Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 48

Văn bản gốc(Tây Tạng)

Trang 10 / 14 (50.000 ký tự/trang)
ས་ཤེས་འཕང་། །འཇིག་རྟེན་འདི་དང་གཞན་ལ་
ཡང་། །ཞེན་པའི་རྩ་བ་རབ་བཅད་ནས། །ལོངས་སྤྱོད་ལུས་དང་དགེ་ལ་སོགས། །ལྷ་དང་བླ་མ་འགྲོ་དྲུག་ལ། །ལྟོས་པ་མེད་པར་མཆོད་སྦྱིན་བྱ། །ལུས་ལ་ཆགས་དང་ཞེན་པ་ནི། །སྐད་ཅིག་ཙམ་ཡང་མི་བྱའོ། །གནས་དང་གྲོགས་སོགས་གཞན་མེད་དང་། །ལྷར་ནི་ཡང་དང་
ཡང་དྲན་པས། །བླ་མ་འབའ་ཞིག་བསམ་པར་བྱ། །དྲག་ལྡན་བསམ་པས་སྐྱབས་སོང་ལ། །དཔལ་ལྡན་གཤིན་རྗེ་གཤེད་དམར་པོ། །དམིགས་པའི་སྤྱི་བོར་བསྒོམ་བྱས་ནས། །དབུ་མ་གཉིས་ནི་སྤྲད་བྱས་ལ། །སྙིང་དབུས་ཧཱུཾ་ལས་སྒོ་རྣམས་བཀག །སེམས་རྟེན་ཧཱུཾ་ནི་ཡར་

འཕངས་ཏེ། །བླ་མའི་ཧཱུཾ་ནི་སྙིང་གར་བསྡུ། །འདོད་ཚེ་འོག་ཏུ་མི་དགུག་གོ། །ཡང་ན་སྒོ་གཞན་བཀག་རྗེས་ལ། །རྩ་གཉིས་ཐབས་ཤེས་ཡི་གེས་དགག །སྙིང་དབུས་དབུ་མར་ཟླ་གམ་ཧཱུཾ། །དེ་སྟེང་ཧཱུཾ་ནི་སྐར་མདའ་ལྟར། །འཇུག་པའི་རླུང་དང་སྦྱར་བར་བྱ། །ཡང་ན་འོད་ཀྱིས་འཕོ་བ་
སྟེ། །གཞུ་དབྱིབས་འཁྲུལ་འཁོར་བྱས་རྗེས་སུ། །ལྟེ་བར་རླུང་བཅས་ཟླ་བར་ཧཱུཾ། །སྙིང་དབུས་གོང་བུས་བུ་ག་དགག །སྟོབས་ཀྱི་ཡི་གེས་སེམས་དྲངས་ནས། །ལྷ་ཡི་ཐུགས་ཀར་འཕོངས་ཏེ་བསྲེ། །གནས་གཞན་གང་དུ་སྐྱེ་འདོད་པར། །ཡི་གེ་གསུམ་གྱིས་དྲངས་ཏེ་འཕང། །ཡང་ན་སྤྲོས་
མེད་རྣལ་འབྱོར་པ། །སྣ་ཚོགས་སྟོང་པའི་གཟུགས་འདི་ལས། །འོད་གསལ་ངང་དུ་འཕོ་བ་སྟེ། །ཕྱག་རྒྱ་ཆེན་པོ་ཉིད་འགྱུར་རོ། །རང་གི་སེམས་གོང་དུ་འཕོ་བའི་མན་ངག་སློབ་དཔོན་དཔལ་འཛིན་གྱི་གདམས་པ་དེ་ཉིད་ཀྱིས་མཛད་པའོ། །པཎྜི་ཏ་རྒྱ་གར་མངོན་ཤེས་ཅན་དང་། བོད་ཀྱི་ལོ་ཙཱ་
བ་འགོས་ཁུག་པས་བསྒྱུར་བ་ལས། །ཕྱིས་སའི་སྟེང་ན་འགྲན་ཟླ་དང་བྲལ་བ་དརྤཎ་ཨཱ་ཙཱརྱ་དང་། ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་གྲོང་དུ་བསྒྱུར་ཅིང་ཞུས་པའོ།། ༄༅༅། །བྱིན་གྱིས་བརླབ་པའི་རིམ་པ། དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །མཁས་པས་རི་དང་དུར་ཁྲོད་
དུ། །རིམ་པ་གཉིས་དང་བཟླས་པ་དང་། །མདུན་བསྐྱེད་མཆོད་དང་གཏོར་མ་སོགས། །ཕུལ་ལ་བླ་མ་ལས་ལུང་ནོད། །རང་ཉིད་དཔལ་ལྡན་དམར་པོའི་སྐུ། །གོང་བུ་ཉིད་དུ་གསལ་བ་ཡི། །ནྱ་གྲོ་དྷ་ཡི་སྡོང་པོ་ནི། །བརྒྱ་བྱིན་གནས་སུ་སླེབ་པའི་རྩེར། །བླ་མ་ལྷར་བལྟ་དབུ་མ་ཡི། །སྒོ་
ནི་རབ་ཏུ་དབྱེ་བར་བྱ། །སྙིང་གནས་ཧཱུྃ་ནི་སྐར་མདའ་བཞིན། །སྟེང་གི་སྒོ་ནས་རབ་འཕངས་ཏེ། །རྡོ་རྗེ་གསུམ་དང་དབྱེར་མེད་དེ། །བསྲེ་བ་གསུམ་ནི་དྲན་བྱས་ནས། །སྤྲོས་མེད་ཉིད་ལ་སེམས་གཞག་བྱ། །ཡེ་ཤེས་ཆེན་པོས་བྱིན་རློབ་འགྱུར། །འཕོ་བའི་བྱིན་གྱིས་བརླབ་པའི་རིམ་པ་བཅོམ་
ལྡན་འདས་ཀྱིས་དངོས་སུ་བྱིན་གྱིས་བརླབས་པ་དཔལ་འཛིན་ཆེན་པོས་མཛད་པ་རྫོགས་སོ།། །།བླ་མ་ཤར་ཕྱོགས་པ་ཆེན་པོ་དརྤཎ་ཨཱ་ཙཱརྱ་དང་། གློ་བོ་ལོ་ཙཱ་བ་དགེ་སློང་པྲཛྙཱ་རཏྣས་སྐུ་མཁར་ཉི་ཟུངས་སུ་བསྒྱུར་བའོ།། །།

༄༅༅། །རྒྱ་གར་སྐད་དུ། ཨགྣེ་དེ་ཝ་པཱུ་ཛ་ནཱ་མ། བོད་སྐད་དུ། མེའི་ལྷ་མཆོད་པ་ཞེས་བྱ་བ། མ་ལུས་གདུག་པའི་སེམས་ལྡན་པ། །བླ་མ་ལ་ནི་སྡང་བ་སོགས། །གཞོམ་ཕྱིར་དྲག་བྱིན་ཆོ་ག་ནི། །གཤིན་རྗེ་འཇོམས་མཛད་མཆོད་ཕྱིར་བཤད། །འབུམ་ནི་ཡོངས་སུ་
རྫོགས་པ་ནས། །དགེ་བའི་མཚན་མ་མཐོང་འགྱུར་ནི། །ལྷ་དང་བླ་མ་མཐོང་གྱུར་ན། །འགྲུབ་འགྱུར་གཞན་དུ་ཉམས་པར་འགྱུར། །དུས་དང་ཐབ་དང་རྫས་དང་ནི། །ཆོ་གས་བསྒྲུབ་པར་བྱ་བ་སྟེ། །རྣམ་དག་བཞིར་ནི་ཤེས་པར་བྱ། །སྒྲུབ་པོ་བསྙེན་པ་མཐར་སོན་དུས། །དྲག་པའི་
སྟོབས་དང་མིག་མར་སོགས། །དྲག་པོའི་གཟའ་སྐར་རྒྱུ་བའི་དུས། །མར་ངོའི་ཟླ་བའི་བཅུ་བཞི་སོགས། །དྲག་བྱེད་འབྱུང་པོ་རྒྱུ་བའི་དུས། །རྒྱུ་ནི་རླུང་ནི་རྒྱུ་བའི་དུས། །དགུན་སྨད་མཚན་ཕྱེད་དབྱར་གྱི་སྨད། །སྣ་བུག་གཡོན་ནས་རླུང་རྒྱུའི་དུས། །གཡུལ་འགྱེད་ལ་སོགས་
སྐྱེ་བོ་རྣམས། །རབ་ཏུ་འཁྲུགས་པའི་སེམས་ལྡན་དུས། །འདི་ནི་དྲག་པོ་མེ་ཡི་ལྷ། །མཆོད་པའི་རྣམ་དག་དུས་སུ་བཤད། །དེ་ནས་གནས་ཀྱི་མཚན་ཉིད་ནི། །བྱང་དུ་གནས་དང་མདོག་ནག་དང་། །རྩུབ་ཤིང་ཚེར་མ་སྐྱེ་བ་དང་། །དྲག་པོའི་ལྷ་ཚོགས་གནས་པའི་ཕྱོགས། །
དེ་ནི་དྲག་བྱེད་མེ་ཡི་གནས། །ཐབ་སོགས་ཆོ་ག་བཤད་པར་བྱ། །ཐབ་ཁུང་གྲུ་གསུམ་སོར་ཉི་ཤུ། །ཟབས་སུ་སོར་བཅུ་ལྡན་པ་སྟེ། །རྡོ་རྗེ་དང་ནི་རྩེ་གསུམ་བྲི། །ཟླ་བ་རྡོ་རྗེས་མཚན་སྣ་ཚོགས། །རྫས་ཀྱི་རིམ་པ་བཤད་བྱ་བ། །རྔ་མོའི་རྟུག་པ་རྡོ་ཐལ་དང་། །མེ་ཏོག་ནག་པོ་ཚེར་མའི་
ཤིང་། །སོར་བརྒྱད་ཁྲག་སྦགས་ཚ་བ་གསུམ། །དུག་ཁྲག་སྐེ་ཚེ་ལན་ཚྭ་དང་། །དགྲ་ཡི་དྲི་མ་ལ་སོགས་དང་། །མར་ཏིལ་འབྲས་སོ་ནས་སྲན་གྲོ། །དཱུར་བ་ཀུ་ཤ་ཐོད་པར་བསྲེ། །མདོག་ནག་གཟུགས་དང་རུས་སྦལ་གཟུགས། །ཞེ་སྡང་སོ་འཆའ་ཁྲོ་གཉེར་ལྡན། །གདོང་ནག་
མིག་ནི་བགྲད་པའོ། །དགྲ་བོ་དགུག་དང་བྲལ་ཞིང་དབྱེ། །ཧཱུྃ་ལྡན་ཀུ་ཤས་བསང་གཏོར་བྲི། །ཨོཾ་བཛྲ་སཏྭ་ཨ། ཀུ་ཤ་བཀྲམ་ལ་མེ་ནི་སྦར། །ཤན་པའམ་རོ་བསྲེགས་མེ་ཡིས་སོ། །ཨོཾ་ཨགྣེ་ཛྭཱ་ལ་ཛྭཱ་ལ་རཾ། མེ་དབུས་རཾ་ལས་བྱུང་བ་ཡི། །ར་ནག་ཞོན་པ་ཁྲོས་པའི་གཟུགས། །བགྲང་

ཕྲེང་རིལ་བ་དབྱུག་པ་ཅན། །དྲང་སྲོང་ནག་པོས་བསྐོར་ཞིང་གནག །དེ་ནས་དགུག་ཅིང་སྤྱན་དྲངས་ཏེ། །ཨོཾ་ཨཱཿཧཱུྃ། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་ཛཿཧཱུྃ་བཾ་ཧོཿ ཨོཾ་ཨགྣེ་ཀྲོ་དྷ་དེ་ཛ་ཕཊ། ཨོཾ་བཛྲ་ནི་རི་ཏི་ཁཾ་ཕཊ། ཨོཾ་བཛྲ་ཨརྒྷཾ་ཕཊ། ཨོཾ་བཛྲ་པུཥྤེ་ཕཊ། ཨོཾ་བཛྲ་དྷཱུ་པེ་ཕཊ། ཨོཾ་བཛྲ་
ཨཱ་ལོ་ཀེ་ཕཊ། ཨོཾ་བཛྲ་ནཻ་བི་དྱཻ་ཕཊ། ཨོཾ་བཛྲ་ཤཔྟེ་ཕཊ། མཆོད་པའོ། །ཛི་ཨ་ཀུ་རུ་ཀུ་རུ། པུཥྤ། དྷཱུ་པ། དཱི་པ། གནྡྷ། ནཻ་བི་དྱཻ། ཤཔྡ། ཨོཾ་དང་སྭཱ་ཧཱས་ཐོག་མཐར་བརྒྱན། །སྦྱང་བའོ། །མཆུ་གཉིས་ཡ་ར་དེ་བཞིན་དུ། །མེ་ལྷའི་ཁ་ལ་རབ་བཀོད་ལ། །པུས་མོའི་བར་བཅུག་ལག་
པ་ཡི། །གསུམ་མམ་བདུན་དུ་གཡས་ནས་དབུལ། །ཨགྣེ། སརྦ་པཱ་པཾ་ད་ཧ་ན། བཛྲ་ཡ། བཛྲ་པུ་ཤ་ཡ། སརྦ་པཱ་པཾ་བྷ་ཝ་ཏེ། ཨ་པྲ་ཏི་ཧ་ཏ་ཡ། ཧ་བི་ཀ་ཡ། མ་ཧཱ་བ་ལ། བཛྲ་གྷ་སྨ་རི། བོ་དྷི་བྲྀ་ཀྵ་ཡ། ཨོཾ་དང་སྭཱ་ཧཱས་ཐོག་མཐར་བརྒྱན། །ཨོཾ་ཨགྣེ་དེ་ཝ་རྀ་ཥི་མ་ཧཱ་ཏེ་ཛ་གནོད་
བྱེད་མཱ་ར་ཡ་ཕཊ། དེ་ནས་སྙིང་གར་ལྷ་ཡི་གཟུགས། །ཇི་བཞིན་བསྐྱེད་ལ་དེ་བཞིན་མཆོད། །ཨོཾ་ཡ་མཱནྟ་ཀ་ཨ་མུ་ཀ་ཏ་མཱ་ར་ཡ་ཕཊ། ཨོཾ་ཧྲཱིཿཥྚྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨ་མུ་ཀ་མཱ་ར་ཡ་ཕཊ། ཨོཾ་བཛྲ་བེ་ཏཱ་ལཱི། ཨ་མུ་ཀ་མཱ་ར་ཡ་ཕཊ། ཛི་ན་ཛིཀ །རཏྣ་དྷྲྀཀ །ཨཱ་རོ་ལྀཀ །
པྲཛྙཱ་དྷྲྀཀ །མོ་ཧ་ར་ཏི། །དྭེ་ཥ་ར་ཏི། རཱ་ག་ར་ཏི། བཛྲ་ར་ཏི། མུངྒ་དྷྲྀཀ །དཎྜ་དྷྲྀཀ །པདྨ་དྷྲྀཀ །ཁཌྒ་དྷྲྀཀ །ཨ་མུ་ཀ་མཱ་ར་ཡ་ཕཊ། ཅེས་པ་ནི་ཁྱད་པར་རོ། །དེ་ནས་མཆོད་ཅིང་བསྟོད་དེ་བསྡུ། །སླར་ཡང་ལྷག་མས་དྲང་སྲོང་མཆོད། །ཚངས་མགོན་མཆོག་གི་སྲས་པོ་གཟི་
དང་ལྡན། །མེ་ཡི་ལས་སྟེར་འཇིག་རྟེན་མེ་ཡི་ལྷ། །འབར་བའི་ནང་ན་སྐུ་བརྗིད་རྒྱན་གྱིས་བཀླུབས། །ཕྱག་འཚལ་འདོད་དོན་བྱིན་ལ་ཁྱེད་བརྩོན་མཛོད། །བཟོད་པར་གསོལ་ནས་གཤེགས་པར་བྱ། །དངོས་གྲུབ་ཞུ་ཞིང་ལྷག་ཆད་བསྐང་། །གསད་དང་རེངས་པ་ལ་སོགས་པ། །
ཇི་ལྟ་བ་ཡི་སྦྱོར་བས་འགྲུབ། །དེ་ལྟར་གཤིན་རྗེ་གཤེད་དཔལ་མཆོད་པ་ཡིས། །སྲིད་གསུམ་ཉོན་མོངས་བུད་ཤིང་ཀུན་བསྲེགས་ནས། །འགྲོ་བའི་མུན་སེལ་ཡེ་ཤེས་ལྔ་འོད་འབར། །རྡོ་རྗེ་མེ་ཡི་གོ་འཕང་ལ་གནས་ཤོག །དཔལ་གཤིན་རྗེ་གཤེད་དམར་པོའི་སྲེག་བྱེད་མེའི་ཆོ་ག་

