Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 48

Văn bản gốc(Tây Tạng)

Trang 5 / 14 (50.000 ký tự/trang)
ྒྱུར་འགྱུར་བས། །འགྲོ་བ་དམན་
འགྱུར་དེ་ལྟ་གཟུང་བའི་ཕྱིར། །སངས་རྒྱས་མཛད་པའི་མཚན་ཉིད་ཅི་འདྲ་དང་། །རྣལ་འབྱོར་ལམ་ཆེན་གང་གིས་འགྲུབ་འགྱུར་བ། །དེ་དག་མདོར་བསྡུས་ཅུང་ཟད་བཤད་པར་བྱ། །ཕྱོགས་བཅུ་དག་ན་སངས་རྒྱས་ཇི་སྙེད་ཅིག །འདས་དང་ད་ལྟར་མ་འོངས་འབྱུང་འགྱུར་བ། །དེ་དག་དཀའ་བ་སྣ་ཚོགས་ཅི་སྤྱོད་ཀྱང་། །མཉམ་ཉིད་སྙིང་རྗེ་ཐོབ་
པར་མ་གྱུར་བར། །བྱང་ཆུབ་མཆོག་ཐོབ་གང་ཡང་ཡོད་མ་ཡིན། །མཉམ་ཉིད་དེ་ཡང་ཆོས་ཀུན་སྐྱེ་མེད་ཅིང་། །འགག་པ་མེད་ཅིང་རྟག་པ་ཆད་པ་མེད། །དེ་བཞིན་འགྲོ་དང་འོང་བའི་བྱ་བ་དང་། །དེ་བཞིན་ཐ་དད་དོན་དང་དོན་གཅིག་སོགས། །འཁྲུལ་པའི་བློ་ལ་ཇི་ལྟར་སྣང་འགྱུར་ཞིང་། །མཚན་མ་མིང་གི་བརྗོད་འགྱུར་ཐམས་ཅད་ཀུན། །དེ་ལ་

དེ་ཡི་རང་བཞིན་དེ་མི་དམིགས། །རང་བཞིན་ཤེས་བྱ་གཞན་གྱིས་མ་བྱས་ཤིང་། །བརྟེན་པ་མེད་ཅིང་འགྱུར་བ་མེད་པ་སྟེ། །སྐྱེ་བའི་ཆོས་ལ་རང་བཞིན་དེ་ལྟ་བུ། །ཡོད་ན་སྐྱེ་བ་ཉིད་དུ་ག་ལ་འགྱུར། །དེས་ན་རྟག་པའི་ངོ་བོ་འགའ་ཡང་མེད། །དངོས་པོ་སྐྱེ་བ་ཙམ་དུ་སྣང་བ་ཡང་། །སྐད་ཅིག་གཅིག་གིས་སྐྱེ་བའང་མི་རྫོགས་ལ། །སྐད་ཅིག་
གཞན་དུ་སྐྱེ་བའང་ཞིག་པའི་ཕྱིར། །སྒྱུ་མ་ཙམ་དུ་སྐྱེ་བར་སྣང་བ་དེ། །བློ་ཡིས་བརྟག་ཏུ་རུང་བའི་རྟེན་མེད་དེ། །དེ་ཕྱིར་སྐྱེ་བའི་ཆོས་ཙམ་ཡོད་མ་ཡིན། །གང་ལ་སྐྱེ་བ་དངོས་པོར་མ་གྲུབ་པ། །དེ་ལ་འགག་པ་འགྲུབ་པར་ག་ལ་འགྱུར། །དེས་ན་ཆོས་རྣམས་འདི་དག་ཐམས་ཅད་ཀུན། །རྟག་དང་ཆད་པ་གྲུབ་པར་མི་འགྱུར་ཏེ། །སྐྱེ་བ་མེད་ན་
རྟག་པ་ཅི་ལས་བྱུང་། །འགག་པ་མེད་ན་ཆད་པ་དེ་བཞིན་ཏེ། །ཆོས་རྣམས་བློ་ཡིས་གཞིག་ཏུ་རུང་བའི་ཕྱིར། །དོན་གཅིག་པ་ཡང་འགྲུབ་པར་མི་འགྱུར་ལ། །གཅིག་ལ་ཡོངས་སུ་བརྟེན་པར་མ་གྱུར་པའི། །དུ་མ་དེ་ཡང་གང་གི་དབང་གིས་གཞག །གཅིག་དང་དུ་མ་གྲུབ་པར་མ་གྱུར་པའི། །ཆོས་ལ་འགྲོ་འོང་བྱ་བ་ག་ལ་ཡོད། །འགྲོ་འོང་
མེད་ན་ཐར་དང་མ་ཐར་ཞེས། །འཕགས་དང་སྐྱེ་བོར་བཞག་པ་མི་འགྲུབ་ལ། །ཀུན་ནས་ཉོན་མོངས་རྣམ་པར་བྱང་བ་ཞེས། །དེ་ཡི་ལམ་དུ་བཞག་པ་ག་ལ་འགྲུབ། །གལ་ཏེ་དོན་དམ་ཀུན་རྫོབ་གཉིས་དབང་གིས། །ཀུན་རྫོབ་དབང་ལ་ཁྱད་པར་ཡོད་ཅེ་ན། །ཀུན་རྫོབ་རྣམ་པར་གཞག་པའི་ཚད་གང་ཞིག །ཇི་ལྟར་སྣང་བའི་དེ་ཙམ་ཀུན་རྫོབ་
བམ། །འོན་ཏེ་མཚན་ཉིད་རྣམ་པར་གཞག་པ་དག །ཀུན་རྫོབ་ཅེས་བྱའི་ཚད་དུ་བརྟག་གྲང་ན། །སྣང་བ་ཙམ་ཉིད་ཀུན་རྫོབ་ཡིན་གྱུར་ན། །སེམས་ཅན་ཀུན་ལ་བདག་ལྟ་ཡོད་པའི་ཕྱིར། །བདག་ཅེས་བྱ་བ་ཀུན་རྫོབ་ཡིན་པར་འགྱུར། །དེ་ལྟར་གྱུར་ན་ཀུན་རྫོབ་བདེན་པ་ལ། །ལྟ་བ་མཐོ་དམན་བྱེ་བྲག་མེད་པར་འགྱུར། །གལ་ཏེ་སྣང་བའི་ཆོས་ཀྱི་
མཚན་ཉིད་ཞིག །ཀུན་རྫོབ་བདེན་པར་རྣམ་པར་གཞག་གྲང་ན། །མཚན་ཉིད་བློ་ཡིས་ཕྱེ་བ་ཡིན་པའི་ཕྱིར། །དེ་ལ་མཐའ་དང་ཚད་ཡོད་མ་ཡིན་ནོ། །དངོས་གཞི་ཚད་མེད་པ་ལ་ཆོས་གཞིག་པ། །བྱིས་པ་མཁའ་ལ་རྩོད་དང་དེ་འདྲ་མོད། །ཀུན་རྫོབ་ཙམ་དུ་ཀུན་རྫོབ་མི་རྙེད་ན། །ཡང་དག་དོན་དུ་ཀུན་རྫོབ་ག་ལ་རྙེད། །དེ་ལྟར་ཀུན་རྫོབ་རྙེད་པར་
མ་གྱུར་ན། །དོན་དམ་དེ་ཡང་རྙེད་པར་མི་འགྱུར་ཏེ། །ཕན་ཚུན་ལྟོས་ཏེ་རྣམ་པར་གཞག་པ་ཀུན། །གང་ཚེ་ལྟོས་གཞི་གྲུབ་པར་མ་གྱུར་པ། །དེ་ཚེ་དེ་ལ་ལྟོས་པ་མ་གྲུབ་ཟིན། །དེ་ཕྱིར་ཆོས་རྣམས་སྣ་ཚོགས་སྣང་བ་ཀུན། །རྣམ་པར་གཞག་ཏུ་རུང་བ་གང་མ་མཐོང་། །གང་མ་མཐོང་བས་གང་ལ་མི་ཞེན་ཅིང་། །མི་བསྒྲུབ་མི་དོར་བློ་

ཡི་རྩོལ་དང་བྲལ། །མཉམ་ཉིད་བྱང་ཆུབ་སེམས་ཞེས་དེ་ལ་བརྗོད། །འདི་མ་རྟོགས་པར་དུས་གསུམ་སངས་རྒྱས་རྣམས། །གང་ཞིག་འབྱུང་བ་སངས་རྒྱས་ཀྱིས་མ་གསུངས། །བསམ་པ་འདི་དང་ལྡན་ཞིང་འདིར་མོས་པས། །སྒོ་གསུམ་སྤྱོད་པའི་མཚན་ཉིད་ཉེས་མེད་དོ། །སེམས་ཅན་མང་པོ་ཡུན་དུ་
བདེར་འགྱུར་ཞིང་། །བསྒྲུབ་བྱ་རང་ལ་ཡུལ་དུ་ཕན་འདོགས་ན། །འཕྲལ་དུ་སྦྱོར་བ་རྩུབ་པར་སྣང་བ་ཡང་། །སངས་རྒྱས་མཛད་པར་སངས་རྒྱས་ཀྱིས་གསུང་སྟེ། །རྣལ་འབྱོར་ལམ་ཡང་དེ་ལས་གུད་ན་མེད། །དེ་ཕྱིར་རྒྱལ་བའི་ཐེག་པ་མཆོག་འདི་ནི། །ཤེས་རབ་སྙིང་རྗེ་ལྡན་པས་བསྒྲུབ་འགྱུར་ན། །སྦྱིན་སོགས་ལམ་གྱི་
ཆོས་ལ་མ་བརྟེན་པར། །འདི་ཉིད་དམ་ནི་ཕ་རོལ་དག་ཏུ་ཡང་། །བཀྲ་ཤིས་ཕུན་སུམ་ཚོགས་པ་ཐམས་ཅད་ཀུན། །རང་གི་ལྷ་མཉེས་བྱས་པ་ཙམ་གྱིས་འགྲུབ། །མྱ་ངན་འདས་མཆོག་ཕུན་སུམ་ཚོགས་འགྱུར་བའི། །ཆོས་ཀྱི་དབང་ཕྱུག་སངས་རྒྱས་བཅོམ་ལྡན་འདས། །ཐབས་འདི་ཉིད་ཀྱིས་མྱུར་དུ་འགྲུབ་འགྱུར་ན། །ཤེས་རབ་
ལྡན་པ་ཅི་ཕྱིར་འདིར་མི་རྟེན། །ཐེག་ཆེན་མཛད་སྤྱོད་རྨད་དུ་བྱུང་བ་ལས། །ནོར་བུ་རིན་ཆེན་རིན་ཐང་མེད་པ་བཞིན། །སེམས་ཅན་མང་པོའི་བསམ་པ་སྒྲུབ་བྱེད་ཅིང་། །ཚར་གཅད་ཕན་འདོགས་བྱ་བ་སྟོན་པ་ལ། །འགྲོ་བ་བློ་དམན་དངོས་ལྟ་ཅན་རྣམས་ཀྱིས། །སངས་རྒྱས་མཛད་དང་དེ་ཡི་ལམ་ཡིན་པར། །བློས་མ་མཐོང་བས་གོལ་ས་གཉིས་
སུ་འགྱུར། །ཁ་ཅིག་སྐུར་པས་ལྟུང་བའི་གནས་སུ་འགྱུར། །ཁ་ཅིག་མོས་ཀྱང་ལམ་དུ་མ་མཐོང་སྟེ། །འདི་ཆེད་ཙམ་གྱིས་ཆོ་ག་མཐོང་འགྱུར་བས། །མོས་པས་ཞུགས་ཀྱང་དོན་ཆེན་དག་ལ་རིང་། །དེ་བས་ཚུལ་བཞིན་འཛིན་པ་དག་གིས་ཀྱང་། །ཤེས་རབ་ཞེན་ཞིང་མོས་པ་ལྡན་པ་ལ། །གདམས་ངག་ཐབས་ཀྱིས་ལེགས་པར་ཟིན་པར་བྱ། །
གལ་ཏེ་གདམས་ངག་བྲལ་བའི་འགྲོ་བ་ཡིས། །གླེགས་བམ་མཐོང་བས་སྐུར་བར་མི་བྱ་སྟེ། །ལེགས་པར་བསམས་ཏེ་བརྟག་པ་རྣམ་གཉིས་བྱ། །གལ་ཏེ་དོན་ལྡན་སྐུར་བ་ཡིན་ཡང་སྲིད། །དེ་ལ་སྐུར་འགྱུར་ལྟུང་བ་ཐོབ་པར་ངེས། །གལ་ཏེ་དོན་ཆེན་ལྡན་པ་མ་ཡིན་ན། །བཏང་སྙོམས་བཞག་པས་སྡིག་པ་འཕེལ་མི་འགྱུར། །བློ་དང་
གདམས་ངག་གཉིས་ཀས་མ་ཟིན་ཡང་། །རྟག་པར་འདི་ལྟར་སྒྲོ་སྐུར་བྲལ་བར་གྱིས། །གང་ཞིག་འདི་འཛིན་འཆང་བ་འདོད་རྣམས་ཀྱིས། །དད་དང་བརྩོན་འགྲུས་ཤེས་རབ་གསུམ་ལྡན་ཞིང་། །སྔོན་ཆད་མན་ངག་བརྟན་པར་འཆང་བ་ཡི། །ངང་ཚུལ་ལྡན་ན་མན་ངག་གཞག་པའི་སྣོད། །མོས་པ་བརྟན་ན་ཤེས་རབ་མི་ལྡན་ཡང་། །བཀའ་བཞིན་

བྱེད་པ་མན་ངག་སྣོད་དུ་གཞག །འཇམ་དབྱངས་རྒྱུད་རྒྱལ་རྒྱ་མཚོ་ལྟ་བུ་ནི། །དངོས་གྲུབ་རིན་ཆེན་སྣ་ཚོགས་འབྱུང་ཁུངས་གནས། །རང་དང་རྒྱུད་ཙམ་འཚོ་བར་འགྱུར་བ་ཡི། །རིན་ཆེན་མཆོག་བསྡུས་སོར་བཞི་ཟ་མ་ཏོག །རྡོ་རྗེ་རབ་འབྱེད་ཚུལ་ལས་ཆེར་བསྡུས་ཏེ། །གང་དུ་རང་གནས་ལུས་ལ་འཆང་བ་ཙམ། །ཚུལ་འདི་སྒེག་པའི་རྡོ་རྗེས་
བསྡུས་པ་ཡིན། །འཕགས་པ་འཇམ་དཔལ་གྱི་རྟོགས་པ་ཐམས་ཅད་བསྡུས་པ་རྡོ་རྗེ་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཆོ་ག་ཞིབ་མོ་རིན་པོ་ཆེའི་རྒྱ་མཚོ་ལྟ་བུ་ལས་འདི་དང་། གཞན་དུ་མྱུར་དུ་སྤྱད་པར་བྱ་བའི་ཆོ་ག་རིན་པོ་ཆེ་མཆོག་བསྡུས་པ། སོར་བཞི་པའི་ཚད་ཀྱི་ཟ་མ་ཏོག་གང་ཙམ་ཞིག་བསྡུས་ཏེ། རང་གི་ལུས་ལ་
བཅངས་ནས་རང་དང་རང་ལ་བརྟེན་པ་རྣམས་ལ་ཕན་གདགས་པའི་ཐབས་སློབ་དཔོན་ཆེན་པོ་དཔལ་ལྡན་སྒེག་པའི་རྡོ་རྗེས་ཀུན་ནས་བསྡུས་པ་རྫོགས་སོ།། །།སྤྲིན་མེད་ཉི་མ་ཤར་བ་ལས། །ལམ་རྣམས་ཀུན་དུ་གསལ་འགྱུར་ཡང་། །འགྲོ་བ་མ་གོམས་པ་རྣམས་ཀྱིས། །བསྒྲིབས་པ་བཞིན་དུ་བགྲོད་མི་ཤེས། །དེ་
ལྟའི་སྒྲིབ་པ་བསལ་བའི་ཕྱིར། །ཕྱི་མ་འདི་ནི་བདག་གིས་བྱས། །མཐའ་དག་དོན་རྣམས་དཔྱད་པ་ནི། །མཁན་པོ་བཞེད་བཞིན་མ་ཤེས་ཕྱིར། །དེ་ནི་བདག་གིས་ནུས་མ་ཡིན། །རེ་ཞིག་འདི་ལ་འཇུག་པ་ཙམ། །ཕྲ་མོའི་ལམ་སྒོ་བསྟན་པར་བྱ། །དེ་ལ་རྟོགས་པ་འདིར་ལས་ཕྲ་མོའི་དངོས་གྲུབ་སྣ་ཚོགས་བསྒྲུབ་བ་དང་། དངོས་
གྲུབ་ཆེན་པོ་དང་བླ་ན་མེད་པའི་བྱང་ཆུབ་ཉིད་བསྒྲུབ་པར་བྱ་བའི་ཐབས་སུ་གྱུར་པ་ཆོ་ག་ཞིབ་མོ་བསྟན་པ་ལས། སྔགས་པས་འཇུག་པར་བྱ་བའི་གོ་རིམས་ཇི་ལྟར་འཇུག་པར་བྱ་བ་དང་། གོ་རིམས་ཀྱི་དོན་གྱི་མཚན་ཉིད་དག་ལེགས་པར་ཤེས་པས་འཇུག་ནུས་པར་འགྱུར་བའི་ཕྱིར་འདི་བསྟན་པར་བྱ་སྟེ། དེ་ལ་དང་
པོར་བྱ་བའི་ཆོ་ག་ནི་སྦྱོར་བ་ལ་འཇུག་པར་རྟོགས་པ་ལེགས་པར་བརྟགས་པའི་བླ་མ་ལས་རང་གི་ལྷ་དང་སྔགས་དག་མནོས་ནས་དེ་ནས་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་ཆོ་ག་དང་། ལས་བྱ་བའི་ཆོ་ག་དག་ལེགས་པར་བསླབ་པར་བྱའོ། །དེའི་འོག་ཏུ་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་ཆོ་ག་ལ་ཞུགས་ཏེ་འབད་པར་བྱའོ། །
དེའི་འོག་ཏུ་གྲུབ་པ་ཐོབ་པར་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་སྟེ། སངས་རྒྱས་ཀྱི་མཛད་པ་ཉེ་བར་བཟུང་ནས་ལས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་ཡང་སྒྲུབ་ཅིང་། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པས་བྱང་ཆུབ་ཆེན་པོ་བསྒྲུབ་པ་ཡང་གཏང་བར་མི་བྱའོ། །དེ་ལ་སྔོན་དུ་སྤྱད་པའི་ཆོ་ག་ལེགས་པར་སྤྱད་པའི་

