགས་བཤད་ཟིན་ཏོ། །ད་ནི་བདུད་བརྟག་པའི་སྦྱོར་བ་བཤད་པར་བྱ་སྟེ། དང་པོ་བདུད་
འབྱུང་བའི་དུས་ནི། སྔགས་དང་བསམ་གཏན་དུས་དག་ཏུ། །ཞེས་པ་སྟེ། སྒྲུབ་པའི་སྐབས་ཡིན་པའི་ཕྱིར་གཞན་དུ་ནི་ཉན་པ་དང་བསམ་པ་ལས་འབྱུང་བར་འགྱུར་རོ། །བདུད་ཀྱང་དུ་ཞིག་ཅེ་ན། ཕྱི་དང་ནང་ན་ཡོད་པའོ། །ཞེས་པ་ཇི་སྐད་བཤད་པ་དང་དེ་ལས་གཞན་པའི་བདུད་
ཐམས་ཅད་ནི་གཉིས་པོ་འདི་ཁོ་ནར་འདུས་པའི་ཕྱིར་རོ། །གང་ཡིན་ཞེ་ན། ཕྱི་དང་ནང་ན་ཡོད་པའོ། །ཞེས་པའི་དོན་ཏོ། །ཕྱིའི་བྱེ་བྲག་ཏུ་བསྟན་པ། གཟུགས་ནི་དཀར་དམར་ལ་སོགས་པ། །ཞེས་པས་ནི། འོད་སེར་པོ་དང་ལྗང་གུ་དང་མཐིང་ག་ཡང་བཟུང་ངོ་། །གལ་ཏེ་ཡང་དག་
པའི་རྟགས་དང་བྱེ་བྲག་མེད་དོ་ཞེ་ན། གསལ་བའི་འོད་ནི་སངས་རྒྱས་ཏེ། །ཞེས་པ་དངོས་པོ་ལ་གསལ་བར་གྱུར་པ་ནི་སངས་རྒྱས་ཀྱི་འོད་དེ། དེ་ལས་བཟློག་པ་ནི་བཟློག་པའོ་ཞེའོ། །འདི་ཡང་དངོས་པོ་ལ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལྷ་རྣམས་ཀྱི་འོད་

མོག་མོག་པོར་གྱུར་པ་ལ་སོགས་པ་བརྗོད་པ་བཞིན་ནོ། །སྒྲའི་བདུད་བྱེ་བྲག་ཏུ་བསྟན་པ་ནི། རང་བཞིན་མེད་དྲིས་དམན་པ་དང་། །ཞེས་པ་ནི། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་སྟོན་པར་མི་ནུས་པའོ། །སྤྱོད་པ་ནི་མཚན་མ་ལས་སྤྱོད་པ་སྟེ་དེའི་རིགས་མ་ཡིན་པ་ལ་དེ་གཙོར་སྟོན་པ་
ནི་བདུད་དུ་ཤེས་པར་བྱའོ། །གཟུགས་ཀྱི་བདུད་བྱེ་བྲག་ཏུ་བསྟན་པ། མང་བའི་རིགས་ལ་ཉུང་བ་སྟོན། །ཞེས་པ་ནི། གང་ཞིག་མང་བ་ལ་འཕྲོད་པར་འགྱུར་བ་དེ་ལ་སྐུ་ཉུང་བར་སྟོན་ཅིང་ཉུང་བ་གཅེས་སུ་བྱེད་པ་དང་། དེ་ལས་བཟློག་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །
གཞན་གོ་སླ། ནང་གི་བདུད་ཀྱི་སྦྱོར་བ་ནི་གཉིས་ཏེ་ཞེས་ཁོང་ནས་དབྱུང་ངོ་། །གང་ཡིན་ཞེ་ན། འདུ་བ་སྐྱེ་དང་བསམ་པ་སྒྱུར། །ཞེས་པ་ཆོས་འདི་གཉིས་ཀྱི་ཏིང་ངེ་འཛིན་ལས་གཡེངས་ཏེ། དངོས་གྲུབ་ཀྱི་བར་དུ་གཅོད་པ་ཉིད་དོ། །དང་པོ་བཤད་པ། རླུང་མཁྲིས་བད་ཀན་འདུས་
པ་རྣམས། །མེད་བཞིན་སྐྱེད་པའང་བདུད་ཡིན་ནོ། །ཞེས་པ་སྔགས་དང་བསམ་གཏན་གྱི་དུས་སུ་མི་མཐུན་པའི་རྐྱེན་མ་ཚོགས་པར་རླུང་ལ་སོགས་པས་ཏིང་ངེ་འཛིན་འཁྲུག་པ་ལ་ཡང་ངོ་། །ཕྱི་མ་བཤད་པ་དམ་པ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ། དེ་ལ་སུན་དབྱུང་བ་ནི་
མི་མཐུན་པར་འཛིན་པའོ། །རྟག་ཏུ་བསམ་ལ་མི་མོས་དང་། །ཞེས་པ་ནི། བསམ་གཏན་ལ་ཉེས་པའམ་བླང་བ་མ་ཡིན་པར་བལྟའོ། །ཐ་མལ་པ་ནི་དམན་པར་གྱུར་པའི་གཟུགས་ལ་སོགས་པ་སྟེ། དེ་ལ་ཆགས་པ་ནི་ཞེན་པའོ། །ཁྲོ་བ་ནི་ཡིད་འཁྲུག་པའོ། །ཁོན་དུ་འཛིན་པ་ནི་