ཞེས་བྱ་བ་དངོས་གྲུབ་བརྙེས་པ་དཔལ་འཛིན་གྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དརྤཎ་ཨཱ་ཙཱརྱ་དང་། དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་མང་ཡུལ་དུ་བསྒྱུར་ཅིང་ཞུས་པའོ།། །།
༄༅༅། །རྒྱ་གར་སྐད་དུ། ཨ་མྲྀ་ཏ་ཨ་དྷིཥྛཱ་ན་ནཱ་མ། བོད་སྐད་དུ། བདུད་རྩི་བྱིན་གྱིས་བརླབ་པ་ཞེས་བྱ་བ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ཞིག་རྣལ་འབྱོར་གཉིས་བརྟེན་ནས། །གཤིན་རྗེ་གཤེད་དཔལ་གཉེར་བྱེད་ན། །དེ་ཡི་བསྟེན་བྱ་དམ་ཚིག་ནི། །
བྱིན་གྱིས་བརླབ་པའི་རིམ་པ་བཤད། །དེ་ལ་རྣལ་འབྱོར་པས་དབེན་པའི་གནས་རིའི་ཕུག་གམ་དུར་ཁྲོད་ལ་སོགས་པ་མིའི་སྐྱེ་བོས་དབེན་པར་བྱས་ལ། བཅུད་མ་ཉམས་པའི་དྲི་ཆེན་དང་། གྷཉྫི་དང་། བ་རུ་ར་དང་། ཨ་རུ་ར་དང་། བླ་བ་དང་། མར་དང་། སྦྲང་རྩི་དང་། བུ་རམ་དང་།
སོ་གའི་དུས་མ་ཡིན་པའི་དུས་སུ་འདུས་བྱས་པའི་པ་ར་ན་དང་། ལེགས་པར་སྦྱར་བའི་རིལ་བུ་ཨུ་རིན་དྷ་བའི་སྣོད་དང་། །ལྭ་བ་དམར་པོའི་ན་བཟའ་དང་བཅས་པ་སྟ་གོན་དུ་བྱས་ལ། ཇི་སྐད་བཤད་པའི་རིམ་པ་གཉིས་སྔོན་དུ་འགྲོ་བས་མཆོད་པ་དང་གཏོར་མའང་ཕུལ་ཞིང་། སློབ་དཔོན་
ལ་ཡོན་ཕུལ་ནས་འཁོད་ལ། །ལྷན་ཅིག་སྐྱེས་དགའི་གཉུག་མའི་བདེ་བ་ཆེ། །གཉིས་མེད་མཉམ་སྦྱོར་སྲིད་ཞི་དུས་ཀྱི་དགྲ། །དཔལ་ལྡན་ཕྱག་འཚལ་འདིར་ནི་བརྩེར་དགོངས་ནས། །བརྟན་གཡོ་འཇིག་མཛད་དམ་ཚིག་མཆོག་སྩོལ་མཛོད། །ཅེས་ལན་གསུམ་མོ། །དེ་ནས་སློབ་
དཔོན་གྱིས་ཇི་ལྟར་སྣང་བའི་འཇིག་རྟེན་ཐམས་ཅད་དེ་བཞིན་གཤེགས་པ་ལྔའི་ངོ་བོར་ཤེས་ཏེ་རང་གི་བུ་བྱིན་གྱིས་བརླབ་པར་བྱའོ། །སྙིང་གར་དབུ་མའི་ནང་དུ་ཧཱུཾ་ངོ་། །ཕྱོགས་བཞིར་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ངོ་། །དབུས་དང་མཚམས་བཞིར་མུ་བི་ཤུ་མ་རའོ། །ཁ་དོག་ནི་རིགས་དང་མཐུན་པར་རོ། །
དེ་བཞིན་དུ་ལྟེ་བ་དང་མགྲིན་པར་ཡང་དགོད་པར་བྱའོ། །དེ་ནས་ལུས་ཀྱི་འདུག་སྟངས་དང་རླུང་རན་པར་བྱ་ཞིང་། སྙིང་གའི་ཡི་གེ་ལས་སོ་སོའི་ཁ་དོག་དང་མཐུན་པའི་འོད་ཟེར་བྱུང་ནས་མ་ལུས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་

དང་ཕྲིན་ལས་སྐུ་ལྔའི་རྣམ་པར་བཀུག་སྟེ་ཡི་གེ་ལྔ་ལ་སོ་སོར་བསྡུའོ། །དེ་ལྟ་བུའི་རིམ་པ་ཁོ་ན་ཡེ་ཤེས་ལྔས་འབྱུང་བ་ལྔ་སྦྱངས་ཤིང་སླར་ཡང་ཡུམ་ལྔའི་རྣམ་པས་བསྡུའོ། །དེ་བཞིན་དུ་ལྟེ་བ་དང་མགྲིན་པ་ལས་ཀྱང་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་སྦྱང་བའི་ཕྱིར་རོ། །
རྒྱུ་དང་ལམ་དང་འབྲས་བུའི་དུས་ཀྱི་དངོས་གྲུབ་བསྡུ་བའི་ཕྱིར་རོ། །ཕུང་པོ་ལྔ་དང་འབྱུང་བ་ལྔ་དང་ཉོན་མོངས་པ་ལྔ་ནི་བསྡུས་ཏེ་ཡེ་ཤེས་སུ་བྱིན་གྱིས་བརླབ་པའི་ཕྱིར་རོ། །དེ་ཡང་དུས་གསུམ་དུ་གནས་པའི་ཕྱིར་རོ། །སླར་ཡང་འོག་གི་འཁོར་ལོ་ཡི་གེ་དང་བཅས་པ་སྙིང་གའི་ཧཱུཾ་ལ་བསྡུ་ཞིང་ཡི་
གེ་བརྒྱད་ཀྱང་བསྡུས་ཏེ། དེའི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་བདུད་རྩི་ལྔའི་ངོ་བོ་ཧཱུཾ་ཆ་ལྔ་པའི་རྣམ་པས་བསྟིམ་ཞིང་། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། པཉྩ་ཨ་མྲྀ་ཏ་ཡུཏྒྷ་ཊ་ས་མ་ཡཱ་ཏིཥྛཱ་བ་བཛྲ་ཛ་ཛཿཧཱུཾ་བཾ་ཧོཿམུངྒ་ར་ཧྲི་ཧ་ཧ་ཧ་ཧཱུཾ། སྤྱི་བོར་མེ་ཏོག་དང་བཅས་པས་
བརྟན་པར་བྱ་སྟེ། འདོད་པ་ལ་སོགས་པ་དུས་གསུམ་གྱི་དངོས་གྲུབ་རིགས་ལྔ་དང་། དཔའ་མོ་ལྔ་དང་། ཡེ་ཤེས་ལྔ་ལ་སོགས་པའང་བརྟན་གཡོ་ཐམས་ཅད་ཀྱི་བདག་པོ་རྣམ་པར་ཤེས་པ་ཧཱུཾ་འདིའོ། །ཞེས་ངེས་པར་བྱས་ལ། དག་པ་རྗེས་སུ་དྲན་པས་རྣམ་པར་ཤེས་པ་ལྷན་ཅིག་སྐྱེས་
པའི་ཡེ་ཤེས་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་རྟག་ཏུ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཤིང་གཡོ་བ་མེད་པ་ཉིད་ལ་སེམས་གནས་པར་བྱས་ལ། བླ་མས་རྡོ་རྗེ་དྲིལ་བུ་འཛིན་པས་ཚད་མེད་པའི་སེམས་ཀྱིས་བཟླས་པ་དང་གདུག་པ་ཅན་རྣམས་བཟློག་པར་བྱའོ། །དེ་ནས་ཡང་ཇི་སྐད་གསུངས་པའི་
རིལ་བུའམ། ཐོད་པ་ཆང་གིས་བཀང་བ་སློབ་མ་ལ་སྦྱིན་ཞིང་། དཔའ་བོ་རྣལ་འབྱོར་མ་འཁོར་ལོའི། །དངོས་གྲུབ་བདུད་རྩི་ལས་བྱུང་བ། །སྔགས་པ་མཆོག་གིས་རབ་བསྔགས་པ། །དམ་ཚིག་འདི་ནི་ཁྱོད་ལ་སྦྱིན། །དེས་ཀྱང་བླངས་ཏེ་འཐུངས་པས་ལུས་ཐམས་ཅད་བྱང་ཆུབ་ཀྱི་
སེམས་ཀྱིས་གང་སྟེ། ཟག་པ་མེད་པའི་བདེ་བས་ཚིམ་སྟེ། འདོད་པའི་སྲེད་པ་མ་ལུས་པ་ཟད་ནས་བདེ་བ་དང་རབ་ཏུ་མི་རྟོག་པའི་ཡེ་ཤེས་ཟུང་དུ་འཇུག་པ་བསྐྱེད་པར་བྱའོ། །དེ་ནས་རྒྱུན་མ་ཆད་པས་གསུམ་མམ། བདུན་ནམ་ཐུན་བཞི་ལ་སོགས་པ་ཇི་ལྟར་ནུས་པས་བརྟན་

པར་བྱ་སྟེ་ཕན་ཡོན་ནི་དཔལ་ལྡན་འདས་པའི་རྒྱུད་ལས་གསུངས་པའི་རིམ་པ་དང་། མཐར་ཐུག་པ་ནི་དམ་ཚིག་འདིས་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ཉིད་མངོན་དུ་བྱེད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཉིད་ལས་ཐོས་སོ། །བདུད་རྩི་ལྔ་ཡི་བྱིན་གྱིས་
བརླབ་པའི་རིམ་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་བི་རཱུ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དརྤཎ་ཨཱ་ཙཱརྱ་དང་། ལོ་ཙཱ་བ་ཞེ་སྡང་རྡོ་རྗེས་མང་ཡུལ་གྱི་གཙུག་ལག་ཆེན་པོར་ཞུས་ཤིང་བསྒྱུར་བའོ།། །།
༄༅༅། །རྒྱ་གར་སྐད་དུ། ཙཀྲ་རཀྵ་ཨ་དྷིཥྛཱ་ན་པྲིཥྛཱ་ཡ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། སྲུང་བའི་འཁོར་ལོའི་བྱིན་བརླབ་དང་ཕྱིར་བཟློག་པའི་མན་ངག་ཅེས་བྱ་བ། བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །སྲིད་གསུམ་རོ་མཉམ་བདེ་ཆེན་པོ། །
དཔལ་ལྡན་གཤིན་རྗེ་འཇོམས་མཛད་ལ། །བཏུད་དེ་དེ་ཡི་ཕྲིན་ལས་ནི། །བསྒྲུབ་ཕྱིར་འཁྲུལ་འཁོར་ཆོ་ག་བཤད། །བསྙེན་པ་བྱས་པའི་རྣལ་འབྱོར་པས། །ཇི་ལྟའི་སྦྱོར་བས་འཁྲུལ་འཁོར་རྣམས། །སྒྲུབ་ན་དེ་ཡི་བྱིན་གྱིས་རློབ། །བླང་བྱ་དེ་ནས་ཡང་ནི་སྒྲུབ། །དབེན་པར་མཎྜལ་
སོགས་བྱས་ལ། །རིམ་པ་གཉིས་ཀྱི་རྣལ་འབྱོར་མཆོག །མཆོད་དང་གཏོར་མ་བུམ་པ་བཟླས། །སྦྱིན་སྲེག་དེ་བཞིན་ཆོས་འབྱུང་ལ། །ཕྱོགས་སྐྱོང་བཀོད་ལ་ཕྱི་རོལ་དུ། །རྣལ་འབྱོར་གཏོར་མ་བྱིན་ལ་བསྒོ། །དེ་ནས་དང་བཅས་སློབ་མ་ནི། །ཁྲུས་བྱས་ཐལ་མོ་སྦྱར་བྱས་
ལ། །བླ་མ་ལ་ནི་ཕྱོགས་པར་གཞག །སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་དང་། །སངས་རྒྱས་ལྔ་ཡི་སྡོམ་པ་སྦྱིན། །ཇི་སྐད་གསུངས་པའི་ལས་རབ་འབྱམས། །བསྒྲུབ་པའི་བསམ་པ་ཉེར་གཞག་སྟེ། །པཾ་ལས་བྱུང་བའི་པདྨའི་སྟེང་། །ཧཱུཾ་བྱུང་དུས་དགྲ་དམར་པོ་བསམ། །
སྙིང་དང་མགྲིན་པར་ཡ་བསྒོམ་པ། །ལྟེ་བར་རེའུ་མིག་དགུ་པའོ། །ཨོཾ་ཆེ་གེ་མོའི། ཞི་བ་དང་། རྒྱས་པ་དང་། དབང་དུ་བྱ་བ་དང་། རེངས་ཤིང་བསད་པ་རྣམས་འདོད་པ་ལྟར་འགྲུབ་པ་གྱིས་ཤིག་སྭཱ་ཧཱ། དབུས་སུའོ། །ཧྲཱི་ཥྚྲྀཿཝི་ཀྲྀ་ཏཱ་ན་ན། གཡས་སྐོར་གྱིས་ཕྱོགས་བཞིར་

རོ། །ཧཱུཾ་ཧཱུཾ་ཕཊ་ཕཊ། མཚམས་བཞི་ལའོ། །བཅུ་གཉིས་རྩིབས་ནི་སེར་པོ་ལ། །ཀྵེ་ཛ་ཡ་ཡིག་དབུས་དང་གཡས། །གཡོན་དུ་དགོད་པར་བྱ་བ་ཉིད། །ལྷོ་རུ་མ་ཡཙྪ་ཡིག་གོ། །ནུབ་ཏུ་ཡི་གེ་མེ་དོ་ན། །བྱང་གི་གསུམ་ལ་དོ་རུ་ཎ། །རྩིབས་མཚམས་བཀོད་པའི་ཡི་གེ་ནི། །ན་ཡོ་ནི་ར་
ལན་གསུམ་མོ། །དེ་ནས་རེའུ་མིག་ཕྱི་མ་ལ། །ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་ར་མ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། འཁོར་ལོ་ཁ་སྦྱར་རབ་དམིགས་ལ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །རྒྱལ་བའི་ཕྲིན་ལས་ཐམས་ཅད་དང་། །མཐུ་དང་ཡོན་
ཏན་ཚོགས་བསྡུས་ལ། །སྙིང་དང་མགྲིན་པའི་འཁོར་ལོར་གཞུག །སློབ་དཔོན་དམར་པོའི་འཁོར་ལོའང་། །ཇི་ལྟར་མེ་ནི་མེ་གཅིག་ལ། །མར་མེ་གཅིག་ཆད་ཇི་བཞིན་དུ། །མ་ཉམས་འཕེལ་བ་འཕངས་པ་བཞིན། །སློབ་མའི་སྙིང་དང་མགྲིན་པར་གླན། །གསང་སྔགས་རྒྱལ་པོ་བཅུ་བཞི་
དང་། །རྩ་བའི་སྔགས་ནི་སྔོན་འགྲོ་བའི། །ཡི་གེ་བཅུ་གཉིས་ལུང་བྱིན་ལ། །བྲིས་ཤིང་བསྒྲུབ་པ་བྱས་པ་ཡི། །འཁོར་ལོའི་རྫས་ནི་ལག་བྱིན་ལ། །བརྟན་ཕྱིར་རྡོ་རྗེ་སྤྱི་བོར་གཞག །ཏིཥྛ་བཛྲ་ཙཀྲ་རཀྵ་ས་མ་ཡ་མུ་དྲ་ཧོ། །བརྟན་དང་གཡོ་བའི་བཅུད་ཀུན་ལས། །མི་བསྐྱོད་ཞི་དང་དབང་
བྱེད་པ། །མངོན་སྤྱོད་དམ་པའི་འཁོར་ལོ་ནི། །རབ་འབྱམས་ལས་རྣམས་བསྒྲུབ་ཕྱིར་ཟུང་། །འདི་ནི་དིང་ནས་བཟུང་བྱས་ཏེ། །མི་འབྲལ་བར་ནི་བྱ་བའོ། །དེ་ནི་རྗེས་སུ་གནང་བ་ཡི། །ལས་ནི་ཐོགས་མེད་མྱུར་བ་དང་། །ལྷ་མཉེས་པ་དང་རིམ་གཉིས་ཀྱི། །གྲོགས་ཀྱི་དམ་པར་
འགྱུར་བའོ། །གཞན་དུ་འཁོར་ལོ་རྩོམ་པ་ནི། །མི་མཁས་འགྲུབ་པར་མི་འགྱུར་ཞིང་། །སྔར་བྱས་དངོས་གྲུབ་གང་འདོད་པ། །བྱེ་ཕུང་ཆུ་ལ་སོགས་བཞིན་ནོ། །འཁྲུལ་འཁོར་གྱི་བྱིན་གྱིས་བརླབ་པའི་རིམ་པ་མཁས་ཤིང་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་འཛིན་
ཆེན་པོས་མཛད་པ་རྫོགས་སོ།། ༄། །དེ་ནས་ཡང་དག་བཤད་པ་ནི། །གསད་དང་རེངས་དང་བསྐྲད་ལ་སོགས། །བྱའམ་གཞན་གྱིས་བྱས་ཀྱང་རུང་། །ཕྱིར་བཟློག་རིམ་པའང་གསལ་བར་བྱ། །འཇིགས་དང་བར་ཆོད་མཚན་མའམ། །རྨི་སོགས་ངན་པ་བྱུང་གྱུར་ཚེ། །བཟློག་

པ་དྲུག་ཏུ་བྱ་བ་སྟེ། །རྫས་དང་སྔགས་དང་ཏིང་ངེ་འཛིན། །རླུང་དང་མཉམ་མེད་དག་དང་ནི། །སྲུང་བ་མེད་པའི་བསྲུང་བའོ། །དེ་ལ་རེ་ཞིག་རྣལ་འབྱོར་པས། །སེང་ལྡེང་དབྱུག་པ་གླ་རྩི་དང་། །གི་ཝཾ་ཤུ་དག་གུ་གུལ་དང་། །གནྡྷི་ཏིལ་དང་ཡུངས་ཀར་དང་། །མུ་མེན་བྱི་རུ་
སི་ལ་དང་། །ཙནྡན་དམར་སོགས་དེ་བཞིན་དུ། །ལི་ཁྲི་མཚལ་དཀར་འདུས་བྱས་ལ། །སྲུང་བ་མེ་ལས་བཅུ་གསུམ་ལྟར། །བསྐྱེད་ལ་བཅུ་གསུམ་གནས་སུ་གཞག །ཧཱུཾ་ཀྵེ་མ་མེ་ད་ཛ་ས་དོ་རུ་ཡཙྪ་ནི་ར། སྙིང་ག་མིག་དང་རྣ་བ་སྣ། །ཁ་དང་ལྟེ་བ་འོག་སྒོ་གཉིས། །བརླ་གཉིས་ཕྲག་
པ་གཉིས་དང་ནི། །དེ་བཞིན་སྤྱི་བོའི་གཙུག་ལ་རེག །ཇི་ལྟར་ཞེ་སྡང་གཤེད་སོགས་བསྒོམ། །རྫས་རྣམས་བརྡུངས་ཏེ་ལུས་ལ་བཅད། །ཚངས་དང་ཁྱབ་འཇུག་དྲང་སྲོང་སོགས། །ལོག་པར་བྱེད་པའི་རིག་སྔགས་ཀྱིས། །ནམ་ཡང་ཚུགས་པར་མི་འགྱུར་རོ། །ཕྱི་ཡོ་བྱད་རྫས་ཀྱིས་
ཕྱིར་བཟློག་པའོ། །ཤིན་ཏུ་ངན་པར་བྱེད་པ་ཡི། །རིག་འཛིན་ལ་སོགས་མེད་གྱུར་ན། །དེ་བཟློག་པ་ཡི་ཆོ་ག་ནི། །ཚད་མེད་སེམས་སོགས་སྔོན་འགྲོ་བས། །གསང་སྔགས་གསུམ་གྱིས་དག་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ནམ་མཁའི་དཀྱིལ་དུ་བསམ་བྱ་
བ། །པཾ་རཾ་ལས་བྱུང་པད་ཉིའི་སྙིང་། །སྣ་ཚོགས་རྡོ་རྗེ་ཡོངས་གྱུར་པའི། །སྲུང་བའི་འཁོར་ལོ་བསྒོམ་བྱ་སྟེ། །རྩིབས་བཅུ་མུ་ཁྱུད་ལྟེ་བར་བཅས། །བྷྲཱུཾ་ལས་བྱུང་བའི་གནས་བཅུ་ལ། །ཧཱུཾ་བྱུང་རྒྱུ་དང་བསྲེ་བ་ལས། །ཇི་ལྟར་འབྱུང་བའི་ཁྲོ་བོ་བསྐྱེད། །དབུས་སུ་རང་ཉིད་གཤིན་རྗེ་གཤེད། །
མདོག་གནག་ཁྲོས་པ་མ་ཧེའི་སྟེང་། །དེ་ལྟར་བསྐྱེད་ནས་ཆོ་ག་བཞིན། །རྡོ་རྗེ་གསུམ་དུ་བྱ་བ་དང་། །གཞུག་དང་བཅིང་སོགས་ལེགས་བྱས་ནས། །ཌཀྐི་རཱ་ཛ་གྲངས་མེད་པས། །གནོད་བྱེད་གདུང་ཞིང་དགུག་ལ་གཞུག །རྡོ་རྗེའི་གོ་གོན་སྙིང་ག་ཡི། །སེམས་དཔའི་གནས་སུ་
བསྲུང་བྱ་ནི། །དམིགས་ལས་བཟླས་ཏེ་འཁོར་བས་སོ། །དུས་དུས་གཏོར་མ་སྦྱིན་པར་བྱ། །གཟིར་བའི་སྦྱིན་སྲེག་མཚན་ཕྱེད་ན། །ཁྲོ་བོ་བཅུ་ལ་སྦྱིན་པར་བྱ། །ཕྱིའི་བྱད་སྔགས་ཀྱིས་ཕྱིར་བཟློག་པའོ། །གལ་ཏེ་རྣལ་འབྱོར་ལམ་པ་ལ། །རྟོག་དང་མཚན་མས་གཡེངས་པའི་བྱད། །