རྣལ་འབྱོར་པས། ལྷ་བསྙེན་ཅིང་བསྒྲུབ་པའི་ཕྱིར་གནས་བདེ་ཞིང་དབེན་པར་སོང་ལ། དེར་ལྷ་མཆོད་པའི་གཞིར་གྱུར་པ་མཎྜལ་ལེགས་པར་བྱི་དོར་བྱས་ཏེ། དེར་ལུགས་མའམ་རི་མོ་ལ་སོགས་པ་མཆོད་པའི་རྟེན་གྱི་ཕྱིར་བཞུགས་པར་བྱ་བ་དང་། མེ་ཏོག་ལ་སོགས་པ་མཆོད་པའི་ཡོ་
བྱད་ཀྱི་ཕྱིར་བསགས་ཏེ། རིག་པས་བསྒྲུབ་པར་འོས་པ་ཐམས་ཅད་ཚོགས་པར་བྱས་ནས། འདིར་སྤྱད་པར་བྱ་བ་ནི་ལྷུར་བླངས་ཏེ་སྤྱད་པར་བྱ་བ་དང་། གྲོགས་ཀྱི་དགེ་བ་དང་ངོ་བོ་ཉིད་དང་ལྡན་པའི་སྤྱོད་ལམ་སྟེ། དེ་ལ་ལྷུར་བླང་བའི་བྱ་བ་ནི་བསྒོམ་པ་དང་། མཆོད་པར་བྱ་བ་དང་བཟླས་བརྗོད་དོ། །གྲོགས་ཀྱི་
དགེ་བ་ནི་དབུགས་འབྱིན་པའི་ཚེ་དམ་པའི་ཆོས་བཀླག་པ་དང་མཆོད་རྟེན་གདབ་པ་ལ་སོགས་པའོ། །སྤྱོད་ལམ་ནི་མི་རྣམས་ཀྱི་ཆོས་ལུགས་ཁྲུས་བྱེད་པ་དང་། ཁ་ཟས་ཟ་བ་ལ་སོགས་པའོ། །དེ་ལ་ལྷུར་ལེན་པའི་སྤྱོད་པ་དེ་དག་ཀྱང་སྦྱོར་བ་དང་གཞུག་པའི་བྱ་བ་དང་ལྡན་པ་སྟེ། དེ་ལ་སྦྱོར་བ་ནི་སྡོམ་པ་
གསོ་ཞིང་གཟུང་བ་ལ་སོགས་པའོ། །གཞུག་པ་ནི་བཟོད་པར་གསོལ་བ་དང་སླར་གཤེགས་སུ་གསོལ་བ་ལ་སོགས་པའོ། །དེའི་རིམ་པ་ནི་འདི་ཡིན་ཏེ་དང་པོ་ཉིད་ནི་ནང་པར་སྔར་ལངས་ཏེ། སེམས་ཅན་གྱི་དོན་བྱའོ་སྙམ་དུ་བསམ་པར་བྱའོ། །དེ་ནས་ཅུང་ཟད་ཅིག་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་
བསམས་ཏེ། ཉེས་པ་རྣམས་དགག་ཅིང་ལེགས་པ་རྣམས་བསྟན་པར་བྱའོ་སྙམ་དུ་དམ་བཅས་ནས་ལངས་ཏེ། ཁྲུས་ཕྲ་མོ་བྱས་ནས་བདུག་པ་བསྲེག་ཅིང་མེ་ཏོག་ཐོགས་ཏེ། སྐུ་གཟུགས་ལ་སོགས་པ་ལ་གཏོར་ནས། ཚིགས་སུ་བཅད་པ་འདི་དག་བརྗོད་ཅིང་དགེ་བའི་ཆོས་འདི་དག་རྒྱུད་ལ་བསྐྱེད་པར་
བྱའོ། །འཇམ་རྒྱལ་རྡོ་རྗེ་ལ་སོགས་པའི། །རྒྱལ་བ་སྲས་དང་བཅས་པ་ལ། །ལུས་དང་ངག་ཡིད་གུས་ལྡན་པས། །ཀུན་ནས་བཏུད་དེ་ཕྱག་འཚལ་ལོ། །སངས་རྒྱས་ཞིང་དུ་གང་བསྔགས་པ། །འཇིག་རྟེན་དག་ན་མཆོག་གྱུར་པའི། །རིན་ཆེན་མེ་ཏོག་བདུག་སྤོས་སོགས། །ཀུན་ནས་སྤྲུལ་ཏེ་མཆོད་པར་
བགྱི། །བདག་གིས་སྔོན་ཆད་བྱས་པའི་སྡིག །ཀུན་ནས་བསགས་པར་གྱུར་པ་རྣམས། །རང་བཞིན་མེད་དང་ཡོད་ཚུལ་གྱིས། །རྒྱལ་བ་རྣམས་ཀྱི་སྤྱན་སྔར་བཤགས། །མགོན་པོ་ཀུན་གྱི་བསོད་ནམས་དང་། །དམན་པའི་དགེ་བ་ཐམས་ཅད་ལ། །དེ་བཞིན་མཐུན་པར་ལྟ་སེམས་ཀྱིས། །དང་བས་རྗེས་སུ་

ཡི་རང་ངོ་། །བདེ་གཤེགས་བྱང་ཆུབ་མཆོག་བརྙེས་ནས། །འགྲོ་བ་ཐུགས་རྗེས་གདུལ་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ལ། །ཚངས་པ་བཞིན་དུ་གསོལ་བ་འདེབས། །མྱ་ངན་འདས་བཞེད་དེ་དག་ལ། །འགྲོ་ཀུན་ཡུན་དུ་བདེ་བའི་ཕྱིར། །ཇི་སྲིད་འཁོར་བ་དེ་སྲིད་དུ། །མྱ་ངན་མི་འདའ་བཞུགས་སུ་
གསོལ། །ཇི་སྲིད་འཁོར་བ་མ་ཟད་པར། །བདག་གི་དགེ་བའང་དེ་བཞིན་དུ། །ཀུན་ནས་ཟད་པར་མ་གྱུར་པར། །སེམས་ཅན་ཡོངས་སུ་སྨིན་པར་ཤོག །བདག་ཀྱང་དུས་འདི་ཕན་ཆད་ནས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །མགོན་པོའི་འབངས་སུ་འབུལ་ལགས་ཀྱིས། །ཐུགས་རྗེས་ཡོངས་སུ་གཟུང་བར་
མཛོད། །དུས་འདི་ནས་ནི་བཟུང་ནས་ནི། །མགོན་པོ་ཁྱོད་ཀྱི་བཀའ་བཞིན་དུ། །སེམས་ཅན་ཀུན་དོན་བསྒྲུབ་ལགས་ཀྱི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ཚིགས་སུ་བཅད་པ་འདི་དག་གིས་རང་གི་རྒྱུད་ལ་དགེ་བའི་ཆོས་བསྐྱེད་ནས། དེ་ཉིད་ཀྱི་ཚེ་རྡོ་རྗེ་དཀྱིལ་འཁོར་བསྒོམ་པ་ལ་འཇུག་པའམ།
ཡང་ན་དེ་ནས་ལངས་ཏེ་དམ་པའི་ཆོས་བཀླག་པ་དང་། ཁ་ཟས་བཟའ་བ་བྱས་ཏེ་ཕྱི་རོལ་གྱི་ས་ལ་སོགས་པ་ལེགས་པར་བྱས་ནས་ཁྲུས་ཆེན་པོ་ཡང་བྱས་ཏེ། དེ་ནས་རང་གི་སྟན་ལ་ལེགས་པར་འདུག་ནས་རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་ཆོ་ག་ནི་སྔོན་ཉིད་དུ་ལེགས་པར་བསྟན་པ་དེ་ཉིད་
འདིར་སྦྱར་བར་བྱའོ། །དེ་ལྟར་བསྒོམས་ཏེ་མཆོད་པའི་ལས་ལ་སྦྱར་བར་བྱའོ། །དེ་དག་གི་གསང་སྔགས་ནི་ལུང་སྔོན་དུ་བསྟན་ཀྱང་། དེ་དག་གི་ངོ་བོ་མ་བསྟན་པས་དེ་བདག་གིས་ཅུང་ཟད་སྦྱར་བར་བྱ་སྟེ། དེ་ལ་རྩ་བའི་གསང་སྔགས་ཀྱིས་སྤྱན་འདྲེན་པར་འདོད་ན་ནི། དེ་ཉིད་ཀྱི་རྗེས་སུ་ཛཿཧཱུཾ་བཾ་ཧོཿ ཞེས་
བྱ་བ་འདི་ཉིད་སྦྱར་བར་བྱའོ། །གདན་དབུལ་བ་ཡང་དེ་དག་གི་རྗེས་སུ་ས་མ་ཡ་སྟྭཾ། ཞེས་སྦྱར་རོ། །མེ་ཏོག་ལ་སོགས་པ་མཆོད་པ་རྣམས་ལ་ཡང་རྩ་བའི་སྔགས་ཀྱི་རྗེས་སུ་མ་ཧཱ་པཱུ་ཛ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་སྦྱར་རོ། །དེ་བཞིན་དུ་སླར་གཤེགས་སུ་གསོལ་བ་ནི་བི་ས་རཱ་ཛ་ཡ་སྭཱ་ཧཱ། ཞེས་བྱ་བ་སྦྱར་བའོ། །ཡང་
ན་སྔགས་སོ་སོ་ལ་སྦྱར་བར་འདོད་ན་སྤྱན་དྲང་བ་དང་། གདན་དབུལ་བ་དང་། ཨརྒྷ་དབུལ་བ་དང་། སླར་གཤེགས་སུ་གསོལ་བ་རྣམས་ལ་ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཅེས་བྱ་བ་འདི་ཉིད་སྦྱར་བར་བྱའོ། །གཞན་དབུལ་བ་ནི་རྩ་བའི་གསང་སྔགས་ཉིད་བསྐུལ་བ་མེད་པར་སྦྱར་བར་བྱའོ། །བགེགས་བསྐྲད་པ་དང་

གཏོར་མ་བསྔོ་བ་ལ་ནི་ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཅེས་བྱ་བ་སྦྱར་བར་བྱའོ། །འདི་དག་ནི་ཀུན་ནས་བསྡུས་པ་ལ་དགའ་བའི་ཆོ་ག་ཡིན་ཏེ། རྣམ་པར་སྤྲོས་པ་ལ་དགའ་བ་རྣམས་ལ་ནི། ལྷུང་ལྷུང་འདེགས་ཀྱི་ངག་གིས་མཛེས་པར་བྱས་པའི་ཚིགས་སུ་བཅད་པས་སྤྱན་དྲང་བ་དང་། མཆོད་པ་
ལ་སོགས་པ་བྱ་བ་རྣམས་བྱས་ཏེ། བསམ་པས་རྒྱུད་ལ་ཆོས་བསྐྱེད་ལ། སྔགས་དང་ཕྱག་རྒྱས་དེ་དག་གུས་པར་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་ལྷུང་ལྷུང་འདེགས་ཀྱི་ངག་ནི་ལྷའི་བུ་རྣམས་ཀྱི་ངག་ཡིན་ཏེ་ཧ་ཅང་མི་བུལ་ཧ་ཅང་མི་མྱུར། ལྷ་ཡིས་སྤྲུལ་པའི་ཆུ་ཡིས་ཁྲུས་གསོལ་བཞིན། །དེང་འདིར་ཕྱག་ཞབས་ཀུན་
ནས་བཅབས་པར་མཛོད། །ཅེས་བརྗོད་དོ། །རྣམ་པར་དག་པའི་གསང་སྔགས་ཅི་དགའ་བར་བརྗོད་པར་བྱ་སྟེ། དག་པར་བསམས་ནས་དང་པོར་མཆོད་ཡོན་དབུལ་བ་ལ་སྦྱར་བར་བྱ་བ་ནི། འཇིག་རྟེན་དག་ན་མཆོད་པ་ཇི་སྙེད་པའི། །སྔོན་དུ་བདུད་རྩི་ཟིལ་དངར་དམ་པ་འགྲོ། །དེ་ཕུལ་ནས་ནི་མཆོད་པ་ཐམས་ཅད་ཀྱང་། །ངེས་
པར་ཕྱག་རྒྱས་རབ་ཏུ་གདབ་པར་འགྱུར། །ཞེས་བརྗོད་དེ། མཆོད་ཡོན་གྱི་སྔགས་ལ་ཅི་དགའ་བར་སྦྱར་བར་བྱའོ། །དེ་ནས་འདོད་པའི་ཡོན་ཏན་གྱི་སྒོར་གྱུར་པ་མེ་ཏོག་ལ་སོགས་པ་ཉེ་བར་སོགས་ནས། འདོད་ལྡན་དང་པོར་མཐོང་བས་དགར་འགྱུར་བའི། །ཁ་དོགས་དབྱིབས་ལེགས་རྣམས་ལས་མེ་ཏོག་མཆོག །སྒྲ་སྙན་ཡིད་འོང་
རྣམ་པ་སྣ་ཚོགས་ཀྱང་། །ཀུན་ལས་ཁྱད་པར་འཕགས་པ་ཚངས་པའི་ངག །ཡིད་འོང་དྲི་ངད་ཀུན་ནས་ལྡང་བ་ཡང་། །ལྷ་རྫས་ཨུཏྤལ་ངད་དང་གང་མི་མཚུངས། །རོར་ལྡན་ཁ་ཟས་སྣ་ཚོགས་མཆོག་རྣམས་ལས། །ཚངས་པའི་ཟིལ་དངར་རོ་དང་གང་མི་མཉམ། །བདེ་ཞིང་སྤྱད་དུ་བཟོད་པའི་རེག་པ་ཀུན། །ལྷ་ཡི་བུ་མོའི་རེག་པ་ལྟ་བུ་
མེད། །དེ་ཕྱིར་འདོད་པའི་མཆོག་ཏུ་རབ་བསྔགས་པ། །གང་གིས་དེ་འདྲར་བྱིན་གྱིས་བརླབས་བྱས་ནས། །བསོད་ནམས་ཞིང་འགྱུར་བྱེད་ལ་དབུལ་བར་བགྱི། ཨོཾ་བཛྲ་པུཥྤམ་ཧཱ་པཱུ་ཛ་ས་མ་ཡེ་སྭཱ་ཧཱ། ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བའི་བདག་ཉིད། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ཉིད་དམ། ཡང་ན་འདི་དག་དང་
མཆོད་པ་རང་རང་གི་མིང་གི་གསང་སྔགས་དང་། བྱིན་གྱིས་རློབ་པ་དང་བཅས་པ་སྤེལ་བར་བྱ་སྟེ། འདི་ལྟར་ཨོཾ་ཨཱཿབཛྲ་པུཥྤ་མ་ཧཱ་པཱུ་ཛ་ས་མ་ཡེ་ཧཱུཾ་ཞེས་བྱ་བས་མེ་ཏོག་གི་མཆོད་པ་ལ་སྦྱར་བར་བྱའོ། །དེ་བཞིན་དུ་བཛྲ་དྷཱུ་པ། བཛྲ་དཱི་པ། བཛྲ་གནྡྷེ། བཛྲ་ནཻ་ཝི་དྱ་ཞེས་པས་སྔ་མ་བཞིན་དུ་སྤེལ་བས། བདུག་པ་དང་མར་མེ་དང་བྱུག་པ་དང་། བཤོས་གཙང་

