Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 48
Văn bản gốc(Tây Tạng)
Trang 8 / 14 (50.000 ký tự/trang)
་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་ཆོ་ག་པཎྜི་ཏ་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་འཛིན་གྱི་ཞལ་ སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་རྗེ་བཙུན་ཆེན་པོ་དཔལ་གཤིན་རྗེ་གཤེད་ཀྱིས་རྗེས་སུ་གཟུང་བ། ཉི་མའི་དབང་པོའི་འོད་ཟེར་གྱི་ཞལ་སྔ་ནས། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ༄༅༅། །རྒྱ་གར་སྐད་དུ། སྭ་ཨ་དྷིཥྛ་ན་ཙ་ཏུ་ཡོ་ག་ཏ་ད་ཏྭ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། རྣལ་འབྱོར་བཞིའི་དེ་ཁོ་ན་ཉིད་ཅེས་བྱ་བ་རང་བྱིན་གྱིས་བརླབ་པའི་མན་ངག །བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་སྤྲོས་མེད་ཐུགས་རྗེས་ བརླན། །དཔལ་ལྡན་བདེ་ཆེན་ཕྱག་འཚལ་ཏེ། །རང་བྱིན་བརླབས་པའི་རིམ་པ་ནི། །བླ་མའི་དྲིན་གྱིས་གསལ་བར་བཤད། །བླ་མ་ལ་གུས་དམ་ཚིག་ཅན། །སྙིང་རྗེ་སེམས་ཅན་དོན་སེམས་པའི། །སྒྲུབ་པོས་དབེན་པའི་གནས་སུ་ནི། །དངོས་གྲུབ་དམ་པ་བསྒྲུབ་པར་བྱ། ། རྣལ་འབྱོར་དམ་པ་བཞིར་བཤད་དོ། །དབྱིབས་དང་སྔགས་དང་བྱིན་རླབས་དང་། །རྣམ་དག་ཡེ་ཤེས་ཞེས་བྱ་བས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །རིམ་པའམ་ཡང་ན་ཅིག་ཅར་དང་། །སངས་རྒྱས་རྗེས་དྲན་བསྒོམ་བྱ་སྟེ། །གོང་བུར་གནས་པའི་བདག་ཉིད་ཀྱིས། །ལུས་ འདི་གཤིན་རྗེ་གཤེད་དམར་པོ། །འདི་ནི་བེམས་པོ་མ་ཡིན་ལ། །ཤ་དང་ཁྲག་ཀྱང་དེ་མ་ཡིན། །བདེན་མིན་བརྫུན་པ་མ་ཡིན་ནོ། །ཐ་མལ་མ་ཡིན་ཡེ་ཤེས་སྐུ། །དང་ཞིང་གསལ་ལ་རྙོག་པ་མེད། །ཕུན་ཚོགས་ཡོན་ཏན་ཀུན་གྱི་རྟེན། །འདི་ནི་བདག་ལས་ཐ་དད་མེད། །སྤང་ཞིང་བསྣན་དུ་ ཅུང་ཟད་མེད། །མ་འཁྲུལ་བླ་མའི་བཀའ་དྲིན་གྱིས། །གདོད་ནས་གྲུབ་པར་ཤེས་བྱ་སྟེ། །ལུས་ཅན་ཀུན་གྱིས་འདི་མཐོང་དང་། །གང་གིས་ཐོས་དང་དྲན་ཙམ་གྱིས། །བསམ་པ་རྫོགས་མཛད་ཟུང་འཇུག་སྐུ། །དེ་ལྟར་བདག་ཉིད་གསལ་བར་བལྟ། །བདག་གི་ཐུགས་ཀའི་ས་བོན་ལས། ། ས་གསུམ་འོད་ཟེར་རབ་འཕྲོས་ནས། །མཐོང་ཐོས་དྲན་པའི་སྤྱོད་ཡུལ་དུ། །མ་ལུས་ལུས་པ་མེད་པ་ཡིན། །བརྟན་གཡོའི་དངོས་པོ་ཇི་སྙེད་པ། །དཔལ་ལྡན་གཤིན་རྗེ་གཤེགས་དམར་པོ། །ཁམས་གསུམ་མིན་འདི་གཞལ་མེད་ཁང་། །སྲོག་ཆགས་མིན་འདི་རྒྱལ་བ་རྣམས། །ཕུང་པོ་ཁམས་དང་ སྐྱེ་མཆེད་མིན། །ཁམས་གསུམ་མིན་འདི་དཀྱིལ་འཁོར་པ། །རང་བཞིན་འོད་གསལ་ངོ་བོ་ཉིད། །མེ་ལོང་ནང་གི་གཟུགས་བརྙན་ལྟར། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །རྨི་ལམ་ཇི་བཞིན་གོམས་བྱས་ཏེ། །བར་མའི་སྲིད་པ་རབ་སྦྱོར་བས། །དེ་བཞིན་གཤེགས་པའི་དངོས་གྲུབ་ཐོབ། །དབྱིབས་ ཀྱི་རིམ་པ་སྟེ་རྣལ་འབྱོར་རོ། །ལུས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །སྲིད་དང་རྣམ་གྲོལ་ཐོབ་བྱེད་པའོ། །བྱ་དྲ་དང་ནི་བྷ་ར་ཏ། །མུ་ས་ལ་དང་ཨ་ཏྲ་ཏས། །ཐོག་མར་ལུས་ནི་སྦྱང་བར་བྱ། །ལུས་སྦྱངས་པས་ནི་རྩ་དང་ རླུང་། །ལེགས་པར་དག་པ་ཉིད་དུ་འགྱུར། །སྤྲོས་པ་ཐམས་ཅད་སྤངས་ནས་སོ། །མཉམ་པར་གཞག་པས་དངོས་གྲུབ་ཐོབ། །དགང་བའི་སྦྱོར་བས་དགང་བྱ་སྟེ། །དགུག་པའི་སྦྱོར་བས་དགུག་པར་བྱ། །ཞི་བ་ཡིས་ནི་ཞི་བ་ཉིད། །རེངས་པའི་སྦྱོར་བས་མི་གཡོའོ། །སྦྱོར་བ་བཞི་ཡིས་ བདག་ཉིད་ཀྱིས། །དངོས་གྲུབ་ཆེན་པོ་སྐྱེ་བར་འགྱུར། །རྩ་གསུམ་ཟུར་གསུམ་སྦྱངས་ནས་ནི། །ཅུང་ཟད་སྤྱོད་ལམ་དལ་བར་བྱ། །དབང་པོ་ངལ་ཞིང་དུབ་པའི་ཚེ། །སེམས་ནི་རྩེ་གཅིག་ཉིད་དུ་གཞག །དུ་བ་ལ་སོགས་ལྔ་པོ་ནི། །སྐད་ཅིག་ཉིད་ལ་འཆར་བར་འགྱུར། །མངོན་ཤེས་རྫུ་འཕྲུལ་ ལ་སོགས་པ། །གྲོལ་བའི་དངོས་གྲུབ་གོ་འཕང་འཐོབ། །རླུང་གི་གཡོ་བས་འཁོར་བ་སྟེ། །མི་གཡོ་བས་ནི་མྱ་ངན་འདས། །སྙིང་གི་ཆུ་སྐྱེས་དབུས་སོགས་པས། །མི་གནས་མྱ་ངན་འདས་པ་ཐོབ། །རྣལ་འབྱོར་པས་ནི་མཉམ་གཞག་པས། །ནང་པར་བྱ་རོག་མི་གྲག་པར། །འཇུག་ པའི་རླུང་ནི་གང་ཡིན་ལ། །སྟོང་ཕྲག་གཅིག་ནི་བགྲང་བར་བྱ། །སྒྲུབ་པོས་སྒྲ་དང་བྲལ་བ་ནི། །འབུམ་ཕྲག་གཅིག་ནི་རྫོགས་པ་ན། །ཚེ་ཟད་པ་ཡང་ལོ་ལྔ་རུ། །འཚོ་འགྱུར་འདི་ལ་ཐེ་ཚོམ་མེད། །སྙིང་གའི་ཧཱུཾ་ཡིག་དཀར་པོ་ལ། །ཡུལ་སོགས་དམིགས་པར་མི་བྱེད་པས། །རླུང་གི་སྦྱོར་ བས་གོམས་བྱེད་ན། །མངོན་པར་ཤེས་པ་འཐོབ་པར་འགྱུར། །རྣམ་ཤེས་གོང་དུ་འཕོ་བ་ནི། །འཆི་བའི་དུས་ལ་བབ་པའི་ཚེ། །བུ་ག་རྣམས་སུ་སོན་པའི་རྩ། །ཡི་གེ་རྣམས་ཀྱིས་དགབ་པར་བྱ། །ཨཱ་ལི་ཀཱ་ལིའི་རླུང་གིས་ནི། །བུ་གའི་རླུང་ནི་སྦྱང་བར་བྱ། །སྙིང་གའི་ཧཱུཾ་ཡིག་ཤེས་དང་ སྦྱར། །ཕྱེད་དང་གཉིས་ཀྱི་ཡི་གེ་ནི། །འོག་དང་སྟེང་དུ་བཞག་པ་ལ། །དེ་ཡི་འོག་གི་ཆ་རླུང་གིས། །ས་བོན་སྟེང་འོག་བལྟས་པ་ཡིས། །རླུང་གི་ས་བོན་གཉིས་གཞག་པས། །རྣལ་འབྱོར་ལྡན་པས་ཁ་སྦྱོར་བཅིང་། །ཡི་གེ་ཕྱེད་དང་གཉིས་ཀྱི་སྔགས། །ཉི་ཤུ་རྩ་གཅིག་རིམ་པར་ བརྗོད། །རླུང་ནི་རྣམ་ཤེས་བཞོན་པ་སྟེ། །གང་དང་གང་དུ་བགྲོད་པ་ཡི། །རླུང་ནི་སྒོ་རུ་བརྩམས་པས་ཏེ། །དགུག་པ་ལྡོག་པའི་སྦྱོར་བ་ཡིས། །དེ་ལྟར་སྦྱངས་པའི་གོམས་པ་ལས། །གྲོལ་བའི་དངོས་གྲུབ་ཐོབ་པའོ། །སྒོ་ཡི་བྱེ་བྲག་བཤད་པར་བྱ། །འདོད་ཁམས་བདེ་འགྲོ་ལྟ་བ་གནས། ། གཟུགས་ཁམས་སྨིན་མཚམས་ཐིག་ལེ་ལས། །ཚངས་པའི་སྒོ་ནས་གཟུགས་མེད་དོ། །དེ་ནི་མཐོ་རིས་བྱེད་པའོ། །སྣ་ནས་གནོད་སྦྱིན་གནས་སུ་སྐྱེ། །རྣ་བ་ལས་ནི་མི་འམ་ཅི། །མིག་ལས་མི་ཡི་དབང་པོར་འགྱུར། །གཅིན་གྱི་སྒོ་ལས་དུད་འགྲོར་འགྱུར། །བཤང་བ་ལས་ནི་དམྱལ་བར་འགྱུར། ། བདེ་འགྲོ་ལས་ནི་གཞན་དུ་འགྲོ། །དེ་ལྟར་མ་ནུས་སྟོབས་ཆུང་བ། །རྣམ་ཤེས་བླ་མར་འཕོ་བ་ནི། །སྤྲོས་པ་ཐམས་ཅད་བཅད་ནས་ནི། །རྒྱལ་སྲས་ལམ་ལ་གཏང་བར་བྱ། །ལུས་ནི་ལེགས་པར་བསྲུང་བར་བྱ། །ཡང་ན་སེང་གེའི་ཉལ་ཐབས་བྱ། །རྣམ་སྨིན་ ལས་གྲུབ་ཕུང་པོ་འདི། །བླ་མ་ལྷ་དང་འབྱུང་པོ་ལ། །སྟོས་པ་མེད་པར་གཏང་བར་བྱ། །མཆོག་གི་སྒོ་ནི་གསལ་པོར་དབྱེ། །སྙིང་གི་ཆུ་སྐྱེས་པདྨོ་ཡི། །ཧཱུཾ་ལས་རྣམ་ཤེས་བསྟིམ་པར་བྱ། །སྤྱི་བོར་བླ་མ་ལྷག་པའི་ལྷ། །དུས་གསུམ་བདེ་གཤེགས་རོ་གཅིག་པ། །མཆོད་ སོགས་བྱས་ལ་གསོལ་བ་གདབ། །དེ་ནས་རླུང་གི་སྦྱོར་བ་ཡིས། །རྣམ་ཤེས་ཐུགས་ཀར་འཕང་བར་བྱ། །སངས་རྒྱས་ཀུན་གྱི་ཡེ་ཤེས་དང་། །རང་གི་རྣམ་ཤེས་དབྱེར་མེད་དུ། །སྟོང་ཉིད་སྙིང་རྗེ་རོ་གཅིག་པར། །མི་འགྱུར་བདེ་བ་བསྒོམ་པར་བྱ། །དེ་ནི་ཆོས་སྐུ་ཕྲིན་ལས་ དང་། །བཅས་པའི་དངོས་གྲུབ་ཐོབ་པར་འགྱུར། །མཚམས་མེད་ལྔ་ནི་བྱེད་པ་དང་། །ཉིན་བཞིན་བྲམ་ཟེ་གསོད་པ་ཡང་། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་གིས་གོས་པར་མི་འགྱུར་རོ། །དུས་ལ་བབས་ན་འཕོ་བར་བྱ། །དུས་མིན་ལྷ་ནི་གསོད་པར་འགྱུར། །ལྷ་ནི་བསད་ པ་ཙམ་གྱིས་ནི། །མནར་མེད་གནས་སུ་སྲེག་པར་བྱེད། །འདི་ནི་བདེ་བར་གནས་དུས་སུ། །ཅུང་ཟད་གོམས་པར་བྱ་བ་སྟེ། །འབྱིན་དང་འཇུག་པའི་རླུང་ལ་ནི། །སྦྱར་ཏེ་སྤྲོ་དང་བསྡུ་བའི་ཚུལ། །ནམ་མཁར་རྗེ་བཙུན་བལྟས་ནས་ནི། །ཡུད་ཙམ་མཉམ་གཞག་རྣལ་འབྱོར་བྱ། ། སྔགས་ཀྱི་རིམ་པ་སྟེ་རྗེས་སུ་རྣལ་འབྱོར་རོ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བླ་མའི་མན་ངག་རིམ་པ་ཡིས། །སྲིད་པའི་སྡུག་བསྔལ་གཞོམ་འདོད་པས། །མི་འགྱུར་བདེ་བ་བསྒོམ་པར་བྱ། །རྣལ་འབྱོར་མ་ཡི་མཚན་ཉིད་ནི། །རིགས་ནི་རྣམ་པ་བཞི་རུ་བཤད། །ཙརྩི་ཀ་ནི་པདྨ་ ཅན། །ཕག་མོ་གླང་པོ་ཅན་དུ་བཤད། །རྡོ་རྗེ་དབྱིངས་ཅན་དུང་ཅན་མ། །དཀར་མོ་རི་མོ་ཅན་ཡིན་ཏེ། །རིགས་ནི་བཞི་ཡི་མཚན་ཉིད་རྣམས། །དེ་ལྟར་མཁས་པས་ཤེས་པར་བྱ། །པདྨ་ཅན་གྱི་མཚན་ཉིད་ནི། །བཞིན་ནི་ཀུན་ནས་ཟླུམ་པོ་སྟེ། །སྣ་ནི་ཟར་མའི་མེ་ཏོག་མཚུངས། །རུས་ སྦལ་རྒྱབ་འདྲའི་སེན་མོ་དམར། །ནུ་མ་མཁྲེགས་ཤིང་འཇམ་པ་དང་། །རྐང་མཐིལ་མཉམ་ནས་བྲང་ཡང་མཛེས། །བ་སྤུ་འཁྱིལ་ཞིང་ངང་པའི་སྐད། །རི་མོ་གསུམ་ཅན་ཆུ་སྐྱེས་མཆོག །པདྨའི་དྲི་ལྡན་གླང་ཆེན་འགྲོས། །པདྨའི་འདབ་ལྟར་རེག་ན་འཇམ། །པདྨའི་བྱེད་པས་བསྟེན་ཕྱིར་ སྟེ། །པདྨ་ཅན་གྱི་དངོས་གྲུབ་འགྱུར། །གླང་པོ་ཅན་ཞེས་བྱ་བ་ནི། །སྣ་གཡོན་བ་སྤུ་འཁྱིལ་བ་དང་། །འདོད་པས་མྱོས་ཤིང་འདོད་ལ་སྲེད། །ཆང་གི་དྲི་ལྡན་བྱིན་པ་སྦོམ། །ལུས་ནི་སྦོམ་ལ་མི་སྲུན་པ། །བཞིན་གྱི་མདངས་ཆེ་ང་རོ་ཆེ། །གླུ་དང་རོལ་མོ་ལ་དགའ་བ། །བྱེད་པ་བཅིངས་པའི་ སྤྱོར་བ་ཡིས། །གླང་པོ་ཆེ་ཡི་མཆོག་སྒྲུབ་བྱེད། །དུང་ཅན་མ་ཞེས་གྲགས་པ་ནི། །ཧ་ཅང་སྐེམ་ཞིང་སྦོམ་པ་མིན། །སྐྲ་རིང་སྣ་ཡང་ཅུང་ཟད་རིང་། །ནུ་མ་ན་ར་ཀ་འབྲས་ལྟར། །ཞོ་དང་འོ་མའི་ཚོགས་ལ་དགའ། །བྱ་རོག་སྐད་ཅན་བུང་བའི་སྒྲ། །བ་ལང་ལྕེ་ལྟར་རྩུབ་པ་སྟེ། །གི་ཝང་ར་ཏའི་ བཅིངས་པས་བསྟེན། །རི་མོ་ཅན་ཡང་བཤད་པར་བྱ། །ཤིན་ཏུ་ཁྲོ་ཞིང་ངོ་ཚ་སྤངས། །རྟག་ཏུ་རྩོད་པ་ལ་དགའ་ཞིང་། །ལུས་ཐུང་དེ་ཡི་བྲང་རྣམས་མཛེས། །པ་ལའི་འབྲས་ལྟར་ནུ་མ་ཟབ། །བྱིན་པ་ཕྲ་ཞིང་ཕྱིས་གན་ཉལ། །གསུས་པ་སྦོམ་ཞིང་མཆུ་ཡང་འཕྱང་། །ཤ་བའི་དྲི་ལྡན་ཕུག་ རོན་སྐད། །དེ་ནི་རི་མོ་ཅན་ཞེས་བྱ། །པི་ལ་ས་ཡི་བཅིངས་པས་བསྟེན། །རི་མོ་ཅན་གྱི་དངོས་གྲུབ་འགྱུར། །བཅུ་དྲུག་ལོན་པའི་སྐད་བཟང་མ། །གཟུགས་དང་ལང་ཚོ་ཕུན་སུམ་ཚོགས། །དང་པོར་ལེགས་པར་སྦྱང་བ་དང་། །དབང་བསྐུར་ནས་ནི་སྒྲུབ་པ་བརྩམ། །སྐུ་གསུང་ཐུགས་དང་རྡོ་རྗེ་ ནི། །དཔྲལ་བ་ལ་སོགས་རྣམས་སུ་དགོད། །སྭཱ་ཧཱ་གསང་བ་གཙུག་ཏོར་དུའོ། །དེ་ནས་པདྨ་རྡོ་རྗེ་སྦྱང་། །ཨ་ཡིས་པདྨའི་འདབ་བརྒྱད་ལ། །ཨ་ཡིས་ཟེ་འབྲུ་རབ་ཏུ་བརྟག །ཧཱུཾ་གིས་རྡོ་རྗེ་རྩེ་ལྔ་པ། །ཕཊ་ཀྱིས་སྒོ་ལ་རབ་ཏུ་བརྟག །དེ་ལྟར་རྡོ་རྗེ་པདྨ་བཅས། །བྷ་གར་ལིངྒ་བཞག་ནས་ནི། །བྱང་ཆུབ་ སེམས་ནི་སྤྲོ་མི་བྱ། །རྣལ་འབྱོར་པས་ནི་ཧཱུཾ་ཕཊ་བསམ། །བྷ་གར་རྡོ་རྗེ་འཛིན་པར་བྱེད། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་ངོ་བོར་བསྒོམ་པར་བྱ། །རྒྱུ་མཐུན་ལ་སོགས་རབ་དབྱེ་བས། །ཤིན་ཏུ་རྣལ་འབྱོར་བསྒོམ་པར་བྱ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི། །རྩ་ནི་ཉེ་བར་བཙལ་བྱ་སྟེ། ། བྱེད་པ་བཅིངས་པའི་སྦྱོར་བ་ཡིས། །རྣལ་འབྱོར་པ་ཡིས་ཇི་སྲིད་དུ། །བྱང་ཆུབ་སེམས་ནི་འབྱིན་མི་བྱ། །གང་ཚེ་ཆུ་ཡི་རི་མོ་ལྟར། །དེ་ཚེ་ཐོབ་འགྱུར་རྒྱུན་མི་འཆད། །དགའ་བ་ལས་སྐྱེས་དེ་བཞིན་ཅི། །དངོས་གྲུབ་ཀུན་གྱི་གཏེར་གྱུར་བ། །བྱང་ཆུབ་སེམས་ནི་ཉམས་ གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་འགྱུར་བས། །མ་སྨད་དངོས་གྲུབ་ག་ལ་ཐོབ། །མཁའ་ཁམས་རྡོ་རྗེ་ཀུན་སྦྱོར་དང་། །རེག་བྱས་ཀྱིས་ནི་རྨད་བྱུང་ཆེ། །བདེ་བ་སྐྱེད་པར་བྱེད་པ་ནི། །མཆོག་ཏུ་དགའ་བ་བྱེད་པའོ། །དགའ་བྲལ་དག་གི་དབུས་སུ་ནི། །མཚོན་པར་དེ་ནི་བསྟན་པར་བྱ། ། པདྨའི་དབུས་སུ་རྡོ་རྗེ་ནི། །ལྟེ་བས་མནན་པའི་གནས་དག་ཏུ། །རྡོ་རྗེའི་སྐྱིལ་ཀྲུང་ལས་སེམས་ནི། །ནོར་བུའི་ནང་དུ་སོན་པ་ལྟར། །ཡེ་ཤེས་སྐྱེ་བ་གང་ཡིན་པ། །ཡེ་ཤེས་ངོ་བོ་ཞེས་བྱ་བ། །ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །གང་ཚེ་ རྣལ་འབྱོར་ཡེ་ཤེས་མཐོང་། །བདེ་བ་གནས་སུ་འགྱུར་མི་བྱ། །ཐུན་མོང་ཡང་ན་ཉིན་གཅིག་དང་། །ཟླ་ཕྱེད་ཟླ་བ་ལོ་དང་ནི། །བསྐལ་པའམ་བསྐལ་པ་སྟོང་དུ་ཡང་། །ཡེ་ཤེས་སྦྱོར་བས་གནས་པར་བྱ། །བྱིན་གྱིས་བརླབས་པའི་སྦྱོར་བ་སྟེ་ཤིན་ཏུ་རྣལ་འབྱོར་རོ། །མཁའ་འགྲོའི་ཕོ་བྲང་ ཆུ་སྐྱེས་དབུས། །ཐབས་དང་ཤེས་རབ་སྦྱོར་བ་ཡིས། །ཁམས་གསུམ་རྒྱུ་དང་མི་རྒྱུ་དངོས། །རྣལ་འབྱོར་ཆེན་པོས་ངལ་བསོ་བྱ། །ལྟེ་བའི་དབུས་སོན་དཔའ་བོ་ལ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །ཇི་ལྟར་དབུགས་རླུང་མེ་ལོང་ལ། །ཇི་ལྟར་ཐིམ་པ་བལྟ་བར་བྱ། །ལྟེ་བའི་ཆུ་སྐྱེས་པདྨོ་ལ། ། ཡུངས་ཀར་ཙམ་དུ་བརྟག་བྱ་གང་། །བདེ་གསལ་ཡེ་ཤེས་ཉིད་དུ་འགྱུར། །རྟག་པ་མ་ཡིན་ཆད་པ་མིན། །བདག་མིན་གཞན་ཡང་མ་ཡིན་ལ། །སྲིད་མིན་མྱ་ངན་འདས་པ་མིན། །ཐོག་མ་དབུས་མཐའ་རྣམ་པར་སྤངས། །འོད་གསལ་བ་ལས་དེ་གསལ་ན། །དེ་ལས་རྡོ་རྗེ་འཛིན་པར་འགྱུར། ། རྣལ་འབྱོར་བཞི་ཡི་རིམ་པ་ལས། །གང་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །ཐབས་དང་ཤེས་རབ་རང་གི་དངོས། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །འཇིག་རྟེན་ཁྱབ་བྱེད་གསལ་བར་སྣང་། །མི་འགྱུར་མཆོག་གི་བདེ་བ་ཆེ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ལ། །ཕུན་སུམ་ཚོགས་པའི་འབྱུང་གནས་ཀྱི། ། ཡེ་ཤེས་ཆེན་པོ་འགྲུབ་འགྱུར་རོ། །ཡེ་ཤེས་ཀྱི་སྦྱོར་བ་ཞེས་བྱ་སྟེ་རྣལ་འབྱོར་ཆེན་པོའོ། །དེ་ལྟར་བླ་མའི་མན་ངག་རྗེས་འབྲངས་ཏེ། །དེ་ཉིད་གསལ་བྱས་བརྩེ་ཆེན་བཟོད་པར་གསོལ། །འདིར་འབད་བསོད་ནམས་དྲི་མེད་གང་སྐྱེས་དེས། །སྲིད་གསུམ་དཔལ་ལྡན་རྡོ་རྗེ་འཛིན་གྱུར་ཅིག །རྣལ་ འབྱོར་བཞིའི་དེ་ཁོ་ན་ཉིད་ཅེས་བྱ་བ་རང་བྱིན་གྱིས་བརླབ་པའི་མན་ངག་གྲུབ་ཐོབ་ཀྱིས་འཁོར་ལོས་སྒྱུར་བ་མཐུ་སྟོབས་ལས་མངའ་བརྙེས་པ། དཔལ་ལྡན་རྣལ་འབྱོར་གྱི་དབང་ཕྱུག་བྲམ་ཟེ་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།དར་པཎ་ཨཱ་ཙཱརྱ་དང་། གློ་བོ་ལོ་ཙཱ་བས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་སཱ་དྷ་ན་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་ཞེས་བྱ་བ། གཤིན་རྗེའི་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །ཨོཾ་ཧྲཱིཿཥྚྲྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཡ་མཱནྟ་ཀྲྀཏ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྔགས་པས་དང་པོར་ རེ་ཞིག་བདེ་བའི་སྟན་ལ་ཉེ་བར་འདུག་སྟེ། རང་གི་སྙིང་གར་ཨཾ་ཡིག་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་དབུས་སུ་ཧཱུཾ་ཡིག་བསྒོམས་ཏེ། དེའི་འོད་ཟེར་གྱིས་གཤིན་རྗེའི་དགྲ་དམར་པོ་དང་། བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་དམིགས་པ་ ལ་བཀུག་སྟེ། མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་པ་དང་། ཕྱག་འཚལ་བ་དང་། སྡིག་པ་བརྗོད་པ་ལ་སོགས་པ་བྱའོ། །དེ་ནས་ཁམས་གསུམ་པའི་བདག་ཉིད་རྣམས་སྒྱུ་མ་དང་། རྨི་ལམ་དང་། མིག་འཕྲུལ་དང་མཚུངས་པར་དམིགས་ལ། སྟོང་པ་ཉིད་རྣམ་པར་བསམ་པར་བྱའོ། ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པས་སེམས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཧཱུཾ་ངམ། ཨཾ་ཡིག་དམར་པོར་གྱུར་པ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ཡིག་དམར་པོ། དེ་ཡོངས་སུ་གྱུར་པ་ལས་མི་མགོ་རློན་པས་མཚན་པའི་དབྱུག་པ་དཀར་པོ། དེའི་དབུས་སུ་ཨཾ་ཡིག་དམར་པོ་ ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ཧཱུཾ་ཡིག་དམར་པོ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། གཤིན་རྗེ་མཐར་བྱེད་པའི་གཤིན་རྗེའི་གཤེད་ཀྱི་བདག་ཉིད་བསམ་པར་བྱའོ། །སྐུ་མདོག་དམར་པོ་གཡོན་བརྐྱང་བའི་ཞབས་ཀྱིས་བཞུགས་པ། མཆེ་བ་གཙིགས་ཤིང་ཞལ་ འགྱུར་ཞིང་། ལྗགས་འགྱུར་བ་དྲག་པོ། ཀླུ་བརྒྱད་ཀྱིས་རྣམ་པར་བརྒྱན་པ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། མགུལ་ལ་མི་མགོའི་ཕྲེང་བ་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། རྒྱན་ཁ་དོག་དམར་པོ་སྣ་ཚོགས་ཅན་ནོ། །ཤེས་རབ་མ་གཡས་བརྐྱང་ བའི་ཞབས་ཀྱིས་མཚན་པ་ཕྱོགས་སུ་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་སྔགས་ཀྱི་ས་བོན་ཡོངས་སུ་གྱུར་པ་ལས་ཉི་མ། དེའི་སྟེང་དུ་ཧཱུཾ་ཡིག །དེ་ཡོངས་སུ་གྱུར་པ་ལས་མི་མགོ་རློན་པས་མཚན་པའི་དབྱིག་པ་དཀར་པོ་ངེས་པར་བསྒོམ་པར་བྱའོ། །དེའི་དབུས་སུ་ཉི་ མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་དམར་པོ་རྣམ་པར་བསམ་པར་བྱའོ། །དེ་ནས་གསང་བ་ལ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་བསམ་པར་བྱའོ། །བཅོམ་ལྡན་འདས་མའི་གསང་བ་ལས་པདྨ་འདབ་མ་བརྒྱད་པ་ལ་ཨཾ་ཡིག་དམར་པོས་མཚན་པའོ། །དེའི་རྗེས་སུ་སྔགས་བརྗོད་པར་བྱའོ། །ཨོཾ་ སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེའི་རྗེས་སུ་ལྟེ་བའི་འོག་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཧྲཱིཿཡིག་དམར་པོ་འབར་བར་བསམ་པར་བྱའོ། །བཅོམ་ལྡན་འདས་ཞལ་གཅིག་ཕྱག་གཉིས་པ། གཡོན་པའི་ཕྱག་གིས་ཁྲག་གིས་གང་བའི་ཐོད་པ་དང་། གཡས་ཀྱིས་མགོ་བོས་ མཚན་པའི་དབྱུག་པ་དཀར་པོ་འཆང་བ། མ་ཧིཪྵ་དང་། སྣ་ཚོགས་པདྨའི་སྟེང་དུ་བསྒོམ་པར་བྱའོ། །ཤེས་རབ་མ་དགའ་བས་མྱོས་པ། མགུལ་པ་ནས་འཁྱུད་པ་ཐོད་པ་སྐམ་པོ་ཅན། ཞལ་གཅིག་ཕྱག་གཉིས་མ། བཅོམ་ལྡན་འདས་དང་ཞལ་སྦྱོར་བས་བཞུགས་པ། དེ་ལྟ་བུར་གྱུར་པའི་གཤིན་རྗེ་གཤེད་བསྒོམ་ པར་བྱའོ། །ཐུན་གསུམ་མམ། ཐུན་བཞི་རྣམ་པར་བསྒོམས་ལ། གཏོར་མ་སྦྱིན་པར་བྱ་སྟེ། བྷྲཱུཾ་ཨཱཾ་ཛྲཱྀཾ་མཾ་ཧཱུཾ། དམ་ཚིག་བྱིན་གྱིས་བརླབས་པའི་སྔགས་སོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙོནྨ་ད་ཀུམྦྷཎྜཱ་པ་སྨ་ར་ཌཱ་ཀིནྱཱ་ད་ཡ། ཨི་དཾ་གྲྀཧྞཱནྟུ། སརྦ་སིདྡྷིཾ་མེ་པྲ་ཡཙྪནྟུ་ཡ་ཐེཥྚཾ་བྷཱུཉྫ་ཐ་པི་ བ་ཐ་ཛི་གྲ་ཐ་མཱ་ཏི། ཀྲ་མ་སརྦ་སིདྡྷིཾ་ཡེ་ས་ཧ་ཡི་ཀ་བྷ་བ་ཏུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་སོ། །ལས་དང་རྗེས་སུ་མཐུན་པའི་ཁ་དོག་དམར་པོ་དང་། ནག་པོ་དང་། སེར་པོ་དང་། དཀར་པོའི་སྐུ་བསམ་པར་བྱའོ། །དེ་ནས་བཟླས་པ་རྗེས་སུ་དྲན་པར་བྱའོ། །ཨོཾ་ཧྲཱིཿཥྚྀཿ བི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་དཏྟ་སྱ་ཤཱནྟིཾ་ཀུ་རུ་ནཱ་མ་སྭཱ་ཧཱ། རྒྱས་པ་ལ་བཽ་ཥཊ། དགུག་པ་ལ་ཛཿ། དབང་ལ་ཧཱུཾ་མུ་ཀེ་ཧོ། །རེངས་པ་ལ་ལ། སྐྲོད་པ་ལ་ཧཱུཾ་ཕཊ། གཟུང་བ་ལ་ཧཱུཾ་ཕཊ། གཞན་རྣམས་ལ་ཨུཙྪ་ཊ་རྣམས་སོ། །དེ་ལྟ་བུ་རེངས་པ་ལ་སོགས་པའི་ལས་རབ་འབྱམ་རྣམས་ཀྱི་ནང་དུ་ གཞུག་གོ། །ཞི་བ་ལ་གི་ཝང་གིས་བསྲུང་བར་འགྱུར་ཏེ། དར་དང་། རས་དང་། གྲོ་ག་དཀར་པོ་དང་། སྨྱུག་མའམ། ཤུན་པའི་རས་བཀྲུས་པ་ལ་འཁོར་ལོ་གཉིས་མངོན་པར་བྲིས་ལ། ནཱ་མའི་ཡི་གེའི་ནང་དུ་གཞུག་གོ། །གཞི་ནག་པོ་སོགས་པ་དང་བྲལ་བའི་རྫ་ཁ་སྦྱར་བའི་གནས་སུ་བུ་རམ་དང་སྦྲང་ གི་ནང་དུ་བཅུག་སྟེ། སྐུད་པ་དཀར་པོས་དཀྲིས་ནས་ཐུན་གསུམ་དུ་མེ་ཏོག་དཀར་པོས་མཆོད་ནས། ཁ་ཤར་དུ་མངོན་པར་ཕྱོགས་ལ། གཤིན་རྗེ་མཐར་བྱེད་སྐུ་མདོག་དཀར་པོའི་རང་བཞིན་དུ་གསལ་བར་བསྒོམས་ནས། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པའི་བསྒྲུབ་བྱ་བལྟས་ལ། བུམ་པ་ དཀར་པོ་ཟླ་བ་ལྟར་དཀར་བའི་བདུད་རྩིས་གང་བའི་དབང་བསྐུར་བར་བསམས་ནས། བཟླས་པར་བྱའོ། །ཨོཾ་ཧྲཱིཿཥྚྲྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ནཱ་མ་དེ་བ་དཏྟ་སྱ་ཤཱནྟིཾ་ཀུ་རུ་ནཱ་མ་སྭཱ་ཧཱ། ཞི་བའི་ཆོ་གའོ། །སྐྱེས་པ་རྣམས་ཀྱིས་ཞི་བ་ལ་གུར་གུམ་གྱིས་སོ། །རྒྱས་པ་ལའང་གུར་གུམ་གྱིས་ སོ། །འཁོར་ལོ་གཉིས་མངོན་པར་བྲིས་ཏེ། བཽ་ཥཊའི་ཡི་གེ་དང་བཅས་པ་མར་དང་། སྦྲང་རྩིའི་ནང་དུ་བཅུག་ལ། རྫ་ཁ་སྦྱར་དུ་གནས་པ་ལ་སྐུད་པ་སེར་པོས་དཀྲིས་ནས་ཐུན་གསུམ་དུ་མེ་སེར་པོས་མཆོད། བྱང་དུ་ཁ་བལྟས་ལ་གཤིན་རྗེ་གཤེད་སྐུ་མདོག་སེར་པོའི་སྐུར་ དམིགས་ལ། ཟླ་བ་ཁ་དོག་སེར་པོ་ལ་གནས་པའི་བསྒྲུབ་བྱ་ལ་གསེར་གྱི་བུམ་པ་སེར་པོ་དང་། བདུད་རྩི་སེར་པོ་རྣམས་ཀྱིས་དབང་བསྐུར་བར་བསམས་ལ། སྔགས་ཀྱི་བཟླས་པ་བྱ་བ་ནི། ཨོཾ་ཧྲཱིཿཥྚྲྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་དཏྟ་སྱ་པུཥྚིཾ་ཀུ་རུ་བཽ་ཥཊ་སྭཱ་ཧཱ། རྒྱས་ པའི་ཆོ་གའོ། །གྲོ་གའམ་རས་ལ་རྒྱ་སྐྱེགས་སམ། ཙནྡན་དམར་པོའི་ཁུ་བའམ། མིང་མེད་ཀྱི་ཁྲག་དང་བསྲེས་པས་འཁོར་ལོ་གཉིས་མངོན་པར་བྲིས་ཏེ། ཧོ་ཡིག་ནཱ་མ་དང་བཅས་པ་ནང་དུ་བཅུག་ལ། ཡོངས་སུ་ཚོས་པའི་རྫ་ཁ་སྦྱར་དུ་བཞག་པ་ལ་མར་ དང་། སྦྲང་རྩི་ནང་དུ་བཅུག་ལ། མེ་ཏོག་དམར་པོ་རྣམས་ཀྱིས་མཆོད། ནུབ་ཏུ་ཁ་བལྟས་ལ་གཤིན་རྗེ་གཤེད་དམར་པོའི་གཟུགས་སུ་བསམས་ནས། ཟླ་བའི་དཀྱིལ་འཁོར་དམར་པོའི་དབུས་སུ་བསྒྲུབ་བྱ་བསམས་ ལ། རང་གི་ལུས་ལས་འཕྲོས་པའི་འོད་ཀྱིས་དབང་བསྐུར་བས་མྱོས་པར་འགྱུར་ཏེ། རྐང་པ་གཉིས་ཀྱི་མདུན་དུ་འགྱེལ་བར་བསམས་ཏེ། སྔགས་བཟླས་པ་ནི། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་དཏྟ་སྱ་ཀྲྀ་ཏེ་ཡ་ཛྙཱ་དཏྟཾ་བ་ཤྱཾ་ཀུ་རུ་ཧོཿ། གལ་ཏེ་དབང་དུ་མ་གྱུར་ ན། དེར་མར་དང་སྦྲང་རྩིས་སྦངས་པའི་འཁོར་ལོ་དེ་ཉིད་ལ་སེང་ལྡེང་གི་སོལ་བ་ལ་སོགས་དུ་བ་མེད་པས་བདུག་པར་བྱའོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་དཏྟ་བ་ཤྱཾ་ཀུ་རུ་ཧོཿ། ཞེས་པའི་སྔགས་བཟླ་བར་བྱའོ། །དབང་གི་ཆོ་གའོ། །དུར་ཁྲོད་ཀྱི་རས་སམ། ཁྲག་གིས་ སྦངས་པའི་རས་ལ་ཚོས་དང་བསྲེས་པས་འཁོར་ལོ་གཉིས་མངོན་པར་བྲིས་ཏེ། ཛ་ཡིག་དང་། ཧྲཱིཿཡིག་དང་ནི་མའི་ཡི་གེ་དང་བཅས་པ་ནང་དུ་བཅུག་ལ། བུད་མེད་ཀྱི་ཐོད་པ་ཁ་སྦྱར་ལ་བཞག་ལ། མེ་ཏོག་དམར་པོས་མངོན་པར་མཆོད། དགོངས་ཐུན་གྱི་ཉི་མ་དང་འདྲ་བའི་གཤིན་རྗེ་ མཐར་བྱེད་ཀྱི་སྐུ་དམར་པོ། ལྕགས་ཀྱུ་དང་ཞགས་པ་འཛིན་པ་བདག་ཉིད་ཀྱིས་བསམས་ནས། དེའི་སྙིང་ལྕགས་ཀྱུས་ཕུག །སྐེ་ལ་ཞགས་པས་བཅིངས་ནས་འོང་བར་བསམ་མོ། །གལ་ཏེ་འོང་ན་དེ་ལ་སེང་ལྡེང་གི་མེས་གདུང་བར་བྱའོ། །སྔགས་བཟླས་སོ། །ལས་རབ་ འབྱམ་རྣམས་ནི་རྒྱུད་དུ་ཤེས་པར་བྱའོ། །གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།ལྷའི་སྐད་ལ་ལེགས་པར་ཞུགས་པའི་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་སྐད་གཉིས་སྨྲ་བ་རྣམས་ ཀྱི་གདན་ས་དཔལ་ཐར་པ་གླིང་གི་གཙུག་ལག་ཁང་དུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་མཎྜ་ལ་པཱུ་ཛ་བི་དྷི་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོ་མཎྜལ་དུ་མཆོད་པའི་ཆོ་ག་ཞེས་བྱ་བ། གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། ། ཡ་ཐཱ་ཧི་ཛཱ་ཏ་མཱ་ཏྲེ་ཎ་སྣ་པི་ཏ། སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀཾ་ས་མ་ཡཱ་ཤྲི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་ཁྲུས་བྱའོ། །ཨོཾ་ཨཱཿཧྲཱིཿསྭཱ་ཧཱ། ཞེས་པས་ལག་པ་དང་། རྐང་པ་ཁ་བཤལ་བའི་སྔགས་སོ། །ཨོཾ་ན་མོ་བྷ་ག་ཝཱ་ཏི་པུཥྤ་ཀེ་ཏུ་རཱ་ཛཱ་ཡཱ་ཏ་ཐཱ་ག་ཏ་ཡཱཪྷ་ཏེ་སམྱཀྶཾ་བུདྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ་མ་ ཧཱ་པུཥྤེ། སུ་པུཥྤེ། པུཥྤེ་ཨུདྦྷ་བེ། པུཥྤ་སཾ་བྷ་བེ། པུཥྤཱ་བ་ཀིརྞེ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ། ཞེས་པས་གཏོར་མ་བྱིན་གྱིས་བརླབ་བོ། །ཨོཾ་ཡ་མཱནྟ་ཀཾ་སརྦ་བིགྷྣཱ་ནུཏྶཱ་ད་ཡ་ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱི་མེ་ཏོག་དང་། ཆུ་ལག་པའི་ནང་དུ་བཟུང་སྟེ། ས་ལ་བྲན་པ་ནི་བགེགས་བསྐྲད་ པའོ། །ཨོཾ་ཧྲཱིཿཧཿབྷོ་མ་ཧཱ་ཀྲོ་དྷ་ཨཱ་གཙྪ་ཨཱ་གཙྪཱ་སྨཱ་ཏ་པཱུ་ཛ་པྲ་ཏི་གྲྀཧྞ་པྲ་སཱ་དྷ་མཾ་ཀུ་རུ་སྭཱ་ཧཱ། ཞེས་པས་སྤྱན་དྲང་ངོ་། །ཨོཾ་ཧྲཱིཿཥྚྲྀཿཧ་ཞེས་པས་ཡོན་ཆབ་བོ། །ཨོཾ་ཨཱཿཧཱུཾ་ཕཊ་ཅེས་པས་ཞལ་བསིལ་ལོ། །ཨོཾ་དུཥྚ་སཏྭ་ད་མ་ཀ་གཿ ཞེས་པས་དྲི་ཆབ་ཀྱི་སྔགས་སོ། །ཨོཾ་བཛྲ་བྷཱུ་མི་ཧཱུཾ་ཕཊ། ཨོཾ་བཛྲ་གོ་མ་ཡ་ཧཱུཾ་ཕཊ། ཨོཾ་བཛྲོད་ཀེ་ཧཱུཾ་ཕཊ། ཨོཾ་བཛྲ་པུཥྤེ་ཧཱུཾ་ཕཊ། ཨོཾ་བཛྲ་རེ་ཁེ་ཧཱུཾ་ཕཊ། ཅེས་པའི་སྔགས་རྣམས་ཀྱིས་མཎྜལ་བྱི་དོར་བྱ་བའི་ཆོ་གའོ། །ཡང་ལག་པ་གཡོན་པས་མེ་ཏོག་བླངས་ལ། ཨོཾ་སུ་རེ་ཁེ་སརྦ་ཏ་ཐཱ་གཱ་ཏཱ་དྷི་ཏིཥྛནྟུ་སྭཱ་ཧཱ། ཞེས་པས་མཎྜལ་དུའོ། །ཕྱི་ ནས་ཐོ་བ་གཤིན་རྗེ་གཤེད་ཀྱི་ས་བོན་གྱིས་བཀུག་སྟེ། མཎྜལ་གྱི་དབུས་སུ་བསམས་ནས། བཅོམ་ལྡན་འདས་མཆོད་པར་བྱའོ། །ཨོཾ་བྷ་ག་ཝཱན་ཤྲཱི་མཾ་རཀྟ་ཡ་མཱནྟ་ཀ་བཛྲ་པུཥྤ་ཨཱཿཧཱུཾ་པྲ་ཏིཥྛ་སྭཱ་ཧཱ། ཨོཾ་བྷ་ག་ཝ་ཏི་ཤྲཱི་མཾ་བཛྲ་བེ་ཏཱ་ལི་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་ སྐུར་བསྒོམས་ནས་མཆོད་པ་བྱ་བ་ནི། ཨོཾ་རཱ་གཱནྟ་ཀྲྀཏ་བཛྲ་པུཥྤེ་ཨཱཿཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མོ་ཧཱནྟ་བ་ཏི་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མ་ཧཱནྟ་ཀྲྀཏ་བཛྲ་པུཥྤེ་ཨཱཿཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་པི་ཤུ་ནཱནྟ་ཀྲྀཏ་བཛྲ་པུཥྤེ་ཨཱཿཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་དྭེ་ཥཱནྟ་ཀྲྀཏ་བཛྲ་པུཥྤ་ཨཱཿཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ ཨིརྵྱ་ར་ཏཱི་བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མོ་ཧ་ར་ཏཱི་བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་དྭེ་ཥ་ར་ཏཱི་བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨིརྵྱ་ར་ཏཱི་བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་དཎྜ་ཡ་མཱནྟ་ཀ་བཛྲ་པུཥྤེ་ཨཱཿཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མུངྒ་ར་ཡ་མཱནྟ་ཀ་བཛྲ་པུཥྤེ་ཨཱཿཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་པདྨ་ཡ་མཱནྟ་ཀ་ བཛྲ་པུཥྤེ་ཨཱཿཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཁཌྒ་ཡ་མཱནྟ་ཀ་བཛྲ་པུཥྤེ་ཨཱཿཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཀུ་མཱ་ར་རཱུ་པི་ཎི་ཛཿཛཿཧཱུཾ་ཕཊ། མེ་ཏོག་དབུལ་བའི་སྔགས་སོ། །ཨོཾ་དཱི་པྟ་ལོ་ཙ་ནི་བི་ཀྲྀ་ཏཱ་ན་ན་མ་ཧཱཊྚཱཊྚ། ཧཱ་ས་ནཱ་དི་ནི་དཱིཔྟ་དཱིཔྟཱ་ཡ་སྭཱ་ཧཱ། སྒྲོན་མའི་སྔགས་སོ། །ཨོཾ་ཧྲཱིཿཧཿ ཧེཿཕཊ། བདུག་སྤོས་ཀྱི་སྔགས་སོ། །ཨོཾ་ཀཱ་ལ་རཱུ་པ་སརྦ་དུཥྚཱཾ་སཏྭ་ད་མ་ཀཾ་མ་ཧཱ་བྷཱུ་ཏ་བ་ཏི་ཨི་མཾ་བ་ལིཾ་གྲྀཧྞ་པ་ཡ་སྭཱ་ཧཱ། གཏོར་མའི་སྔགས་སོ། །གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་དགྱེས་འཇིགས་པ་པོ། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཕྱག་ འཚལ་བསྟོད། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་དགྱེས་འཇིགས་པ་པོ། །སེམས་ཀྱི་རྡོ་རྗེ་སོ་སོར་གསལ། །རིན་ཆེན་རྡོ་རྗེ་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །གསུང་ཀུན་གྱི་ནི་མཆོག་གི་ མཆོག །གསུང་གི་རྡོ་རྗེ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཐམས་ཅད། །སྐུ་ཡི་རྡོ་རྗེ་སོ་སོར་སྟོན། །ལག་ན་རྡོ་རྗེ་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། ། སངས་རྒྱས་ཀུན་གྱི་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཕྱག་འཚལ་བསྟོད། །ཅེས་པ་ཚིགས་སུ་བཅད་པ་ལྔས་བསྟོད་པ་བྱའོ། །ཨོཾ་ཛ་ཡ་ཛ་ཡ། སུ་ཛ་ཡ། བི་ཤྭ་རཱུ་པ་དྷ་རི་གཙྪ་གཙྪ། སྭ་བྷཱ་ཝ་ནཾ་ཀྲྀ་ཏེ་ན། ཏ་ཐཱ་ག་ཏཱཾ་ཤྩ་སརྦ་བུདྡྷ་ཤྩ་བི་ས་ར་ཛ་ཡ་མ་མ་ཀཱརྱཾ་ཀུ་རུ་སྭཱ་ཧཱ། གཤེགས་ སུ་གསོལ་བའི་སྔགས་སོ། །ཨོཾ་བཛྲ་མཎྜལ། མུ་ནི་མུ་ནི་པུ་ན་རཱ་ག་མ་ནཱ་ཡ་མུཿཔུ་ན་ར། བི་མ་ད་ནུ་ཀམྤཱ་དྭཱ་མཱ་ག་མི་ཥྱནྟ་པཱ་དཱཿ། ཞེས་པ་འདི་ཡིས་མཎྜལ་ཡང་དག་པར་བསྡུས་ཏེ། མཆོད་རྫས་ཀུན་བརྗེས་ལ་དོར་རོ། །རྣལ་འབྱོར་པས་འོད་ཀྱི་རང་བཞིན་དཀྱིལ་འཁོར་གྱི་ འཁོར་ལོ་བསྒོམས་ཏེ། རྟག་ཏུ་རྒྱུན་མི་འཆད་པར་རང་གི་སྙིང་གར་ས་བོན་བསྒོམས་ཏེ། དེའི་རྗེས་སུ་ཡི་གེ་བརྒྱ་པའི་གཟུངས་ནི། ཨོཾ་ཡ་མཱནྟ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཡ་མཱནྟ་ཀ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་ སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨཱ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཿ ཞེས་པས་ཡི་གེ་བརྒྱ་པའི་སྔགས་སོ། །འདི་བརྗོད་ནས་འདོད་པའི་ལྷའི་ང་རྒྱལ་གྱིས་ཇི་ལྟ་བར་གནས་པ་བྱའོ། །གཤིན་རྗེ་གཤེད་དམར་པོ་མཎྜལ་ དུ་མཆོད་པའི་ཆོ་ག་ཞེས་བྱ་བ། དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།ལྷའི་སྐད་ལ་ལེགས་པར་ཞུགས་པའི་ཤཱཀྱའི་དགེ་སློང་ཉི་མས་སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་ས་དཔལ་ཐར་པ་གླིང་གི་གཙུག་ལག་ཁང་དུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ ཡ་མཱ་རི་རཀྟ་ཡ་མཱ་རི་ཤྩ་པཱུ་ཛ་བི་དྷིཿ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོ་དང་དམར་པོ་མཆོད་པའི་ཆོ་ག །དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དེ་ནས་བཟླས་པ་རྗེས་སུ་དྲན་པར་བྱ་སྟེ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགས་སོ། །ཨོཾ་ཧྲཱིཿཀཱ་ལ་རཱུ་པ་ཧཱུཾ་ ཁཾ། ཉེ་བའི་སྙིང་པོའོ། །ཨོཾ་ཧྲཱིཿབྷྲཱུཾ་བྷྲཱུཾ་ཤྲུཾ་ཧཱུཾ་ཀཿ སྙིང་པོ་ཕྱི་མའོ། །ཨོཾ་ཧྲཱིཿཧཿབྷོ་མ་ཧཱ་ཀྲོ་དྷ་ཨཱ་གཙྪ་ཨཱ་གཙྪ། ཨསྨཱ་ཏ་པཱུ་ཛ་པྲ་ཏི་གྲྀཧྞ་པྲ་སཱ་དྷཾ་མེ་དྷི་མན་ཀུ་རུ་སྭཱ་ཧཱ། སྤྱན་དྲང་བའོ། །ཨོཾ་ཧྲཱིཿཥྚྲྀཿཨཱཿམཆོད་ཡོན་ནོ། །ཨོཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཞབས་བསིལ་བའོ། །ཨོཾ་ཝི་ཀྲྀ་ཏཱ་ན་ན་དུཥྚ་སཏྭ་ད་མ་ཀ་ གཿགཿ དྲིའི་སྔགས་སོ། །ཨོཾ་ཀུ་མཱ་ར་རཱུ་པི་ཎི་ཛཿཛཿཧཱུཾ་ཕཊ། མེ་ཏོག་དབུལ་བའི་སྔགས་སོ། །ཨོཾ་ཧྲཱིཿཧཿཧེ་ཕཊ། བདུག་སྤོས་སོ། །ཨོཾ་ཀཱ་ལ་རཱུ་པ་སརྦ་དུཥྚཱཾ་སཏྭ་ད་མ་ཀ་མ་ཧཱ་བྷཱུ་ཏ་པ་ཏི། ཨི་མཾ་བ་ལིཾ་གྲྀཧྞཱ་པ་ཡ་སྭཱ་ཧཱ། གཏོར་མའི་སྔགས་སོ། །ཨོཾ་དཱིཔྟ་ལོ་ཙ་ནི་ཝི་ཀྲྀ་ཏཱ་ན་ན་མ་ཧཱ་ཊྚཱཊྚ། ཧཱ་ས་ནཱ་དི་ནི་དཱིཔྟ་དཱིཔྟཱ་ཡ་སྭཱ་ཧཱ། མར་མེའི་སྔགས་སོ། །ཨོཾ་ཛ་ཡ་ཛ་ཡ། སུ་ཛ་ཡ། བི་ཤྭ་རཱུ་པ་དྷ་རི་གཙྪ་གཙྪ། སྭ་བྷཱ་བ་ནཱཾ་ཀྲྀ་ཏེ་ན། ཏ་ཐཱ་ག་ཏཾ་ཤྩ་སརྦ་བུངྡྷཾཤྩ་བི་ས་ར་ཛ་ཡ་མ་མ་ཀཱཪྻཾ་ཀུ་རུ་སྭཱ་ཧཱ། གཤེགས་སུ་གསོལ་བའི་སྔགས་སོ། །གཤིན་རྗེ་གཤེད་ནག་པོ་དང་གཤིན་རྗེ་གཤེད་ དམར་པོའི་མཆོད་པའི་ཆོ་ག །སློབ་དཔོན་ཆེན་པོ་པཎྜི་ཏ། དཔལ་འཛིན་གྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཉི་མའི་དབང་པོའི་འོད་ཟེར་དང་། ཆག་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་ས་མ་དྷི་ བི་དྷིཿ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོའི་ཏིང་ངེ་འཛིན་གྱི་ཆོ་ག །གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོར་གཏོར་མ་གཞུང་དང་མཐུན་པར་བཤམས་ལ་བསྒྲུབ་བྱ་ལ་སྦྱང་བ་བྱ་བ་ནི། ཁམ་ཕོར་དཀར་པོ་ལྷ་བཤོས་དང་བཅས་པ་གཉིས་ དང་། ལྕི་བའི་ཆང་བུ་མྱུ་གུ་དང་བཅས་པ་གཉིས་པ་དང་། ཟན་ཆང་པ་གཉིས་དང་། ཡུངས་ཀར་དང་། དྲི་ཞིམ་པོ་དང་། སོལ་བའི་མེ་རྣམས་བསགས་ལ། རང་ཉིད་གཤིན་རྗེ་གཤེད་དམར་པོའི་མངོན་པར་རྟོགས་པ་སྒྲུབ་ཐབས་བཞིན་བསྒོམས་ཏེ། སྟོང་པ་ཉིད་ཀྱི་ངང་ལས་ མདུན་དུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་དཀྱིལ་འཁོར་ལ་ནད་པ་ལ་སོགས་པའི་བསྒྲུབ་བྱ་ལངས་ནས་གནས་པར་བསྒོམ་མོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་ཁྲོ་བོ་གཤིན་རྗེ་གཤེད་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་རྣམས་ཀྱིས་ཁམས་གསུམ་གྱི་འདྲེ་ཐམས་ ཅད་བཀུག་ནས་འདྲེ་གཅིག་ལ་ཐིམ་པར་བསམས་ལ། འདྲེ་གཅིག་པུ་དེ་ཡང་གཅེར་བུ་སྐྲ་གྲོལ་བ། མཚན་མ་འོག་ཏུ་ལྷུང་བ། བག་མེད་པ། མདོག་སྔོ་བ། མི་སྡུག་པ་ཅིག་བསམས་ཏེ། དེ་ཡང་བསྒྲུབ་བྱ་ལ་ཐིམ་པར་བསམས་ནས། དེའི་སྤྱི་བོར་ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་དང་། རྩིབ་ལོགས་གཉིས་སུ་ཧཱུཾ་རེ་རེ་ལས་རྡོ་རྗེ་རྩེ་ལྔ་པ་རེ་རེ་བསམས་ལ། རྡོ་རྗེ་དེ་དག་གིས་མནན་པ་དང་། འོག་ནས་མེས་བསྲེགས་པ་དང་། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཞེས་པ་དང་། ཧྲཱིཿཥྚྲྀཿལ་སོགས་པའི་སྔགས་བརྗོད་ཅིང་ཧཱུཾ་ལས་ཡུངས་ཀར་རྣམས་རྡོ་རྗེར་གྱུར་པས་བྲབ་ནས་བསྒྲུབ་བྱའི་ ལུས་ལ་རྨ་དཔག་ཏུ་མེད་པ་བྱུང་ནས་ནད་དང་གདོན་གྱི་དངོས་པོ་ཐམས་ཅད་ཁའི་ནང་ནས་འཐོན་པར་བསམ་མོ། །ཡང་ནད་དང་གདོན་གྱི་ལྷག་མ་ལུས་པ་རྣམས་ཡུངས་ཀར་གྱིས་བྲབ་པས་ཚིག་པར་བསམ་ཞིང་དེའི་ལྷག་མ་རྣམས་ཁྱི་ནག་པོར་གྱུར་ནས་ཁའི་ནང་ནས་ཕྱིར་ཐོན་པར་བསམ་ མོ། །དེའི་རྗེས་ལ་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ། བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཞེས་བརྗོད་ཅིང་ཡི་གེ་ཧཱུཾ་གིས་བཟླས་པའི་ཡུངས་ཀར་གཡས་པ་དང་ཅིག་ཤོས་ཀྱི་ཁུ་ཚུར་གྱིས་བཟུང་ནས། རེ་རེ་ཞིང་གཡོན་སྐོར་དུ་ལན་གཉིས་སུ་བྱབས་ལ་སོལ་བའི་མེར་བསྐྱུར་རོ། །དེ་ བཞིན་དུ་གཡོན་དང་གཡས་སུ་ཆུས་བྱའོ། །དེ་བཞིན་དུ་ཁམ་ཕོར་ལ་སོགས་པ་རྣམས་དང་རས་ཀྱིས་ཀྱང་ངོ་། །ཁམ་ཕོར་ལ་སོགས་པ་ནི་མེར་བླུགས་པར་མི་བྱའོ། །བགེགས་སེལ་གྱི་སྙིང་པོ་བཟླས་པའི་དྲི་ཞིམ་པོའི་ཆུ་ནི་སྙིང་གར་བྱུགས་ནས་གུ་གུལ་གྱིས་བདུག་པར་བྱའོ། །ཡང་ དེའི་རྗེས་ལ་རང་ཉིད་རིགས་ཀྱི་བདག་པོར་བསྒོམས་ཏེ། ཡེ་ཤེས་སེམས་དཔའ་ཆོ་ག་བཞིན་དུ་བཅུག་ནས། ཤེས་རབ་མ་དང་བཅས་པའི་དེ་བཞིན་གཤེགས་པ་ལྔ་མདུན་གྱི་ནམ་མཁར་བསམས་ལ། དེ་དག་གཉིས་སུ་མེད་པའི་སྦྱོར་བ་མཛད་པ་ལས་ཤེས་རབ་མ་དང་བཅས་པའི་དེ་ བཞིན་གཤེགས་པ་རྣམས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ཏེ། རང་ཉིད་ཀྱི་སྤྱི་བོའི་བུ་གར་ཐིམ་ནས་སྒལ་ཚིགས་ཀྱི་ནང་དུ་ཞུགས་ཤིང་རྡོ་རྗེའི་ལམ་ནས་ཕྱུང་སྟེ། རང་ཉིད་ཀྱི་ཤེས་རབ་མའི་ཞལ་ལ་ཐིམ་པས་བསྒྲུབ་བྱ་རྣམས་དེའི་པདྨར་གནས་ཤིང་ཅིག་ཅར་སྟོང་ཉིད་ཀྱི་རྗེས་ལ་ ཧཱུཾ་དང་རྡོ་རྗེ་ལས་བྱུང་བའི་མི་བསྐྱོད་རྡོ་རྗེའི་གཟུགས་ཅན་ཤེས་རབ་མ་དང་བཅས་ཤིང་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ཅན་ལ་དབང་བསྐུར་བར་བསམ་ཞིང་ཡང་བསྒྲུབ་བྱ་རྣམས་པདྨ་ནས་ཕྱིར་ཕྱུང་སྟེ་གནས་པ་ལ་ནམ་མཁའ་ནས་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་དང་ དེ་བཞིན་གཤེགས་པ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ནས་དབང་བསྐུར་བ་དང་། གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་བདག་པོ་ཡེ་ཤེས་མཆོག །སེམས་ཅན་མ་ལུས་ སྐྱེད་བྱེད་བདེ་བ་ཆེན་པོ་ཡི། །བཀྲ་ཤིས་དེས་ནི་དབང་བསྐུར་མཆོག་དེ་ཁྱེད་ལ་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨའི་སྤྱན་འདྲ་འདབ་རབ་རྒྱས་མངའ་བ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ ལ་ཞི་བྱེད་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་མཆོག་རབ་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་ཤིང་དཔལ་གྱི་གཞི། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་ཤོག །ཅེས་བརྗོད་པར་བསམ་མོ། །ཆུའི་བུམ་པའི་དབང་ནི་པདྨའི་སྣོད་ནས་གཡས་པས་ལོ་མ་དང་བཅས་ པའི་རྡོ་རྗེས་ཆུ་བླངས་ལ་བསྒྲུབ་བྱའི་གོས་ལ་སོགས་པ་ལ་གཏོར་ཞིང་། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀ་སྟྭཾ་ཨ་བྷི་ཥིཉྩཱ་མི། སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏོ་ཏེ་ན་དྲྀ་ཌྷོ་མེ་བྷ་བ་ཞེས་སོ། །ཡང་རྡོ་རྗེའི་རྩེ་མོ་ལ་ལོ་མ་དང་བཅས་པས་བསྒྲུབ་བྱའི་ལུས་ལ་བླུགས་ཤིང་། རྡོ་རྗེ་ཆེན་པོའི་དབང་བསྐུར་བ། ། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པ། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿབཛྲོད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་སྟྭཾ་ཨ་ཧཾ། ཞེས་བརྗོད་ཅིང་དབང་བསྐུར་བར་བྱའོ། །དེའི་ཚེ་བདེ་བ་ཆེན་པོ་དང་སྙོམས་པར་ཞུགས་པར་གྱུར་པའི་ཆུའི་དབང་བསྐུར་ རོ། །དེ་ནས་གཏོར་མའི་ཆོ་ག་གཞུང་དང་མཐུན་པར་བྱས་ལ། གཏོར་མ་སྦྱང་བ་བྱ་བའི་རྫས་རྣམས་ཤིང་གཅིག་གམ་ལམ་རྒྱ་གྲམ་མམ། ཆུ་བོ་ཆེན་པོའི་འགྲམ་དུ་བསྐྱལ་ལ་རྗེས་སུ་ཆུ་ཡིས་གཅད་པར་བྱའོ། །གཤིན་རྗེ་གཤེད་དམར་པོའི་ཏིང་ངེ་འཛིན་གྱི་ཆོ་ག་སློབ་དཔོན་དཔལ་ འཛིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་རང་འགྱུར་དུ་མཛད་པའོ།། ༄༅༅། །རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་བ་ལིཾ་བི་དྷིཿ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོའི་གཏོར་མའི་ཆོ་ག །དཔལ་གཤིན་རྗེ་ གཤེད་དམར་པོ་ལ་ཕྱག་འཚལ་ལོ། །དེ་ལ་སློབ་དཔོན་རྣལ་འབྱོར་བཞི་དང་ལྡན་པས་མདུན་དུ་གཏོར་མ་ཤིང་རྟའི་སྟེང་བཀང་བའི་སྣོད་རྣམས་སམ། ཐ་ན་བཟའ་བ་ཙམ་དང་བཅས་པའི་ཆུ་ཁྱོར་བ་གསུམ་བཤམས་ལ། དེ་ནས་ཁྲོ་བོ་ཕྱག་ན་ལྕགས་ཀྱུ་དང་ཞགས་པ་བསྣམས་པ་ སྤྲོས་པས་ཕྱོགས་སྐྱོང་རྣམས་ཀྱི་སྙིང་ག་ནས་ལྕགས་ཀྱུས་ཕུག་ཅིང་སྐེ་ནས་ཞགས་པས་བཅིངས་ནས་འགུགས་པར་བསམ་པར་བྱའོ། །དེ་ལ་ཨོཾ་ཧྲཱིཿཥྚྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་དུཥྚ་ཨིནྡྲ། ས་པ་རི་བཱ་ར་ཨཱ་ཀཪྵ་ཡ་ཛཿསྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་དབང་པོ་སྤྱན་སྟོང་ དང་ལྡན་པ་སེར་སྐྱ་གླང་པོ་ཆེ་ལ་འདུག་པ་གཡས་པ་དང་ཅིག་ཤོས་ན་རྡོ་རྗེ་དང་སྡིགས་མཛུབ་མཛད་པ་བཀུག་ལ་ཤར་དུ་གཞག་པར་བྱའོ། །སྔགས་དེ་ཉིད་ཀྱིས་ཉེ་དབང་ནམ་མཁའ་ལྡིང་ལ་ཞོན་པ་སྔོན་པོ། རིན་པོ་ཆེའི་ཅོད་པན་ཅན་གཡས་ན་བེ་ཅོན་དང་འཁོར་ལོ་འཛིན་པ། གཡོན་ ན་དུང་དང་ནོར་བུ་ཐོགས་པ་དེ་ཉིད་ཀྱི་གཡོན་དུ་ཧ་ཅང་མི་རིང་བར་གཞག་གོ། །སླར་ཡང་དེ་ཉིད་ཀྱིས་གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ་སྐྲ་དམར་སེར་གྱེན་དུ་འབར་བ་ལག་ན་དབྱུག་པ་དང་སྡིགས་མཛུབ་ཅན་གཤིན་རྗེའི་ཕྱོགས་སུ་གཞག་པར་བྱའོ། །ཡང་དེ་ཉིད་ཀྱིས་ཆུ་ལྷ་དཀར་པོ་བྲང་ འགྲོ་ལ་ཞོན་པ་ལག་ན་ཀླུའི་ཞགས་པ་ཐོགས་པ་ནུབ་ཏུ་གཞག་པར་བྱའོ། །ཡང་དེ་ཉིད་ཀྱིས་ལུས་ངན་སེར་པོ་ཤ་རྒྱས་པ་གཏེར་ལ་གནས་པ་ཕྱག་ན་ཤིང་ཐོག་བཱི་ཛ་པཱུ་ར་དང་ནེའུ་ལེ་ཐོགས་པ་བྱང་དུ་གཞག་པར་བྱའོ། །ཡང་དེ་ཉིད་ཀྱིས་ཚོགས་བདག་གླང་སྣ་དཀར་པོ་བྱི་བ་ལ་གནས་པ་ ཕྱག་གཡས་པ་ན་བགྲང་ཕྲེང་དང་དགྲ་སྟ་ཐོགས་པ། གཡོན་ན་ལ་ཕུག་དང་ལ་དུ་ཐོགས་པ་དེ་ཉིད་ཀྱི་གཡོན་དུ་ཧ་ཅང་མི་རིང་བར་གཞག་པར་བྱའོ། །ཡང་དེ་ཉིད་ཀྱིས་དབང་ལྡན་དཀར་པོ་གླང་ལ་ཞོན་པ་རལ་པའི་ཐོར་ཅོག་འཛིན་པ་ཕྱག་ན་རྩེ་གསུམ་དང་ཐོད་པ་ཅན་ཕྱག་གཉིས་ཀྱིས་གཽ་ རཱི་ལ་འཁྱུད་པ་དབང་ལྡན་དུ་དགོད་པར་བྱའོ། །ཡང་དེ་ཉིད་ཀྱིས་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ་བགྲང་འཕྲེང་དང་སྤྱི་བླུགས་འཛིན་པ་མེར་དགོད་པར་བྱའོ། །སླར་དེ་ཉིད་ཀྱིས་སྲིན་པོ་རོ་ལ་ཞོན་པ་ཕྱག་ན་གྲི་གུག་དང་ཐོད་པ་ཅན་ཁྲོ་ཞིང་རྔོམ་པ་བདེན་བྲལ་དུ་གཞག་པར་བྱའོ། །ཡང་དེ་ཉིད་ ཀྱིས་རླུང་ལྷ་དུ་བའི་མདོག་ཅན་རི་དགས་སེར་པོ་ལ་ཞོན་པ། རླུང་རས་འཛིན་པ་རླུང་དུ་དགོད་པར་བྱའོ། །ཡང་དེ་ཉིད་ཀྱིས་ཟླ་བ་དཀར་པོ་རྟ་དཀར་པོ་ལ་གནས་པ་ཕྱག་ན་ཀུ་མུ་ད་འཛིན་པ་སྟེང་དུ་གཞག་གོ། །ཡང་དེ་ཉིད་ཀྱིས་ཉི་མ་དམར་པོ་ཕྱག་གཉིས་ཀྱིས་ཉི་མ་འཛིན་པ་རྟ་བདུན་ལ་གནས་ པ་སྟེང་དུ་དགོད་པར་བྱའོ། །དེ་ཉིད་ཀྱིས་ཚངས་པ་སེར་པོ་ཞལ་བཞི་པ་རིལ་བ་སྤྱི་བླུགས་དང་མི་འཇིགས་པ་དང་དབྱུག་པ་དང་ཕྲེང་བ་ཐོགས་པ་རལ་པའི་ཐོར་ཅོག་གིས་བརྒྱན་པ་ངང་པ་ལ་བཞུགས་པ་སྟེང་དུ་གཞག་གོ། །ཡང་དེ་ཉིད་ཀྱིས་སའི་ལྷ་མོ་སེར་མོ་པདྨ་ལ་བཞུགས་པ། གཡོན་ན་བུམ་པ་བསྣམས་པ་གཡས་པ་དབང་པོ་ཁས་ལེན་པ་འོག་ཏུ་གཞག་པར་བྱའོ། །ཡང་དེ་ཉིད་ཀྱིས་ཐགས་ཟངས་རིས་སྔོན་པོ་ཤིང་རྟ་ལ་བཞུགས་པ། ཕྱག་གཡས་པ་དང་ཅིག་ཤོས་ན། རལ་གྲི་དང་སྡིགས་མཛུབ་ཅན་དེ་ཉིད་དུ་གཞག་པར་བྱའོ། །དེ་ནས་ རང་གི་སྙིང་གར་ཁྲོ་བོ་གཤིན་རྗེ་གཤེད་མཐར་བྱེད་ཀྱི་ངོ་བོ་ཁྲོ་བོའི་ཕུར་བུས་མགྲིན་པ་ནས་བཟུང་བ་རྣམས་སྤྲོས་ཏེ་དེ་རྣམས་ཀྱི་སྙིང་ག་དང་། མགྲིན་པ་དང་རྐང་པའི་བར་དུ་སྔགས་འདིས་གདབ་པར་བྱའོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧཱུཾ་སརྦ་ཨིནྡྲ་དི་ན་ས་པ་རི་ཝཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ སྭཱ་ཧཱ། དེ་ལྟར་ཕུར་བུ་བཏབ་པའི་མཇུག་ཐོགས་སུ་གྲུབ་པའི་བཅུད་ལེན་གྲུབ་པ་བཞིན་དུ་ཐམས་ཅད་གཤིན་རྗེ་མཐར་བྱེད་ཀྱི་རྣམ་པར་བསྐྱེད་པར་བྱ་སྟེ། ཐམས་ཅད་ཀྱང་རང་གི་ཤེས་རབ་མ་དང་གཉིས་སུ་མེད་པར་གྱུར་པ་ནི་ཤེས་རབ་ཀྱི་ཕྱག་གཉིས་ན་གྲི་གུག་དང་ཐོད་པ་དང་ལྡན་པས་ འཁྱུད་པའི་ཚུལ་ལོ། །ཐམས་ཅད་གཡོན་བརྐྱང་གི་སྟབས་ཀྱིས་སྒྲུབ་པ་པོའི་བསམ་པ་རྫོགས་པར་མཛད་པའོ་ཞེས་རྣམ་པར་བསམས་ལ། དེ་རྣམས་ཀྱི་མིག་ལ་སོགས་པ་རྣམས་སུ་ཇི་ལྟར་གསུངས་པའི་རྡོ་རྗེ་མིག་ལ་སོགས་པ་བསྐྱེད་ལ། ལུས་ལ་སོགས་པ་ལ་རྡོ་རྗེའི་སྐུ་ལ་སོགས་པ་ དང་ཇི་ལྟར་གསུངས་པའི་དབང་བསྐུར་བ་དང་གཤིན་རྗེ་མཐར་བྱེད་ཀྱི་དབུ་རྒྱན་ཉིད་ཀྱང་རྣམ་པར་བསམས་ནས་མཆོད་ཡོན་དང་། ཞབས་བསིལ་དང་བསང་གཏོར་དང་ཞལ་བསིལ་ལ་སོགས་པ་ཕུལ་ཏེ། གཏོར་མའི་ཉེ་བར་སྤྱོད་པ་ཇི་སྙེད་པ་ཐམས་ཅད་བདུད་རྩི་ལྔ་བསྒྲུབ་པའི་རིམ་ པས་བསྒྲུབས་ལ་དེ་ཉིད་གསུམ་གྱིས་མངོན་པར་བསྔགས་ནས། ཡང་དེ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦྱོར་བས་བསྒོམས་ལ་དེ་ནས་སྔགས་འདིས་བདུད་རྩི་དབུལ་བར་བྱའོ། །ཨོཾ་ཨིནྡྲཱ་ཡ་ཧྲཱིཿ། ཡ་མ་ཡ་ཥྚྲྀཿ། བ་རུ་ཎཱ་ཡ་བི། ཀུ་བེ་རཱ་ཡ་ཀྲྀ། ཨི་ཤ་ནཱ་ཡ་ཏ། ཨགྣ་ཡེ་ཨ། ནཻ་རྀ་ཏ་ ཡེ་ན། བཱ་ཡ་བེེ་ན། ཨར་ཀཱ་ཡ་ཧཱུཾ། ཙཎྜཱ་ཡ་ཧཱུཾ། བྲཧྨ་ཎེ་ཕཊ། བ་སུ་དྷ་ར་ཡེ་ཕཊ། བེ་མ་ཙི་ཏྲི་ནི་སྭཱ། སརྦ་བྷཱུ་ཏེ་བྷྱོ་ཧཱ། ཧ་ཧ་ཧ། ཧཱི་ཧཱི་ཧཱི། ཧཱུཾ་ཧཱུཾ་ཧཱུཾ། ཕེཾ་ཕེཾ་ཕེཾ་སྭཱ་ཧཱ། དེ་ནས་མེ་ཏོག་དང་བདུག་སྤོས་དང་། དྲི་དང་། མར་མེ་དང་། ཞལ་ཟས་ལ་སོགས་པ་དབུལ་བར་བྱའོ། ། དེ་རྣམས་ཀྱིས་ཀྱང་སྒྲུབ་པ་པོ་ལ་དགྱེས་པས་ཐམས་ཅད་མྱངས་ཤིང་ཉེ་བར་ལོངས་སྤྱོད་པར་བྱེད་དོ། །དེ་ནས་རྡོ་རྗེ་གསོར་ཞིང་རྡོ་རྗེ་དྲིལ་བུ་འགྱིང་བ་དང་བཅས་པས་དཀྲོལ་བར་བརྩོན་པས་གཏི་མུག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་དེ་རྣམས་བསྟོད་པར་བྱའོ། །དེ་ནས་འདོད་པའི་དོན་དུ་གསོལ་བ་ བཏབ་ལ་གཤེགས་སུ་གསོལ་ཏེ། ཨོཾ་ཨཱཿཧཱུཾ་མུཿ། ཞེས་པ་འདི་དང་། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །མུཿ། ཞེས་བྱ་བས་གཤེགས་ སུ་གསོལ་ལོ། །དེ་རྣམས་ཀྱིས་ཀྱང་སྒྲུབ་པ་པོའི་མངོན་པར་འདོད་པའི་དོན་སྒྲུབ་པར་མཛད་དོ། །གཏོར་མའི་ཆོ་ག་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་ཆེན་པོ་ཉི་མའི་དབང་པོའི་འོད་ཟེར་དང་ཆག་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། དཔལ་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་ལ་མི་འཇིགས་ སྦྱིན་པའི་སྐུ་སྤྲུལ་ཐུགས་ནི་ཞི་བའི་རང་བཞིན་ཅན། །སྐུ་ནི་དམར་པོའི་རྣམ་པར་མཛད་ཅིང་འཇིགས་པར་མཛད་པ་འགྲོ་བའི་དོན་བསྒྲུབ་པ། །བདུད་ཀྱི་སྡེ་རྣམས་སྔངས་པར་མཛད་དཔལ་དུས་ཀྱི་དགྲ་བོ་དམར་པོ་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་རྒྱས་པ་མ་ཡིན་ཉུང་ངུ་འདི་ནི་བདག་གིས་ བྲི་བར་བྱ། །སྔགས་པས་དང་པོར་བདེ་བའི་སྟན་ལ་རབ་འདུག་རང་གི་སྙིང་གར་ཨོཾ་ཡིག་ལས་སྐྱེས་པའི། །ཉི་མའི་དཀྱིལ་འཁོར་དབུས་སུ་ཧཱུཾ་ཡིག་དམར་པོ་མཚུངས་པ་མེད་པའི་གཟུགས་འབར་བ། །དེ་ལས་འཕྲོས་པའི་འོད་ཟེར་དམར་པོས་ནམ་མཁར་སྤྱན་དྲངས་སངས་རྒྱས་བླ་མ་ རྣམས། །དཔལ་ལྡན་གཤིན་རྗེ་གཤེད་དམར་ལ་སོགས་དང་བཅས་མངོན་པར་དམིགས་ནས་ཧཱུཾ་ཡིག་ལས། །སྣ་ཚོགས་མེ་ཏོག་དྲི་བཟངས་བདུག་པ་རྣམ་པ་དུ་མས་མཆོད་པའི་ཆོ་ག་རྫོགས་བྱས་ལ། །བདག་ཏུ་རྟོག་པའི་སྡིག་པ་གང་ཡོད་དེ་ནི་དེ་རྣམས་མདུན་དུ་བཤགས་ པར་བྱ། །ཕྱི་ནས་ཆོ་ག་ལྷག་མ་ཆོ་ག་ཇི་བཞིན་བསྒྲུབས་ནས་སྟོང་ཉིད་བསྒོམ་བྱ་སྟེ། །ཨོཾ་ཤཱུ་ནྱ་ལ་སོགས་པའི་ཚིག་གིས་དེ་རྗེས་ཨོཾ་ཡིག་ལས་སྐྱེས་ཉི་མ་ལ། །ཡི་གེ་ཧཱུཾ་ལས་སྤྲུལ་པའི་དབྱུག་པ་རི་བོང་འཛིན་མཚུངས་རླན་བཅས་མི་མགོས་མཚན། །ཡི་གེ་ཧཱུཾ་ གིས་རྣམ་བརྒྱན་དེ་རྣམས་མཐའ་དག་ཡུན་རིང་རྣམ་པར་བལྟས་ནས་ནི། །སྒོམ་པ་པོ་ཡིས་དཔལ་ལྡན་གཤིན་རྗེ་གཤེད་དམར་གཉུག་མའི་སྐུ་ནི་ཡང་དག་བསམ། །གཡོན་བརྐྱང་སྟབས་ཀྱིས་བཞུགས་པ་ཤིན་ཏུ་རྣམ་འགྱུར་སྐུ་དམར་ཀུན་ནས་རྨད་དུ་བྱུང་། །དྲག་པོ་ཞལ་གཅིག་ ཕྱག་གཉིས་དང་ལྡན་གཡས་དང་ཅིག་ཤོས་དག་ན་ངེས་གནས་པ། །ཁྲག་གིས་བཀང་བའི་ཐོད་པ་དང་ནི་རྡོ་རྗེའི་དབྱུག་པ་དཀར་པོ་མི་མགོས་མཚན། །སྐུ་ལ་སྦྲུལ་གྱི་ཚོགས་ཀྱིས་རིམ་པ་བཞིན་དུ་བརྒྱན་པས་མཛེས་བྱས་དབུ་སྐྱེས་ནི། །དམར་སེར་གྱེན་དུ་གནས་ཤིང་སྟག་གི་པགས་ པ་རླན་བཅས་ན་བཟའ་བྱས་པ་སྟེ། །མགུལ་ནས་རབ་ཏུ་འཁྱུད་པའི་མཛེས་མ་ཡང་དག་དམ་པའི་རང་འོད་ཐོད་པ་སྐོམ་པོ་ཡི། །ཕྲེང་བ་དང་ལྡན་ན་བཟའ་དང་བྲལ་ཕྱག་གཉིས་ལྡན་ནས་ཞལ་གཅིག་ཆུ་སྐྱེས་ནི། །དམ་དུ་འཁྱུད་ཅིང་ཁ་སྦྱོར་རོ་གཅིག་གཡས་བརྐྱང་བ་ཡི་སྟབས་ཀྱིས་ བཞུགས་པ་མོ། །ཕྱི་ནས་མགོན་པོའི་ཐུགས་ཀར་རབ་ཏུ་གཏུམ་པའི་འོད་ལྡན་དེ་ཡང་ཧཱུཾ་ཡིག་ལས། །སྐྱེས་པའི་དབྱུག་པ་ཤིན་ཏུ་དཀར་བ་འཛག་བཅས་མི་མགོ་དང་ལྡན་འོད་འབར་བ། །དེ་དབུས་ཤིན་ཏུ་དམར་བའི་ཡི་གེ་ཧཱུཾ་མཆོག་འབར་བའི་ཉི་མ་ལ་གནས་པ། །མཁས་པས་ བལྟ་བྱ་བཅོམ་ལྡན་འདས་ཀྱི་གསང་བའི་བྱེ་བྲག་ཧཱུཾ་སྐྱེས་རྡོ་རྗེ་སྟེ། །ས་བོན་ཨོཾ་མཆོག་ཡོངས་གྱུར་ལས་བྱུང་བཅོམ་ལྡན་འདས་མའི་གསང་བ་ཆུ་སྐྱེས་འདབ་བརྒྱད་པ། །སླར་ཨོཾ་སརྦ་ཞེས་སོགས་མཉམ་མེད་གསང་སྔགས་སྒྲུབ་པ་པོ་ཡིས་བརྗོད་པར་བྱ། །དེ་ནས་ལྟེ་བའི་འོག་ཏུ་པདྨ་ འདབ་བརྒྱད་ཀུན་ནས་དམར་བ་ཡང་དག་འབར། །ཧྲཱིཿཡིག་བསམས་ཏེ་དེ་སྟེང་རེ་ཁཱ་དཀར་པོ་གྱེན་དུ་ལངས་པ་ནམ་མཁར་ཕྱོགས། །ཤིན་ཏུ་དམར་བའི་མཉམ་མེད་ཁྱབ་བདག་དཔལ་ལྡན་གཤིན་རྗེ་གཤེད་པོ་བསྒོམ་པར་བྱ། །འགྲོ་བ་ཐམས་ཅད་འདི་འདྲར་སྲུང་བ་མཉམ་པར་ཀུན་ནས་ འཁྲིགས། །མ་ཧེའི་སྟེང་ན་རྒྱལ་པོ་བཞིན་དུ་མཉམ་བཞུགས་བླ་ན་མེད། །ཇི་ལྟར་གསུངས་པའི་དམ་ཚིག་ཅན་གྱི་རྣལ་འབྱོར་དམ་ཚིག་སྟོན་འགྲོ་བས། །དོགས་པ་ཀུན་དང་བྲལ་བའི་ཡིད་ཀྱིས་ཐུན་གསུམ་བསྒོམ་པར་བྱ། །དེ་ལ་ངེས་པར་འགྲོ་བའི་བླ་མ་མཆོད་འདི་ལེགས་པར་གྲུབ་ འགྱུར་བསྒོམས་པ་ལས། །འཇིག་རྟེན་སྣང་བར་བྱེད་པ་རྣམ་པར་བརྟན་བྱེད་རབ་ཏུ་རྩོམ་པའི་རིམ་པ་འདིས། །སྔགས་པའང་དེ་ནས་བརྩམས་ཏེ་ཉིན་རེ་བཞིན་དུ་ལྷ་དང་ལྷ་མིན་བདག་པོ་ཡི། །བཀའ་ལས་མི་འདའ་གདུག་པ་དྲག་པོ་འབྱུང་པོ་སོགས་ཀྱིས་ངེས་པར་བདེ་བ་སྒྲུབ། །ཨོཾ་ཨཱཾ་ ཛྲཱྀཾ་ཁཾ་ཧཱུཾ། དམ་ཚིག་བྱིན་གྱིས་བརླབ་པའི་སྔགས་སོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། དཔལ་ལྡན་གཤིན་རྗེ་མཐར་བྱེད་དམར་པོའི་སྒྲུབ་ཐབས་བླ་མ་དམ་པའི་མན་ངག་གི །གསུང་རྣམས་མཉན་ནས་རྣམ་པར་སྣང་མཛད་སྲུང་བ་བདག་གིས་འགྲོ་བ་ཀུན་ གྱི་དོན། །བསྒྲུབ་པའི་ཆེད་དུ་བརྩམས་པའི་བསོད་ནམས་དྲི་མེད་དམ་པ་གང་ཞིག་ཐོབ་པ་དེས། །སྲིད་པའི་འདམ་དུ་བྱིང་བའི་ལུས་ཅན་ཉོན་མོངས་མུན་ནག་ཡང་དག་འཇོམས་པར་ཤོག །གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་དཔལ་རྣམ་པར་སྣང་མཛད་སྲུང་བས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་ཆེན་པོ་ཉི་མའི་དབང་པོའི་འོད་ཟེར་གྱི་ཞལ་སྔ་ནས་ཚག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨུ་པ་དེ་ཤ་སྭ་ཨ་དྷིཥྛཱི་ན་ཀྲ་མ་རཀྟ་ཡ་མཱནྟ་ཀ་ཨ་བྷི་ས་མ་ཡ། བོད་སྐད་དུ། རང་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་དང་བཅས་པ་གཤིན་རྗེ་མཐར་བྱེད་དམར་པོའི་མངོན་པར་རྟོགས་པ། བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །གང་གི་དངོས་གྲུབ་དུག་ཞི་དབང་དུ་བྱེད། །རྒྱས་པ་དང་ནི་མངོན་སྤྱོད་གནོད་སྦྱིན་སོགས། །ཞི་བྱེད་གང་ ཡང་ངག་འབྱེད་བློ་ཡོད་པ། །དཔའ་བོ་གཤིན་རྗེ་གཤེད་དེའི་བློ་ལྡན་གྱུར། །ཞལ་གཅིག་ཕྱག་གཉིས་མ་ཧེའི་གདན་ལ་བཞུགས། །སྐུ་ལུས་ཉི་མདོག་དག་པས་ཡོངས་སུ་ཚིམ། །གཉུག་མའི་གྲོགས་ཀྱིས་ངོར་རྒལ་དབང་གིས་ནི། །དེ་ཡི་སྒྲུབ་ཐབས་བརྩམ་བྱ་གྲོགས་དག་ཉོན། ། དེ་ལ་དབང་གི་སེམས་ནི་རྣམ་པར་དག །རྣལ་འབྱོར་བདག་ཉིད་དག་བྱ་དང་པོར་ནི། །སེམས་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ། །བརྟུལ་ཞུགས་ལ་གནས་འཇམ་པའི་སྟན་ལ་འདུག །དེ་ནས་མགོ་བོར་པདྨ་དཀར་པོ་དང་ཟླ་བ་ལ་གནས་པའི་ཨོཾ་ཡིག་དང་། མགྲིན་ པར་པདྨ་དམར་པོ་དང་ཉི་མ་ལ་གནས་པའི་ཨཱཿཡིག་དང་། སྙིང་གར་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་སྔོན་པོ་བསྒོམས་ཏེ། ཨོཾ་ཨཱཿཧཱུཾ་རིམ་པ་བཞིན་བརྗོད་ཅིང་ལག་པ་གཡོན་པས་དགོད་དེ་ལན་གསུམ་མགོ་བོ་ནས་བརྩམས་ནས་བདག་ཉིད་བསྲུང་བར་བྱའོ། །གདན་ཡང་ རྡོ་རྗེའི་རང་བཞིན་དུ་བསྒོམས་ཏེ་ལག་པ་གཡོན་པས་རེག་ལ། ཨོཾ་ཨཱཿཧཱུཾ་བཛྲ་ཨཱ་ས་ན་ཧཱུཾ་ཞེས་པས་གདན་བསྲུང་བར་བྱའོ། །དེ་ནས་འགྲོ་བ་དྲུག་ན་གནས་པའི་སེམས་ཅན་རྣམས་ལ་ཡིད་ཀྱིས་བལྟས་ནས་བྱམས་པའི་སེམས་བསྒོམ་པར་བྱ་སྟེ། ཇི་ལྟར་བདག་གི་བུ་ལ་སོགས་པ་དང་རང་ གི་ལུས་ལ་བྱམས་པ་དེ་ལྟར་བདག་གིས་སེམས་ཅན་ཐམས་ཅད་ལ་བྱམས་པར་བྱའོ་ཞེས་བྱའོ། །ཇི་ལྟར་སེམས་ཅན་དེ་རྣམས་སྐྱེ་བ་དང་། དགའ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་རྣམ་པར་བསམས་ལ་ སྙིང་རྗེའི་སེམས་བསྒོམ་པར་བྱ་སྟེ། ཇི་ལྟར་བདག་གི་བུ་ལ་སོགས་པ་དང་། རང་གི་ལུས་ཀྱི་སྡུག་བསྔལ་སེལ་བར་བྱ་བ་དེ་ལྟར་བདག་གིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བར་བྱའོ་ཞེས་པའོ། །ཇི་ལྟར་སེམས་ཅན་དེ་རྣམས་འདོད་ཡོན་ལྔ་ལ་ཉེ་བར་སྤྱོད་པའི་བདེ་བ་དང་དབང་ ཕྱུག་རྣམས་རིག་པར་བྱས་ནས་དགའ་བའི་སེམས་བསྒོམ་པར་བྱ་སྟེ། འཁོར་བ་ཇི་སྲིད་བར་སེམས་ཅན་རྣམས་བདེ་བ་འདི་ཉིད་ཀྱིས་གནས་པར་འགྱུར་ན་ལེགས་སོ་ལེགས་སོ་ཞེས་བྱའོ། །དེ་བཞིན་དུ་སེམས་ཅན་དེ་རྣམས་རྣལ་འབྱོར་པ་ལ་རྙེད་པ་དང་། མ་རྙེད་པ་དང་བསྟོད་པ་དང་སྨད་པ་ དང་། གྲགས་པ་དང་མ་གྲགས་པ་དང་། བདེ་བ་དང་སྡུག་བསྔལ་སྟོང་པར་རིག་པར་བྱས་ལ་བཏང་སྙོམས་ཀྱི་སེམས་བསྒོམ་པར་བྱ་སྟེ། སེམས་ཅན་དེ་རྣམས་བཟང་པོ་བྱེད་ཀྱང་རུང་ངན་པ་བྱེད་ཀྱང་རུང་སྟེ། དེ་ལྟར་ན་ཡང་བདག་གིས་སེམས་ཆགས་པ་དང་སྡང་བ་རྣམ་པ་ཀུན་དུ་ བཏང་སྙོམས་བྱའོ་ཞེས་པའོ། །འདིས་ནི་ཚངས་པའི་གནས་བཞི་བསྒོམ་པ་བསྟན་པའོ། །དེ་ནས་རང་གི་ལུས་ལ་བསམ་པར་བྱ་སྟེ། རེ་ཞིག་བདག་གི་ལུས་འདི་ནི་སྡུག་བསྔལ་བརྒྱ་སྟོང་དུ་མའི་སྣོད་དུ་བྱས་པ་སེམས་ཀྱང་རང་བཞིན་གྱིས་མི་བརྟན་པ་དེའི་ཕྱིར་ཇི་སྲིད་འཆི་བདག་གི་དབང་དུ་མ་གྱུར་ པ་དེ་སྲིད་དུ་བདག་གིས་གཤིན་རྗེ་གཤེད་ཀྱི་གཟུགས་སུ་བདག་ཉིད་བསྒྲུབས་ལ་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་མཐར་ཕྱིན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཤིན་ཏུ་བརྩོན་འགྲུས་དང་ལྡན་པས་ནི་རེ་ཞིག་སྐྱེ་བ་འདི་ཉིད་ལ་ད་ལྟར་བྱུང་བའི་སངས་རྒྱས་ཉིད་དུ་ནུས་པ་ཡིན་ནོ་ཞེས་ གསུངས་སོ། །དེ་བས་ན་བདག་གིས་བརྩོན་འགྲུས་བརྟན་པར་བརྩམས་ཏེ། དེ་ལྟར་ཡང་། འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །ཞེས་གསུངས་སོ། །བརྩོན་འགྲུས་ཀྱང་དགེ་བ་ལ་སྤྲོ་བ་ཉིད་དེ། དེ་ལྟར་ཡང་། བརྩོན་འགྲུས་གང་དགེ་ལ་སྤྲོ་བའོ། །ཞེས་གསུངས་སོ། །དེས་ན་བརྩོན་འགྲུས་ བྱས་ཏེ་དཔའ་བོ་གཤིན་རྗེ་གཤེད་བསྒྲུབ་པར་བྱའོ། །རང་གི་དོན་སྒྲུབ་པ་པོ་ཐམས་ཅད་ཀྱང་བཀྲ་ཤིས་སྔོན་དུ་འགྲོ་བ་ཁོ་ནས་སྒྲུབ་པར་བྱེད་དོ། །དེ་བས་ན་དང་པོར་རེ་ཞིག་བཀྲ་ཤིས་པར་བྱའོ། །གང་ཡང་སངས་རྒྱས་ཉིད་ཀྱི་རྒྱུ་ནི་བསོད་ནམས་ཀྱི་ཚོགས་རྫོགས་པའོ་ཞེས་བསམས་ལ་ རང་གི་སྙིང་གར་སེམས་རྩེ་གཅིག་པར་བྱས་ནས་སྐད་ཅིག་གིས་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་དམར་པོ་འོད་ཟེར་དང་བཅས་པ་བསྒོམས་ཏེ། དེའི་འོད་ཟེར་གྱིས་སྤྱན་དྲངས་པའི་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཡི་དམ་གྱི་ལྷ་ལ་སོགས་པ་མདུན་དུ་ བལྟས་ལ། ཡིད་ལས་བྱུང་བའི་པཱུ་ཛས་མཆོད་པར་བྱ་སྟེ། དེ་ལ་མེ་ཏོག་དང་། བདུག་སྤོས་དང་མར་མེ་དང་། དྲི་མཆོག་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་དན་ལ་སོགས་པས་མཆོད་པར་བྱའོ། ། མཆོད་པ་བླ་ན་མེད་པ་བདུན་ཡང་འདིས་བྱ་སྟེ། སྡིག་པ་ཐམས་ཅད་བདག་གིས་བཤགས། །དགེ་ལ་དགའ་བས་རྗེས་ཡི་རང་། །བཅོམ་ལྡན་ཐུབ་པ་དམ་ཆོས་སྐུ། །ཇི་སྲིད་འཁོར་བར་བཞུགས་སུ་གསོལ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སངས་རྒྱས་བྱང་ཆུབ་ཡིད་ ཀྱིས་གཟུང་། །ལམ་འདི་ཡང་དག་བསྟེན་པར་བྱ། །དགེ་བ་ཆོ་གས་བྱང་ཆུབ་བསྔོ། །དེ་ནས་ཕྱག་བྱས་ལ་བཟོད་པར་གསོལ་ཏེ་གཞག་པར་བྱའོ། །དེ་ལ་འདི་ལྟར་བསྒོམ་པར་བྱ་སྟེ་ཏིང་ངེ་འཛིན་དུ་གཏོགས་པའི་བསོད་ནམས་ཀྱི་ཚོགས་ཀྱང་ཇི་སྲིད་ཡེ་ཤེས་ཀྱི་ཚོགས་མ་ རྫོགས་པ་དེ་སྲིད་དུ་སངས་རྒྱས་སུ་མི་འགྱུར་རོ། །དེའི་ཕྱིར་རེ་ཞིག་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱའོ། །གཞན་ཡང་མིའི་ལུས་ཡོངས་སུ་གྱུར་པ་ཁོ་ན་ལས་སངས་རྒྱས་ཉིད་དེ། དེས་ན་མིའི་ལུས་ཀྱང་བསྒྱུར་བར་བྱའོ་ཞེས་རྣམ་པར་བསམས་ལ། སྟོང་པ་ཉིད་བསྒོམས་ཏེ། དངོས་ པོ་མེད་པ་བསྒོམ་པ་མེད། །སྒོམ་པ་བསྒོམ་པ་མ་ཡིན་ཉིད། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་འདིའི་དོན་ཡིད་ཀྱིས་བསམས་ཏེ། རང་གི་སྙིང་གི་ནང་དུ་སོན་པའི་སྔགས་ལ་སེམས་གཏད་དེ། དེའི་འོད་ཟེར་གྱིས་ག་བུར་བསྲེགས་པ་ བཞིན་དུ་རང་གི་ལུས་བཞུ་བར་བསམས་ལ། དེ་ནས་པདྨ་བཞུ་བར་བསམ་མོ། །དེ་ནས་ཉི་མའོ། །དེ་ནས་ཨཱུ་ཡིག་གོ། །དེ་ནས་ཧ་ཡིག་གོ། །དེ་ནས་ཟླ་ཚེས་སོ། །དེ་ནས་ཐིག་ལེའོ། །དེ་ནས་ནཱ་དའོ། །དེ་ནས་ཇི་ལྟར་བུད་ཤིང་ཟད་པས་མེ་ནམ་མཁར་ཐིམ་པ་དེ་ལྟར་འོད་ཀྱི་ཕུང་པོ་ ཡང་ཞུ་བར་བསམས་ཏེ་ཅུང་ཟད་ཀྱང་བསྒོམ་པར་མི་བྱའོ། །ཤིང་ལྟར་བརྟན་པར་བྱས་ལ་ཡུད་ཙམ་གནས་ཏེ་སྔགས་བརྗོད་དོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་སྐད་ཅིག་གིས་བདག་ཉིད་ཤ་དང་རུས་པ་དང་ཁྲག་ལ་སོགས་པ་མེད་པ་ཤིན་ཏུ་དང་ཞིང་གཞོམ་དུ་མེད་པ་ཞལ་ གཅིག་ཕྱག་གཉིས་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་འཛིན་པ་གཅེར་བུ་རྟགས་གྱེན་དུ་བརྟན་པ་རལ་པ་འཕྱང་བ་དཀར་པོ་པདྨ་དང་ཟླ་བ་ལ་གནས་པ་ཞི་བའི་གཟུགས་ཅན་སེམས་དཔའི་སྐྱིལ་ཀྲུང་ཅན་རླུང་སེམས་ཟུང་དུ་འཇུག་པ་བསྒོམ་མོ། །དེ་ནས་འདི་ལྟར་བསམས་ཏེ་ཡེ་ཤེས་ཀྱི་ཚོགས་ཀྱང་ རྫོགས་ལ་མིའི་ལུས་ཀྱང་ཡོངས་སུ་གྱུར་པས་དེའི་ཕྱིར་ན་ད་ནི་བདག་ཉིད་གཤིན་རྗེ་གཤེད་ཀྱི་གཟུགས་སུ་བསྒྲུབས་ལ་རང་གཞན་གྱི་དོན་དུ་དངོས་གྲུབ་བསྐྱེད་པར་བྱའོ། །དེ་ཡང་རྒྱུ་ཁྱད་པར་དུ་འཕགས་པའི་རྗེས་སུ་འབྲས་བུ་ཁྱད་པར་དུ་འཕགས་པ་འགྲོ་བ་དེའི་ཕྱིར་ཁྱད་པར་དུ་འཕགས་པའི་རྒྱུ་ཉེ་ བར་བརྟག་གོ་ཞེས་བསམས་ལ། ཨོཾ་དམར་པོ་ཡོངས་སུ་གྱུར་པའི་ཉི་མ་ལ་གནས་པའི་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་བསྒོམས་ཏེ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ས་གཞི་དང་། རྡོ་རྗེའི་ར་བ་དང་རྡོ་རྗེའི་གུར་དང་། རྡོ་རྗེའི་མདའི་དྲ་བ་ལ་སོགས་པ་བསྒོམ་མོ། །དེའི་དབུས་སུ་པཾ་གྱི་རྣམ་པར་ ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པའི་སཾ་ཡིག་ཡོངས་སུ་གྱུར་པ་ལས་གྲུ་གསུམ་གྱི་དཀྱིལ་འཁོར་དཀར་པོའོ། །དེའི་དབུས་སུ་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་བསམ་མོ། །དེ་ནས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས་སུ་ཡི་གེ་ཡཾ་སྔོན་པོ་ཡོངས་སུ་ གྱུར་པ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་རྩེ་མོ་གཉིས་སུ་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ་ཡི་གེ་རཾ་དམར་པོ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པའོ། །དེའི་སྟེང་དུ་ཡི་གེ་བཾ་དཀར་པོ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཟླུམ་ པོ་དཀར་པོ་བུམ་པས་མཚན་པའོ། །དེའི་སྟེང་དུ་ཡི་གེ་ལཾ་སེར་པོ་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །དེའི་སྟེང་དུ་ཡི་གེ་སུཾ་ཡོངས་སུ་གྱུར་པ་ལས་རི་རབ་ལྷུན་པོ་གྲུ་བཞི་པ་དངུལ་དང་བཻ་ཌཱུཪྻ་དང་ཤེལ་དང་གསེར་གྱི་རང་བཞིན་ལྕོག་བརྒྱད་ ཀྱིས་མཛེས་པའོ། །དེའི་སྟེང་དུ་ཡི་གེ་བྷྲཱུཾ་སེར་བོ་བསྒོམས་ཏེ་དེ་མཐའ་དག་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །རིན་ཆེན་དྲ་བ་དྲ་ཕྱེད་དང་། །འདོད་ཡོན་ལྔ་ཡིས་ཉེ་བར་མཛེས། །དེའི་དབུས་སུ་ པཾ་ཡིག་ལས་བྱུང་བའི་སྣ་ཚོགས་པདྨའི་སྟེང་དུ་ཡི་གེ་ཨོཾ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཨཱཿལས་ཟླ་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཉི་མ་དང་ལྷན་ཅིག་བསྒོམ་པར་བྱའོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་དམར་པོ་ལས་དབྱུག་པ་དཀར་པོ་ཉི་མ་ལ་གནས་པའི་ཧཱུཾ་ གིས་མཚན་པ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ནས་བདག་ཉིད་སྐད་ཅིག་གིས་སྐར་མདའ་འཕོ་བ་ལྟར་ཞུགས་ནས་གཅིག་ཏུ་འདྲེས་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་བསམ་མོ། །རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་འདི་ནི་རྣལ་འབྱོར་རོ། །དེ་ནས་ དབྱུག་པ་དངུལ་ཆུ་དམར་པོའི་རྣམ་པ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁུ་བའི་གཟུགས་སུ་བསྒོམས་ལ། ཁུ་བ་དེ་ལས་སྐད་ཅིག་གིས་རྡོ་རྗེ་ཙརྩི་ཀཱ་དང་། རྡོ་རྗེ་ཕག་མོ་དང་། རྡོ་རྗེ་དབྱངས་ཅན་མ་དང་། རྡོ་རྗེ་དཀར་མོ་སྟེ་ལྷ་མོ་དེ་དག་འཐོན་ནས་ཤར་དང་། ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་གནས་ཏེ་ཁུ་བ་དེ་དབྱངས་དང་བཅས་པས་བསྐུར་བར་བསམ་སྟེ། ཐུགས་རྗེའི་ཁྲོ་བོ་རྗེ་བཙུན་ཉིད་བཞེངས་ཤིག །ས་གསུམ་མཐའ་དག་རྨོངས་པ་སོལ་མཛོད་ཅིག །ཙརྩི་ཀཱ་ཡིས་སོ། །ཇོ་བོ་བདུད་བཞི་པོ་འདི་ལས་རྒྱལ་བ། །སེམས་ནི་གཡེངས་ སོ་རྗེ་བཙུན་ཉིད་བཞེངས་ཤིག །ཕག་མོ་ཡིས་སོ། །འཇིག་རྟེན་མགྲོན་གཉེར་སྟོང་ཉིད་བཞུགས་སམ་ཅི། །རྗེ་བཙུན་འཇིག་རྟེན་བསོད་ནམས་ཉིད་ཀྱིས་བཞེངས། །དབྱངས་ཅན་མས་སོ། །ཁྱོད་ནི་སྟོང་ཉིད་སེམས་ཤིང་ཅི་ལ་བཞུགས། །བྱམས་སེམས་རང་བཞིན་འཇིག་ རྟེན་མགྲོན་གཉེར་བས། །དཀར་མོ་ཡིས་སོ། །བསྐུལ་ནས་དེ་རྣམས་སླར་བཅུད་དེ་ཉིད་ལ་ཐིམ་སྟེ། དེ་ནས་ཁུ་བ་དེ་གྱུར་པས། །བདག་ཉིད་ལྷ་ཡི་རང་བཞིན་ཏེ། །མ་ཧེ་དམར་པོའི་རྒྱབ་ཏུ་བཞུགས། །གར་གྱི་ཉམས་དགུ་དང་ལྡན་པ། །བནྡུ་ཀ་ཡི་མེ་ཏོག་འདྲ། །ཞལ་གཅིག་ ཕྱག་ནི་གཉིས་པ་སྟེ། །སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་། སྤྱན་གསུམ་དམར་ལ་ཟླུམ་པ་པོ། །སྨ་ར་དམར་སེར་ཤིན་ཏུ་འཇིགས། །དབུ་སྐྲ་དམར་སེར་གྱེས་དུ་བརྫེས། །ཞལ་ནི་མཆེ་བ་རྣམ་པར་གཙིགས། །ལྗགས་ནི་བསྒྱུར་ཞིང་གད་རྒྱངས་ཅན། །དབྱུག་པ་དཀར་པོ་མགོ་བོས་མཚན། ། ཕྱག་ནི་གཡས་པ་དག་གིས་བསྣམས། །གཡོན་གྱི་ཕྱག་ན་པདྨ་ཡི། །སྣོད་ནི་མཛེས་པ་དང་བཅས་པ། །ཉི་མ་བྱེ་བའི་འོད་འབར་བ། །གཡོན་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། །མ་ཧེ་ཡི་ནི་རྒྱབ་ནས་སུ། །གཤིན་རྗེ་འགྱེལ་ཞིང་འཇིགས་མཛད་པ། །བརྒྱད་གཉིས་ལོན་པའི་རྣམ་པ་ ཅན། །ཀླུ་བརྒྱད་པོས་ནི་རྣམ་བརྒྱན་པ། །དབུ་ལ་མགོ་བོའི་ཕྲེང་བ་བཅིངས། །མགོ་བོའི་དོ་ཤལ་འཕྱང་བ་པོ། །ཁྱབ་བདག་སྟག་ལྤགས་ན་བཟའ་ཅན། །རྡོ་རྗེ་རོ་ལངས་མ་ཡིས་འཁྱུད། །བཅོམ་ལྡན་སྐུ་མདོག་དག་དང་ནི། །ལྡན་ཞིང་གྲི་གུག་ཐོད་པ་བསྣམས། །ཕྱག་རྒྱ་ལྔ་ཡིས་སྐུ་ལ་ བརྒྱན། །དེ་དག་མཆོག་ཏུ་བསྒོམ་པར་བྱ། །དེ་ནས་བདག་གི་གྲུབ་ཐོབ་ཉིད། །ཐེ་ཚོམ་མེད་ཅེས་ང་རྒྱལ་བྱ། །དེ་ནས། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པའི་སྔགས་བརྗོད་དོ། །འདི་ནི་རྗེས་སུ་རྣལ་འབྱོར་རོ།། །།དེ་ནས་བཅོམ་ལྡན་འདས་མའི་ཐུགས་རྗེས་སུ་ཆགས་པར་བྱས་ལ་ཡན་ ལག་དང་ཉིང་ལག་ཐམས་ཅད་བལྟས་ཏེ་པདྨ་དང་རྡོ་རྗེ་གཡོ་བས་གཉིས་ཀའི་སྟག་ལྤགས་ཀྱི་ན་བཟའ་འཕྱར་བར་བསྒོམས་ཏེ་དེ་ནས་འདི་དག་རྗེས་སུ་ཆགས་པར་བྱའོ་ཞེས་པདྨ་དང་རྡོ་རྗེ་ལ་སེམས་གཏད་ལ་ཨོཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་གཅིག་པ་ཨོཾ་ཡིག་སེར་པོས་རྩེ་མོར་མཚན་པ་ བསྒོམ་མོ། །པདྨ་ཡང་ཨཱཿཡིག་དམར་པོ་ལས་བྱུང་བ་འདབ་མ་གསུམ་པ་ཁ་བྱེ་བ་ཟེ་འབྲུ་ལ་ཡི་གེ་ཨཱཿས་མཚན་པ་འདབ་མ་གསུམ་པ་ཁ་བྱེ་བར་བསམ་མོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པ་བརྗོད་དེ་རྡོ་རྗེ་དང་པདྨའི་སྦྱོར་བས་བདག་ཉིད་བདེ་བར་བསྒོམ་ པར་བྱའོ། །ཕྱི་རོལ་གྱི་གཉིས་གཉིས་ལྟར་འཕོ་བའི་གནས་སྐབས་གཉིས་པར་བདག་ཉིད་བསྒོམས་ལ་ལྷ་མོའི་པདྨའི་དཀྱིལ་དུ་དུས་མཚུངས་པར་འཕོས་པས་ཁམས་གཉིས་འདྲེས་པར་བསྒོམས་ཏེ་དཀར་པོ་དང་དམར་པོའོ། །དེ་ནས་ཡོངས་སུ་གྱུར་པ་ལས་གཏི་མུག་གཤིན་རྗེ་གཤེད་ལ་སོགས་ པ་གནས་ཇི་ལྟ་བར་པདྨའི་དབུས་སུ་བསྒོམས་ལ་བཅོམ་ལྡན་འདས་མ་ལས་བྱུང་བར་བསྒོམས་ཏེ། དེ་ནས་དེ་རྣམས་མདུན་དུ་བལྟས་ལ་རང་རང་གི་གནས་སུ་བཞུགས་པར་བསྒོམ་མོ། །དེ་ནས་ཤར་གྱི་འདབ་མར་ཉི་མ་ལ་གཏི་མུག་གཤིན་རྗེ་གཤེད་དཀར་པོ་ལ་ཙརྩི་ཀ་སྐུ་ལུས་སྐམ་ཞིང་ནག་ པས་འཁྱུད་པའོ། །ལྷོའི་འདབ་མར་ཉི་མ་ལ་སེར་སྣ་གཤིན་རྗེ་གཤེད་སེར་པོ་ཕག་མོ་སེར་མོ་ཕག་ཞལ་ཅན་གྱིས་འཁྱུད་པའོ། །ནུབ་ཀྱི་འདབ་མར་ཉི་མ་ལ་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་དབྱངས་ཅན་མ་དཀར་མོའི་སྦྱོར་བ་ཅན་ནོ། །བྱང་གི་འདབ་མར་ཉི་མ་ལ་ཕྲག་དོག་གཤིན་རྗེ་ གཤེད་ལྗང་གུ་དཀར་མོ་ལྗང་སེར་དང་མཉམ་པར་ལྡན་པའོ། །འདི་དག་ཀུན་ཀྱང་གཤིན་རྗེ་གཤེད་དམར་པོ་དང་རོ་ལངས་མ་ལྟ་བུར་བསྒོམ་པར་བྱའོ། །མེའི་མཚམས་སུ་མུ་མེན་གྱི་བུམ་པ་བཞི་མཉམ་གྱིས་གང་བ་བསྒོམ་མོ། །བདེན་བྲལ་གྱི་མཚམས་སུ་གསེར་གྱི་བུམ་པ་གླ་རྩིས་ གང་བའོ། །རླུང་གི་མཚམས་སུ་བྱུ་རུའི་བུམ་པ་སིཧླས་གང་བའོ། །དབང་ལྡན་གྱི་མཚམས་སུ་དངུལ་གྱི་བུམ་པ་ག་བུར་གྱིས་གང་བའོ། །འདི་དག་ཐམས་ཅད་ཀྱི་ཁ་ཐོད་པས་བརྒྱན་པའོ། །དེ་ནས་རང་གི་སྙིང་གར་པདྨ་དང་ཉི་མ་ལ་གནས་པའི་དབྱུག་པ་དཀར་པོ་ཡི་གེ་ཧཱུཾ་དང་ བཅས་པ་བསྒོམས་ལ། དེའི་འོད་ཟེར་གྱིས་ཐོག་མ་མེད་པ་ནས་ཡང་དག་པར་གྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་ཏེ་བློས་ཡང་དག་པར་མཆོད་ལ་ཛཿཧཱུཾ་བཾ་ཧོཿ ཞེས་བྱ་བ་འདིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དགྱེས་པར་བྱའོ། །འདི་ནི་ཤིན་ཏུ་རྣལ་འབྱོར་ རོ།། །།དེ་ནས་ཕྱོགས་བཅུ་ན་བཞུགས་པའི་གྲུབ་པའི་རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་སྤྱན་དྲངས་ལ་བློས་མཆོད་ལ་དབང་ཞུ་བར་བྱ་སྟེ། རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས་གཤིན་རྗེ་གཤེད་ཀྱི་གོ་འཕང་གཏན་པ་ཐོབ་པར་བྱ་བའི་ཕྱིར་བདག་ལ་དབང་ བསྐུར་དུ་གསོལ་ཞེས་པའོ། །དེ་ནས་དེ་རྣམས་དགའ་བ་དང་བཅས་པས་བཀྲ་ཤིས་ཀྱི་གླུ་དང་རོལ་མོ་སྔོན་དུ་འགྲོ་བས་བདུད་རྩི་ལྔས་གང་བའི་གསེར་གྱི་བུམ་པས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ ལས་བྱུང་བ་སྦྱིན་པར་བྱ། །ཞེས་བརྗོད་པས་དབང་བསྐུར་ཏེ། དེ་ནས་དབང་བསྐུར་བའི་ཆུས་སྤྱི་བོར་རྡོ་རྗེ་སེམས་དཔའི་བདག་ཉིད་ཅན་བསྒོམ་མོ། །དཀྱིལ་འཁོར་པའི་སྤྱི་བོར་ནི་རང་གི་གཟུགས་བརྙན་ནོ། །དབང་བསྐུར་ནས་རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་དང་དཀྱིལ་ འཁོར་པའི་ལྷ་རྣམས་ཀྱང་སྒྲུབ་པ་པོས་བསྟོད་པར་བསྒོམ་མོ། །གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། ། སེམས་ཀྱི་རྡོ་རྗེ་རབ་གསལ་བ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །ཁྱབ་བདག་འདོད་ཆགས་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་ གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །ཨེ་མ་ཀྱེ་ཀྱེ་ གཤིན་རྗེ་གཤེད་དམར་པོ། །བླ་མ་སྲིན་པོའི་གཟུགས་རང་བཞིན། །ཁྲོ་བོ་ཁྱོད་མཐོང་རྣམ་པར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། །ཁྱོད་ཀྱིས་གར་མཛད་ས་སྟེང་དང་། །ས་བླ་དང་ནི་ས་འོག་གཡོ། །ཆགས་པས་བརྒྱན་པའི་ཁྲོ་བོ་ཡི། །གར་མཛད་ཁྱོད་ནི་རོ་ལངས་ལགས། །སྐུ་ ལུས་བོང་ཐུང་དམར་པོ་སྟེ། །རྣམ་པ་སྣ་ཚོགས་སྤྲུལ་པའི་སྐུ། །རྡོ་རྗེ་དབྱངས་ཅན་མ་ཡིས་བཏུད། །གར་མཛད་ཁྱོད་ནི་བདེ་བ་ཆེ། །ཧྲཱིཿཥྚྲྀཿགསང་སྔགས་དག་གིས་ནི། །ཁྱོད་ནི་ས་གསུམ་འཁྲུལ་པ་སེལ། །རྗེ་བཙུན་སྙིང་རྗེའི་ཁྲོ་བོ་ལས། །གར་མཛད་ཁྱོད་ནི་འཇིག་རྟེན་གཟིགས། །ཞེས་ པས་སོ། །དེ་ནས་སྔགས་བརྗོད་དོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པའོ། །དེ་ནས་སྔར་བཞིན་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་དཀྱིལ་འཁོར་བསྒོམས་ལ། དེའི་སྟེང་དུ་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་མགོ་བོ་སྐམ་པོ་གསུམ་གྱི་སྟེང་དུ་ཡི་གེ་ཨཱཿཡོངས་སུ་གྱུར་པ་ ལས་ཐོད་པ་བསྒོམ་སྟེ་དེའི་ནང་དུ་ཞོ་དང་འོ་མ་དང་ཆང་དང་ཉ་ལ་སོགས་པ་བདུད་རྩི་ལྔ་དང་། སྒྲོན་མ་ལྔ་དང་དབྱུག་པ་ལ་སོགས་པ་དེས་རོ་མཉམ་པར་བྱས་པ་སྨིན་པ་རྒྱ་སྐྱེགས་ཀྱི་བཅུད་ལྟ་བུར་བལྟས་ལ་ཨོཾ་ཨཱཿཧཱུཾ་ཞེས་པ་འདིས་བསིལ་བར་བྱས་ལ། ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་ལྗགས་རྡོ་ རྗེའི་སྦུ་གུར་བསྒོམས་ནས་བཏུང་ངོ་། །རང་གི་ཞལ་ནས་ལྷ་མོའི་ཞལ་དུ་སྟེ། དཀྱིལ་འཁོར་སོ་སོ་ལ་ཡང་རྒྱུན་སྦྱིན་ནོ། །དེ་ལྟར་བདུད་རྩི་མྱངས་པས་ཚིམས་པར་བྱས་ནས་སྔགས་བཟླས་ཏེ། ཐུགས་ཀར་གནས་པའི་ས་བོན་དང་ཕྱག་མཚན་ལ་སེམས་བརྟན་པར་བྱས་ལ། ཨོཾ་ཧྲཱིཿཥྚྲྀཿཝི་ ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཇི་སྲིད་འདོད་པར་བསྒོམ་ཞིང་བཟླས་ལ། ལྡང་བར་འདོད་ན་རང་ལུས་གྱི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་ཐམས་ཅད་བདག་ཉིད་ལ་ཡིད་ཀྱིས་བཅུག་ལ་ལྷན་ཅིག་སྐྱེས་པའི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱི་ང་རྒྱལ་གྱིས་ཇི་ལྟར་བདེ་ བར་གནས་པར་བྱའོ། །ལྷན་ཅིག་སྐྱེས་པའི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ནི་བདག་ཉིད་ཀྱི་གཟུགས་ཁོ་ན་རང་བཞིན་གྱིས་གྲུབ་པའི་གཤིན་རྗེ་གཤེད་ཀྱི་ང་རྒྱལ་བརྗོད་དེ་བདག་ཉིད་གཤིན་རྗེ་གཤེད་ཞལ་གཅིག་ཕྱག་གཉིས་པ་ཉིད་དུ་རང་བཞིན་གྱིས་གྲུབ་པ་ཉིད་དོ་ཞེས་པའོ། ། དེ་ནི་རྣལ་འབྱོར་ཆེན་པོའོ།། །།རྣལ་འབྱོར་བཞིའི་རིམ་པ་འདིས་ཐུན་གསུམ་མམ་ཐུན་བཞིའམ་ཇི་ལྟར་འདོད་པའི་དུས་སུ་བསྒོམ་པར་བྱའོ། །འབུམ་ཡོངས་སུ་བཟླས་པ་དེ་སྲིད་དུ་བཟླས་སོ། །དེ་ནས་འབུམ་གྱི་མཐར་མཚན་ཐོག་ཐག་བཟླས་ཏེ་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་ ལས་ཐམས་ཅད་པའི་ཐབ་ཁུང་དུ་ཆོ་ག་བཞིན་དུ་མངར་གསུམ་གྱིས་བསྐུས་པའི་མེ་ཏོག་དམར་པོ་སྟོང་ཕྲག་བཅུ་སྦྱིན་སྲེག་བྱ་སྟེ་སྔགས་རེ་རེ་ནས་བཟླས་ནས་སོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་མན་ཏྲ་སིདྡྷིཾ་མེ་དེ་ཧི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་གསང་སྔགས་ཀྱི་དངོས་གྲུབ་འབྱུང་ངོ་། །ལས་ཐམས་ཅད་ བསྒྲུབ་པ་ལའོ། །དེ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་འདོད་ན་རེ་ཞིག་སྐད་ཅིག་གི་རྣམ་པའི་རྣལ་འབྱོར་གྱིས་བདག་ཉིད་བཅོམ་ལྡན་འདས་ཀྱི་སྐུར་བསྒོམས་ཏེ་རྒྱུན་མི་འཆད་པ་ཆུ་བོའི་རྒྱུན་འབབ་པ་ལྟ་བུས་སོ། །བསྒོམ་པས་སྐྱོན་སྔགས་བཟླས་ཏེ་ཇི་སྲིད་ལུས་ཡོངས་སུ་གྱུར་ནས་གཤིན་ རྗེ་གཤེད་ཀྱི་སྐུར་མ་གྱུར་གྱི་བར་དུའོ། །དེ་ནས་ཕྱག་རྒྱ་ཆེན་པོ་གྲུབ་པར་འགྱུར་ཏེ་ལྷའི་སྐུར་གྲུབ་པ་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །དེ་དག་ཀྱང་གོམས་པ་ཙམ་ཁོ་ནས་འབྱུང་སྟེ། དེ་སྐད་དུ། ཡང་དག་མ་ཡིན་མདུན་གནས་པ། །སྐྱེས་བུ་གོམས་པའི་སྦྱོར་བས་འགྲུབ་འགྱུར་ཏེ། །འདོད་ པས་འཁྲུགས་པ་བཞིན་དུ་ཉམས་དགའ་བདེ། །སེམས་ཀྱང་རྗེས་སུ་འབྲང་བ་ངེས་སྦྱོང་ལྡན། །ཞེས་གསུངས་སོ། །གཞན་ཡང་། གོམས་པའི་སྤྱོད་ཡུལ་མ་གྱུར་མེད། །ཅེས་སོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་དུ་གསུངས་སོ། །གཞན་ཡང་ བསྟེན་པའི་ཆོ་གས་བཅོམ་ལྡན་འདས་བསྒྲུབ་པར་བྱ་སྟེ། དེ་ལ་ཆོ་ག་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱི་སྐུ་གཟུགས་སམ་ཐང་ཀ་བཞུགས་སུ་གསོལ་ཏེ་ཅི་འབྱོར་པའི་མཆོད་པ་བྱ་སྟེ་བྱ་བ་ཐམས་ཅད་སྤངས་ནས། བྱ་བ་དེ་ལ་སེམས་རྩེ་གཅིག་པས་བཟླས་པར་བྱ་སྟེ། ཇི་སྲིད་རང་ཉིད་བྱོན་ ནས་ཀྱི་ཀྱེ་སྒྲུབ་པ་པོ་ཁྱེད་ལ་མཆོག་ཅི་སྦྱིན་པར་བྱ་ཞེས་གསུངས་པའི་བར་དུའོ། །དེ་ནས་མཆོད་ཡོན་ཕུལ་ཏེ་བཏུད་ནས་མངོན་པར་འདོད་པའི་དོན་ཞུ་བར་བྱ་སྟེ་དེ་གནང་བར་འགྱུར་རོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཨཱ་གཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་བཟླས་སོ། །གཞན་ཡང་རྡོ་རྗེ་རོ་ལངས་མ་ བསྒྲུབ་པར་འདོད་ན་རྡོ་རྗེ་རོ་ལངས་མའི་སྐུ་གཟུགས་བྱ་ཞིང་རས་སམ་ཤིང་ལ་བྲི་བར་བྱ་སྟེ། སྐུ་མདོག་དམར་མོ་སྤྱན་གསུམ་མ། ཕྱག་གཉིས་གྲི་གུག་དང་ཐོད་པ་དང་ལྡན་པ་ཐུང་ཞིང་སྦོམ་ལ་ལྟོ་བ་འཕྱང་བ་ནུ་མ་མཁྲང་བ་ཞབས་གཡོན་བརྐྱང་བ། ཕྱག་རྒྱ་ལྔ་དང་ལྡན་པ་དབུ་སྐྲ་དམར་སེར་གྱེན་དུ་ བརྫེས་པ་འཛག་པ་དང་བཅས་པའི་མགོ་བོའི་ཕྲེང་བ་དང་ལྡན་པ་སྣ་ཚོགས་པདྨ་དང་ཉི་མ་ལ་བཞུགས་པ་མ་ཧེ་ལ་ཞོན་པའོ། །དེ་ནས་དེའི་མདུན་དུ་འདུག་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱ་སྟེ་བདག་ཉིད་ཀྱང་དེའི་གཟུགས་བརྙན་འབའ་ཞིག་ཏུ་བལྟས་ལ་ཇི་སྲིད་བྱོན་ནས་སྒྲུབ་པ་པོ་ལ་འཁྱུད་ནས་ ཀྱེ་ཀྱེ་སྒྲུབ་པ་པོ་ཅི་བཀའ་སྩལ་ལགས་ཞེས་གསུངས་པ་དེ་སྲིད་བཟླས་སོ། །སྒྲུབ་པ་པོས་ཀྱང་མཆོད་ཡོན་ཕུལ་ལ་ཀྱེ་ལྷ་མོ་བདག་གི་མཆིས་བྲང་མཛོད་ཅིག་ཅེས་བརྗོད་དོ། །དེ་ནས་བརྩམས་ཏེ་མཆིས་བྲང་དུ་འགྱུར་རོ། །དེས་རེག་པ་ཙམ་གྱིས་གཤིན་རྗེ་གཤེད་ཀྱི་གཟུགས་སུ་འགྲུབ་ པར་འགྱུར་རོ། །ཨོཾ་དྭེ་ཥ་ར་ཏི་ཨཱ་གཙྪ་ཨཱ་གཙྪ་ནུ་ཊ་ནུ་ཊ་ཏྲུ་ཊ་ཏྲུ་ཊ་ཧཱུཾ་ཛཿསྭཱ་ཧཱ། ཡང་ན། ཨོཾ་བཛྲ་བེ་ཏཱ་ལཱི་ཨཱ་གཙྪ་ཨཱ་གཙྪ་ཧཱུཾ་ཛཿསྭཱ་ཧཱ། ཞེས་བཟླས་སོ། །བུ་མོ་ལོ་བཅུ་དྲུག་མའམ་གཞོན་ནུ་མ་ཡན་ལག་རགས་པ་བག་མའམ་གྲོགས་མོར་བསྒྲུབས་ལ་སྣོད་ལྡན་དུ་བྱ་སྟེ་དབང་བསྐུར་བའི་ རྣལ་འབྱོར་མ་སྔགས་དང་སྒོམ་པ་ལ་སོགས་པས་མདུན་དུ་བཞག་ལ་ཡང་དག་པར་མཆོད་དེ་ལག་པ་གཡོན་པས་དེ་ལ་འཁྱུད་ལ་རྣལ་འབྱོར་མའི་ངོ་བོར་བསྒོམས་ནས་བཟླས་ཏེ་འབར་བ་དེ་སྲིད་དུའོ། །དེ་ནས་དེ་བཟུང་ནས་གཤིན་རྗེ་གཤེད་ཀྱི་ངོ་བོར་གྲུབ་པར་འགྱུར་རོ། །ཨོཾ་བཛྲ་བེ་ཏཱ་ལཱི་ ཛྭ་ལ་ཛྭ་ལ་ཧཱུཾ་ཛཿསྭཱ་ཧཱ། ཞེས་བཟླས་སོ། །དེ་ནས་གཏི་མུག་གཤིན་རྗེ་གཤེད་བསྒྲུབ་པར་འདོད་ན་གཏི་མུག་གཤིན་རྗེ་གཤེད་ཀྱི་གཟུགས་བརྙན་གཡས་པ་དང་གཡོན་པའི་ཞབས་ཀྱི་པདྨའི་མཐིལ་གྱིས་མནན་ལ་ཇི་སྲིད་ཀྱེ་སྒྲུབ་པ་པོ་བཀའ་ཅི་སྩོལ་ལགས་ཞེས་སྨྲ་བ་དེ་སྲིད་དུའོ། །སྒྲུབ་ པ་པོས་བདག་གི་བཀའ་སྡོད་དུ་མཛོད་ཅིག་ཅེས་བརྗོད་དོ། །དེ་ནས་བརྩམས་ནས་ཁམས་ཀྱི་རྒྱལ་སྲིད་ཀྱང་སྟེར་བར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། དེ་ལྟར་སེར་སྣ་གཤིན་རྗེ་གཤེད་དང་། འདོད་ཆགས་གཤིན་རྗེ་གཤེད་དང་། ཕྲག་དོག་གཤིན་རྗེ་གཤེད་ཀྱང་ བསྒྲུབ་པར་བྱ་སྟེ་འབྲས་བུ་དེ་ལྟ་བུ་ཉིད་དོ། །འདིར་སྔགས་ནི། ཨོཾ་མོ་ཧཱནྟ་ཀྲྀཏ་ཨཱ་གཙྪ་ཨཱ་ག