དེ་བཟློག་པ་ཡི་རྣལ་འབྱོར་ནི། །རླུང་གི་སྦྱོར་བ་བརྩམ་བྱ་སྟེ། །ཨུ་པ་ཏནྟ་དྷ་ར་ན། །ཌི་མ་བྱ་གྲ་མུ་ས་ལ། །གཡོ་དང་འཇུག་པའི་རླུང་བཟུང་སྟེ། །དབུ་མར་རྒྱུ་བ་ཡེ་ཤེས་རླུང་། །ཀུན་བྱེད་རྣམ་རྟོག་འཇོམས་པའོ། །ཉོན་མོངས་ལས་ཀྱི་རླུང་ཤུགས་དག །ཡེ་ཤེས་ཆེན་པོར་བྱེད་པ་སྟེ། །
སུ་ཡི་མཐུས་ཀྱང་མི་ཚུགས་སོ། །ནང་བྱད་རླུང་གིས་ཕྱིར་བཟློག་པའོ། །གདོན་དང་འཇིགས་དང་བྱད་དང་ནད། །བར་དུ་གཅོད་པའི་ཆོས་རྣམས་ཀུན། །ཕྱི་རོལ་གྱུར་པ་ལ་ཡིན་པས། །ཕན་ཚུན་བསྲེ་བའི་ཏིང་འཛིན་གྱིས། །ཇི་ལྟར་དུག་ལ་བདུད་རྩི་བཞིན། །བར་གཅོད་ཡེ་ཤེས་
ཆེན་པོར་བྱ། །འཛིན་སོགས་རྟོག་པའི་བདུད་བྱུང་ན། །འཛིན་མཁན་རྟོག་པ་རང་ཉིད་ཀྱང་། །ཕ་རོལ་གདོན་དུ་བསྒྱུར་བྱས་ལ། །གདོན་ཉིད་གང་ཡིན་གདོན་པར་བྱ། །དེ་ལྟར་རང་ཉིད་གནོད་བྱེད་ནི། །ལྷར་བལྟ་ཕ་རོལ་དེ་བཞིན་ནོ། །དེ་ནས་བླ་མ་དྲན་བྱས་ནས། །ཇི་སྙེད་བརྟན་
གཡོ་ལྷ་དང་སྔགས། །སུ་ཡིས་སུ་ལ་གནོད་བྱེད་པ། །འཁྲུལ་པའི་མཚན་མ་རང་སར་གྲོལ། །འཛིན་པ་ཀུན་བཤིག་སྤྲོས་མེད་ཀྱི། །ཏིང་འཛིན་ཆེན་པོ་སྐྱེ་བར་འགྱུར། །ནང་གི་བྱད་ཏིང་ངེ་འཛིན་གྱིས་ཕྱིར་བཟློག་པའོ། །མཐར་ཐུག་ཡེ་ཤེས་བདུད་གྱུར་པ། །སྡུག་བསྔལ་འཁོར་བ་
འདོར་འདོད་དང་། །བླང་བྱ་མྱ་ངན་འདས་པ་སྟེ། །གཉིས་སུ་རྒྱུ་བ་ཉིད་ཡིན་ནོ། །དེ་ཉིད་ལམ་དུ་བྱ་བ་ཡང་། །རྡོ་རྗེ་འཛིན་པའི་གསུང་བཞིན་བཤད། །དམྱལ་སོགས་འཁོར་བའང་ལེགས་ཤེས་ན། །སངས་རྒྱས་ཉིད་ལས་མ་གཡོས་ཏེ། །ཕུང་པོ་ལྔ་རུ་གནས་ཕྱིར་རོ། །ཡེ་ཤེས་
ལྔ་ནི་ཡིན་པའི་ཕྱིར། །ལུས་ཀྱི་དྲི་ཆེན་ལ་སོགས་ལྔ། །བདེ་གཤེགས་ལྔ་ཉིད་བདུད་རྩི་ལྔ། །རིག་མ་ལྔར་ནི་གཞུག་ཕྱིར་རོ། །རྒྱལ་སྲས་བརྒྱད་དུ་གནས་ཕྱིར་རོ། །ལྷ་མོ་དྲུག་ཏུ་གནས་ཕྱིར་རོ། །འཇིགས་བྱེད་བཅུ་ནི་ཡིན་ཕྱིར་རོ། །དེ་ལྟར་ཐམས་ཅད་སངས་རྒྱས་ཀྱི། །དཀྱིལ་འཁོར་
འབའ་ཞིག་རང་བཞིན་ལ། །ནད་འཇོམས་སྨན་ལ་དུག་བཞིན་དུ། །འགའ་ཞིག་འདི་ལ་དོར་བྱར་འཛིན། །གལ་ཏེ་འཁོར་བ་ཉིད་ཡིན་ཡང་། །འཁོར་བ་ཐོག་མ་དབུས་མཐའ་མེད། །སྐྱེ་དང་འགག་པ་ཀུན་ཀྱང་སྤངས། །སྐད་ཅིག་རྡུལ་གྱི་ཆ་སྤངས་ལ། །ཡོད་མིན་མེད་མིན་མེད་

པའང་མིན། །སྒྱུ་མའི་གླང་པོ་ཇི་བཞིན་དུ། །སྐྱེ་ལ་སྐྱེ་བ་ཡོད་མིན་པས། །སྒྱུ་མའི་སྐྱེས་བུས་སྒྱུ་མ་ཡི། །བུད་མེད་འདོར་བ་དག་དང་མཚུངས། །དེ་ལྟར་བསྒོམས་པས་འཁོར་བ་ལ། །འདོར་འདོད་མ་སྤངས་པར་ཡང་གྲོལ། །གལ་ཏེ་རང་ཉིད་བདེ་བ་ཡི། །ཟག་མེད་དབྱིངས་
ལ་སེམས་དགའ་ན། །གཉིས་མེད་སྙིང་རྗེ་ལྷན་ཅིག་སྐྱེས། །ཟུང་དུ་འཇུག་པ་བསྒོམ་པར་བྱ། །དོན་གཉིས་འབྱོར་བའི་སངས་རྒྱས་ནི། །བདག་དོན་ཁོ་ན་མ་ཡིན་ཏེ། །འབངས་རྣམས་བདེ་ལ་མི་འགོད་པར། །རྒྱལ་སྲིད་རང་བདེའི་ཕྱིར་བཟུང་ན། །གཞན་ཕུང་འཇུག་ཏུ་བདག་ཀྱང་ཕུང་། །
བདག་ནི་ཏིལ་ཙམ་མེད་པའི་ཕྱིར། །བདག་གི་དོན་གྱིས་ཅི་ཞིག་བྱ། །བདག་མེད་ཡེ་ཤེས་ལྷན་སྐྱེས་ཀྱིས། །བདག་སྲེད་མ་ལུས་རབ་བཅད་ནས། །གཞན་དོན་ཁོ་ནའི་བློ་ཡིས་ནི། །མི་གནས་ལྷན་ཅིག་སྐྱེས་དགའི་མཆོག །བརྗོད་མིན་ཅིར་ཡང་སྣང་བ་ཉིད། །རང་བཞིན་སྤྲོས་དང་
བྲལ་བ་ནི། །ཤེལ་ལ་ཚོན་གྱི་ཁ་དོག་ལྟར། །སྣ་ཚོགས་སྟོང་པའི་གཟུགས་ཉིད་ནི། །བདེ་སྟོང་གསལ་ཞིང་མི་རྟོག་པ། །བརྟན་གཡོ་སངས་རྒྱས་དཀྱིལ་འཁོར་ཉིད། །ཡོངས་སུ་ཁྱབ་པའི་རང་བཞིན་ནི། །སྤྲོས་མེད་བྱང་ཆུབ་སེམས་སུ་གནས། །གང་དུ་བཙལ་ཡང་མི་རྙེད་དེ། །
བཅོམ་ལྡན་གཤིན་རྗེ་གཤེད་དམར་པོ། །ལྷན་ཅིག་སྐྱེས་དགའ་ཟུང་འཇུག་ན། །གདོད་ནས་གནས་པ་ཡིན་ཕྱིར་རོ། །དེ་ལྟར་ཤེས་པས་འཁོར་འདས་ལ། །བླང་དོར་ནམ་མཁའི་སྤྲིན་བཞིན་དུ། །རང་བཞིན་གྱིས་ནི་ཞི་བར་འགྱུར། །མཐར་ཐུག་ཡེ་ཤེས་ཀྱི་བྱད་རྣལ་འབྱོར་
གཉིས་ཀྱིས་ཕྱིར་བཟློག་པའོ།། །།དེ་ལྟར་བླ་མའི་དྲིན་ལས་ཐོབ་པར་གང་གྱུར་པ། །གཤིན་རྗེ་གཤེད་དཔལ་གསང་བའི་མན་ངག་གསང་བ་འདི། །དྲི་མེད་ཇི་བཞིན་གསལ་བར་བྱས་ལ་ནོངས་པ་ཀུན། །ཆོས་དབྱིངས་ཡིན་ཕྱིར་ཡེ་ཤེས་ཆེ་རྣམས་བཟོད་མཛད་རིགས། །གཉུག་
མར་གནས་པ་བདེ་ཆེན་སྙིང་རྗེས་བརླན་གྱུར་པ། །བདུད་བཞི་འཇོམས་མཛད་དཔལ་ལྡན་དུས་དགྲ་དམར་པོ་ཉིད། །འདི་བྱས་དགེ་བའི་མཐུ་ཡིས་སྲིད་གསུམ་འགྲོ་བ་མ་ལུས་པས། །ཆུ་ལ་ཆུ་ལྟར་རང་གི་ཡེ་ཤེས་ཆེན་པོ་རོ་གཅིག་རྟོགས་གྱུར་ཅིག །ཕྱིར་བཟློག་མན་ངག་གསང་བ་

ལས་ཀྱང་ཆེས་གསང་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོའི་ཞལ་གྱི་གདམས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དངོས་གྲུབ་མཆོག་བརྙེས་པའི་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ནུ་པ་མར་ཀྵི་ཏ་དང་། ལོ་ཙཱ་བ་དར་མ་ཡོན་ཏན་
གྱིས་བསྒྱུར་ཅིང་གཏན་ལ་ཕབ་པ། དུས་ཕྱིས་ཆོས་ཀྱི་རྒྱལ་པོའི་སྐུ་མཁར་གཉིས་སུ་རྒྱ་གར་ཤར་ཕྱོགས་ཀྱི་མཁས་པ་ཆེན་པོ་དརྤཎ་ཨཱ་ཙཱརྱ་དང་། ལོ་ཙཱ་བ་གློ་བོ་ཤེས་རབ་རིན་ཆེན་གྱིས་བསྒྱུར་ཅིང་ཞུས་སོ། །འདིའི་དཔེ་སྐབས་སུ་རྒྱ་གར་བལ་པོ་ཐམས་ཅད་དུ་རྒྱུན་ཆད་པ་ལས་ཕྱིས་
ཨུ་རྒྱན་དུ་མཁའ་འགྲོ་མ་རྒྱ་མཚོའི་གོས་ཅན་ལས་རྣལ་འབྱོར་སེནྟ་ཝ་ལེནྟས་ཞུས་ཏེ་བྱུང་ངོ།། ༄༅༅། །རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་མནྟྲ་སཾ་གྲ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོའི་སྔགས་བཏུ་བ་ཞེས་བྱ་བ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རབ་ཏུ་
དབེན་པར་རབ་གཙང་བས། །མཆོད་པ་དང་བཅས་སྔགས་བཏུའོ། །བདེན་པ་ཚད་མེད་ཕ་རོལ་ཕྱིན། །འཕགས་ལམ་རྣམ་ཐར་ཕྱོགས་རྟེན་འབྲེལ། །བྱང་ཆུབ་མཆོག་རྟེན་འཁྲུལ་འཁོར་ལ། །བདེན་པའི་དང་པོ་ཀ་ནས་བཟུང་། །རྟེན་འབྲེལ་མཐའ་མར་ཡི་གེ་མཆོག །ཨཱ་ལི་ཀཱ་ལིའི་རིམ་
པའོ། །དང་པོར་རྣམ་ཐར་དྲུག་པ་སྦྱིན། །དེ་ནས་རྣམ་ཐར་ལྔ་པའོ། །དེ་ནས་རྣམ་ཐར་བདུན་པ་ལ། །ཕྱོགས་ཀྱི་བརྒྱད་པས་བརྒྱན་པའོ། །ཕ་རོལ་ཕྱིན་པའི་གཉིས་པ་ལ། །ཕྱོགས་ཀྱི་བརྒྱད་པས་བརྒྱན་པའོ། །དེ་ནས་ཕྱོགས་ཀྱི་བཞི་པ་བྱ། །འཕགས་ལམ་གྱི་ནི་དྲུག་པ་ལ། །རྟེན་
འབྲེལ་གྱི་ནི་དགུ་པ་སྦྱིན། །རྣམ་ཐར་གྱི་ནི་ལྔ་པ་ལ། །རྟེན་འབྲེལ་གྱི་ནི་བདུན་པ་སྦྱིན། །རྣམ་ཐར་གྱི་ནི་དྲུག་པའོ། །ཡང་ནི་དེ་ཉིད་སྦྱིན་པར་བྱ། །རྣམ་ཐར་གྱི་ནི་ལྔ་པ་ལ། །རྟེན་འབྲེལ་བདུན་པ་སྦྱིན་པར་བྱ། །འཕགས་ལམ་གྱི་ནི་དྲུག་པ་ལ། །རྟེན་འབྲེལ་དགུ་པས་བརྒྱན་
པར་བྱ། །རྣམ་ཐར་གྱི་ནི་བདུན་པ་ལ། །རྟེན་འབྲེལ་དང་པོས་བརྒྱན་པའོ། །འཕགས་ལམ་གྱི་ནི་གསུམ་པ་དང་། །རྣམ་ཐར་གྱི་ནི་དྲུག་པ་ལ། །རྟེན་འབྲེལ་གྱི་ནི་དགུ་པས་བརྒྱན། །དེ་ནས་འཕགས་ལམ་དྲུག་པ་སྦྱིན། །རྣམ་ཐར་དྲུག་པ་དེ་ནས་སྦྱིན། །ཡང་ནི་དེ་ཉིད་སྦྱིན་པར་བྱ། །དེ་ནས་ཡང་ནི་