རྣམས་ལ་སྦྱར་བར་བྱའོ། །དེ་དག་དང་མཆོད་པ་གཞན་རྣམས་ལ་ཡང་ཐུན་མོང་དུ་བྱིན་གྱིས་རློབ་པ་མཆོད་པའི་སྤྲིན་ཆེན་པོ་འབྱུང་བར་འགྱུར་བའི་རིག་པ་ཆེན་མོ་འདིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཨ་ནུཏྟ་ར་སརྦ་པཱུ་ཛ་མེ་གྷ་སྥ་ར་ཎ་མ་ཧཱ་ས་མ་ཡེ་སྭཱ་ཧཱ། ཞེས་བྱ་བ་འདི་ཐམས་ཅད་ལ་སྦྱར་བར་བྱའོ། །རྡོ་རྗེ་དྲིལ་བུ་ལ་སོགས་ཏེ་སིལ་
སྙན་གྱི་མཆོད་པ་ཐམས་ཅད་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གསང་སྔགས་སྒྲ་ཐམས་ཅད་ཟབ་མོའི་ཆོས་སུ་བྱིན་གྱིས་རློབ་པར་བྱེད་པའི་རིག་པ་ཆེན་མོ་འདིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་བཛྲ་གྷཎྜེ་ར་ཎི་པྲ་ར་ཎ་སཾ་པྲ་ར་ཎ་སརྦ་ཏ་ཐཱ་ག་ཏ་བུདྡྷ་ཀྵེ་ཊཾ་པྲ་ཙ་ལ་ཡེ་པྲཛྙཱ་པཱ་ར་མི་ཏཱ་སྭ་བྷཱ་བེ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་སྒྲ་ཐམས་ཅད་ལ་
སྦྱར་བར་བྱའོ། །དེ་ལྟར་མཆོད་པ་ཟིན་ནས་དེ་བཞིན་དུ་གཏོར་མ་བསྔོ་བ་ཡང་ཧྲཱིཿཥྚྲྀཿལ་སོགས་པའི་གསང་སྔགས་ཀྱིས་ཅི་དགའ་བར་བསྔོས་ཏེ། གསང་སྔགས་དེ་ཉིད་ཀྱི་སྔགས་ཀྱིས་ནོར་བུ་བླངས་ཏེ། རི་མོའམ་སྐུ་གཟུགས་ལ་མངོན་པར་ཕྱོགས་པར་འདུག་ནས་ཅུང་ཟད་སེམས་མཉམ་པར་བཞག་སྟེ། བཟླས་བརྗོད་ཀྱི་ཆོ་ག་སྔོན་
དུ་བསྟན་པ་ལྟ་བུ་ཅི་ནུས་ཞིག་བྱའོ། །དེ་ནས་གཏོང་བར་འདོད་པ་ན་ཡང་མཆོད་པར་བྱའོ། །མཆོད་པ་མི་ནུས་ན་མེ་ཏོག་མངོན་པར་གཏོར་བར་བྱའོ། །དེ་ནས་ཐལ་མོ་སྦྱར་བ་བཏུད་ནས་རི་མོ་ལ་མངོན་པར་ཕྱོགས་ཏེ། ཆོས་མཆོག་མི་གཡོ་བླ་མེད་རབ་བརྙེས་ཤིང་། །ཡོན་ཏན་རྒྱ་མཚོ་དཔག་མེད་ཚོགས་མངའ་ཡང་། །འགྲོ་བ་ཀུན་ལ་
ཐུགས་རྗེ་སྙོམས་མཛད་པ། འཇམ་མགོན་ཁྱོད་ཀྱི་ཞབས་ལ་རྟག་ཏུ་འདུད། །རྒྱལ་བ་མཉེས་ཕྱིར་བཟླས་བརྗོད་རིན་པོ་ཆེ། །དང་བས་སྤྱན་སྔར་རྟག་ཏུ་མཚོན་བགྱི་བ། །ལུས་ངག་དུབ་དང་བསམ་པ་གཡེང་བ་ཡིས། །ཅུང་ཟད་བདེ་བར་གནས་འཚལ་བཟོད་པ་བཞེས། །དང་བས་བསྐྱེད་པའི་བསོད་ནམས་ཕྲ་མོ་ཡང་། །འགའ་ཡང་
ཆུད་ཟོས་མི་འགྱུར་དོན་འགྱུར་ཕྱིར། །གསང་སྔགས་རིན་ཆེན་རྣམ་གྲངས་འདི་ཙམ་ཞིག །མགོན་པོ་མཆོག་ཉིད་ལ་ནི་གདམས་པར་བགྱི། །ནད་དང་སྡུག་བསྔལ་དགྲ་བགེགས་ལ་སོགས་ཏེ། །འཁོར་བ་རྒྱ་མཚོ་གནོད་པ་སྣ་ཚོགས་དག །འདི་དང་ཕ་རོལ་རྟག་ཏུ་གར་བྱུང་ཡང་། །གསང་སྔགས་རིན་ཆེན་འབྲས་བུ་དེར་མཆིས་མཛོད། །དེང་
འདིར་བདག་གི་དགོས་པ་བསྒྲུབ་ལེགས་ཀྱིས། །ཐུགས་རྗེ་མངའ་བདག་སྲས་དང་བཅས་པ་ཀུན། །བདེ་ལྡན་ཉིད་ཀྱི་གནས་སུ་གཤེགས་སུ་གསོལ། །སླར་ཡང་འགྲོ་བའི་དོན་དུ་གཤེགས་པར་མཛོད། །ཨོཾ་ཨཱཿཧཱུཾ་མུཿཞེས་བྱ་བའི་གསང་སྔགས་ཀྱང་བརྗོད་པར་བྱའོ། །ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་འཇམ་

པའི་རྡོ་རྗེ་ལ་རྒྱལ་བའི་དབང་པོར་བསྟོད་པ་དང་། བཟླས་པ་གཏང་བར་བཟོད་པར་གསོལ་བ་དང་། དོན་ཡོད་པར་བྱ་བའི་ཕྱིར་གསང་སྔགས་རྒྱལ་བ་ཉིད་ལ་གདམས་པ་དང་། དགོས་པའི་བྱ་བ་ལ་དུས་བཞིན་དུ་སྤྱད་པའི་མཐུ་ཡོད་པའི་ཕྱིར། དུས་སུ་ཐོབ་པར་གསོལ་བ་གདབ་པ་དང་། བདག་ཉིད་དབུགས་འབྱིན་ཅིང་གཡེང་
བ་ལ་ཞུགས་པའི་ཚེ་རང་གི་ལྷ་གནས་དང་དུས་མ་ཡིན་པར་བཞུགས་པར་རིགས་པ་མ་ཡིན་པས། སླར་གཤེགས་སུ་གསོལ་བར་བྱ་བ་རྣམས་རྫོགས་པར་བྱས་ནས། བདག་ཉིད་དང་། གྲོགས་དང་། གནས་དང་། ཡོ་བྱད་རྣམས་མན་ངག་ཏུ་བརྗོད་པ་བཞིན་དུ་བསྲུངས་ནས། དབུགས་འབྱུང་ཞིང་སྤྱོད་ལམ་དག་བྱའོ། །འདི་ལྟར་ཉིན་ཞག་
རེ་རེ་ལ་དུས་བཞིའམ་གསུམ་མམ། རེ་རེ་རྒྱུན་མ་ཆད་པར་ཇི་སྲིད་དུ་དམ་བཅས་པ། གྲངས་སམ་དུས་སམ། མཚན་མ་མ་ཐོབ་ཀྱི་བར་དུ་དེ་བཞིན་དུ་སྤྱོད་པ་ནི་བསྙེན་པའི་ཆོ་གའོ། །དེ་ནས་བརྟུལ་ཞུགས་དང་བཅས་ཀྱང་རུང་། བརྟུལ་ཞུགས་མེད་ཀྱང་རུང་སྟེ། མཚོན་ཆ་སྣ་ཚོགས་དང་། རྫས་སྣ་ཚོགས་ལས་དངོས་གྲུབ་སྒྲུབ་པའི་ཆོ་ག་སྟེ། འདི་
ལ་ནི་བསྙེན་པའམ་བརྩོན་འགྲུས་བསྐྱེད་པར་བྱ་བ་ལྷག་པར་སྤྱད་པར་བྱའོ། །དེ་དག་ཐམས་ཅད་ཀྱང་དངོས་གྲུབ་སྒྲུབ་པའི་སྤྱོད་པ་ཞེས་བྱའོ། །དེ་ནས་གྲུབ་པའི་སྤྱོད་པར་གསུངས་པ་ཞི་བ་ལ་སོགས་པ་ལས་སྣ་ཚོགས་ཀྱི་བྱ་བ་ལ་ནི། བསྒོམ་པ་དང་མཆོད་པ་དང་། བཟླས་བརྗོད་རྣམས་ནི་འདིར་ཡང་སྔ་མ་བཞིན་ཏེ། བྱེ་བྲག་ཏུ་ནི་ཏིང་ངེ་
འཛིན་བྱེ་བྲག་དང་། གསང་སྔགས་བསྐུལ་བ་དང་བཅས་པ་དང་། ཕྱི་རོལ་གྱི་སྦྱོར་བའི་བྱ་བ་རྣམས་ནི། ལས་ཀྱི་ཆོ་ག་ཞིབ་མོ་ཉིད་དུ་སྔོན་དུ་བསྟན་པ་བཞིན་དུ་སོ་སོ་རང་རང་གི་ལས་ལ་སྦྱར་བར་བྱའོ། །དེ་ལྟར་བྱ་བ་རྣམ་པ་གསུམ་གྱིས་བསྡུས་པ་འདི་ནི་སྔགས་འཆང་རྣམས་ཀྱི་སྤྱོད་པ་སྟེ། འདི་དག་ཁོ་ན་ཙམ་གྱིས་སྔགས་འཆང་
རྣམས་ཀྱི་དགོས་པ་གྲུབ་པར་བྱེད་དེ། དེ་ལ་སྔགས་མཆོག་ཏུ་གྱུར་པ་རྣམས་ནི། ཐབས་འདི་ཉིད་ཀྱིས་མཐོང་བའི་ཆོས་འདི་ཉིད་ལ་རིག་འཛིན་གྱི་དངོས་གྲུབ་ཐོབ་པར་བྱས་ཏེ། ལྷ་དང་མིའི་སྐལ་བ་བཟང་པོ་རྣམས་ལ་ཡང་ལོངས་སྤྱོད་ཅིང་། བྱ་བ་སྣ་ཚོགས་ལ་མཐུ་ཕུན་སུམ་ཚོགས་པ་ཐོབ་པ་ཉིད་ཀྱིས་སེམས་ཅན་རྣམས་ཀྱང་
ཡོངས་སུ་སྡུད། སངས་རྒྱས་ཀྱི་ཞིང་སྣ་ཚོགས་ན་བྱང་ཆུབ་སེམས་དཔའ་འམ་རྡོ་རྗེ་འཆང་རྣམས་བྱང་ཆུབ་ཀྱི་སྤྱོད་པ་མངོན་པར་བསྒྲུབས་པ་རྣམས་བལྟ་བའི་ཕྱིར་དང་། ཞིང་དེ་དག་ན་གནས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བལྟ་བའི་ཕྱིར་དང་། མཆོད་པའི་ཕྱིར་རྫུ་འཕྲུལ་རྣམ་པར་འཕྲུལ་པས་ཞིང་སྣ་ཚོགས་སུ་

ཞུགས་ཤིང་དེ་དག་དང་རྩེ་ཞིང་ལོངས་སྤྱོད་ནས་ཀྱང་། དངོས་གྲུབ་དེ་དག་ལས་ཉམས་པ་མེད་པར་ཏིང་ངེ་འཛིན་མཆོག་ལ་ཡང་སྙོམས་པར་འཇུག་ཅིང་། བླ་ན་མེད་པའི་བྱང་ཆུབ་ཀྱང་ཚེ་འདི་ཉིད་ལ་སྦྱོར་བར་བྱེད་པ་དག་ཀྱང་ཡོད་དོ། །ཁ་ཅིག་ནི་ཚེ་འདི་ཉིད་ལ་དངོས་གྲུབ་ཐོབ་པར་བྱས་ཏེ། དེ་ཚེ་བསྐལ་པ་གཅིག་གམ་དེ་ལས་ལྷག་
པར་ཡང་རུང་སྟེ། དེ་ཙམ་དུ་བསོད་ནམས་དང་ལྡན་པའི་ལྷ་དང་། ལྷ་མ་ཡིན་ལ་སོགས་པ་དམ་པ་རྣམས་ཀྱིས་བཀུར་ཞིང་། ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་དང་། རིག་སྔགས་འཆང་གི་བུ་མོ་ཁྱད་པར་དུ་འཕགས་པ་རྣམས་ལ་ཡང་ལོངས་སྤྱད་དེ། དེ་ནས་ཚེ་འཕོས་ནས་མ་འོངས་པའི་སངས་རྒྱས་ཀྱི་ཞིང་ཞིག་
ཏུ་འཁོར་འདུས་པ་དང་པོར་འགྱུར་བའི་སྐྱེ་བ་བླངས་ཏེ། དེར་རབ་ཏུ་ཕྱུང་ནས་ཆོས་ཀྱི་མིག་དག་པར་གྱུར་ཏེ་བྱང་ཆུབ་སེམས་དཔར་གྱུར་ནས། དེ་ནས་འོག་མིན་གྱི་གནས་ན་གནས་པ་རྣམས་དང་སྐལ་བ་མཉམ་པར་སྐྱེ་སྟེ། དེ་ནས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པ་དག་ཀྱང་ཡོད་དོ། །ཁ་ཅིག་ཚེ་འདི་
ཉིད་ལ་དངོས་གྲུབ་ཕྲ་མོ་ཐོབ་སྟེ། ལོ་བརྒྱའམ་སྟོང་ངམ་སྟོང་ཕྲག་དུ་མ་དག་ཏུ་འཚོ་ཞིང་རྫུ་འཕྲུལ་དང་མངོན་པར་ཤེས་པ་དག་དང་ཡང་ལྡན་ནས། མཐོང་བའི་ཆོས་ལ་བདེ་བར་འཚོ་ཞིང་ལོངས་སྤྱད་ནས། གཞན་དུ་སངས་རྒྱས་འབྱུང་བ་དང་ཕྲད་ཀྱང་རུང་མ་ཕྲད་ཀྱང་རུང་སྟེ། སྐལ་བ་བཟང་པོ་ལ་སྦྱར་ནས་
རིམ་གྱིས་བྱང་ཆུབ་ཐོབ་པར་བྱེད་པ་ཡོད་དོ། །དངོས་གྲུབ་ཐོབ་པ་དེ་དག་ཀྱང་ཁ་ཅིག་ནི་དངོས་གྲུབ་ཐོབ་པ་ལས་ཀྱང་མ་ཉམས་པར་སྐལ་བ་བཟང་པོའི་སྒོ་ནས་བར་ཆད་མེད་པར་བྱང་ཆུབ་ལ་སྦྱོར་བར་བྱེད་དོ། །ཁ་ཅིག་ནི་དངོས་གྲུབ་ཐོབ་ནས་འདོད་པའི་ཡོན་ཏན་གྱི་སྲེད་པ་ལ་ལོངས་སྤྱོད་པས་ཏེ། དངོས་གྲུབ་
ཐོབ་པ་ལས་ཉམས་ནས་བར་ཆད་མེད་པར་སྦྱོར་མི་ནུས་ཏེ། བར་ཆད་དང་བཅས་པས་བྱང་ཆུབ་སྒྲུབ་པར་བྱེད་པ་ཡང་ཡོད་དོ། །ཁ་ཅིག་ནི་སྐྱེ་བ་འདི་ལ་དངོས་གྲུབ་གྲུབ་པར་མ་གྱུར་པར་ཤི་འཕོས་ཏེ་བར་མ་དོའི་སྲིད་པར་མངོན་པར་གྲུབ་ནས་དེར་དངོས་གྲུབ་ཐོབ་པར་འགྱུར་བ་ཡང་ཡོད་དོ། །ཁ་ཅིག་ནི་སྐྱེ་བ་ཕྱི་
མ་ཡོངས་སུ་གྲུབ་ནས་སྐྱེས་མ་ཐག་གམ་ཅུང་ཟད་ཅིག་ན་དངོས་གྲུབ་ཐོབ་པར་འགྱུར་བ་ཡང་ཡོད་དོ། །ཁ་ཅིག་ནི་འདིའི་ལས་ཀྱི་མཚམས་སྦྱར་ནས། ཕྱི་མའི་སྲིད་པ་ལ་སྐལ་བ་དང་ལྡན་པའི་སྤྲུལ་པ་པོ་མངོན་པར་བརྩོན་པ་ཅན་དུ་གྱུར་ཏེ། དེར་དངོས་གྲུབ་ཅན་དུ་འགྱུར་བའམ། དེ་བཞིན་དུ་སྐྱེ་བ་གཉིས་