མདུད་པར་འཛིན་པའོ། །འཆབ་པ་ནི་ཉེས་པ་བྱུང་བ་ཁས་མི་ལེན་པའོ། །ཚིག་པ་ནི་ཚིག་བརླང་པོར་ཞེར་འདེབས་པ་ཉིད་དོ། །ཉོན་མོངས་པ་ནི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་མོ། །ཉེ་བའི་ཉོན་མོངས་པ་ནི་ཆགས་པ་ལ་
སོགས་པ་སྟེ། རང་གི་རྒྱུད་ལ་གནས་པ་ནི་མ་གཏོགས་སོ། །མིག་རྩ་རྒོད་པ་ནི་མིག་གྱེན་དུ་ཡང་དང་ཡང་དུ་བལྟ་བའོ། །འཕྱར་བ་ནི་སེམས་བསྲབ་པའོ། །གཡེམ་པ་ནི་འགྲོ་བ་བཟང་མོ་སྤྱོད་པའོ། །ཞུམ་པ་ནི་གྲུབ་པར་མི་འཛིན་པའོ། །གཡེང་བ་ནི་སེམས་ཡུལ་སྣ་ཚོགས་

སུ་འཕྲོ་བ་སྟེ། སྔ་མ་བཞིན་དུ་གནས་པའོ། །བསམ་གཏན་འཕྲོ་ལ་དམིགས་པ་གསལ་བ་ནི་གློ་བུར་དུ་བྱིང་བའོ། །ཉམས་མི་དགའ་བ་ནི་སེམས་རེག་པར་མི་གནས་པའོ། །ལོག་པ་ལ་དང་བ་ནི་མུ་སྟེགས་དང་སྔགས་རྒོད་དང་བུད་མེད་སྦྱོར་སྔགས་ལ་དད་
པའོ། །ཟས་དང་སྐོམ་ལ་སྔ་རོལ་པས་ཤས་ཆེར་འདོད་པར་གྱུར་པ་ནི་ཟས་ལ་རྟོག་པ་དང་རྟོག་པ་མ་ཡིན་པ་ལས་འདས་ནས་མྱུར་དུ་འདོད་པའོ། །ཀུན་རྫོབ་ལ་དགའ་བ་ནི་ཀུན་རྫོབ་ཀྱི་སྤྱོད་པ་ཆེན་པོ་ཆེར་བྱེད་པ་སྟེ། དོན་དམ་པའི་སྐབས་སུ་བདུད་དུ་འགྱུར་རོ། །ཁྱད་པར་ཕྱག་རྒྱར་
རང་གི་རིགས་དེ་ལ་ཉོན་མོངས་པ་སྐྱེ་བ་ནི་རང་གི་ཡེ་ཤེས་བསྐྱེད་པའི་ཕྱག་རྒྱ་མོ་ལ་ཞེ་སྡང་ཆགས་པ་དང་གཏི་མུག་སྐྱེས་པ་སྟེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ན་ཉེས་པ་ཆེར་འགྱུར་རོ། །ལོག་པའི་ཞེས་པ་ལ་སོགས་པ་ནི་གོ་སླ། འདི་དག་ཀྱང་བདུད་ཀྱིས་ལུས་སེམས་བྱིན་
གྱིས་བརླབས་ཏེ། དེ་ནས་དེར་འགྱུར་གྱིས་གཞན་དུ་ནི་མ་ཡིན་ནོ། །བདུད་རྣམས་ཀྱི་རྒྱུ་ཡང་ཆོས་ལ་མ་མོས་པ་ལ་སོགས་པ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་སྟོབས་ཀྱིས་བླ་མ་ལ་སོགས་པའི་དམ་ཚིག་ཉམས་པ་དང་། བླང་ཉེས་ཀྱི་ཆོས་དང་མ་བརྟགས་པའི་
རྫས་ལས་འབྱུང་གི་གཞན་ལས་ནི་མ་ཡིན་ནོ། །གལ་ཏེ་གཞན་ལས་ཀྱང་འབྱུང་ངོ་ཞེ་ན། དུས་ཐམས་ཅད་དུ་དེ་དང་བདེ་བ་མ་ཡིན་པ་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་པའི་ཕྱིར། ཡེ་མེད་པར་འགྱུར་བ་ཞིག་ན་དེ་ནི་མེད་དོ་ཞེས་འཆད་པར་བྱེད་དོ། །དེ་ལྟར་བདུད་ཀྱི་སླུ་བ་བརྟག་
པ་བཤད་ཟིན་ཏོ། །ད་ནི་ཡང་དག་པའི་རྟགས་བཤད་པར་བྱ་སྟེ། བདུད་ཀྱི་རྟགས་རྣམས་ལས་གཞན་པའི། །ཡང་དག་རྟགས་ནི་བཤད་བྱ་སྟེ། །ཞེས་པ་གང་དུ་རྟགས་སུ་གྱུར་ཅིང་ལོག་པའི་རྟགས་མ་ཡིན་པ་དེ་ནི་ཡང་དག་པའི་རྟགས་སུ་གྱུར་པའོ། །དེའང་དང་པོར་རྨི་