འཕགས་ལམ་དྲུག །རྣམ་ཐར་གྱི་ནི་དྲུག་པ་ལ། །རྟེན་འབྲེལ་དགུ་པས་བརྒྱན་པའོ། །འཕགས་ལམ་གྱི་ནི་བརྒྱད་པ་ལ། །རྟེན་འབྲེལ་གསུམ་པས་བརྒྱན་པའོ། །དེ་ནས་རྣམ་ཐར་བདུན་པ་སྦྱིན། །ཡང་ནི་དེ་ཉིད་དྲུག་པ་སྦྱིན། །དེ་ནས་ཕྱོགས་ཀྱི་དྲུག་པ་ལ། །རྟེན་འབྲེལ་གྱི་ནི་
བདུན་པས་བརྒྱན། །དེ་ནས་རྣམ་ཐར་དྲུག་པའོ། །ཡང་ནི་དེ་ཉིད་སྦྱིན་པར་བྱ། །དེ་ནས་ཕྱོགས་ཀྱི་དྲུག་པ་ལ། །རྟེན་འབྲེལ་གྱི་ནི་བདུན་པས་བརྒྱན། །དིང་སང་གི་མཁས་པ་ཕལ་མོ་ཆེའི་རིང་ལུགས་གྲགས་ཆེ་བ་རྣམས་དང་བསྟུན་ན་འཕགས་ལམ་གྱི་བརྒྱད་པ་ལ་ཕྱོགས་ཀྱི་དགུ་པས་བརྒྱན་དགོས་པར་སྣང་བ་མཁྱེན་ལྡན་རྣམས་ཀྱིས་དཔྱད་པར་འཚལ་ལོ།། །རྣམ་ཐར་
གྱི་ནི་དྲུག་པ་སྦྱིན། །ཚད་མེད་པ་ནི་བཞི་པ་ལ། །ཕ་རོལ་ཕྱིན་པའི་དང་པོས་བརྒྱན། །འཕགས་ལམ་གྱི་ནི་ཐ་མ་ལ། །རྟེན་འབྲེལ་གསུམ་པས་བརྒྱན་པའོ། །རྣམ་ཐར་གྱི་ནི་བདུན་པ་ལ། །ཕྱོགས་ཀྱི་བརྒྱད་པས་བརྒྱན་པའོ། །དེ་ནས་རྣམ་ཐར་ལྔ་པ་སྦྱིན། །ཡང་ནི་དེ་ཡི་དྲུག་པ་སྦྱིན། །ཡི་གེ་
སུམ་ཅུ་རྩ་གཉིས་ཏེ། །ལས་ཀྱི་སྔགས་ཏེ་ནང་རིམ་གཉིས། །རང་རང་ལས་ཀྱིས་ཁ་བསྒྱུར་བས། །ལས་རྣམས་ཐམས་ཅད་བདེ་བླག་འདི་ལ་ཡང་ཕྱོགས་ཀྱི་དགུ་པས་བརྒྱན་ཟེར་དགོས་པ་འདྲ་བས་སྔ་མ་བཞིན་དཔྱད་དོ།། བསྒྲུབ། །རྟེན་འབྲེལ་གྱི་ནི་དགུ་པ་ལ། །སྤྱི་བོར་རྣམ་ཐར་ལྔ་པས་བརྒྱན། །དེ་ནས་ཕྱོགས་ཀྱི་ལྔ་པ་ལ། །
རྣམ་ཐར་བདུན་པས་འོག་ནས་བརྒྱན། །དེ་ནས་ཕྱོགས་ཀྱི་བཅུ་པ་སྦྱིན། །དེ་ནས་མངའ་བདག་བཅུ་དྲུག་མཐའ། །དེ་ནས་ཕྱོགས་ཀྱི་གསུམ་པ་ལ། །ཕར་ཕྱིན་ལྔ་པས་འོག་ནས་བརྒྱན། །དེ་ལ་རྣམ་ཐར་བདུན་པ་སྦྱིན། །རྟེན་འབྲེལ་གསུམ་པས་སྤྱི་བོར་བརྒྱན། །དེ་ནས་མངའ་བདག་
བཅུ་དྲུག་མཐའ། །དེ་ནས་ཕྱོགས་ཀྱི་དང་པོ་ལ། །རྟེན་འབྲེལ་གསུམ་པས་བརྒྱན་པའོ། །བདེན་པ་ཡི་ནི་དང་པོ་ལ། །རྣམ་ཐར་བདུན་པས་འོག་ནས་བརྒྱན། །དེ་ནས་རྟེན་འབྲེལ་གསུམ་པས་བརྒྱན། །དེ་ནས་འཕགས་ལམ་བཞི་པ་ལ། །ཕྱོགས་ཀྱི་བརྒྱད་པས་བརྒྱན་པའོ། །དེ་
ནས་འཕགས་ལམ་ཐ་མ་ནི། །ད་ལྟ་ངག་འདོན་དང་ལག་ལེན་གྲགས་ཆེ་བ་རྣམས་ལྟར་ན་ཕྱོགས་ཀྱི་དགུ་པའི་རྗེས་མ་གཏོགས་རྟེན་འབྲེལ་གསུམ་པ་མི་བྱེད་པའང་མཁས་པས་བརྟག་གོ། །ལན་གཉིས་སུ་ནི་སྦྱིན་པར་བྱ། །རྡོ་རྗེ་སེམས་དཔའི་ས་བོན་ནི། །ལན་གཉིས་བར་དུ་སྦྱིན་པར་བྱ། །དེ་ནས་རྣམ་ཐར་གཉིས་པ་ལ། །ཕ་རོལ་

ཕྱིན་པའི་ལྔ་པ་སྦྱར། །དེའང་མཁས་པས་གཉིས་སུའོ། །དེ་ནས་ཕྱོགས་ཀྱི་བཞི་པ་ལ། །ཕྱོགས་ཀྱི་དང་པོ་འོག་ཏུ་བརྟགས། །དེ་ལ་ཕྱོགས་ཀྱི་བརྒྱད་པས་བརྒྱན། །དེ་ནས་ཕྱོགས་ཀྱི་ལྔ་པ་ལ། །ཕྱོགས་ཀྱི་བརྒྱད་པས་བརྒྱན་པར་བྱ། །གདུག་པའི་ཡི་གེ་བཅུ་བཞི་ནི། །འཁྲུལ་འཁོར་
གྱི་ནི་ཕྱི་རོལ་ལའོ། །བཟླས་པ་དང་ནི་འཁྲུལ་འཁོར་ལ། །སྔོན་དུ་སྔགས་བཏུ་དག་པར་བྱ། །གཞན་དུ་དབང་པོའི་དགྲ་བོ་བཞིན། །མཆོད་པ་ཆེན་པོ་བྱས་ནས་ནི། །སློབ་མ་ལ་ནི་རྗེས་གནང་སྦྱིན། །དེ་ལྟར་མ་བྱས་ནུས་མཐུ་མེད། །དེ་ལྟར་བྱས་ན་ཤིན་ཏུ་མྱུར། །འཇམ་དཔལ་གཤིན་རྗེ་
གཤེད་དམར་པོའི་སྔགས་བཏུ་བ་སློབ་དཔོན་དཔལ་འཛིན་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དཱ་ན་ཤཱི་ལ་དང་། བོད་ཀྱི་ལོ་ཙཱ་བ་བསོད་ནམས་སེང་གེས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་ཨ་བ་ལི་སཱ་དྷ་ནཾ་ཙིནྟ་མ་ཎི་ནཱ་མ། བོད་སྐད་དུ། གཤིན་
རྗེ་གཤེད་དམར་པོའི་ལས་ཀྱི་ཕྲེང་བའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ། གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་མ་ལུས་ཅོད་པན་གྱིས་བཏུད་པའི། །ཞབས་ཀྱི་པདྨ་དང་ལྡན་འཇམ་དབྱངས་རྡོ་རྗེ་དང་། །དེ་ཉིད་རང་བཞིན་ཁྲོ་བོ་གཤིན་རྗེ་གཤེད་པོ་ལ། །བཏུད་ནས་དེ་
ཡི་སྒྲུབ་ཐབས་གསལ་བར་བྲི། །འགྲོ་བའི་དལ་འབྱོར་གཡོ་བ་དང་། །དམ་པའི་བཤེས་གཉེན་རྙེད་དཀའ་བས། །འདོད་པ་མ་ལུས་བསྒྲུབ་པའི་ཕྱིར། །སྔགས་པས་འབད་པས་མཁས་པས་ཀྱེ། །རེ་ཞིག་འགྲོ་བ་མ་ལུས་པར་གདོན་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་
པ་དང་། དད་པ་མཆོག་དང་ལྡན་པ། སྙིང་རྗེ་ཆེ་བ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་སོགས་པ་སོ་སོར་རྟོགས་པ་དང་ལྡན་པ་ཅིག་གིས་གཤིན་རྗེ་གཤེད་དམར་པོའི་བཟླས་པ་བྱ་བ་སྔོན་དུ་འགྲོ་བས་སམ། ལྷའི་རྗེས་སུ་གནང་བ་ཐོབ་པས་གནོད་སྦྱིན་མོ་ལ་སོགས་པའི་དངོས་གྲུབ་བམ།
སེམས་ལ་འདོད་པ་གང་ཡིན་པ་བསམ་གཏན་ལ་གནས་པས་བསྒྲུབ་པར་བྱའོ། །དེ་སྐད་དུ་ཡང་གསུངས་པ་ནི། །སྔགས་དང་ཕྱག་རྒྱའི་རྣལ་འབྱོར་དང་། །བསམ་གཏན་འཁོར་ལོའི་རྣལ་འབྱོར་གྱིས། །འགུགས་པས་འགྲུབ་པར་འགྱུར་བ་ཡིན། །རྣམ་པ་གཞན་གྱིས་མི་འགྲུབ་བོ། །

ཞེས་སོ། །ནགས་ཚལ་དབེན་པ་དག་ཏུ་ནི། །ཡང་ན་སྔགས་འདི་ཐམས་ཅད་ཀྱིས། །སྔགས་པ་རྣམས་ཀྱིས་བྱེ་བ་བཟླས། །ལས་ནི་ཐམས་ཅད་བྱེད་པར་གསུངས། །གང་ཞིག་ཕུན་སུམ་ཚོགས་པ་ཡིན། །བྱ་བ་ཐམས་ཅད་འདོད་པ་དེས། །ཉོན་མོངས་དྲི་མ་ཐམས་ཅད་
དག །ཟླ་བ་ལྟ་བུར་སེམས་ཙམ་ཉིད། །བདག་ཀྱང་དེ་ཡི་རང་བཞིན་ནོ། །སྣོད་དང་བཅུད་ཀྱི་འགྲོ་བ་དང་། །སེམས་ཙམ་ཉིད་དུ་སེམས་ཅན་ཀུན། །ཡང་དག་སངས་རྒྱས་དེ་སྲས་རྣམས། །བདག་གི་སེམས་སུ་གཉིས་མེད་བྱ། །དེ་ཡི་འོད་ཟེར་ལྕགས་ཀྱུ་ཡིས། །སངས་རྒྱས་ཀུན་གྱི་
ཡོན་ཏན་ནི། །ས་དང་ཕ་རོལ་ཕྱིན་ལ་སོགས། །ནམ་མཁའ་ལྟ་བུར་བསྒོམ་པར་བྱ། །དཀར་པོའི་གཟུགས་ཀྱིས་བཞུགས་པ་ནི། །རང་ཕྱོགས་འོ་མའི་འབབ་ཆུ་བཞིན། །རང་སེམས་དེ་ལྟར་བསྒོམས་པ་ལས། །སྔོན་གྱི་སྨོན་ལམ་སྟོབས་ཀྱིས་ནི། །སྙིང་རྗེས་བསྐུལ་ནས་འདི་ལྟ་སྟེ། །
ས་འོག་བར་དུ་བསྒོམ་པར་བྱ། །ཨེ་མ་སེམས་ཅན་སྡུག་བསྔལ་ཅན། །འཁོར་བར་ཡུན་དུ་གནས་པ་དང་། །ཐབས་དང་ཤེས་རབ་བྲལ་བ་ཡིས། །ཡང་དང་ཡང་དུ་ཡུན་རིང་གནས། །དེ་རྣམས་ཀུན་གྱིས་རྟོགས་བྱའི་ཕྱིར། །བདག་ཉིད་གཤིན་རྗེ་གཤེད་པོར་བསྒོམ། །ཨོཾ་
བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་བརྗོད་དོ། །དེ་ལས་བྱུང་བའི་འོད་ཟེར་ལྡན། །ཀ་ལ་སོགས་པའི་ཡི་གེས་བརྒྱན། །རིམ་གྱིས་སྐྱེས་པའི་སེམས་ཉིད་ནི། །སེམས་ཅན་ཡོངས་སུ་འཛིན་པར་བྱེད། །ཀུན་ཀྱང་སྙིང་རྗེའི་སྟོབས་ལས་བྱུང་།། །།གནོད་སྦྱིན་མོ་ལ་སོགས་པའི་སྒྲུབ་པ་
གང་ལ་ཡང་ཁྲུས་ཀྱི་ཆོ་ག་བསྟན་པ། དེ་ལ་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ། ཐོག་མ་ནས་མ་སྐྱེས་པ། རང་བཞིན་གྱིས་མྱ་ངན་ལས་འདས་པ། ཐོག་མ་ནས་ཞི་བའི་ཆོས་ཐམས་ཅད་ལ་སོགས་པ་ལྷག་མར་མོས་པས་བདག་གི་ལུས་དང་ཕྱི་དང་
ནང་ཐམས་ཅད་རྡུལ་ཕྲ་རབ་ཀྱི་རྣམ་པར་དབྱེ་བར་བྱ་བའི་མི་དམིགས་པའི་སྤྱོད་པས་མྱུར་དུ་གྲུབ་པར་བྱེད་པས། ནང་གི་ཁྲུས་ཆེན་པོ་ལ་ནན་ཏན་དུ་བྱའོ། །གང་ཞིག་ཕྱིའི་རྫས་ལ་ཆགས་པ་རྨོངས་པའི་བློ་ཅན་རྣམ་པར་རྟོག་པའི་དཔྱོད་པས་ཐེ་ཚོམ་སེལ་བར་མི་ནུས་པ་དེས་ཕྱིའི་ཁྲུས་ཀྱི་

ཆོ་ག་འདི་བྱའོ། །ཐོག་མར་རེ་ཞིག་ཧཱུཾ་ཡོངས་སུ་གྱུར་པ་ལས། ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་ཁྲོ་གཉེར་དང་བཅས་པ། སྐུ་མདོག་སྔོན་པོ་འབར་བ་ཆེན་པོའི་འོད་ཟེར་འཁྲུག་པ། དང་པོའི་རྡོ་རྗེ་འགྱིང་བ་ང་རྒྱལ་དང་བཅས་པ་རྡོ་རྗེ་ཆེན་
པོ་འོད་ཟེར་འབར་བའི་མེ་སྟག་འཕྲོ་བ། དང་པོར་རྡོ་རྗེ་གསོར་ཞིང་བསྐལ་པའི་མེ་དཔུང་འབར་བ་ལྟར་འབར་བ། རྡོ་རྗེ་ཉི་མ་མེ་འབར་བར་བདག་ཉིད་སྤྲུལ་ནས། ཨོཾ་དྷུ་པི་དྷུ་པི་ཀཱ་ཡ་དྷུ་པི་པྲ་ཛྭ་ལི་ནི་སྭཱ་ཧཱ། ཞེས་བརྗོད་ཅིང་། རྡོ་རྗེ་བསྡམས་པས་ནང་དུ་བསྟན་ཏེ། བར་དང་བཅས་པ་
མཐེ་བོ་རྡོ་རྗེ་རྩེ་སྤྲད་ནས་ཕྱིར་གྱེད་པས་རྡོ་རྗེ་མེའི་དམ་ཚིག་ཕྱག་རྒྱ་བཅིངས་ནས་བདག་ཉིད་འབར་བར་བྱའོ། །རྡོ་རྗེ་འཇིགས་བྱེད་འབར་བའི་ཕྱག་རྒྱས་བཟོད་པར་དཀའ་བའོ། །དེའི་རྗེས་སུ་བསྐྱེད་རིམ་ཆེ་བར་བསྟན་པ་བཞིན་དུ་རྡོ་རྗེ་གོ་ཆ་སྟེ། དེའི་རྗེས་སུ་ཨོཾ་བྷུར་ཛྭ་ལ་ཨོཾ་ཧཱུཾ་སྭཱ་ཧཱ།
ཞེས་ས་བཟུང་ལ། ཆ་གསུམ་དུ་བྱས་ལ་སྔགས་འདིས་བྱིན་གྱིས་བརླབས་ནས་ཁྲུས་བྱེད་པའི་སར་བཞག་སྟེ། དེ་ནས་བདུད་རྩི་འཁྱིལ་པའི་ཕྱག་རྒྱ་བཅིངས་ལ་ཆུའམ་ཆུའི་སྣོད་གནས་ལ་བགེགས་ཐམས་ཅད་བསྐྲད་པའི་ཆེད་དུ་འོག་དང་སྟེང་བཅིང་བར་བྱའོ། །ཨོཾ་བྷུ་ཛྭ་ལི་སྭ་ཧཱུཾ་
སྭཱ་ཧཱ། ཞེས་རིག་པ་འདི་བརྗོད་ཅིང་། གོང་དུ་བཤད་པའི་ས་ཆ་གསུམ་པོ་ལས་ཆ་གཅིག་གིས་བཤང་ལམ་བཀྲུས་ཏེ། ལག་པ་གཉིས་བཀྲུས་ལ་ཉེ་རེག་བྱའོ། །ཆ་གཉིས་ལ་ཧཱུཾ་ཞེས་བརྗོད་ཅིང་ལུས་པོ་ཐམས་ཅད་ཁྲུས་བྱས་ཏེ་ཆ་གསུམ་པས་མགོ་བཀྲུས་ནས། ཨོཾ་བུྃ་ཛྭ་ལ་ཧཱུཾ་སྭཱ་ཧཱ།
ཞེས་པ་འདིས་ཉེ་བར་རེག་ནས་རང་གི་མགོ་ལ་སྔགས་དང་བཅས་པའི་ཆུ་གཏོར་ནས། །རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱས་བདག་བྱིན་གྱིས་བརླབས་ནས་ཁྲུས་བྱེད་ས་ནས་ལྡང་བར་བྱེད་དོ། །དེའི་རྗེས་ལ་བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་ཆུས་གོས་ལ་གཏོར་ནས། ཇི་ལྟ་བ་
བཞིན་གྱོན་ནས་ཡི་གེ་བརྒྱ་པ་བརྗོད་ཅིང་། ཡིད་ཀྱིས་ཆུའི་གནས་ཀྱི་སྲུང་མ་གཤེགས་ནས། སྐད་ཅིག་གིས་ལྷའི་ང་རྒྱལ་གྱིས་དེའི་སྔགས་ཡིད་ཀྱིས་བརྗོད་ཅིང་བསམ་གཏན་གྱི་ཁང་པའི་དྲུང་དུ་འགྲོ་བར་བྱ། །དེ་ནས་རྐང་པ་གཉིས་བཀྲུས་ལ་རིག་མ་དེས་ཉེ་བར་རེག་ལ། ཧཱུཾ་ཕཊ་