དང་གསུམ་པ་ལ་སོགས་པ་དུ་མས་དངོས་གྲུབ་ཅན་དུ་འགྱུར་བ་དག་ཀྱང་ཡོད་དོ། །གཞན་ཡང་སྒྲུབ་པ་པོ་རྩོལ་བ་མཐུ་ཆུང་བར་གྱུར་པས། སྐྱེ་བ་གཞན་དུ་རྐྱེན་སྣ་ཚོགས་ཀྱི་དབང་དུ་གྱུར་པ་དག་ཀྱང་ཡོད་ལ། གཞན་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་མ་གྱུར་པས་སྲེད་པའི་དབང་གིས་
སྔོན་དུ་སྐལ་བ་དམན་པ་ལ་སྦྱོར་བར་བྱེད་པ་དག་ཀྱང་ཡོད་དེ། དེ་ལྟར་དམན་ཞིང་མཉམ་པར་གྱུར་ཀྱང་ཐར་པའི་ས་བོན་མ་བཞག་པ་ཡང་མ་ཡིན་ནོ། །དེ་བས་ན་སྒོ་འདིར་ཞུགས་པ་རྣམས་ཀྱིས་ལམ་འབའ་ཞིག་ལ་བརྟེན་པར་བྱ་ཞིང་། བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་བསྐྱེད་པར་བྱའོ། །གང་ཞིག་མཐོང་བའི་ཆོས་ལ་བྱ་
བ་ཕྲ་མོ་བསྒྲུབ་པར་འདོད་པ་རྣམས་ཀྱི་གང་ཟག་གིས་ཀྱང་ཤེས་རབ་དང་སྙིང་རྗེའི་སྟོབས་བསྐྱེད་པར་བྱའོ། །དེའི་མཐུས་བྱ་བ་རྣམས་ཀྱང་འགྲུབ་པར་འགྱུར་ཞིང་ཡུན་དུ་བདེ་བ་ཡང་དེའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །གང་དག་དངོས་གྲུབ་གྲུབ་པར་གྱུར་པ་ལས་ཉམས་པར་གྱུར་ཅིང་རྐྱེན་གཞན་གྱི་དབང་
དུ་འགྱུར་ཏེ། ཐར་པའི་བར་ཆད་དུ་གྱུར་པའི་ཆོས་རྣམས་ཀྱང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་སྟོབས་ཆུང་བའི་དབང་ལས་གྱུར་པ་ཡིན་ཏེ། དེ་བས་ན་གཙོར་བསམས་པ་འདིས་འཕངས་ཏེ་སྤྱད་ན་བྱ་བ་ཐམས་ཅད་ཀྱང་ཡོངས་སུ་གཙང་བར་འགྱུར་རོ། །བདུད་ཐམས་ཅད་ཟིལ་གྱིས་གནོན་
པར་འགྱུར་རོ་ཞེས་རྒྱལ་བ་རྣམས་ཀྱིས་གསུངས་ཤིང་བླ་མས་ཀྱང་ལེགས་པར་གདམས་པའོ། །འགྲོ་བའི་མགོན་གྱུར་འཇམ་མཆོག་གང་ཡིན་དེས། །རིག་པའི་གནས་མཆོག་རྒྱ་ཆེར་བསྟན་པ་ལས། །གསང་བའི་མཚན་ལྡན་སྒེག་པ་ཞེས་བྱ་བ། །འགྲོ་བ་སྒྲོལ་འགྱུར་བྱ་བ་གང་ཡིན་
དེས། །ཐབས་མཆོག་ཆོ་ག་ཞིབ་མོ་ལེགས་བསྟན་མཛད། །ལམ་དེར་འཇུག་པའི་དཀའ་ཚིགས་ཕྲ་མོ་ཙམ། །རིགས་པ་བཟང་པོས་དམན་ལ་ཕན་ཕྱིར་བྱས། །འཕགས་པ་འཇམ་དཔལ་གྱི་རྟོག་པ་ཐམས་ཅད་བསྡུས་པར་གྱུར་པ། རྡོ་རྗེ་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཆོ་ག་ཞིབ་མོ་ལས། སློབ་
དཔོན་དཔལ་ལྡན་སྒེག་པའི་རྡོ་རྗེས། ལས་དང་དངོས་གྲུབ་ཀྱི་ཆོ་ག་ཞིབ་མོ་སློབ་དཔོན་རིགས་པ་བཟང་པོས་དེ་ལ་ཕན་པའི་ལེའུ་གཅིག་མཛད་པ་དང་བཅས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་ཨུ་པཱ་ཡ་ཤྲཱི་མི་ཏྲ་དང་། རོང་ཟོམ་ཆོས་ཀྱི་བཟང་པོས་བསྒྱུར་ཏེ་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་མུ་ཁ་ཥཊ་ཙཀྲ་སཱདྷ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོ་གདོང་དྲུག་པའི་འཁོར་ལོའི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །བླ་མ་བཅོམ་ལྡན་མི་བསྐྱོད་ལ། །གུས་པ་ཡིས་ནི་བཏུད་
བྱས་ཏེ། །ཐར་པ་ཐོབ་པར་བྱ་བའི་ཕྱིར། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །དེ་ལ་དང་པོར་སྒྲུབ་པ་ནི། །བྱང་ཆུབ་སེམས་ལ་གཞོལ་བ་དང་། །གཏོང་ཞིང་ཐོས་པའི་ཁེངས་པ་མེད། །ལེ་ལོ་མེད་ཅིང་ཁྲོ་བ་མེད། །སེར་སྣ་མེད་ཅིང་གཡོ་ཡང་མེད། །སྒྱུ་སྤངས་ཤེས་རབ་གསལ་བ་དང་། །གཅིག་ཏུ་
ཐེག་པ་ཆེན་གཞོལ་བས། །ཆུ་འགྲམ་ཆེན་པོ་བས་མཐའ་དང་། །དུར་ཁྲོད་ཤིང་དྲུང་དགོན་པ་དང་། །དགོན་པའི་ཡུལ་དང་མ་མོའི་ཁྱིམ། །དེར་ནི་མགོན་པོའི་འདི་འབད་ལ། །གཞན་དུ་བསྒྲུབས་ཀྱང་འདི་མི་འགྲུབ། །བདེ་སྟན་ལ་འདུག་རང་སྙིང་གར། །ཨ་ལས་ཉི་མ་དེ་སྟེང་ཧཱུྃ། །དེ་སྟེང་འོད་འཕྲོས་བླ་མ་དང་། །
རྫོགས་པའི་སངས་རྒྱས་བཀུག་བྱ་སྟེ། །ཕྱག་འཚལ་བ་དང་མཆོད་པ་དང་། །བཤགས་དང་བསྔོ་བའི་བར་དུ་བྱ། །བྱམས་དང་སྙིང་རྗེ་དགའ་བཏང་སྙོམས། །ཚད་མེད་པ་ཡི་རིམ་པ་ཡིས། །སེམས་ཅན་རྣམས་ལ་ཕན་བཏགས་ཏེ། །བརྟན་དང་གཡོ་བའི་དངོས་པོ་རྣམས། །ཡོད་མིན་མེད་མིན་གཉིས་
ཀ་མིན། །གཉིས་ཀ་མེད་མིན་པ་ཡང་མིན། །སྤྲོས་བྲལ་ངོ་བོ་མེད་པ་བསྒོམ། །ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རང་ཉིད་དེ་ལྟར་གནས་པ་ཡིས། །རཾ་ལས་ཉི་མ་བསྒོམ་བྱ་སྟེ། །དེ་སྟེང་ཧཱུཾ་ལས་རྡོ་རྗེ་ནི། །ཀུན་དུ་རྩེ་ལྔའི་རང་བཞིན་ཏེ། །དེ་དབུས་ཧཱུཾ་ལས་རྡོ་རྗེ་ནི། །ཀུན་དུ་འཕྲོས་པས་བགེགས་བསྐྲད་དེ། །
ར་བ་གུར་དང་ས་གཞི་དག །དེ་ཡི་འོག་ཏུ་ངེས་པར་བསྒོམ། །སཾ་དང་རྡོ་རྗེ་རིམ་པ་ཡིས། །གྲུ་གསུམ་གྱེན་བསྒྲེང་དཀར་པོ་ནི། །ཤིན་དུ་གསལ་བར་བདག་གིས་དམིགས། །ལཾ་ལས་ས་ཡི་དཀྱིལ་འཁོར་ནི། །ལྗང་སེར་གྲུ་བཞི་བསམ་པར་བྱ། །བཾ་ལས་བྱུང་བ་ཆུ་ཡིན་ཏེ། །དཀར་པོ་ཟླུམ་པོ་བསམ་
པར་བྱ། །རཾ་ལས་བྱུང་བ་མེའི་དཀྱིལ་འཁོར། །གྲུ་གསུམ་དམར་པོ་བསམ་པར་བྱ། །ཡཾ་ལས་བྱུང་བའི་རླུང་དཀྱིལ་འཁོར། །སྔོན་པོ་གཞུ་ཡི་དབྱིབས་ཅན་ལ། །བ་དན་ལྡན་པར་ངེས་པར་བསམ། །བྷྲཱུཾ་བྱུང་འཁོར་ལོ་རྩིབས་བཅུ་གཉིས། །ལྟེ་བར་བྷྲཱུཾ་ལས་གཞལ་ཡས་ཁང་། །སྒོ་བཞི་རྟ་བབས་མུ་ཁྱུད་དང་། །

དྲ་བ་དྲ་ཕྱེད་ཀྱིས་སྤྲས་པ། །ཕོ་བྲང་འཁོར་ལོ་རྩིབས་བརྒྱད་པ། །རྡོ་རྗེ་ཕྲེང་བས་རབ་ཏུ་བསྐོར། །རྩིག་པ་ལྔ་དང་ཡང་དག་ལྡན། །པདྨ་ཉི་མའི་གདན་ལྡན་བསྒོམ། །ལྟེ་བའི་གདན་སྟེང་བསམ་བྱ་བ། །ཀ་སོགས་སྤངས་བའི་ཨཱ་ལི་ནི། །བཅུ་དྲུག་ཡི་གེ་ཕྲག་གཉིས་ཏེ། །འཁོར་ལོ་
སོགས་པའི་ས་བོན་ཡིན། །ཟླ་བ་དེ་དག་སུམ་ཅུ་གཉིས། །ཨ་སོགས་སྤངས་པའི་ཀཱ་ལི་སྟེ། །བཅུ་བདུན་གཉིས་པོ་དེ་སྟེང་དུ། །ཡ་སོགས་སྤངས་པ་མིན་པ་ཉིད། །གསུམ་པའི་གསུམ་དང་བཞི་པ་ཉིད། །བཅུ་ཕྲག་བཞི་སྟེ་དེ་ཕྲག་གཉིས། །སེན་མོ་ཟངས་སོགས་ས་བོན་ཏེ། །ཉི་མར་རྣམས་གྲགས་
དེ་དབུས་གསུམ། །ཧཱུཾ་དང་ཡ་ཡི་རང་བཞིན་ལས། །རྡོ་རྗེ་ཐོ་སོགས་སོ་སོར་རྟོག །ཐིམ་པས་ནན་ཏན་ཡེ་ཤེས་ཏེ། །ཆོས་ཀྱི་དབྱིངས་ཉིད་དག་པ་སྟེ། །གཤིན་དགྲར་བདག་ཉིད་འདོད་པ་ཡིན། །རྒྱན་གྱི་བྱེ་བྲག་ལུས་ལ་གནས། །ཧྲཱིཿཞེས་བརྗོད་པས་བཅོམ་ལྡན་འདས། །རྩིབས་བརྒྱད་དབུས་ཀྱི་ལྟེ་
བ་ལ། །བདག་ཉིད་ཕྱག་དང་ཞལ་རྣམས་ནི། །དྲུག་དྲུག་ལྡན་པར་གྱུར་པར་བསྒོམ། །ཞབས་ཀྱང་དེ་དག་འདྲ་བ་སྟེ། །གཡས་ཀྱི་དང་པོའི་ཕྱག་ན་ནི། །རྡོ་རྗེ་ཐོ་བ་གཡས་པ་གཉིས། །རལ་གྲི་དེ་བཞིན་གཡོན་གཉིས་ཀྱང་། །དང་པོར་ཞགས་པ་སྡིགས་མཛུབ་ལྡན། །གཉིས་པར་གཏུན་ཤིང་ལེགས་པར་
འཛིན། །རྡོ་རྗེ་དྲིལ་བུ་ཐ་མས་བསྣམས། །སྟེང་ཞལ་ནག་པོ་རབ་ཏུ་འཇིགས། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་སྟེ། །བརྐྱང་བསྐུམ་གར་གྱིས་ཞབས་བཞིར་གནས། །སྟག་ལྤགས་ཀྱིས་ནི་སྨད་དཀྲིས་ཤིང་། །སིཾ་ཧས་སེ་རལ་རལ་པ་ནི། །གྱེན་བསྒྲེང་བསྡུས་ཏེ་སྤྱི་བོར་ཡང་། །ཐོད་པའི་ཕྲེང་བས་རྣམ་པར་
བཅིངས། །འོད་དང་ཁྲོ་བོ་འཆོལ་བ་སྟེ། །ལག་ཆ་སྣ་ཚོགས་མཚན་དང་ལྡན། །ཞལ་བཞད་ཧྲཱིཿཥྚྲྀཿའི་སྒྲ་སྒྲོགས་ཤིང་། །རོ་ལངས་མ་ལ་རབ་ཏུ་འཁྱུད། །མ་ཧེ་གཤིན་རྗེ་ཁྱོ་ཤུག་མནན། །ལག་ངར་གཉིས་ནི་བསྣོལ་བྱས་ལ། །མཛུབ་གཉིས་ལྕགས་ཀྱུའི་ཚུལ་བྱས་ཏེ། །སེ་གོལ་བརྡབ་ཅིང་བསྡུ་
བར་བྱ། །ཨོཾ་བཛྲ་ས་མཱ་ཛཿཛཿམཆོད་ཡོན་ཞབས་བསིལ་དབུལ་བར་བྱ། །ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པྲ་བ་ར་སཏྐཱ་ར་པྲ་ཏཱིཙྪ་སྭཱ་ཧཱ། ལྕགས་ཀྱུ་ལ་སོགས་རྣམ་བཞི་ཡིས། །ངེས་པར་དགུག་པ་ལ་སོགས་བྱ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེེ་ཤ་ཧོཿ། ལྕགས་

ཀྱུ་ཁ་དོག་དཀར་པོ་ལ། །ཕྱག་གཡོན་དཀུར་བརྟེན་གཡས་བརྐྱང་བཞུགས། །གཡས་ཀྱིས་ལྕགས་ཀྱུ་བསྣམས་པའོ། །ཞགས་པ་ཁ་དོག་སྔོན་པོ་ལ། །ཕྱག་གཡོན་དཀུར་བརྟེན་གཡས་ཞགས་པ། །གཡོན་བརྐྱང་སྟབས་སུ་གནས་པའོ། །ལྕགས་སྒྲོག་ཁ་དོག་དམར་པོ་ལ། །ཕྱག་གཉིས་ཀྱིས་ནི་
ལྕགས་སྒྲོག་བསྣམས། །ས་གའི་སྟབས་སུ་བཞུགས་པའོ། །དྲིལ་བུ་ཁ་དོག་ལྗང་གུ་ལ། །ཕྱག་གཡོན་དཀུར་བརྟེན་གཡས་དྲིལ་བུ། །ཟླུམ་པོའི་འདུག་སྟངས་ཀྱིས་ནི་བཞུགས། །ཁྲོ་བོ་སྒེག་པའི་ཆ་ལུགས་འཛིན། །རྒྱན་ཀུན་གྱིས་ནི་རབ་ཏུ་བརྒྱན། །ཤར་སྒོ་ལ་སོགས་རིམ་བཞིན་གནས། །ལྕེ་
སྟེང་ཧཱུཾ་ལས་རྡོ་རྗེ་ནི། །གནོད་མཛེས་ནག་པོ་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །ཕྱག་རྒྱས་དབང་བསྐུར་རིགས་ལྔས་བརྒྱན། །རྡོ་རྗེ་བཅིངས་ནས་གུང་མོ་བསྒྲེང་། །མྱུ་གུ་ལྟར་བྱས་སེམས་མའི་རྒྱ། །སྤྱི་བོར་གཞག་པ་སྔགས་བརྗོད་པས། །སྤྱི་བོར་རྡོ་རྗེ་སེམས་དཔས་མཚན། །
མཐེ་བོང་སེམས་དཔའི་དཀྱིལ་མོ་ཀྲུང་། །མཛུབ་མོ་གུང་མོ་རྩེ་སྦྱར་ཏེ། །མཛུབ་མོའི་གུང་མོའི་ཚིགས་གཉིས་ལ། །ཡིད་ཙམ་བཅག་ལ་ལྷག་པར་སྦྱར། །རྣམ་པར་སྣང་མཛད་ཕྱག་རྒྱ་སྟེ། །དཔྲལ་གཞག་རྣམ་སྣང་གིས་ནི་མཚན། །གུང་མོ་རིན་ཆེན་གཟུགས་ལྟར་བྱ། །རིན་ཆེན་རིགས་ཀྱི་
ཕྱག་རྒྱ་སྟེ། །རྣ་གཡས་སྟེང་གཞག་རིན་ཆེན་མཚན། །སོར་མོ་པདྨའི་མྱུ་གུ་ལྟར། །བྱས་ལ་གུང་གཉིས་རྩེ་སྤྲད་དེ། །ཡིད་ཙམ་ཐུར་དུ་གཞག་བྱས་ལ། །ཆོས་ཀྱི་རྡོ་རྗེ་མ་ཡི་རྒྱ། །ལྟག་པར་བཞག་པས་སྣང་མཐའ་བྱས། །རྡོ་རྗེ་ཐལ་མོ་སྦྱར་བ་ལས། །མཐེ་བོང་གཉིས་ནི་མཉམ་པོར་སྦྱར། །གུང་
མོའི་ཚིགས་ནི་གསུམ་པ་ཡི། །རྒྱབ་ཏུ་མཛུབ་མོའི་རྩེ་བཞག་ལ། །ལས་ཀྱི་རྡོ་རྗེ་མ་ཡི་རྒྱ། །རྣ་གཡོན་སྟེང་གཞག་དོན་ཡོད་གྲུབ། །ཨོཾ་ཛི་ན་ཛིཀ །ཨོཾ་རཏྣ་དྷྲྀཀ།།ཨོཾ་ཨཱ་རོ་ལྀཀ །ཨོཾ་པྲཛྙཱ་དྷྲྀཀ །ཤར་རྩིབས་ལ་སོགས་རྣམས་བཞི་ལ། །གཏི་མུག་སོགས་ཏེ་བཞི་པོ་ཡང་། །དཀར་དང་སེར་དང་
དམར་བ་དང་། །དེ་བཞིན་བཞི་བ་ལྗང་གུ་སྟེ། །གཡས་ཀྱི་འཁོར་ལོ་རིན་ཆེན་འབར། །པདྨ་སྣ་ཚོགས་རྡོ་རྗེ་སྟེ། །གཡོན་གྱིས་དྲིལ་བུ་ལེགས་པར་འཛིན། །མིག་སོགས་བྱིན་གྱིས་བརླབས་བྱས་ལ། །གཏི་མུག་རྡོ་རྗེ་སོགས་ཀྱིས་བསྲུང་། །དབང་སྦུབ་སྟོང་པ་ཉིད་བྱ་སྟེ། །སྙིང་པོའམ་མིང་གི་ཡི་གེ་ཡིས། །