ལམ་གྱི་མཚན་མ་བརྟག་པ་བཤད་པར་བྱ་སྟེ། དེ་ལ་ཡང་དག་དོན་གྱི་བླ་མ་ནི་དེ་ཁོ་ན་ཉིད་དང་སྡོམ་པ་ཕུན་སུམ་ཚོགས་པ་སྟེ། རང་གིས་དེའི་མདུན་དུ་སེམས་བསྐྱེད་པ་དང་། དེས་དབང་བསྐུར་བ་དང་། ཆོས་འཆད་པ་དང་། ཉེས་པ་ལས་སྐྱོབ་པར་བྱེད་པའང་ཡང་དག་པའི་

མཚན་མའོ། །དམ་ཚིག་རྣམས་ནི་མི་བརྗེད་ཅིང་། །ཞེས་པ་ནི་རྨི་ལམ་དུ་ཡང་དམ་ཚིག་རྗེས་སུ་དྲན་པའོ། །རང་གི་རིགས་ཀྱི་བུ་མོ་བསྟེན། །ཞེས་པ་ནི། རང་དང་འཕྲོད་པའི་ཕྱག་རྒྱ་མ་དང་མཐུན་པར་གནས་པའོ། །གཞན་གོ་སླ། གཞན་གྱིས་མཆོད་པ་ནི་རང་ལའོ། །
གཞན་ལ་མཆོད་པ་ནི་རང་གིས་སོ། །འདི་དག་ནི་ཐུན་མོང་གི་རྟགས་སོ། །སྟོང་གསུམ་ཐམས་ཅད་མཐོང་བ་ནི། །བདེན་པ་མཐོང་བའི་ལྟས་སོ། །ཉི་ཟླའི་སྟེང་ན་འདུག་པ་ནི་ས་ཐོབ་པའི་རྟགས་སོ། །འཁོར་ལོ་ཀླད་ལ་བསྐོར་བ་ནི། །ཡང་དག་པའི་གདམས་ངག་གིས་
གཞན་གྲོལ་བར་བྱེད་པའི་རྟགས་སོ། །མཆོད་རྟེན་རྩེ་ལ་འཛེག་པ་ནི་གང་ཡང་རུང་བའི་ས་རིམ་པ་ནས་འཕྲོ་བའི་རྟགས་སོ། །གཞན་ནི་འཕགས་པ་གོས་སྔོན་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་དང་། སྒྲིབ་པ་ཐམས་ཅད་སྤོང་བར་འགྱུར་བའི་རྟགས་སོ། །གལ་ཏེ་
དེའི་མཚན་མ་ཡང་གང་གི་དུས་སུ་ངེས་ཤེ་ན། བསམ་གཏན་གྱི་དུས་ཡིན་པའོ། །གལ་ཏེ་དེའི་དུས་མ་ཡིན་པ་ལ་ཡང་འབྱུང་བ་ནི་ཞེན་པའི་དབང་གིས་ཡང་དག་འགྱུར་རོ། །དེ་ཡང་མ་ཆགས་པའི་སེམས་དང་འབྲེལ་ན་ཡིན་གྱི་མཚན་མར་འཛིན་པའི་སེམས་ལ་ནི། དེ་ལ་
མི་སྲིད་པའི་ཕྱིར་རོ། །དེ་ཡང་ཡང་དང་ཡང་བསྟན་ན་ཡིན་གྱི་རེས་འགའ་ནི་གོང་མའི་ཁྱད་པར་གྱིས་ཀྱང་འགྱུར་རོ། །དེ་ལྟར་རྨི་ལམ་གྱི་མཚན་མ་བསྟན་ནས། ད་ནི་སེམས་ཉམས་བསྟན་པའི་ཕྱིར། །གཞན་ཡང་སེམས་ཉམས་བརྟག་པ་ནི། །ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། དབང་བླང་མོས་ཞེས་པ་ནི་ཡང་དག་པའི་བླ་མ་ལ་དབང་ལེན་པ་ལ་དགའ་བ་སྟེ། གྲགས་པའི་དབང་དུ་ནི་མ་ཡིན་ནོ། །སྡོམ་པ་བསྲུང་བ་ལ་མོས་པ་ནི་སྡོམ་པ་ལ་གཅེས་སུ་བྱེད་པའོ། །སེམས་ཅན་དམན་ལ་ཚད་མེད་འབྱུང་། །ཞེས་པ་ནི། སྡུག་བསྔལ་
དང་ལྡན་པའི་སེམས་ཅན་དྲན་ནས་པ་སྤུ་ལྡང་བ་ཙམ་དུ་སྡུག་བསྔལ་ཉམས་སུ་མྱོང་བའོ། །ཡང་དག་དོན་ལ་འདོད་པ་བསྐྱེད། །ཅེས་པ་ནི། མཆོག་གི་དངོས་གྲུབ་སྟེ་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ལ་འདུན་པའོ། །སེམས་ཅན་བདག་དང་འདྲ་བར་སེམས། །

ཞེས་པ་ནི་རང་དང་ཐ་དད་དུ་མི་རྟོག་པའོ། །ང་རྒྱལ་ལ་སོགས་ཉོན་མོངས་ཆུང་། །ཞེས་པ་ནི་སྔ་མ་ལས་ཤེས་ཆུང་དུ་གྱུར་པའོ། །ཟབ་པའི་དོན་ལ་ཆོག་མི་ཤེས། །ཞེས་པ་ནི་ཆོག་པར་མི་འཛིན་པའོ། །གཞན་ནི་སྦྱིན་པའི་བྱེ་བྲག་གོ། །ལྡང་བ་ཡང་བ་ཉིད་ཟོ་མདོག་བདེ་བ་