ཅེས་པ་ལག་པ་གཡོན་པའི་ཁུ་ཚུར་གྱིས་བགེགས་ཐམས་ཅད་བསྐྲད་ནས། བསམ་གཏན་གྱི་ཁང་པར་ཞུགས་ཏེ། ཡང་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་སྟན་ལ་སོགས་པ་དང་བསམ་གཏན་གྱི་ཁང་པ་ལ་བྱུག་པ་ལ་སོགས་པ་གཏོར་ནས་ཉེ་བར་རེག་པར་བྱའོ། །ས་མ་ཡ་སྟྭཾ་
ཞེས་བརྗོད་ཅིང་ཕྱག་གཡས་པ་བཀན་པར་བྱས་ལ། གུང་མོ་དང་སྲིན་ལག་ཙམ་བཀུག་ནས། ཕྱག་རྒྱ་འདིས་རྐང་པ་གཉིས་ཀྱི་ནང་དུ་བཅུག་ལ། ཙོག་པུར་བསྡད་དེ་སྨྲ་བ་བཅད་ལ། པདྨའི་ཚུལ་གྱིས་ཁ་ལ་ཡང་ཡང་རེག་པར་བྱས། ལན་གཉིས་སམ་ལན་གསུམ་དུ་རྣ་བ་གཉིས་
དང་མིག་གཉིས་དང་སྣ་དང་ཁ་དང་ལག་པ་གཉིས་དང་། ལྟེ་བ་དང་མགོ་ལ་རེག་པར་བྱ་བ་ནི་མགོ་བཀྲུ་བའི་ཆོ་གའོ། །དེ་ལྟར་ཁྲུས་བྱས་པའམ་མ་བྱས་ཀྱང་རུང་། རིའི་སུལ་ལ་སོགས་པ་དབེན་པའི་གནས་སུ་ཆགས་པ་ཐམས་ཅད་དང་བྲལ་བས་སྤྱོད་ལམ་ཡངས་པར་ངག་བཅད་ལ།
འཕགས་པ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་གནོད་སྦྱིན་མོའི་སྒྲུབ་པར་ཉེ་བར་བྱ་སྟེ། དེ་ལ་ཧཱུཾ་གི་ཡི་གེས་འགྲོ་བ་ཐམས་ཅད་སྟོང་པར་བྱས་ལ། བི་མ་ལོ་དྷེ་དྷི་དྷཱུཾ་ཞེས་པ་བརྗོད་པས། རྒྱ་མཚོ་ཆེན་པོའི་སྟེང་དུ་ཨོཾ་ཨ་པ་ཙ་ལ་བི་རེ་སྭཱ་ཧཱ། ཞེས་པས་གསེར་གྱི་རང་བཞིན་གྱི་སྟེང་ཨོཾ་ཨ་
པ་ཙ་ལ་ཧཱུཾ་ཞེས་པས་རིན་པོ་ཆེའི་རང་བཞིན་གྱི་རིའི་རྒྱལ་པོ་ཚད་མེད་པ། མེ་ཏོག་དང་ཤིང་ཐོག་སྣ་ཚོགས་པ་དང་ནགས་ཚལ་གྱིས་བརྒྱན་པ། དཔག་བསམ་གྱི་ཤིང་གིས་བརྒྱན་པ། འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་དང་ལྡན་པ་ཡིད་དུ་འོང་བར་བསྒོམས་ཏེ། དེར་ཧྲཱིཿའི་ཡི་གེ་
ལས་པདྨ། དེའི་སྟེང་དུ་ཨཱ་ལི་དང་པོ་ཨ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཀྵིཾ་རྣམ་པར་བསམ་མོ། །དེའི་སྒྲ་དང་འོད་ཟེར་གྱི་སྤྲིན་གྱི་ཚོགས་ཀྱིས་ནམ་མཁའ་ཐམས་ཅད་ཁྱབ་པར་བསམ། འོད་ཟེར་དེ་དག་གནོད་སྦྱིན་མོའི་གཟུགས་སུ་གྱུར་ཏེ་ཚུར་འདུས་ནས་ཀྵིཾ་དེ་
ཉིད་ལ་ཐིམ་པར་གྱུར། ཀྵིཾ་དེ་ཉིད་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་མོ་ལོངས་སྤྱོད་ཅན་མ་ཞེས་བྱ་བ་ལང་ཚོ་རྒྱས་པ་སྒེག་པའི་རོ་དང་ལྡན་པ། མཛེས་མ་ལྷ་མོའི་གཟུགས་ལྟ་བུ་འཛིན་པ། སྐུ་མདོག་ལྗང་གུ་གོས་དཀར་པོས་སྨད་གཡོགས་དང་སྟོད་གཡོགས་བྱས་པ། ཕྱག་གཡོན་

པ་དཔག་བསམ་གྱི་ཤིང་ལ་འཇུག་པ། ཕྱག་གཡས་པ་མེ་ཏོག་ཁ་དོག་ལྔ་དང་ལྡན་པས་བརྒྱན་པ། སྟེང་ན་གདུགས་དཀར་པོ་རང་བཞིན་གྱིས་གནས་པ། འགྱིང་བའི་ཚུལ་གྱིས་འགྱིང་ཞིང་གཡོ་བ་མེད་པ་དེ་ལྟར་རྣམ་པར་བསམ་མོ། །དེ་ནས་གོང་དུ་བསྟན་པའི་སྔགས་དང་
ཕྱག་རྒྱ་དེས་བྱིན་གྱིས་བརླབས་ཏེ་ཁ་ལྟ་བུའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཞེས་པས་རང་གི་ཐུགས་ཀ་ནས་གཤིན་རྗེའི་གཤེད་གོང་དུ་བསྟན་པའི་གཟུགས་ཅན་རྡོ་རྗེ་ལྕགས་ཀྱུ་འཛིན་པ། སྐུ་ལས་འོད་ཟེར་རབ་ཏུ་འབར་བ། ཉི་མ་བྱེ་བ་ལྟ་བུ་དང་ལྡན་པ། བགེགས་མ་ལུས་པ་
འཇིགས་པར་བྱེད་པ། འཇིག་རྟེན་གསུམ་པོ་བསྡིགས་པར་བྱེད་པའི་ཁྲོ་བོ་ཅིག་སྤྲོས་ལ། དེ་ལ་བཀའ་བསྒོ་བ་བྱས་པས་གནོད་སྦྱིན་མོ་བཀུག་ནས། བདག་གི་སྐུ་ལ་ཞུགས་ནས་སླར་ཕྱིར་སྤྲོས་ཏེ་གནོད་སྦྱིན་མོའི་མགོ་བདག་གི་ཞབས་ཀྱིས་མནན་ནས་གནས་པར་བསྒོམ་མོ། །རྡོ་
རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་ལ་སོགས་པ་དང་མཚམས་བཅད་པ་ལ་སོགས་པ་སྔོན་དུ་འགྲོ་བས། གོང་བཞིན་དུ་གདན་དང་མཆོད་ཡོན་དབུལ་བ་དང་། མཐེབ་མཛུབ་གཉིས་སྐམ་པ་ལྟར་བྱས་ལ་སོར་མོ་གཞན་རྣམས་ཕྱིར་བསྐྱེད་དེ་ཞབས་བསིལ་གྱི་སྔགས་ཀྱིས་
ཞབས་བསིལ་ཕུལ་ལ་དམ་ཚིག་མའི་ཕྱག་རྒྱ་བསྟན་ཏེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་དང་ཕྱག་རྒྱ་གོང་དུ་བསྟན་ཏོ། །འདིར་དམ་ཚིག་མ་ལ་ནི་ལག་པ་གཉིས་ཀྱི་སོར་མོ་རྣམས་ཕན་ཚུན་བསྣོལ་ཏེ་སྲིན་ལག་གཉིས་ཕྱིར་བསྐྱེད་ལ་ཚིགས་གསུམ་པ་བཀུག་སྟེ་ཕྱེ་བ་འདི་ནི་གནོད་
སྦྱིན་མོ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ཨོཾ་བྷ་ག་ཝ་ཏི་དྲྀ་ཤྱ་ཧོ། །དེ་བཞིན་དུ་ལྷ་མོ་རང་རང་གི་རྟོག་པ་ནས་བྱུང་བ་བཞིན་དུ་བཤད་པའི་སྔགས་གཟུང་བར་བྱའོ། །དེ་ནས་ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་དབང་བསྐུར་བར་བྱ་སྟེ་ཕྱག་རྒྱ་གོང་དུ་བསྟན་ཟིན་ཏོ། །དེ་ནས་མཆོད་
ཡོན་ལྔས་མཆོད་དོ། །ཨོཾ་གྱི་ཡི་གེ་ལས་བྱུང་བའི་མེ་ཏོག་དང་། དྲི་དང་། མར་མེ་དང་། པི་ཝང་དང་། གླིང་བུ་དང་། དུང་དང་། རྔ་རིངས་དང་། རག་དུང་ལ་སོགས་པའི་སྒྲའི་བྱེ་བྲག་དང་། གླུ་དང་། གར་དང་། སྒེག་མོ་དང་། བཞད་མ་དང་། རླུང་གཡབ་དང་། རྒྱལ་མཚན་

དང་། བ་དན་དང་། གདུགས་དང་། རྔ་དང་། གོས་དང་། དཔུང་རྒྱན་དང་། དོ་ཤལ་དང་། རྐང་གདུབ་དང་། བླ་རེ་དང་། དྲ་བ་དྲ་ཕྱེད་དང་། གཡེར་ཁའི་དྲ་བ་དང་། གཞལ་ཡས་ཁང་དང་། ཇི་ལྟ་བ་བཞིན་དུ་གནས་ལ་ཡོད་པ་དང་། གཞན་ཡང་མཆོད་པའི་ཚོགས་
མཐོང་བ་དང་ཐོས་པ་ལ་སོགས་པས་ནམ་མཁའ་ཁྱབ་པར་ཁེངས་པས་མཆོག་སྦྱིན་མོ་ལ་མཆོད་པ་བྱས་པར་བསམ། དེ་ནས་གོང་བཞིན་དུ་དྲིལ་བུ་དཀྲོལ་ཞིང་བྱིན་རླབས་ཀྱི་ཕྱག་རྒྱས་མཆོད་པ་བྱིན་གྱིས་བརླབས་ཏེ། གོང་བཞིན་དུ་གནོད་སྦྱིན་མོའི་རིན་པོ་ཆེའི་རི་ལ་གནས་ལ། སྒྲུབ་པའི་
དབང་དུ་གྱུར་པ། རང་གི་གཟུགས་ཀྱི་སྤྲིན་གྱིས་ནམ་མཁའ་གང་བར་བྱེད་པ་དེ་ཉིད་ཐུན་གསུམ་མམ་བཞིར་བསྒོམས་པས་ངེས་པར་འགྲུབ་བོ། །གང་ཞིག་བསྒོམས་པས་འགྲུབ་པར་མི་ནུས་པ་དེས་རྟོག་པ་ལས་བཤད་པའི་སྔགས་བཞིན་དུ་བཟླས་པར་བྱ་བའི་སྔགས་ནི། ཨོཾ་བྷ་ག་
ཝ་ཏེ་སྭཱ་ཧཱ། ཞེས་སོ། །གནོད་སྦྱིན་བསྐྱེད་པ་དང་། མཆོད་པ་ཐམས་ཅད་ཀྱི་ཆོ་ག་བྱས་ལ། གནོད་སྦྱིན་མོའི་སྔགས་རང་གི་སྙིང་ལས་བསྐྱེད། རང་གི་སྔགས་གནོད་སྦྱིན་མོའི་སྙིང་ལ་ཐུན་གསུམ་མམ་བཞིའི་རིམ་པས་བཟླས་པ་བྱ། ངལ་ན་ཡང་དག་པར་མཆོད་དེ་ཡི་གེ་བརྒྱ་པ་བརྗོད་
ལ། ཨོཾ་མུཿ། ཞེས་པ་ཕྱག་རྒྱ་ལ་སོགས་དགྲོལ་བའི་བསམ་པས་དམ་ཚིག་གི་ཕྱག་རྒྱ་ཁ་སྟེང་དུ་བསྟན་པས་དགྲོལ་ལོ། །དེ་ཁོ་ན་ལྟར་ཉི་མ་རེ་རེས་ཡི་གེའི་གྲངས་ཀྱི་འབུམ་ཡོངས་སུ་རྫོགས་པར་བྱས་ལ་འཕགས་པ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་གྱིས་གོས་སར་པ་མིས་
མ་གྱོན་པའམ་ཤིང་ལེབ་བམ་གང་ཡང་རུང་བ་སྐྱེ་བོས་དབེན་པ་ཡིད་དང་མཐུན་པའི་གནས་སུ། བླ་རེ་དགྲམ་པ་དང་གདུགས་ལ་སོགས་པ་དང་། མེ་ཏོག་དྲི་ཞིམ་པོ་དང་བདུག་སྤོས་དང་མར་མེ་ལ་སོགས་པས་ཉེ་བར་བརྒྱན་པ་དང་ས་གཞི་ལ་དྲིའི་བྱུག་པ་བྱས་པའི་སྟེང་དུ་
བཞག་སྟེ། གནོད་སྦྱིན་མོ་གོང་དུ་བསྟན་པའི་གཟུགས་སུ་སྤྲུལ་ནས། དགུག་པ་ལ་སོགས་པ་སྔོན་དུ་འགྲོ་བས་འཕགས་པ་གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་སྔོན་དུ་བསམས་ཏེ། རྗེས་ལ་ཇི་ལྟར་བདེ་བས་རང་གིས་བྲི་བའི་རི་མོ་མཁན་ལ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་གྱི་སྲུང་བ་

བྱས་ལ། དེ་ལྟ་བུའི་ཐང་ཀ་ལ་སྐྱེ་བོས་དབེན་པ་འམ། ཚལ་དུ་རབ་གནས་བྱས་ལ། ཉ་ལ་དཀར་གསུམ་གྱི་གཏོར་མ་དང་མར་མེ་བཞི་ཕུལ་ནས་གོང་དུ་བསྟན་པའི་ཚོགས་ཐམས་ཅད་ལ་བྱིན་གྱིས་བརླབས་ནས་མཆོད་པ་ཆེན་པོ་བྱས་ཏེ། དུང་ལ་སོགས་པའི་མཆོད་ཡོན་གྱི་སྣོད་ལ་
མེ་ཏོག་དཀར་པོ་དྲི་ཞིམ་པོའི་ཆུ་ལ་བསྲེས་པས་གང་བར་བྱས་ལ་ལག་པས་སྣོད་ལ་རེག་ལ་དགོངས་མོ་ནས་བརྩམས་སྨྱུང་གནས་བྱས་ལ་དེ་སྲིད་བར་དུ་བཟླས་པ་བྱས། ཇི་སྲིད་བར་དུ་ལོངས་སྤྱོད་སྦྱིན་བྱེད་མ་ལྷ་མོའི་གཟུགས་ལྟ་བུ་ལོངས་སྤྱོད་ཅན་མ་འོངས་ནས་བདག་ཉིད་ཀྱི་ལག་
པ་གཉིས་ནས་འཛིན་ཏེ་བྱུང་ན་མིག་མི་བལྟ་བར་བྱའོ། །གལ་ཏེ་བལྟས་ན་སྒྲུབ་པ་པོ་ཉིད་རེངས་པ་ལ་སོགས་པར་འགྱུར་རོ། །མཚམས་བཅད་པ་ནི་དྲ་བ་དང་། གུར་དང་། བ་དན་དང་། ཁྱེད་བདེ་བར་སྤྱོན་ལ་སོགས་པར་བྱས་ལ། བདུད་རྩིའི་རྒྱུན་གྱི་ཕྱག་རྒྱས་མཆོད་ཡོན་ཕུལ་ལ་
སྙིམ་པ་སྦྱར་ལ་མཐེ་བོང་གཉིས་རྩེར་བཞག་ལ་མཆོད་ཡོན་དབུལ་བའི་ཕྱག་རྒྱ་དང་བཅས་པས། ཨོཾ་སརྦ་དེ་བ་ཏཱ་ཙིནྟྱ་མྲྀ་ཏ་དྷཱ་ར་སྭཱ་ཧཱ། ཞེས་སྔགས་བརྗོད་ཅིང་། དེ་ནས་མཆོད་པ་བྱས་ལ། དྲི་དང་མེ་ཏོག་དང་སྤོས་ལ་སོགས་པ་ཡང་མཆོད་ཡོན་ཕུལ་ནས་སྙིམ་པ་ཁ་ཕྱེ་ལ་ཆུ་གཉིས་
བསྣོལ་མར་བྱས་ལ། དེའི་ནང་མཐེ་བོང་གཉིས་བཅུག་ལ་མཛུབ་མོ་གཉིས་ཀྱིས་མཐེ་བོང་མནན་པར་བྱས་ཏེ། སྲིན་ལག་གཉིས་རྩེ་སྤྲད་ནས་གུང་མོ་གཉིས་ཕྱིར་བསྐྱེད་པར་བྱ་བ་ནི་ཞི་བའི་གཏོར་མའི་ཕྱག་རྒྱའོ། །ཨོཾ་ཧི་ཧི་ཏུ་རུ་ཏུ་རུ་སཾ་པུ་ར་ཡ་མ་ཧཱ་པ་ཡ་ན་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨ་མྲྀ་ཏ་དྷཱ་ར་
སྭཱ་ཧཱ། ཞེས་སོ། །གང་གི་ཚེ་སྨྲ་ན། ཁྱེད་ཀྱི་བདག་གིས་ཅི་བགྱི་ཞེས་ཟེར་ན། དེའི་ཚེ་གོང་དུ་གང་འདོད་པ་དེ་ཉིད་བླང་པར་བྱའི་གཞན་ནི་མི་སྨྲའོ། །ཨོཾ་ཧྲི་ཁཾ་སྭཱ་ཧཱ། ཞེས་པའི་སྔགས་འདི་སྙིང་པོ་ཕྱག་རྒྱ་དང་བཅས་པས་མཆོག་བླངས་པ་དེ་ལྟའི་བར་འགྱུར་རོ། །ལག་པ་གཉིས་ཁུ་
ཚུར་བཅངས་ལ་མཐེ་བོང་ཕྱིར་བསྐྱེད་ལ་བསྟན་པ་སྙིང་གི་ཕྱག་རྒྱའོ། །འོག་ཏུ་ཁ་བལྟ་ན་མཆོག་བླང་བར་བྱའོ། །དེ་ནི་སྒྲུབ་པ་པོས་ཨ་མ་ཉིད་དུ་བླངས་ན་བུ་ལྟ་བུར་སྐྱོང་བར་འགྱུར་རོ། །གྲུབ་ཐོབ་དང་ལྷན་ཅིག་འགྲོགས་པར་འགྱུར་རོ། །འོ་མའི་རྒྱ་མཚོ་ལ་གནས་པ་དང་ལྷན་ཅིག་