རིགས་ཀྱི་ཕྱག་རྒྱ་ལྡན་པ་ཡི། །སྐུ་རྣམས་ངེས་པར་བསྐྱེད་པས་སོ། །ལྐོག་མ་དཔྲལ་བ་སྙིང་ག་རུ། །སྐུ་གསུང་ཐུགས་སུ་བསྐྱེད་པ་ལས། །སྐུ་གསུང་ཐུགས་ཀྱི་ལྷ་རྣམས་དག །རང་ལུས་བཅུག་སྟེ་གནས་པ་ལས། །སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི། །ཨོཾ་སརྦ་ཏ་ཐཱ་གཱ་ཏ་ཀཱ་
ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྙིང་གར་རང་འདྲའི་ཡེ་ཤེས་སེམས། །དེ་ཡི་ཐུགས་ཀར་རྡོ་རྗེ་ལ། །ཧཱུཾ་གིས་མཚན་པའི་ཡི་གེས་བསྐོར། །ལག་གཉིས་ཐལ་མོ་ངེས་སྦྱར་ཏེ། །གུང་མོའི་རྩེ་མོའི་
ཚིགས་གཉིས་ལ། །མཐེ་བོང་ངེས་པར་སྦྱར་བར་བྱ། །མཛུབ་མོ་རྒྱབ་རྩེར་སྦྱར་བ་ནི། །འདི་ནི་དམ་ཚིག་ཕྱག་རྒྱ་སྟེ། །སྙིང་ག་དཔྲལ་བ་ལྐོག་མ་དང་། །དཔྲལ་བ་བྱིན་གྱིས་བརླབ་པར་བྱ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ནན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨ་དྷི་ཏིཥྛ་སྭ་མཱཾ། ལོ་ཙ་ན་ཧཱུཾ། མཱ་མ་ཀཱི་ཏྲཾ། པཎྜ་ར་ཧྲཱི། ཏཱ་ར་ཨ།
མཚམས་སུ་ལཾ་སོགས་ལས་སྐྱེས་པ། །ལྷ་མོ་བཞི་པོ་ངེས་པར་བསམ། །བདག་པོ་འདྲ་སྟེ་སྒེག་ཉམས་འཛིན། །མེ་མཚམས་སྒེག་མོ་དཀར་མོ་ནི། །སེམས་དཔའི་སྐྱིལ་ཀྲུང་བརྐྱང་བས་བཞུགས། །རྡོ་རྗེ་ཁུ་ཚུར་གཉིས་དཀུར་བརྟེན། །གཡོན་དུ་ཡུད་ཙམ་འདུད་པའོ། །བདེན་བྲལ་མཚམས་
སུ་ཁ་དོག་སེར། །ཡོན་ཏན་བརྒྱུས་མ་ཕྱག་ན་བསྣམས། །རླུང་གི་ཕྱོགས་སུ་མདོག་དཀར་མོ། །གླུ་ལེན་པི་ཝང་སྒྲེང་བར་བྱེད། །དབང་ལྡན་མཚམས་སུ་ཁ་དོག་ལྗང་། །ཕྱག་གཉིས་ཕྱོགས་སུ་གར་བསྒྱུར་བ། །གྲྭ་རུ་བརྩེགས་མ་དྷཱུཔྤེ་ནི། །གཡོན་དུ་ཡུད་ཙམ་འདུད་པ་ལ། །པུཥྤེ་གར་བྱེད་ཁ་དོག་
ལྗང་། །དཱི་པེ་ཁ་དོག་དམར་མོ་ལ། །ལག་གཉིས་གྱེན་བསྒྲེང་མར་མེ་དབུལ། །གནྡྷེ་ཁ་དོག་ལྗང་གུ་ལ། །ལག་གཉིས་དྲི་ནི་བྱུག་པར་བྱེད། །ཕྱག་རྒྱ་སྔགས་རྣམས་བརྗོད་པས་སོ། །ཁུ་ཚུར་དཀུ་གཉིས་གཞག་པ་དང་། །དེ་བཞིན་དཔྲལ་བར་མྱུག་པ་དང་། །ཁ་ནས་འབྱུང་དང་གར་བྱེད་བསྐྱེད། །
བདུག་སྤོས་མྱུག་དང་མེ་ཏོག་འཐོར། །མཐེ་བོང་བརྐྱང་སྟེ་རང་ལུས་ལའམ། །གཞན་ལ་མྱུག་ཚུལ་གནས་པ་ནི། །བརྒྱད་པོ་མཆོད་པའི་ལྷ་མོ་དག །བསྐྱེད་དང་ལེགས་གནས་ཕྱག་རྒྱ་ཡིན། །ལཱ་སྱ་མ་ལེ་གཱིརྟི་ནིརྟི། ཨོཾ་བཛྲ་དྷཱུ་པྤེ། ཨོཾ་བཛྲ་པུཥྤེ། ཨོཾ་བཛྲ་ཨཱ་ལོ་ཀེ །ཨོཾ་བཛྲ་གནྡྷཻ། བསྟོད་

པ་རྣམས་ཀྱིས་ཡོངས་སུ་བསྟོད། །བདུད་རྩི་ཇི་བཞིན་བྱིན་བརླབས་ལ། །ལྕེ་རླབས་དབུས་ཀྱིས་མྱང་བར་བྱ། །རང་རང་སྔགས་རྣམས་བརྗོད་པས་སོ། །བདུག་པ་འཇིགས་པའི་ཡི་གེ་ནི། །བཅུ་བཞི་པ་ལ་དམིགས་པ་ལས། །འཁོར་བར་དམིགས་པར་བྱ་བ་ལའང་། །ཉི་མའི་དཀྱིལ་ན་དམིགས་པ་
ལྟར། །དམིགས་ཏེ་མ་ཡེངས་འཇིགས་པ་མེད། །བཟླས་པ་ཉིད་ལ་དེ་ལྟར་བྱ། །བྱེ་བ་ཚང་བར་བཟླས་པ་ཡིས། །རབ་འབྱམས་ལས་ལ་མི་འགྲུབ་པ། །མེད་དེ་ཐམས་ཅད་དེ་ཡིས་འགྲུབ། །འབུམ་དང་ས་ཡ་བཟླས་པས་ཀྱང་། །ཕྲ་མོའི་ལས་རྣམས་འགྲུབ་པར་བྱེད། །གཞན་དུ་མི་འགྲོ་
སེམས་ཀྱིས་ནི། །དེ་ལྟའི་ཚུལ་དུ་བཟླས་པ་བྱ། །ཡུལ་གཞན་བློ་ནི་འགྲོ་བ་ཡིས། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འབྱུང་པོ་རྣམས་དང་བཅུ་བཞི་པ། །སྤེལ་བས་གཏོར་མ་སྦྱིན་པར་བྱ། །ཧི་ཧི་ཧི་ཧཱུཾ། ཕེཾ་ཕེཾ་ཕེཾ་སྭཱ་ཧཱ། འགྲོ་བའི་དོན་ལ་
འགྲོ་བསམས་ཏེ། །མཆོད་བསྟོད་བདུད་རྩི་མྱང་བ་བྱ། །དེ་ཉིད་གསུམ་མཐར་མུཿལྡན་པས། །རང་བཞིན་གཤེགས་ཤིང་བསྐྱེད་པ་བསྡུ། །བཟོད་པར་གསོལ་དང་གསོལ་བ་གདབ། །བསྔོ་དང་སྨོན་ལམ་གདབ་པར་བྱ། །གཞན་ཡང་བསྒོམ་པར་བྱ་བ་ཉིད། །གང་གང་དབང་པོའི་ལམ་
འགྲོ་བ། །དེ་ཡི་ངོ་བོར་བདག་གིས་བལྟ། །བསམ་གཏན་མི་བྱེད་དེ་བློ་ཡི། །ཀུན་དུ་བློ་ཡིས་བསྒོམ་པར་བྱ། །ལྡང་དང་ཉལ་དང་ཕྱི་ཁྲུས་དང་། །བཟའ་བ་དག་ལ་བརྩོན་པར་བྱ། །བཅས་དང་བྲལ་བ་མེད་མོད་ཀྱང་། །བདག་དང་བློ་དམན་དོན་དུ་བསྡུས། །འདི་ཡི་དགེ་བས་འགྲོ་བ་རྣམས། །
བཅིངས་པ་རྣམས་ལས་གྲོལ་བར་ཤོག །དཔལ་གཤིན་རྗེ་གཤེད་ནག་པོ་གདོང་དྲུག་པའི་འཁོར་ལོའི་སྒྲུབ་ཐབས་མདོར་བསྡུས་པ། སློབ་དཔོན་དེ་བ་ཨཱ་ཀ་ར་ཙནྡྲས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་བ་ཨཱ་ཀ་ར་ཙནྡྲ་དེ་ཉིད་དང་། ཅོག་རོ་བནྡེ་ཤེས་རབ་བླ་མས་
བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཡ་མཱ་རི་སིདྡྷ་ཙཀྲ་སཱདྷ་ན། བོད་སྐད་དུ། གཤིན་རྗེའི་དགྲ་གྲུབ་པའི་འཁོར་ལོའི་སྒྲུབ་ཐབས། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གཤིན་རྗེའི་དགྲ་མགོན་ལ། །ཡང་དང་ཡང་

དུ་ཕྱག་འཚལ་ཏེ། །གཤིན་རྗེའི་དགྲ་ནི་བསྒྲུབ་བྱའི་ཕྱིར། །སྒྲུབ་པའི་ཐབས་ནི་བཤད་པར་བྱ། །སྔོན་དུ་གསུངས་པའི་དཀྱིལ་འཁོར་དུ་ཞུགས་པའི་རྣལ་འབྱོར་པ་དེར་གསུངས་པའི་དམ་ཚིག་ཡོངས་སུ་བསྲུང་ཞིང་སེམས་དག་པས་ཡིད་དང་མཐུན་པའི་གནས་སུ་དྲི་ལ་
སོགས་པས་བྱུགས་པའི་དཀྱིལ་འཁོར་ལ་མེ་ཏོག་གི་སིལ་མ་དགྲམ་པར་བྱའོ། །དེར་བཅོམ་ལྡན་འདས་གཤིན་རྗེའི་དགྲའི་བྲིས་སྐུ་བཞག་ལ། དེ་ནས་རང་གི་སྔགས་ཀྱིས་ཨརྒྷའི་སྣོད་ལ་མངོན་པར་བསྔགས་ཏེ་གཞག་པར་བྱའོ། །རང་གི་སྙིང་གར་ཨ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་
སའི་ཕ་རོལ་གྱི་སྣ་ཚོགས་མཛེས་པའི་གདན་ཨུས་བྱས་ལ། ཟླ་བ་དང་ཐིག་ལེས་བརྒྱན་པ་ལས་འོད་ཟེར་སྔོན་པོ་འབར་བ་ལས་བདུད་ཀྱི་གནས་བསྲེགས་ཏེ་བགེགས་མེད་པར་དམིགས་ལ། རང་གི་ས་བོན་གྱི་འོད་ཟེར་སྣ་ཚོགས་སྤྲོས་ཏེ། དེ་རྣམས་རྫོགས་པ་ལས་རྗེ་བཙུན་བླ་མ་དང་། ཡང་
དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཏིལ་གྱི་གོང་བུ་བཞིན་དུ་ནམ་མཁའ་ཁྱབ་པར་མཐོང་ནས། ཡང་དག་པར་མཆོད་པར་བྱ་སྟེ། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུཾ། དེ་ནས། དཀོན་
མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་བསོད་ནམས་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་མཆོག །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་དང་གཞན་གྱི་དོན་བསྒྲུབ་ཕྱིར། །བྱང་ཆུབ་
སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་མ་ལུས་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་པ་བདག་གིས་སྤྱད་པར་བྱ། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དེ་ལྟར་སྔོན་དུ་སྨོན་ལམ་ལན་གསུམ་བརྗོད་དེ།
དེའི་རྗེས་ལ་སྔགས་འདིས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་འདི་ལན་གསུམ་བརྗོད་དེ། ཁམས་གསུམ་མ་ལུས་པ་སྒྱུ་མའི་རང་བཞིན་དུ་བསྒོམས་ཏེ། འགྲོ་བ་ཐམས་ཅད་མི་དམིགས་པར་བྱའོ། །དེ་ནས་ཐོག་མ་

མེད་པའི་དུས་ཀྱི་ཀུན་དུ་རྟོག་པའི་ས་བོན་མ་རིག་པས་བྱས་པའི་ངོ་བོ་ཉིད་དག་ཅིང་། ལྷག་པར་མོས་པར་བྱེད་པ་ནི་ལན་གསུམ་བཟླས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། དེ་ནས་སྔར་གསུངས་པའི་ས་བོན་ལས་བྱུང་བའི་རྡོ་རྗེ་ཐོ་བ་དེའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར། དེའི་སྟེང་
དུ་ཧཱུཾ་བསམས་ཏེ། དེ་ལས་གཤིན་རྗེ་གཤེད་ཀྱི་རང་བཞིན་དུ་འོད་སྤྲོ་བར་བྱ་སྟེ། དེའི་རང་བཞིན་གྱི་འོད་ཟེར་གྱིས་གཤིན་རྗེ་གཤེད་ཀྱི་རང་བཞིན་དུ་གསལ་བར་བལྟས་ལ། དེ་ནས་དེ་ཐམས་ཅད་འདུས་པ་ལས། དེ་ཉིད་ཀྱི་མཚན་མ་ལ་གཞུག་པར་བྱའོ། །དེ་ནས་ཐམས་ཅད་རྫོགས་པའི་མཐར་
གཤིན་རྗེའི་དགྲ་མདོག་སྔོན་པོ་ཁྲོས་པས་འཇིགས་པར་བྱེད་པ། ཞེ་སྡང་དང་བཅས་པ་གང་རྒྱངས་རྣམ་པར་སྒྲོགས་པ། མཆེ་བ་གཙིགས་པའི་ཞལ། གསུས་པ་འཕྱང་བ། མི་མགོ་སྐམ་པོས་རྣམ་པར་བརྒྱན་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་བསྐྱོད་པའི་དབུ་རྒྱན་ཅན་མགོ་བོའི་
ཕྲེང་བས་དབུ་སྐྲའི་རལ་པ་བཅིངས་པ། འཇམ་དཔལ་གྱིས་ཀུན་དུ་བརྒྱན་པ། ཀླུའི་དབང་པོ་སྣ་ཚོགས་ཀྱིས་སྤྲས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སེང་གེའི་པགས་པས་སེ་རལ་དུ་བརྒྱན་པ། ཞལ་དྲུག་པོའི་ལྗགས་བསྒྱུར་བ། སྣ་ཚོགས་པའི་ཞལ་དང་ལྡན་པ།
སྟེང་གི་ཞལ་འཇིགས་པར་བྱེད་པ། ཚངས་པ་དང་དབང་པོ་དང་དྲག་པོས་ཕྱག་བྱས་པ། ཕྱག་དྲུག་པ་གཡས་གསུམ་ན་རྡོ་རྗེ་ཐོ་བ་དང་། རལ་གྲི་དང་། རྡོ་རྗེ་བསྣམས་པའོ། གཡོན་གྱི་གསུམ་ན་སྡིགས་མཛུབ་བྱེད་ཅིང་། ཞགས་པ་དང་། གཏུན་ཤིང་དང་། རྡོ་རྗེ་དྲིལ་བུ་བསྣམས་པའོ། །སྣ་
ཚོགས་ཀྱི་མདོག་ཅན་འབར་བའི་ཕྲེང་བའི་འོད་ཀྱིས་ཁྲོ་བོ་རྣམས་ཀྱི་ཕྱག་ན་མཚན་མ་ལྔ་བསྣམས་པ་རྣམ་པར་བསྒོམས་ཏེ། མ་ཧེའི་གདན་ལ་བཞུགས་པ། ཞབས་དྲུག་པ། ཞབས་གཉིས་ཀྱིས་གཡོན་བརྐྱང་བ། རྡོ་རྗེའི་རྐང་པ་གཉིས་ཀྱིས་གར་བྱེད་པའོ། །རྡོ་རྗེའི་རྐང་པ་གཉིས་
ཀྱིས་སེམས་དཔའི་སྐྱིལ་མོ་ཀྲུང་ལེགས་པར་བརྟེན་པ། དེའི་འོག་ཏུ་གཤིན་རྗེའི་རྒྱལ་པོ་ཆུང་མ་དང་བཅས་པ་ཁ་སྦུབ་ཏུ་འགྱེལ་བ་དང་། ལྷ་དང་ལྷ་མ་ཡིན་ལ་སོགས་པའི་བགེགས་རྣམས་འཇོམས་པར་བྱེད་པར་བསམ་མོ། །བདུད་རྣམས་འཇིགས་ཤིང་སྔངས་པ་དང་། །ཁ་སྦུབ་ཏུ་འགྱེལ་

