Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 48
Văn bản gốc(Tây Tạng)
Trang 11 / 14 (50.000 ký tự/trang)
དུན་གྱི་ནུབ་མོ་རྒྱན་དང་བཅས་ངེས་པར་འོང་ངོ་། །བྱུང་བ་དང་ཆུའི་མཆོད་ཡོན་དབུལ་ལོ། །དེ་དགྱེས་ནས་བུ་བདག་གིས་ཅི་བགྱི་ཞེས་ཟེར་ན་བདག་ཉིད་རྒྱལ་པོར་གྱིས་ཤིག་ཅེས་བརྗོད་དོ། །དེས་རྒྱལ་པོ་དང་གོས་དང་རྒྱན་དང་ཟས་ལ་སོགས་པ་ རྣམས་སྟེར་བར་འགྱུར་རོ། །དཔལ་རྒྱལ་བའི་མཛེས་མ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བི་མ་ལ་སུནྡ་རི་སཱ་དྷ་ནཾ། བོད་སྐད་དུ། དྲི་མེད་མཛེས་མའི་སྒྲུབ་ཐབས། ཨོཾ་བི་མ་ལ་སུནྡ་རི་ཨ། ཞེས་སོ། །དཔལ་རྡོ་རྗེ་འཆང་གི་ལྷ་ཁང་དུ་ཀ་ར་བཱི་རའི་མེ་ཏོག་ དང་། གུ་གུལ་གྱི་སྤོས་ཕུལ་ནས་སྔགས་སྟོང་ཕྲག་བརྒྱད་བཟླས་པས་ངེས་པར་འོང་བར་འགྱུར་རོ། །བྱུང་བ་དང་། མེ་ཏོག་གི་གདུགས་དབུལ་ལ་ཁམས་བདེའམ་ཞེས་བརྗོད་ལ། བདག་གི་ཆུང་མ་གྱིས་ཤིག་ཅེས་བརྗོད་དོ། །དེས་དངུལ་ཆུ་དང་བཅུད་ལེན་དང་གྲུབ་པའི་རྫས་རྣམས་སྟེར་བ་ དང་དགྲ་ཐམས་ཅད་གསོད་པ་དང་། རྒྱབ་ཏུ་ཁུར་ནས་ལྷའི་ཡུལ་སྟོན་པ་དང་། ཚེ་ལོ་ཁྲི་ཕྲག་གཅིག་ཐུབ་པར་འགྱུར་རོ། །ལག་པ་གཡོན་པ་ཁུ་ཚུར་བཅངས་ནས་མཐེ་ཆུང་ཕྱིར་བསྐྱེད་པ་ནི་འབྱུང་མོ་རྣམས་ཀྱི་ཕྱག་རྒྱའོ། །དྲི་མེད་མཛེས་མ་ཞེས་བྱ་བའི་སྒྲུབ་ཐབས་ རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པི་ཤཱ་ཙ་པི་ལུ་པ་ཡ་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་པི་ལུའི་སྒྲུབ་ཐབས། ན་མོ་བྷ་ག་ཝ་ཏེ་པི་ལུ་པ་ཡ་པི་ཤཱ་ཙེ་ས་ཁ་བྱུངྒ་ཏེ་ས་མེ་ཀ་མ་ན་པྲ་ཡཙྪཾ་ཏུ། ཏདྱ་ཐཱ། ཧཱུཾ་ལུ་ཧཱུཾ་ལུ་པི་ཤཱ་ཙ་བ་ར་བ་ར། བ་ར་ད་བ་ར་ད། ཙུ་ལུ་ཙུ་ལུ། ཙུ་ཊུ་ཙུ་ཊུ། ན་མཿསྭཱ་ཧཱ། ཞེས་སོ། །དེ་ནས་ཚེས་བཅུ་བཞི་ལ་ཉིན་མཚན་དུ་སྨྱུང་གནས་བྱས་ལ། ཚོན་རྩི་མ་འདྲེས་པ་སྣོད་སར་པའི་ནང་དུ་བཞག་ལ་པིར་གྱིས་བྲི་བར་བྱ་བ་ནི། བྱང་ཆུབ་ཀྱི་ཤིང་གི་འོག་ཏུ་སྐྲ་གྱེན་དུ་ལངས་པ། །ཅེར་བུ་མདོག་ལྗང་གུ་མི་སྡུག་པ་མིག་དམར་པོ། ལག་པ་གཡས་པ་མཆོག་ སྦྱིན་གྱི་ཕྱག་རྒྱ་བྱས་པ། གཡོན་པས་བྱང་ཆུབ་ཀྱི་ཤིང་ལ་འཇུས་པ། དེའི་མིག་གཉིས་རང་གི་ཁྲག་གིས་ཕྱེ་ལ། དེའི་མདུན་དུ་རྩྭ་ཀུ་ཤའི་མདུན་དུ་བརྗོད་པའམ། ཡང་ན་གཞན་ཡང་རུང་སྟེ་གཅེར་བུར་བྱས་ལ། འབུམ་ཕྲག་གཅིག་བསྙེན་པ་བསྐྱལ་ཏེ། དེ་ནས་ཡུངས་ཀར་སྟོང་ཕྲག་བརྒྱད་ལ་ རྡོག་པོ་རེ་ལ་སྔགས་ལན་རེ་བཟླས་པས་སྙིང་གར་བརྒྱབ་པས་སྟོང་ཚོ་བརྒྱད་རྫོགས་པའི་རྗེས་ལ་ཚེས་བཅུ་བཞི་ལ་གཏོར་མ་ཆེན་པོ་དབུལ་ཞིང་མཆོད་པ་ཆེན་པོ་བྱའོ། །དེ་ནས་མི་སྡུག་པའི་གཟུགས་ཅན་ནམ། ཡང་ན་དྲི་ཞིམ་པོས་བྱུགས་ནས་འོང་བར་འགྱུར་རོ། །དེ་ལ་འཇིགས་པར་མི་བྱའོ། །པི་ ལུ་པ་ལ་ཞེས་པའི་གྲོགས་པོ་ཁམས་བདེའམ་ཞེས་དྲིས་ཏེ། མེ་ཏོག་དཀར་པོ་དང་ཙནྡན་དཀར་པོ་བསྲེས་པས་མཆོད་ཡོན་དབུལ་ལོ། །དེ་ནས་ཁོ་ན་རེ་བདག་གིས་ཅི་བགྱི་ཞེས་ཟེར་ན། ང་ཅི་ཟེར་ན་གྱིས་ཤིག་ཅེས་སྨྲའོ། །དེ་བཞིན་དུ་བགྱིའོ་ཞེས་ཟེར་ནས་མི་སྣང་བར་འགྱུར་རོ། །དེ་ནས་གང་ བསྒོ་བ་བྱེད་པ་དང་། མཚན་མོ་དཔག་ཚད་བརྒྱ་ནས་ཀྱང་བུད་མེད་འགུགས་པ་དང་། ཕར་སྐྱེལ་བ་དང་། གྲུབ་པའི་དངུལ་ཆུ་དང་། བཅུད་ལེན་དང་། འདོད་པའི་རྫས་དང་། བརྒྱགས་ཀྱང་སྟེར་རོ། །སྡུག་པའི་དུས་སུ་དྲན་པར་བྱས་ན་ཕྲག་པ་ལ་ཁུར་ནས་གར་འདོད་པ་དེར་སྐྱེལ་ལོ། །ཕན་པ་དང་ གནོད་པ་ཡང་བཤད་དོ། །ཁྱད་པར་དུ་ལན་གཉིས་ལན་གསུམ་དུ་བསྒྲུབས་ན་བྲམ་ཟེ་བསད་ཀྱང་ངེས་པར་འགྲུབ་བོ། །པི་ལུ་པ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པི་ཤཱ་ཙ་དྷ་ར་མ་ཎི་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་ནོར་བུ་འཛིན་པའི་སྒྲུབ་ཐབས། ན་མོ་ བྷ་ག་ཝ་ཏེ། པི་ཤཱ་ཙཱ་ཡ་ཨོཾ་ཀ་ཀ་ཎ་པི་ཤཱ་ཙ་དྷ་ར་མ་ཎི་སྭཱ་ཧཱ། ཞེས་སོ། །བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དག་ཉལ་བའི་ལག་པ་ལས་གོང་ཀ་མེད་པ་སྤར་གང་ཁྱེར་ཏེ་ཐལ་བའི་ཕུང་པོའི་ཁར་སྔགས་བཟླས་ཤིང་ཆུ་བཙགས་ཏེ། ཆུ་བཙགས་ཟིན་པ་དང་། ཀ་མེད་པར་གང་པོ་དེ་ཐལ་ བའི་འོག་ཏུ་ཕོ་ལ་བཏང་། དེ་ནས་ཏ་ལ་ཙམ་དུ་རིང་བའི་སྐྱེས་པ་གཅེར་བུ་པ་ཅིག་མཐོང་བར་འགྱུར་རོ། །དེ་ལ་འཇིགས་པར་མི་བྱའོ། །འདི་སྐད་བརྗོད་དེ། ཁྱེའུ་ཡིག་གཟུགས་ཀྱིས་ལྷ་མིན་བུག་པར་འགྲོ་བའི་གྲོགས་པོ་དང་། དངོས་གྲུབ་ཐམས་ཅད་གྲུབ་པར་གྱིས་ཤིག་ཅེས་བརྗོད་དོ། །དེ་ བཞིན་དུ་གྲོགས་པོར་གྱུར་པས་མདུན་དུ་མར་མེ་ཁྱེར་ནས་འགྲོ་བ་དང་། བར་ཆད་ཤོད་པ་དང་། འཁྲུལ་འཁོར་བཤིག་པར་འགྱུར་རོ། །ཟླ་བ་ཕྱེད་ལ་བདག་ཉིད་སྟོན་པར་འགྱུར་རོ། །དོན་གཞན་ཡང་བྱེད་པར་འགྱུར་རོ། །དྲུགས་པའི་འདྲེའི་སྒྲུབ་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་པི་ཤཱ་ཙི་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་ནག་པོའི་སྒྲུབ་ཐབས། ན་མཿཀྲྀཥྞ་པི་ཤཱ་ཙ་ཡེ་ས་ར་ས་ར་ས་སརྦ་ཨརྦན་མེ་སྭཱ་ཧཱ། ཞེས་སོ། །ཚེས་དྲུག་ནས་བརྩམས་ནས་ཟན་ལྷག་མའི་རྡོག་པོ་སྤངས་དང་ལྡན་པ་ལ་ལན་ཉེར་གཅིག་བཟླས་ནས་མཚན་མོ་འདྲེ་དེ་ལ་ དབུལ་ལོ། །ཞག་ཉི་ཤུ་རྩ་གཅིག་ནས་ཉི་མ་རེ་རེ་དོན་རེ་སྟེར་བར་འགྱུར་རོ། །དེ་དག་ཐམས་ཅད་ཟད་པར་བྱའོ། །གཏོར་མ་དང་། ཆོ་ག་ལ་སོགས་པས་མཉེས་པར་བྱས་ན་ལས་གཞན་ཡང་བྱེད་དོ་ཞེས་སོ། །འདྲེ་ནག་པོའི་སྒྲུབ་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་པི་ཤཱ་ཙི་སཱ་ར་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་ནག་པོ་སྙིང་པོའི་སྒྲུབ་ཐབས། གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། ན་མོ་ཀྲྀཥྞ་པི་ཤཱ་ཙ་ཡེ་ས་ར་ས་ར་ཧི་རི་ཧི་རི་ཨཱ་གཙྪ་ཨཱ་གཙྪ་གྲི་ཧཱུ་པི་ཎ་ཌཾ་པི་ཤཱ་ཙ་སྭཱ་ཧཱ། ཉལ་བའི་དུས་སུ་སྒོའི་སྟེང་དུ་ཁྲི་སྟན་ལ་ཟན་ལྷག་རྡོག་པོ་གཅིག་ ལ་སྔགས་ཉི་ཤུ་རྩ་གཅིག་བཟླས་པ་དབུལ་ལོ། །ཟླ་གཅིག་རྫོགས་ནས་མཐོང་བར་འགྱུར་རོ། །གྲུབ་ནས་ཉི་མ་རེ་རེ་ལ་དོན་ཉི་ཤུ་རྩ་ལྔ་སྟེར་རོ། །གྲུབ་ཟིན་ནས་ཚེས་བརྒྱད་དང་བཅུ་བཞིའམ་ཉི་ཤུ་དགུ་ལ་ཟན་ལྷག་རྡོག་པོ་གཅིག་ལ་སྔགས་བཟླས་ལ་དབུལ་ལོ་ཞེས་སོ། །འདྲེ་ ནག་པོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པི་ཤཱ་ཙ་ཧ་ན་མ་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་མོ་ཧ་ན་མའི་སྒྲུབ་ཐབས། ཨོཾ་ཧ་ན་ནེ་ཚིན་ནི་ཧི་ལི་ཧི་ལི་སྭཱ་ཧཱ། ཞེས་སོ། །བསྟན་པའི་རྒྱུན་མ་ཞེས་བྱ་བའི་སྒྲུབ་པ་ནི། བ་རུ་རའི་ཤིང་གི་འོག་ཏུ་ཐུན་གསུམ་དུ་བརྒྱ་རྩ་བརྒྱད་ བརྒྱ་རྩ་བརྒྱད་བཟླས་པས། ལྷ་མོའི་གཟུགས་ཅན་མའི་འདྲེ་མོ་འོང་བར་འགྱུར་རོ། །དེས་འཇིག་རྟེན་གསུམ་ན་ཅི་ཡོད་པ་རྣམ་པར་ཤོད་པར་བྱེད་ཅིང་། དི་ན་ར་སྟོང་ཕྲག་སྟེར་རོ། །ཧ་ན་མ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨ་ལུ་ཀ་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། ཨ་ལུ་ཀ་ཞེས་བྱ་བའི་སྒྲུབ་ཐབས། ཨོཾ་ཨ་ལུ་ཀེ་པེ་ལུ་ཀེ་གྲྀཧྞ་པི་ཎ་ཌཾ་པི་ཤཱ་ཙ་ནི་སྭཱ་ཧཱ། བསྙེན་པ་འབུམ་ཕྲག་གཅིག་བཟླས་ལ། དེ་ནས་སྒྲུབ་པ་བརྩམ་པར་བྱས་ཏེ་རང་ཟན་ཟ་བའི་ཕུད་ལ་སྔགས་ལན་བདུན་བཟླས་ཏེ་རྒྱབ་ཏུ་བོར་ན། ཞག་བདུན་ནས་རང་གི་རྣ་བར་གཏམ་གཤོད་དུ་འོང་ངོ་། ། གལ་ཏེ་སྒྲུབ་པ་དང་པོ་ལ་མ་བྱུང་ན་ཡི་ཆད་པར་མི་བྱ་སྟེ། སྒྲུབ་པ་གཉིས་ལ་བྲམ་ཟེ་བསད་ཀྱང་གྲུབ་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །དེ་མ་ཡིན་ན་དཔལ་རྡོ་རྗེ་འཆང་གི་བཀའ་བཅག་པས་མགོ་གས་སམ་འཆི་བར་འགྱུར་རོ། །ཨ་ལུ་ཀ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཨ་ལ་གུཔྟ་སཱ་དྷ་ནཾ། བོད་སྐད་དུ། ཨ་ལ་གུཔྟ་ཞེས་བྱ་བའི་སྒྲུབ་ཐབས། ཨོཾ་ཨ་ལ་གུཔྟེ་གྲྀཧྞ་པི་ཎ་ཌཾ་པི་ཤཱ་ཙི་ནི་སྭཱ་ཧཱ། ཞེས་སོ། །ཟླ་བ་གཅིག་ཟན་ལྷག་གི་ཆང་བུ་ལ་སྔགས་བཟླས་ནས་གོང་ནས་གོང་བཞིན་དུ་སྒྲུབ་པ་བྱས་ན་དི་ན་ར་རེ་རེ་སྟེར་རོ། །ཨ་ལ་གུཔྟ་ ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཁར་མུ་ཁཱི་སཱ་དྷ་ནཾ། བོད་སྐད་དུ། བོང་བུའི་གདོང་ཅན་མའི་སྒྲུབ་ཐབས། ཨོཾ་ཁ་ར་མུ་ཁཱི་པི་ཤཱ་ཙི་ནི་ཧི་ཧི་ད་ད་པ་ཡ་སྭཱ་ཧཱ། ཞེས་སོ། །ཟླ་བ་གཅིག་ཏུ་ཟན་ལྷག་གི་ཆང་བུ་ལ་སྔགས་ཉེར་གཅིག་བཟླས་ཏེ་བསྒྲུབ་པ་བྱས་ ན་པ་ཎི་ཉི་ཤུ་སྟེར་རོ། །བོང་བུའི་གདོང་ཅན་མའི་སྒྲུབ་ཐབས་རྫོགས་སོ།།༄༅༅། །རྒྱ་གར་སྐད་དུ། ཨ་ལུམྦི་ནི་པི་ཤཱ་ཙི་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་ཨ་ལུམྦི་ནིའི་སྒྲུབ་ཐབས། ཨོཾ་ལུམྦི་ནི་བི་ལུམྦི་ནི་སྷཾ་ཤ་པི་ཤཱ་ཙ་ནི་སྭཱ་ཧཱ། ཞེས་སོ། །ཁྱིམ་སྟོང་པར་ནག་པོའི་ཕྱོགས་ཀྱི་ཚེས་གཅིག་ ནས་མགལ་བའི་མེ་བྱས་ཏེ། ལས་ཐམས་ཅད་པའི་ཐབ་ཁུང་དུ་རང་གི་ཁྲག་དང་། རང་བྱུང་བའི་ཁྲག་དང་། སྒོག་སྐྱ་དང་། བྱི་ལའི་བྲུན་དང་། ཆང་དང་། ཐོད་པ་དུམ་བུ་ལྔ་པ་དང་། བ་གླང་གི་ཁྲག་གིས་བྱུགས་པའི་སེང་ལྡེང་གི་སོ་ཤིང་སྟོང་ཕྲག་གཅིག་ལ་བཀའ་བསྒོ་ཞིང་གཅེར་བུར་བྱས་པས་སྦྱིན་ སྲེག་བྱས་ཏེ་མཐོང་ནས་མའམ་སྲིང་མོར་གྱུར་ཏེ། ནིས་ཀ་བཅུ་དྲུག་སློང་ན་བརྒྱད་སྟེར་རོ། །རང་གི་ཁྲག་དང་ཆང་བསྲེས་པས་མོ་བྱུང་བའི་དུས་སུ་མཆོད་ཡོན་ཕུལ་ལོ། །ཨ་ལུམྦི་ནི་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨུཙྪུཥྨཱ་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། ཨུཙྪུཥྨཱ་ཞེས་བྱ་བའི་སྒྲུབ་ཐབས། ཨོཾ་ཨུཙྪུཥྨཱ་ཡཻ་སྭཱ་ཧཱ། ཞེས་སོ། །འདིའི་ཆོ་ག་ནི་ཉའི་དུས་ནས་ཕྱི་མའི་ཚེས་བཅུ་བཞིའི་བར་དུ་བསོད་སྙོམས་བསླངས་པའི་ཟན་ལ་ཆང་བུ་གཅིག་ལ་སྔགས་བཟླས་ལ་རང་བཟའ། གཉིས་པ་ལ་བཟླས་ལ་ཆུ་ལ་མར་བསྒྱུར་ལ་བཏང་། ཞག་ཉེར་གཅིག་ན་ གདོལ་པ་མོའི་གཟུགས་སུ་བྱས་ནས་སྒྲུབ་པོ་ལ་ལུང་སྟོན་ཏེ། དེ་ལ་སྐྱུག་བྲོ་བར་མི་བལྟའོ། །དེ་ནས་རང་གི་གཟུགས་ཀྱིས་གནས་ཏེ་མའམ་སྲིང་མོའམ་ཆུང་མར་གྱུར་ཏེ་དམ་བཅའ་བྱས་ནས་རྗེས་སུ་འབྲང་བར་འགྱུར་རོ། །ཚོགས་བསགས་པའི་གང་ཟག་གིས་ཞག་བདུན་ན་འགྲུབ་བོ། །བསོད་ ནམས་ཆུང་བས་ཀྱང་ཞག་ཉི་ཤུ་རྩ་གཅིག་གིས་བྲམ་ཟེ་བསད་དུ་ཟིན་ཀྱང་འགྲུབ་པར་འགྱུར་རོ། །གྲུབ་ནས་དི་ན་ར་ལྔ་ཉི་མ་རེ་རེ་ལ་སྟེར་རོ། །ཟན་གྱི་ཆང་བུ་སྟེར་བའི་དུས་སུ་མི་མེད་པར་ཟན་བཟའ། མཚན་མོ་གཅིག་པུར་ཉལ་བར་བྱའོ། །ཨུཙྪུཥྨཱ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཀྵུ་ཀྵུ་སེ་རི་ཀུནྡ་རི་སཱ་དྷ་ནཾ། བོད་སྐད་དུ། ཀྵུ་ཀྵུ་སེ་རི་ཀུནྡའི་སྒྲུབ་ཐབས། ན་མོ་པི་ཤཱ་ཙ་ནི་ཀྵུ་ཀྵུ་སེ་རི་ཀུནྡ་རི་སྭཱ་ཧཱ། ཞེས་སོ། །དུར་ཁྲོད་ཀྱི་སོལ་བས་ཁང་པའི་ཤར་ཕྱོགས་ཀྱི་རྩིག་པ་ལ་འདྲེ་མོའི་གཟུགས་བྲིས་ཏེ། དེའི་ནང་མེ་མི་གཏང་བར་བྱས་ཏེ་ཉི་མ་ རྒས་པ་དང་གཟུགས་དེའི་མདུན་དུ་འདུག་སྟེ། དེའི་མགོ་ལ་ལག་པ་བཞག་ལ་བརྒྱད་ཀྱིས་ལྷག་པའི་སྟོང་ཕྲག་གཅིག་བཟླས་ནས། དེའི་དྲུང་དུ་ཉལ་བས་ཞག་དང་པོ་ལ་དུར་ཁྲོད་ཀྱི་དྲི་སྣོམ་པར་འགྱུར་རོ། །གཉིས་པ་ལ་ཨ་ག་རུ་ལ་སོགས་པ་བདུག་སྤོས་ཀྱི་དྲི་སྣོམ་པར་ འགྱུར་རོ། །གསུམ་པ་ལ་ལུས་ལ་རེག་བྱ་འཇམ་པ་སྐྱེད་པར་བྱེད་དོ། །དེ་ལ་མི་འགུལ་བར་ཤིང་སྡོང་ལྟར་བསྡད་དེ་དེ་རང་ནུབ་མོ་ནས་འགྲུབ་པར་འགྱུར་བས། འགྲོན་བུ་པ་ནི་བརྒྱད་སྟེར་རོ། །ཀྵུ་ཀྵུ་སེ་རི་ཀུནྡའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པི་ཤཱ་ཙེ་ཀརྞ་གྲྀ་ཧ་སཱ་དྷ་ ནཾ། བོད་སྐད་དུ། ཤ་ཟ་མོ་རྣ་བ་འཛིན་པའི་སྒྲུབ་ཐབས། ཨུཙྪུཥྨཱ་པི་ཤཱ་ཙི་ཀརྞ་གྲྀཧྞ་སྭཱ་ཧཱ། ཞེས་སོ། །ཉི་མ་རྒྱས་པའི་དུས་ཚོད་ལ་སྦུན་པ་སྤར་དོ་ཁྱེར་ནས་དབེན་པའི་སར་བོར་ལ་གཏང་ངོ་། །ཞག་ཉི་ཤུ་རྩ་གཅིག་གི་དུས་སུ་འདྲེ་མོ་འོང་བར་འགྱུར་རོ། །དེ་མི་སྡུག་པའི་གཟུགས་སྟོན་ན་དེ་ ལ་འཇིགས་པར་མི་བྱའོ། །སྔགས་ཟློས་ཤིང་དེ་དང་གཏམ་སྨྲའོ། །སྐད་ཆུང་བར་བྱའོ། །དེ་ནས་དེ་ན་རེ་བདག་གིས་ཅི་བགྱི་ཞེས་ཟེར་ན། བདག་ལ་གྲུབ་པར་གྱིས་ཤིག་ཅེས་བྱའོ། །དེ་ནས་དེ་ན་རེ་བདག་ལ་གཏོར་མ་བྱིན་ཞེས་ཟེར་ན་དུར་ཁྲོད་དུ་ཕྱིན་ནས་བལ་སྲན་གྱི་གཏོར་མ་དབུལ་ལོ། ། དེ་ནས་གཏེར་སྟོན་པ་དང་། བློ་འཕེལ་བའི་རྫས་དང་། གཞན་ཡང་འདོད་པ་ཐམས་ཅད་སྟེར་བ་དང་། ཐམས་ཅད་སྲུང་བར་བྱེད་པའི་འདྲེ་མོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བི་ཤཱ་པི་ཀྲྀཥྞ་མུ་ཁ་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་ཁ་ནག་མའི་སྒྲུབ་ཐབས། ཨོཾ་ཏ་ ཏི་ལེ་ཏ་ཏི་ལེ་ཀྲྀཥྞ་མུ་ཁེ་མ་ཧཱ་པི་ཤཱ་ཙི་དེ་ཧི་ད་དཱ་ཧི་སྭཱ་ཧཱ། བསྙེན་པ་འབུམ་ཕྲག་གཅིག་བཟླས་ཏེ། དེ་ནས་ཚེས་བཅུ་བཞི་ནས་ཟན་ལྷག་མའི་ཆང་བུ་ལ་སྔགས་ལན་བདུན་བཟླས་ཤིང་ཟླ་བ་གཅིག་གི་བར་དུ་སྦྱིན་ནོ། །ནམ་ཕྱེད་ལ་བཟླས་པ་མང་དུ་བྱ། དེ་ནས་ཚེས་བཅུ་བཞིའི་མཚན་མོ་ཐོག་ ཐག་བཟླས་པ་བྱ། ནམ་ཕྱེད་དམ་ཡང་ན་ཐོ་རངས་ཀ་འགྲུབ་པར་བྱེད་དོ། །ཉི་མ་རེ་རེ་དི་ན་ར་བཅུ་བཅུ་སྟེར་རོ། །འདྲེ་མོ་ཁ་ནག་མའི་སྒྲུབ་ཐབས་རྫོགས་སོ།། །། གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །གནོད་སྦྱིན་མོ་ལ་སོགས་པ་དེ་རྣམས་ཀྱི་མཐུས། ཉི་མ་རེ་ལ་ཇི་ཙམ་ལག་ཏུ་བླངས་པ་དེ་ ཐམས་ཅད་གསོག་འཇོག་མི་བྱ་བར་ལོངས་སྤྱད་ཅིང་ཟད་པར་བྱའོ། །གཞན་ལ་ཡང་མི་བཤད་དོ། །དེ་ལྟར་མ་བྱས་ན་འགྲུབ་པར་མི་འགྱུར་རོ། །དེ་དག་ཐམས་ཅད་ཀྱི་དམ་ཚིག་ཕྱག་རྒྱ་སོ་སོར་གསུངས་པའོ། །ཡང་ན་དེ་དག་ཐམས་ཅད་རྡོ་རྗེའི་རིགས་ཁོ་ནས་འདུག་པས། རྡོ་རྗེའི་རིགས་ཀྱི་ ཕྱག་རྒྱ་ཁོ་ན་བྱ་བ་ནི་ཐམས་ཅད་ལ་ཁྱད་མེད་པའི་ཕྱིར་རོ། །རྡོ་རྗེ་བསྡམས་པ་བྱས་ནས་ནི། །ཁྲོས་པའི་བསམ་པས་བཅིང་བར་བྱ། །མཐེ་བོ་རྡོ་རྗེ་བརྟན་པས་མནན། །འདི་ནི་ཁྲོ་བོའི་ཕྱག་རྒྱར་དྲན། །ཞེས་སོ། །འདི་རྣམས་ཀྱི་རིམ་པ་ཇི་ལྟ་བས་ལན་བདུན་ཚུན་ཆད་ཀྱིས་གལ་ཏེ་མ་གྲུབ་ན་དེའི་ཚེ་ ཁྲོ་བོའི་རྒྱལ་པོའི་སྔགས་སྦྱར་ཏེ། སྟོང་ཕྲག་ཙམ་རྟོག་པ་ལས་གསུངས་པའི་གྲངས་ཀྱིས་ངེས་པར་འགྲུབ་པར་འགྱུར་རོ། །དེ་ལ་སྦྱར་བ་ནི། ཨོཾ་ཡ་མཱནྟ་ཀ་ཨོཾ་བྷོ་ག་བ་ཏི་སྭཱ་ཧཱ་ཧཱུཾ། དེ་བཞིན་དུ་གཞན་གྱི་ཡང་སྔགས་རྣམས་སྦྱར་ལ་བཟླས་པར་བྱའོ། །དེ་ལྟར་བྱས་ཀྱང་མ་གྲུབ་ན། བདག་གིས་བྱས་ པའི་གནོད་སྦྱིན་མའི་མངོན་རྟོགས་ཀྱི་ཚུལ་གྱིས་འདིར་བསྒྲུབ་པར་བྱའོ། །དེ་བཞིན་དུ་གཞན་གྱི་ཡང་བྱ་བ་དང་སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་ལས་བསྟན་པའི་སྒྲུབ་ཐབས་ཐམས་ཅད། དཔལ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པས་བསྙེན་པ་བསྐྱལ་བ་དང་། དགུག་པ་ལ་སོགས་པ་དང་ མཆོད་པ་རྣམས་ཆོ་ག་བཞིན་དུ་བྱས་ཏེ། བསྒོམ་པས་བསྒྲུབ་པར་བྱའོ། །དེ་ལས་སྐྱོན་བཟླས་པས་བསྒྲུབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་རྣམས་རྣལ་འབྱོར་ཆེན་པོའི་ནང་ནས་གསུངས་པའི་སྒྲུབ་ཐབས་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ན་ཐེག་པ་ གཞན་ལ་ཡང་གནས་པའི་སྒྲུབ་ཐབས་སྒྲུབ་པར་བྱེད་པ་ལ་ཐེ་ཚོམ་དུ་མི་བྱའོ། །སྔགས་རྣམས་ཡིད་བཞིན་ནོར་བུ་ལྟར་བསྒྲུབས་པའི་འབྲས་བུ་གཅིག་ཏུ་མ་ངེས་པས་སོ་ཞེས་སོ། །བྱ་བ་སྤྱོད་པ་རྣལ་འབྱོར་རྣམས། །དེ་རྣམས་དོན་ལ་ཁྱད་མེད་ཀྱང་། །སེམས་ཅན་བསམ་པ་ཐ་དད་ཕྱིར། ། དེ་བཞིན་ཕྱེ་ནས་བསྟན་པའོ། །འགྲོ་ལ་ཕན་པ་དེ་ཉིད་ཀྱིས། །འགྲོ་ཀུན་སྒྱུ་མ་ལྟར་གསུངས་ཀྱང་། །ཁྲུས་ལ་སོགས་པ་དག་འདོད་པ། །དེ་ལ་ཅི་ཕྱིར་བདག་མེད་བཤད། །སྣ་ཚོགས་ཐབས་ཀྱི་རྒྱན་རྣམས་ནི། །སྙིང་རྗེའི་རོ་དང་ལྡན་པས་ནི། །དེ་ཕྱིར་བྱང་ཆུབ་སེམས་དཔའ་ཡིས། །སྒྱུ་ མའི་གདན་ནི་བསྟན་པའོ། །བྱ་བ་སྤྱོད་པ་རྣལ་འབྱོར་ལ། །གང་ཞིག་བློ་ནི་ཆགས་གྱུར་པས། །དེས་ནི་ཚོགས་བསག་ཁྱད་པར་དུ། །དེ་ལས་གསུངས་པའི་ལས་བྱའོ། །དཔའ་བོའི་འཁྲུགས་པས་གཞན་འཇོམས་སམ། །ཡང་ན་འབྲོས་པ་ལེགས་པ་ཡིན། ། གཉིས་པོ་སྤངས་པའི་སྤྱོད་པ་དེ། །དགོས་པ་མེད་པར་ལྟུང་བའི་ཕྱིར། །རྒྱུད་རྒྱལ་རྒྱ་མཚོའི་ནང་ནས་ཤིན་ཏུ་རིན་ཆེན་ཆོ་ག་འདི། །འགྲོ་ལ་ཕན་ཕྱིར་དཔལ་ལྡན་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་བཏོན། །དེ་ཕྱིར་འདི་ལས་རང་གཞན་དོན་དུ་རབ་ཏུ་སྒྲུབ་པར་གྱིས། །སྐབས་དོན་ཕན་པ་འདོད་པ་འདི་ ལས་ཐོས་པར་མི་འགྱུར་རམ། །འདི་ཉིད་བྱེད་པ་སེམས་ཀྱི་རྣམ་པ་ཐམས་ཅད་ཀྱིས། །ལུས་ཅན་རྣམས་ཀྱི་སེམས་ནི་རང་དབང་སྤྲོས་པ་ལ། །སྲིད་པ་དེ་སྲིད་ཐར་པ་རབ་ཏུ་ཁྱད་པའི་ཕྱིར། །བློ་ཡི་ནོར་ལྡན་བླ་མ་དག་ལ་ཐོགས་འགྱུར་རམ། །སྐྱེ་ཤི་ནད་ཀྱི་ཆུ་རླབས་འཁྲུགས་པའི་ཕྲེང་བ་ཅན། ། སྲིད་ཆུའི་སྟེར་ལས་སྐྱེ་བོའི་བསོད་ནམས་འདིར་ཐོབ་ཤོག །བདག་ཀྱང་འཇམ་པའི་རྡོ་རྗེའི་སྐུར་ནི་རབ་གྱུར་ཏེ། །སྲིད་པ་གསུམ་ལ་ཕན་བྱེད་ཇི་སྲིད་ནམ་མཁའི་དབྱིངས། །བཟང་ངན་རྣམ་པར་དཔྱོད་པའི་རང་བཞིན་གྲུབ་མཐའ་དང་། །འཇམ་དཔལ་ཞབས་ཀྱི་པདྨའི་རྡུལ་ཚོགས་མགོས་ལེན་ ཅིང་། །སྡིག་པ་ཕྲ་ཞིང་ཆུང་ལའང་འཇིགས་པ་རབ་ཏུ་འཛེམ། །ཐོས་དང་སྙིང་རྗེ་སྦྱིན་དང་བཟོད་པ་དེས་ཚིམ་པའི། །ཤེས་རབ་སྐྱོང་གིས་དཔལ་ལྡན་གཤིན་རྗེ་གཤེད་ཚོགས་བསྟན། །གཤིན་རྗེ་གཤེད་ཀྱི་ཡིད་བཞིན་གྱི་ནོར་བུའི་ཕྲེང་བ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །། རྒྱ་གར་ཤར་ཕྱོགས་བྷངྒ་ལའི་པཎྜི་ཏ་དཱ་ན་ཤཱི་ལ་ཞེས་བྱ་བས་གནས་བྱིན་གྱིས་བརླབས་པ་དྲང་སྲོང་སྲིན་པོ་རིར་རང་འགྱུར་དུ་བྱས་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་རཀྟ་ཡ་མཱ་རི་སཱ་དྷ་ནཱ་མ། བོད་སྐད་དུ། དཔལ་གཤིན་རྗེའི་གཤེད་དམར་པོའི་སྒྲུབ་ཐབས་ཞེས་བྱ་བ། འཇམ་པའི་ དབྱངས་ལ་ཕྱག་འཚལ་ལོ། །གང་གིས་དང་པོར་བདུད་བཞི་བཅོམ་ནས། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་དུ། །མཁའ་ལ་སྤྲིན་བྲལ་ཉི་ཤར་ཇི་བཞིན། །ཕྲིན་ལས་གཡེལ་བ་མེད་དེས་སྐྱོངས་ཤིང་། །སྡུག་བསྔལ་སྣ་ཚོགས་འདམ་གྱིས་གོས་པའི། །འཁོར་བའི་རྒྱ་མཚོའི་ཕ་མཐར་ འཕེན་བྱེད། །བསྐྱེད་རྫོགས་ཟུང་འཇུག་གུ་འདིར་འཇུག་ལ། །བརྩེ་བའི་སེམས་ཀྱིས་འབད་པར་བྱེད་དོ། །དེ་ཉིད་ཉམས་སུ་ལེན་པར་འདོད་པའི། །རྣལ་འབྱོར་གང་དེས་དབེན་པའི་གནས་སུ། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བྱས་ནས། །ཀུན་རྫོབ་ཆོས་ཀྱིས་སྟོང་པའི་ངང་ལས། ། སྲུང་བའི་འཁོར་ལོ་ཆོས་འབྱུང་དབུས་སུ། །བཞི་བཅས་དྲུག་ཅུའི་འདབ་ལྡན་ཆུ་སྐྱེས། །སྟེང་དུ་འབྱུང་བཞི་འདུས་པའི་རྡོ་རྗེ། །རྒྱ་གྲམ་ལྟེ་བ་ལ་གནས་བྷྲཱུཾ་ལས། །བྱུང་བ་རྣམ་པར་ཐར་པའི་ཁང་པ། །སྟེང་འོག་ཕྱོགས་སུ་མཉམ་པའི་གྲུ་བཞི། །སྒོ་བཞི་སྒོ་ཁྱུད་སྒོ་འགྲམ་ལོགས་ལྡན། །བཅུ་ དྲུག་ཀ་བའི་སྟེང་ན་མཛེས་པའི། །རྟ་བབས་སྣམ་བུའི་བང་རིམ་རྣམས་ལ། །མི་འམ་ཅི་སོགས་བུ་མོ་སྒེག་ཅིང་། །མཛེས་པའི་རྒྱན་ལྡན་རྣམས་ཀྱིས་གླུ་ལེན། །རླུང་གིས་བསྐྱོད་པའི་ཉི་ཟླ་དང་བཅས། །རིན་ཆེན་ཕྲེང་ལྡན་དུ་མ་རྣམས་དང་། །བླ་རེ་བ་དན་གླང་སེང་ཀ་རྒྱན། །གདུགས་དང་རྒྱལ་ མཚན་རི་དགས་དང་ལྡན། །འཁོར་ལོ་སོགས་ཀྱིས་ལོགས་ལ་མཛེས་ཤིང་། །འཁོར་ལོའི་རྩེ་ནས་རིན་ཆེན་སྣ་ཚོགས། །ཕ་གུ་སོགས་ཀྱིས་ཁོར་ཡུག་བརྒྱན་པ། །འདོད་པའི་སྣམ་བུ་ལྷ་མོར་བཅས་ཤིང་། །ཀ་བ་བརྒྱད་ལྡན་རྡོ་རྗེའི་གདུང་བཞིས། །བཏེག་པའི་ཐོག་ལ་ཉི་ཟླ་རྡོ་རྗེས། །ཀུན་ ནས་མཛེས་པའི་འོག་གི་གཞི་དེར། །སྣ་ཚོགས་པད་ཉི་མ་ཧེའི་གདན་ལ། །ཧཱུཾ་ལས་བྱུང་བའི་བཅོམ་ལྡན་འདས་ནི། །རཱ་གའི་མདངས་ལྡན་ཞལ་གཅིག་ཕྱག་གཉིས། །གཡས་པའི་ཕྱག་ན་དབྱུག་པ་མི་མགོ །རྡོ་རྗེ་བསྣམས་ལ་ཨོཾ་སོགས་ཡི་གེས། །རིམ་པར་མཚན་པ་མཁའ་ལ་འཕྱར་ ཞིང་། །གཡོན་པ་བདུད་རྩིས་གང་བའི་ཐོད་པས། །རང་དང་འདྲ་བའི་ཡུམ་ལ་འཁྱུད་པ། །གཡས་བརྐྱང་ཐལ་བའི་རྒྱ་སྤངས་ཐོད་པ། །སྐམ་པོའི་དོ་ཤལ་འཕྱང་ཞིང་འཁྱུད་པ། །གཡས་བསྐུམ་གཡོན་བརྐྱང་མ་ཧེའི་རྭ་དང་། །ཚང་ར་བརྫིས་ནས་བདུད་དཔུང་ཟིལ་གནོན། །ཞལ་གདངས་མཆེ་ གཙིགས་ཁྲག་གི་ཐིགས་པ། །འཛག་ཅིང་སྤྱན་གསུམ་དམར་པོ་འཁྲུག་པ། །སྐྲ་དང་སྨ་ར་སྨིན་མ་གྱེན་བརྫེས། །གར་དགུའི་ཉམས་ལྡན་རྒྱན་ཀུན་དམར་པོ། །དར་དང་སྟག་སོགས་གོས་ཀྱིས་གཡོགས་པ། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན། །སངས་རྒྱས་ཀུན་དང་གཉིས་མེད་ བཞུགས་པ། །དེ་ཡི་ཐུགས་ཀའི་ཧཱུཾ་གི་འཕྲོ་འདུས། །ཡེ་ཤེས་སྤྱན་དྲངས་དགུག་གཞུག་བྱས་ལ། །སངས་རྒྱས་རྣམས་ཀྱིས་བདག་ལ་དབང་བསྐུར། །ལྷག་པའི་ཆུ་ལ་མི་བསྐྱོད་རྡོ་རྗེ། །རང་ལུས་ལས་བྱུང་ལྷ་མོ་རྣམས་ཀྱིས། །མཆོད་བསྟོད་བདུད་རྩིས་ཚིམ་པར་བྱས་ནས། ། ཧཱུཾ་ལས་བྱུང་བའི་སྤྲོ་བསྡུའི་བཟླས་པས། །སེམས་ཅན་དོན་ཀུན་རྫོགས་པར་བྱས་ལ། །སླར་ཡང་ཐམས་ཅད་ཧཱུཾ་ལ་བསྡུས་ཏེ། །ཕྲ་མོའི་རྣལ་འབྱོར་རྣམ་བཞིས་རྒྱས་གདབ། །ཆུ་ལ་ཉ་ལྡང་ཇི་བཞིན་ཚུལ་དུ། །ཟུང་འཇུག་སྐུར་ལངས་ཐུན་མཚམས་བྱ་བ། །མ་ལུས་བྱེད་པ་སངས་རྒྱས་ལམ་ཡིན། ། དགེ་བ་འདི་དང་དགེ་གཞན་མ་ལུས་པ། །གཅིག་ཏུ་བསྡུས་ནས་ཟུང་དུ་འཇུག་པའི་སྐུ། །གཤིན་རྗེ་གཤེད་དཔལ་གོ་འཕང་ཐོབ་གྱུར་ནས། །འགྲོ་ཀུན་རྣམ་མཁྱེན་ས་ལ་འགོད་པར་ཤོག །བཅོམ་ལྡན་འདས་གཤིན་རྗེའི་གཤེད་དམར་པོའི་སྒྲུབ་ཐབས་ལམ་གྱི་སྙིང་པོ་ཞེས་བྱ་བ་མཁས་ཤིང་གྲུབ་པ་ བརྙེས་པའི་རྣལ་འབྱོར་ཆེན་པོ་བུདྡྷ་ཛྙཱ་ན་པཱ་ད་ས་ཨུ་ག་ཡ་ན་འབར་བའི་ཕུག་ཏུ་ཌ་ཀཱི་ཤྭ་རི་བཛྲ་ཝཱ་རཱ་ཧཱི་ཉིད་ལས་དངོས་སུ་ཐོབ་ནས་ལྷག་པའི་བསམ་པ་རྣམ་པར་དག་པས་ཡི་གེར་བྱས་པ་རྫོགས་སོ།། །།ཡུལ་དབུས་ཀྱི་པཎྜི་ཏ་ཨཱ་ནནྡ་བྷ་དྲ་དང་བོད་ཀྱི་ལོ་ཙཱ་བ་སེ་ཚ་བསོད་ནམས་རྒྱལ་མཚན་གྱིས་གྲོང་ཁྱེར་ ཆེན་པོ་ཏི་ར་ཧ་ཏེའི་ལྷོ་ཕྱོགས་རང་བྱུང་གི་མཆོད་རྟེན་རྣམ་པར་དག་པའི་དྲུང་དུ་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་བསྒྱུར་ཅིང་བཅོས་ཏེ་གཏན་ལ་ཕབ་པ། སླར་ཡང་གྲུབ་ཐོབ་ཀརྞ་ཤྲཱིའི་ཞལ་སྔ་ནས་གནས་བརྟན་ཉི་མ་རྒྱལ་མཚན་གྱིས་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ཏྲཻ་ཀཱ་ཡ་ཝཱ་ཀ་ཙིཏྟཱ་དྷིཥྛ་ནོ་དེ་ཤ་ནཱ་མ། བོད་སྐད་དུ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ངག་ཅེས་བྱ་བ། བཅོམ་ལྡན་འདས་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །སློབ་དཔོན་དམ་ཚིག་སྡོམ་ལྡན་པས། །ལེགས་བཤམས་མདུན་དུ་མཎྜལ་ ལ། །ལྷག་པའི་ལྷ་བསམ་ཕྱི་ནང་གི། །མཆོད་བསྟོད་གསོལ་གདབ་བྱས་རྗེས་སུ། །བདག་མདུན་ཐ་དད་མེད་པར་བྱ། །སྤྱི་བོ་མགྲིན་པ་སྙིང་ག་དང་། །ནུ་མའི་བར་དུ་ཡི་གེ་བཞི། །དེ་ལས་འོད་འཕྲོས་ཕྱོགས་བཅུ་ཡི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡེ་ཤེས་ བསྡུ། །ཡོན་ཕུལ་གསོལ་གདབ་བྱས་པ་ཡིས། །སློབ་མ་རྗེས་སུ་གཟུང་བར་བྱ། །ཡི་གེ་བཞི་ལས་བདུད་རྩིའི་རྒྱུན། །སློབ་མའི་གནས་བཞིར་རིམ་གྱིས་དབབ། །དེ་ཡི་མཐུ་དང་ནུས་པ་ཡིས། །སྣང་གསལ་བདེ་དང་རོ་གཅིག་པ། །རིམ་བཞིན་ཉམས་སུ་མྱོང་བ་ཡིས། །ལུས་ངག་ཡིད་གསུམ་ བག་ཆགས་བཅས། །མ་ལུས་སྤངས་ནས་རྡོ་རྗེ་བཞིའི། །དངོས་གྲུབ་གཡོ་མེད་ཐོབ་པ་ན། །བདེ་ཆེན་འདི་ནི་བདེ་བ་ཆེ། །འདི་ལས་གཞན་པའི་བདེ་བ་གང་། །གཞན་དུ་ཡོད་པ་མ་ཡིན་ཞེས། །རྡོ་རྗེའི་དགྲ་ཡིས་རྣམ་པར་བསྒྲག །དེ་རྗེས་ཕྱག་རྒྱས་མཎྜལ་དབུལ། །ཕྲ་མོའི་རྣལ་འབྱོར་རྣམ་ བཞི་ཡིས། །གཉིས་སུ་འཛིན་པའི་འཁྲི་ཤིང་བཅད། །ནམ་མཁའ་ལྟ་བུར་མཐའ་དབུས་སྤང་། །འདི་ལྟར་འབད་པའི་དགེ་བ་ཡིས། །ཐམས་ཅད་ཕྱག་རྒྱ་ཆེན་པོར་ཤོག །སློབ་མ་རྗེས་སུ་གཟུང་བ་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ངག་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ ཀྱིས་མཛད་པ་རྫོགས་སོ།། །།ཡུལ་དབུས་ཀྱི་པཎྜི་ཏ་ཨཱ་ནནྡ་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་བ་སེ་ཚ་བསོད་ནམས་རྒྱལ་མཚན་གྱིས་གྲོང་ཁྱེར་ཆེན་པོ་ཏི་ར་ཧ་ཏེའི་ལྷོ་ཕྱོགས་རང་བྱུང་གི་མཆོད་རྟེན་རྣམ་པར་དག་པའི་དྲུང་དུ་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་བསྒྱུར་ཅིང་བཅོས་ཏེ་གཏན་ལ་ཕབ་པའོ། ། སླར་ཡང་གྲུབ་ཐོབ་ཀརྞ་ཤྲཱིའི་ཞལ་སྔ་ནས་མཉན་ཏེ་ཐར་པ་ལོ་ཙཱ་བ་གནས་བརྟན་ཉི་མ་རྒྱལ་མཚན་གྱིས་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ཆེན་པོར་དག་པར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏྲཻ་སཏྭ་ས་མཱ་དྷི་ས་མཱ་པཏྟི་ནཱ་མ། བོད་སྐད་དུ། སེམས་དཔའ་གསུམ་གྱི་ཏིང་ངེ་འཛིན་ ལ་མཉམ་པར་གཞག་པ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བསྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ཀྱིས། །རིམ་གཉིས་རྣམ་པར་གནས་ནས་ནི། །སྤྲོས་པ་མེད་པའི་རང་བཞིན་ལ། །སྤྲོས་དང་སྤྲོས་མེད་རོ་མཉམ་ བལྟ། །ལམ་གྱི་སྙིང་པོར་བསྟེན་པ་ལྟར། །གཏི་མུག་དུས་དགྲའི་སྐུ་སོགས་སུ། །དཀྱིལ་འཁོར་རྒྱས་བསྡུས་རྣལ་འབྱོར་པས། །གཙོ་བོ་འཕོ་བའི་ཚུལ་དུ་བསམ། །བརྟན་ནས་ཡེ་ཤེས་སེམས་དཔའ་ནི། །ཉི་འོད་འཕྲོས་པ་ཕྱོགས་བཅུར་ཁྱབ། །དངོས་ཀུན་དུས་དགྲའི་སྐུར་ཐལ་ནས། ། བསྡུས་ཏེ་བདག་ལ་ཐིམ་གྱུར་པས། །བདག་ཉིད་ཡར་ཐིམ་ཐིག་ལེར་གྱུར། །ཐིག་ལེར་ཡེ་ཤེས་འཁོར་ལོ་དགོད། །དེ་ཡི་འོད་ཀྱི་ཕྲེང་བ་ཡིས། །བདག་སོགས་ལྷ་རྣམས་གསལ་བར་བལྟ། །ཏིང་འཛིན་སེམས་དཔའི་རྣལ་འབྱོར་རིམ། །སྙིང་གའི་ཡ་ཡིག་དབུས་ ཀྱི་ཧཱུཾ། །སྤྲོ་དང་བསྡུ་བའི་རྣལ་འབྱོར་གྱིས། །ཇི་ལྟར་དབུགས་རླུང་མེ་ལོང་ལ། །ཐིམ་པ་ཇི་བཞིན་ཧཱུཾ་ཡིག་བསམ། །ཆུ་སྐྱེས་པདྨའི་ལྟེ་བའི་ཧཱུཾ། །ཡུངས་ཀར་ཚད་ཙམ་ཨ་ལ་ཐིམ། །སྣང་བ་འོད་གསལ་ངང་དུ་རྫོགས། །དང་བའི་ཆུ་ལས་ཉ་ལྡང་བཞིན། །ཐམས་ཅད་སྟོང་པའི་ཏིང་འཛིན་ ལས། །མཐའ་དྲུག་དཀྱིལ་འཁོར་རྫོགས་པ་ནི། །རྟག་ཆད་བདག་གཞན་མ་ཡིན་ལ། །འཁོར་འདས་དུས་གསུམ་རྣམ་པར་སྤངས། །ཕྱི་རོལ་གཟུགས་སོགས་ཡུལ་སྣང་རྣམས། །བུ་གའི་ལྷ་ཡི་སྙིང་གར་བསྡུ། །ནང་གི་རྣམ་རྟོག་ལྷ་སྐུ་རྣམས། །མེ་ཤེལ་ལྟ་བུར་སྙིང་གར་ཐིམ། ། འོད་ཟེར་སྟེང་འོག་མ་ལུས་པ། །སྐར་མདའ་ལྟ་བུར་རབ་འཕྲོས་པས། །ནམ་མཁའི་བུ་ག་རབ་འབྱམས་ཁྱབ། །རྣལ་འབྱོར་བཞི་ཡི་རིམ་པ་ལས། །གང་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །མཁའ་ལྟར་རང་རིག་སྟོང་པ་ཉིད། །རོ་གཅིག་མཁའ་མཉམ་ཡེ་ཤེས་བསྒོམ། །ཐོག་མཐའ་དབུས་ ཀྱི་དབྱེ་བ་ཡིས། །འདིར་ཡང་གཅིག་ཏུ་ཡོད་མིན་ཏེ། །རྡུལ་ཕྲན་ལ་ནི་ཆ་མེད་ཕྱིར། །དུ་མར་ཡང་ནི་གྲུབ་པ་ཡིན། །གཅིག་དང་དུ་མའི་རང་བཞིན་དུ། །གང་ཞིག་བྲལ་ཏེ་ཆོས་ཉིད་ཡིན། །འཁྲུལ་པ་གཉིས་འཛིན་ཡིན་པའི་ཕྱིར། །སེམས་ཀྱི་རང་བཞིན་འཁྲུལ་པ་མེད། །བསྐྱེད་རིམ་སྤྲོ་ བསྡུས་སེམས་རྟོགས་དོན། །རོ་གཅིག་གྱུར་པ་ཆོས་ཀྱི་དབྱིངས། །དེ་ལ་བྱང་ཆུབ་མངོན་རྟོགས་མེད། །དངོས་པོར་མ་གྲུབ་བསྒོམ་པ་མིན། །ཁམས་ཀྱང་མིན་ཞིང་རྣམ་ཤེས་མིན། །ནམ་མཁའི་དཀྱིལ་དང་མཚུངས་པ་ཉིད། །ནམ་མཁའ་ལྟ་བུར་བདག་མེད་པའི། །ཆོས་ནི་བདེ་བ་ ཆེན་པོའོ། །འབྱུང་བཞི་མ་ཡིན་ནམ་མཁའ་མིན། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིན། །བསྐྱེད་པ་འདི་ལ་རབ་ཏུ་གནས། །ཀུན་རྫོབ་དངོས་ཀུན་དངོས་པོ་མིན། །དེ་ཕྱིར་དེ་ལ་དངོས་མེད་བསྒྲག །རྣལ་འབྱོར་སེམས་ཀྱི་སེམས་རིག་པ། །རྟག་ཆད་ཕྱག་ཞལ་སྐུ་མདོག་དང་། །གཉིས་ འཛིན་དངོས་ཀུན་བདེན་མོད་ཀྱང་། །འགག་མེད་ཉམས་ལ་སྣ་ཚོགས་སྣང་། །དེ་ལྟར་རིག་བྱས་དཀྱིལ་འཁོར་མཆོག །ཕུང་པོ་ཁམས་སུ་བདག་མེད་པ། །བདེ་བ་དམ་པའི་གཟུགས་ཅན་བསྒོམ། །སེམས་དཔའ་གསུམ་གྱི་རྣལ་འབྱོར་བཞི། །གཉིས་འཛིན་འཁྲུལ་པ་བཟློག་པའི་ཕྱིར། །མཁའ་ འགྲོའི་མན་ངག་འདིར་བརྗོད་དོ། །སྤྲོས་པ་ཐམས་ཅད་རབ་ཞི་ནས། །སྤྲོས་མེད་ཡེ་ཤེས་མངོན་སུམ་དུ། །འགྲོ་བ་ཀུན་གྱིས་མྱོང་གྱུར་ནས། །དུས་དགྲ་མངོན་དུ་བྱེད་གྱུར་ཅིག །བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱི་བསྐྱེད་རྫོགས་ཟུང་དུ་འཇུག་པའི་མན་ངག་སེམས་དཔའ་གསུམ་གྱི་ཏིང་ངེ་ འཛིན་ལ་མཉམ་པར་གཞག་པ་ཞེས་བྱ་བ། རྡོ་རྗེ་ཕག་མོས་དངོས་སུ་བྱིན་གྱིས་བརླབས་པ། མཁས་ཤིང་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ་རྫོགས་སོ།། །།ཡུལ་དབུས་ཀྱི་པཎྜི་ཏ་ཨཱ་ནནྡ་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་བ་སེ་ཚ་བསོད་ནམས་རྒྱལ་ མཚན་གྱིས་གྲོང་ཁྱེར་ཆེན་པོ་ཏི་ར་ཧ་ཏིའི་ལྷོ་ཕྱོགས་རང་བྱུང་གི་མཆོད་རྟེན་རྣམ་པར་དག་པའི་དྲུང་དུ་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་བསྒྱུར་ཞིང་བཅོས་ཏེ་གཏན་ལ་ཕབ་པ། སླར་ཡང་གྲུབ་ཐོབ་ཀརྞ་ཤྲཱིའི་ཞལ་སྔ་ནས་མཉན་ཏེ་ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱིས་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ཆེན་པོར་ བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཤྲཱི་ཡ་མ་ཨཱ་ཡུཿཀཱ་ལ་སཱ་དྷ་ན་ནཱ་མ། བོད་སྐད་དུ། འཕགས་པ་དཔལ་གཤིན་རྗེ་ཚེ་བདག་ནག་པོ་སྒྲུབ་པའི་ཐབས་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་སྤྲུལ་སྐུའི་ཐབས་ཀྱིས་འགྲོ་དོན་མཛད། །ཕྲིན་ ལས་རྣམ་བཞི་ལམ་ལ་བྲོད་པ་བསྐྱེད། །བསྐྱེད་རྫོགས་ལམ་གྱི་ཕྲ་རགས་རྟོག་པ་བཟློག །བཅོམ་ལྡན་གཤིན་རྗེ་གཤེད་ལ་ཕྱག་འཚལ་ནས། །སྒྲུབ་ཐབས་གསལ་བ་ཉིད་དུ་བརྗོད་པར་བྱ། །དད་དང་སྙིང་རྗེས་འགྲོ་བའི་དོན་མོས་ཤིང་། །དཀྱིལ་འཁོར་འདི་ཉིད་དུ་ནི་དབང་ཐོབ་པས། །ཤིང་གཅིག་ དུར་ཁྲོད་ལ་སོགས་གནས་སུ་ནི། །སོ་ཕག་རོ་རས་ལ་སོགས་སྟན་ལ་འདུག །དྲག་པོའི་མཆོད་གཏོར་ལ་སོགས་གཞུང་བཞིན་བཤམ། །སྙིང་རྗེ་ལ་སོགས་ཚད་མེད་བཞི་བསྒོམས་ལ། །ཀུན་ལ་སྒྱུ་མའི་སེམས་ཀྱིས་གནས་པར་བྱ། །སྟོང་པའི་ངང་ལས་སྣོད་གྱུར་གཞལ་ཡས་ཁང་། །ཐོད་ མཁར་དུར་ཁྲོད་བཅས་པ་བསྒོམ་པར་བྱ། །བཅུད་གྱུར་ཡ་ལས་འོད་འཕྲོས་གཤིན་རྗེ་ནི། །དབུས་སུ་ཆོ་བདག་ཡུམ་དང་བཅས། །རྩ་བའི་ལྷ་ལྔ་གཤེད་བཞི་དང་། །གཡས་སུ་འཆི་བདག་གཡོན་དུ་ནི། །སྲོག་བདག་དམར་པོ་བསྒོམ་པར་བྱ། །སྔགས་བརྗོད་པ་ལས་ལྷ་རྣམས་ བསྐྱེད། །དེ་ནས་མཆོད་ཡོན་བྱིན་གྱིས་བརླབ། །བདུད་རྩི་ལྔ་ཡི་ཨརྒྷ་དང་། །ཚིལ་ཆེན་སྤོས་ལ་དུག་མེ་ཏོག །ཏིལ་ཆེན་མེ་མར་ཁྲག་ཆེན་དྲི། །ཤ་ཆེན་བཤོས་ལ་ཐོད་པའི་རྔ། །འདོད་ཡོན་ལྔ་རུ་རབ་ཏུ་བརྟག །གཏོར་མ་དཔའ་བོའི་སྟོན་མོ་ཡང་། །ཅི་འབྱོར་ཆོ་གས་བྱིན་བརླབ་བྱ། །དེ་ ནས་ཡེ་ཤེས་སྤྱན་དྲང་བ། །མ་ལུས་སེམས་ཅན་མགོན་གྱུར་པ། །ཚུར་གཤེགས་ཚུར་གཤེགས་ཁྲོ་བདག་གཙོ། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཐུགས་དམ་དབང་གིས་བརྟན་པར་བཞུགས། །ཨོཾ་ཡ་མ་བཛྲ་ཀྲོ་དྷ་ཨི་ཨ་ར་ལི་ཧྲིཾ་ཧྲིཾ། ཞེས་པས་མདུན་དུ་སྤྱན་དྲངས་ལ། ཡིད་ཀྱིས་ཕྱག་བྱ་བསྟོད་པ་བརྩམ། །གདུག་པ་འདུལ་མཛད་གཤིན་རྗེའི་གཤེད་ཀྱི་ལྷ། །སྦྲུལ་དང་ཐོད་རློན་སྣ་ཚོགས་འཛིན། །འཇིགས་བྱེད་དཔའ་བོའི་སྐུ་ལ་ཕྱག་འཚལ་བསྟོད། །ཛཿཧཱུཾ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན། ཞེས་པས་ལྷ་རྣམས་རང་ལ་བསྟིམ། །འདོད་ཡོན་ཕྱི་ནང་གསང་ བའི་མཆོད་པས་མཆོད། །ཕུད་དང་དཔའ་བོའི་སྟོན་མོས་མཉེས་པར་བྱ། །མཆོད་པའི་ལྷ་མོ་དཔག་མེད་ནམ་མཁའ་ལ། །མཆོད་དང་བསྟོད་པ་བྱེད་པར་བསམ་པར་བྱ། །སྡིག་བཤགས་སྨོན་ལམ་ལ་སོགས་རྒྱས་པར་བྱ། །དེ་ནས་བསྐྱེད་པའི་རིམ་པ་གསལ་བཏབ་སྟེ། །བརྟན་པ་ཉིད་ དུ་བསྒོམ་པར་བྱ། །སྐྱོ་ན་ངག་གི་བཟླས་པ་བརྩམ། །བཅུ་གསུམ་བརྒྱ་དང་བཞི་ལ་སོགས། །ལས་མཐུན་པ་ཡི་བཟླས་པ་བྱ། །ཕྲ་མོའི་རྣལ་འབྱོར་བསྒོམ་འདོད་ན། །བྱང་ཆུབ་སེམས་གནས་དབུ་མའི་མགོར། །གདོད་ནས་དག་པའི་ཐིག་ལེ་ལ། །ཨ་ཤད་ནཱ་ད་བཅས་པ་བསྒོམ། །རི་ བོང་ཅན་ལ་བཅུ་གསུམ་སྔགས། །རབ་ཏུ་བསྐོར་བར་བསྒོམ་པར་བྱ། །ཁམས་གསུམ་གཟུགས་ལ་རབ་ཏུ་རྡུལ། །འགྲོ་འོང་སྔགས་ཀྱིས་བརྗོད་པས་འགོག །ཐུན་བཞི་ལ་སོགས་རིམ་པ་ཡིས། །ཇི་ལྟར་བརྟན་གྱི་བར་དུ་བསྒོམ། །དུད་པ་ལ་སོགས་རྟགས་ཟད་ནས། །སྤྲིན་མེད་ ནམ་མཁའ་དངས་པ་ན། །མཐར་ཐུག་འོད་གསལ་ཞེས་བརྗོད་དོ། །བདག་དང་གཞན་དོན་མོས་པ་ཡིས། །ལམ་ལ་བྲོད་པ་བསྐྱེད་པའི་ཕྱིར། །ཕྲིན་ལས་རྣམ་བཞི་བརྩམ་པར་བྱ། །བསྐྱེད་པའི་འཁོར་ལོ་བསྒོམ་པར་བྱ། །རང་སྙིང་འཁོར་ལོ་རྩིབས་བརྒྱད་ལ། །དབུས་སུ་ཨོཾ་ཡིག་དཀར་པོ་ བསྒོམ། །རྩིབས་བརྒྱད་འབྲུ་བརྒྱད་བསམ་པར་བྱ། །ཨོཾ་ལས་འོད་ཟེར་དཀར་བྱུང་བས། །འབྲུ་བརྒྱད་དག་ལ་ཕོག་པར་འབར། །འབྲུ་བརྒྱད་དག་ལས་འོད་འཕྲོས་པས། །དབུས་ཀྱི་ཧཱུཾ་ཡིག་གསོ་བསྐྱེད་བྱ། །བཟླས་པ་ཚང་ནས་རྟགས་བྱུང་ན། །དྲག་པོའི་ལས་ལ་སྦྱར་བར་བྱ། །ཨོཾ་གྱུར་འོད་ཟེར་ དམར་ནག་འཕྲོས། །འབྲུ་བརྒྱད་སྔགས་རྒྱལ་རབ་ཏུ་ཕོག །འོད་ཟེར་འཕྲོས་དང་འཁོར་ལོ་ནི། །དམིགས་པས་དྲངས་ནས་བསྒྲལ་བར་བསམ། །འཚིག་དང་ཁྲོ་སྙིང་འདོད་པ་དང་། །མངོན་སུམ་ཉིད་དུ་ཁུགས་པ་ན། །མནན་དང་སྲེག་པའི་ལས་བྱའོ། །སྦྱོར་བ་བྱང་ཆུབ་སེམས་ཀྱིས་ཟིན། ། དངོས་གཞིའི་ཏིང་འཛིན་བར་ཆོད་མེད། །རྗེས་ལ་བདག་མེད་རྣལ་འབྱོར་བྱ། །ནམ་མཁའི་ངང་དུ་གསད་བྱའོ། །དེ་རྣམས་ཀུན་ནས་བཏུས་པ་ཡིས། །རྒྱུད་དང་འདྲ་བའི་སྒྲུབ་ཐབས་འདི། །བླ་མའི་ཞབས་པད་བརྟེན་པས་བླང་། །གཞན་དུ་འཁྲུལ་འཁོར་རྩོམ་པ་ན། །འབྲས་བུ་མེད་ཅིང་བརླག་ པར་འགྱུར། །སྒྲུབ་ཐབས་སྦྱོར་བ་འདི་བརྩམས་པས། །འགྲོ་ཀུན་འཇམ་རྒྱལ་ཉིད་གྱུར་ཅིག །བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཚེ་བདག་ནག་པོའི་སྒྲུབ་ཐབས་རྫོགས་སོ།། ༄། །བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དངོས་གྲུབ་བསྒྲུབ་དང་བར་ཆད་བསལ་བའི་ཕྱིར། ། གཏོར་མའི་ལས་ལ་རྣལ་འབྱོར་འབད་པར་བྱ། །ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ནི། །བར་སྣང་ལ་གནས་བསམ་པར་བྱ། །ཨ་ལས་བྱུང་བའི་ཐོད་པ་ནི། །དེ་ཡི་འོག་ཏུ་བསམ་པར་བྱ། །བདུད་རྩི་ཨོཾ་གྱིས་མཚན་པ་ནི། །དེ་ཡི་ནང་དུ་བསམ་པར་བྱ། །གོ་ཀུ་ད་ཧ་ན། བི་ཤུ་ར་མ་མུ། ཧཱུཾ་ཁཾ་ཛྲཱྀཾ་ཨཱཾ་བྷྲཱུཾ། རཾ་ལས་ མེ་ཡི་དཀྱིལ་འཁོར་ནི། །ཐོད་པའི་འོག་ཏུ་བསམ་པར་བྱ། །ཡཾ་ལས་རླུང་གི་དཀྱིལ་འཁོར་ནི། །མེ་ཡི་འོག་ཏུ་བསམ་པར་བྱ། །གོ་ལས་ཤར་དུ་བ་གླང་ཤ །ཀུ་ལས་ལྷོ་རུ་ཁྱི་ཡི་ཤ །ད་ལས་ནུབ་ཏུ་རྟ་ཡི་ཤ །ཧ་ལས་བྱང་དུ་གླང་ཆེན་ཤ །ན་ལས་དབུས་སུ་ཤ་ཆེན་བསམ། །བི་ལས་ཤར་དུ་དྲི་ཆེན་ བསམ། །ཤུ་ལས་ལྷོ་རུ་བྱང་ཆུབ་སེམས། །ར་ལས་ནུབ་ཏུ་རང་བྱུང་མཚལ། །མ་ལས་བྱང་དུ་དྲི་ཆུ་བསམ། །མུ་ལས་དབུས་སུ་སྨན་ཆེན་བསམ། །ཤར་དུ་བྷྲཱུཾ་ལ་ལྷོ་རུ་ཨཱཾ། །ནུབ་ཏུ་ཛྲཱྀཾ་ལ་བྱང་དུ་ཁཾ། །དབུས་སུ་ཧཱུཾ་ཡིག་རྣམ་པར་བསམ། །སྟེང་དུ་རྡོ་རྗེ་རྒྱ་གྲམ་བསྒོམ། ། ཡཾ་ལས་རླུང་བྱུང་མེ་སྦར་ལ། །ཐོད་པ་དྲོས་པས་བདུད་རྩི་ཁོལ། །རླངས་ལས་འོད་བྱུང་རིགས་ལྔ་བསྐུལ། །ཡེ་ཤེས་བདུད་རྩི་ཕབ་ལ་བསྟིམ། །རྡོ་རྗེ་ཡིག་འབྲུ་བཅས་པ་ཞུ། །འབྲུ་གསུམ་སྔགས་ཀྱིས་བྱིན་གྱིས་བརླབ། །གཉིས་སུ་མེད་པའི་མཆོད་པ་དབུལ། །མཆོད་བསྟོད་སྨོན་ལམ་ རྒྱས་པར་བྱ། །ཨོཾ་ཡ་མ་ཀཱ་ལ་སརྦ་ཏུ་པ་སཏ་མ་ཧཱ་བ་ལིཾ་ཨི་དམ་གྲྀཧྞ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཏོར་མ་དབུལ་ལོ། །བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །སྒྲིབ་དང་བར་ཆད་ཉེ་བར་བསལ་བའི་ཕྱིར། །ཁྲུས་ཀྱི་སྣོད་དག་མདུན་དུ་བརྟན་པར་བྱ། །ལྟོ་ལྡིར་མགྲིན་པ་ཕྲ་བའི་བུམ་པ་ ལ། །ཁ་ཚར་མ་ཉམས་རས་ཀྱིས་མགུལ་ཆིངས་བྱ། །འབྲས་བུ་ལོ་འདབ་མ་ཉམས་ཁ་རྒྱན་ཅན། །ལུས་ངག་ཡིད་གསུམ་དག་པར་བྱ་བའི་ཕྱིར། །དཀར་གསུམ་མངར་གསུམ་ལྡན་པའི་ཆུ་ཡིས་དགང་། །ཕུང་པོ་ལྔ་པོ་དག་པར་བྱ་བའི་ཕྱིར། །འབྲུ་སྣ་ལྔ་ཡི་སྙིང་པོ་ལྡན་པར་བྱ། །ཡན་ལག་ལྔ་ པོ་དག་པར་བྱ་བའི་ཕྱིར། །སྨན་སྣ་ལྔ་ཡི་དྲི་དང་ལྡན་པར་བྱ། །ཡེ་ཤེས་ལྔ་པོ་རྫོགས་པར་བྱ་བའི་ཕྱིར། །རིན་ཆེན་ལྔ་ཡི་སྙིང་པོ་ལྡན་པར་བྱ། །བདག་ལུས་ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། །བྷྲཱུཾ་ལས་བུམ་པ་གཞལ་ཡས་ཁང་ཆེན་བསམ། །དབུས་སུ་ཡ་ལས་བཅོམ་ལྡན་གཤིན་རྗེའི་གཤེད། ། གཤེད་བཞི་འཁོར་དང་ཕྱི་རོལ་བཅས་པ་བསྐྱེད། །གཟུངས་ཐག་རང་གི་སྙིང་གར་བཟུང་ནས་ནི། །ཏིང་ངེ་འཛིན་གྱིས་སྔགས་ཀྱི་བཟླས་པ་བྱ། །རང་གི་སྙིང་གའི་ཧཱུཾ་ལས་འོད་འཕྲོས་པས། །སྐུད་པའི་ལམ་ནས་ཡབ་ཀྱི་ཐུགས་ཀར་ཞུགས། །ཚུར་ལ་འཕྲོས་པས་རང་གི་ཧཱུཾ་ལ་ཐིམ། །བཅུ་གསུམ་ སྔགས་ལ་རྟེན་འབྲེལ་བཏགས་པ་བཟླས། །འོད་དང་དུ་བ་བྱུང་བྱུང་བསྙེན་པ་བྱ། །བསྙེན་པ་ཐོན་ནས་གཙང་བའི་དབུས་འདུས་ནས། །ཡབ་ཡུམ་གཉིས་མེད་སྙོམས་པར་ཞུགས་པ་ཡིས། །བྱང་ཆུབ་སེམས་ཀྱི་ཆུ་ཡིས་ཁྲུས་བྱའོ། །ཁྲུས་ཀྱི་ཆོ་ག་སྒྲིབ་པ་སྦྱོང་ཞིང་བར་ཆོད་བསལ་བ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཡ་མ་ཨཱ་ཡུ་ཀཱ་ལ་མཎྜ་ལ་བི་དྷིཿ། བོད་སྐད་དུ། དཔལ་གཤིན་རྗེ་ཚེ་བདག་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག །བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་མུན་པ་གཏན་བཅོམ་ཞིང་། །གསང་བའི་འོད་ཀྱིས་བདེ་བ་སྐྱེད་བྱེད་པ། ། ཐུགས་རྗེའི་བདག་ཉིད་འཇམ་རྒྱལ་རྡོ་རྗེ་ལ། །ལུས་ངག་ཡིད་གསུམ་དང་བས་ཕྱག་འཚལ་ནས། །གསང་སྔགས་ལམ་གྱི་སྒྲོན་མ་འདི་ཉིད་ལ། །མོས་དང་དད་པ་གང་ཞིག་ཡོད་པ་ཡི། །རྣལ་འབྱོར་བརྩོན་པ་རྣམས་ལ་ཕན་བྱའི་ཕྱིར། །དཀྱིལ་འཁོར་ཆོ་ག་འདི་ཉིད་བཤད་པར་བྱ། །བླ་མ་མཁས་ ཤིང་རྟོགས་ལྡན་དམ་ཚིག་ལྡན་པ་དང་། །བརྩེ་དང་བསམ་གཏན་བསྒོམས་པས་བྱིན་རླབས་ཞུགས་པ་དང་། །དམན་སྤངས་དད་པས་འགྲོ་བ་ཡང་དག་འདྲེན་པ་སྟེ། །འདི་ནི་བླ་མའི་འོས་ཏེ་འགྲོ་བའི་དོན་བྱེད་པའོ། །བླ་མ་ལ་གུས་རྟོག་མེད་སྙིང་རྗེ་ཅན། །རྟག་ཏུ་ཆོས་འདོད་དད་པ་བརྟན་འགྱུར་ཞིང་། །བཟོད་ལྡན་ བཏང་ལ་སྤྲོ་བའི་གང་ཟག་ནི། །འདི་ནི་རྗེས་སུ་གཟུང་འོས་སློབ་མའི་འོས། །ཆུ་གླིང་དུར་ཁྲོད་ལ་སོགས་དབེན་གནས་སུ། །རྫས་དང་ཡོ་བྱད་འཚོགས་པར་བསྙེན་པ་བརྩམ། །མཎྜལ་བྱི་དོར་མེ་ཏོག་བཀྲམ་བྱས་ལ། །མཆོད་པ་ལྔ་དང་གཏོར་མ་ཆ་གསུམ་བཤམ། །བླ་རེ་ལ་སོགས་རྒྱན་རྣམས་ དགྲམ་པར་བྱ། །བདེ་བའི་སྟན་ལ་འདུག་པས་རྣལ་འབྱོར་བྱ། །བྱང་ཆུབ་སེམས་བསྐྱེད་ཚད་མེད་བཞི་པོ་བསྒོམ། །ཡན་ལག་བདུན་པོ་ཡོངས་སུ་རྫོགས་པར་བྱ། །འགྲོ་དོན་གསོལ་གདབ་སྨོན་ལམ་རྫོགས་པར་བྱ། །དེ་རྗེས་སྟོང་པའི་རྣལ་འབྱོར་རྗེས་སུ་དྲན་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་ སྭབྷཱ་ཝ་ཨཱཏྨ་ཀོ྅ཧཾ། །སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་བསྒོམ། །ཡཾ་རཾ་བཾ་ལཾ། རླུང་མེ་ཆུ་དང་གསེར་གྱི་ས་གཞིའི་སྟེང་། །བྷྲཱུཾ་ལས་གཞལ་ཡས་ཁང་ཆེན་རྣམ་པར་བསམ། །གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན། །ཁྱམས་སྟོད་ཁྱམས་སྨད་སྟེང་འོག་བར་དང་བཅས། །ཀ་བ་བརྒྱད་ དང་ཐོད་ཆེན་ཟླུམ་སྐོར་མདུད། །དྲ་བ་དྲ་ཕྱེད་རྔ་ཡབ་ཆུན་འཕྱང་བརྒྱན། །འདོད་ཡོན་ལྷ་མོ་རྣམས་དང་བཅས་པའི་དབུས། །དུར་ཁྲོད་བརྒྱད་ལྡན་ཐོད་པའི་གཞལ་ཡས་ཁང་། །དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྟེ་བ་ལ། །པདྨ་ཉི་མའི་སྟེང་དུ་རུ་ཏྲ་ཡབ་ ཡུམ་གདན། །ཡ་དང་མ་ལས་རབ་བརྗོད་ཡབ་ཡུམ་གཉིས། །གཉིས་མེད་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ། །སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་ཁྲོ་བོའི་ཞལ། །སྤྱན་དགུ་སྡང་མིག་གྱེན་ དུ་བཟློག་པས་འཇིགས། །མཆེ་བ་དཀར་པོ་ཟླ་ཚེས་སྲིད་པ་སྒྲོལ། །དབུ་སྐྲ་ཁམ་པ་གྱེན་བརྫེས་སྨ་ར་སེར། །སྦྲུལ་དང་ཐོད་པ་སྐམ་རློན་དབུ་རྒྱན་ཅན། །ཞིང་དང་གླང་ཆེན་ཀོ་རློན་སྟག་ཤམ་གསོལ། །གཡས་པ་འཁོར་ལོ་རལ་གྲི་རྡོ་རྗེ་བསྣམས། །གཡོན་པ་ཐོད་དབྱུག་གཏུན་ཤིང་སྡིགས་མཛུབ་ ཅན། །མི་མགོ་ལྔ་བཅུའི་དོ་ཤལ་ཕྲེང་བས་མཛེས། །ཡུམ་ནི་ཁྲོ་མོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་སྙིང་སྟོབས་གཡོན་པ་ཐོད་ཁྲག་འདྲེན། །འཇིགས་པའི་ཆ་བྱད་ཆགས་པའི་སྤྱན་གྱིས་བལྟ། །ཐུགས་ཀར་ཧཱུཾ་ལས་གསང་བདག་རྡོ་རྗེ་འཆང་། །ལྗང་ནག་གཅེར་བུ་རྡོ་རྗེ་སྡིགས་མཛུབ་ ཅན། །ཁྲོས་པས་ཀླུ་ཟ་པདྨའི་གདན་ལ་བཞུགས། །སྤྱི་གཙུག་ཁྲོཾ་ལས་བྱ་ཁྱུང་ག་རུ་ཌ། །སེར་པོ་གནམ་ལྕགས་མཆུ་སྡེར་ཀླུ་སྦྲུལ་ཟ། །ལྟོ་བར་རུས་སྦལ་སེར་པོ་རྔོམ་པའི་ཞལ། །སྡེར་མོ་གནམ་ལྕགས་ཁ་གདངས་སྤྱན་རྩ་དམར། །ཤར་ཕྱོགས་ཡ་མ་རཱ་ཛ་སྨུག་ནག་གཟུགས། །ཞིང་དང་སྟག་ ཤམ་སྦྲུལ་གྱི་ཆུན་འཕྱང་བརྒྱན། །འཁོར་ལོའི་རྩིབས་ལ་ཞིང་གི་གདན་ཅན་བསྒོམ། །ལྷོ་རུ་མྱོས་བྱེད་འབར་བ་སེར་ནག་འཇིགས་པའི་གཟུགས། །ནུབ་ཏུ་གཤིན་རྗེ་དམར་པོ་དམར་ནག་འཇིགས་པའི་གཟུགས། །བྱང་དུ་རལ་པ་ཚར་དགུ་ལྗང་ནག་འཇིགས་པའི་གཟུགས། །གཡས་ན་འཁོར་ལོ་ གཡོན་ན་དབྱུག་ཏོ་བསྣམས། །རྒྱན་དང་ན་བཟའ་ཆ་ལུགས་འདྲ་བ་བསྒོམ། །མཚམས་བཞིར་ཡུམ་བཞི་བསྒོམ་པ་ཡབ་དང་འདྲ། །སྐད་ཅིག་ཆུ་ལས་ཉ་ལྡང་ཚུལ་དུ་བསྐྱེད། །བདག་ཉིད་དམ་ཚིག་སེམས་དཔའ་གསལ་བ་དང་། །གྲུབ་པའི་གནས་ལས་ཡེ་ཤེས་སེམས་དཔའ་ནི། །རང་དང་འདྲ་བ་ དུར་ཁྲོད་བརྒྱད་དང་བཅས། །ཛཿཧཱུཾ་བཾ་ཧོཿས་སྤྱན་དྲངས་གཉིས་མེད་བསྟིམ། །བསྟོད་པ་རྣམས་ཀྱིས་བསྟོད་ཅིང་མཆོད་པ་དབུལ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་དབང་བསྐུར་བླང་། །འཕྲོ་འདུ་བསྙེན་འཛིན་བྱ་ཞིང་བསྙེན་པ་བགྲང་། །གཙོ་བོ་ལ་ནི་འབུམ་མམ་རྟགས་སྦྱར་བྱ། །འཁོར་ལ་ ཁྲི་སྟེ་གྲངས་ཀྱི་བསྙེན་པ་ཡིན། །མཚན་མ་བཟང་པོ་མཐོང་ན་སྒྲུབ་པ་བརྩམ། །དུས་ཚོད་ཚེས་གྲངས་བཟའ་སྐར་བཟང་པོ་ལ། །ས་ཆོག་སྟ་གོན་གང་རུང་རྒྱས་བསྡུས་བྱ། །ཚོགས་སོག་སྒྲིབ་པ་སྦྱང་ཕྱིར་ཞི་བའི་སྦྱིན་སྲེག་བྱ། །མཎྜལ་བྱི་དོར་བྱས་ལ་མཆོད་པ་བཤམ། །སྨོན་དང་འཇུག་པའི་སེམས་ བསྐྱེད་ལ་སོགས་བྱ། །སྔོན་དུ་འགྲོ་བའི་ཆོ་ག་རྫོགས་པ་དང་། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས་པ་ཡིས། །རྡུལ་ཚོན་དཀྱིལ་འཁོར་གཞུང་དང་མཐུན་པར་བྲི། །བསྐྱེད་དང་སྤྱན་དྲང་མཆོད་བསྟོད་རྫོགས་པར་བྱ། །སྔོན་དུ་བདག་ཉིད་འཇུག་པའི་ཆོ་ག་ཡང་། །འོག་ནས་འབྱུང་བཞིན་དབང་བསྐུར་ བླང་བར་བྱ། །སློབ་མ་འཇུག་པའི་རིམ་པ་བསྟན་པ་ནི། །ཡོལ་བའི་མཐའ་ནས་ཡོན་དབུལ་གསོལ་གསུམ་གདབ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མའི་སྐུ་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་གསུང་། །བླ་མའི་གསུང་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་ ཐུགས། །བླ་མའི་ཐུགས་ལ་སྐྱབས་སུ་མཆི། །སངས་རྒྱས་གྲོང་ཁྱེར་ཉམས་དགའ་བར། །འཇམ་རྒྱལ་རྡོ་རྗེ་འཁོར་ལོ་ཡིས། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །མགོན་པོ་བདག་ནི་འཇུག་པར་མཛོད། །ཞེས་བརྗོད་ཕྱག་འཚལ་ཏེ་མེ་ཏོག་གཏོར། དགའ་ཆེན་ཁྱོད་བདག་སྟོན་པ་བས། ། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །མགོན་པོ་ཆེན་པོ་ཚུལ་བསྟན་པ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་ནས་བླ་མས་གནང་བ་ སྦྱིན་པར་བྱ། །བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་པའི་ཆོ་ག་འདི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ རྣམས། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པ། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་མཚན་འདི་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །སྐྱོབ་པ་དཔལ་ལྡན་འཇམ་རྒྱལ་གྱིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། ། དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་ཁྱོད་ཀྱིས་སྐྱབས་ཚོལ་ཅིག །འཇམ་རྒྱལ་རྡོ་རྗེ་ལ་སོགས་ཏེ། །འཁོར་ལོ་བཞུགས་པའི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སོང་ཅིག །དེ་ནས་སློབ་མས་འདི་སྐད་བརྗོད། ། དཔལ་ལྡན་ཁྲག་འཐུང་དཔའ་བོ་དང་། །འཇམ་རྒྱལ་རྣམ་སྣང་ལ་སོགས་སྟེ། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་ནས། །ཚངས་སྤྱོད་གཉིས་མེད་སར་གནས་པར། །བདག་གིས་སྡོམ་པ་ལེགས་པར་གཟུང་། །གཙོ་ བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པ་ཉི་མ་མ་ལུས་པའི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ནི། །སློབ་དཔོན་དཔང་དུ་གནས་པ་ལ། །སངས་རྒྱས་རོལ་པ་ལས་བྱུང་བའི། །མི་ལྡོག་པ་ཡི་འཁོར་ལོ་སྦྱོར། །ཐར་པའི་རང་བཞིན་གྲོང་མཆོག་ཏུ། །སློབ་དཔོན་བདག་ནི་འཇུག་ པར་མཛོད། །དེ་ནས་བླ་མས་འདི་སྐད་བརྗོད། །རྟོག་པ་རྣམས་ནི་ལེགས་པར་བསྡུས་ནས་ཀྱང་། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་ཀྱི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་ གསུམ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་མཆོག་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །རྡོ་རྗེ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་ དག་ཀྱང་གཟུང་བར་གྱིས། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ཡི། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་བཟུང་ བར་གྱིས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་གྱིས། །རྩ་བའི་ལྟུང་བ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་ མི་བླང་ངོ་། །འདོད་པ་ལོག་པར་མི་སྤྱོད་ཅིང་། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩར་འགྱུར་བའི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་གདུལ་ཕྱིར་ནི་རྟོག་པ་ཡི། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་ཚིག་རྣམས་ནི་ཉེར་བརྟེན་ཅིང་། །རྣལ་འབྱོར་ དབང་པོ་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོངས། །ཐེག་པ་དམན་ལ་འདོད་མི་བྱ། །འགྲོ་བའི་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་མི་སྤང་ཞིང་། ། རྟག་ཏུ་མྱ་ངན་འདས་མི་ཕྱོགས། །ལྷ་དང་ལྷ་མིན་གསང་བ་ལ། །ཁྱོད་ཀྱིས་བརྙས་པ་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་གསུངས། །ཁྱོད་ཀྱིས་ཀྱང་ནི་སྲུང་བར་གྱིས། །དེ་ནས་སློབ་ མས་འདི་སྐད་བརྗོད། །མགོན་པོ་བདག་ལ་དགོངས་སུ་གསོལ། །མ་ལུས་བཞུགས་པའི་སངས་རྒྱས་རྣམས། །དུས་འདི་ཉིད་ནས་སངས་རྒྱས་པར། །བླ་མེད་བདག་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། ། བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་འཇམ་དབྱངས་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་ གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། ། སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། ། དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པའི། །དམ་པ་བདག་གིས་ བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་རྒལ་བ་རྣམས་བདག་གིས་སྒྲོལ། །མ་གྲོལ་བ་ནི་གྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ལྟར་ལན་ གསུམ་ཁས་བླངས་པའི། །བྱང་ཆུབ་སེམས་དཔའི་སློབ་མ་ལ། །མེ་ཏོག་ལ་སོགས་མཆོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཡཱ་ཐ་སུ་ཁཾ་སུ་ར་ཏ་སྟཾ། ཞེས་པས་རྡོ་རྗེ་གནས་གསུམ་གཏུག །འདི་ནི་ཕྱི་འཇུག་ཆོ་ག་སྟེ། །ནང་འཇུག་རིམ་པ་བསྟན་པ་ནི། །ལས་ཀྱི་བུམ་པས་ ཁྲུས་བྱས་ཏེ། །གདོང་གཡོགས་བཅིངས་ལ་སྐལ་ལྡན་བྲི། །ཡོལ་བའི་ནང་དུ་དྲང་བར་བྱའོ། །རིགས་ཀྱི་བུ་ཁྱོད་སུ་ཞིག་ཡིན། །བདག་ནི་སྐལ་བ་བཟང་པོའོ། །ཛཿཞེས་པས་ནི་ཤར་སྒོ་ནས། །ལྷ་སྣམ་སྟེང་དུ་ཕྱིན་པར་བསམ། །ཧོཿཡིས་བྱང་དུ་བཾ་གྱིས་ནུབ། ། ཧཱུཾ་གིས་ལྷོ་སྒོ་ནས་ཞུགས་ནས། །ལྷ་སྣམ་སྟེང་དུ་ཕྱིན་པར་བསམ། །ལྷ་ཡི་དམ་ཚིག་བསྒྲག་པ་ནི། །དེང་ཁྱོད་ལྷ་རྣམས་ཐམས་ཅད་དང་། །སློབ་དཔོན་གྱིས་ནི་བྱིན་རླབས་ཀྱིས། །དཔལ་འཇམ་པའི་རྡོ་རྗེ་དང་རིགས་ཀྱི་ཁྲོ་བོ་རྣམས་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དཔལ་འཇམ་པའི་རྡོ་རྗེ་དང་། རིགས་ཀྱི་ཁྲོ་བོ་རྣམས་ཀྱི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱའི། གསང་བའི་དཀྱིལ་འཁོར་མ་མཐོང་བ་རྣམས་དང་། དད་པ་དང་མི་ལྡན་པ་རྣམས་ལ་སྨྲ་བར་མ་བྱེད་ཅིག །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བརྗོད་ལ་སློབ་མའི་སྙིང་གར་རྡོ་རྗེ་གཞག །འཇམ་རྒྱལ་རྡོ་རྗེ་དེང་ཁྱོད་ཀྱིས། །སྙིང་ལ་ཡང་དག་ཞུགས་པ་ནི། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་ གཤེགས། །དེ་ནས་མནའ་ཆུ་བླུད་པ་ནི། །ཐོད་པའི་ནང་དུ་དྲི་ཆུ་ལ། །བདུད་རྩི་གཏབ་བ་ཡི་གེ་གསུམ། །བཟླས་པའི་ཚིག་འདི་བརྗོད་པར་བྱ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་ རྩིའི་ཆུ་འདིས་འགྲུབ། །ཨོཾ་པཉྩ་ཨ་མྲྀ་ཏ་ག་ཐཱ། ཞེས་བརྗོད་པས་ནི་བླུད་པར་བྱ། །དེ་ནས་དམ་ཚིག་བསྒྲག་པ་ནི། །དེང་ཕན་ཆད་ཁྱེད་ཀྱི་འཇམ་པའི་རྡོ་རྗེ་ང་ཡིན་གྱི། །ངས་འདི་གྱིས་ཤིག་ཅེས་བསྒོ་བ་ཡང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ ཅིག །བྱས་ན་ཁྱོད་མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བརྗོད་དོ། །དེ་ནས་ཡེ་ཤེས་དབབ་པར་བྱ་སྟེ་མཎྜལ་ལ་སློབ་མ་བླང་བར་བྱ་སྟེ། རྐང་པ་གཉིས་བརྐྱང་ལ་གཞུའི་དབྱིབས་དང་། ལག་པ་བརྐྱང་ལ་ཐལ་མོ་སྦྱར་བར་བྱ་སྟེ། ཡཾ་ལས་རླུང་གི་དཀྱིལ་འཁོར་རྐང་འོག་ཏུ། །གསང་བར་མེ་ཡི་དཀྱིལ་འཁོར་གྲུ་གསུམ་གསལ། །ལྟེ་བར་ཡི་གེ་ཛྷཻཾ་ནི་རབ་འབར་བསམ། །ཡཾ་ལས་རླུང་བྱུང་མེ་ཡི་དཀྱིལ་འཁོར་བསྐྱེད། །ལྟེ་བར་ཛྷཻཾ་སྤྲོས་འོད་ཀྱིས་ལུས་གང་བསམ། །དབུགས་ཀྱང་ཅུང་ཞིག་ནང་ དུ་འཐེན་པར་བྱ། །ཤེས་པ་གཞན་དུ་མ་ཡེངས་རིག་པ་ནང་དུ་གཟིར། །སྤོས་ཀྱི་དུད་པས་སྣ་སྒོར་བདུག་པར་བྱ། །རྔ་བརྡུང་དྲིལ་བུ་གསིལ་ཞིང་སྔགས་འདི་བཟླས། །ཨོཾ་ར་ར་ཙ་ལ་ཡ་ཨ་བེ་ཤ་ཡ་ཨ་ཨཱ་ཛྷཻཾ། ཡེ་ཤེས་དབབ་པར་གྱུར་པ་ལ། །དེ་ལ་ཏིཥྛ་བཛྲ་ བརྗོད། །དེ་ནས་སྣང་བ་བསྟན་པ་ནི། །ཀྱེ་ཧེ་རུ་ཀ་མྱུ་གུ་རྡོ་རྗེ། །རང་གི་དངོས་པོ་ཇི་ལྟར་སྣང་། །ཞེས་བརྗོད་བལྟས་པས་དཀར་སེར་སོགས། །སྣང་བས་ཞི་རྒྱས་ལ་སོགས་འགྲུབ། །དེ་ནས་མེ་ཏོག་དོར་བ་ནི། །མེ་ཏོག་ཐོགས་ནས་ཤར་སྒོ་ནས། །པྲ་ཏཱིཙྪ་བཛྲ་ཧོ། ཞེས་པས་དལ་དུ་འཐོར་དུ་གཞུག །གང་ལ་བབ་པ་ལྷ་རུ་གཟུང་། །རིགས་དང་མཐུན་པའི་གསང་མཚན་གདགས། །ཨོཾ་པྲ་ཏི་གྲྀཧྞ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ། ཞེས་པས་སློབ་མའི་མགོ་ལ་བཅིང་། །དེ་ནས་གདོང་གཡོགས་དགྲོལ་བ་ནི། །མིག་གཉིས་ཨོཾ་ལས་འོད་ཟེར་ བསམ། །རྡོ་རྗེ་རྩེ་མོས་མིག་ལ་གཏུག །འཇམ་དཔལ་རྡོ་རྗེ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །རྡོ་རྗེའི་མིག་ནི་བླ་ན་མེད། །དེ་རིང་ཉིད་དུ་འབྱེད་པར་ཤོག །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧཱུཾ། ཞེས་པས་གདོང་གཡོགས་དགྲོལ་བར་བྱ། །དེ་ ནས་དཀྱིལ་འཁོར་བསྟན་པ་ནི། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ད་ནི་འཇམ་རྒྱལ་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་ཚོགས་པ་ཀུན། །དངོས་གྲུབ་ཀུན་ཁྱོད་མངོན་སུམ་འགྱུར། །དམ་ཚིག་ ཐམས་ཅད་སྐྱོང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །དེ་ནས་ལྷ་རྣམས་ངོ་ཡང་བསྟན། །འདི་ནི་འཇུག་པའི་ཡན་ལག་གོ། །དེ་ནས་ཚོགས་ཏེ་ཡོན་ཕུལ་ནས། །ཕྱག་བཙལ་ཐལ་མོ་སྦྱར་བས་འདུག །དེ་ལ་བུམ་པའི་དབང་བསྐུར་བ། །བུམ་པ་ཐོགས་ལ་སྤྱི་བོར་ གཞག །བུམ་པ་ཡུམ་གྱི་རང་བཞིན་ལས། །སྙིང་པོ་རིག་སྔགས་ཉིད་དུ་བསམ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མཾ། ཞེས་ པ་དང་། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །གསང་བ་གསུམ་གྱི་གནས་ལས་བྱུང་། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཕྱིར་མི་ལྡོག་པའི་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཧཱུཾ། རྣམ་ཤེས་ཕུང་པོ་རྣམ་དག་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །ཞེ་སྡང་ རྣམ་དག་མི་བསྐྱོད་པ། །དཔལ་ལྡན་ཆུ་ཡིས་དབང་བསྐུར་རོ། །ཞེས་པས་ཆུ་སྦྱིན་ནོ། །དེ་ནས་ཅོད་པན་གྱི་དབང་སྦྱིན་པ། །ཅོད་པན་རིགས་ལྔའི་རང་བཞིན་ལས། །རིན་ཆེན་རིགས་བདག་ཉིད་དུ་བསམ། །སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །དབུ་རྒྱན་རིན་ཆེན་དམ་པ་སྟེ། །རིན་ཆེན་རྣམས་ཀྱི་ མཆོག་གྱུར་པ། །རྫོགས་སངས་རྒྱས་ཀྱིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་གུ་ཊ་ཨ་བྷི་ཥིཉྩ་མཾ། ཚོར་བའི་ཕུང་པོ་རྣམ་དག་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །ང་རྒྱལ་རིན་ཆེན་འབྱུང་ལྡན་གྱི། །ཅོད་པན་གྱིས་ནི་དབང་བསྐུར་རོ། །ཞེས་པས་ཅོད་པན་སྦྱིན། དེ་ནས་དྲིལ་ བུའི་དབང་སྦྱིན་པ། །དྲིལ་བུ་གསུང་གི་རང་བཞིན་ལས། །གསུང་མཆོག་རིགས་བདག་ཉིད་དུ་བསམ། །འཇམ་དབྱངས་རྡོ་རྗེ་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འཇམ་རྒྱལ་རྡོ་རྗེ་རབ་བསྒྲུབ་ཕྱིར། །དྲིལ་བུ་འདི་ནི་ཁྱོད་ཀྱིས་ལོང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ ཡ་སྟྭཾ། འདུ་ཤེས་ཕུང་པོ་རྣམ་དག་པའི། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །འདོད་ཆགས་སྣང་བ་མཐའ་ཡས་ཀྱི། །དྲིལ་བུ་ཡིས་ནི་དབང་བསྐུར་རོ། །ཞེས་པས་དྲིལ་བུ་གསིལ་དུ་གཞུག །དེ་ནས་རྡོ་རྗེའི་དབང་སྦྱིན་པ་ནི། རྡོ་རྗེ་ལས་ཀྱི་རང་བཞིན་ལས། ཁོང་གསེང་རིགས་བདག་ཉིད་དུ་བསམ། །འཇམ་ དབྱངས་རྡོ་རྗེ་ལས་ཀྱི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འཇམ་རྒྱལ་རྡོ་རྗེ་ལས་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་གཎྜེ་ས་མ་ཡ་སྟྭཾ། འདུ་བྱེད་ཕུང་པོ་རྣམ་དག་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། །ཕྲ་དོག་དོན་ཡོད་གྲུབ་པ་ཡི། །རྡོ་རྗེ་ཡིས་ ནི་དབང་བསྐུར་རོ། །ཞེས་པས་རྡོ་རྗེ་རྒྱ་གྲམ་སྙིང་གར་གཞག །དེ་ནས་མིང་གི་དབང་བསྐུར་བ། །སློབ་མའི་སྤྱི་བོར་ཨོཾ་ལས་ནི། །འཁོར་ལོ་དེ་ལས་རྣམ་སྣང་བསྐྱེད། །སངས་རྒྱས་ཀུན་གྱི་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་མིང་འདི་ཁྱོད་ཀྱིས་ལོང་། ། ཨོཾ་སརྦ་ཏ་ཐཱ་ག་ཏ་ན་མ་བི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་མཾ། ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བས་མིང་དབང་སྦྱིན། སྤྱི་བོར་རྡོ་རྗེ་དྲིལ་བུ་བཟུང་ལ། གཟུགས་ཀྱི་ཕུང་པོ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །གཏི་མུག་རྣམ་པར་སྣང་མཛད་ཀྱི། །དཔལ་ལྡན་མིང་གི་དབང་བསྐུར་རོ། །རྡོ་རྗེ་དྲིལ་བུའི་བརྟུལ་ ཞུགས་དབང་། །ལག་ཏུ་རྡོ་རྗེ་དྲིལ་བུ་གཏད། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་ན་རྡོ་རྗེའི་ལག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷྱ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ། འགྱིང་བའི་ཚུལ་དུ་འདུག་ནས་ནི། །རྡོ་རྗེ་ གསོར་ལ་དྲིལ་བུ་གསིལ། །དེ་ནས་ཕྱག་མཚན་དབང་བསྐུར་བ། །འཁོར་ལོས་ལོག་ལྟ་གཅོད་པར་བྱེད། །དབྱུག་ཏོས་གཟུང་འཛིན་རབ་སྤངས་པའི། །ཕྱག་མཚན་གྱིས་ནི་དབང་བསྐུར་རོ། །རྒྱན་ཆའི་དབང་ཡང་བསྐུར་བར་བྱ། །མགུལ་རྒྱན་གདུ་བུ་སྐེ་རགས་དང་། །དོ་ཤལ་དང་ནི་སྣ་བདུན་ཏེ། །རྒྱན་ཆ་ཡིས་ནི་ དབང་བསྐུར་རོ། །སྐུ་ཡི་ན་བཟས་དབང་བསྐུར་བ། །གླང་ཆེན་ཞིང་དང་སྟག་ལྤགས་གོས། །ན་བཟའ་ཡིས་ནི་དབང་བསྐུར་རོ། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ། །རྡོ་རྗེ་དྲིལ་བུ་ལག་ཏུ་གཏད། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཞེས་པས་རྡོ་རྗེ་གཡས་སུ་སྦྱིན། །འདི་ལྷ་ཐམས་ཅད་ཀྱི་བདག་པོ་ཀུན་དུ་བཟང་པོ་ཡིན་པར་གྱིས་ཤིག་ཅེས་བརྗོད་དོ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་འགལ་སྲིད་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་མཆོག་ཏུ་ གྲུབ་པར་བྱེད། །ཞེས་པས་དྲིལ་བུ་འཁྲོལ་དུ་གཞུག །སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་པ་འདི་ནི་རྟག་ཏུ་བསྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་དེ་བཞིན་དུ། །རང་དང་ལྷ་ཡི་སྦྱོར་བ་ཡིས། ། བདག་དང་གཞན་ལ་མཆོད་པར་གྱིས། །ཞེས་བརྗོད་པས་ནི་ཕྱག་རྒྱ་ཆེ། །སྐུ་རུ་རྒྱུན་དུ་བསྒོམ་དུ་གཞུག །མིག་གཉིས་ལ་ནི་རྡོ་རྗེ་དཀར། །ནས་འབྲས་ཙམ་པ་བསམ་བྱས་ལ། །གསེར་ལས་བྱས་པའི་ཐུར་མ་ཡིས། །སྤྱན་འབྱེད་ཚུལ་དུ་དབྱེ་བར་བྱེད། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་ རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་བ་ཧ་ར་པ་ཏ་ལཾ་ཧྲི། ཞེས་པས་མིག་འབྱེད་ཚུལ་དུ་གཞུག །སྐུའི་དབང་མདའ་དང་གཞུ་ཡིན་ཏེ། ཧོ་ཡིག་ལྷག་མཐོང་མདའ་དྲུག་དང་། །ཞི་གནས་རང་བཞིན་གཞུ་བྱིན་ལ། ། ཕྱོགས་བཞི་སྟེང་དང་འོག་ཏུ་འཕང་། །ཁྱོད་ཀྱིས་ཞི་གནས་ལྷག་མཐོང་གིས། །ཕྱོགས་རྣམས་ཐམས་ཅད་དབང་དུ་གྱིས། །གསུང་གི་དབང་ཕྱུག་དྲིལ་བུ་ནི། །ཆོས་རྣམས་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་སེམས་དང་མཉམ་སྦྱོར་བའི། །ཀུན་མཆོག་ མཉམ་པ་ཉིད་དུ་གསལ། །ཐུགས་ཀྱི་དབང་མེ་ལོང་བསྟན་པ་ཡིན་ཏེ། ཧཱུྃ་ཞེས་མེ་ལོང་རབ་བསྟན་ལ། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །ངོ་བོ་ཉིད་མེད་ གནས་མེད་པར། །དེ་ལྟར་ཆོས་ཉིད་ཤེས་ནས་ནི། །སེམས་ཅན་དོན་ལ་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །སངས་རྒྱས་ཀུན་གྱི་རང་བཞིན་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །ཞེས་པའོ། །ཀྱེ་བུ་ཁྱོད་ཀྱི་གང་ལྷག་པའི་ལྷའི་བདག་པོ་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པར་ཤེས་པར་ གྱིས་ཤིག་ཅེས་བརྗོད་དོ། །བསྒོམ་པའི་རྗེས་སུ་གནང་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །འཁོར་བའི་ཉེས་པས་མ་གོས་པས། །འཇམ་པའི་རྡོ་རྗེ་འཁོར་བཅས་རྣམས། །བསྒོམ་པ་དག་ལ་བརྩོན་པར་གྱིས། །ཞེས་པའོ། །སྔགས་ཀྱི་རྗེས་གནང་སྦྱིན་པ་ནི། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། ། འདི་ལ་འགོ་བར་མཛད་དུ་གསོལ། །ལྷག་པའི་བསམ་པ་བརྟན་པོས་གཟུང་། །ནམ་ཡང་གཏོང་བར་མ་བྱེད་ཅིག །ལན་གསུམ་བརྗོད་ལ་གནང་བ་སྦྱིན། །སློབ་མའི་ལག་ཏུ་ཕྲེང་བ་གཏད། །སངས་རྒྱས་ཀུན་གྱིས་མི་ཕྱེད་པའི། །གསང་སྔགས་བླ་ན་མེད་པ་སྟེ། །སྙིང་པོ་ཡིད་བཞིན་ནོར་བུ་ཡི། །སྐྱོབ་པ་སྔགས་ཀྱིས་ དབང་བསྐུར་རོ། །སློབ་མས་ཚིག་ཏུ་འདི་བརྗོད་བླང་། །བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལྷག་པའི་བསམ་པ་བརྟན་པོ་ཡིས། །ནམ་དུ་ཡང་ནི་མི་གཏང་ངོ་། །ཞེས་པ་ཡིས་ནི་སྔགས་བཟླས་སོ། །གར་གྱི་རྗེས་སུ་གནང་བ་ནི། །དེང་ནས་བརྩམས་ཏེ་ རྫོགས་སངས་རྒྱས། །རྗེ་བཙུན་ལྷ་དང་དཔའ་བོ་ལ། །ཤེས་རབ་ཐབས་ཀྱི་བསྙེམས་ཆེན་གྱི། །གར་མཆོད་བདེ་བས་མཆོད་དགའ་བགྱིད། །ཞེས་པས་གར་བྱེད་ཚུལ་དུ་བྱ། །གླུ་ཡི་རྗེས་སུ་གནང་བ་ནི། །ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །ཁྱོད་ཀྱིས་གླུ་ནི་བླང་བར་བྱ། །དེ་ནས་རྣལ་འབྱོར་མ་དེ་དང་། །མྱུར་དུ་བདེ་བ་ མྱོང་བར་འགྱུར། །ཞེས་པས་ཆོས་དོན་གླུ་ཡང་བླང་། །མཆོད་པའི་རྗེས་སུ་གནང་བ་ནི། །སངས་རྒྱས་སྐུ་ལ་དྲི་མ་མི་མངའ་ཡང་། །ལྷ་ཡི་ཆུ་རྒྱུན་དག་པ་ཡིས། །རྒྱལ་བ་རྣམས་ལ་སྐུ་ཁྲུས་གསོལ། །སྐུ་གསུང་ཐུགས་ལ་ཡོན་ཆབ་འདི་གསོལ་བས། །རྣམ་རྟོག་ཉོན་མོངས་དྲི་མ་དག་གྱུར་ཅིག །སྒེག་དང་ བཅས་པའི་མེ་ཏོག་ཕྲེང་། །སངས་རྒྱས་ཀུན་སོགས་འཇམ་དབྱངས་ལ། །ནམ་ཡང་འབྲལ་བར་མི་འགྱུར་ཏེ། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་གྱུར་ཅིག ། ཆོས་ཀྱི་མར་མེ་ལེགས་སྦར་བས། །པདྨ་གར་དབང་བདག་ཉིད་དེ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མེས་སྣང་གྱུར་ཅིག །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །དྲི་མེད་རྒྱལ་བ་རྣམས་ཀྱི་དྲིས། །ལུས་ཅན་བྱང་ཆུབ་ཐོབ་གྱུར་ཅིག ། ཞལ་ཟས་རོ་མཆོག་འདི་ཕུལ་བས། །རོ་དྲུག་སྲེད་པ་དག་གྱུར་ཏེ། །བསམ་གཏན་ཏིང་འཛིན་ཟས་མཆོག་ལྡན། །གཉིས་སུ་མེད་པའི་རོ་རྟོགས་ཤོག །རོལ་མོ་གླུ་གར་སྒྲ་སྙན་ཚངས་པའི་དབྱངས། །ཁུ་བྱུག་གཞོན་ནུའི་སྐད་འདྲ་འདི་ཕུལ་བས། །བདེ་གཤེགས་སྐུ་ཡི་མཉེས་དང་ལྡན་གྱུར་ཅིག །ལྷ་ཡི་རྣ་བ་ རྣམ་དག་ཐོབ་གྱུར་ཅིག །ཅེས་པའོ། །དངོས་གྲུབ་རྗེས་སུ་གནང་བ་ནི། །ཞི་རྒྱས་དབང་དྲག་བཞི་པོ་དང་། །བསྐྲད་དང་བཅིང་དང་རེངས་ལ་སོགས། །ལས་དེ་རྣམས་ནི་གྲུབ་པར་གྱིས། །སྤྱོད་པའི་རྗེས་སུ་གནང་བ་ནི། །དང་པོ་ལས་ཀྱི་སྤྱོད་པ་དང་། །ཉོན་མོངས་གསང་བའི་སྤྱོད་པ་དང་། །ཀུན་དུ་བཟང་པོའི་སྤྱོད་ པ་ལ། །གོ་རིམས་བཞིན་དུ་བསླབ་པར་གྱིས། །རྡོ་རྗེ་སློབ་དཔོན་རྗེས་གནང་ནི། །སེམས་ཅན་སྡུག་བསྔལ་བསལ་བྱའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད། །རྣལ་འབྱོར་རྒྱུད་དང་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཁྱོད་ནི་ཐེ་ཚོམ་དོགས་མེད་པར། །ཡིད་ གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་དུ་གང་བར་གྱིས། །དུང་བུད་གདུགས་དང་པོ་ཏི་སྦྱིན། །དེ་ནས་ལུང་བསྟན་སྦྱིན་པ་ནི། །རང་ཉིད་འཇམ་དཔལ་ཏིང་འཛིན་གྱིས། །གཡོན་པ་ཁུ་ཚུར་བཅང་བྱས་ཏེ། །ཆོས་གོས་འཛིན་པའི་ཚུལ་དུ་བྱ། །གཡས་པ་སྐྱབས་སྦྱིན་ཕྱག་རྒྱ་ བཅས། །ཨོཾ་ང་ཡིས་འདི་ལྟར་ལུང་བསྟན་ཏེ། །འཇམ་དཔལ་རྡོ་རྗེ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་སྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོའི་གནས་ནས་བཏོན། །ཀྱེ་ཆེ་གེ་མོ་མྱུ་གུ་རྡོ་རྗེ། །གནས་ཆེ་གེ་མོ་ཞེས་བྱ་བ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །རྡོ་རྗེ་འཆང་ཆེན་པོར་མངོན་པར་རྫོགས་པར་ སངས་རྒྱས་པར་འགྱུར་རོ། །སིདྡྷི་བྷུར་བྷུ་ཝ་སྭཿ། འདི་ལྟར་ལུང་བསྟན་དུས་དག་ཏུ། །སྔགས་པ་བདེ་གཤེགས་ཀུན་ལྷན་ཅིག །བླ་ན་མེད་པའི་བྱང་ཆུབ་ཏུ། །མགྲིན་གཅིག་ཏུ་ནི་ལུང་བསྟན་མཛད། །དེ་ལྟར་ལུང་བསྟན་གྱུར་པ་འདི། །སྔགས་དང་ཕྱག་རྒྱའི་མཐུ་ཡིན་པས། །སྔགས་དང་ཕྱག་ རྒྱའི་ནུས་པ་ལ། །ཡིད་ཆེས་པ་ནི་དད་པར་གྱིས། །ལུང་བསྟན་ཐོབ་ནས་སེམས་བདེ་བ། །དེ་ནི་གཟེངས་བསྟོད་པ་རུ་འདོད། །དབུགས་དབྱུང་པ་ཡི་ཆོ་ག་ནི། །མཆོག་གསང་དཀྱིལ་འཁོར་དམ་པ་འདིར། །མཐོང་བ་དང་ནི་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་གྲོལ་བའི། ། ཁྱེད་རྣམས་འདིར་ནི་ལེགས་པར་གནས། །ཕྱིན་ཆད་འཆི་བ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་སོད་པ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །དམ་ཚིག་སྡོམ་པ་གྲུབ་པར་གྱིས། །རྟག་ཏུ་ཁྱེད་ཀྱིས་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་ པ་རྟག་པའི་བཀའ་ཡིན་ནོ། །དི་རིང་བདུད་ལས་རྣམ་པར་རྒྱལ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ས། །དི་རིང་ཐོབ་པར་ཐེ་ཚོམ་མེད། །དེ་ནས་སློབ་མ་ཆོ་ག་རྫོགས་པ་དེ། །རྒྱལ་བ་རྣམས་ཀྱིས་སྲས་སུ་འཛིན་པ་ཡིན། །མཆོད་པའི་བྱེ་བྲག་རྣམས་ ཀྱང་དེ་ལ་བྱ། །སློབ་མས་བླ་མ་དམ་པའི་དྲིན་དྲན་ཕྱིར། །ཚོགས་དང་གཏོར་མ་མཆོད་པའི་བྱེ་བྲག་དང་། །འདོད་པའི་ལོངས་སྤྱོད་རྣམས་ནི་དེ་ལ་མཆོད། །རྟ་དང་གླང་པོ་ཡུལ་ཞིང་བུད་མེད་ཀྱང་། །བླ་མ་དམ་པ་དེ་ལ་མཆོད་ཕྱིར་དབུལ། །དེ་བཞིན་དབུལ་བའི་ཆོ་ག་རྒྱས་གྱུར་པས། ། གསང་བའི་དབང་བསྐུར་འདོད་པས་གསོལ་བ་གདབ། །ཚོགས་ཀྱི་མཆོད་པ་བཏེག་ལ་བསོད་ནམས་བསག །ཕྱག་འཚལ་མཎྜལ་ཕུལ་ལ་གསོལ་བ་གདབ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སྤྱན་སྔར་སློབ་དཔོན་དགོངས་སུ་གསོལ། །ཁྱོད་ཞབས་པདྨ་སྤངས་ནས་ནི། ། བདག་ལ་གཞན་ནས་སྐྱབས་མ་མཆིས། །ངག་གི་དྲི་མ་སྦྱང་མཛད་པའི། །དབང་བསྐུར་མཆོག་ནི་བདག་ལ་གསོལ། །ཇི་ལྟར་འཕགས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་བ། །དེ་བཞིན་གཤེགས་པའི་དབང་བསྐུར་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་ རོ། །དེ་ནས་དབང་བསྐུར་སྦྱིན་པ་ནི། །མཚན་ལྡན་ཐོད་པའི་བདུད་རྩི་ལ། །སྲིན་ལག་གཡོན་པས་བླངས་ནས་ནི། །སློབ་མའི་ལྕེ་ལ་གཞག་པར་བྱ། །ཡེ་ཤེས་དབབ་པ་དུས་ཀྱི་ཉམས། །དེ་ཉིད་དུ་ནི་དྲན་པར་བྱ། །ཉམས་དང་བདུད་རྩི་རོ་མྱང་བས། །བདེ་བ་སྐྱེས་པ་གང་ཡིན་པ། །གསང་ བའི་དབང་ནི་ཐོབ་པ་ཡིན། །དེ་ཡི་དམ་ཚིག་དབོག་པ་ནི། །ཤ་ཆེན་བྱང་སེམས་མྱོས་པའི་ཆུ། །རཀྟ་དྲི་ཆེན་རྡོ་རྗེའི་ཆུ། །འདི་དྲུག་ཁྱོད་ཀྱི་དམ་ཚིག་སྟེ། །སྐལ་ལྡན་ཁྱོད་ཀྱིས་རྟག་ཏུ་སྐྱོངས། །མཆོད་དང་གཏོར་མ་གཏང་བ་དང་། །ཡོན་ཕུལ་ཞབས་པད་སྤྱི་བོས་བླང་། ། འདི་ནི་གསང་བའི་དབང་བསྐུར་བའོ། །ཤེས་རབ་ཡེ་ཤེས་དབང་བསྐུར་བ། །མཆོད་དང་གཏོར་མ་ཚོགས་མཆོད་སོགས། །གཞུང་བཞིན་བཏེག་ལ་ཡོན་ཕུལ་ནས། །གསུམ་པ་ཞུ་བའི་གསོལ་བ་གདབ། །ཨོཾ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སྤྱན་སྔར་སློབ་དཔོན་དགོངས་ སུ་གསོལ། །དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ལ། །གསང་བའི་དེ་ཉིད་བསྟན་པ་ལྟར། །ཡིད་ཀྱི་དྲི་མ་སྦྱང་མཛད་པའི། །དབང་བསྐུར་མཆོག་ནི་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་གནས། ། དེ་ནས་དབང་བསྐུར་སྦྱིན་པ་ནི། །གཡོན་པའི་སྲིན་མཐེབ་གཉིས་པོ་ཡིས། །བདུད་རྩི་བླངས་ལ་སྤྱི་བོ་དང་། །སྙིང་ག་ལྟེ་བ་གསུམ་ལ་རེག །ལྟེ་བར་ཧཱུྃ་ལ་དམིགས་པ་གཏད། །མགྲིན་པའི་རྩ་གཉིས་སྲིན་མཐེབ་ཀྱིས། །དལ་གྱིས་མནན་ལ་བདེ་བ་དང་། །བླ་མས་བདེ་སྟོང་ཉམས་ དྲན་པས། །སློབ་མས་རྒྱུད་ལ་གོས་པར་བསམ། །བདེ་སྟོང་ཉམས་དེ་སྐྱེས་པ་ན། །མཆོད་པ་ཕུལ་ལ་དམ་ཚིག་དབོག །སློབ་དཔོན་དང་ནི་རིག་མ་ལ། །ཕུང་པོ་ལྔ་ལ་མཉེས་བྱེད་པ། །དུས་དང་གནས་སྐབས་ཐམས་ཅད་དུ། །ཁྱོད་ཀྱིས་སྲོག་བཞིན་བསྲུང་བར་གྱིས། །དེ་ནས་ཕྱག་ བྱས་ཡོན་ཕུལ་ལ། །བདེ་བའི་སེམས་ཀྱིས་གནས་པར་བྱ། །དེ་ནས་བཞི་པའི་དབང་བསྐུར་བ། །སྔོན་དུ་སློབ་མས་བླ་མ་ལ། །མཎྜལ་མཆོད་དང་ཡོན་ཕུལ་ལ། །བཞི་པ་བསྐུར་བར་གསོལ་བ་གདབ། །ཨོཾ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སྤྱན་སྔར་སློབ་དཔོན་དགོངས་སུ་ གསོལ། །དྲི་མ་རྣམ་གསུམ་སྦྱོང་མཛད་པའི། །དབང་བསྐུར་མཆོག་ནི་བདག་ལ་སྩོལ། །དེ་ནས་མཎྜལ་མེ་ཏོག་བཀྲམ་པ་ལ། །འདུག་སྟེ་རྐང་པའི་ལོང་བུ་གཤིབས། །མེ་ཏོག་ཐོགས་ཏེ་ཐལ་མོ་སྦྱར། །དྲང་པོར་བརྐྱང་ལ་ལུས་པོ་བསྒྲིམ། །སྣ་རྩེར་འཁོར་ལོ་འཁོར་ བ་ལ། །རིག་པ་གཏད་དེ་བདེ་བ་གཟུང་། །འདར་དང་གཡོ་དང་སྨྲ་དང་དགོད། །ཤེས་པ་བདེ་བ་ཐོབ་དེ་ལས། །ཡེ་ཤེས་རྣལ་དུ་ཕེབས་པ་ན། །མེ་ལོང་བསྟན་ལ་དོན་བསྟན་བྱ། །ཀྱེ་ཧེ་རུ་ཀ་མྱུ་གུ་ཆེ་གེ་མོ། །ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྐྱེས་པ་སྟེ་རྐྱེན་ལས་སྐྱེས་པའོ། ། དེ་ཡང་དཔེར་ན་མེ་ལོང་གི་རྐྱེན་གྱིས་གཟུགས་སུ་སྣང་བ་བཞིན་དུ་སྔོན་གྱི་སྨོན་ལམ་དང་གདུལ་བྱ་ལས་དག་པའི་དབང་གིས་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ལས་ཡུལ་རྣམ་འཕྲུལ་དུ་ཤར་བ་ཏེ་དོན་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །ཀྱེ་ཆེ་གེ་མོ་ཁྱེད་ཉམས་གང་ ཤར་བ་དེ་ང་ལ་སྨྲོས་ཤིག །དེའི་ཚེ་ཤེས་པ་གསལ་བ་ལས། །མི་རྟོག་སྐྱེ་བ་གང་ཡིན་པ། །དེས་གཟུང་མེད་པའི་ཉམས་ཤར་བ། །འདི་ལྟར་བྱུང་ཞེས་བརྗོད་དུ་མེད། །བཞི་པ་ཕྱག་རྒྱ་ཆེན་པོའི་ཉམས། །དེ་ལ་དམ་ཚིག་བསྟན་པ་ནི། །དང་བས་བླ་མ་གཉན་པར་བྱ། །རྒྱུད་ལ་ ཤར་བའི་ཕྱག་རྒྱ་ཆེ། །ནམ་ཡང་རྗེད་པར་མི་བྱའོ། །དམན་ལ་མོས་པའི་གང་ཟག་དང་། །ནམ་ཡང་མི་འགྲོགས་དབེན་པ་བསྟེན། །དབང་བཞི་ཐོབ་པར་མ་གྱུར་པའི། །གང་ཟག་རྣམས་ལ་དེ་ཡི་དོན། །ཚིག་ཏུ་བརྗོད་པར་མི་བྱའོ། །དེ་ནས་བླ་མའི་ཞབས་ལ་འདུད། །ཕྱག་དང་ མཆོད་དང་གཏོར་མ་དང་། །ཚོགས་དང་ཡོན་དབུལ་བསྐུར་སྟི་བྱ། །འདི་ནི་བཞི་པའི་ཆོ་གའོ། །གང་ཞིག་ལུས་ངག་དག་པ་ཡིས། །བདེ་བ་འདོད་པས་ཟབ་མོའི་དོན། །བླ་མའི་ཞབས་པད་བརྟེན་པས་བླང་། །གཞན་ཡང་ཕྱག་རྒྱ་ལ་བརྟེན་པའི། །དབང་བཞི་འདོད་པའི་ གང་ཟག་གིས། །མན་ངག་ལས་བྱུང་ཆོ་ག་ཡིས། །དབེན་པའི་གནས་སུ་ཡང་དག་བརྩམ། །བསོད་ནམས་འདོད་དང་ཐར་པ་རབ་བརྩོན་པའི། །གང་ཟག་དམ་པ་རྣམས་ཀྱི་དོན་བྱའི་ཕྱིར། །དཀྱིལ་འཁོར་ཆོ་ག་རྒྱས་དང་བསྡུས་པ་ལས། །དགེ་བ་གང་ཡིན་སེམས་ཅན་དོན་དུ་བསྔོ། ། དཔལ་གཤིན་རྗེ་ཚེ་བདག་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་དྲན་པ་གསལ་བ་ཞེས་བྱ་བ། དཔལ་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ནག་པོའི་ཞབས་དེ་ཉིད་དང་། ལོ་ཙཱ་བ་གཉན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ན་མ་སངྒཱི་ཏི་ནཱ་མ་མ་ཧཱ་ཊཱི་ཀཱ །བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །སྒྲོ་ དང་སྐུར་པས་སྟོང་པ་ཡི། །ངོ་བོ་ཉིད་ཀྱིས་བདེ་བ་ཆེ། །ཨུཏྤལ་དང་ནི་རལ་གྲི་འཛིན། །གཞོན་ནུར་གྱུར་ལ་ཕྱག་འཚལ་ནས། །ཚིག་རྒྱས་པ་ཡི་རྒྱུད་དག་ལས། །ཟབ་མོ་གླུ་ཡི་ལེའུ་དག །འདིར་ནི་བདག་གིས་དབྱེ་བར་བྱ། །དེ་ལ་འདིར་བདག་གིས་མགོན་ པོ་འཇིག་རྟེན་དབང་ཕྱུག་ལས་ཇི་ལྟར་ཐོས་པ་བཞིན་བྲི་བར་བྱའོ། །དེ་ལ་རྟོགས་པ་དང་ལྡན་པའི་གང་ཟག་དག་ནི། དགོས་པ་དག་མེད་ན་འཇུག་པར་མི་འགྱུར་བས་ན། དེའི་ཕྱིར་རྒྱུད་འདི་བརྗོད་པར་བྱ་བ་ནི་གང་། དགོས་པ་ནི་གང་། དགོས་པའི་དགོས་ པ་ནི་གང་། འབྲ