འགྲོགས་པར་འགྱུར་རོ། །ཤིང་ཐོག་ཀྱང་སྟེར་བར་འགྱུར་རོ། །སྒྲུབ་པ་པོ་གང་གིས་ཟོས་པ་དེ་ཚེ་བསྐལ་པ་ཙམ་དུ་གནས་པར་འགྱུར་རོ། །སྲིན་མོ་གྱིས་ཤིག་ཅེས་བརྗོད་ན་འདིས་ནོར་བཅུ་གཉིས་སྟེར་བར་འགྱུར་རོ། །སྒྲུབ་པ་པོ་འཁོར་བཅུ་གཅིག་དང་བཅས་པ་ལ་ཁ་
ཟས་བསྒྲིམ་པ་མེད་པར་སྟེར་བར་འགྱུར་རོ། །འཚོ་བ་བར་མི་འཆད་པར་འགྱུར་རོ། །ཕོ་ཉ་མོ་བྱས་ན་དཔག་ཚད་བརྒྱའི་ཕ་རོལ་ནས་ཀྱང་སྐྱེས་པའམ་བུད་མེད་གང་འདོད་པ་ཁུགས་པར་འགྱུར་རོ། །གོང་དུ་བསྟན་པའི་ཨ་མའི་དོན་ཡང་བྱེད་པར་འགྱུར་རོ། །ཡང་ན་ཁྱིམ་ཐབ་མར་གྱུར་
པས་རི་རབ་ལ་སོགས་པ་ལ་ཉེ་བར་གནས་པའི་བརྟུལ་ཞུགས་ཅན་གྱི་གནས་སྟོན་པར་འགྱུར་རོ། །རིག་འཛིན་གྲུབ་པ་རྣམས་ཀྱི་ཚེ་བསྐལ་པའི་བར་དུ་ཐུབ་པར་བྱ་བའི་རོ་བྲོ་བའི་ཤིང་ཐོག་རྣམས་སྟེར་ཞིང་ཞེས་པ་ལ་སོགས་པ་རྟོགས་པར་བྱའོ། །གང་ཞིག་གནོད་སྦྱིན་མོ་རྟོག་པ་ལས་
བཤད་པའི་དུས་ལ་འགལ་ནས་འོང་བར་མ་གྱུར་ན། དེའི་ཚེ་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱས་གནོད་སྦྱིན་མོ་དེ་དུས་ལ་མ་བབ་བར་དུ་བཅིང་བར་བྱའོ། །ཨོཾ་བཛྲ་སྥོ་ཊ་ཧཱུཾ་བཾ་ཞེས་པའི་ཕྱག་རྒྱ་གོང་དུ་བསྟན་ཟིན་ཏོ། །གལ་ཏེ་ཅི་ཡང་མི་སྨྲ་ན། །དེའི་ཚེ་རྡོ་རྗེ་བཞད་མའི་ཕྱག་རྒྱས་སྨྲ་བར་
འགྱུར་རོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ན་མོ་བཛྲ་པཱ་ཎི་སྤ་ལ་ཧ་སེ་ཧ་ས་བཛྲ་ཎི་ཀུ་རུ་ཀུ་རུ། ཀཾ་པ་ཀཾ་པ་ཙ་ལ་ཙ་ལ་ཀལྤ་ཀལྤ་སྭཱ་ཧཱ། ཞེས་སོ། །དངོས་གྲུབ་མ་བྱིན་པར་འགྲོ་བར་འགྱུར་ན་དེ་ཉིད་ཀྱིས་བཅིང་བར་བྱའོ། །ཕྱག་རྒྱ་ནི་ཐལ་མོ་སྦྱར་ནས་སྲིན་ལག་གཉིས་ནང་དུ་བསྣོལ་ཏེ་མཐེ་
བོང་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་རྩ་བ་མནན་པར་བྱས། གུང་མོ་གཉིས་རྩེ་སྤྲད་ནས་དེའི་རྩ་རུ་མཛུབ་མོ་གཉིས་རྡོ་རྗེའི་རྣམ་པར་རྩེ་སྤྲད་དེ་གཞག །མཐེ་ཆུང་གཉིས་བསྣོལ་ཏེ་ཕྱིར་བསྐྱེད་པར་བྱ་ཞེས་སོ། །འབྱུང་པོ་ཐམས་ཅད་ལ་ཆུ་ལ་བཟླས་ལ་བརྗོད་པར་བྱ་བའི་ཕྱག་རྒྱའོ། །གནོད་
སྦྱིན་མོ་དག །ཨ་པ་རཱ་ཛི་ཏ་དང་། གཞན་ཡང་ཡི་དགས་མོ་ལ་སོགས་པའི་ཆོ་ག་འདི་ནི་ཇི་ལྟར་སྦྱོར་བ་ཇི་ལྟ་བར་སྦྱར་བར་བྱའོ། །ལོངས་སྤྱོད་ཅན་མའི་རྟོག་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། རཏྣ་མཱ་ལ། བོད་སྐད་དུ། རིན་ཆེན་ཕྲེང་བ་མ། ཨོཾ་ཧཱུཾ། དེའི་སྒྲུབ་

ཐབས་ནི། ལྷའི་གནས་སུ་སྟོང་ཕྲག་བརྒྱད་བཟླས་པས། དེ་ནས་མཚན་ཕྱེད་ན་རྐང་གདུབ་ཀྱི་སྒྲ་དང་བཅས་པས་འོང་སྟེ་ལྷའི་འདོད་ཡོན་ཐམས་ཅད་སྟེར་བ་དང་། དེ་དང་བཅས་པའི་ལོ་སྟོང་འཚོ་བར་འགྱུར་རོ། །ད་གཞན་གྱི་རྗེས་སུ་འབྲངས་ནས་ཀྱང་ཨ་པ་ཚ་ར་བསྒྲུབ་པར་བྱའོ། །ལག་
པ་གཉིས་པདྨའི་ཕྱག་རྒྱ་བཅའ་བ་ནི། ཨ་པ་ཚ་རིའི་དམ་ཚིག་གི་ཕྱག་རྒྱའོ། །ཨ་པ་ཚ་རིའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ནཱ་གི་བྷྱོ་ར་སཱ་དྷ་ནཾ། བོད་སྐད་དུ། ཀླུ་མོའི་སྒྲུབ་ཐབས། ཕུཿཧཾ་ཕུ། ཞེས་སོ། །དེ་ནས་ཀླུ་མོ་ཞལ་མཐའ་ཡས་མ་ཞེས་བྱ་བའི་སྒྲུབ་
ཐབས་ནི། ཀླུའི་གནས་སུ་གོང་བཞིན་དུ་སྔགས་འབུམ་ཕྲག་གཅིག་བཟླས་པས་བསྙེན་པ་སྐྱེལ་བའོ། །དེ་ནས་ཚེས་ལྔ་ལ་ཀླུའི་གནས་སུ་ཆུའི་ནང་དུ་ཞུགས་ལ། དྲི་དང་མེ་ཏོག་དང་བདུག་སྤོས་ལ་སོགས་པ་དང་། འོ་མའི་འབྲས་ཐུག་གིས་མཆོད་པ་བྱས་ནས་སྔགས་སྟོང་ཕྲག་
བརྒྱད་བཟླས་པའི་རྗེས་ལ་ཀླུའི་མཚོ་ནས་ཀླུའི་བུ་མོ་རྣམས་མྱུར་དུ་འོང་བར་འགྱུར་རོ། །དེ་ལ་འབྲས་ཐུག་གི་མཆོད་ཡོན་ཕུལ་ཏེ་ཁམས་བདེའམ་ཞེས་ཀྱང་འདྲིའོ། །དེ་ནས་ཁྱེད་ཀྱི་བདག་གིས་ཅི་བགྱི་ཞེས་ཟེར་ན། བདག་གི་ཆུང་མ་གྱིས་ཞེས་བརྗོད་དོ། །ཉི་མ་རེ་ལ་འདིས་ནོར་བརྒྱད་
བརྒྱད་སྟེར་བ་དང་། དེས་དགྲ་གང་ཡིན་པ་གསོད་པ་དང་སླར་གསོ་ནུས་པར་འགྱུར་རོ། །ཀླུ་མོ་ཞལ་མཐའ་ཡས་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ནཱ་གི་བ་སུ་པཱ་ལ་མུ་ཁ་སཱ་དྷ་ནཾ། བོད་སྐད་དུ། ཀླུ་མོ་ནོར་སྐྱོང་ཞལ་མ་ཞེས་བྱ་བའི་སྒྲུབ་ཐབས། ཕུཿཤྲཱིཿ
ཕུ། ཞེས་སོ། །བསྙེན་པ་འབུམ་ཕྲག་གཅིག་བསྐྱལ་ནས། དེ་ནས་ཆུ་བོ་གཉིས་ཕྲད་པའི་སར་འབྲས་ཀྱི་འོ་ཐུག་ཟ་ཞིང་། སྟོང་ཕྲག་བརྒྱད་བཟླས་པས་ཀླུའི་གནས་ནས་མཛེས་མ་ཅིག་འོང་བར་འགྱུར་རོ། །བྱུང་བ་དང་དེའི་མགོ་ལ་མེ་ཏོག་ཕུལ་ནས་བདག་གི་ཆུང་མ་གྱིས་ཞེས་བརྗོད་
དོ། །དེ་ནས་ཆུང་མའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ཉི་མ་རེ་ལ་ལྷའི་འདོད་ཡོན་སྟེར་བར་འགྱུར་རོ། །ནོར་སྐྱོང་མའི་ས་མ་པ་ཐཱ།། ༄༅༅། །རྒྱ་གར་སྐད་དུ། ནཱ་གི་ཨ་ཕུ་ཨུ་པ་དེ་ཤ །བོད་སྐད་དུ། ཀླུ་མོ་ཨ་ཕུ་ཞེས་བྱ་བའི་མན་ངག །ཕུཿཨཿཕུ། ཞེས་དེ་ཉིད་ལ་བསྙེན་

པ་འབུམ་ཕྲག་གཅིག་བཟླས་ལ། དེ་ནས་ཀླུའི་གནས་སུ་སྟོང་ཕྲག་བརྒྱད་བཟླས་པའི་རྗེས་ལ། མགོན་པོ་ཆེན་པོ་ནོན་ནས་བུ་བདག་གིས་ཅི་བགྱི་ཞེས་ཟེར་བ་དང་། བདག་གི་མ་མཛོད་ཅིག་ཅེས་བརྗོད་དོ། །བདག་དང་བཅས་པའི་མི་ལྔ་ལ་བཟའ་བ་དང་གོས་དང་།
རྒྱན་རྣམས་དང་དྲི་ནོར་ལྔ་ལྔ་ཉི་མ་རེ་རེ་ལ་སྟེར་རོ། །དེ་ཉི་མ་རེ་རེ་རང་ལ་ཟད་པར་བྱའོ། །དེ་ལྟར་མ་བྱས་ན་ཕྱིས་སྟེར་བར་མི་འགྱུར་རོ། །དེ་ཁོ་ན་ལྟར་ཀླུ་མོ་གཞན་རྣམས་ཀྱང་བསྒྲུབ་པར་བྱའོ། །ལག་པ་གཉིས་ཀྱི་མཐེ་བོང་གཉིས་བསྣོལ་ནས་སྦྲུལ་མགོའི་ཚུལ་དུ་བྱའོ། །ཀླུ་མོའི་ཕྱག་རྒྱའོ། །ཀླུ་མོའི་སྒྲུབ་
ཐབས་ཀྱི་མན་ངག་ཅུང་ཟད་བསྟན་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ར་ཏི་པྲ་ཡེ་སཱ་དྷ་ནཱ་མ། བོད་སྐད་དུ། དགའ་བས་ཚིམ་མའི་སྒྲུབ་པའི་ཐབས་ཞེས་བྱ་བ། ཨོཾ་ར་ཏི་པྲི་ཡེ་སྭཱ་ཧཱ། ཞེས་སོ། །གྲོ་གའམ་རས་ལ་གནོད་སྦྱིན་མོ་དགའ་བས་ཚིམ་མ་ཞེས་བྱ་བ་
སྐུ་མདོག་སེར་མོ་གཞོན་ནུའི་གཟུགས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མེ་ཏོག་ཨུཏྤལ་བཟུང་བ་གོང་བཞིན་དུ་བྲི་བར་བྱ་སྟེ། སྣ་མའི་མེ་ཏོག་གིས་ཡང་དག་པར་མཆོད་ཅིང་གུ་གུལ་གྱིས་བདུག་སྟེ། ཟླ་བ་གཅིག་གི་བར་དུ་ཉི་མ་རེ་རེ་ལ་སྔགས་སྟོང་ཕྲག་རེ་རེ་བཟླ་བར་བྱའོ། །དེ་ནས་ཇི་
ལྟར་ནུས་པས་མཆོད་པ་བྱ་སྟེ་མར་གྱི་མར་མེ་བྱས་ལ། དེ་ཇི་སྲིད་མ་བྱུང་གི་བར་དུ་བཟླས་པར་བྱའོ། །བྱུང་བ་དང་ངག་བཅད་དེ་འདོད་པ་སྤྱད་ན་བུད་མེད་དུ་འགྱུར་རོ། །སྒྲུབ་པ་པོའི་འཁོར་རྣམས་ཀྱང་རབ་ཏུ་སྐྱོང་བར་འགྱུར་རོ། །ལྷའི་འདོད་ཡོན་ལྔའི་བཟའ་བ་དང་དངུལ་ཆུ་དང་། བཅུད་ལེན་འདིས་
ནོར་ཉི་ཤུ་རྩ་ལྔ་སྟེར་བར་འགྱུར་རོ། །དགའ་བས་ཚིམ་མ་ཞེས་བྱ་བའི་རྟོག་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཡཀྵ་ན་ཌ་ན་ཌཱི་སཱ་དྷ་ནཾ། བོད་སྐད་དུ། གནོད་སྦྱིན་ན་ཌ་ཕོ་མོའི་སྒྲུབ་ཐབས། ན་མོ་བཻ་ཤྲ་ཝརྞ་སུ་ཏ་ཡ་ན་ཊ་ཀུ་བེ་རཱ་ཡ་དཱི་བྱ་མི་མཱ་ན་ཙི་ར་ཏ་ཡ་ཡེ་མ་མཱ་ལ་ཀུ་ཎ་ར་ལ་
ཤ་རི་ཏ་ཡ། ཡཀྵ་ས་བནྡི་ཏ་ཡ་ཏྭཱཾ་བྷ་ག་ཝཱན། ཨ་ཝརྟ་ཡེ་ཥྱ་མེ། ཏདྱ་ཐཱ། མ་ཎི་མ་ཎི། ཀུཊྚ་ཀུཊྚ། ཀུ་ཀུ་ཀུ་ཀུ། པ་ར་པ་ར། པཱུ་ར་པཱུ་ར། ཀུ་པ་ར་ཀུ་པ་ར། ན་ཌ་ཀུ་བེ་རཱ་དི་བྱ་བི་མཱ་ན་ཀུ་ཎ་ལི་ཀུ་བི་ཀུ་བི་སྭཱ་ཧཱ། བྱང་ཆུབ་ཀྱི་ཤིང་ངམ་གང་ཡང་རུང་བའི་ཤིང་ལེབ་བམ། གང་གི་

ཆོ་གས་གནོད་སྦྱིན་མོ་ཞལ་གཅིག་ཕྱག་གཉིས་མ་མདོག་ལྗང་གུ་མི་སྡུག་པ་མཆེ་བ་གཙིགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་གྱིས་ཐོད་པ་ཁྲག་གིས་བཀང་བ་འཛིན་པ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་པ། བྱང་ཆུབ་ཀྱི་ཤིང་གི་སྡོང་པོ་ལ་བརྟེན་ནས་གནས་པ་བྲི་ལ་
བསམ། དེའི་མདུན་དུ་སྔར་གྱི་ཆོ་གས་རིག་པ་སྟོང་ཕྲག་བརྒྱད་ཅུང་མ་ལོངས་པ་ཅིག་བཟླས་ཏེ། དེ་ནས་ཉའི་ནུབ་མོ་སྟོང་ཕྲག་བརྒྱད་རྫོགས་པར་བྱས་པས་གནོད་སྦྱིན་མོ་མདུན་དུ་གནས་པར་འགྱུར་རོ། །དེ་ལ་དཀར་གྱི་མཆོད་ཡོན་དབུལ་ལོ། །དེ་ནས་མོ་འདི་སྐད་སྨྲ་བར་འགྱུར་
ཏེ། བདག་གིས་ཅི་བགྱི་ཞེས་ཟེར་ཏེ། དེ་ལ་བདག་ལ་རིག་པ་འཛིན་པ་གྲུབ་པར་གྱིས་ལ། ཁྱོད་ཀྱང་ངའི་བུད་མེད་གྱིས་ཤིག་ཅེས་བརྗོད་དོ། །མོ་ན་རེ་དེ་ལྟར་བགྱིའོ་ཞེས་ཟེར་ནས་མི་སྣང་བར་འགྱུར་རོ། །དེའི་རྗེས་ནས་མཚན་མོ་རྒྱན་ཀུན་གྱིས་བརྒྱན་ནས་འོང་བར་འགྱུར་རོ། །དེ་དང་
བཅས་པས་བདག་རིག་འཛིན་དུ་འགྱུར་ཞིང་གནོད་སྦྱིན་གྱི་སྟོབས་དང་ལྡན་པར་ཡང་འགྱུར་རོ། །གནོད་སྦྱིན་མོ་དེ་དང་རྩེ་ཞིང་། རོལ་པས་གནས་པར་ཡང་འགྱུར་རོ། །རང་གང་དུ་འགྲོ་བར་འདོད་པ་དེར་འགྲོ་བར་འགྱུར་རོ། །ལོ་སྟོང་ཕྲག་ལྔ་འཚོ་བར་འགྱུར་རོ། །ལས་སྟོང་ཚོ་ཙམ་བྱེད་པའི་རིག་
པ་འདིའོ། །གནོད་སྦྱིན་སྒྲུབ་པར་འདོད་ན་སྐྱེས་པའི་གཟུགས་སུ་བྲིས་ལ་སྔར་བཞིན་དུ་དགུག་པ་ལ་སོགས་པ་བྱས་ལ་བསྒྲུབ་པར་བྱའོ། །དེས་གྲུབ་ནས་གནོད་སྦྱིན་ཁོལ་པོ་ལྟ་བུར་འགྱུར་རོ། །ཨོཾ་ན་ཌེ་བི་ཎ་ཌེ་དྷ་ཎི་སྭཱ་ཧཱ། ཞེས་པ་འདི་ལ་བསྙེན་པ་འབུམ་ཕྲག་གཅིག་བཟླས་ལ། དེ་ནས་ཉའི་
ཉིན་པར་ཁང་པ་དབེན་པར་མུན་པ་ཤིན་ཏུ་གནག་པ་ཅིག་ཏུ་འདུག་སྟེ་བཟླས་པ་བྱས་པས། ནམ་ཕྱེད་དམ་ཐོ་རངས་ཀྱི་དུས་སུ་འོང་བར་འགྱུར་རོ། །མའམ་སྲིང་མོའམ་ཆུང་མར་གྱུར་ཏེ། གང་ཡིད་ལ་འདོད་པ་ཐམས་ཅད་སྟེར་བར་འགྱུར་རོ། །གནོད་སྦྱིན་ན་ཌ་ཕོ་མོའི་སྒྲུབ་ཐབས་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཡཀྵ་མི་པྲྀ་ཐི་བི་ལཀྵྨཱི་སཱ་དྷ་ནཾ། བོད་སྐད་དུ། གནོད་སྦྱིན་མོ་སའི་བདག་མོ་བཀྲ་ཤིས་མའི་སྒྲུབ་ཐབས། ཨོཾ་པྲྀ་ཐི་བི་ལཀྵྨཱི་ལ་བི་ཛ་ཡེ་སྭཱ་ཧཱ། ཞེས་པ་འདི་ལ་བསྙེན་པ་ཁྲི་ཕྲག་གཅིག་བཟླས་ལ། དེ་ནས་ཁྲུ་གང་ངམ་མཐོ་གང་པའི་རས་ཅིག་ལ་གནོད་སྦྱིན་མོ་ཁྲི་ལ་