ཏེ་གནས་པའོ། །དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲང་བར་བྱ་སྟེ། མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱས་ལ་བསྐུལ་ཞིང་སྔགས་འདིས་དགུག་སྟེ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ དེ་ནས་མཛུབ་མོ་གཉིས་ཞགས་པའི་ཚུལ་གྱིས་གཞུག་པར་བྱ་ཞིང་། ཨོཾ་བཛྲ་པཱ་ཤ་ཧཱུཾ།
ལྕགས་སྒྲོག་གི་གཟུགས་ཀྱིས་རྐེད་པའམ་དཔྱི་མགོ་གཉིས་བཅིང་བར་བྱ་ཞིང་། ཨོཾ་བཛྲ་སྥོ་ཊ་བཾ། དེ་ཉིད་རྡོ་རྗེ་ཐོ་བས་བཅིངས་ཏེ། དབང་དུ་བསྡུ་བར་བྱའོ། །ཨོཾ་བཛྲ་ཨཱ་བེ་ཤ་ཧོཿཛཿཧཱུཾ་བཾ་ཧོཿས་དགུག་པར་བསམ་པར་བྱའོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དེ་མཐོང་སྟེ། ཧཱུཾ་ལས་
བགེགས་རྣམས་གཞོམ་པར་བྱའོ། །དེ་ནས་རང་གི་སྔགས་དང་ཕྱག་རྒྱ་འདིས་ཨརྒྷའི་སྣོད་སྦྱིན་པར་བྱ་སྟེ། རྡོ་རྗེ་ཐལ་མོ་སྦྱར་ལ་ཨརྒྷའི་སྣོད་ལྟར་བྱ་སྟེ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ། ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་དང་མཐེ་བོས་མེ་ཏོག་བླངས་ལ་ཁུ་ཚུར་
བཅངས་ཏེ། རིམ་གྱིས་གུང་མོ་ལ་སོགས་པ་བརྐྱང་སྟེ། ཨོཾ་པྲ་བ་ར་སཏྐཱ་ར་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་ནས་ཕྱག་རྒྱ་འདིས་བསྡུས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། མཛུབ་མོ་དང་མཐེ་བོང་སེ་གོལ་བརྡབ་ཅིང་། ཨོཾ་བཛྲ་ས་མཱ་ཛ་ཛཿ། ཞེས་ལན་གསུམ་བརྗོད་དོ། །བདག་ཉིད་གཤིན་རྗེ་གཤེད་ཀྱི་
ང་རྒྱལ་ཇི་སྐད་གསུངས་པར་བྱའོ། །ཨོཾ་ཨཱཿཧཱུཾ་གསུམ་གནས་གསུམ་དུ་དགོད་པར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དང་རང་གི་སྔགས་དང་ལྷན་ཅིག་ཏུ་སྙིང་ག་དང་། མཛོད་སྤུ་དང་མགྲིན་པ་དང་། མགོ་རྣམས་སུ་གཞག་པར་བྱ་སྟེ། དེ་ལ་ཕྱག་རྒྱ་ནི་ལག་པ་གཉིས་ཐལ་མོ་སྦྱར་ཏེ།
མཐེ་བོང་གཉིས་བརྐྱང་གུང་མོའི་རྒྱབ་ཚིགས་ཀྱི་གསུམ་པར་སྦྱར་རོ། །དེ་ནས་རང་གི་ལྕེ་ལ་ཧཱུཾ་གིས་རྡོ་རྗེ་གནོད་མཛེས་བསྒོམ་པར་བྱའོ། །ཆོས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོའི་དོན་དུ་དེ་ནས་དབང་བསྐུར་བ་བླང་བར་བྱའོ། །རྡོ་རྗེ་བཅིངས་པ་ལས་གུང་མོ་གཉིས་བསྒྲེང་སྟེ་མྱུ་གུ་ལྟར་བྱས་པ་
ནི། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་སྟེ། སྤྱི་བོར་བཞག་ལ་ཨོཾ་བཛྲ་སཏྭ་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། འདིས་ཐམས་ཅད་དུ། བཅོམ་ལྡན་འདས་མི་བསྐྱོད་པ་མདོག་གནག་པ་ས་གནོན་གྱི་ཕྱག་རྒྱས་གནས་པར་བསམ་མོ། །དེ་ནས་མཐེ་བོང་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་མཛུབ་མོ་དང་གུང་

མོ་སོ་སོར་སྦྱར་ཏེ། མཛུབ་མོའི་ཚིགས་གཉིས་པ་བཅག །གུང་མོ་ཡང་ཡུད་ཙམ་བཅག་སྟེ། ལྷག་མ་སོར་མོ་མཉམ་པར་སྦྱར་བ་ནི་རྣམ་པར་སྣང་མཛད་ཀྱི་སྟེ། དཔྲལ་བར་བཞག་ནས་རྣམ་པར་སྣང་མཛད་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཞུགས་པའོ། །རྡོ་རྗེ་བཅིངས་
པ་ལས་གུང་མོ་རིན་པོ་ཆེའི་གཟུགས་ལྟར་བྱས་པ་ནི་རྡོ་རྗེ་རིན་ཆེན་མས་ཏེ། རྣ་བ་གཡས་པའི་སྟེང་དུ་བཞག་པས་རིན་ཆེན་མཆོག་སེར་པོ་མཆོག་སྦྱིན་ཅན་ནོ། །དེ་ཉིད་ལས་སོར་མོ་རྣམས་པདྨའི་མྱུ་གུ་ལྟར་བྱས་ལ་གུང་མོ་རྩེ་སྤྲད་དེ་ཡུད་ཙམ་ཐུར་དུ་བཅག་སྟེ་འདབ་མ་ལྟར་བྱས་པ་ནི་ཆོས་ཀྱི་
རྡོ་རྗེ་མ་སྟེ། ལྟག་པར་བཞག་པས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པའོ། །རྡོ་རྗེ་ཐལ་མོ་སྦྱར་བ་ལས་མཐེ་བོང་གཉིས་མཉམ་པར་སྦྱར་ལ་གུང་མོའི་ཚིགས་གསུམ་པའི་རྒྱབ་ཏུ་མཛུབ་མོ་གཞག་པ་ནི་ལས་ཀྱི་རྡོ་རྗེ་མའོ། །རྣ་བ་གཡོན་པའི་སྟེང་དུ་བཞག་པས་
དོན་ཡོད་གྲུབ་པ་མདོག་ལྗང་གུ་མི་འཇིགས་པའི་ཕྱག་རྒྱས་བཞུགས་པའོ། །དེ་ནས་གོ་ཆའི་དར་དཔྱངས་བཅིངས་ཏེ། མཐའ་མ་ལ་སོགས་པས་བསྲུངས་ཏེ་ཀུན་ནས་མཆོད་པར་བྱའོ། །དེ་ལ་འདི་ནི་བཅོམ་ལྡན་འདས་ལ་སྔགས་ཀྱིས་མཆོད་པ་སྟེ། ཐམས་ཅད་ཀྱང་པདྨ་དང་ཟླ་བའི་གདན་ཅན་
མའོ། །ཨོཾ་ལཱ་སྱེ་ཧཱུཾ་མེའི་མཚམས་སུ་རྡོ་རྗེ་སྒེག་མོ་དཀར་མོ། སེམས་དཔའི་སྐྱིལ་ཀྲུང་མ་ཐམས་ཅད་པདྨ་དང་ཟླ་བའི་གདན་ཅན་མ། རྡོ་རྗེ་ཁུ་ཚུར་གཉིས་དཀུར་བརྟེན་ཏེ་གར་བྱེད་པའི་འགྱིང་བག་དང་བཅས་པ། གཡོན་དུ་ཞལ་ཡིད་ཙམ་འདུད་པའོ། །དེ་བཞིན་དུ་ཨོཾ་བཛྲ་མཱ་ལེ་ཧཱུཾ།
བདེན་བྲལ་དུ་རྡོ་རྗེ་ཕྲེང་བ་མ་སྐུ་མདོག་སེར་མོ་བསམ་པར་བྱའོ། །ཨོཾ་བཛྲ་གཱི་ཏི་ཧཱུཾ། འདིས་རླུང་གི་ཕྱོགས་སུ་མདོག་དམར་མོ་གཡོན་རྡོ་རྗེ་ཁུ་ཚུར་སྡིགས་མཛུབ་བསྒྲེང་བ། གཡས་རྡོ་རྗེ་ཁུ་ཚུར་སྡིགས་མཛུབ་བསྒྲེང་བའོ། །གཡས་གཡོན་གླུ་ལེན་པའི་གར་བྱེད་ཅིང་སྒེག་པའོ། །ལུས་ཡིད་
ཙམ་གར་བྱེད་པ་གླུ་ལེན་ཅིང་པི་ཝང་རྡུང་བར་བྱེད་པའོ། །ཨོཾ་བཛྲ་ནྲྀ་ཏི་ཧཱུཾ། འདིས་དབང་ལྡན་གྱི་ཕྱོགས་སུ་སྐུ་མདོག་ལྗང་གུ་ཕྱག་གཉིས་ཀྱིས་ཕྱོགས་ཀུན་དུ་བསྒྱུར་བ་སྒེག་པའི་ཉམས་དང་ལྡན་པ་དེ་ཉིད་མགོ་བོར་གནས་པ། གར་སྦྱོར་བའི་ཚུལ་གྱིས་གནས་པ་ནི་གར་མཁན་མའོ། །ཨོཾ་

བཛྲ་པུཥྤེ་ཧཱུཾ། མདུན་དུ་སྐུ་མདོག་ཡིད་ཙམ་དཀར་བ་དེ་བཞིན་དུ་སྔོན་དུ་གར་བྱེད་པ། རྡོ་རྗེ་ཐལ་མོ་མགོ་བོར་རྣམ་པར་འཛིན་པ་ལས་སྙིང་གར་མེ་ཏོག་གི་ཕྲེང་བ་འཛིན་པར་བྱེད་པ་ནི་མེ་ཏོག་མའོ། །ཨོཾ་བཛྲ་དྷཱུཔྤེ་ཧཱུཾ། གཡས་ཕྱོགས་སུ་ཡིད་ཙམ་འདུད་པ། སྐུ་མདོག་
སེར་བ་ལག་པ་གཉིས་ཀྱི་མཐེ་བོང་གཉིས་བརྐྱང་བ་སྟེ་ཐུར་དུ་བསྐོར་ཞིང་སྤོས་དབུལ་བར་བྱའོ། །ཨོཾ་བཛྲ་དཱི་པེ་ཧཱུཾ། རྒྱབ་ཏུ་ཡིད་ཙམ་འདུད་པ་སྐུ་མདོག་དམར་བ། དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་བཅིངས་ལ་ལག་པ་གཉིས་གྱེན་དུ་བསྒྲེང་སྟེ་བསྐོར་ཞིང་མར་མེ་འབུལ་བར་བྱའོ། །ཨོཾ་བཛྲ་གནྡྷེ་ཧཱུཾ།
གཡོན་དུ་ཡིད་ཙམ་འདུད་པ་ཁ་དོག་ལྗང་བ་དེ་བཞིན་དུ་སྔོན་དུ་གར་བྱེད་ཅིང་ཡོངས་སུ་བསྐོར་བ་གཉིས་ཀྱིས་བྱུག་པར་བྱེད་པ་དྲི་ཆབ་མའོ། །འདི་དག་རང་རང་གི་ཕྱག་རྒྱ་བཅིངས་པ་ལས་བྱུང་བ། སྒེག་མོ་ལ་སོགས་པའི་ལྷ་མོ་རོལ་པ་དང་བཅས་པར་ལག་པ་བསྐྱོད་པ་རྣམས་སོ། །ནམ་མཁའི་
དཀྱིལ་འཁོར་ཁྱབ་པའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་ངོ་བོར་རྟོགས་པ། སོ་སོར་བརྗོད་ཀྱིས་མི་ལང་བའི་རང་བཞིན་སྤྲུལ་ཏེ། མཆོད་པ་སྣ་ཚོགས་པའི་སྤྲིན་གྱི་ཚོགས་ནམ་མཁའ་དང་མཉམ་པ་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པར་བསམ་མོ། །ཇི་ལྟར་བསྟོད་པ་ལ་སོགས་པ་
ཐམས་ཅད་མན་ངག་ལ་བྱའོ། །དུས་བཞིའི་རིམ་པས་རྩ་བའི་སྔགས་ཇི་སྲིད་བཟླས་པ་དེ་སྲིད་མཚན་མ་བཟང་པོ་རྣམས་ངེས་པར་མཐོང་ཞིང་ཉི་མ་བདུན་ན་རྨི་ལམ་བཟང་པོ་མཐོང་བ་ནི་དེའི་དུས་ལ་སངས་རྒྱས་རྨི་ལམ་དུ་མཐོང་བ་དང་། མཆོད་རྟེན་དང་། སྐུ་གཟུགས་དང་། གང་ཡང་
དགེ་འདུན་མཐོང་བ་དང་། དགེ་སློང་མ་དང་། དེ་བཞིན་དུ་ཡང་ལྷའམ་ལྷ་ཁང་ངམ། དགེ་སློང་གཅིག་གམ། དེ་བཞིན་དུ་ཆུ་ཀླུང་ངམ། མཚོ་ལ་རྐྱལ་བ་དང་། རི་ལ་འཛེག་པ་དང་། བདེ་བར་གཤེགས་པ་རྣམས་དང་། བརྟུལ་ཞུགས་ཅན་དང་། སྔགས་པ་བྱེ་བྲག་ཅན་ལ་དབང་
བསྐུར་བར་བྱེད་པ་རྨི་ལམ་ན་མཐོང་བ་དང་། དགེ་སློང་མ་དང་། དེ་བཞིན་དུ་ལྗོན་ཤིང་གིས་སྤྲས་པའི་གནས་རྣམས་མཐོང་བ་དང་། དམ་པ་རྙེད་པ་དང་། རེག་པ་དང་། དེ་བཞིན་དུ་གཞན་ཡང་དགེ་བའི་དངོས་པོ་རྣམས་ཀྱི་མཚན་མ་མཐོང་ན། དེ་ནས་ལས་རྣམས་བརྩམ་པར་བྱ་སྟེ། དེ་

ལ་ལས་ཐམས་ཅད་བྱེད་པ་ནི། འཁོར་ལོའི་མཚན་ཉིད་རེའུ་མིག་བཞི་བཅུ་རྩ་དགུ་པ་ཤིན་ཏུ་འབར་བ་གསལ་བར་བྱ་སྟེ། དེ་ལ་ཨཱ་ལི་ཀཱ་ལིའི་སྦྱོར་བ་ལ་ཨུ་མེད་པ་རྣམས་ཆོ་ག་བཞིན་དུ་བྲིས་པ་ལས་དབང་ལྡན་ལ་སོགས་པའི་ཕྱི་རོལ་གྱི་མཚམས་ལ་རྀ་ལ་སོགས་པའི་ཡི་གེ་བཞི་དགོད་པར་
བྱའོ། །རྩ་བའི་སྔགས་གོམས་པའི་དབང་གིས་སྤེལ་ལོ། །ཨུའི་རེའུ་མིག་གི་སྟེང་དུ་ཇི་ལྟ་བར་མགོ་བོས་ཕ་རོལ་མཛེས་པའི་སྣ་ལ་བརྒྱན་པ་དང་འོག་གིས་སྤྲས་པ། དབྱངས་ཡིག་བཞི་པོ་སུམ་སྐོར་བྱས་ལ་དབུས་ཀྱི་རེའུ་མིག་ལ་ཡི་གེ་ཇི་སྐད་གསུངས་པའི་རིམ་པས་བསྒྲུབ་བྱའི་མིང་
དང་སྤེལ་ཏེ་བྲིའོ། །ལས་ཐམས་ཅད་བྱེད་པའི་འཁོར་ལོ་དེས་བསྲུང་བའི་དོན་ལ་སྐྱེས་པ་རྣམས་ལ་གུར་གུམ་དང་། བུད་མེད་རྣམས་ལ་གི་ཝང་གིས་གྲོ་གའམ། ཨུམ་བྷའི་ཤུན་པའམ། གླ་གོར་ཞོ་ཤའི་ཤུན་པའམ། རས་ལ་བསྲུང་བའི་བསྐུལ་ཚིག་དང་ལྡན་པར་བྲི་བ་ནི་
ཁ་ཤར་ཕྱོགས་སུ་བལྟས་ཏེ། ཞི་བའི་ལས་ནང་བར་གྱི་མཚམས་ལ་བྱ། རྗེ་བཙུན་སྐུ་མདོག་དཀར་པོར་བསྒོམས་ཏེ་བྲི། མཆོད་པ་ཆེན་པོ་བྱས་ཏེ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་ལ་སོགས་པ་སྔར་སྦྱིན་པ་བྱས་ན། སྲུང་བ་ཆེན་པོ་བྱས་པ་དང་ལྡན་པར་འགྱུར་རོ། །བུད་མེད་དམ་སྐྱེས་པ་ལ་སོགས་
པ་ཞི་བར་བྱ་བར་འདོད་པས། འཁོར་ལོ་འདི་ཤིང་ཤིར་ཤའི་ཤུན་པ་ལ་བྲི་བར་བྱའོ། །ཙནྡན་དང་། གུར་གུམ་གྱིས་བྲིས་ཤིང་ཡང་དག་པར་དེ་ཉིད་ཀྱིས་བྱའོ། །སྔར་གསུངས་པའི་ཞལ་ལ་སོགས་པ་ལས་ཐམས་ཅད་བྱེད་པའི་ཐབ་ཏུ་དགོད་པར་བྱའོ། །བུམ་པ་དེའི་སྟེང་དུ་བླ་རེ་དགྲམ་
པར་བྱའོ། །བུམ་པ་བཞི་པོ་རྣམས་ལ་རིན་པོ་ཆེ་སྣ་ལྔ་དང་། འབྲུ་ལྔ་དང་སྨན་ལྔ་ནང་དུ་གཞུག །དྲི་ཞིམ་པོའི་ཆུས་དགོང་། རས་ཀྱིས་བུམ་པའི་མགྲིན་པ་དཀྲི་བར་བྱ། མེ་ཏོག་དང་འབྲས་བུ་དང་ལྡན་པའི་ཤིང་གིས་ཁ་རྒྱན་བྱ། ཕུར་བུ་སྣ་ཚོགས་ཀྱིས་ཐབ་ཀྱི་ཕྱི་རོལ་གྱི་མཚམས་
བཞིར་བགེགས་བསྐྲད་པར་བྱ། བུམ་པ་བཞི་གཞག་པར་བྱ། ཐམས་ཅད་དུ་ཐང་ཀ་ལ་སོགས་པ་གཞག་ཅིང་དགྲམ་པར་བྱ། དྲི་དང་ཆུ་དང་མེ་ཏོག་དཀར་པོ་བསྲེས་ལ། སྐྱོར་ཆུ་སྟོང་གི་སྔགས་ཀྱི་ཆུའི་སྦྱིན་སྲེག་བྱའོ། །ཆུ་དེས་ཐམས་ཅད་དུ་ཡང་དང་ཡང་དུ་གཏོར། ཉི་མ་བདུན་