སྟེ། ལུས་ཤིན་ཏུ་སྦྱངས་པ་ཉིད་དོ། །རང་གི་ལྟ་དང་མཐུན་པ་ལ། །འཇིག་རྟེན་རིན་ཆེན་ཚོགས་བཀང་འབུལ། །ཞེས་པ་ནི། དེ་ལྟ་བུར་ནུས་པ་སྙམ་སེམས་པའམ་འདུན་པའོ། །སོམ་ཉི་མེད་པ་ཉིད་ཡིད་ཆེས་པ་སྟེ། འདི་དག་ཀྱང་སྣོད་དུ་རུང་བ་དང་། རིགས་སུ་ངེས་པ་དང་། མཐོང་
བའི་ལམ་འཐོབ་པ་དང་། སྦྱིན་པ་ཕུན་སུམ་ཚོགས་པ་དང་། ཤིན་ཏུ་སྦྱངས་པ་རྙེད་པ་དང་། ཡང་དག་པར་ཆོས་ལེན་པར་འགྱུར་བ་ལ་མཁས་པའི་རྟགས་སོ། །འདི་དག་ཀྱང་རྐྱེན་གཞན་གྱིས་མ་སྐྱེས་པར་བསམ་གཏན་གྱི་ངང་ལས་སྔ་མ་ལས་གཞན་དུ་གྱུར་པར་འབྱུང་བའོ། །དེ་
ལྟར་སེམས་ཉམས་ཀྱི་རྟགས་བསྟན་ནས། ད་ནི་མངོན་སུམ་པའི་རྟགས་བསྟན་པའི་ཕྱིར། དངོས་པོ་རྫས་ཀྱི་ཁྱད་པར་ལས། །ཞེས་པ་ལ་སོགས་པ་སྨོས་ཏེ། བྲིས་སྐུ་ལུགས་མ་ལ་ཞེས་པ་ནི། རྟགས་བརྟག་པའི་གཞིའོ། །དེའི་རྟགས་གང་ཞེ་ན། སངས་རྒྱས་སྐུར་སྣང་རབ་ཡིན་
ཏེ། །ཞེས་པ་ནི་མངོན་སུམ་དུ་སངས་རྒྱས་ཉིད་སྣང་བའོ། །དམ་པའི་སྒྲ་འབྲིང་བཤད་ཅེས་པ་ནི། ཡང་དག་པའི་དོན་གྱི་སྒྲ་ཙམ་འབྱུང་བ་ནི་འབྲིང་ཉིད་དོ། །འོད་དང་དུ་བ་ལ་སོགས་པ། །ཞེས་པ་ནི་གཡོ་བ་དང་འགུལ་བ་དང་འཁྲོལ་བ་དག་ཀྱང་ངོ་། །བྱིན་བརླབས་འབྲས་བུ་རབ་
ཡིན་ཏེ། །ཞེས་པ་ནི། གསལ་ལ་མཛེས་པར་གྱུར་པའོ། །གཞན་གོ་སླ། མེ་དབུས་སངས་རྒྱས་ནི་མེའི་དབུས་ན་དབང་པོ་ལས་བྱུང་བའི་ཤེས་པའི་མངོན་སུམ་ལྟ་བུའོ། །སྒྲ་འབྱུང་བ་ནི་སངས་རྒྱས་ཀྱི་ཆོས་དམ་པའི་སྒྲར་འབྱུང་བའོ། །མེ་བདག་གི་དབང་དུ་འགྱུར་བ་ནི་
རང་འདོད་པར་འབྱུང་བའོ། །ལས་དང་མཐུན་པས་ནི་དེ་ཉིད་བཤད་དོ། །གཞན་གོ་སླ། སློབ་མས་ཐམས་ཅད་ཤེས་པ་ནི། གཞན་གྱི་སེམས་ཤེས་པ་ལ་སོགས་པ་སྟེ་དབང་གསུམ་པའི་དུས་སུའོ། །སྨྲ་བ་ནི་གཏན་ལ་དབབ་པར་བྱ་བ་ཐམས་ཅད་ཇི་ལྟ་བ་བཞིན་སྨྲ་བ་སྟེ།

གཉིས་པའི་དུས་སུའོ། །འགུལ་བ་དང་འཕར་བ་ནི་དང་པོའི་དུས་སུའོ། །དཀར་དམར་ལ་སོགས་ཞེས་པ་ནི་གང་གིས་སེར་པོ་དང་ལྗང་གུ་ལ་ཡང་སྟེ། གསལ་བ་དང་མི་གསལ་བ་ཡང་སངས་རྒྱས་ཀྱི་རྟགས་ཡིན་ནོ། །གང་གི་སྒོ་ནས་ཡིན་ཞེ་ན། སྒྱུ་མ་ཙམ་དུ་
བསྒོམ་པ་ལ་སོགས་པས་སོ། །སྐུ་གསུང་ཐུགས་ཀྱི་མཚན་མ་ནི། །སྐུ་ནི་རྡོ་རྗེ་དང་རྒྱ་གྲམ་རྣམས་སོ། །གང་གི་སྟོབས་ཀྱིས་གཞན་གྱུར་ཞེས་པ་ནི་སྒྱུ་མ་ཙམ་ལ་སོགས་པའི་སྒོ་ནས་གསལ་བ་དང་བརྟན་པར་འགྱུར་བའོ། །གསུང་གི་མཚན་མ་བྱེ་བྲག་ཏུ་བསྟན་པ། གང་