གནས་པ་སྐུ་མདོག་སེར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲིས་ཏེ། ཤིན་ཏུ་དབེན་པའི་སར་ཐང་ཀ་ལ་རབ་གནས་བྱས་ལ་གཅིག་པུ་བསྲུང་བ་བྱས་ལ། ཉ་སྐམ་པོ་དང་ཤ་དང་ཏིལ་གྱི་ཕྱེ་མའི་སྤོས་བཏང་ནས། མར་སར་པས་རྐང་མཐིལ་ལ་བྱུགས་ལ་རང་གི་མལ་དུ་འདུག་
སྟེ། ཇི་ལྟར་ནུས་པས་སྔགས་བཟླ་བར་བྱའོ། །ནུབ་དང་པོ་ལ་རྨི་ལམ་དུ་རྟགས་འབྱུང་ངོ་། །གཉིས་པ་ལ་དགྲ་འབྱུང་། གསུམ་པ་ལ་སྒོ་བརྡུང་བར་འགྱུར། བཞི་པ་ལ་ནང་དུ་འོང་བར་མཚོན་པར་བྱ། ལྔ་པ་ལ་མཐོང་བར་འགྱུར། དྲུག་པ་ལ་སྨྲ་བར་འོང་། བདུན་པ་ལ་བདག་གིས་ཁྱོད་ཀྱི་ཅི་
བགྱི་ཞེས་ཟེར་བ་འོང་ངོ་། །དེ་ལ་འདོད་ཡོན་ལྔ་བདག་ལ་སྟེར་བའི་བུད་མེད་དུ་འགྱུར་ཏེ། ཚིམ་པར་གྱུར་ནས་གྲུབ་པའི་རྫས་རྣམས་སྟེར་རོ། །ཁྱད་པར་དུ་མཚན་མོ་ཁོ་ན་བཟླས་པ་བྱ། གང་ཞིག་གནོད་སྦྱིན་མོའི་སྦྱིན་སྲེག་གི་ཆོ་ག་ཡོད་དེ། དེས་སྒྲུབ་ཐབས་ཀྱི་རིམ་པས་སྦྱིན་སྲེག་བྱས་
ནས་གནོད་སྦྱིན་མོ་བསྒྲུབ་པར་བྱའོ། །གཞན་ཡང་གོང་བཞིན་གནོད་སྦྱིན་མོ་རྣམས་བསྒོམ་པར་བྱའོ། །ཡང་ན་རང་རང་གི་རྟོག་པ་ལས་གསུངས་པའི་བཟླས་པའི་གྲངས་ཀྱིས་བསྒྲུབ་པར་བྱའོ། །ཁྱད་པར་འཕགས་པ་འཇམ་པའི་རྡོ་རྗེའི་རྣལ་འབྱོར་གྱིས་དཔལ་སྒྱུ་འཕྲུལ་དྲ་བའི་ཚུལ་གྱིས་
གནོད་སྦྱིན་མོའི་སྒྲུབ་ཐབས་ཀྱི་ཚིག་མང་པོས་བདག་གིས་འདིར་ཐ་དད་དུ་བྱས་པའོ། །དེ་རང་ལ་གནོད་སྦྱིན་མོ་རྣམས་བསྒྲུབ་པར་བྱའོ། །ལྟེ་བའི་ཐད་ཀར་ལག་པ་གཡོན་པ་གན་རྐྱལ་དུ་བྱས་ནས། གུང་མོ་དང་སྲིན་ལག་གྱེན་དུ་བསླངས་ལ་མཐེའུ་ཆུང་དང་མཛུབ་མོ་ཕྱིར་བརྐྱངས་ལ།
དེའི་སྟེང་དུ་ལག་པ་གཡས་པ་ཁ་སྦུབ་ལ་འདུག་པ་ནི་གནོད་སྦྱིན་མོའི་ཕྱག་རྒྱའོ། །དེ་ཁོ་ན་ཉིད་ལ་ལག་པ་གཡོན་གྱི་གུང་མོ་ཕྱིར་བསྐྱེད་ལ་མཛུབ་མོ་ནང་དུ་བཀུག་པ་ནི་གནོད་སྦྱིན་གྱི་ཕྱག་རྒྱའོ། །དེ་ཉིད་ལ་མཐེ་ཆུང་དང་མཐེ་བོ་གཉིས་སྦྱར་བ་ནི་གནོད་སྦྱིན་མོ་གཞན་གྱི་ཕྱག་རྒྱའི་ཁྱད་པར་
རོ། །དེ་ཉིད་ལ་སྲིན་ལག་ཕྱིར་བསྐྱེད་པ་ནི་མིའམ་ཅིའི་ཕྱག་རྒྱའོ། །དེ་ཉིད་རང་ལ་གུང་མོ་ཕྱིར་བསྐྱེད་ན་འདྲེའི་ཕྱག་རྒྱའོ། །དེ་ཉིད་རང་ལ་གུང་མོ་བསྐུམ་ནས་གཞག་པ་ནི་འདྲེ་མོ་རྣམས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་འདི་རྣམས་ཀྱི་རྩ་བ་ནི་གོང་དུ་བསྟན་པའི་ལག་པ་གཡོན་པས་བཅས་པའི་ཕྱག་རྒྱ་

དེའོ་ཞེས་སོ། །མ་དང་སྲུ་མོ་སྒྱུག་མོ་དང་། །ཆུང་མ་བུ་མོ་ཨ་ནེེ་གནོད་སྦྱིན་མོར། །བསྒྱུར་ཏེ་མ་དང་སྲུ་མོ་སྒྱུག་མོ་གང་། །དེ་དག་མཆོག་སྟེ་ནོར་བུ་རིན་ཆེན་ལྟར། །དེ་བཞིན་བུ་མོ་མཛའ་མོ་འབྲིང་པོ་སྟེ། །སྙིང་སྡུག་བུད་མེད་སྙིང་མོ་ཐ་མར་ཤེས། །ཐུན་མཚམས་མཆོད་པ་མེ་ཏོག་ཕྲེང་བ་དྲི། །
མར་གྱི་མར་མེ་ཡང་ན་མར་ནག་སྟེ། །བདུག་སྤོས་དྲི་ཞིམ་ཙནྡན་ཨ་ག་རུ། །གཏོར་མ་སྣ་ཚོགས་མཚན་མོ་རྟག་ཏུ་དབུལ། །བརྟུལ་ཞུགས་གནས་ལ་མངོན་པར་འཇམ་པ་ཡི། །བུད་མེད་ཤིན་ཏུ་ཆགས་པས་ཟིལ་གྱིས་ནོན། །རྙེད་པ་ཐོབ་དང་ལུས་གཟུགས་འཛག་པ་དག །དངོས་གྲུབ་
སྟེར་བའི་བདག་པོས་བྱེད་པར་འགྱུར། །བུད་མེད་ཆགས་པས་ནོན་ལ་མི་འགྲོ་ཞིང་། །དེ་བཞིན་རྙེད་པ་ཆེན་པོ་རབ་ཏུ་སྤང་། །སྔགས་པས་མཚན་མོ་ཤུ་ཀྲ་རབ་ཏུ་བསྲུང་། །བརྩོན་འགྲུས་འབར་བ་མཆོག་ཏུ་བསྟེན་པར་གྱིས། །གང་ཞིག་ལོག་པས་གནོད་སྦྱིན་མོ་བརྩམས་པ། །རྨོངས་པ་དེ་ནི་
མྱུར་དུ་འཇིགས་པར་འགྱུར། །སྲིན་མོ་འདྲེ་མོ་རྣམས་ལ་གང་བཞིན་དུ། །ཆོ་ག་ལྷག་པའི་ཁྱད་པར་འདི་ཉིད་དེ། །ཉ་ཤ་ཆང་དང་ལ་ཕུག་ཁུར་བ་དང་། །བལ་སྲན་ནས་སྲན་དག་དང་འབྲས་ཟན་ཤ །གཏོར་མ་འདི་ནི་ཀུ་ཏུ་རུ་ཀའི་སྤོས། །གནས་ནི་དུར་ཁྲོད་སྐྱེ་བོས་དབེན་པའི་ཁྱིམ། ཤི་རི་ཀ་དང་
བིལྦ་དང་། མ་ཌ་རུ་པ་ཨརྐ་དང་། །ཤ་པ་ཛ་ན་དྷ་དུ་ར། །ཨ་ག་ཏི་དང་བྲྀ་ཧ་ཏི། །ར་ཛ་ཀ་དང་ཀུ་ཤ་དང་། །ཨེ་རཎྜ་དང་ཨརྐ་དང་། །མྱ་ངན་མེད་དང་དེ་རྣམས་ཀྱི། །མེ་ཏོག་རྣམས་ནི་དབུལ་བར་བྱ། །ཀླུ་ལ་འབྲས་ཐུག་བུ་རམ་ཁུར་བ་མར། །དྲི་ཞིམ་མེ་ཏོག་བདུག་སྤོས་དྲི་ཞིམ་དང་། །ཕྲེང་བ་
སྣ་ཚོགས་ཤིང་ཐོག་མོ་ཀ་ཏ། །ཞོ་ཡོས་ཙནྡན་ཨ་ཀ་རུ་རྣམས་དང་། །བུམ་པ་དང་ནི་བ་དན་ནག་པོ་རྣམས། །ནག་པོའི་གོས་དང་གཏོར་མ་ནག་པོ་དང་། །མེ་ཏོག་ཕྲེང་བ་གདུགས་དང་བྱུག་པ་རྣམས། །ཇི་ལྟར་རྙེད་པ་ཀླུ་ལ་དབུལ་བར་བྱ། །ཆོ་ག་རབ་ཏུ་བསྟན་པ་འདི། །ཐུན་མོང་དུ་ནི་གསུངས་
པའོ། །སྔགས་ཀྱི་ནུས་པའི་ང་རྒྱལ་གྱིས། །འདོད་པ་ཐམས་ཅད་འབྱུང་བའོ། །རྟོག་པ་ངན་པའི་སྦྱོར་བའམ། །རྣམ་པ་གཞན་གྱིས་མི་འགྲུབ་བོ། །ཞེས་སོ། །གནོད་སྦྱིན་ལ་སོགས་པའི་སྒྲུབ་ཐབས་ཀྱི་མན་ངག་རྫོགས་སོ།། །།

༄༅༅། །རྒྱ་གར་སྐད་དུ། ཡཀྵཱ་ནནྡི་ཀ་རི་སཱ་དྷ་ནཾ། བོད་སྐད་དུ། གནོད་སྦྱིན་དགའ་བྱེད་ཀྱི་སྒྲུབ་ཐབས། གོང་དུ་ཎ་ཌ་ཀུ་པ་རའི་སྔགས་ཀྱི་སྒྲུབ་ཐབས་སུ། སྦྱོར་བ་གནོད་སྦྱིན་ཐམས་ཅད་ཀྱི་སྒྲུབ་ཐབས་སྟོན་ཏོ། །འོན་ཀྱང་ཁྱད་པར་ཅུང་ཟད་བསྟན་པར་བྱས་ན། ན་མ་པྲི་ཡཾ་ཀ་རཱ་ཡ་ར་
ཧི་ཏི་ཤེ་སྭཱ་ཧཱ། ཞེས་སོ། །དགའ་བྱེད་ཅེས་བྱ་བའི་གནོད་སྦྱིན་གཞོན་ནུ་མ་ཅིག་གིས་ལས་ཐམས་ཅད་བྱེད་པར་འགྱུར་བས། དེའི་ཆོ་ག་ནི་བསྙེན་པ་འབུམ་ཕྲག་གསུམ་བཟླས་ནས་དེ་ནས་ཁྲི་སྟན་ལས་བྱས་པའམ། ཤིང་ཀ་ཏཾ་པ་ལས་བྱས་པའི་ཤིང་ལེབ་ལ་དགའ་བྱེད་ཅེས་བྱ་བ་ཞལ་གཅིག་
ཕྱག་དྲུག་པ། གཞོན་ནུའི་གཟུགས་ཅན། ཕྱག་གཡོན་དང་པོ་ན་ཤིང་ཐོག་འཛིན་པ། གཉིས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། དེའི་མདུན་དུ་རྩྭ་ཀུ་ཤའི་ཆུན་པོ་ལ་རང་འདུག་ནས། བའི་ཤ་དང་གུ་གུལ་བསྲེས་ལ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་གྲོང་ཁྱེར་བརྒྱད་རྙེད་པར་འགྱུར་རོ། །ཡང་
དེའི་མདུན་དུ་གུ་གུལ་རྐྱང་པའི་རི་ལུ་སྟོང་ཕྲག་བརྒྱད་ཀྱིས་སྦྱིན་སྲེག་བྱས་ན་འཁོར་སྟོང་ཕྲག་གཅིག་གིས་ཅི་འདོད་པའི་བཟའ་བ་རྙེད་པར་འགྱུར་རོ། །བཟླས་པ་ཙམ་གྱིས་བཟའ་རྒྱུ་རྙེད་པར་འགྱུར་རོ། །རྟག་ཏུ་བཟླས་པས་གཏེར་མཐོང་བར་འགྱུར་རོ། །གཞན་ཡང་ལས་ཐམས་ཅད་བྱེད་པར་འགྱུར་
བའི་དགའ་བྱེད་ཅེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཡཀྵ་ཀཱི་ལི་ཀཱི་ལ་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། གནོད་སྦྱིན་གྱི་རྒྱལ་པོ་ཕུར་བུས་འདེབས་པའི་སྒྲུབ་ཐབས། ཡཀྵ་ཀཱི་ལོ་ནཱ་མ་ས་ཏྱ་བ་དི་ཏྲིཊྚ་པྲ་ཏཿཏ་ཤ་ཏྱ་ཧ་པིཎྜ་ད་དི་མ་སེ་མེ་ཀ་མཱ་ན་པྲ་ཡཙྪཾ་ཏུ་སྭཱ་ཧཱ།
ཞེས་སོ། །དེ་ནས་ཟན་ཟ་བའི་དུས་སུ། ཟན་གྱི་ཕུད་ལ་སྔགས་ལན་བདུན་བཟླས་ལ། དབེན་པའི་སར་ལྕི་བས་བྱུགས་པའི་མཎྜལ་བྱས་ལ་ཉི་མ་རེ་རེ་ཞིང་གནོད་སྦྱིན་ལ་ཟན་དབུལ་ལོ། །ཟླ་གཅིག་སོང་ནས་ཉི་མ་རེ་ལ་འདིས་ནོར་རེ་སྟེར་རོ། །ཟླ་བ་གཉིས་པ་ལ་འདིས་ནོར་ཉི་ཤུ་སྟེར་བའམ་ཡང་
ན་སྟོན་པར་འགྱུར་རོ། །ཟླ་བ་གསུམ་པ་ལ་ཉི་མ་རེ་ལ་འདིས་ནོར་བརྒྱ་ཚོ་རེ་སྟེར་རོ། །ཟླ་བ་བཞི་པ་ལ་འདིས་ནོར་སྟོང་སྟེར་རོ། །ཟླ་བ་ལྔ་པ་ལ་ཀཱི་ལི་ཀཱི་ལ་ཞེས་བྱ་བའི་གནོད་སྦྱིན་གྱི་རྒྱལ་པོ་མཐོང་བར་འགྱུར་ཞིང་མཆོག་སྟེར་བར་འགྱུར་རོ། །འབྲུ་དང་། ནོར་དང་གཏེར་ཤིན་ཏུ་མང་བ་སྟེར་བར་

འགྱུར་རོ། །ནད་མེད་པ་དང་བར་ཆད་མི་འབྱུང་བ་དང་བློ་དང་ལྡན་པར་བྱེད་པར་འགྱུར་རོ། །ཟླ་བ་དྲུག་ན་ནམ་མཁའ་ལ་འགྲོ་བར་ནུས་ཤིང་རིག་པ་འཛིན་པར་འགྱུར་རོ། །ཟླ་བ་བདུན་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །ཟླ་བ་བརྒྱད་ན་ལྷའི་གནས་སུ་འགྲོ་བར་ནུས་པར་འགྱུར་རོ། །ཆོ་ག་འདི་རྣམས་
ཐམས་ཅད་བྱས་ལ་གཡས་གྱི་ཁུ་ཚུར་བཅངས་ལ་མཛུབ་མོ་དང་མཐེ་བོང་རྩེ་སྤྲད་ལ་ཁ་ཕྱེ་ལ། ཕྱག་རྒྱ་འདི་དང་སྔགས་ཀྱིས་ཟན་རྡོག་གཅིག་བྱིན་དེས་ཟོས་ཟིན་པའི་དུས་སུ། ཁ་བཤལ་བའི་ཆུ་ལན་གསུམ་བྱིན་པར་བྱའོ། །ཀཱི་ལི་ཀཱི་ལ་ཞེས་བྱ་བའི་གནོད་སྦྱིན་གྱི་རྒྱལ་པོའི་སྒྲུབ་ཐབས་
རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པིཊྚ་ན་མ་ཧཱ་ཡཀྵ་སེ་ན་པ་ཏི་སཱ་དྷ་ནཾ། བོད་སྐད་དུ། རྡེག་པར་བྱེད་པའི་གནོད་སྦྱིན་གྱི་སྡེ་དཔོན་གྱི་སྒྲུབ་ཐབས། པིཊྚ་ན་མ་ཧཱ་ཡཀྵ་སེ་ན་པ་ཏི་ཧཱུཾ་ཕཊ། ཅེས་པ་འདི་བསྙེན་པ་འབུམ་ཚོ་གསུམ་བཟླས་ནས། དེའི་རྗེས་ལ་བྱང་ཆུབ་ཀྱི་ཤིང་ལས་
ལིངྒ་བྱས་ལ། དེའི་མགོ་ལ་ཐུན་མཚམས་གསུམ་དུ་དྲི་ཞིམ་པའི་མེ་ཏོག་གིས་བྲབ་བོ། །ཐུན་རེ་ལ་མེ་ཏོག་བརྒྱ་རྩ་བརྒྱད་ཀྱིས་བྱའོ། །ཚེས་བརྒྱད་ནས་བརྩམས་ཏེ་བཅུ་བཞིའི་བར་གྱིས་འགྲུབ་པར་འགྱུར་རོ། །ཨོཾ་པིཊྚ་ན་པིཊྚ་པ་ཡ་སཻ་ནྱ་པ་ཏི་ཧཱུཾ་ཕཊ། ཅེས་སོ། །སྔགས་འདིས་དགྲ་གང་ཡིན་
པ་ལ་བརྡེག་ཏུ་གཞུག །ཨོཾ་ལོཊྚ་ན་ལོཊྚ་པ་ཡ་སཻ་ནྱ་པ་ཏི་ཧཱུཾ་ཕཊ། འདིས་ཀྱང་བརྡེག་ཏུ་བཅུག་པར་བྱའོ། །འདི་རྡེག་པར་བྱེད་པའི་གནོད་སྦྱིན་གྱི་སྡེ་དཔོན་ཞེས་བྱ་བའི་རྟོག་པ་རྫོགས་སོ། །དེ་བཞིན་དུ་གཞན་ཡང་གནོད་སྦྱིན་རྣམས་བསྒྲུབ་པར་བྱའོ། །གནོད་སྦྱིན་གྱི་སྒྲུབ་ཐབས་ཀྱི་མན་ངག་ཅུང་
ཟད་བསྟན་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙནྡྲ་དེ་བཱི་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཟླ་བའི་ལྷ་མོ་ཞེས་བྱ་བའི་སྒྲུབ་ཐབས། ཨོཾ་ཤྲཱི་ཟླ་བའི་ལྷ་མོ་ཞེས་བྱ་བ་ཨ་པ་ཚ་ར་དེ། གོང་བཞིན་དུ་འཕགས་པ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས། མདུན་དུ་ཨ་པ་ཚ་ར་
ཞེས་བྱ་བའི་ལྷ་མོ་རྒྱན་ཀུན་གྱིས་བརྒྱན་པ་ཤིན་ཏུ་མཛེས་མ་ཅིག་བསྒོམས་ལ་གོང་བཞིན་དུ་དགུག་པ་ལ་སོགས་པ་དང་མཆོད་པ་བྱས་ཏེ་འོང་བར་བསམས་ན་ངེས་པར་འགྲུབ་པར་འགྱུར་རོ། །གལ་ཏེ་བཟླས་པས་འགྲུབ་པར་འདོད་ན་དེའི་ཚེ་རིའི་རྩེ་མོའམ་སྐྱེ་བོས་དབེན་པའི་གནས་སུ་གོང་