དུ་ཐམས་ཅད་དུ་ཡང་གཏོར་མ་སྦྱིན། དེ་ནས་འཁོར་ལོ་དེ་དབྱུང་བར་བྱས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གནས་མཐོན་པོར་བཞག་སྟེ་ཉི་མ་རེ་རེ་ཞིང་མཆོད་པ་བྱས་ན་དེ་ནས་ཞི་བར་འགྱུར་རོ། །དམག་གི་དཔུང་ལ་སོགས་པ་རེངས་པར་བྱ་བ་ལ་སྔར་གསུངས་པའི་ཤིང་
ཤུན་ལ་སྡོང་རོས་དང་། ཡུང་བའི་ཁུ་བས་བསྐུས་ཏེ་བྲི། དེ་ཡང་བསྐུ། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་། རྣམ་པར་སྣང་མཛད་དང་། ཆུ་བོའི་ངོགས་གཉིས་ཀྱི་ས་དང་། རིའི་ས་དང་ལམ་རྒྱ་གྲམ་གྱི་ས་དང་། སྔར་གསུངས་པའི་ལྡོང་རོས་དང་། ཡུང་བའི་ཁུ་བ་བཙིར་ལ་གཟུགས་བརྙན་བྱས་
ནས་དེའི་སྙིང་གར་བཅུག་སྟེ། ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བཅུག་ལ་བསྒྲུབ་པར་བྱ་བ་འོང་བའི་ལམ་གྱི་ས་འོག་ཏུ་བཅུག་སྟེ། སེང་ལྡེང་གི་ཕུར་པ་སོར་བརྒྱད་པས་ལུས་ལ་སོགས་པ་མན་ངག་ཇི་ལྟ་བས་ཕུར་བུ་གདབ་པར་བྱས་ནས་གཏོར་མ་ཡང་སྦྱིན་ནོ། །ཇི་ལྟར་གསུངས་པའི་མདོག་ལ་
སོགས་པ་འདི་དག་རྫོགས་པ་དང་། ལྔ་སྟོང་བཟླས་པ་བྱས་ན་གདུག་པ་ཅན་ཐམས་ཅད་རེངས་པར་འགྱུར་རོ། །གང་དུ་རིམས་དང་དུག་ལ་སོགས་པ་མེད་པར་བྱེད་པ་དེར་སྲན་ནེ་ལ་ལན་བདུན་བསྔགས་ཏེ་འདིས་འཁོར་ལོ་བྲི་བར་བྱའོ། །དེའི་སྟེང་དུ་བསྒྲུབ་བྱ་གཞག་ཅིང་ཇི་ལྟར་གསུངས་པའི་
ཆོ་ག་བྱས་ན་དེ་ནས་ཞི་བར་འགྱུར་རོ། །དགྲ་བོ་བཅིང་བ་ལ་ཁམ་ཕོར་མ་བསྲེགས་པ་ཁ་སྦྱར་ལ། འཁོར་ལོ་འདི་མྱོས་བྱེད་ཀྱི་ཁུ་བ་དང་དུར་ཁྲོད་ཀྱི་སོལ་བ་དང་བཙག་རྣམས་བསྲེས་ལ་བྲི། རོ་བསྲེགས་པའི་ཐལ་བ་དང་སས་གཡོགས་པར་བྱ། དེའི་མིང་དང་སྤེལ་ཏེ་སྟོང་བཟླས་ན་འདིས་
ཁ་བཅིང་བ་ལ་སོགས་པའི་ཉེས་པ་འབྱུང་བར་འགྱུར་རོ། །བསད་པའི་སྦྱོར་བ་ལ་འཁོར་ལོ་འདི་དུར་ཁྲོད་ཀྱི་རས་ལ་དུག་དང་། ཚྭ་དང་སྐེ་ཚེ་དང་། མཛུབ་མོའི་ཁྲག་བསྲེས་ལ་བྲི། རོ་བསྲེགས་པའི་ས་དང་། ཐལ་བ་དང་། དགྲ་བོའི་རྐང་རྗེས་ཀྱི་ས་དང་། མི་རུས་ཀྱི་ཕྱེ་མ་རྣམས་
བསྲེས་ལ་གཟུགས་བརྙན་བྱས་ཏེ་དེའི་སྙིང་གར་གཞུག་པར་བྱའོ། །དེ་ནས་དུར་ཁྲོད་ཀྱི་མེ་ལ་བསྲོ་ཞིང་ཁྲོས་པའི་སེམས་ཀྱིས་སྟོང་ཕྲག་བཅུ་བཟླས་པ་བྱས་ནས། དེའི་ཁྱིམ་མམ་དུར་ཁྲོད་དུ་སྦས་ན། དེ་ནས་དེ་སྐད་ཅིག་གིས་འཆི་བར་འགྱུར་རོ། །དགྲ་ནང་དབྱེ་ན་མ་ཧེ་

དང་རྟའི་པགས་པའམ། ཡང་ན་དུར་ཁྲོད་ཀྱི་རས་སམ། རོའི་རས་ལ་མ་ཧེའམ་རྟའི་ཁྲག་གམ། བྱི་ལ་དང་ཁྱི་འམ་ཁྱིམ་བྱའི་ཁྲག་གམ། ནིམ་པའི་འདབ་མའི་ཁུ་བ་དང་། སྐེ་ཚེ་དང་བསྲེས་པས་འཁོར་ལོ་འདི་བྲི། རྣམ་པར་འགྲས་པར་བྱེད་པའི་ཚིག་དང་ལྡན་པར་བསྐུལ་བ་བྲིས་ནས། རྟའི་
སྦལ་གྱི་ཁར་བཅུག་ལ་མ་ཧེའི་རྨིག་པའི་ནང་དུ་གཞུག་པར་བྱའོ། །དེ་ནས་བཟླས་པ་ཁྲི་བྱས་ཤིང་ནིམ་པའི་ཤིང་བརྐོས་ཏེ་དེའི་ནང་དུ་སྦ་བར་བྱས་ན། དེ་གཉིས་འགྲས་ནས་དཔག་ཚད་བརྒྱས་ཆོད་ཀྱང་འཐབ་པར་འགྱུར་རོ། །དེ་ནས་རིམས་ཀྱིས་ཐེབས་པར་འདོད་ན་དུར་ཁྲོད་ཀྱི་རས་ལ་འཁོར་
ལོ་འདི་ཙི་ཏྲ་ཀ་དང་། དུག་དང་། ཨརྐའི་ལོ་མ་དང་། སྐེ་ཚེ་དང་ཁྲག་རྣམས་ཀྱིས་རྫོགས་པར་བྲིས་ནས་སེང་ལྡེང་གི་མེ་ལ་བསྲོ་ཞིང་ཁྲོས་པའི་སེམས་ཀྱིས་བརྒྱ་ཕྲག་ལྔ་བཟླས་པ་བྱས་ན། རིམས་ཀྱིས་འཛིན་པར་འགྱུར་བ་ནི་བསྒྲུབ་བྱའི་ཁྱིམ་མམ། ལམ་གྱི་བཞི་མདོའམ། དུར་ཁྲོད་
དུ་སྦས་ནའོ། །ཐམས་ཅད་ལས་གྲོལ་བར་འདོད་ན་འོ་མས་བཀྲུས་ན་གྲོལ་བར་འགྱུར་རོ། །རྒྱས་པ་ལ་གྲོ་ག་ལ་བཞི་མཉམ་གྱིས་འཁོར་ལོ་འདི་བྲི། ཐ་མ་གཉིས་སུ་ཨོཾ་བྲི། དབུས་སུ་བསྒྲུབ་བྱའི་མིང་། སྐུལ་བར་བྱེད་པའི་ཚིག་དང་ལྡན་པར་གཟུང་བར་བྱ་ཞིང་། ཐང་ཀའི་མདུན་དུ་ཉིན་རེ་
བཞིན་དུ་ཁ་ནུབ་ཏུ་བལྟས་ལ་ཟླ་བ་དྲུག་ཏུ་གནོད་སྦྱིན་དང་། གནོད་སྦྱིན་མོས་རིན་པོ་ཆེའི་ཆར་འབེབས་པར་བྱེད་པར་བསམ་ཞིང་བདག་པོའི་གཟུགས་ཀྱི་རྣམ་པར་བསམས་ཏེ། བཟླས་པ་ཁྲི་དང་སྦྱིན་སྲེག་ཁྲི་བྱས་ན་འགྲུབ་ཅིང་དེ་ནས་ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ། །དབང་དུ་བྱ་
བ་ལ་ནི་འཁོར་ལོ་གྲོ་ག་ལ་སོགས་པའི་ཤོག་ཤོག་ལ་རང་བྱུང་གི་མེ་ཏོག་དང་གི་ཝང་གིས་བྲི། ཡང་ན་སྲིན་ལག་གི་ཁྲག་དང་། བིལ་བའི་ལོ་མའི་ཁུ་བ་དང་། རས་དམར་པོའི་ཁུ་བ་དང་། དེའི་རྩི་རྣམས་བསྲེས་ལ་བྲིས། སྤྲ་ཚིལ་གྱིས་ཡང་དག་པར་དཀྲི་ཞིང་བྱུགས་ནས་མར་དང་སྦྲང་རྩིས་
བཀང་བའི་བུམ་པའི་ནང་དུ་བཞག་ལ། འཛབ་ཁྲི་བྱ་བ་ནི་ཧོ་མཐར་སྦྱར་ཞིང་ཉི་མ་རེ་རེ་ཞིང་ཇི་ལྟར་གསུངས་པའི་རིམ་པས་མཆོད་པ་བྱས་ན་མོད་ལ་དབང་དུ་འགྱུར་རོ། །གྲོ་ག་ལ་གུར་གུམ་གྱིས་སྐར་མ་རྒྱལ་གྱི་ཟླ་བ་ལ་སོགས་པ་གཟས་ཟིན་པའི་དུས་སུ་བྲིས་ནས་སྐུད་པ་དམར་པོས་དཀྲིས་

ཤིང་མཆོད་པ་ཆེན་པོ་བྱས་ཏེ། གཏོར་མ་ཡང་སྦྱིན་ཞིང་འཛབ་སྟོང་ཕྲག་བཅུས་སྒྲུབ་པ་བྱས་ལ་ཇི་ལྟར་གསུངས་པའི་གཟུགས་ཀྱིས་མིའི་ཐོད་པའི་ནང་དུ་གཞུག་པར་བྱས་ན། དེ་ནས་གང་དང་གང་འདོད་པ་དེ་རྙེད་པར་འགྱུར་རོ། །རལ་གྲི་ལ་སོགས་པ་རེངས་པར་བྱ་
བ་ལ། འདི་ཉིད་ཀྱིས་ཅི་ཡང་རུང་བའི་མཚོན་རེངས་པར་བྱས་ནས། ཚིག་བསྐུལ་བ་དང་ལྡན་པར་བྲིས་ན་དེས་རེངས་པར་བྱེད་དོ། །དྲག་པོ་ལ་སོགས་པ་ཡོ་བྱད་ཚོགས་པ་དང་ལྡན་པས་གང་འདོད་པ་དེ་མེད་པར་བྱེད་དོ། །སྔོན་དུ་གསུངས་པའི་རིམ་པས་ཞི་བར་འགྱུར་རོ། །མ་མོའི་
ཁྱིམ་དང་། དུར་ཁྲོད་དང་ཤིང་གཅིག་གི་དྲུང་ངམ། གནས་སྟོང་པའམ། ཆུ་འགྲམ་མཐོན་པོ་དང་རིའམ། གནས་དབེན་པའམ། མཆོད་རྟེན་དང་། སྔོན་དུ་གྲུབ་པའི་གནས་དག་གམ། ཡིད་དང་མཐུན་པའི་གནས་སམ། ལྷ་ཁང་དང་རང་གི་ཁྱིམ་དུ་སྔགས་པས་འཛབ་བྱེ་བ་
བཟླས་པ་བྱས་ན། ཇི་ལྟར་གསུངས་པའི་རིམ་པས་གསང་བའི་དབང་བསྐུར་བ་བླ་མ་ལ་དད་པ་དེ་ཁོ་ན་ཉིད་རིགས་པ་བླ་ན་མེད་པ་དེས་ཅི་ཡང་འགྲུབ་པོ། །རི་ལུ་འདོད་པའི་དངོས་གྲུབ་དང་། །རཱ་སའི་དངོས་གྲུབ་དང་། རེངས་པའི་དངོས་གྲུབ་དང་། རྐང་མགྱོགས་ཀྱི་དངོས་གྲུབ་དང་།
རལ་གྲི་དང་། ས་འོག་གི་དང་། བུམ་པ་བཟང་པོ་དང་། དེ་བཞིན་དུ་རིག་པ་འཛིན་པའི་དངོས་གྲུབ་དང་། ཀླུ་མོ་དང་། གནོད་སྦྱིན་མོ་དང་། ལྷ་མ་ཡིན་གྱི་བུ་མོ་དང་། མིའམ་ཅིའི་བུ་མོ་དང་། དེ་བཞིན་དུ་མིའི་བུ་མོ་དང་། མཁའ་ལ་སྤྱོད་པ་དང་གང་འདོད་པ་དེ་གྲུབ་པར་བྱེད་དོ། །
རང་གི་སྡེ་ཡོངས་སུ་སྲུང་བར་བྱེད་དོ། །གཞན་གྱི་སྡེ་འཇོམས་པར་བྱེད་དོ། །སྲིན་མོ་ལ་སོགས་པ་མེད་པར་བྱེད་དོ། །མཁའ་འགྲོ་མ་རྣམས་འཇོམས་པར་བྱེད་དོ། །རིམས་ཉི་མ་བཞི་པ་ལ་སོགས་པ་མེད་པར་བྱེད་དོ། །དུག་དང་པྲ་དབབ་པ་ལ་སོགས་པ་ལ་ཡང་བཟླས་བ་བྱས་པས་འགྲུབ་
པོ། །སྟག་ལ་སོགས་པ་འཇིགས་པར་བྱེད་དོ། ཆུའི་འཇིགས་པ་མེད་པར་བྱེད་དོ། །སྔགས་འཛིན་པས་འདོད་པའི་སྙིང་པོ་དེ་རྙེད་པར་འགྱུར་རོ། །བླ་མའི་ཞལ་སྔ་ནས་ཀྱིས་སྣང་བ་ལས། རང་གི་སྙིང་གར་འཁོར་ལོ་དགོད་པར་བྱའོ། །ངོ་མཚར་དུ་མ་རྣམས་བྱེད་དོ། །རྗེ་

བཙུན་གྱི་ང་རྒྱལ་དང་ལྡན་པས་ཀུན་དུ་གནས་པར་བྱའོ། །སྔགས་པས་རྟག་ཏུ་བཟླས་པ་བྱས་ན་དེས་ཐམས་ཅད་འགྲུབ་པོ། །གཏོར་མ་ཐམས་ཅད་སྔགས་འདིས་སྦྱིན་པར་བྱའོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་མ་མ་ཨ་མུ་ཀཾ་ཀརྱཾ་ཀུ་རུ་སརྦ་ཤ་ཏྲུ་ན་བི་མ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། མན་ངག་
ཇི་ལྟ་བས་བདུད་རྩི་ལ་སོགས་པ་ཟིན་པ་དང་། གཏོར་མ་སྦྱིན་པར་བྱས་པས་འགྲུབ་བོ། །འཁོར་ལོས་དགོས་པ་ཀུན་བྱེད་དོ། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱིས། །ཡེ་ཤེས་བླ་མའི་གནང་བ་ཡི། །བྱས་པ་དྲན་པ་ཡིས་ནི་བྱས། །གཤིན་རྗེའི་དགྲ་མགོན་མན་ངག་གི། །སྒྲུབ་པའི་
ཐབས་ཀྱི་མགོན་བྱས་ལ། །དེ་ཡི་བསོད་ནམས་ཁྱད་པར་གྱིས། །སེམས་ཅན་གནས་ཆེན་ཐོབ་པར་ཤོག །དཔལ་ཨུ་རྒྱན་གྱི་ཡུལ་ནས་བྱུང་བ་གྲུབ་པའི་འཁོར་ལོ་ཇི་ལྟར་རྙེད་པ་ཀླུའི་བྱང་ཆུབ་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། རཀྟ་ཡ་མཱནྟ་
ཀ་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་མཐར་བྱེད་དམར་པོའི་སྒྲུབ་ཐབས། དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཀུན་ནས་བླ་མ་ལ་བཏུད་དེ། །ལྷན་ཅིག་སྐྱེས་དགའི་ངོ་བོ་ཉིད། །གཤིན་རྗེ་གཤེད་སྐུ་དམར་པོ་ཡི། །སྒྲུབ་ཐབས་གསལ་པོར་བྲི་བར་བྱ། །དང་པོར་རེ་ཞིག་སེམས་ཅན་
གདོན་པའི་བསམ་པ་ཅན་གྱི་སྔགས་པས་སྔ་དྲོ་ལངས་ཏེ་ཁ་གཙང་བ་ལ་སོགས་པ་བྱས་ལ། བདེ་བའི་སྟན་ལ་འདུག་སྟེ་རང་གི་སྙིང་གར་ཡི་གེ་ཨཾ་དམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེར་ཡི་གེ་ཧཱུཾ་དམར་པོ་ཡོངས་སུ་གྱུར་པ་ལས་དབྱུག་པ་དཀར་པོ་རྡོ་
རྗེའི་རྩེ་མོ་ཅན་མི་མགོས་མཚན་པ་བསྒོམ་མོ། །དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་དམར་པོའི་སྟེང་དུ་ཡི་གེ་ཧཱུཾ་ཁ་དོག་དམར་པོའི་འོད་ཟེར་གྱིས་སྤྱན་དྲངས་པའི་གཤིན་རྗེ་གཤེད་དམར་པོ་དང་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནམ་མཁའི་ཕྱོགས་སུ་བསམ་མོ། །
དེ་ནས་ཡི་གེ་ཧཱུཾ་ལས་འཐོན་པའི་མེ་ཏོག་དང་སྤོས་ལ་སོགས་པས་ཡང་དག་པར་མཆོད་ལ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ་ཚངས་པའི་གནས་བཞི་བསྒོམས་ནས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་

སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པ་ཡིད་ཀྱིས་བཀླག་གོ། །སྔོན་གྱི་སྨོན་ལམ་གྱི་དབང་ལས་ཡི་གེ་པཾ་ཡོངས་སུ་གྱུར་པའི་པདྨའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་དབྱུག་པ་དཀར་པོ་སྟེ་དེར་ཡང་ཉི་མའི་དཀྱིལ་འཁོར་ཡི་གེ་ཧཱུཾ་གིས་
མཚན་པའོ། །དེ་ལས་ཧཱུཾ་ཡིག་གི་འོད་ཟེར་རྣམས་ཀྱིས་འཇིག་རྟེན་གསུམ་བཀང་སྟེ་སེམས་ཅན་མཐའ་དག་གཤིན་རྗེ་མཐར་བྱེད་ཀྱི་གཟུགས་སུ་བྱས་ནས་ཧཱུཾ་ཡིག་དེ་ལ་གཞུག་གོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་གཤིན་རྗེ་མཐར་བྱེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་
གཉིས་པ་གསུས་པ་འཕྱང་བ་གཡོན་བརྐྱང་གི་གོམ་སྟབས་ཀྱིས་མ་ཧེ་ལ་བཞུགས་པ། ཕྱག་གཡས་ན་དབྱུག་པ་དཀར་པོ་གཡོན་ན་ཁྲག་གིས་ཡོངས་སུ་གང་བའི་ཐོད་པ། དབུ་སྐྲ་དམར་སེར་གྱེན་དུ་བསྒྲེང་བ། མི་མགོ་ལྔའི་ཕྲེང་བས་བརྒྱན་པ། ཀླུ་ལ་སོགས་པའི་རྒྱན་གྱིས་བརྒྱན་
པ། སྟག་གི་པགས་པའི་ཤམ་ཐབས་ཅན། མགུལ་པར་མི་མགོ་འཛག་པའི་ཕྲེང་བ་ཅན། འབར་བའི་ཕྲེང་བ་དམར་པོའི་ཕྱོགས་མཐའ་དག་ཁྱབ་པ། གཤིན་རྗེ་འཇིགས་པར་བྱེད་པ། མཆེ་བ་རྣམ་པར་གཙིགས་པ། སྤྱན་གསུམ་དམར་ལ་ཟླུམ་པ། ལྗགས་འགྱུར་བ།
ཞལ་ཁྲག་འཛག་པ། རང་སྣང་གི་ཤེས་རབ་ཀྱིས་མགུལ་ནས་འཁྱུད་པར་བདག་ཉིད་བསྒོམ་པར་བྱའོ། །བཅོམ་ལྡན་འདས་ཅི་འདྲ་བ་དེ་འདྲ་བའི་ཤེས་རབ་སྟེ། འོན་ཀྱང་བྱེ་བྲག་ཏུ་ཤེས་རབ་ནི་མགོ་བོ་སྐམ་པོའི་ཕྲེང་བ་ཅན་ནོ། །སླད་ནས་རང་གི་སྙིང་གར་སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་
དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་དབྱུག་པ་དཀར་པོ་སྟེ་དེའི་དབུས་སུ་ཉི་མ་དམར་པོ་ཡི་གེ་ཧཱུཾ་གིས་བརྒྱན་པ་བསྒོམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་ཡི་གེ་ཧཱུཾ་ལས་བྱུང་བ་དང་། བཅོམ་ལྡན་འདས་མའི་པདྨའི་ཡི་གེ་ཨ་ལས་བྱུང་བ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་
ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང་དབང་པོ་གཉིས་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་བཅོམ་ལྡན་འདས་བསྒོམ་པར་བྱའོ། །དེའི་རྗེས་ལ་བཅོམ་ལྡན་འདས་མའི་ལྟེ་བའི་འོག་ཏུ་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་རྩེ་མོར་

རེ་ཁཱ་དཀར་པོ་གནས་པར་བསྒོམ་མོ། །ཐུགས་ཀའི་ས་བོན་གྱིས་ནམ་མཁའི་ཕྱོགས་སུ་སྤྱན་དྲངས་བའི་དེ་བཞིན་གཤེགས་པ་རྣམས་སྔ་མ་བཞིན་མཆོད་ལ་དབང་བསྐུར་བའི་དོན་དུ་གསོལ་བ་གདབ་པར་བྱའོ། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། དེ་དག་གི་ས་དང་རིན་པོ་ཆེ་ལ་སོགས་
པས་སྤྲས་པའི་གསེར་གྱི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བས་བདག་ལ་དབང་བསྐུར་ཞིང་གུར་གུམ་དང་མེ་ཏོག་ལ་སོགས་པའི་ཆར་དབབ་པ་དང་རྔ་བོ་ཆེའི་སྒྲ་ལ་སོགས་པ་ཡང་བསྒོམ་པར་བྱའོ། །སླར་ཡང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ནམ་མཁའི་ཕྱོགས་སུ་གཤིན་རྗེ་
མཐར་བྱེད་དམར་པོ་སྤྱན་དྲངས་ལ། སྔ་མ་བཞིན་ཡང་དག་པར་མཆོད་དེ་ཛཿཧཱུཾ་བཾ་ཧོཿཞེས་པ་འདིས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ལ། དམ་ཚིག་སེམས་དཔའ་ལ་གནས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་ལ་གནས་པའི་ཧྲཱིཿཥྚྲྀཿལ་
སོགས་པའི་སྔགས་ཀྱི་ཕྲེང་བ་འབར་བར་བལྟས་ལ་ཡིད་ཀྱིས་བཟླས་པ་བཞིན་དུ་ཁྲོ་བོའི་ཚིག་བཟླས་སོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཐུན་གཞན་ལ་སྔ་མ་བཞིན་དུ་ས་བོན་དང་ཕྱག་མཚན་གྱི་རིམ་པས་བདག་ཉིད་བསྐྱེད་ལ་དབང་བསྐུར་བ་སྔོན་དུ་འགྲོ་བས་ཡེ་ཤེས་སེམས་
དཔའ་གཞུག་པར་བྱའོ། །ཉལ་བའི་དུས་སུ་སྟོང་པ་ཉིད་ཀྱི་རྣལ་འབྱོར་བསྒོམ་ཞིང་ཉལ་བར་བྱའོ། །དམ་ཚིག་སྔོན་དུ་འགྲོ་བའི་རིམ་པ་འདིས་བསྒོམ་ཞིང་བཟླས་ན་དེའི་གཤིན་རྗེ་མཐར་བྱེད་དམར་པོ་འདི་ངེས་པར་འགྲུབ་པར་འགྱུར་རོ་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་བཀའོ། །རིམ་པ་འདི་
གཤིན་རྗེ་མཐར་བྱད་དམར་པོའི་སྦྱོར་བ་འཁྲུལ་འཁོར་ལ་སོགས་པ་དང་ལས་རབ་འབྱམས་ལ་སོགས་པ་འགྲུབ་པའོ། །འོན་ཀྱང་འདིར་བྱེ་བྲག་ཏུ་ཞི་བ་དང་རྒྱས་པ་དང་དབང་དང་། མངོན་སྤྱོད་ཀྱི་དབྱེ་བས་དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོའི་གཟུགས་སུ་བསྒོམ་མོ། །གཤིན་རྗེ་
མཐར་བྱེད་དམར་པོའི་སྒྲུབ་ཐབས་རྣལ་འབྱོར་གྱི་དབང་ཕྱུག་བི་རཱུ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་ཆེན་པོ་ཉི་མའི་དབང་པོའི་འོད་ཟེར་གྱི་ཞལ་སྔ་ནས། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། གཤིན་རྗེ་གཤེད་དམར་ལ་ཕྱག་འཚལ་ལོ། །བདུད་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་དྲག་པོ་སྒྲོལ་མཛད་པ། །ཡ་མཱནྟ་ཀར་ཕྱག་འཚལ་ནས། །དེ་ཡི་
སྒྲུབ་ཐབས་བདག་གིས་བཤད། །ཐོག་མར་གནས་དབེན་པར་བདུད་རྩི་ལྔ་ལ་སོགས་པའི་རིལ་བུ་ཁར་བཅུག་ནས་བདག་ཉིད་རོའི་ཐོག་ཏུ་བསམས་ཏེ་འདུག་ལ། ཚངས་པའི་གནས་བཞི་དང་ལྡན་པས་བླ་མ་དམ་པ་ལ་མཆོད་པར་བྱའོ། །ཨོཾ་སྭ་བྷཱ་བ་ཤུདྡྷ་སྶརྦ་དྷརྨཿསྭ་བྷཱ་བ་ཤུདྡྷོ་྅ཧཾ།
ཨོཾ་ཡོག་ཤུདྡྷཿ སརྦྦ་དྷརྨྨཿ ཡོ་ག་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ཁ་དོག་སྔོན་པོ་ཡཾ་གིས་མཚན་པ་གཞུའི་དབྱིབས་ལྟ་བུ། དེའི་ཐོག་ཏུ་རཾ་དམར་པོ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་ཁ་དོག་དམར་པོ་
འབར་བས་མཚན་པ། བཾ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ། ཁ་དོག་དཀར་པོ་བུམ་པས་མཚན་པ། ལཾ་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་སེར་པོ་རྡོ་རྗེས་མཚན་པ། སུཾ་ཡོངས་སུ་གྱུར་པ་ལས་རི་བོ་མཆོག་རབ་གྲུ་བཞི་རིན་པོ་ཆེའི་རང་བཞི་ཅན་ལྕོག་
བརྒྱད་ཀྱིས་བརྒྱན་པ། དེའི་འོག་ཏུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་བྱ་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཚན། །དྲ་བ་དྲ་ཕྱེད་བརྒྱན་བྱས་ཤིང་། །ཞེས་སོ། །དེའི་དབུས་སུ་པཾ་གྱུར་པ་ལས་སྣ་ཚོགས་པདྨ། དེའི་ལྟེ་བར་ཧཱུཾ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ། དེ་
ལས་སྐྱེས་པའི་དབྱུག་ཏོ་ཉི་མའི་དཀྱིལ་དུ་ས་བོན་དང་བཅས་པ་དེ་ཡོངས་སུ་གྱུར་པ་ལས། དཔའ་བོ་གཤིན་རྗེ་གཤེད་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་པོ་ཉི་མ་བྱེ་བའི་འོད་ཅན། ཕྱག་གཡོན་ན་བདུད་མ་ལུས་པའི་ཁྲག་གིས་བཀང་བའི་ཐོད་པ། ཕྱག་གཡས་ན་ཁམས་གསུམ་རྣམ་
པར་འཇོམས་པའི་དབྱུག་ཏོ་དཀར་པོ། བརྒྱད་གཉིས་ལོན་པའི་རྣམ་པ་ཅན་ཀླུ་བརྒྱད་ཀྱིས་ཉེ་བར་བརྒྱན་པ། མཆེ་བ་གཙིགས་པ། ཞལ་ཅུང་ཟད་གདངས་པ། ཁྲོ་བོའི་ཚུལ་གྱིས་བཞད་པའི་ལྗགས་འགྱུ་བ། ཉི་མ་ལྟ་བུའི་སྤྱན་གསུམ་ཟླུམ་པ། ཞལ་ཁྲོ་གཉེར་ཅན་སྐུ་སྦོམ་པ། རྩིབ་

ལོགས་དང་གསུས་པ་ཆེ་བ། སྐུ་དང་ཡན་ལག་དང་ཉིང་ལག་ཐུང་ཞིང་འོད་འབར་བ། དབུ་སྐྱེས་དང་སྨ་ར་སེར་ཞིང་འབར་བ་ཅན། སྟག་གི་པགས་པའི་ཤམ་ཐབས་བསྣམས་པ། བརྒྱ་ཕྱེད་མི་མགོའི་ཕྲེང་བ་ཅན། རྡོ་རྗེ་རོ་ལངས་མས་ཡང་དག་པར་འཁྱུད་པ། ལྷ་མོ་ཞལ་གཅིག་ཕྱག་
གཉིས་སྤྱན་གསུམ་དབུ་སྐྲ་གྲོལ་བ། ཕྱག་གཡོན་ན་གནས་པའི་ཐོད་པར་གདུག་པ་བདུད་ཀྱི་ཁྲག་འཛིན་པ། གཡས་ན་རྡོ་རྗེ་གྲི་གུག །མ་ཧེའི་ཐོག་ཏུ་ཞབས་གཡོན་བརྐྱང་བས་གནས་པ་བསྒོམ་པར་བྱའོ། །ཤར་གྱི་འདབ་མར་གཏི་མུག་གཤིན་རྗེ་གཤེད་བཛྲ་ཙརྩི་ཀ་ལ་འཁྱུད་པ་སྐུ་མདོག་
དཀར་པོ། ལྷོའི་འདབ་མར་སེར་སྣ་གཤིན་རྗེ་གཤེད་སྐུ་མདོག་སེར་ཞིང་ཕག་མོ་ལ་འཁྱུད་པ། ནུབ་ཀྱི་འདབ་མར་འདོད་ཆགས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ་དབྱངས་ཅན་མ་དང་ཡང་དག་པར་ལྡན་པ། བྱང་གི་འདབ་མ་ལ་ཕྲག་དོག་གཤིན་རྗེ་གཤེད་སྐུ་མདོག་ལྗང་གུ་གཽ་རཱི་དང་ཡང་
དག་པར་ལྡན་པ། ཙིརྩི་ཀ་ནག་མོ། ཕག་མོ་སེར་མོ། དབྱངས་ཅན་མ་དམར་མོ། །གཽ་རཱི་ལྗང་གུ། གཡོན་ན་ཐོད་པ། གཡས་ན་གྲི་གུག་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། དཔའ་བོ་ཇི་ལྟར་ཕྱག་དང་ཞལ་གྱི་རྣམ་པ་ཅན། མེའི་མཚམས་སུ་མུ་མེན་གསེར་ཆབ་ཀྱི་བུམ་པ་ཙ་ཏུ་ས་མས་བཀང་
བ། བདེན་བྲལ་དུ་གསེར་གྱི་བུམ་པ་ཀསྟུ་རིས་བཀང་བ། རླུང་གི་མཚམས་སུ་བྱི་རུའི་བུམ་པ་སིཧླས་བཀང་བ། དབང་ལྡན་དུ་དངུལ་གྱི་བུམ་པ་ག་བུར་གྱིས་བཀང་བ། ཁ་ཐོད་པས་བཅད་པ་བསྒོམ་པར་བྱའོ། །དེ་ནས་ཏིང་ངེ་འཛིན་སེམས་དཔའ་དང་། དབང་བསྐུར་བ་དང་། ཡེ་ཤེས་
སེམས་དཔའ་དགུག་གཞུག་བྱ་བ་དང་། བཟླས་པའི་དམིགས་པ་གང་བཞིན་བྱས་ཏེ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཐུགས་ཀྱི་སྙིང་པོའོ། །ཨོཾ་ཧཽཾ་ཀྵཽཾ་ཀྵ་ཡཾ་ཀ་ར་ཡ། གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཉེ་བའི་ཐུགས་ཀྱི་སྙིང་པོའོ། །ཨོཾ་མ་ཧཱ་ཡཀྵ་སེ་ནཱ་དྷི་པ་ཏི་ཡེ། མ་ཧཱ་དུརྡནྟ་
དཱ་མ་ཀ །ནཱ་ཤ་ཡ་ནཱ་ཤ་ཡ། བི་དྲ་པ་ཡ་བི་དྲ་པ་ཡཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཕྲེང་བའི་སྔགས་སོ། །ཨོཾ་དྭེ་ཥ་ར་ཏི། ནུ་ད་ནུ་ད། ཏྲུ་ཊ་ཏྲུ་ཊ་ཧཱུཾ་ཛཿསྭཱ་ཧཱ། རྗེ་བཙུན་མའི་སྔགས་སོ། །ཨོཾ་མོ་ཧཱནྟ་ཀྲྀཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པི་ཤུ་ནཱནྟ་ཀྲྀཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱ་གཱནྟ་ཀྲྀཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨིཪྵྱནྟ་ཀྲྀཏ་

ཧཱུཾ་ཧཱུཾ་ཕཊ། དཔའ་བོ་བཞིའི་སྔགས་སོ། །ཨོཾ་མོ་ཧ་ར་ཏི་ཧཱུཾ་ཛཿ། ཨོཾ་བི་ཤུ་ན་ར་ཏི་ཧཱུཾ་ཛཿ། ཨོཾ་རཱ་ག་ར་ཏི་ཧཱུཾ་ཛཿ། ཨོཾ་ཨིཪྵྱ་ར་ཏི་ཧཱུཾ་ཛཿ། དཔའ་མོ་དབང་ཕྱུག་མ་བཞིའི་སྔགས་སོ། །དང་པོ་མི་མགོ་གསུམ་གྱི་སྟེང་དུ་པདྨའི་སྣོད་དུ་བསྐལ་པའི་མེའམ། རྡོ་རྗེ་ལྟ་བུར་འབར་བ་ཅན།
དེའི་ནང་དུ་ཟན་དང་ཆུ་བསྲེས་ལ། གོ་ཀུ་ད་ཧ་ན་འོ་མ་མར་དང་རྒྱ་སྐྱེགས་འདྲེས་མའི་ཁུ་བ་ལྟ་བུ་ཡང་དག་པར་བལྟས་ལ་བསིལ་བར་གྱུར་པར་བསམས་ལ། ཛཿཧཱུཾ་བཾ་ཧོཿ སྔགས་འདིས་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་ཏེ། དེ་ནས་མཆོད་ཡོན་ལ་སོགས་པ་ཕུལ་ནས། བསིལ་བར་གྱུར་