ཞིག་སྒྲ་ནི། སྟོང་པ་ལས་བྱུང་བའོ། །དེ་ཉིད་བྱེ་བྲག་ཏུ་བསྟན་པ་ནི། རང་དང་འཕྲོད་པའི་མན་ངག་སྟོན། །ཞེས་བྱ་བ་ལ་སོགས་པའོ། །སྐུའི་རྟགས་བྱེ་བྲག་ཏུ་བསྟན་པ་ནི། མཛེས་པའི་ལྷ་མོས་བདེ་སྟེར་དང་། །ཞེས་པ་ལ་སོགས་པའོ། །བྱང་ཆུབ་སེམས་ཀྱི་ཆུ་
འབབ་དང་། །ཞེས་པ་ལ་སོགས་པ་ནི་ཐུགས་ཀྱི་རྟགས་བྱེ་བྲག་ཏུ་བསྟན་པའོ། །གཞན་གོ་སླ། ནུས་པ་ལ་བརྟག་པ་ནི། ཡི་དགས་དབང་དུ་སྡུད་ནུས་དང་། །ཞེས་པའོ། །དེ་ཉིད་བཤད་པ་ཡི་དགས་ཟིལ་གྱིས་མནན་པ་ནི་དབང་དུ་སྡུད་པ་ཉིད་དོ། །གནད་འགྱུར་
སྨྲ་བ་མེད་པ་ནི་འོག་མས་བཤད་དོ། །དམ་ཆོས་སྔོན་དུ་བརྡར་མ་བཏགས། །ཞེས་པ་ནི་སྔར་ཤེས་པར་མ་བྱས་པ་སྟེ་ཤེས་པར་འགྱུར་བ་ལ་སོགས་པའང་ཡང་དག་པའི་རྟགས་སུ་བཤད་དོ། །འདི་ལ་ཁ་ཅིག་འདི་སྐད་ཅེས་ཡང་དག་པའི་རྟགས་ནི་འབྲས་བུ་དང་བཅས་
པའམ། ལོག་པའི་རྟགས་ནི་ཡང་དག་པའི་འབྲས་བུ་མེད་པ་ཞིག་གམ་ཞེ་ན། མུ་བཞི་སྟེ། ཡང་དག་པའི་རྟགས་ཡིན་ལ་འབྲས་བུ་དང་བཅས་པ་ཡང་ཡོད་དེ། གང་གིས་ཡང་དག་པའི་རྟགས་ཐོབ་ནས་ང་རྒྱལ་དང་སོམ་ཉི་ལ་སོགས་པ་སྤངས་པ་རྣམས་ཀྱིས་སོ། །
ཡང་དག་པའི་རྟགས་ཐོབ་ལ་འབྲས་བུ་མེད་པ་ཡང་ཡོད་དེ་ཡང་དག་པའི་རྟགས་ཐོབ་ནས་ང་རྒྱལ་དང་སོམ་ཉི་ལ་སོགས་པ་དང་ལྡན་པ་རྣམས་ཀྱིའོ། །ལོག་པའི་རྟགས་ཐོབ་ལ་འབྲས་བུ་དང་བཅས་པ་ཡང་ཡོད་དེ། གང་གིས་ལོག་པའི་རྟགས་ཐོབ་ནས་འདི་

ནི་སྒྱུ་མ་ལྟ་བུའོ། །ཆོས་ཐམས་ཅད་ནི་ཡེ་ནས་དོན་དམ་པར་གང་ཡང་མ་གྲུབ་པའོ་ཞེས་བྱ་བར་ངེས་པ་དེའི་རྗེས་སུ་ཐོབ་པ་རྣམས་ཀྱིའོ། །ལོག་པའི་རྟགས་ཀྱང་ཐོབ་ལ་འབྲས་བུ་མེད་པའང་ཡོད་དེ། དགའ་བ་དང་སྐྲག་པའི་སེམས་དང་ལྡན་
པ་རྣམས་ཀྱིའོ། །དེ་བས་ན་ཡང་དག་པའི་རྟགས་དང་ལོག་པའི་རྟགས་ཀྱིས་འབྲས་བུ་ངེས་པར་འབྱིན་པ་དང་མི་འབྱིན་པ་ཞེས་བྱ་བར་ནི་མ་གྲུབ་བོ། །ཡང་གལ་ཏེ་ཡང་དག་པའི་རྟགས་ནི་དངོས་སུ་ཡོད་པ་ཞིག་ལ་ལོག་པའི་རྟགས་ནི་མེད་པ་ཞིག་གམ། གལ་ཏེ་
དེ་ལས་བཟློག་པ་ཞིག་གམ་ཞེ་ན་མ་ཡིན་ཏེ། གང་གིས་གཉི་ག་ལའང་འཁྲུལ་པ་ཙམ་དུ་ཤེས་ན་ནི་ཡང་དག་པར་འགྱུར་གྱི། སྔོན་ཡང་གང་གིས་གཉི་གའི་ཡན་ལག་ལ་ཡོད་པ་དང་མེད་པ་བཞག་གོ། །དེ་ལྟར་ཡང་དག་པའི་རྟགས་བསྟན་ཟིན་ནས། ད་ནི་
ལོག་པའི་རྟགས་དང་བཟློག་པར་བྱ་བའི་ཕྱིར། ཡང་དག་རྟགས་རྣམས་ཐོབ་བྱ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགའ་བ་དང་ནི་མི་དགའི་སེམས། །གཉིས་དང་བྲལ་བ་བསམ་པས་བཟློག །ཅེས་པ་ནི་གང་དུ་སངས་རྒྱས་ལ་སོགས་པའི་སྐུར་
སྣང་ན་དགའ་བའམ་མི་དགའ་བའི་སེམས་བརྟན་པོར་གནས་པ་ནི་བསམ་པ་ལས་བཟློག་པ་སྟེ། འདིས་ཉེ་བར་ཞི་བར་གྱུར་པའི་ཕྱིར་རོ། །སེམས་ཀྱི་འཁྲུལ་པར་བལྟ་བ་དང་། །སྒྱུ་མ་རང་བཞིན་མེད་པ་ནི། །ཞེས་པ་བཤད་ཟིན་ཏོ། །གང་དུ་དྲི་ཆེན་ཤ་ཆེན་