བཞིན་དུ་མཆོད་པ་བྱས་ཏེ་སྔགས་འབུམ་ཕྲག་གཅིག་བཟླ་བར་བྱའོ། །དེ་ནས་ཉའི་དུས་སུ་ཇི་ལྟར་འབྱོར་པས་མཆོད་པ་བྱས་ལ། མར་གྱི་མར་མེས་མཚན་ཐོག་ཐག་ལ་བཟླས་པ་བྱའོ། །དེའི་ཐོ་རངས་ལྷ་མོ་འོང་བར་འགྱུར་རོ། །བྱུང་བ་དང་ཙནྡན་གྱི་མཆོད་ཡོན་དབུལ་བར་བྱའོ། །
བདག་གིས་ཁྱེད་ཀྱི་ཅི་བགྱི་ཞེས་ཟེར་ན། བདག་གི་བུད་མེད་གྱིས་ཤིག་ཅེས་བརྗོད་དོ། །དེ་ནས་གྲུབ་པའི་རྗེས་དང་དངུལ་ཆུ་དང་བཅུད་ལེན་ལ་སོགས་པ་ཐམས་ཅད་སྟེར་བར་འགྱུར་རོ། །གང་གིས་གྲུབ་པ་དེ་ལོ་སྟོང་ཐུབ་པར་འགྱུར་རོ། །ཟླ་བའི་ལྷ་མོ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཧ་རི་ཏི་ཀུཎྜ་ལ་དྷ་ར་ནི་སཱ་དྷ་ནཾ། བོད་སྐད་དུ། འཕྲོག་མ་རྣ་ཆ་འཛིན་མའི་སྒྲུབ་ཐབས། ཨོཾ་ཧྲིཿ། ཞེས་སོ། །འཕྲོག་མ་རྣ་ཆ་འཛིན་མ་ཞེས་བྱ་བ་ཨ་པ་ཚ་རའི་སྒྲུབ་ཐབས་ལ་གོང་བཞིན་དུ་རྟགས་དང་ལྡན་པའི་རྣལ་འབྱོར་པས། རིའི་རྩེ་མོར་ཉི་མ་རེ་ལ་ཁྲི་ཕྲག་རེ་བཟླས་
ལ་ཉའི་ནུབ་མོ་མཚན་ཕྱེད་ཀྱི་དུས་སུ་འོང་བར་འགྱུར་རོ། །དེ་ནས་འདིས་ནོར་འབུམ་ཕྲག་རེ་སྟེར་རོ། །རྒྱབ་ཏུ་ཁུར་ནས་གླིང་བཞི་སྟོན་པར་བྱེད་དོ། །བཅུད་ལ་སོགས་པ་སྟེར་རོ། །རྣ་ཆ་འཛིན་པའི་ཨ་པ་ཚ་རིའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ནོ་ཧ་རི་སཱ་དྷ་ནཾ། བོད་སྐད་དུ།
ཡིད་འཕྲོག་མའི་སྒྲུབ་ཐབས། དེ་ནས་མིའམ་ཅིའི་སྒྲུབ་ཐབས་བཤད་པར་བྱ་སྟེ། ཨོཾ་མ་ནོ་ཧ་རི་སྭཱ་ཧཱ། ཞེས་སོ། །སྔར་གྱི་ཚོགས་བྱས་པའི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་རིའི་རྩེ་མོར་སྟོང་ཕྲག་བརྒྱད་བཟླས་ཏེ། དེའི་རྗེས་ལ་མཆོད་པ་ཆེན་པོ་བྱས་ཏེ། བའི་ཤ་དང་གུ་གུལ་བསྲེས་
པའི་བདུག་སྤོས་བཏང་ཞིང་། ཇི་སྲིད་མ་བྱུང་བ་དེ་སྲིད་གྱི་བར་དུ་བཟླས་པས་དེ་ནས་ནམ་ཕྱེད་ཀྱི་དུས་སུ་མིའམ་ཅིའི་བུ་མོ་དེ་རང་འོང་བར་འགྱུར་རོ། །དེ་ལ་འཇིགས་པ་མི་བྱའོ། །སྒྲུབ་པ་པོ་ཁྱེད་ཀྱིས་བདག་ལ་བཀའ་བསྒོ་བ་མཛད་དུ་གསོལ་ཞེས་ཟེར་ན། བཟང་མོ་ཁྱོད་བདག་གི་ཆུང་མ་གྱིས་ཤིག་
ཅེས་བརྗོད་དོ། །དེ་ནས་རྒྱབ་ཏུ་ཁུར་ནས་ལྷའི་འཇིག་རྟེན་དུ་ཁྱེར་ཏེ། དེ་ནས་ཡང་རང་གི་གནས་སུ་སྐྱེལ་ལོ། །ལྷའི་འདོད་པའི་རྫས་ཀྱང་སྟེར་རོ། །ཡིད་འཕྲོག་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སུ་བྷ་གེ་སཱ་དྷ་ནཾ། བོད་སྐད་དུ། ལེགས་པར་དགའ་མའི་སྒྲུབ་

ཐབས། ཨོཾ་སུ་བྷ་གེ་སྭཱ་ཧཱ། ཞེས་སོ། །རིའི་རྩེའམ་ལྷ་ཁང་དུ་ཉི་མ་རེ་རེ་ལ་ཁྲི་ཕྲག་རེ་ཟླ་བ་གཅིག་གི་བར་དུ་བཟླས་ནས། དེ་ནས་ཉའི་དུས་སུ་མཚན་མོ་ཡང་བཟླས་ལ། དེའི་རྗེས་སུ་ཡང་ཉལ་ན་ཤིན་ཏུ་འཇམ་པའི་ལག་པས་བདག་གི་རྐང་པ་ལ་ཉེད་པར་བྱེད་པའི་མིའམ་ཅི་མོ་དེ་ལ་
ཆགས་པར་བྱས་ནས་བདག་གི་ཆུང་མར་གྱུར་ཅིག་བྱས་ན་ཉི་མ་རེ་ལ་འདིས་ནོར་བརྒྱད་དང་རས་ཡུག་གཉིས་གཉིས་སྟེར་བར་འགྱུར་རོ། །ལེགས་པར་དགའ་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བི་ཤ་ལ་ནེ་ཏྲ་སཱ་དྷ་ནཾ། བོད་སྐད་དུ། སྤྱན་ཡངས་མའི་སྒྲུབ་ཐབས།
ཨོཾ་བི་ཤ་ལ་ནེ་ཏྲི་སྭཱ་ཧཱ། ཞེས་པ་འདི་ཆུ་ཀླུང་གི་འགྲམ་དུ་ཉི་མ་རེ་ལ་ཁྲི་ཕྲག་རེ་རེ་ཟླ་བ་ཙམ་བཟླས་ལ་ཉའི་ནུབ་མོ་མཚན་ཡལ་གྱིས་བཟླས་པས་ཐོ་རངས་ཀྱི་དུས་སུ་ངེས་པར་འོང་བར་འགྱུར་རོ། །བྱུང་ནས་ཆུང་མར་གྱུར་ནས་ཉི་མ་རེ་ལ་ནོར་ལྔ་ལྔ་སྟེར་རོ། །འདི་རྣམས་ཀུན་རིག་པ་མང་པོ་བཟླས་
པའི་གང་ཟག་ལ་ཉི་མ་རེ་རེས་འགྲུབ་པར་འགྱུར་རོ། །སྤྱན་ཡངས་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ར་ཏི་རཱ་ག་སཱ་དྷ་ནཾ། བོད་སྐད་དུ། འདོད་ཆགས་དགའ་མའི་སྒྲུབ་ཐབས། ཨོཾ་སུ་ར་ཏ་པྲི་ཡེ་སྭཱ་ཧཱ། ཆུ་ཀླུང་གཉིས་ཕྲད་པའི་སར་ནུབ་མོ་ཕྱིན་
ནས་སྟོང་ཕྲག་བརྒྱད་བཟླས་སོ། །ཞག་དང་པོ་ལ་ངེས་པར་བདག་སྟོན་ནོ། །གཉིས་པ་ལ་མདུན་དུ་གནས་སོ། །གསུམ་པ་ལ་ཆགས་པ་སྤྱད་ནས་ཆུང་མའི་ལས་བྱེད་པར་འགྱུར་རོ། །ཉི་མ་རེ་རེ་ལ་ནོར་བརྒྱད་བརྒྱད་དང་རས་ཡུག་གཉིས་གཉིས་སྟེར་རོ། །གཞན་ཡང་མིའམ་ཅི་རྣམས་བསྒྲུབ་
པར་བྱའོ། །འདི་རྣམས་ཀྱི་ཕྱག་རྒྱ་གོང་དུ་བཤད་ཟིན་ཏོ། །འདོད་ཆགས་དགའ་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨ་པ་རཱ་ཛི་ཏ་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་སྒྲུབ་ཐབས། ཨོཾ་ཧྲཱཾ་ཛི། ཞེས་སོ། །དཔལ་རྡོ་རྗེ་
འཆང་གི་མདུན་དུ་འཕགས་པ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་བསྙེན་བཀུར་པ་འབུམ་ཕྲག་གཅིག་བསྐྱལ་ནས། དེ་ནས་ཉའི་དུས་སུ་མཆོད་པ་ཆེན་པོ་བྱས་ལ་ཟན་དཀར་མོ་དང་ཞོ་དང་བུ་རམ་དང་། འོ་མ་འདྲེས་པའི་འབྲས་ཐུག་གི་གཏོར་མ་བྱས་ལ་གུ་གུལ་གྱི་སྤོས་དབུལ་ཞིང་།

མཚན་ལམ་གྱིས་བཟླས་པས་ཐོ་རངས་འོང་བར་འགྱུར་རོ། །མ་འོངས་ན་ཁོ་ནར་འཆི་བར་འགྱུར་རོ། །བྱུང་ནས་ཅི་བྱ་ཞེས་ཟེར་ན་བདག་གི་ཁོལ་པོ་གྱིས་ཤིག་ཅེས་བརྗོད་དོ། །དེ་ནས་ཁོལ་པོའི་ལས་ཐམས་ཅད་བྱེད་པ་དང་། རིག་འཛིན་གྱི་རྒྱལ་པོར་བྱེད་པ་དང་། དགྲ་
ཐམས་ཅད་གསོད་པར་བྱེད་པ་དང་། ཟླ་བའི་ལྷ་མོ་ཡང་བཀུག་ནས་སྟེར་བ་དང་། ཁུར་ནས་ལྷའི་ཡུལ་སྟོན་པ་དང་། ལྷའི་དབང་པོར་བྱེད་པ་དང་། ཚེ་བསྐལ་པ་བདུན་དུ་གནས་པར་བྱེད་པར་འགྱུར་རོ། །འབྱུང་པོ་ཨ་པ་རཱ་ཛི་ཏའི་སྒྲུབ་ཐབས་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཨ་དྷི་ཛ་ཡཱ་སཱ་དྷ་ནཾ། བོད་སྐད་དུ། ལྷག་པར་རྒྱལ་བ་མི་ཕམ་པའི་སྒྲུབ་ཐབས། ཨོཾ་ཧཱུཾ་ཛིཿ། མི་ཕམ་པ་ཞེས་བྱ་བའི་འབྱུང་པོ་མཆོད་རྟེན་གྱི་མདུན་དུ་ཞག་བདུན་དུ་སྔགས་སྟོང་ཚོ་བརྒྱད་བརྒྱད་བཟླས་ཏེ། ཞག་བརྒྱད་པ་ལ་མཆོད་པ་ཆེན་པོ་བྱ་ཞིང་
གཏོར་མ་ཆེན་པོ་བཏང་ལ་གུ་གུལ་གྱི་སྤོས་ཕུལ་ཏེ་ནུབ་མོ་སྔགས་བཟླས་སོ། །དེ་ནས་ངེས་པར་འོངས་ཏེ་བདག་གིས་ཅི་བགྱི་ཞེས་ཟེར་ན། སྒྲུབ་པ་པོས་ངའི་ཁོལ་པོ་གྱིས་ཤིག་ཅེས་བརྗོད་དོ། །རྒྱབ་ཏུ་ཁུར་ནས་གླིང་བཞི་སྟོན་པ་དང་རྒྱལ་ས་སྟེར་བ་དང་། ཚེ་ལོ་སྟོང་ཐུབ་པར་བྱེད་དོ། །མི་ཕམ་པའི་
སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པུརྞ་བྷ་དྲ་སཱ་དྷ་ནཾ། བོད་སྐད་དུ། གང་བ་བཟང་པོའི་སྒྲུབ་ཐབས། ཨོཾ་ཧྲི་ཛཿ། དཔལ་རྡོ་རྗེ་འཆང་གི་མདུན་དུ་ཞག་བདུན་དུ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ཏེ། བདུན་པ་ལ་མཆོད་པ་ཆེན་པོ་བྱས་ཏེ་ཟན་དཀར་པོ་ལ་སོགས་པ་གོང་དུ་
བསྟན་པའི་ཆོ་ག་བྱས་ན་ནམ་ཕྱེད་ལ་འོང་བར་འགྱུར་རོ། །བྱུང་ནས་མེ་ཏོག་གི་མཆོད་ཡོན་དབུལ་ལོ། །དགྱེས་ནས་ཁོལ་པོ་གྱུར་ནས་རྒྱལ་ས་སྟེར་བ་དང་། འདོད་པ་ཐམས་ཅད་འགྲུབ་པ་དང་། ཚེ་ལོ་སྟོང་དུ་འཚོ་བ་དང་། སྒྲུབ་པ་པོའི་འདོད་པས་གཞན་གསོད་པ་དང་འཚོ་བར་བྱེད་པར་འགྱུར་རོ། །གང་
བ་བཟང་པོ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ། །དེ་ལྟ་བུས་འབྱུང་པོ་གཞན་ཡང་རབ་ཏུ་བསྒྲུབ་པར་བྱའོ། །ལག་པ་གཉིས་ཀྱི་སོར་མོ་རྣམས་ཕན་ཚུན་སྦྲེལ་ནས་གུང་མོ་གཉིས་རྩེ་སྤྲད་པར་བྱས་པ་ནི་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ཀྱི་གུང་མོ་རྩེ་མོ་སྤྲད་ལ་ཕྱིར་བསྐྱེད་ནས་

མཛུབ་མོ་གཉིས་བསྐུམ་པ་ནི་མི་ཕམ་པའི་ཕྱག་རྒྱའོ། །དེ་ཉིད་རང་ལ་མཛུབ་མོ་འཁྱིལ་པར་བྱས་ལ། མཐེ་ཆུང་གཉིས་ཕྱིར་བསྐྱེད་ལ་ཐ་དད་དུ་གཞག་པ་ནི་གང་བའི་ཕྱག་རྒྱའོ་ཞེས་སོ། །ས་མ་པ་ཐཱ།། ༄༅༅། །རྒྱ་གར་སྐད་དུ། བྷཱུ་ཏི་སུནྡ་རི་སཱ་དྷ་ནཾ། བོད་སྐད་དུ། འབྱུང་མོ་མཛེས་མའི་
སྒྲུབ་ཐབས། ཨོཾ་ཤྲཱི་མ་ཧཱ་བྷཱུ་ཏ་ཀུ་ལ་སུནྡ་རི་ཧཱུཾ། ཞེས་སོ། །ཆུ་གཉིས་ཕྲད་པ་ལ་ཙནྡན་གྱི་མཎྜལ་བྱས་ཏེ། མེ་ཏོག་གཏོར་ནས་གུ་གུལ་གྱི་དུད་པས་བདུགས་ཏེ་སྟོང་ཕྲག་བརྒྱད་བཟླས། ཡང་མཚན་མོ་སྟོང་ཕྲག་གཅིག་བཟླས་པས་ངེས་པར་འོང་བར་འགྱུར་རོ། །ནུབ་མོ་འདོད་ཡོན་བྱིན་པས་ཆུང་མར་
འགྱུར་བས་ཐོ་རངས་གསེར་སྲང་བརྒྱ་བྱིན་ནས་འགྲོ་བར་འགྱུར་རོ། །དེ་བཞིན་དུ་ཉི་མ་རེ་རེ་བྱས་པས་ཟླ་བ་གཅིག་རྫོགས་པའི་རྗེས་ལ་ཆོ་ག་ཇི་ལྟར་བཟླས་པས་རྟག་ཏུ་གནས་པར་འགྱུར་རོ། །འབྱུང་མོ་ཆེན་མོ་དཔལ་མཛེས་མ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཛི་ཡ་སུནྡ་རི་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྒྱལ་བའི་མཛེས་མའི་སྒྲུབ་ཐབས། ཨོཾ་ཤྲཱི་ཛི་ཡ་སུནྡ་རི་ཧཱུཾ། ཞེས་སོ། །ཆུ་ཀླུང་གཉིས་ཕྲད་པའི་སར་ཙནྡན་གྱི་མཎྜལ་བྱས་ཏེ། མཆོད་པ་དང་གཏོར་མ་དང་ཟན་དང་ཞོ་ཕུལ་ནས། ཞག་བདུན་དུ་ཉི་མ་རེ་ལ་
སྟོང་ཕྲག་བརྒྱད་བརྒྱད་བཟླས་པས། ཞག་བ