དང་། །བྱང་ཆུབ་སེམས་ལ་སྤྱོད་བྱེད་པ། །ཞེས་པ་ནི། བརྟུལ་ཞུགས་ཀྱི་སྤྱོད་པས་བདུད་རྩི་ལྔ་ལ་སྤྱོད་པས་བཟློག་པར་འགྱུར་བའི་ཕྱིར་རོ། །གང་གིས་དམ་ཚིག་རྟག་ཏུ་སྲུང་། །དེ་ལ་བདུད་ཀྱི་སྦྱོར་བ་མེད། །ཅེས་པ་ནི། གང་གིས་སྡོམ་པ་ཕུན་སུམ་
ཚོགས་པར་གྱུར་ན་བདུད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །ཡི་དམ་ལྷ་ལ་ལུས་འབུལ་ཞིང་། །དམ་ཚིག་ཉམས་པ་བཤགས་པ་དང་། །ཕྱིས་ནི་སྡོམ་པ་འཛིན་བྱེད་པ། །ཞེས་པ་ནི། གང་གི་ཚེ་རང་གི་ཡི་དམ་གྱི་ལྷ་ལ་ལུས་ཕུལ་བ་ལ་སོགས་པས་

དེའི་གནོད་པ་ཞི་བར་འགྱུར་རོ། །དེ་ལ་དྲག་པོའི་སྦྱོར་སྔགས་དང་། །མི་འདའ་གསང་བའི་སྔགས་ཟློས་ཞེས་པ་ནི། དམ་ཚིག་གི་སྔགས་དང་། དྲག་པོ་ཆེན་པོ་ཁྲོ་བོའི་སྔགས་ཀྱིས་བཟློག་པའོ། །བདག་ལས་བྱུང་བའི་ཞེས་པ་རང་ལས་ཁྲོ་བོ་གདུག་
པའི་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པས་ལུས་དུམ་བུར་གཏུབས་པ་དང་། བདག་གིས་བསྐུལ་བས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསྐུལ་ཏེ། ད་ལས་འོད་མཚོན་ཆར་སྤྲོས་པས་ཞི་བར་འགྱུར་རོ། །ཡུངས་ཀར་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་
སླའོ། །ཡང་ན་བདག་ཉིད་ཁྲོ་བོ་ཡི། །མདུན་གྱི་སྙིང་དུ་སེམས་དཔའ་བསྐྱེད། །ཞེས་བྱ་བ་ལ་སོགས་པའི་དོན་ནི་གང་གིས་ཐོག་མ་ཉིད་དུ་སེམས་དཔའ་སྙིང་ག་ནས་ཕྱུང་སྟེ། དེའི་སྙིང་དུ་བཅུག་ནས་ངེས་པའི་མཚན་མ་སྟོན་ཅིག་ཅེས་ལས་བཅོལ་ཏེ། ཁྲོ་བོ་
ལས་མེ་འབར་བས་ཞི་བར་འགྱུར་རོ། །གང་ཞིག་དེའི་མགྲིན་པར་ཨཱཿདམར་པོ་བཞག་ལ་ཡེ་ཤེས་ཀྱི་ཨཱཿདམར་པོ་བཀུག་སྟེ། དེ་ནས་དེའི་གླད་པའི་ནང་དུ་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་འཁོར་ལོ་ཐོགས་པས་བསྐོར་ཏེ། སྨྲོས་ཅིག་ཅེས་བརྗོད་པས་འབྱུང་
པོ་གང་ཡིན་པ་སྨྲ་བར་འགྱུར་རོ། །ཐོད་པ་གསུམ་ནི་ཐོད་པ་རློན་པ་དང་། སྐམ་པོ་དང་དུམ་བུར་གྱུར་པའི་ཕྱག་རྒྱས་བཟློག་པའོ། །གཞན་གོ་སླ། འདི་དག་གི་དོན་ཡང་རིན་ཆེན་གོས་སྔོན་ཅན་གྱི་རྣལ་འབྱོར་གྱིས་ཐོད་པ་གསུམ་གྱིའོ། །སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་གྱིས་དམ་ཚིག་གི་ཕྱག་རྒྱའོ། །
རྡོ་རྗེ་གོས་སྔོན་པོའི་རྣལ་འབྱོར་གྱིས་ནི་རྡོ་རྗེ་སྡིགས་མཛུབ་བོ། །ལས་ཀྱི་གོས་སྔོན་ཅན་གྱི་རྣལ་འབྱོར་གྱིས་ནི་རྒྱ་གྲམ་མོ། །བདེ་གཤེགས་གོས་སྔོན་པོ་ཅན་གྱི་རྣལ་འབྱོར་གྱིས་ནི་འཁོར་ལོའི་ཕྱག་རྒྱའོ། །བཀྲ་ཤིས་འཁོར་ལོའི་སྦྱོར་བ་ཡིས། །ཞེས་པ་ནི་གཉེན་པོའི་ཏིང་ངེ་འཛིན་གྱིས་སོ། །ཇི་ལྟར་
ཞེ་ན། ཆགས་པར་གྱུར་ན་རུལ་མྱགས་དང་། །དུམ་བུ་ལང་ལིང་རྣམ་པར་བསམ། །ཞེས་བྱ་བ་ནི། འདོད་ཆགས་སྐྱེས་ན་རུལ་མྱགས་ལ་སོགས་པ་དང་། མི་གཙང་བའི་རྫས་ཉི་ཤུ་ལ་སོགས་པ་དང་ལྡན་པར་འགྱུར་རོ། །ཁྲོ་བར་གྱུར་ན་བྱམས་ལ་སོགས། །ཞེས་པ་ནི་སྙིང་རྗེ་དང་བྱམས་པ་དང་

དགའ་བ་བསྒོམ་པའོ། །གཏི་མུག་ལ་སོགས་ཆོས་རྣམས་དབྱེ། །ཞེས་པ་ནི་དགེ་བ་དང་མི་དགེ་བ་ལ་སོགས་པས་དབྱེའོ། །གཞན་གོ་སླའོ། །གལ་ཏེ་བརྡ་དང་ཕྱག་རྒྱ་ལ་སོགས་པའི་སྦྱོར་བ་སྟོན་གྱུར་ན་ཞེས་པ་ནི། བརྡ་དང་ཕྱག་རྒྱ་དང་གར་དང་གླུ་ལ་སོགས་པ་སྟོན་པའོ། །
སྙིང་ནང་ཞེས་པ་ལ་སོགས་པ་གོ་སླའོ། །དེས་གསལ་བར་གྱུར་ན། དེ་ལ་ལན་དང་བཅས་པར་བྱ། །ཞེས་པའི་དོན་ཏོ། །ཇི་ལྟ་བུར་སྟོན་ཅེ་ན། ཐབས་ཀྱིས་སྟོན་ན་ཤེས་རབ་སྟེ། །ཞེས་པ་ནི། གཡས་ཀྱིས་སྟོན་ན་གཡོན་གྱིས་སྦྱིན། །ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་མ་ཡི་སྤྱོད་པ་རྫོགས། །
ཞེས་པ་ནི་ཤེས་རབ་མའི་པདྨ་ལ་སྨྲ་བ་རོལ་པ་དང་། འཕྱང་བ་དང་། འཁྱུད་པ་དང་། འཇིབས་པ་ལ་སོགས་པས་ཞི་བར་འགྱུར་རོ། །གཉིས་འདུས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ན་བདུད་བཟློག་པ་ཡང་གང་ཞིག་སྔགས་ཟློས་པའི་དུས་ཀྱི་བདུད་ལ་དྲག་པོའི་སྔགས་དང་ཕྱག་རྒྱ་ལ་
སོགས་པས་བཟློག་པར་བྱའོ། །བསྐྱེད་པའི་རིམ་པ་ལ་གནས་པའི་བདུད་ལ་ནི། གང་གི་མཚན་མའི་ཏིང་ངེ་འཛིན་ཇི་སྐད་སྨོས་པས་ཞི་བར་བྱའོ། །རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པས་ནི་སྟོང་པ་ཉིད་ལ་སོགས་པས་ཞི་བར་བྱའོ། །ཡང་ན་སྔགས་ཟློས་པ་ནི་བསྐྱེད་པའི་ཏིང་ངེ་འཛིན་
ལ་སོགས་པའོ། །བསྐྱེད་པའི་ཏིང་ངེ་འཛིན་ལ་སྒྱུ་མ་ལྟ་བུས་སོ། །གང་གི་ཚེ་རྫོགས་པའི་ཏིང་ངེ་འཛིན་ལ་བསྐྱེད་པའི་ཏིང་ངེ་འཛིན་གྱིས་ཤེ་ན་ནི་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་རོ། །བདུད་བཟློག་པའི་ཆོ་ག་བཤད་ཟིན་ཏོ། །དེ་ལྟར་སྤྱོད་པའི་རིམ་པ་བསྟན་ཟིན་ཏོ། །
ད་ནི་ཐུན་མོང་གི་དངོས་གྲུབ་བསྟན་པར་བྱ་སྟེ། དེ་ལ་དང་པོ་འབྱུང་པོ་ཚར་གཅད་པའི་ཆོ་ག་བསྟན་པའི་ཕྱིར། གང་ཞིག་བདག་དང་གཞན་རྣམས་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལས་གཞི་ཡིད་འོང་ཞེས་པ་ནི་བཤད་ཟིན་ཏོ། །སྔོན་དུ་འགྲོ་བ་རྫོགས་པ་དང་། །ཞེས་པ་ནི། སའི་
ཆོ་ག་ལ་སོགས་པ་རྫོགས་པའོ། །གང་ལྟར་འདོད་པའི་སྐུ་བསྐྱེད་དེ། །ཞེས་པ་ནི་དབང་ཐོབ་པར་བྱས་པ་ལས་བྱུང་བའི་སྐུ་གཡོན་ན་ཕྱོགས་སྐྱོང་གི་རྒྱལ་པོ་གང་ཡང་རུང་བ་ཐོགས་པ་བསྐྱེད་པའོ། །ཞི་བ་ལ་སོགས་སོ་སོ་ཡི། །བཟླས་དང་བསྡུ་བ་རྫོགས་གྱུར་ནས། །ཞེས་པ་ནི། རང་དང་

བའི་སྐུ་མདུན་དུ་བལྟས་ཏེ། དེ་ལ་མཆོད་པ་དང་བསྟོད་པ་བྱས་ནས་གང་ཡིན་པའི་མིང་དང་ལས་ཀྱི་སྔགས་སྤེལ་ཏེ། གྲངས་བརྒྱའམ་སྟོང་དུ་རྫོགས་པ་དང་། འཁོར་ལོ་རང་ལ་བསྡུས་ཏེ། ཞི་བར་གྱུར་པའི་ཚོགས་དག་དང་། །གཏོར་མས་ཀྱང་ནི་བཟློག་པར་བྱ། །ཞེས་པ་ཐོག་མ་ཉིད་དུ་ཞི་
བའི་ཚོགས་དང་གཏོར་མས་བཟློག་པའོ། །དེ་ཡིས་འདུལ་བར་མ་གྱུར་ན། །ཞེས་པ་ནི་དེས་མ་ཞི་ན་སྟང་སྟབས་ཀྱིས་གདུལ་ཞེའོ། །དེ་ཉིད་བཤད་པ། རྐང་པ་རལ་གྲི་གཡས་པ་ལ། །ཞེས་པ་ནི་རྐང་པ་གཡས་པ་རལ་གྲི་རབ་ཏུ་འབར་བ་སྦྲུལ་དང་ཆུ་སྲིན་ལ་སོགས་པས་མཛེས་པར་བྱས་
པ་བསམ་མོ། །གཡོན་པ་ལྕགས་ཀྱུའི་སྦྱོར་བ་ཞེས་པ་རྐང་པ་གཡོན་པ་ལྕགས་ཀྱུ་རབ་ཏུ་འབར་བ་འོད་སྣ་ཚོགས་དང་ལྡན་པར་བསམ་མོ། །དེས་ཅི་བྱ་ཞེ་ན། མི་གཡོ་གཡས་གཡོན་སྟང་སྟབས་བྱ། །ཞེས་པ་མི་འགྱུར་བ་ཐ་མལ་པའི་འགྲོས་ཀྱི་ཚུལ་ལ་ཅུང་ཟད་བཏེག་ནས་དགུག་པ་
དང་གདབ་པའི་ཚུལ་བྱའོ། །སྔགས་འོག་ནས་སྟོན་ཏོ། །ལས་གཞན་བསྟན་པ། ནད་པའམ་ནི་གཟུགས་དག་ལ། །དམིགས་པ་ལེན་པར་དབབ་བྱ་སྟེ། །ཞེས་པ་ནི་འབྱུང་པོ་ནད་པའམ་གཟུགས་ལ་བསྡུའོ་ཞེས་པའི་དོན་ཏོ། །རྐང་པ་གཡས་པ་རི་རབ་ནི། །རྒྱ་གྲམ་
འབར་བས་མཚན་པའོ། །ཞེས་པ་རྐང་པ་གཡས་ཀྱི་འོག་ཏུ་རྡོ་རྗེ་རྒྱ་གྲམ་འོད་ཁ་དོག་ལྔ་དང་ལྡན་པ་འོད་ཟེར་ཕྱོགས་བཅུར་འཕྲོས་པ་དེའི་དབུས་སུ་ལཾ་ལས་ས་གཞི་རི་རབ་ལ་སོགས་པ་དང་ལྡན་པར་བསམ་མོ། །རྒྱལ་ཆེན་ཕྱོགས་སྐྱོང་གོང་མ་སྟེ། །ཞེས་པ་ནི། རི་རབ་ལ་
བསམ་པའོ། །ཁྲོ་བོ་བཞི་ནི་འོག་མ་ལ། །ཞེས་པ་ནི། བདེ་གཤེགས་གོས་སྔོན་ཅན་ལ་སོགས་པ་གྲུ་བཞི་ལ་བསམ་པའོ། །པུས་མོ་ཆུ་སྲིན་རྒྱལ་མཚན་ཏེ། །ཞེས་པ་ནི་པུས་མོ་ཆུ་སྲིན་གྱི་ཁ་ནས་བྱུང་བའོ། །གནས་ལྔར་ཁྲོ་བོ་ལྔ་པོ་བསྐྱེད། །ཅེས་པ་ནི་སྤྱི་བོ་ལ་སོགས་
པར་བདེ་གཤེགས་གོས་སྔོན་ཅན་ལ་སོགས་པ་བསམ་མོ། །གཡོན་པ་ལྕགས་ཀྱུའམ་རྡོ་རྗེ། །ཞེས་པ་ནི་རྐང་པ་གཡོན་པ་ལ་ལྕགས་ཀྱུའམ་རྡོ་རྗེ་བསྒོམ་པའོ། །དགུག་པ་ལ་སོགས་སྦྱོར་བྱས་ནས། །ཞེས་པ་ནི་དགུག་པ་དང་བཅིང་པ་བྱའོ། །སྙིང་གར་མནན་པ་ནི་ཁྲོས་

པའི་ཤུགས་ཀྱིས་འབྱུང་པོ་གཟིར་བའི་སྔགས་བཟླས་ཤིང་རྐང་པ་གཡས་པས་སྙིང་གར་མནན་ནོ། །གཞན་གོ་སླའོ། །ལས་གཞན་གྱི་སྦྱོར་བ་བསྟན་པ། ཡང་ན་སྙིང་ནང་མེ་དཔུང་བསྐྱེད། །འབར་བ་དང་ནི་སྲེག