Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 48
Văn bản gốc(Tây Tạng)
Trang 4 / 14 (50.000 ký tự/trang)
ཤིས་ཤིང་། །དེ་བཞིན་སྐྱེ་དགུ་གཞན་དག་ཀྱང་། །བཀྲ་ཤིས་བསྒྲུབ་པར་བྱ་བ་དང་། །བུད་མེད་གང་ཞིག་བུ་མི་འཚོ། །ཡང་ན་གདོན་གྱི་བྱེ་བྲག་གིས། ། མོ་གཤམ་གྱུར་པ་གང་ཡིན་པ། །དེ་དག་བཀྲ་ཤིས་བྱ་བའི་ཕྱིར། །རྡོ་རྗེ་མངག་གཞུག་བསྒྲུབ་པར་བྱ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །སའམ་མཁའ་ལ་གནས་པ་ཡི། །བཀྲ་ཤིས་ལྷ་རྣམས་ཐམས་ཅད་ལས། །མཆོག་ཏུ་གྱུར་པ་འདི་ཡིན་ཏེ། །དེ་ཕྱིར་དེ་འདིར་བསྒྲུབ་པར་བྱ། །བཀྲ་ ཤིས་རབ་ཏུ་གཙང་བའི་སར། །ཡར་གྱི་ངོ་ཡི་ཚེས་གཅིག་ལ། །སྔགས་པས་དཀྱིལ་འཁོར་བྲི་བར་བྱ། །ཁྲུ་དོའི་ཚད་དང་ལྡན་པ་ལ། །དབུས་སུ་གྲུ་གསུམ་སུམ་བརྩེགས་བྱ། །དབུས་ཀྱི་གྲུ་གསུམ་གང་ཡིན་པར། །ཁ་དོག་དམར་པོར་ལྡན་བྱས་ཏེ། །ཡི་གི་ནྲྀ་ཡིས་མཚན་པར་བྱ། །དེ་ནས་ རིམ་པ་གཉིས་པ་ལ། །ཐོད་པ་དག་གིས་ཀུན་དུ་བསྐོར། །དེ་ནས་རིམ་པ་ཐ་མ་ལ། །རྡོ་རྗེ་ཕྲེང་བས་བསྐོར་བྱས་ཏེ། །གྲར་ནི་མངག་གཞུག་ཕྱག་རྒྱ་གཞག །དེ་ཡི་ཕྱི་རོལ་ཁོར་ཡུག་ཏུ། །རོ་དང་མགོ་མེད་རོ་དང་ནི། །དེ་བཞིན་ཡན་ལག་མ་ཚང་བ། །ཡན་ལག་དག་དང་ཀེང་རུས་དང་། །ཁྱི་ དང་ཝ་དང་ཅེ་སྤྱང་དང་། །ཀང་ཀ་བྱ་རོག་འུག་པ་སོགས། །ཤིང་ཡང་རྣམ་པ་སྣ་ཚོགས་དང་། །ཞིང་སྐྱོང་ལ་སོགས་ལྡན་པར་བྲི། །རས་དཀར་རབ་ཏུ་གཙང་མ་ནི། །ཁྲུ་ཕྱེད་དང་ནི་ཁྲུ་གང་བ། །གལ་ཏེ་དེ་ལས་ལྷག་ཀྱང་རུང་། །ལེགས་པར་བྱི་དོར་བྱས་ནས་ནི། །བཅུ་གཉིས་རྩིབས་ ཅན་འཁོར་ལོ་དག །གུར་གུམ་མཚལ་དང་བསྲེས་པས་བྲིས། །ལྟེ་བར་སྣ་ཚོགས་རྡོ་རྗེ་བྲི། །འཁོར་ལོའི་རྩེ་མོ་རྣམས་ལ་ཡང་། །མཚོན་ཆ་སྣ་ཚོགས་བྲི་བར་བྱ། །རྡོ་རྗེ་འཁོར་ལོ་བེ་ཅོན་དང་། །དགྲ་སྟ་རལ་གྲི་ཏྲི་ཤཱུ་ལ། །མདུང་དང་མདའ་དང་ལྕགས་ཀྱུ་དང་། །ཐོ་བ་གཏུན་ཤིང་ཞགས་ པ་རྣམས། །འཁོར་ལོའི་ཚུལ་དུ་མཉམ་པར་བྲི། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། །ཡི་གེ་ཨོཾ་ཞེས་བྱ་བ་བྲི། །སྣ་ཚོགས་རྡོ་རྗེའི་རྩེ་མོ་ཡི། །ཁོར་ཡུག་ཕྱོགས་རྣམས་ཐམས་ཅད་དུ། །རཀྵ་རཀྵ་ཞེས་བྱ་བའི། །ཡི་གེ་ཕྲེང་བའི་ཚུལ་བྲི་བ། །ལན་གྲངས་བཅུ་གཉིས་བྲི་ བར་བྱ། །དེ་ནས་འཁོར་ལོའི་རྩིབས་རྣམས་ལ། །རྡོ་རྗེ་མངག་གཞུག་མིང་གི་སྔགས། །ཡི་གེ་བཅུ་གཉིས་དགོད་བྱ་སྟེ། །ནྲྀ་ཏོ་ཏ་ནི་ཞེས་བྱ་བ། །ལན་གཉིས་བརྗོད་པར་གྱུར་བ་ཡིས། །ཡི་གེ་བརྒྱད་དུ་གྱུར་པར་བྱ། །མེ་སྒྲ་སྒྲོགས་བྱེད་ཡི་གེ་གཉིས། །ལན་གཉིས་བརྗོད་པར་གྱུར་པ་ཡིས། ། ཡི་གེ་བཞི་རུ་གྱུར་པ་ཡི། །གསང་སྔགས་ཡི་གེ་བཅུ་གཉིས་དེས། །འཁོར་ལོ་བཅུ་གཉིས་མཛེས་པར་བྱ། །ཡི་གེ་དེ་དག་རེ་རེ་ཡི། །ཕྱོགས་མཚམས་བརྒྱད་དུ་ཧཱུཾ་བརྒྱད་ཀྱིས། །སོ་སོར་འཁོར་ལོའི་ཚུལ་དུ་བསྐོར། །མཚོན་ཆ་རྣམས་ཀྱི་རྩ་བ་ལ། །ཡི་གེ་ཕཊ་ཀྱིས་མཚན་པར་བྱ། །བཀྲ་ ཤིས་སྲུང་བའི་འཁོར་ལོ་དེ། །དཀྱིལ་འཁོར་སྟེང་དུ་བླ་རེ་བྱ། །མེ་ཏོག་བདུག་པ་མར་མེ་དང་། །དྲི་དང་བཤོས་དང་མཆོད་ཡོན་ལ། །གུར་གུམ་མཚལ་དང་བསྲེས་པའམ། །ཙནྡན་དམར་པོས་གཏོར་བར་བྱ། །ཁ་ཟས་སྣ་ཚོགས་སྦྱར་བ་ཡི། །གཏོར་མ་གཉིས་ཀྱང་གཞག་བྱ་སྟེ། ། དང་པོར་གཤིན་རྗེ་གཤེད་ལ་དབུལ། །གཉིས་པ་རྡོ་རྗེ་མངག་གཞུག་ལ། །དེ་བཞིན་མཆོད་པ་ཐམས་ཅད་ཀྱང་། །ཆ་གཉིས་ལན་པར་ཤེས་པར་བྱ། །སྔགས་པ་གོས་དམར་གྱོན་ནས་ནི། །གཤིན་རྗེ་སྒྲ་ཞེས་བྱ་བ་ཡི། །རྣལ་འབྱོར་བདག་ཉིད་བསྒོམ་པར་བྱ། །དེ་ནས་ཁྲོ་བོ་གཤིན་རྗེ་ གཤེད། །རྡོ་རྗེ་སྦྱོར་བས་སྤྱན་དྲངས་ཏེ། །མདུན་གྱི་ནམ་མཁའི་པདྨ་ལ། །ཉི་མ་ལྡན་པའི་སྟེང་བསམས་ཏེ། །མཆོད་དང་གཏོར་མ་དབུལ་བར་བྱ། །དེ་ནས་བདག་གི་ལུས་ལ་གཞུག །དེ་ནས་མངག་གཞུག་བསྒྲུབ་པའི་ཕྱིར། །བ་སྤུ་རྣམས་ཀྱི་བུ་ག་ལས། །ཡེ་ཤེས་འོད་ཟེར་འཕྲོས་ འགྱུར་བས། །དཀྱིལ་འཁོར་ལ་ནི་ཐིམ་པར་འགྱུར། །དཀྱིལ་འཁོར་དུར་ཁྲོད་བྱིན་བརླབས་ཏེ། །དཀྱིལ་འཁོར་སྙིང་པོར་འདུས་པ་ཡིས། །ཁ་དོག་ལྗང་དམར་ལྡན་པ་ཡི། །ཡི་གེ་ནྲྀ་ལ་ཐིམ་པར་འགྱུར། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །སྔོན་དུ་བརྗོད་པའི་ཚུལ་འདྲ་བས། །རྡོ་རྗེ་མངག་ གཞུག་འགྱུར་བར་བྱ། །སྤྱན་དྲང་བ་དང་མཆོད་པ་དང་། །རང་གི་སྔགས་ཀྱིས་ལེགས་པར་བྱ། །དེ་ནས་རྡོ་རྗེ་མངག་གཞུག་གི། །གསང་སྔགས་བཟླས་པའི་སྦྱོར་བ་བྱ། །བཟླས་པའི་ཡེ་ཤེས་འོད་ཟེར་དག །འཕྲོ་དང་འདུ་བའི་སྦྱོར་བ་ཡིས། །བཀྲ་ཤིས་སྲུང་བའི་འཁོར་ལོ་ལ། །ཞུ་ བའི་ཚུལ་དུ་ཐིམ་པར་བྱ། །དེ་ལྟར་མཆོད་དང་བཟླས་པ་དག །བརྩོན་དང་དད་པར་ལྡན་པ་ཡིས། །ཟླ་བ་གཅིག་གམ་ཡང་ན་གསུམ། །ཡང་ན་ཟླ་བ་དྲུག་གི་བར། །མཁས་པས་ལེགས་པར་བསྙེན་པ་བྱ། །དེ་ཚེ་སྦྱིན་སྲེག་ཆོ་ག་ཡང་། །ཇི་ལྟར་ནུས་པ་བཞིན་དུ་བྱ། །དེ་ལྟར་ བསྙེན་པ་རྫོགས་གྱུར་ནས། །དེ་དག་བདག་ཉིད་འཇུག་པའམ། །ཡང་ན་བཀྲ་ཤིས་འདོད་པ་ཡི། །བུད་མེད་སྐྱེས་པ་བྱིས་པ་དག །ཁྲུས་བྱས་གོས་དམར་བགོས་ནས་ནི། །མེ་ཏོག་དམར་པོའི་ཕྲེང་བ་དག །ལག་ཏུ་ཐོགས་ཏེ་ནུབ་ཕྱོགས་འདུག །ཐལ་མོ་སྦྱར་ནས་གསོལ་ བ་གདབ། །མངག་གཞུག་རྡོ་རྗེའི་དཀྱིལ་འཁོར་གྱི། །བཀྲ་ཤིས་སྲུང་བའི་འཁོར་ལོ་འདིར། །དམ་ཚིག་བཞིན་དུ་བཞུགས་པར་བགྱི། །བཀྲ་ཤིས་བྱིན་རླབས་དམ་པ་དག །ཇི་ལྟར་དམ་ཚིག་བཞེས་པ་བཞིན། །དེང་འདིར་དབང་བསྐུར་བདག་ལ་སྩོལ། །པྲ་ཏཱིཙྪ་བཛྲ་ཧོ། མེ་ཏོག་འཁོར་ལོར་དོར་བར་བྱ། །དེ་ནས་བདག་ཉིད་ཆེན་པོ་དེས། །རྡོ་རྗེ་མངག་གཞུག་བཞེངས་ནས་ནི། །བཀྲ་ཤིས་འཁོར་ལོར་ཐིམ་པར་བསམ། །དེ་ནས་བཀྲ་ཤིས་འཁོར་ལོ་དེ། །བདག་གམ་ཡང་ན་གཞན་ཡང་རུང་། །གང་ཞིག་བསྲུང་བར་འདོད་པ་ཡི། །སྤྱི་བོ་ལ་ནི་དབང་ བསྐུར་བྱ། །ཨོཾ་སརྦ་མངྒ་ལ་སི་ཀ་ལྱ་ཎ་བ་ར་དེ་སྭཱ་ཧཱ། ཞེས་པས་ལེགས་པར་དབང་བསྐུར་ནས། །བཀྲ་ཤིས་སྲུང་བའི་འཁོར་ལོ་དེ། །ལེགས་པར་དྲིལ་ཏེ་རྒྱས་བཏབ་ནས། །མགུལ་ལམ་དཔུང་པ་དག་ལ་གདགས། །དེ་ནས་རྡོ་རྗེ་མངག་གཞུག་ཀྱང་། །དེ་ཡི་ལྷ་རུ་གཟུང་བར་ བྱ། །འདི་ཡིས་བགེགས་རྣམས་ཐམས་ཅད་ལས། །བསྲུངས་ནས་བཀྲ་ཤིས་ལྡན་པར་བྱ། །འདིར་སྒྲུབ་པ་པོ་གང་ཞིག་བུ་དང་ཚ་བོ་ལ་སོགས་པ་རིགས་རྒྱུད་བརྟན་ཞིང་བཀྲ་ཤིས་པར་འདོད་པ་དང་། སྐྱེ་དགུ་གང་དག་བཀྲ་མི་ཤིས་པར་གྱུར་པ་རྣམས་ཕྱིར་བཀྲ་ཤིས་པར་བྱ་བ་དང་། བུད་མེད་གང་དག་བུ་མི་འཚོ་བ་དང་། གཞན་ཡང་གདོན་གྱིས་དབང་བྱས་ཏེ་མོ་གཤམ་དུ་གྱུར་པ་རྣམས་བཀྲ་ཤིས་པར་བྱ་བའི་ཕྱིར་རྡོ་རྗེ་མངག་བཞུག་བསྒྲུབ་པར་བྱ་བའི་ཆོ་ག་བྱ་སྟེ། གང་གི་ཕྱིར་ཇི་སྐད་དུ་གསུངས་པའི་རྡོ་རྗེ་མངག་གཞུག་འདི་ནི་ལྷ་དང་ བཅས་པའི་འཇིག་རྟེན་ན་བར་དུ་གཅོད་པ་སེལ་བར་བྱེད་པའི་མཆོག་ཡིན་ཏེ། གང་དག་ལྷར་འཛིན་པ་དེ་ལ་བཀྲ་ཤིས་སྦྱིན་པར་བྱེད་པ་ཡིན་ནོ། །དེ་བས་ན་ལྷག་པར་བཀྲ་ཤིས་པར་འདོད་པ་རྣམས་ཀྱིས་འདི་ཉིད་མཆོག་ཏུ་བསྔགས་ཏེ་བསྒྲུབ་པར་བྱའོ། །དེ་ལ་འདིའི་ཆོ་ག་ནི་དུས་བཟང་ པོ་དང་ལྡན་པའི་ཡར་གྱི་ངོའི་ཚེས་གཅིག་དང་། བཀྲ་ཤིས་གཙང་མའི་གནས་སུ་མཎྜལ་ཁྲུ་དོ་པ་ཞིག་བྱས་ཏེ། དེའི་དབུས་སུ་གྲུ་གསུམ་རྩེ་མོ་ལྷོར་བསྟན་པ་སུམ་བརྩེགས་ཤིག་བྱའོ། །དེ་ལ་གྲུ་གསུམ་དབུས་མ་དམར་པོར་བྱ་སྟེ། དེའི་སྟེང་དུ་སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་དཀྱིལ་ འཁོར་གྱི་སྟེང་དུ་ཡི་གེ་ནྲྀ་ལྗང་གུ་ཞིག་བྲི་བར་བྱའོ། །ཡི་གེ་དེ་ལས་འོད་རྩ་དམར་བར་འཕྲོ་བ་འདྲ་བར་བྲིའོ། །བར་མ་ལ་སའི་ཆ་དཀར་པོར་བྱ་སྟེ། ཐོད་པ་སྐམ་རློན་གྱི་ཕྲེང་བ་བྲི་བར་བྱའོ། །ཐ་མའི་ས་ཆ་ནག་པོར་བྱས་ཏེ་རྡོ་རྗེའི་ཕྲེང་བ་བྲིས་ལ། གྲྭར་ལྕགས་ཀྱི་མདའ་གཞུ་ཁ་ཕྱིར་བསྟན་ ཏེ་བྲི་བའམ་གཞག་པར་བྱའོ། །དེའི་ཕྱི་རོལ་དུ་དུར་ཁྲོད་ཀྱི་ཚུལ་དུ་ཇི་དགའ་བར་བྲི་བར་བྱའོ། །དེ་ནས་བཀྲ་ཤིས་སྲུང་བའི་འཁོར་ལོ་ཡང་སྔོན་དུ་བརྗོད་པ་བཞིན་དུ་བྲིས་ཏེ་མཎྜལ་གྱི་སྟེང་དུ་བླ་རེའི་ཚུལ་དུ་དགབ་པར་བྱའོ། །དེ་ནས་སྔགས་པ་བདག་ཉིད་གོས་དཀར་པོ་གྱོན་ཏེ་ཁ་ལྷོ་ ཕྱོགས་སུ་བལྟས་ནས། སྔོན་དུ་བརྗོད་པའི་མཆོད་པ་དང་། གཏོར་མ་རྣམས་ཉེ་བར་བཞག་སྟེ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་གཤིན་རྗེ་གཤེད་པོ་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁའ་ལ་ པདྨ་དང་ཉི་མའི་གདན་ལ་བཞུགས་པར་བསམ་སྟེ་ཇི་སྐད་དུ་སྨོས་པའི་མཆོད་པ་དང་གཏོར་མ་རྣམས་ཀྱིས་སྔོན་དུ་བརྗོད་པ་བཞིན་མཆོད་ནས་དེ་ནས་དེ་བདག་ཉིད་ལ་ཐིམ་པར་བྱའོ། །དེ་ནས་རྡོ་རྗེ་མངག་གཞུག་བསྙེན་པར་བྱ་བའི་ཕྱིར། བདག་གི་བ་སྤུའི་བུ་ག་ཐམས་ཅད་ ནས་འོད་ཟེར་འཕྲོས་ཏེ་དཀྱིལ་འཁོར་གྱི་གནས་ཐམས་ཅད་དུ་ཐིམ་པར་གྱུར་པས། དཀྱིལ་འཁོར་དེ་ཉིད་དུ་དུར་ཁྲོད་ཀྱི་གནས་སུ་བྱིན་གྱིས་བརླབས་ཏེ། དེ་ནས་ཡང་འོད་ཟེར་དེ་དག་དཀྱིལ་འཁོར་གྱི་སྙིང་པོར་འདུས་ཏེ། ཡི་གེ་ནྲྀ་ལ་ཐིམ་པར་གྱུར་ནས་ཤིན་ཏུ་འོད་འབར་བར་འགྱུར་ ཏེ་ཕྱོགས་ཐམས་ཅད་དུ་འཕྲོས་ནས་རྒྱལ་བ་སྲས་དང་མངག་གཞུག་ཏུ་བཅས་པ་རྣམས་ལ་ཐིམ་པས་འོད་དུ་གྱུར་ནས། སླར་འདུས་ཏེ་ས་བོན་དང་དབྱེར་མེད་པར་གྱུར་པ་ལས་རྡོ་རྗེ་མངག་གཞུག་གི་སྐུར་གྱུར་ཏེ། སྔོན་དུ་སྨོས་པ་ལྟ་བུའི་མཚན་ཉིད་དང་ལྡན་པར་བསྒོམ་མོ། །དེ་ཡང་ སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རྡོ་རྗེ་མངག་གཞུག་གི་ཚུལ་དེ་ཉིད་དང་འདྲ་བ་ཞིག་སྤྱན་དྲངས་ཏེ་བསམས་པ་དེ་ཉིད་དང་གཉིས་སུ་མེད་པར་བྱའོ། །དེ་ཡང་ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་མཛུབ་མོ་དང་གུང་མོ་བརྐྱང་སྟེ་ཅུང་ཟད་ཕྱར་ཏེ་གཡོན་པ་ཁུ་ཚུར་དཀུར་བཞག་ནས་ གསང་སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་བཛྲ་ཀིངྐ་ར་ཛཿཧཱུཾ་བཾ་ཧོཿ། རཀྵ་རཀྵ་ས་མ་ཡ་ཧོ། །ཞེས་བརྗོད་པར་བྱའོ། །དེ་ནས་ཨརྒྷཾ་ལ་སོགས་པའི་མཆོད་པ་རྣམས་རྡོ་རྗེ་མངག་གཞུག་གི་སྙིང་པོ་ཉིད་དམ། མཆོད་པ་རང་རང་གི་སྔགས་ཀྱིས་དབུལ་བར་ བྱའོ། །དེ་ནས་རྡོ་རྗེ་མངག་གཞུག་གི་སྙིང་པོ་དེ་ཉིད་བཟླས་བརྗོད་བྱ་སྟེ། སྔགས་པ་བདག་ཉིད་ཀྱི་ལྕེ་དང་རྡོ་རྗེ་མངག་གཞུག་གི་གནས་རྣམས་ནས། གསང་སྔགས་ཀྱི་འོད་ཟེར་ཁ་དོག་དམར་པོ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མངག་གཞུག་དང་བཅས་པ་ རྣམས་ལ་འཕྲོས་པས་འོད་དུ་གྱུར་ཏེ། སླར་བསྡུས་ནས་བཀྲ་ཤིས་སྲུང་བའི་འཁོར་ལོ་ལ་ཐིམ་པར་གྱུར་པས་ཤིན་ཏུ་འོད་འབར་བར་གྱུར་པར་བསམ་པར་བྱའོ། །དེ་ནས་བཟླས་པ་གཏོང་བར་འདོད་ན། འཇིག་རྟེན་གསུམ་ན་མཆོག་གྱུར་པའི། །རྡོ་རྗེ་མངག་གཞུག་ཆེན་པོ་ཁྱོད། ། བཀྲ་ཤིས་འཁོར་ལོ་འདིར་བཞུགས་ལ། །བསྲུང་བ་ཕུན་སུམ་ཚོགས་པར་མཛོད། །ཨོཾ་མུཾ་ཞེས་བརྗོད་དེ། ཨརྒྷ་ཕུལ་བས་རྡོ་རྗེ་མངག་གཞུག་དུར་ཁྲོད་ཀྱི་གནས་ནས་བཞེངས་ཏེ། བཀྲ་ཤིས་ཀྱི་འཁོར་ལོ་ལ་ཐིམ་པར་གྱུར་པར་བསམ་མོ། །དེ་ནས་བདག་གིས་རྡོ་རྗེ་ལྟ་ བས་འཁོར་ལོ་དེ་ལ་བལྟས་པས། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་མཐུ་དང་། རྡོ་རྗེ་མངག་གཞུག་གི་མཐུས་སུས་ཀྱང་དབྲོག་པར་མི་ནུས་པར་གྱུར་པར་བསམ་མོ། །བདག་གིས་བསྲུང་བར་བྱའོ་ཞེས་བྱ་བའི་ཤུགས་ཀྱང་གཏང་བར་བྱའོ། ། འདི་ལྟ་བུའི་སྦྱོར་བ་དང་ལྡན་པ་ཟླ་བ་གཅིག་གམ་གསུམ་མམ་དྲུག་ཏུ་སྦྱར་ནས། དེ་ནས་དཀྱིལ་འཁོར་དུ་གཞུག་པར་བྱའོ། །ཐ་མའང་འབུམ་ཕྲག་གསུམ་བཟླས་བརྗོད་བྱས་ཏེ་གཞུག་པར་བྱའོ། །དེ་ཡང་བདག་ཉིད་བཀྲ་ཤིས་པར་འདོད་ན་ནི་བདག་ཉིད་མེ་ཏོག་དམར་པོའི་ཕྲེང་ བ་ཐོགས་ཏེ། ཚིགས་སུ་བཅད་པ་ལ་བརྗོད་པ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོར་མེ་ཏོག་དོར་བར་བྱའོ། །དེ་ནས་འཁོར་ལོ་མེ་ཏོག་ཏུ་བཅས་ཏེ་བདག་གི་སྤྱི་བོར་བཞག་པ་བདག་ཉིད་ལ་ཐིམ་པར་བསམ་མོ། །དེ་ནས་འཁོར་ལོ་དེ་ལེགས་པར་དྲིལ་ཏེ་རྒྱས་བཏབ་ལ་མགུལ་ པའམ་དཔུང་པར་གདགས་པར་བྱའོ། །དེ་ཕྱིན་ཆད་རྡོ་རྗེ་མངག་གཞུག་ཉིད་ཀྱང་བདག་གི་སྲུང་མར་བྱའོ་སྙམ་བསམས་ཏེ། འཕངས་ཏེ་རྟག་ཏུ་མཆོད་པར་བྱའོ། །རྡོ་རྗེ་མངག་གཞུག་དག་དགའ་བར་གྱུར་པའི་ཟངས་ཀྱི་གཙུག་ཅན་ཡང་བསྟེན་པར་བྱའོ། །འདི་ལྟ་བུའི་ སྦྱོར་བ་བྱས་པའི་སྔགས་པ་དེ་ལ་མ་མོ་རྣམས་དགའ་བར་གྱུར་ཏེ། མ་མོའི་དབང་དུ་སྔགས་པ་མི་འགྱུར་ཞིང་སྔགས་པའི་དབང་དུ་མ་མོ་རྣམས་འདུ་བར་འགྱུར་རོ། །གལ་ཏེ་སྐྱེ་དགུ་གཞན་བསྲུང་བར་འདོད་ན་གང་བསྲུང་བར་འདོད་པ་དེ་ཉིད་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། དེས་སྔ་མ་བཞིན་དུ་མེ་ཏོག་དོར་བ་དང་། འཁོར་ལོས་སྤྱི་བོར་དབང་བསྐུར་བ་འཁོར་ལོ་ལུས་ལ་བཅང་བ་རྣམས་ལེགས་པར་བྱས་ཏེ། དེ་དག་གི་སྲུང་མར་རྡོ་རྗེ་མངག་གཞུག་ཕོག་ནས། དེ་དག་གིས་དུས་དུས་སུ་མཆོད་པར་བྱའོ། །འདི་ལྟ་བུའི་སྦྱོར་བ་དང་ལྡན་པའི་སྐྱེ་དགུ་ དེ་ལ། བཀྲ་མི་ཤིས་པར་བྱེད་པའི་བྱིས་པའི་གདོན་དང་། བུད་མེད་དབང་དུ་བྱེད་པའི་གདོན་དང་། སྐྱེས་པའི་ལོངས་སྤྱོད་ལ་བར་དུ་གཅོད་པ་ལ་སོགས་པ་བཀྲ་མི་ཤིས་པར་བྱེད་པའི་གདོན་ཐམས་ཅད་ལས་ཐར་པར་འགྱུར་རོ། །རྡོ་རྗེ་མངག་གཞུག་གི་སྦྱོར་བས་བཀྲ་ཤིས་ བསྒྲུབ་པའི་ཆོ་ག་བསྟན་པ་རྫོགས་སོ།། །།གང་ཞིག་འཇམ་དཔལ་གཞོན་ནུ་འམ། །འཇམ་རྒྱལ་ཁྲོ་བོ་ཆེན་པོ་ལ། །མཆོད་དང་བཟླས་པའི་སྦྱོར་བ་ཡིས། །བྱ་བ་སྣ་ཚོགས་གྲུབ་འདོད་པས། །མཆོད་པ་ལ་སོགས་སྦྱོར་བ་ལ། །གསང་སྔགས་གང་དག་གང་ སྦྱོར་བ། །མདོར་བསྡུས་ནས་ནི་བཤད་པར་བྱ། །སྐུ་བསྐྱེད་པ་དང་ས་བོན་དང་། །ཡན་ལག་བྱིན་གྱིས་བརླབ་པ་དང་། །བགེགས་བསལ་བ་དང་རྫས་བྱིན་བརླབ། །སྤྱན་དྲང་བ་དང་གདན་བཞུགས་དང་། །ཞལ་བསིལ་ལ་སོགས་མཆོད་པ་དབུལ། །མཆོད་དང་གཏོར་ མ་བསྔོ་བ་དང་། །བཟླས་དང་གཤེགས་སུ་གསོལ་བ་དང་། །བསྲུང་དང་ཁྲུས་སོགས་སྤྱོད་ལམ་ལ། །སྔགས་སྦྱར་ཚུལ་ནི་རྣམ་གསུམ་སྟེ། །གསང་སྔགས་གཅིག་གིས་སྦྱོར་བ་དང་། །རྩ་བ་ཡན་ལག་སྔགས་དག་གིས། །སྡེ་ཚན་རྣམས་ལ་སྦྱར་བར་བྱ། །སོ་སོ་རང་རང་ སྔགས་རྣམས་ཀྱིས། །རང་རང་ལས་ལ་སྦྱར་བར་བྱ། །བྱེ་བྲག་གསུམ་དུ་ཤེས་པར་བྱ། །གལ་ཏེ་གཅིག་གིས་སྦྱོར་བ་ན། །གང་ལ་བཟླས་པ་བྱེད་འདོད་པའི། །སྔགས་དེ་ཉིད་ཀྱིས་ལས་ཀུན་ལ། །སྦྱོར་ཡང་ཉེས་པར་མི་འགྱུར་ཏེ། །ཏིང་འཛིན་མྱུར་དུ་ཐོབ་པར་འགྱུར། ། སྡེ་ལ་སྦྱོར་བར་འདོད་པ་ན། །རྩ་བའམ་ནི་ཡན་ལག་གམ། །འོན་ཏེ་གཉིས་ཀས་ས་བོན་བྱ། །སྐུ་བསྐྱེད་པ་ཡང་དེ་བཞིན་བྱ། །ཡན་ལག་སྔགས་ཀྱིས་བྱིན་གྱིས་བརླབ། །བགེགས་རྣམས་མཚོན་ཆའི་སྔགས་ཀྱིས་བསལ། །རྫས་རྣམས་བྱིན་གྱིས་བརླབ་པ་དང་། །སྤྱན་དྲང་ བ་དང་བཞུགས་པ་དང་། །སྙིང་པོ་སྔགས་ཀྱིས་བྱ་བར་བཤད། །མེ་ཏོག་ལ་སོགས་མཆོད་པ་ནི། །རྩ་བའི་སྔགས་ཀྱིས་དབུལ་བར་བྱ། །གཏོར་མ་མཚོན་ཆའི་སྔགས་ཀྱིས་བསྔོ། །བཟླས་བརྗོད་རྩ་བའམ་སྙིང་པོ་ཡི། །སྔགས་ཀྱིས་ལྷ་རྣམས་མཉེས་པར་བྱ། །སྙིང་པོའི་ སྔགས་ཀྱིས་སླར་གཤེགས་གསོལ། །བསྲུང་བ་ཡན་ལག་ལྔ་པ་ཡི། །སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱ། །ཁྲུས་ལ་སོགས་པའི་སྤྱོད་ལམ་ལ། །ཇི་ལྟར་སྦྱར་བའང་བཤད་པར་བྱ། །སྙིང་པོའི་སྔགས་ཀྱིས་ཁྲུས་རྩི་བླང་། །མཚོན་ཆའི་སྔགས་ཀྱིས་བགོ་བ་དང་། །ས་དང་ ཆུ་ཡིས་བགེགས་བསལ་བྱ། །སྤྱི་གཙུག་སྔགས་ཀྱིས་བྱིན་བརླབས་ནས། །རྩ་བའི་སྔགས་ཀྱིས་བཀྲུ་བར་བྱ། །མདུན་དུ་བསམས་པའི་ལྷ་རྣམས་ལ། །ཆུ་ཡང་རྩ་བའི་སྔགས་ཀྱིས་དབུལ། །སྙིང་པོའི་སྔགས་ཀྱིས་གཤེགས་གསོལ་ཏེ། །ཡན་ ལག་ལྔ་པའི་སྔགས་རྣམས་ཀྱིས། །ཡན་ལག་ལེགས་པར་འབར་བྱས་ཏེ། །ཁྲུས་ཀྱི་གནས་ནས་བྱུང་ནས་ནི། །སྔགས་ཀྱི་ཁང་པར་ཞུགས་པར་བྱ། །གལ་ཏེ་བདག་ཉིད་ཆེན་པོ་དེ། །སོ་སོ་སྔགས་ཀྱི་སྦྱོར་བ་ཡིས། །རང་རང་ལས་ལ་སྦྱོར་འདོད་ན། །རྟོག་པ་སྣ་ཚོགས་ ལས་གསུངས་པའི། །ས་བོན་ཡི་གེ་དག་ལས་དེ། །མིང་གི་སྔགས་ཀྱིས་སྐུ་བཞེངས་བྱ། །བྱིན་གྱིས་བརླབ་པའི་གསང་སྔགས་ཀྱང་། །རྟོག་ལས་ཇི་ལྟར་གསུངས་ལས་བྱ། །ལས་ཀུན་བྱེད་པས་བགེགས་བསལ་ཏེ། །སྤྱན་དྲངས་གདན་དབུལ་ལ་སོགས་པ། །སོ་སོ་ ཇི་སྐད་གསུངས་བཞིན་བྱ། །འདི་ནི་བྱ་བ་སྣ་ཚོགས་ལ། །སྔགས་སྦྱར་མདོར་བསྡུས་བཤད་པའོ། །དེ་ལ་འདིར་བྱ་བ་སྣ་ཚོགས་ལ། གསང་སྔགས་རྣམས་ཇི་ལྟར་སྦྱར་བར་བྱ་བ་བསྟན་ཏེ། དེ་ལ་བྱ་བ་ནི་འདི་ལྟ་སྟེ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། འཇམ་པའི་ཁྲོ་བོ་གཤིན་རྗེ་གཤེད་གང་རུང་མཉེས་པར་བྱ་བའི་སྒོ་ནས། །དངོས་གྲུབ་སྣ་ཚོགས་འདོད་པ་རྣམས། དེ་དག་མཉེས་པའི་ཆོ་གའི་ཡན་ལག་ཏུ་གྱུར་པ། ལྷ་རྣམས་ཀྱི་སྐུ་བསྐྱེད་པའི་ས་བོན་གང་གིས་བྱ་བ་དང་། གསང་སྔགས་གང་གིས་ལྷའི་སྐུ་བསྐྱེད་པ་དང་། དེ་ བཞིན་དུ་ལྷའི་སྐུ་ལེགས་པར་བྱིན་གྱིས་བརླབ་པ་དང་། བགེགས་བསལ་བ་དང་མཆོད་པ་ལ་སོགས་པའི་རྫས་བྱིན་གྱིས་བརླབ་པ་དང་། སྤྱན་དྲང་བ་དང་། གདན་ལ་བཞུགས་སུ་གསོལ་བ་དང་། ཁྲུས་ཆབ་གསོལ་བ་དང་ཡོན་ཆབ་དབུལ་བ་དང་། མེ་ཏོག་ལ་སོགས་པ་ མཉེས་པའི་མཆོད་པ་དབུལ་བ་དང་། གཏོར་མ་བསྔོ་བ་དང་། བཟླས་བརྗོད་བྱ་བ་དང་། ལྷ་སླར་གཤེགས་སུ་གསོལ་བ་དང་། བདག་ཉིད་བསྲུང་བ་རྣམས་ལ་གསང་སྔགས་གང་དང་གང་སྦྱར་བ་དང་གཞན་ཡང་ཁྲུས་ལ་སོགས་པའི་སྤྱོད་ལམ་དང་། སྦྱོར་བའི་སྤྱོད་པ་རྣམས་ལ་ གསང་སྔགས་ཇི་ལྟར་སྦྱར་བ་རྣམས་རྣལ་འབྱོར་གྱི་རྒྱུད་སྤྱིའི་རྗེས་སུ་འབྲངས་ནས། དགོས་པ་བསྒྲུབ་པར་འདོད་པའམ་གལ་ཏེ་རྒྱུད་གཅིག་གི་རྗེས་སུ་འབྲང་ན་ཡང་། བྱ་བ་སྣ་ཚོགས་ཀྱི་སྦྱོར་བ་ཤེས་ན་ཐེ་ཚོམ་མེད་པར་འགྱུར་བས། འདིར་སྔགས་ཀྱི་སྦྱོར་བ་ཐམས་ཅད་མདོར་བསྡུས་ ཏེ་བསྟན་ཏོ། །དེ་ལ་སྔགས་ཀྱི་སྦྱོར་བའི་ཚུལ་ཡང་མདོར་བསྡུ་ན་རྣམ་པ་གསུམ་དུ་འགྱུར་ཏེ། དེ་ལ་དང་པོ་ན་གང་ལ་བཟླས་པ་བརྗོད་པའི་གསང་སྔགས་དེ་ཉིད་ཀྱིས། ཇི་སྐད་སྨོས་པའི་བྱ་བ་ཐམས་ཅད་ལ་སྦྱར་རོ་ཞེས་བྱ་བ་འདི་ཡིན་ནོ། །གཉིས་པ་ནི་རྩ་བའི་སྔགས་དང་སྙིང་པོ་ལ་ སོགས་པའི་ཡན་ལག་གི་སྔགས་དག་ལས་ཇི་སྐད་དུ་སྨོས་པའི་བྱ་བ་སྡེ་སྡེ་ལ་སྔགས་རེ་རེ་སྦྱར་བར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །གསུམ་པ་ནི་ཇི་སྐད་དུ་སྨོས་པའི་བྱ་བ་རེ་རེ་ལ། གསང་སྔགས་སོ་སོར་སྦྱར་བར་བྱ་སྟེ། ཆོ་ག་ཞིབ་མོ་ལས་གསུངས་པ་དེ་བཞིན་དུ་སྦྱར་བར་བྱའོ་ ཞེས་བྱ་བ་ནི་འདི་ཡིན་ནོ། །དེ་ལ་འདིར་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པའམ། འཇམ་པའི་ཁྲོ་བོ་དག་གི་བྱ་བ་སྣ་ཚོགས་ལ་གསང་སྔགས་གང་དང་གང་ལ་སྦྱར་བ་བསྟན་པ་ཡིན་ཏེ། དེ་ཡང་རྩ་བའི་སྔགས་དང་ཡན་ལག་གི་སྔགས་གཉིས་སུ་གསུངས་ཏེ། དེ་ལ་ རྩ་བའི་གསང་སྔགས་ནི། རྣམ་པར་ཐར་པའི་སྒོ་མཐའ་དག་རྒྱས་པར་བསྟན་པའི་ཕྱིར། གསང་སྔགས་ཀྱི་ལྷ་རྣམས་ཀྱི་ལུས་ལྟ་བུ་ཡིན་ཏེ་དེ་བས་རྩ་བ་ཞེས་བྱའོ། །ཡན་ལག་ནི་རྣམ་པར་ཐར་པའི་སྒོ་རེ་རེ་སྟོན་པའི་ཕྱིར། སྔགས་ཀྱི་ལྷ་རྣམས་ཀྱི་ཡན་ལག་ལྟ་བུ་ཡིན་ཏེ། དེ་བས་ན་ཡན་ལག་ ཅེས་བྱའོ། །དེ་ཡང་སྙིང་པོ་དང་སྤྱི་གཙུག་དང་མཆོག་མ་དང་། གོ་ཆ་དང་། མཚོན་ཆ་ལྟ་བུ་སྟེ་དེ་ལ་སྙིང་པོ་ནི་སྙིང་ག་ལྟ་བུ་ཡིན་ཏེ། རྩ་བ་ལས་བསྡུས་ནས་ཕྱོགས་ཙམ་སྟོན་པའི་བདག་ཉིད་ཡིན་ནོ། །སྤྱི་གཙུག་དང་མཚོག་མ་ནི་ཡན་ལག་གི་གཙོ་བོ་ཡིན་ཏེ། དེ་བྱིན་གྱིས་རློབ་པ་དེ་ལ་དེ་ སྐད་ཅེས་བྱའོ། །གོ་ཆ་ནི་བྲང་ལ་སོགས་པ་གནད་ཀྱི་གནས་རྣམས་བྱིན་གྱིས་རློབ་ཅིང་སྲུང་བར་བྱེད་པས་གོ་ཆ་ཞེས་བྱའོ། །མཚོན་ཆ་ནི་ལག་པ་ལ་སོགས་པར་བསམས་པས་འབར་བའི་གཟིས་བགེགས་རྣམས་བསྲེགས་ནས་འབྱེར་བར་བྱེད་ཅིང་བཀའ་ལས་འདས་པ་རྣམས་མ་རུངས་ པར་གྱུར་པ་རྣམས་ལ་སོགས་པ་ལ་སྦྱོར་བར་བྱེད་པས་མཚོན་ཆ་ཞེས་བྱའོ། །གཞན་ཡང་ལས་ཀྱི་སྔགས་ལ་སོགས་པའང་ཡན་ལག་ཏུ་བསྡུ་བར་བྱའོ། །དེ་རེ་ཞིག་འཇམ་དཔལ་གཞོན་ནུར་གྱུར་པའི་རྩ་བའི་གསང་སྔགས་ནི་རྟོག་པ་ཕལ་ཆེར་ལས་གྲགས་ པ་ཡི་གེ་དྲུག་པ་ཞེས་བྱ་བ་ཡིན་ནོ། །ཨོཾ་ཝཱ་གཱི་ཤྭ་རི་མུཾ། གསང་སྔགས་འདི་ཡང་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་བསྐྱེད་པ་དང་། ས་བོན་དང་། མཆོད་པ་དང་། བཟླས་བརྗོད་དང་། ལས་ལ་སྦྱར་བ་ལ་སོགས་པ་ལ་སྦྱར་བར་བྱའོ། །སྙིང་པོའི་སྔགས་ནི་ཨོཾ་མུཾ་ཞེས་བྱ་ བ་འདི་ཡིན་ནོ། །འདི་ཡང་སྔ་མ་བཞིན་དུ་ཐམས་ཅད་ལ་སྦྱར་བར་བྱའོ། །མཚོག་མ་ལ་སོགས་པ་ལ་ཡང་ཇི་ལྟར་རྟོག་པ་རྣམས་ལས་གསུངས་པ་བཞིན་སྦྱར་བར་བྱའོ། །འཕགས་པ་སུ་སིདྡྷི་ཀ་ར་ལ་སོགས་པར་བསྟན་པས་འདིར་ཆེད་དུ་བསྟན་པར་མ་མཛད་དེ། དེ་བས་ན་བཅོམ་ ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་མཉེས་པར་བྱ་བར་འདོད་པས་དེ་དག་ཏུ་གསུངས་པའི་ཆོ་ག་ཉིད་སྦྱར་བར་བྱའོ། །དཔལ་གཤིན་རྗེ་གཤེད་པོ་མཉེས་པར་བྱ་བར་འདོད་པས་ཀྱང་གལ་ཏེ་བྱ་བའི་རྒྱུད་ཀྱི་རྗེས་སུ་འབྲང་བར་འདོད་པ་རྣམས་ཀྱི་ནི། ཁྲོ་བོ་ཉིད་ཀྱི་རྟོག་པ་ཞིབ་མོ་ལས་ གསུངས་པའི་ཡན་ལག་ལྔ་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པ་ལ་སོགས་པའི་བྱ་བ་རྣམས་ལ་སྦྱར་བར་བྱའོ། །རྣལ་འབྱོར་རྒྱུད་ཀྱི་རྗེས་སུ་འབྲང་བར་འདོད་ན་ནི། །ཡན་ལག་དེ་དག་གདོན་མི་ཟ་བར་དགོས་མེད་དེ་རྩ་བའམ་སྙིང་པོ་ཙམ་གྱིས་སྦྱར་བར་བྱའོ། །གསང་སྔགས་ཀྱི་བྱ་བ་སྣ་ཚོགས་ ཡོངས་སུ་སྦྱོར་བའི་ཆོ་ག་བསྟན་པ་རྫོགས་སོ།། །།ལས་ཀྱི་བྱ་བ་སྣ་ཚོགས་ལ། །དཀྱིལ་འཁོར་དག་དང་རི་མོ་དང་། །དེ་བཞིན་བརྟུལ་ཞུགས་མེད་པར་ཡང་། །བྱ་བ་བསྒྲུབ་པ་བཤད་ཟིན་ཏོ། །གཞན་ཡང་བྱ་བ་སྣ་ཚོགས་ཀྱི། །དངོས་གྲུབ་སྣ་ཚོགས་བསྒྲུབ་པ་ལ། །དཀྱིལ་ འཁོར་རི་མོ་བརྟུལ་ཞུགས་ལ། །བརྟེན་པའི་ཆོ་ག་བཤད་པར་བྱ། །གལ་ཏེ་སྔགས་པ་མཚན་མ་ལ། །དགའ་བས་དང་པོ་མཚན་མ་རྣམས། །བརྟག་པའི་ཆོ་ག་བཤད་པར་བྱ། །དངོས་གྲུབ་རབ་དང་བར་མ་དང་། །དམན་དང་ཕྲ་མོ་གྲུབ་འདོད་པས། །དེ་དག་འགྲུབ་བམ་མི་འགྲུབ་ པའི། །མཚན་མ་དང་པོ་བརྟག་པར་བྱ། །ཉི་མ་འབྱོར་བ་བཟང་པོ་ལ། །སྔགས་པས་སྨྱུང་བ་བྱས་ནས་ནི། །རས་དཀར་གཙང་མ་བགོས་ནས་ཀྱང་། །གཙང་ཞིང་དབེན་པའི་ས་ཕྱོགས་སུ། །དཀྱིལ་འཁོར་ལྔ་ནི་དངར་ཏེ་བྲི། །དེ་དག་ཇི་ལྟར་བྲི་བ་ཡང་། །ལེགས་པར་རབ་ཏུ་བཤད་ པར་བྱ། །དེ་དག་ཀུན་ལ་མཚུངས་པར་ནི། །དང་པོ་ས་ཡི་དཀྱིལ་འཁོར་རྣམས། །ཀུན་ནས་གྲུ་བཞི་མཛེས་པར་བྱ། །དེ་ཡི་དབུས་སུ་ཆུའི་དཀྱིལ་འཁོར། །ཟླུམ་པོ་ཀུན་ནས་དགང་བར་བྱ། །དེ་ཡི་སྟེང་དུ་མེ་ཏོག་དག །དྲི་ཞིམ་མཛེས་པས་དགང་བར་བྱ། །དཀྱིལ་འཁོར་དང་པོའི་སྟེང་དུ་ ཡང་། །དཔལ་ལྡན་རྣམ་པར་སྣང་མཛད་སོགས། །སངས་རྒྱས་ལྔ་རྣམས་དགོད་པ་ནི། །གྲུ་གསུམ་ཨེ་ཡི་སྟེང་དུ་བྲི། །ཇི་ལྟར་རིགས་པས་བྲིས་བྱས་ནས། །དཀྱིལ་འཁོར་གཉིས་པ་དག་ལ་ནི། །འཇམ་དཔལ་གཞོན་ནུ་བྱམས་པ་དང་། །གཞན་ཡང་རྒྱལ་སྲས་སྣ་ཚོགས་དག །ཉན་ ཐོས་རྣམས་དང་བཅས་པ་ཡང་། །རིན་ཆེན་སྟེང་དུ་བྲི་བར་བྱ། །ཡང་ན་མེ་ཏོག་ཉིད་ལ་ནི། །རང་རང་སྔགས་ཀྱིས་བྱིན་རླབས་ཏེ། །ཀུན་ནས་གནས་པར་བསམ་པར་བྱ། །དཀྱིལ་འཁོར་གསུམ་པ་དག་ལ་ཡང་། །ཆོས་ཀྱི་འཁོར་ལོ་བྲི་བྱ་སྟེ། །རྟེན་འབྲེལ་སྔགས་ཀྱིས་བྱིན་གྱིས་བརླབ། ། དཀྱིལ་འཁོར་བཞི་པའི་དབུས་དག་ཏུ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་གཞག །དེ་བཞིན་དཀྱིལ་འཁོར་ལྔ་པ་ལ། །དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས། །ལེགས་ཉེས་གསལ་བར་སྟོན་བྱེད་པ། །ཀུན་ནས་གནས་པར་བསམ་པར་བྱ། །དེ་ལྟར་ལེགས་པར་བསམས་ནས་ནི། ། དཀྱིལ་འཁོར་ལྔ་པའི་སྟེང་དུ་ཡང་། །མེ་ལོང་མ་ཆག་མ་གས་པ། །བཟང་པོ་ལེགས་པར་ཕྱིས་པ་གཞག །དེ་ནས་དེ་དག་མཆོད་པའི་ཕྱིར། །དཀྱིལ་འཁོར་དེ་དག་རེ་རེ་ཡང་། །མེ་ཏོག་བདུག་པ་ལ་སོགས་པའི། །མཆོད་པ་རྣམས་དང་གཏོར་མར་བཅས། །རེ་རེ་ལ་ཡང་རྫོགས་པར་ དབུལ། །དང་པོ་སངས་རྒྱས་ཐམས་ཅད་ལ། །གཉིས་པ་འཕགས་པའི་དགེ་འདུན་ལ། །གསུམ་པ་དམ་ཆོས་འཁོར་ལོ་ལ། །བཞི་པ་རྡོ་རྗེ་སེམས་དཔའ་ལ། །ལྔ་པ་གསལ་སྟོན་ལྷ་མོ་ལ། །མཆོད་པ་ལེགས་པར་བྱས་ནས་ནི། །ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ། །ཀུ་ཤའི་ སྟན་ལ་འདུག་ནས་ནི། །མེ་ལོང་བཟང་པོ་དེ་ཉིད་ཀྱང་། །ལག་པ་གཡོན་པས་བཟུང་བྱས་ཏེ། །གསང་སྔགས་བཟླས་པ་བརྩམ་པར་བྱ། །ཨི་ནི་དེ་ཡི་ཐོག་མ་སྟེ། །ལ་དད་ཨར་ནི་ལྡན་པ་དག །གཉིས་པ་ཡིན་པར་རབ་ཏུ་གྲགས། །ཡཱ་དང་ཨུ་དང་ཨོཾ་སྦྱར་བ། ། ཡི་གེ་གསུམ་སྦྱར་གསུམ་པ་ནི། །ཡི་གེ་གསུམ་པོ་དེ་ཉིད་ལ། །ཨི་ཡི་གནས་སུ་པི་བཞག་ནས། །ལྷག་མ་སྔ་མ་བཞིན་སྦྱར་ནས། །ཡི་གེ་དྲུག་ཏུ་གྱུར་པར་བྱ། །ཐ་མར་སྭཱ་ཧཱ་ལྡན་བྱས་ལ། །ཐམས་ཅད་མཐོང་བར་བྱེད་པ་སྟེ། །ལན་འབུམ་སྔོན་དུ་བསྙེན་པ་བྱ། །དེ་ནས་གཞོན་ ནུའམ་གཞོན་ནུ་མ། །མཚན་ལྡན་གཅིག་གམ་གཉིས་སམ་གསུམ། །ཟས་གཙང་ཟོས་ཤིང་ཁྲུས་བྱས་པ། །དེ་བཞིན་གོས་བཟངས་གྱོན་པ་དག །དཀྱིལ་འཁོར་ལྔ་པའི་ཤར་ཕྱོགས་ནས། །ཀུ་ཤའི་སྟན་ལ་འདུག་ནས་ནི། །ནུབ་ཏུ་བལྟས་ཏེ་མི་སྨྲ་བར། །ཀུན་ནས་ཐུབ་པར་ འདུག་པར་བྱ། །དེ་ནས་སྔགས་པ་བདག་ཉིད་ཀྱང་། །ཁུ་ཚུར་དཔུང་པར་བསྣོལ་བྱས་ཏེ། །སེ་གོལ་གདབ་ཅིང་གསང་སྔགས་བཟླས། །བཀྲ་ཤིས་ལྷ་མོ་དཀར་མོ་ཞིག །ཀུན་ནས་ཉེ་བར་འོངས་ནས་ནི། །ལེགས་ཉེས་སྟོན་པ་བསམ་པར་བྱ། །དེ་ལྟར་གསང་སྔགས་བརྒྱ་རྩ་ བརྒྱད། །སྟོང་རྩ་བརྒྱད་དུ་བཟླས་བྱ་ཞིང་། །གཞོན་ནུ་རྣམས་ལ་མེ་ལོང་བསྟན། །སངས་རྒྱས་བྱང་ཆུབ་སེམས་དཔའའམ། །སྔགས་ཀྱི་བགྲང་ཕྲེང་བཟང་པོ་དག །བཀྲ་ཤིས་མཚན་མ་བཟང་པོ་རྣམས། །མཐོང་བར་གྱུར་ན་དངོས་གྲུབ་ཐོབ། །སྦྲུལ་དང་སྡོམ་དང་སྡིག་པ་དང་། །དེ་ བཞིན་དམྱལ་བ་ཡི་དགས་རྣམས། །མཐོང་ན་དངོས་གྲུབ་མི་ཐོབ་སྟེ། །སླར་ཡང་སྔགས་བསྙེན་ཉིད་ལ་འབད། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །དེ་བཞིན་གསོན་དང་འཆི་བ་དང་། །སྟོར་བ་རྙེད་དང་མི་རྙེད་དང་། །ཕྱི་མར་བདེ་འགྲོའམ་སྡུག་བསྔལ་དག །ཇི་ལྟར་མྱོང་བར་འགྱུར་ལ་སོགས། ། བདེ་བར་རབ་ཏུ་མཐོང་བར་འགྱུར། །དབབ་སྣོད་ལ་ཡང་ཉེས་པ་མེད། །དེ་ལྟར་བྱ་བ་ཟིན་ནས་ནི། །ཁ་ཟས་བཟང་པོ་ལ་སོགས་པས། །གཞོན་ནུ་དེ་དག་མགུ་བྱས་ཏེ། །དཀྱིལ་འཁོར་གཤེགས་སུ་གསོལ་ཏེ་བསྡུ། །དེ་ནས་དགོས་པའི་བྱ་བ་ལ། །གཞུག་པའམ་ནི་བཟློག་པར་བྱ། ། དེ་ལ་སྔོན་དུ་དཀྱིལ་འཁོར་དང་། རི་མོ་དང་། བརྟུལ་ཞུགས་བཟང་པོ་དག་མེད་པར། བཟླས་པ་དང་། སྦྱིན་སྲེག་ལ་སོགས་པ་ཐབས་སླ་བ་རྣམས་ལ་བརྟེན་ནས། གདུག་པ་ཅན་འདུལ་བ་ལ་སོགས་པ་ལས་སྣ་ཚོགས་ཀྱི་སྦྱོར་བ་བཤད་ཟིན་ནས། ད་ནི་དཀྱིལ་འཁོར་དང་རི་མོ་ དང་ཕྱི་ནང་གི་བརྟུལ་ཞུགས་བཟང་པོ་དག་ལ་བརྟེན་ནས། ཐུན་མོང་དང་མཆོག་གི་དངོས་གྲུབ་བཟང་པོ་རྣམས་བསྟན་པར་བཞེད་པས། ཐོག་མར་མཚན་མ་ལ་དགའ་བའི་གང་ཟག་གཞུག་པའི་ཕྱིར། པྲ་སེ་ན་བལྟ་བ་ཞེས་བྱ་བའི་སྦྱོར་བ་ཐོག་མར་བསྟན་ཏེ། དེ་བས་ན་ཐོག་མར་པྲ་ སེ་ན་བལྟ་སྟེ་གྲུབ་པའི་མཚན་མ་མཐོང་ན་ནི་བསྒྲུབ་པ་ལ་གཞུག་པར་བྱའོ། །གྲུབ་པར་མི་འགྱུར་བའི་མཚན་མ་མཐོང་ན་ནི། སླར་བསྙེན་པ་ལ་སྦྱར་བར་བྱའོ། །མཚན་མ་གང་ཡང་མཐོང་བར་མ་གྱུར་ན་ནི་པྲ་སེ་ན་བལྟ་བ་ཉིད་ཀྱི་བསྙེན་པ་ལ་སྦྱར་བར་བྱའོ། །དེ་ནས་ཡང་པྲ་སེ་ན་བལྟ་བའི་སྦྱོར་ བ་བྱའོ། །དེ་ལ་འདིའི་རིམ་པ་ནི་དང་པོ་བསྙེན་པ་བྱས་ནས། དེ་ནས་པྲ་སེ་ན་བལྟ་བའི་སྦྱོར་བ་བྱས་ཏེ། དེ་ཡང་དུས་ཚོད་བཟང་པོ་ལ་གཙང་མའི་གནས་སུ་སོང་སྟེ། མཎྜལ་ཁྲུ་དོ་པའི་ཚད་ཙམ་ལྔ་བྱང་ནས་ལྷོར་དངར་ཏེ་བྱས་ལ། དེ་དག་ཀུན་ཀྱང་གཞི་གྲུ་བཞིར་བྱས་པའི་དབུས་སུ་ཁ་ཁྱེར་ ཟླུམ་པོར་བསྐོར་བའི་ནང་དུ་ཆུ་གཙང་མས་བཀང་སྟེ། དེའི་སྟེང་དུ་མེ་ཏོག་དྲི་ཞིམ་པོ་སིལ་མས་ལེགས་པར་བཀང་སྟེ་གཞག །དཀྱིལ་འཁོར་དང་པོའི་དབུས་སུ་སངས་རྒྱས་ཀྱི་སའི་ཕྱག་རྒྱ་ཨེ་གྲུ་གསུམ་དཀར་པོ་ཞིག་རྡུལ་ཚོན་དང་མེ་ཏོག་གིས་བྲིས་ཏེ། དེའི་སྟེང་དུ་དཔལ་རྣམ་པར་ སྣང་མཛད་ལ་སོགས་པ་བདེ་བར་གཤེགས་པ་ལྔ་རྣམས་ལུགས་མ་འམ་རི་མོའམ་ཡི་གེའམ་ཡང་ན་མེ་ཏོག་ལ་བསྔགས་ཏེ་བཞུགས་སུ་གསོལ་ལོ། །གཉིས་པ་ལ་བྱང་ཆུབ་སེམས་དཔའ་སའི་ཕྱག་རྒྱ་རིན་པོ་ཆེ་བྲིས་ཏེ། དེའི་སྟེང་དུ་འཇམ་དཔལ་གཞོན་ནུ་ལ་སོགས་པའི་བྱང་ཆུབ་ སེམས་དཔའ་རྣམས་དང་། འཕགས་པ་ཀཽཎྜི་ནྱ་ལ་སོགས་པ་ཉན་ཐོས་ཆེན་པོའི་དགེ་འདུན་རྣམས་ལུགས་མ་ལ་སོགས་ཏེ་སྔ་མ་བཞིན་དུ་བཞུགས་སུ་གསོལ་ལོ། །དཀྱིལ་འཁོར་གསུམ་པ་ལ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བྲིས་ཏེ། རྟེན་འབྲེལ་ལ་སོགས་པའི་སྙིང་པོ་དགོད་དོ། ། ཡང་ན་དཀྱིལ་འཁོར་གཉིས་པ་ལ་ཆོས་ཀྱི་འཁོར་ལོ་བྲིས་ཏེ། གསུམ་པ་ལ་དགེ་འདུན་དཀོན་མཆོག་བྲིས་ནས། དཀོན་མཆོག་སྤྱིའི་ལུགས་དང་མཐུན་པས་དེ་ལྟར་བྲིས། བཞི་པ་ལ་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་ཀྱི་བདག་ཉིད་དཔལ་ རྡོ་རྗེ་སེམས་དཔའ་ལུགས་མ་ལ་སོགས་པ་གཞག །ལྔ་པ་ལ་འཕགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་གྱི་རླབས་མཚན་མ་ཉེ་བར་སྟོན་པའི་ལྷ་མོ། ཚིག་དབང་བཀྲ་ཤིས་དཀར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རི་མོ་ལ་སོགས་པར་གཞག་པའམ། ཡང་ན་བསམ་པར་ བྱའོ། །དཀྱིལ་འཁོར་དེ་དག་རེ་རེ་ལ་ཡང་ཨརྒྷཾ་དང་། མེ་ཏོག་ལ་སོགས་པ་ཉེ་བའི་མཆོད་པ་རྣམ་པ་ལྔ་དང་གཏོར་མ་དང་བཅས་པ་ཡང་གཞག་པར་བྱའོ། །དེ་ནས་སྔགས་པ་བདག་ཉིད་ཁྲུས་ལེགས་པར་བྱས་ནས། སྨྱུང་བ་ལ་གནས་པར་བྱས་ནས། གོས་དཀར་པོ་གཙང་མ་ བགོས་ཏེ་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་རྩྭ་ཀུ་ཤའི་སྟན་ལ་ཁ་ཤར་ཕྱོགས་སུ་བལྟས་ཏེ་འདུག་པར་བྱའོ། །མེ་ལོང་བཟང་པོ་སྐྱོན་མེད་པ་ཞིག་ཀྱང་ལེགས་པར་ཕྱིས་ཏེ་དཀྱིལ་འཁོར་ལྔ་པའི་སྟེང་དུ་གཞག་པར་བྱའོ། །དེ་ནས་སྔགས་པ་བདག་ཉིད་རང་གི་ལྷའི་ཏིང་ངེ་འཛིན་དུ་ཞུགས་ཏེ་ མཆོད་པའི་རྫས་དང་དཀྱིལ་འཁོར་རྣམས་ལ། ངོ་བོ་ཉིད་ཀྱིས་དག་པའི་གསང་སྔགས་བཟླས་པའི་ཆུས་གཏོར་ཏེ་རྣམ་པར་དག་པར་བསམས་ནས། དེ་ནས་དཀྱིལ་འཁོར་དང་པོར་སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས་ལེགས་པར་མཆོད་པར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་འོག་མ་ རྣམས་ལ་ཡང་། ཇི་ལྟར་བཀོད་པའི་ལྷ་རྣམས་སྤྱན་དྲངས་ཏེ་དེ་བཞིན་དུ་མཆོད་པར་བྱའོ། །དེ་ནས་གཏོར་མ་རྣམས་ཀྱང་སྤྱིར་འགྲོ་བ་རྣམས་ལ་བསྔོས་ཏེ་ཐམས་ཅད་དགའ་བར་བྱས་ནས་ལྷ་རྣམས་ལ་བཟོད་པ་གསོལ་ཏེ་བཟླས་པ་ལ་འཇུག་པར་བྱའོ། །དེའི་ཚེ་ལག་པ་གཡོན་པས་མེ་ ལོང་བཟུང་སྟེ་བསམ་པ་ནི་འཕགས་པ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས། ལྷ་མོའི་ཚིག་དབང་བཀྲ་ཤིས་མ་བདག་ལ་ཉེ་བར་དགོངས་ཤིང་། །ལེགས་ཉེས་ཐམས་ཅད་སྟོན་པར་དམིགས་ཏེ་བཟླས་པར་བྱའོ། །དེ་ལ་གསང་སྔགས་ནི་ཡི་གེ་བརྒྱད་པ་སྟེ། དེ་ལ་དང་པོ་ནི་ཨཱི་ཞེས་བྱའོ། ། གཉིས་པ་ནི་ལ་དང་ཨཱ་གཉིས་སྦྱར་བ་སྟེ་ལཱ་ཞེས་བྱ་བའོ། །གསུམ་པ་ནི་ཡ་དང་ཨཱུ་ཨཾ་རྣམས་གཅིག་ཏུ་སྦྱར་བ་སྟེ་ཡཱུཾ་ཞེས་བྱའོ། །དེ་ལ་ཡི་གེ་གཞན་རྣམས་ནི་སྔ་མའི་ཡི་གེ་ཉིད་ལ་ཨི་གསལ་ཏེ་པིའི་ཡི་གེ་གཞག་པ་ནི་ཡི་གེ་བརྒྱད་པ་སྟེ། པྲ་སེ་ན་ཐམས་ཅད་མཐོང་བར་བྱེད་པ་ཡིན། གསང་ སྔགས་འདི་ལྟར་ཅི་ནུས་པ་བཟླས་ཏེ། དེ་ནས་སྐྱོ་བར་གྱུར་ན་ལྷ་རྣམས་ལ་བཟོད་པ་གསོལ་ཏེ་གཤེགས་སུ་གསོལ་ནས་དཀྱིལ་འཁོར་བསྲུང་བའི་བསམ་པ་དང་ལྡན་པས་ལངས་ཏེ་ཅུང་ཟད་ངལ་གསོ་བར་བྱའོ། །དེ་ནས་ཡང་ཕྱི་དེ་ཉིན་པར་མེ་ཏོག་རྙིང་པ་རྣམས་བསལ་ཏེ། མེ་ཏོག་གསར་པའི་མཎྜལ་ལེགས་པར་བྱས་ཏེ་ཡང་མཆོད་པ་དང་གཏོར་མ་དེ་བཞིན་དུ་ཕུལ་ཏེ་བཟླས་པ་ལ་འཇུག་པར་བྱའོ། །དེ་ལྟ་བུ་ཞག་ལྔའམ་བདུན་ནམ་འབུམ་ཕྲག་གཅིག་ཐོན་པར་འགྱུར་ཏེ། དེ་ལྟར་བསྙེན་པ་བྱས་ནས་པྲ་སེ་ན་བལྟ་བའི་ཕྱིར་ཡང་དཀྱིལ་འཁོར་སྔ་མ་བཞིན་ དུ་ལེགས་པར་བྱ་སྟེ། བྱིས་པ་གཞོན་ནུའམ་གཞོན་ནུ་མ། ཁྱིམ་གྱི་ཆོས་ཀྱིས་སྨ་མ་བབ་པ་ལུས་ལ་སྐྱོན་མེད་པ་རིགས་བཟང་བ་གཅིག་གམ་གཉིས་སམ་གསུམ་ཞིག་བཙལ་ཏེ། ཟས་གཙང་མ་བྱིན། ཁྲུས་ལེགས་པར་བྱས་པར་གོས་གཙང་མ་བསྐོན་ཏེ་དཀྱིལ་འཁོར་ལྔ་པའི་ ཤར་ཕྱོགས་སུ་ཀུ་ཤའི་སྟན་ལ་ཁ་ནུབ་ཏུ་བལྟས་ཏེ་མི་སྨྲ་བར་འདུག་ཏུ་གཞུག་པར་བྱའོ། །བདག་ཉིད་ཀྱང་ནུབ་ཕྱོགས་སུ་ཀུ་ཤའི་སྟན་ལ་སྔ་མ་བཞིན་དུ་འདུག་སྟེ། ལག་པ་རྡོ་རྗེ་ཁུ་ཚུར་དཔུང་པར་བསྣོལ་བས་སེ་གོལ་གྱི་སྒྲས་འཕགས་པ་རྣམས་ལ་བསྐུལ་ཞིང་བསམ་པ་སྔ་མ་ དང་ལྡན་པས་བཟླས་བརྗོད་བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད་བྱས་ཏེ། གཞོན་ནུའམ་གཞོན་ནུ་མ་རྣམས་ལ་བསྟན་ན། དེའི་ཚེ་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་འམ། ནོར་བུ་རིན་པོ་ཆེའམ་བགྲང་ཕྲེང་བཟང་པོ་ལྟ་བུ་བཀྲ་ཤིས་པའི་མཚན་མ་བཟང་པོ་མཐོང་ན་ནི་ཡིད་ ལ་བསམ་པའི་དངོས་གྲུབ་ཏུ་འགྱུར་རོ། །གལ་ཏེ་སྦྲུལ་དང་སྡིག་པ་དང་། སེམས་ཅན་དམྱལ་བ་དང་ཡི་དགས་དག་མཐོང་ན་ནི་དངོས་གྲུབ་ཐོབ་པར་མི་འགྱུར་བས། སླར་བསྙེན་པ་ལ་འབད་པར་བྱའོ། །སྦྱོར་བ་འདིས་ནི་དངོས་གྲུབ་ཐོབ་པ་དང་མི་ཐོབ་པ་འབའ་ཞིག་ ཏུ་མ་ཟད་ཀྱི་བྱ་བ་སྣ་ཚོགས་མཐོང་བར་འགྱུར་ཏེ། དེ་དག་ཀྱང་རེ་ཞིག་འདིར་བདག་གིས་ཞར་ལ་བརྗོད་པར་བྱའོ། །དེ་ལ་ནད་པ་ལྟ་བུ་འཆིའམ་གསོན་པར་གྱུར་པ་བལྟ་བར་འདོད་ན་ཆོ་ག་སྔ་མ་བཞིན་དུ་བྱས་ཏེ། དེ་འཆི་བའམ་གསོན་པར་གྱུར་པ་བལྟ་བ་ཡིད་ལ་བྱེད་ པས་འཕགས་པས་དེ་བཞིན་དུ་དམོད་བཙུགས་ཏེ། གཞོན་ནུ་རྣམས་ལ་བསྟན་ན་གང་ཟླ་བ་དྲུག་གི་བར་དུ་འཆི་བར་འགྱུར་བ་དེ་ནི་དེར་མགོ་ཆད་པར་སྣང་བར་འགྱུར་རོ། །དེ་ལྟར་མི་འགྱུར་ན་ནི་མགོ་དང་ལྡན་པར་སྣང་བར་འགྱུར་རོ། །དེ་ལྟར་མི་འགྱུར་ན་གཞན་ཡང་བདག་གམ་གཞན་ དག་སྐྱེ་བ་ཕྱི་མར་བདེ་འགྲོར་འགྱུར་བའམ་ངན་འགྲོར་འགྱུར་བ་བལྟ་བར་འདོད་ན་ཡང་། ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་བྱས་ཏེ། སྐྱེ་བ་ཕྱི་མ་བལྟ་བར་གྱུར་པའི་བསམ་པས་འཕངས་པའི་ཡིད་ལ་བྱེད་པས་དམོད་བཙུགས་ཏེ། བལྟས་ན་གང་དུ་སྐྱེ་བར་འགྱུར་བ་དེའི་གཟུགས་བརྙན་ འབྱུང་བར་འགྱུར་རོ། །གལ་ཏེ་ངན་འགྲོའི་གཟུགས་བརྙན་མཐོང་ན་དེས་བསོད་ནམས་བསྐྱེད་པའི་ལས་ལ་མྱུར་དུ་འབད་པར་བྱའོ། །གཞན་ཡང་བདག་གམ་གཞན་གྱི་ནོར་ཆེན་པོ་དག་སྟོར་ནས་རྐུན་མོ་བལྟ་བར་འདོད་ན། ཆོ་ག་ཐམས་ཅད་དེ་བཞིན་དུ་བྱས་ནས་རྐུན་མ་བལྟ་བ་ལ་ དམིགས་ནས་བཟླས་བརྗོད་བྱས་པའི་མེ་ལོང་དེ་བཞིན་དུ་བསྟན་ན་རྐུན་མ་གང་ཡིན་པ་དེ་ཉིད་ཀྱི་གཟུགས་མཐོང་བར་འགྱུར་རོ། །གལ་ཏེ་བདག་གམ་གཞན་ལ་གནོད་པའི་གདོན་དག་བལྟ་བར་འདོད་ན། ཡང་ཆོ་ག་ཐམས་ཅད་དེ་བཞིན་དུ་བྱས་ཏེ། གདོན་བལྟ་བའི་ཡིད་ལ་བྱེད་ བས་བསྟན་ན་གདོན་གང་ཡིན་པ་དེ་མཐོང་བར་འགྱུར་རོ། །ཆོ་ག་འདི་ནི་མེ་ལོང་འབའ་ཞིག་ཏུ་མ་ཟད་ཀྱི་ཐིག་ལེ་བཟང་པོ་དང་རལ་གྲི་བཟང་པོ་དང་། སྣོད་གཙང་མ་བཟང་པོར་བླུགས་པའི་ཆུ་དག་གིས་ཀྱང་མཐོང་བར་འགྱུར་རོ། །གཞན་ཡང་བདག་ཉིད་ཀྱིས་ཁྲུས་ལེགས་པར་ བྱས་ཏེ་ཆོ་ག་གཞན་སྔ་མ་བཞིན་དུ་བྱས་ནས། དྲི་བཟང་པོ་དང་སྦྱར་བའི་ཆུ་ལ་སྔགས་ཀྱིས་བཏབ་སྟེ། ལག་པ་གཡོན་པའི་མཐེ་བོང་བཀྲུས་ནས། རྒྱ་སྐྱེགས་ཀྱི་ཁུ་བ་སྐ་སླ་རན་པ་ཕུན་སུམ་ཚོགས་པས། རིམ་པ་མང་དུ་བསྐུ་ཞིང་གསང་སྔགས་བཟླས་ལ། ཡང་ ཤེལ་སྒོང་ལ་སོགས་པ་ལེགས་པར་ཕྱིས་ཏེ། གཟུགས་བརྙན་མངོན་པར་གྱུར་པར་བྱས་ནས་ཆོ་ག་གཞན་སྔ་མ་བཞིན་བྱས་ཏེ་གཞོན་ནུ་རྣམས་ལ་བསྟན་ན་སྲིད་པ་གསུམ་མཐོང་བར་འགྱུར་རོ། །འདི་དག་ནི་ཞར་ལ་བཤད་པ་སྟེ། འདིར་ནི་དངོས་གྲུབ་བསྒྲུབ་པར་འདོད་པས་བསྙེན་ པ་བྱས་ནས་སྒྲུབ་པ་ལ་འཇུག་པའི་ཚེ་པྲ་སེ་ན་བལྟས་ཏེ་དངོས་གྲུབ་བསྒྲུབ་པའི་སྦྱོར་བ་བྱས་ནས་འདུན་པ་སྐྱེ་བར་དངོས་གྲུབ་ཐོབ་པར་འགྱུར་བ་དང་། ཐོབ་པར་མི་འགྱུར་བའི་མཚན་མ་མཐོང་ན་ཡང་། སླར་བསྙེན་པ་ལ་སྦྱར་བར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །དངོས་གྲུབ་ཀྱི་ མཚན་མ་བརྟག་པའི་སྦྱོར་བ་བསྟན་པ་རྫོགས་སོ།། །།ད་ནི་བརྟུལ་ཞུགས་བཟང་པོ་ཡིས། །དངོས་གྲུབ་བཟང་པོ་འདོད་པ་ལ། །གཞོན་ནུ་བརྟུལ་ཞུགས་གང་ཡིན་པ། །ཐོག་མར་རབ་ཏུ་བཤད་པར་བྱ། །སྔགས་པས་བསྙེན་པ་བྱས་ནས་ནི། །གཞོན་ནུ་བརྟུལ་ཞུགས་བརྩམ་ པར་བྱ། །དེ་ནས་སྒྲུབ་ལ་འཇུག་པར་བྱ། །ཇི་ལྟར་ལྷ་སྲས་གཞོན་ནུ་དག །དེ་བཞིན་རིག་འཛིན་གཞོན་ནུ་ལྟར། །གོས་དཀར་རབ་ཏུ་གཙང་མའམ། །ཡང་ན་ཁྲ་བོ་གཙང་མའམ། །གཞོན་ནུའི་ཚུལ་དུ་བགོ་བར་བྱ། །གཙུག་ཕུད་གསུམ་མམ་དེ་བཞིན་ལྔ། །ལེགས་པར་བརྒྱན་ ཏེ་གདགས་པར་བྱ། །མེ་ཏོག་མཛེས་པའི་ཐོད་དག་དང་། །རྣ་ཆ་མགུལ་རྒྱན་དཔུང་རྒྱན་དང་། །ལེགས་པར་གསེར་གྱིས་སྤྲས་པར་བྱའོ། །དཔྲལ་བར་མཚལ་གྱི་ཐིག་ལེ་ནི། །ཤིན་ཏུ་མཛེས་པ་ཞིག་ཀྱང་བྲི། །གཞོན་ནུའི་རྒྱན་དུ་འོས་པ་དག །ཅི་རིགས་མཛེས་པར་བྱས་ནས་ནི། ། རིན་ཆེན་འདྲ་བའི་དཀྱིལ་འཁོར་དུ། །རི་མོ་བཀྲམ་སྟེ་མཆོད་པར་བྱ། །དེ་ལྟར་ཟླ་གསུམ་ཟླ་དྲུག་ཏུ། །བརྟུལ་ཞུགས་བརྟན་པར་བྱས་ནས་ནི། །སྒྲུབ་པ་དག་ལ་ཞུགས་པ་ན། །དངོས་གྲུབ་རབ་ཏུ་ཐོབ་པར་འགྱུར། །དེ་ཡི་དཀྱིལ་འཁོར་མཚན་ཉིད་ཀྱང་། །ལེགས་པར་འདིར་ ནི་བསྟན་པར་བྱ། །ཁྲུ་གང་ཡང་ན་དེ་ཡི་ཚད། །ཐ་མར་རིན་ཆེན་འབར་བས་བསྐོར། །བ་ཡི་རྣམ་ལྔས་ལེགས་བྱུགས་ཤིང་། །དྲི་ཡི་ཆུས་ཀྱང་བྱུག་པར་བྱ། །དེ་ལ་ཕྱེ་མ་དཀར་པོ་སོགས། །ཚོན་སྣ་གཅིག་གིས་བྲི་བྱ་བ། །པདྨ་བཟང་པོ་མཛེས་པ་ནི། །ཟེ་བ་བཅས་ཤིང་གེ་སར་ བཅས། །སྙིང་པོ་ཨོཾ་གྱིས་མཚན་པ་བྲི། །དེ་ཡི་སྟེང་དུ་གཞག་བྱ་བའི། །རི་མོ་མཚན་ཉིད་བཤད་པར་བྱ། །རས་ཕྲན་ཁྲུ་གང་ཙམ་པོ་ནི། །གཙང་མས་བཀལ་ཞིང་བཏགས་པ་ལས། །ཁ་ཚར་དག་ཀྱང་མ་ཉམས་པ། ལྷག་པའི་རིན་གྱིས་ཉོས་བྱས་པའི། ། སྐྱོན་མེད་ཤིན་ཏུ་གཙང་བ་ལ། །ཚོན་རྩི་བཟང་པོ་སྐྱོན་མེད་པས། །གཞོན་ནུའི་ཚུལ་ཅན་མཛེས་པའི་སྐུ། །ཤ་ཚུགས་ལྡན་ཞིང་མཚན་ཉིད་རྫོགས། །བཙོ་མ་གསེར་དང་འདྲ་བའི་མདོག །ཡང་ན་དུང་དང་ཀུནྡ་འདྲ། །ཨུཏྤལ་སྔོན་པོ་མཛེས་པ་ནི། །གཡོན་གྱི་ཕྱག་ན་ བསྣམས་པ་སྟེ། །གཡས་པ་མཆོག་སྦྱིན་ཕྱག་རྒྱ་མཛད། །གཙུག་ཕུད་ལྔ་ལྡན་མེ་ཏོག་མཛེས། །ཐམས་ཅད་རྒྱན་གྱིས་བརྒྱན་བྱས་པ། །དགེ་བའི་ལག་པས་བྲི་བར་བྱ། །ཀུན་ནས་མེ་ཏོག་གཏོར་བ་དང་། །རིན་ཆེན་རི་ཕུག་ན་གནས་ཤིང་། །ལྷ་སྲས་གཞོན་ནུས་ མཆོད་པར་བྲི། །སྔགས་པ་གཞོན་ནུའི་བརྟུལ་ཞུགས་ཅན། །སྤྱན་སྔར་ཀུན་ནས་འདུད་པར་བྲི། །ཉིན་རེ་བཞིན་དུ་སྐུ་གཟུགས་དེ། །དཀྱིལ་འཁོར་སྟེང་དུ་བཀྲམ་ནས་ནི། །གཙང་མའི་མཆོད་པས་མཆོད་བྱ་ཞིང་། །བརྟུལ་ཞུགས་ལྡན་པས་བཟླས་པ་ཙམ། །ཝཱ་གཱི་ ཤྭ་རི་མུཾ་ཞེས་པ། ཐོག་མར་ཨོཾ་དང་ལྡན་པ་དག །ལྷ་དང་ཡིག་འབྲུ་མ་གཏོགས་པའི། །རྟོག་པ་སྣ་ཚོགས་རབ་སྤངས་ནས། །བཟླས་ལ་འབད་ནས་གྲུབ་པར་བྱ། །སྔགས་པ་བདག་ཉིད་ཡན་ལག་ལྔས། །ལེགས་པར་བྱིན་གྱིས་བརླབས་བྱས་ནས། །མཆོད་དང་བཟླས་པ་བརྩམ་པར་ བྱ། །དེ་ལྟར་བརྟུལ་ཞུགས་སྤྱད་ནས་ནི། །གཏོང་བའི་དུས་ཚོད་ཤེས་པ་ན། །བཟླས་པ་ལྷ་ལ་ཕུལ་བྱ་སྟེ། །གཤེགས་སུ་གསོལ་ནས་ལྷ་རྣམས་དང་། །གནས་སོགས་བསྲུངས་ནས་གནས་པར་བྱ། །དེ་ལྟར་བརྟུལ་ཞུགས་སྤྱད་ནས་ནི། །དེ་ནས་སྒྲུབ་ལ་འཇུག་པར་བྱ། །གལ་ཏེ་སྔགས་ པ་སྐལ་ལྡན་པ། །དེ་ཚེ་བསྒྲུབ་པ་ཡོད་ཀྱང་སྲིད། །བསྒྲུབ་པའི་ཆོ་ག་བསྡུས་པ་དག །ལེགས་པར་རབ་ཏུ་བཤད་པར་བྱ། །རལ་གྲི་ཏྲི་ཤཱུལ་ལ་སོགས་པ། །མཚོན་ཆ་བཟང་པོ་བསྒྲུབ་འདོད་དམ། །ལྡོང་རོས་མིག་སྨན་ལ་སོགས་པའི། །རྫས་རྣམས་སྣ་ཚོགས་བསྒྲུབ་འདོད་པས། །ཚེས་ གྲངས་བཟང་པོ་དག་ལ་ཡང་། །བཀྲ་ཤིས་གཙང་མའི་གནས་དག་ཏུ། །དཀྱིལ་འཁོར་སྔ་མ་བཞིན་བྲིས་ཏེ། །དཔལ་ལྡན་འཇམ་དབྱངས་གཙོ་བོ་ནི། །ལེགས་པར་རབ་ཏུ་མཆོད་པར་བྱ། །རལ་གྲི་ལ་སོགས་མཚན་མ་ལ། །མེ་ཏོག་ཡང་ན་བདུག་པ་ཡི། །བརྒྱ་སྟོང་དག་ཏུ་སྦྱིན་སྲེག་ བྱ། །མཚོན་ཆ་བསྒྲུབ་པར་གྱུར་ན་ནི། །ལག་པ་གཡས་པས་བཟུང་བར་བྱ། །ལྡོང་རོས་ལ་སོགས་རྫས་རྣམས་དག །གལ་ཏེ་བསྒྲུབ་པར་འདོད་པ་ན། །བཟང་པོའི་སྣོད་དང་ལྡན་བྱས་ཏེ། །ལག་པ་གཡོན་པས་དགབ་པར་བྱ། །དེ་ལྟར་རབ་ཏུ་འབད་པར་བྱ། །དེ་ཚེ་ནམ་གྱི་ཐ་མ་ ལ། །འབར་བར་གྱུར་ན་ནམ་མཁར་འགྲོ། །སངས་རྒྱས་ཞིང་ཡང་མཐོང་བར་འགྱུར། །རིག་འཛིན་རྣམས་ཀྱིས་བཀུར་བར་འགྱུར། །གལ་ཏེ་དུ་བ་བྱུང་གྱུར་ན། །དེ་ཡིས་ལུས་ནི་སྦེད་པར་འགྱུར། །གལ་ཏེ་དྲོ་བར་གྱུར་ན་ཡང་། །རྐང་མགྱོགས་སྟོབས་དང་ལྡན་པ་འགྲུབ། །དེ་ཚེ་ འགྲུབ་པར་མ་གྱུར་ཀྱང་། །ཕྲ་མོའི་ལས་རྣམས་འགྲུབ་པར་འགྱུར། །བཀྲ་ཤིས་ཕུན་སུམ་ཚོགས་འགྱུར་ཞིང་། །མྱ་ངན་འདས་པའི་གྲོང་མཆོག་ཏུ། །མྱུར་དུ་འགྲོ་བར་བྱེད་པར་འགྱུར། །གལ་ཏེ་སྒྲུབ་པ་དམན་པ་ཡིས། །དེ་དག་བསྒྲུབ་པར་མི་ནུས་ན། །འོ་མ་སྒྲུབ་པ་བརྩམ་ པར་བྱ། སྔགས་པ་བརྟུལ་ཞུགས་སྤྱད་པ་ཡིས། །ཟླ་བ་གཟའ་ཡིས་ཟིན་པའི་ཚེ། །བ་བཟང་དག་ལས་བྱུང་བ་ཡི། །འོ་མ་སྣོད་བཟང་ལྡན་པ་དག །ལག་པ་གཡོན་པས་བཀབ་ནས་ནི། །མ་བཏང་བར་དུ་བཟླས་པར་བྱ། །ཟླ་བ་གཟའ་ཡིས་མ་བཏང་བར། །དེ་ཚེ་ཞོ་རུ་གྱུར་ ན་ནི། །འཐུངས་པས་ཤེས་རབ་དངོས་གྲུབ་ཐོབ། །གལ་ཏེ་ཞོ་རུ་མ་གྱུར་ཀྱང་། །འཐུངས་ན་ཤེས་རབ་འཕེལ་བར་འགྱུར། །གཞོན་ནུ་བརྟུལ་ཞུགས་ལྡན་པ་ཡིས། །དངོས་གྲུབ་བཟང་པོ་གྲུབ་པ་དག །ཀུན་ནས་སྦྱོར་བ་བཤད་ཟིན་ཏོ། །འདི་ནི་གཞོན་ནུ་བརྟུལ་ཞུགས་དང་། །རི་མོ་ དང་དཀྱིལ་འཁོར་གྱི་སྒོ་ནས་དངོས་གྲུབ་སྒྲུབ་པའི་ཆོ་ག་བཤད་པ་ཡིན་ཏེ། འཕགས་པ་སུ་སིདྡྷི་ཀ་ར་ལ་སོགས་པ་ལས་རྒྱ་ཆེར་བཤད་པའི་ཆོ་ག་མདོ་ཙམ་བཤད་པར་བྱའོ། །རེ་ཞིག་འཕགས་པ་འཇམ་དཔལ་གྱི་རྩ་བའི་གསང་སྔགས་འབྲུ་དྲུག་པ་ཞེས་བྱ་བ་ལེགས་པར་མནོས་ ཤིང་གནང་བ་ཐོབ་པས་ཁྲུས་ཀྱི་ཆོ་ག་དང་། མཆོད་པ་དང་བཟླས་བརྗོད་ཀྱི་སྒོ་ནས་བསྙེན་པ་བྱས་པས་དཀྱིལ་འཁོར་དང་སྐུ་གཟུགས་ཀྱི་སྤྱན་སྔར་བརྟུལ་ཞུགས་བརྩམས་པས་རལ་གྲི་དང་ཏྲི་ཤཱུ་ལ་དང་། བེེ་ཅོན་ལ་སོགས་པས་མཚོན་ཆའི་དངོས་གྲུབ་ལ་སྦྱོར་བ་ དང་། ལྡོང་རོས་དང་ཨཉྫ་ན་དང་རི་ལུ་ལ་སོགས་པ་རྫས་ཀྱི་དངོས་གྲུབ་ལ་སྦྱོར་བའི་ཚེ། བདག་བསམ་པའི་རིམ་པ་དང་། ལྷ་བསམ་པའི་རིམ་པ་དང་། དེ་དག་གི་སྔགས་དག་དང་། ཁྲུས་ལ་སོགས་པའི་བྱ་བ་ལ་སྦྱོར་བའི་གསང་སྔགས་དག་གསལ་བར་མ་བསྟན་པས་དེ་དག་བརྗོད་ པར་བྱའོ། །དང་པོར་ཕྱི་ནང་གི་ཁྲུས་བྱས་ནས་སྔགས་ཀྱི་ཁང་པར་ཞུགས་ཏེ། སྟན་ལ་མཚོན་ཆའི་སྔགས་ཀྱིས་བཏབ་ལ་འདུག་སྟེ། དང་པོར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དག་པར་བསམ་མོ། །དེ་ནས་སྙིང་རྗེ་ཆེན་པོའི་བློས་བསྐྱེད་དེ། རང་གི་སྙིང་གར་སྙིང་པོའི་གསང་སྔགས་ གཞག་པར་བྱའོ། །དེ་ལ་གསང་སྔགས་ནི་འདིའོ། །ཨོཾ་མུ། དེ་ནས་མཚོག་མར་མཚོག་མའི་གསང་སྔགས་གཞག་པར་བྱ་སྟེ། ཨོཾ་མུ་མུ། ཞེས་བྱ་བ་ནི་གསང་སྔགས་སོ། །དེ་བཞིན་དུ་སྤྱི་གཙུག་ཏུ། ཨོཾ་ཨིཾ་མུ། ཞེས་བྱ་བ་གཞག་པར་བྱའོ། །དེ་ནས་སྙིང་ག་དང་། དཔུང་མགོ་གཉིས་དང་། མགྲིན་པ་དང་དཔྲལ་བ་རྣམས་སུ། ཨོཾ་ཨིཾ་མུ་སྭཱ་ཧཱ། ཞེས་བྱ་བའི་གོ་ཆའི་གསང་སྔགས་འདི་དགོད་པར་བྱའོ། །དེ་ནས་ལག་པ་དང་མིག་དག་ཏུ། ཨོཾ་ཨོཾ་མུ། ཞེས་བྱ་བ་མཚོན་ཆའི་སྔགས་འདི་གཞག་པར་བྱ་སྟེ། ཡི་གེ་འདི་དག་ཀྱང་འོད་འབར་བར་བསྒོམ་ པར་བྱའོ། །དེས་བདག་འཇམ་པའི་རྡོ་རྗེ་ཉིད་དུ་གྱུར་པ་ཡིན་པར་ང་རྒྱལ་བྱ་སྟེ། དེ་ནས་བདག་གི་མདུན་དུ་ཡང་དཀྱིལ་འཁོར་གྱི་དབུས་སུ་པདྨ་དེ་ཉིད་ཡི་གེ་ཨོཾ་ལས་འདབ་མ་སྟོང་དང་ལྡན་ཞིང་འོད་འབར་བའི་སྟེང་དུ། ཨོཾ་མུ། ཞེས་བྱ་བ་ལས་འཇམ་དཔལ་གཞོན་ནུ་གསེར་བཙོ་མ་ལྟ་བུ་ཨུཏྤལ་ དང་མཆོག་སྦྱིན་ཅན་བསྐྱེད་པར་བྱ་སྟེ། དེ་ནས་སྙིང་ག་ལ་སོགས་པར་སྙིང་པོ་ལ་སོགས་པའི་ཡན་ལག་ལྔ་པའི་གསང་སྔགས་དག་ཀྱང་བདག་ཉིད་ལ་བཀོད་པ་བཞིན་དུ་འདིར་ཡང་དགོད་པར་བྱའོ། །གཞན་ཡང་། ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཞེས་བྱ་བ་རྩ་བའི་གསང་སྔགས་ལས་ཀྱང་། འཇམ་དཔལ་གཞོན་ནུར་གྱུར་པའི་སྐུ་དུང་དང་། མེ་ཏོག་ཀུནྡའི་ཁ་དོག་ལྟ་བུ་ཞིག་བསྐྱེད་པར་བྱ་སྟེ། དེ་ནས་སྙིང་པོའི་སྔགས་ཀྱིས་སྤྱན་དྲང་བ་བྱས་ནས་བསྐྱེད་པའི་རིམ་པ་བཞིན་དུ་མཆོད་པར་བྱ་སྟེ། མཚོན་ཆའི་སྔགས་ཀྱིས་ནོར་བུ་བླངས་ནས་རྩ་བའི་གསང་སྔགས་བཟླས་བརྗོད་བྱའོ། །དེ་ ཡང་མི་མྱུར་མི་བུལ་ཞིང་ལྷ་དང་གསང་སྔགས་ལ་སེམས་པ་མ་གཏོགས་པར། ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཇི་སྲིད་ཡིད་མི་སྐྱོ་བའི་བར་དུ་བཟླས་ནས་གཏོང་བར་འདོད་པ་ན། བཟླས་པ་དེ་ཡང་གྲངས་ཀྱི་རྣམ་པ་ཡིད་ལ་བྱེད་པས་ལྷ་ལ་ཕུལ་ཏེ་སྙིང་པོའི་སྔགས་ཀྱིས་གཤེགས་སུ་ གསོལ། བདག་ཉིད་ཡན་ལག་ལྔ་པའི་སྔགས་ཀྱིས་བསྲུངས་ནས་ཅུང་ཟད་དབུགས་ཕྱུང་སྟེ་བསོད་ནམས་ཀྱི་ལས་གཞན་དག་བྱའོ། །འདི་ནི་རེ་ཞིག་གཞོན་ནུ་བརྟུལ་ཞུགས་ཀྱི་སྒོ་ནས་དངོས་གྲུབ་བསྒྲུབ་པའི་སྦྱོར་བ་བསྟན་པ་ཡིན་ནོ། །གང་དག་བཟླས་པ་ལ་མི་དགའ་ཞིང་སྒོམ་པ་ལ་མོས་ པ་རྣམས་ཀྱིས་འཁོར་ལོ་བསྒོམ་པར་བྱ་སྟེ། འདི་ཡང་གཞན་དུ་རྒྱ་ཆེར་བཤད་པས་རྩ་བའི་འཁོར་ལོ་འགའ་ཞིག་བཤད་པར་བྱའོ། །དེ་ལ་འཁོར་ལོ་བསྒོམ་པར་འདོད་པས་མཆོད་པ་བྱས་པའི་རྗེས་ལ། སྙིང་གར་ཟླ་བ་ལྟ་བུའི་འཁོར་ལོ་ལང་ཞིང་སྲབ་ལ་དང་ཞིང་ཆུང་བ། རྩིབས་བརྒྱད་ པ་སྙིང་པོ་བརྩེགས་པ་ལྟ་བུ་ཁོར་ཡུག་ཀུན་ནས་ཟླུམ་པ་ཞིག་བསམ་པར་བྱའོ། །འཁོར་ལོའི་ཕྱོགས་བཞིར་དག་ཐམས་ཅད་ཀྱི་རྩ་བ་ཡི་གེ་འབྲུ་བཞི་བསྒོམ་པར་བྱའོ། །འདི་ལྟར་ཨོཾ་ཨཾ་ཨིཾ་ཨུཾ་རྣམས་བསམ་མོ། །མཚམས་བཞིར་ཝཱ་གཱི་ཤྭ་ར་ཞེས་བྱ་བ་བསམས་ཏེ། དེ་ལྟར་རྩིབས་བརྒྱད་ ལ་ཡི་གེ་འབྲུ་བརྒྱད་ཁ་དོག་དཀར་ཞིང་འོད་གསལ་བ་མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པ་བློས་དུས་གཅིག་ཏུ་གསལ་བར་བསྒོམ་པར་བྱའོ། །སྙིང་པོ་ལ་ནི་ཡི་གེ་མུ་རབ་ཏུ་འོད་འབར་བ་བསམས་ཏེ། དེའི་འོད་ཟེར་གྱིས་ཡི་གེ་དང་འཁོར་ལོ་དང་བདག་གི་ལུས་ཐམས་ཅད་ གསལ་བ། ཉོན་མོངས་པའི་དྲི་མ་ཐམས་ཅད་ཀྱང་དག་ཅིང་གསལ་བར་ཇི་ལྟར་ནུས་པ་བསམ་པར་བྱའོ། །གཏོང་བར་འདོད་པ་ན་ཆོས་ཐམས་ཅད་ཀྱང་རང་གི་སེམས་སྣང་བ་ཙམ་སྟེ་སེམས་ནི་ཤེས་རབ་ཀྱི་འཁོར་ལོར་གྱུར་ཅིང་སྣང་ལ་ཇི་ལྟར་འཁོར་ལོ་དང་ཞིང་གསལ་ལ་ཞི་བ་བཞིན་དུ། ཆོས་ ཐམས་ཅད་ཀྱང་སྤྲོས་པ་རབ་ཏུ་ཞི་ཞིང་རང་བཞིན་གྱིས་འོད་གསལ་ཏེ་མངོན་པར་འདུ་བྱ་བ་ཐམས་ཅད་དང་བྲལ་བར་བསམས་ཏེ། དེ་བཞིན་དུ་བསམ་པར་གཞག་པར་བྱའོ། །དེ་ལས་ལྡང་བར་འདོད་ན་སྙིང་རྗེའི་སེམས་སྐྱེས་པར་བསམ་སྟེ། འགྲོ་བའི་དོན་བྱ་བའི་ བསམ་པས་ལངས་ཏེ་སྤྱོད་ལམ་དག་འཚམ་པར་བྱའོ། །གཞོན་ནུའི་བརྟུལ་ཞུགས་ལ་བརྟེན་པའི་དངོས་གྲུབ་ཀྱི་ཆོ་ག་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྒྲུབ་པའི་ཐབས་བསྟན་པ་འཇམ་དཔལ་གྱི་རྟོག་པ་རྒྱ་ཆེ་བ་དག་ལས་མདོར་བསྡུས་ཏེ་བསྟན་པ་རྫོགས་སོ།། །།དེ་ནས་ འཇམ་རྒྱལ་ཁྲོ་བོ་ཡི། །བརྟུལ་ཞུགས་ལ་སོགས་བསྟན་པར་བྱ། །བསྙེན་པ་ལེགས་བྱས་དེ་འོག་ཏུ། །ཁྲོ་བོའི་བརྟུལ་ཞུགས་བརྩམ་པར་བྱ། །སྐྲ་ནི་ལྷུག་པར་བཤིག་བྱས་ཤིང་། །བཞིན་ཡང་རྣམ་པར་བསྒྱུར་བྱས་ཏེ། །བེེ་ཅོན་རལ་གྲི་ཏྲི་ཤཱུལ་སོགས། །ལག་པ་གཡས་ཀྱིས་ གཟུང་བར་བྱ། །སྡིགས་མཛུབ་དག་དང་ལྡན་པར་བྱ། །སྨྱུང་བ་ལ་ཡང་གནས་བཞིན་དུ། །ཁྲོ་བོ་ཡིད་ལ་དྲན་བྱེད་ཅིང་། །གསང་སྔགས་རྒྱལ་པོ་བཟླ་བར་བྱ། །གཏམ་གཞན་སྨྲ་བར་མི་བྱ་སྟེ། །ཁྲོ་བོ་དྲན་པ་མ་གཏོགས་པ། །འཇིགས་དང་ཆགས་པ་སྤང་བར་བྱ། །ཐ་མལ་མི་དང་ མི་འགྲོགས་པར། །གཅིག་པུ་ཁྱད་པར་ལམ་ནས་རྒྱུ། །འདི་ལྟར་ཟླ་དྲུག་སྤྱད་ནས་ནི། །སྒྲུབ་པ་ལ་ནི་འཇུག་པར་བྱ། །དུར་ཁྲོད་དབེན་པ་ལ་སོགས་པར། །དཀྱིལ་འཁོར་བཟང་པོ་ཁྱད་པར་ཅན། །དུར་ཁྲོད་ཐལ་བའམ་དེ་ལྡན་པར། །ལེགས་པར་བྲི་བར་བྱ་བ་ནི། །སྒོ་བཞིར་ལྡན་ཞིང་གྲྭ་བཞིར་ ལྡན། །སྙིང་པོ་རེ་མིག་དགུ་པ་ལ། །ཡི་གེ་བཅུ་བདུན་ལེགས་པར་དགོད། །དེ་ཡི་དབུས་སུ་གཤིན་རྗེ་གཤེད། །དུར་ཁྲོད་རས་ལ་བྲིས་པ་ནི། །མི་བཟད་རབ་ཏུ་འབར་བ་གཞག །དེ་ཡི་མདུན་དུ་བེ་ཅོན་དང་། །རལ་གྲི་ཏྲི་ཤཱུལ་ལ་སོགས་པ། །ཇི་ལྟར་སྔོན་དུ་བརྗོད་པ་བཞིན། ། ལེགས་པར་བརྒྱན་ཏེ་གཞག་པར་བྱ། །སྔགས་པ་ལྷ་ཡི་འབྱོར་ལྡན་པས། །གཤིན་རྗེ་གཤེད་པོ་སྤྱན་དྲངས་ཏེ། །མཆོད་པའི་ཆོ་གས་མཉེས་བྱས་ནས། །དེ་ནས་བཟླས་ལ་འབད་པར་བྱ། །གྲུབ་པའི་མཚན་མ་ཐོབ་གྱུར་ན། །དངོས་གྲུབ་སྔོན་དང་མཚུངས་པར་འགྱུར། །དེ་དག་ཕྱི་རོལ་ བརྟུལ་ཞུགས་ཀྱི། །སྦྱོར་བར་བཅས་པ་བཤད་པ་ཡིན། །དེ་ནས་བཤད་པར་བྱ་བ་ནི། །དེ་ལས་མཆོག་ཏུ་གྱུར་པ་སྟེ། །སྨྱུང་བ་དག་ཀྱང་བྱ་མི་དགོས། །ཁ་ཟས་དག་ཀྱང་སྡོམ་མི་དགོས། །ཕྱག་རྒྱ་སྔགས་དང་བསམ་པ་དག །སྔ་མ་བཞིན་དུ་བསྒྲུབས་ནས་ནི། །ཤ་ཆེན་ཟ་ཞིང་ ཁྲག་ཆེན་འཐུང་། །བ་ལང་ཁྱི་ཤ་དེ་བཞིན་ཏེ། །རྟ་དང་གླང་པོ་ལ་སོགས་པའི། །ཤ་རྣམས་རྗེན་པར་བཟའ་བར་བྱ། །ཁྲག་དང་ཆང་དུ་སྦྱར་བ་ཡི། །དེ་བཞིན་བག་དང་ལྡན་པར་བཏུང་། །བཤང་གཅི་ཁྲག་ལ་སོགས་པ་ཡི། །བདུད་རྩི་ལྔ་པོ་ཟ་བྱེད་ཅིང་། །དེ་བཞིན་ལུས་ཀྱང་བྱུག་པར་ བྱ། །སྐྱེ་བོ་མེད་པའི་ས་ཕྱོགས་སུ། །ཁྲོ་བོའི་གད་མོ་དྲག་པོར་དགོད། །ཀུན་ལ་སྡིགས་ཤིང་ཉམ་ང་མེད། །འདི་ལྟར་ཟླ་དྲུག་བསྒྲུབས་ནས་ནི། །སྒྲུབ་པ་ལ་ནི་འཇུག་པར་བྱ། །མཚན་མོ་དུར་ཁྲོད་དབེན་པར་ནི། །དཀྱིལ་འཁོར་སྔ་མ་བཞིན་བྲིས་ཏེ། །དེ་བཞིན་སྐུ་གཟུགས་གཞག་ པར་བྱ། །མཚོན་ཆ་ལ་སོགས་དེ་བཞིན་ཏེ། །ཅི་དགའ་བ་དག་བཞག་ནས་ནི། །བདག་ཉིད་རྣལ་འབྱོར་ལྡན་པ་ཡིས། །གཤིན་རྗེ་གཤེད་པོ་སྤྱན་དྲངས་ཏེ། །ཤ་ལྔ་དང་ནི་བདུད་རྩི་ཡིས། །ཉིན་རེ་རྟག་ཏུ་མཆོད་བྱས་ནས། །བཟླས་པ་ལ་ནི་རྣམ་པར་འབད། །དེ་ལྟར་རབ་ཏུ་བརྩོན་པ་ ལ། །ཆོ་འཕྲུལ་སྣ་ཚོགས་འབྱུང་འགྱུར་ཡང་། །མ་ཉམས་བཟླས་ལ་འབད་པར་བྱ། །དེ་ལ་གཤིན་རྗེ་གཤེད་པོ་ཉིད། །དགོད་ཅིང་དངོས་གྲུབ་སྩོལ་བར་བྱེད། །ཡང་ན་མཚོན་ཆ་འབར་བ་དང་། །འབར་དང་དུ་བ་དྲོ་བ་འབྱུང་། །གལ་ཏེ་གྲུབ་པར་མ་གྱུར་ཡང་། །ལས་རྣམས་གྲུབ་པ་ གདོན་མི་ཟ། །འདི་ནི་བརྟུལ་ཞུགས་མཆོག་ལྡན་པས། །དངོས་གྲུབ་སྒྲུབ་པར་བྱེད་པ་ལ། །དཔའ་བོ་རྣམས་ཀྱིས་བསྒྲུབ་བྱ་བ། །ཐུན་མོང་མིན་པ་བཤད་པ་ཡིན། །འདིར་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་བརྟུལ་ཞུགས་སྤྱད་པས། །དངོས་གྲུབ་ཆེན་པོ་རྣམས་བསྒྲུབ་པར་ བསྟན་པ་ལས། བརྟུལ་ཞུགས་ཀྱང་རྣམ་པ་གཉིས་གསུངས་ཏེ། འདི་ལྟར་ཕྱི་རོལ་དང་ནང་གིའོ། །དེ་ལ་ཕྱི་རོལ་ནི་སྨྱུང་བ་དང་བཅས་ཤིང་ཕྱི་རོལ་གྱི་བྱ་བ་སྲུང་བ་དང་བཅས་པའོ། །ནང་གི་ཕྱི་རོལ་གྱི་སྨྱུང་བ་ལ་གནས་པ་དང་སྲུང་བ་ཕྲ་མོ་དག་མེད་དེ། རྣལ་འབྱོར་པའི་དམ་ཚིག་གི་ རྫས་མི་ལ་སོགས་པའི་ཤ་རྣམ་པ་ལྔ་དང་། བདུད་རྩི་རྣམ་པ་ལྔ་ལ་རོལ་ཅིང་ཕྱི་རོལ་གྱི་བྱ་བ་ལ་ཉམ་ང་བ་མེད་པའི་སྤྱོད་པའོ། །དེ་གཉིས་ཀའི་ཐུན་མོང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ལྷའི་ཆ་ལུགས་འཛིན་ཅིང་། གསང་སྔགས་ཀྱི་བཟླས་པ་དང་ལྷ་ཡིད་ལ་བྱེད་པ་དང་ལྡན་ པ་དག་ནི་མཚུངས་པར་ཤེས་པར་བྱའོ། །དེ་ལ་རེ་ཞིག་ལུས་ཀྱི་སྤྱོད་པ་ནི་གོས་མེད་པའམ་ཡང་ན་སྟག་གི་པགས་པ་ལ་སོགས་པའམ་དུར་ཁྲོད་ཀྱི་ཐལ་བའམ་ཁྲག་ལྟ་བུས་བསྒོས་པའི་རས་གྱོན་པ་དང་། སྐྲ་སྤྱི་བོར་བཅིང་བའམ། ལྷུག་པར་བཤིག་པའམ། ལུས་དུར་ཁྲོད་ཀྱི་སོལ་བ་ འམ་ཐལ་བ་ལ་སོགས་པས་བྱུགས་པའམ། བཞིན་རྣམ་པར་བསྒྱུར་བ་དང་། དབུགས་འབུད་པ་དང་། ལག་པ་གཡས་པར་མཚོན་ཆ་བེ་ཅོན་དང་། རལ་གྲི་དང་ཏྲི་ཤཱུ་ལ་ལ་སོགས་པ་གང་ཡང་རུང་བའི་མཚོན་ཆ་ཐོགས་པ་དང་། གཡོན་པའི་སྡིགས་མཛུབ་དང་ལྡན་པས་དུང་ཆེན་པོ་ ལ་སོགས་པའི་ཕྲེང་བ་ཐོགས་པ་དང་། སྐྱེ་བོ་མེད་པའི་ལམ་དུ་རྒྱུ་ཞིང་ཕྲད་པ་དག་ལ་ཡང་ལམ་མི་འཛུར་ཞིང་ཕྱག་མི་འཚལ་བ་དང་། མཚན་མོ་ཡང་དུར་ཁྲོད་ལ་སོགས་པ་བྱིས་པ་རྣམས་ཉམ་ང་བའི་གནས་སུ་གནས་ཤིང་རྒྱུ་བར་བྱེད་པ་ནི་ཁྲོ་བོ་ཆེན་པོ་ལུས་ཀྱི་བརྟུལ་ཞུགས་སོ། །རྟག་ཏུ་གསང་སྔགས་ ཟློས་ཤིང་ཚིག་ཐ་མལ་པ་དག་མི་སྨྲ་བ་དང་། གལ་ཏེ་བདུད་ཀྱི་རིགས་དག་ཡིད་དུ་འོང་བའམ་མི་འོང་བ་དག་སྤྲུལ་ནས། སྤྲོ་བའི་ཚིག་དག་གིས་དབུགས་འབྱིན་ཏམ་མ་རུངས་པའི་ཚིག་གིས་སྐྲག་པར་བྱེད་ཀྱང་ལན་སྨྲ་བར་མི་བྱེད་པ་ནི་ངག་གི་བརྟུལ་ཞུགས་སོ། །རྟག་ཏུ་བཅོམ་ལྡན་འདས་གཤིན་རྗེ་ གཤེད་པོ་འབའ་ཞིག་སེམས་པར་བྱེད་ཅིང་། རྟོག་པ་གཞན་ཡོངས་སུ་འདོར་བ་དང་། རང་གི་ལྷ་མ་གཏོགས་པ་གཞན་གང་ལ་ཡང་མ་ཆགས་ཤིང་། རྟག་ཏུ་རང་གི་ལྷ་ལ་སེམས་དང་བ་དང་། གཟུགས་མི་སྡུག་པ་དག་སྣང་བར་གྱུར་ཅིང་། སྒྲ་མི་སྙན་པ་དག་ཐོས་ཀྱང་སེམས་ཉམ་ང་བ་མེད་ ཅིང་། དེ་བཞིན་དུ་ཡིད་དུ་འོང་བའི་ཡུལ་དག་སྣང་བར་གྱུར་ཀྱང་། གཡེང་ཞིང་ཆགས་པར་མི་འགྱུར་བར་བློ་རབ་ཏུ་བརྟན་པར་གནས་པ་ནི་ཡིད་ཀྱི་བརྟུལ་ཞུགས་སོ། །བརྟུལ་ཞུགས་རྣམ་པ་འདི་གསུམ་དང་ལྡན་པར་སྤྱད་པ་ནི་ཕྱི་དང་ནང་གཉིས་ཀ་ལ་ཐུན་མོང་དུ་འགྱུར་རོ། །དེ་ལ་ཁྱད་པར་ནི་འདི་ཡིན་ ཏེ་ཕྱི་རོལ་གྱི་བརྟུལ་ཞུགས་འཛིན་པས་ནི་ཁ་ཟས་མི་ཟ་བར་སྨྱུང་བ་ལ་གནས་པས་དུས་གསུམ་དུ་ཁྲུས་བྱའོ། །ལྟོགས་པར་གྱུར་ན་ཡང་བ་ལང་གི་ལྕི་བ་བཟའོ། །དེས་ལུས་གནས་པར་མ་ནུས་ན་བའི་འོ་མ་དང་སྦྱར་ཏེ་བཏུང་བར་བྱའོ། །ཡང་ན་བའི་རྣམ་པ་ལྔ་ལེགས་པར་སྦྱར་ཏེ་བཏུང་ བར་བྱའོ། །དེ་ལ་ལེགས་པར་སྦྱར་བའི་ཆོ་ག་ནི་འདི་ཡིན་ཏེ། དང་པོ་བ་ལང་གི་ལྕི་བ་དང་བའི་གཅིན་དུ་སྦྱར་ཏེ། ལེགས་པར་མཉེས་ནས་ཅུང་ཟད་ཅིག་གཞག་པར་བྱའོ། །དེ་ནས་སྟེང་གི་དངས་མ་དང་ཞབས་ཀྱི་སྙིགས་མ་གཉིས་བཞག་སྟེ། ཆ་བར་མ་སྐ་སླ་རན་པར་བླངས་ཏེ་དེར་བའི་འོ་མ་ དང་བའི་མར་དང་བའི་ཁ་ཆུ་རྣམས་དང་སྦྱར་ཏེ་ལེགས་པར་གདུས་ནས་དུས་དུས་སུ་བཏུང་བར་བྱའོ། །གལ་ཏེ་དེ་ལྟར་མི་ནུས་པ་དག་གིས་ཀྱང་དཀར་གསུམ་ལ་སོགས་ཏེ། ཟས་གཙང་ཞིང་བསྔགས་པ་ཟོས་ནས་ཁྲུས་ལེགས་པར་བྱས་ཏེ་བརྟུལ་ཞུགས་སྤྱད་པར་བྱའོ། །དེ་ལ་དུས་ཀྱི་ དུས་ཆེན་པོ་གསུམ་ནི་ནང་པར་ལངས་མ་ཐག་དང་། ཉི་མ་གུང་དང་དགོངས་ཉལ་ཀ་རྣམ་པ་གསུམ་ཡིན་ནོ། །ལྷག་མའི་དུས་ནི་ས་ཆེན་པོ་བྱས་བའི་དུས་སུ་ལུས་ཐམས་ཅད་བཀྲུ་བར་བྱའོ། །ས་ཆུང་ངུ་དང་སྣབས་འདོར་བ་དག་ལ་ནི་ཁ་དང་ལག་པ་གཉིས་བཀྲུ་བར་བྱའོ། །སྟོད་སྨད་ཀྱི་ དབུགས་ངན་པ་བརྒྱུས་པ་དང་། ལུད་པ་འདོར་བ་དང་། ཁ་ཟས་ཟ་བ་དང་། ཟོས་པའི་རྗེས་རྣམས་སུ་ནི་ཁ་ཙམ་བཀྲུ་བར་བྱའོ། །གཞན་ཡང་བག་བྱ་བར་འོས་པ་སངས་རྒྱས་ཀྱིས་མ་གནང་བ་དག་ཀྱང་བསྲུང་བར་བྱ་སྟེ། འདི་ནི་ཕྱི་རོལ་གྱི་བརྟུལ་ཞུགས་ཀྱི་མཚན་ཉིད་ཐུན་མོང་མ་ ཡིན་པའོ། །དེ་ལ་ནང་གི་བརྟུལ་ཞུགས་ཐུན་མོང་མ་ཡིན་པའི་མཚན་ཉིད་གང་ཞེ་ན། སྨྱུང་བ་ལ་གནས་པ་མེད་ཅིང་ཁྲུས་མེད་པ། ཁ་ཟས་བསྡམས་པ་མེད་ཅིང་གཙང་སྨེ་མེད་པར་བཟའ་བ་དང་། དམ་ཚིག་གི་ཟས་སུ་གྱུར་པ་མི་དང་། གླང་པོ་ཆེ་དང་། རྟ་དང་། བ་གླང་དང་། ཁྱི་ཤ་ རྣམས་རྗེན་པར་ཟ་བ་དང་། སྣང་མཛད་དང་། དྲི་ཆུ་དང་། ས་བོན་དང་། པདྨ་རཀྟ་དང་། ཤ་ཆེན་པོ་ཞེས་བྱ་བ་བདུད་རྩི་ལྔ་པོ་རྣམས་ཟ་ཞིང་ལས་བྱ་བ་གང་ལ་ཡང་འཛེམ་པ་དང་མི་འཛེམ་པ་ཞེས་བྱ་བ་གཉིས་ཀྱི་བསམ་པ་དང་། སྤྱོད་པ་དང་བྲལ་བས་གནས་པར་བྱེད་ཅིང་བརྟུལ་ ཞུགས་སྤྱོད་པར་བྱེད་པ་ནི་ནང་གི་མཚན་ཉིད་དོ། །དེ་ལྟར་བརྟུལ་ཞུགས་ཟླ་བ་དྲུག་སྤྱད་ནས་སྒྲུབ་པ་ལ་འཇུག་པར་གསུངས་ཏེ། བརྟུལ་ཞུགས་སྤྱོད་པའི་སྔོན་རོལ་དུ་ནི་དུས་ངེས་པ་དང་། གྲངས་ངེས་པ་དང་། མཚན་མ་ཐོབ་པ་ཞེས་བྱ་བའི་བསྙེན་པ་རྣམ་པ་གསུམ་གང་ ཡང་རུང་བ་ལ་སྦྱར་དགོས་སོ་ཞེས་ཤེས་པར་བྱའོ། །དེ་ལྟར་བསྙེན་པ་དང་བརྟུལ་ཞུགས་དང་ལྡན་པས་སྒྲུབ་པ་ལ་འཇུག་པར་བྱ་སྟེ། རེ་ཞིག་འབྱོར་བ་བཟང་པོ་ལ་དུར་ཁྲོད་ལ་སོགས་པའི་གནས་སུ་སོང་སྟེ། དུར་ཁྲོད་ཀྱི་ཐལ་བས་ཇི་སྐད་གསུངས་པའི་དཀྱིལ་འཁོར་མཚན་མོ་བྲི་བར་བྱའོ། ། དེ་ལ་འདིར་རེ་ཞིག་བཅོམ་ལྡན་འདས་ཀྱི་རྡོ་རྗེ་དཀྱིལ་འཁོར་གྱི་མཚན་ཉིད་བསྟན་པ་ནི། སྙིང་པོའི་དཀྱིལ་འཁོར་རེའུ་མིག་དགུ་དང་ལྡན་པ་སྣ་ཚོགས་རྡོ་རྗེས་མཚན་པ། དེའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་དམ་བཅུ་དྲུག་གམ་བརྒྱའམ་སྟོང་ལ་སོགས་པ་ཅི་དགའ་བ་བྲི་བར་བྱའོ། །སྙིང་པོའི་ དཀྱིལ་འཁོར་དེའི་ཕྱི་རོལ་དུ་གྲྭ་བཞི་དང་། སྒོ་བཞི་དང་རྟ་བབས་དང་བཅས་པ་ཡང་བྲི་བར་བྱའོ། །དེའི་ཕྱི་རོལ་འཁོར་ཡུག་ཏུ་འཁོར་ལོ་རྩིབས་བརྒྱ་སྟོང་གི་རྩེ་མོ་ལ་རྡོ་རྗེ་འབར་བས་བསྐོར་བ་ལས་མེ་འབར་བ་འཕྲོ་བར་བྲིའོ། །དབུས་དང་ཕྱོགས་མཚམས་དང་སྒོ་རྣམས་སུ་ཡང་། ཇི་ལྟར་སྔོན་དུ་ རང་གི་སྙིང་གར་འཁོར་ལོ་བསྒོམ་པ་ཇི་ལྟ་བ་བཞིན་དུ། ཉི་མ་དང་ཟླ་བའི་གནས་ལ་ཡི་གེ་བཅུ་བདུན་དགོད་པར་བྱའོ། །མེ་ཏོག་དང་བདུག་པ་ལ་སོགས་པས་མཆོད་པ་དང་གཏོར་མ་ལ་སོགས་པ་རྣམས་ནི། ཕྱི་ནང་གཉིས་ཀ་ལ་བྱེ་བྲག་མེད་པར་ཁྲག་གིས་གཏོར་བའི་མེ་ཏོག་དང་ཤ་ཆེན་པོའི་ བདུག་པ་དང་། ཏིལ་ཆེན་པོའི་མར་མེའི་ཕྲེང་བ་དང་། ཤ་སྣ་ཚོགས་འདི་ལྟར་ཤ་རྣམ་པ་ལྔ་ལ་སོགས་པ་སྲོག་ཆགས་ཐམས་ཅད་ཀྱི་ཤ་རྣམས་དང་རྗེན་པ་དང་། བཙོས་པ་རྣམས་དང་བསྲེགས་པ་དང་། སྐམ་པོ་རྣམས་དང་ལྡན་པའི་བཤོས་དང་གཏོར་མ་ཡང་དབུལ་བར་བྱའོ། །དེ་ལ་རེ་ཞིག་ འདིའི་ཆོ་ག་ནི་དཀྱིལ་འཁོར་ལེགས་པར་བྲི་སྟེ། མཆོད་པའི་རྫས་ཀྱང་བསོག་སྟེ་སྐུ་གཟུགས་བཟང་པོ་ཡང་དཀྱིལ་འཁོར་དུ་བཀྲམ་ནས། ཇི་སྐད་དུ་སྨོས་པའི་བེ་ཅོན་ལ་སོགས་པའི་མཚོན་ཆ་རུས་པའི་རྒྱན་དང་མེ་ཏོག་གི་རྒྱན་གྱིས་བརྒྱན་ཏེ། བདུག་པས་བདུགས་ཏེ་བཅོམ་ལྡན་འདས་དང་། བདག་ཉིད་ཀྱི་མདུན་དུ་ལེགས་པར་བཙུགས་ཏེ་གཞག་གོ། །གལ་ཏེ་རྫས་ལས་བསྒྲུབ་པ་ཞིག་ན་མཚོན་ཆའི་གནས་སུ་ལྡོང་རོས་སམ། ཨཉྩ་ན་ལ་སོགས་པ་སྣོད་བཟང་པོའི་ནང་དུ་གཞུག་གོ། །དེ་ནས་བདག་ཉིད་ལྷའི་སྦྱོར་བ་དང་ལྡན་པས་དཀྱིལ་འཁོར་འཁོར་ལོའི་གནས་སུ་བཅོམ་ལྡན་འདས་ གཤིན་རྗེ་གཤེད་པོར་བསམས་ཏེ། ཇི་ལྟར་སྔོན་དུ་བརྗོད་པ་བཞིན་དུ་དེར་སྤྱན་དྲང་བ་དང་མཆོད་པའི་ཆོ་ག་ལེགས་པར་བྱའོ། །མཚོན་ཆ་ལ་ཡང་མཆོད་པ་བྱ་སྟེ། དེ་ཉིད་ལ་མེ་ཏོག་དང་བདུག་པའི་སྦྱིན་སྲེག་བྱས་ནས། ལག་པ་གཡས་པས་བཟུང་སྟེ་བཟླས་བརྗོད་ལ་འཇུག་པར་བྱའོ། །དེ་ཡང་ཇི་སྲིད་དུ་མཚོན་ ཆ་དེ་མེ་ལྟར་འབར་བར་མ་གྱུར་པ་དེ་སྲིད་དུ་བཟླས་པར་བྱ་བའམ། ཡང་ན་ཟླ་བ་དྲུག་གི་བར་དུ་བཟླས་པར་བྱའོ། །དེའི་ཚེ་མཚོན་ཆ་དེ་དག་ཇི་ལྟ་བ་བཞིན་དུ་འབར་བ་ལ་སོགས་པའི་མཚན་མ་བྱུང་ན་དང་པོ་ལྷ་ལ་གུས་པས་བཏུད་དེ། བདག་ཉིད་ཕུལ་ནས་དངོས་གྲུབ་ཀྱི་རྫས་དེ་དག་ཀྱང་བདག་ཉིད་དང་ལྷ་དང་སློབ་ དཔོན་དང་། གྲོགས་རྣམས་ལ་ཅི་རིགས་སུ་བསྒོ་བར་བྱའོ། །གལ་ཏེ་གྲུབ་པར་མ་གྱུར་ན་ཡང་སླར་སྤོགས་པའི་ཆོ་ག་དག་བརྩམ་པར་བྱའོ། །གལ་ཏེ་གྲུབ་པ་ལས་ཉམས་པར་གྱུར་ན་དངོས་གྲུབ་སླར་དབྲོག་པའི་ཆོ་ག་དག་བྱའོ། །གལ་ཏེ་དུས་མ་ཡིན་པར་མཚན་མ་བྱུང་ན་སྲུང་བ་བྱས་ཏེ་དུས་སུ་ བསླང་བར་བྱའོ། །གལ་ཏེ་གྲུབ་པར་མ་གྱུར་ན་ཡང་བགོ་བ་ལ་སོགས་པ་དེ་བཞིན་དུ་བྱས་ཏེ། ལེགས་པར་བསྲུངས་ཏེ་བཞག་ན་དངོས་གྲུབ་འབྲིང་པོ་ཐོབ་པར་འགྱུར་རོ། །དེ་ལ་སླར་སྤོགས་པའི་ཆོ་ག་ནི་དང་པོར་སྒྲུབ་པ་ཉིད་དང་འདྲ་སྟེ། ཟླ་བ་དྲུག་ཏུ་སྒྲུབ་པའི་ཆོ་ག་དེ་ཉིད་སླར་བསྐྱར་བར་བྱའོ། ། དེས་གྲུབ་པར་མ་གྱུར་ན་ཆོ་ག་གཉིས་པ་ནི་ཐབས་དེ་ཉིད་ཟླ་བ་གཉིས་སུ་བསྐྱར་བར་བྱའོ། །དེས་གྲུབ་པར་མ་གྱུར་ན་ཡང་ཐབས་གསུམ་པ་ལ་ཡང་ཆོ་ག་དེ་ཉིད་ཟླ་བ་གཉིས་སུ་བསྐྱར་བ་ཡིན་ནོ། །དེ་ལྟར་སྤོགས་པའི་ཆོ་ག་ལན་གསུམ་དུ་བསྒྲུབས་ཀྱང་སྔོན་གྱི་ལས་དང་ཏིང་ངེ་འཛིན་དང་། དད་པའི་བྱེ་ བྲག་གིས་དངོས་གྲུབ་ཀྱི་སྣོད་དུ་ཅུང་ཟད་མ་གྱུར་པ་སྲིད་པས་དེ་ནས་དྲག་ཤུལ་གྱི་སྦྱོར་བས་ཞག་བདུན་བསྒྲུབ་པར་བྱ་སྟེ། རང་གི་སྙིང་གའི་ས་བོན་ལས་སྤྲུལ་པའི་ཁྲོ་བོ་ཆེན་པོ་ལག་ན་ལྕགས་ཀྱུ་ཐོགས་པ་ཞིག་དང་། རྡོ་རྗེ་ཐོགས་པ་ཞིག་སྤྲུལ་ཏེ། ལྕགས་ཀྱུ་ཅན་གྱིས་ཡེ་ཤེས་ཀྱི་ལྷའི་ཐུགས་ ཀ་ནས་དྲངས་ཏེ། རྡོ་རྗེ་ཅན་གྱིས་རྒྱབ་ནས་བརྡེག་ཅིང་ཕུལ་ཏེ་དབང་མེད་པར་བཀུག་ནས། སྔོན་དུ་སྨོས་པའི་དངོས་གྲུབ་ཀྱི་རྟེན་རྣམས་ལ་ཐིམ་པར་བསམ་ཞིང་ཚིག་འདིས་ཡང་བསྐུལ་བར་བྱའོ། །སྐུ་གསུང་ཐུགས་སུ་བདག་སྦྱོར་བས། །སངས་རྒྱས་ཐམས་ཅད་བདག་ལ་གསོན། ། ང་ནི་དཔལ་ལྡན་རལ་གྲི་འཆང་། །བཀའ་ཡི་འཁོར་ལོ་རབ་སྦྱོར་བས། །གལ་ཏེ་དམ་ལས་འགལ་གྱུར་ཅིང་། །གྲུབ་པ་ཚུལ་བཞིན་མ་སྩལ་ན། །སངས་རྒྱས་སྐུ་གསུང་ལས་བྱུང་བའང་། །དམ་ཚིག་མཆོག་གིས་འགས་པར་འགྱུར། །ཞིག་པར་གྱུར་པར་གདོན་མི་ཟ། །ཞེས་བྱ་བའི་ཚིག་དག་ གིས་དམ་ཚིག་རབ་ཏུ་བསྐུལ་ཞིང་། ཞག་བདུན་དུ་བར་ཆད་མེད་པར་ལྷ་གཟིར་བའི་ཆོ་ག་བྱས་པས་གདོན་མི་ཟ་བར་འགྲུབ་པར་བཤད་དོ། །འདི་ནི་བཅོམ་ལྡན་འདས་འཇམ་པའི་ཁྲོ་བོའི་ཕྱི་ནང་བརྟུལ་ཞུགས་རྣམ་པ་གཉིས་འཛིན་པས་དངོས་གྲུབ་ཆེན་པོའི་སྒྲུབ་པའི་ཁྱད་པར་བསྟན་པ་སྟེ། ཆོ་ག་འདི་དག་ཉིད་ ཀྱིས་ལྕགས་ཀྱུ་དང་ཞགས་པ་དང་ཐོད་པ་དང་སྡིགས་མཛུབ་དང་། གཞན་ཡང་ལྡོང་རོས་དང་། མིག་སྨན་དང་རི་ལུ་དང་བཅུད་ཀྱིས་ལེན་དང་། རྐང་པ་བྱུག་པ་ལ་སོགས་པ་རྫས་ཐམས་ཅད་སྒྲུབ་པ་ལ་སྦྱར་བར་བྱའོ། །གལ་ཏེ་མཆོག་གི་དངོས་གྲུབ་ཆེན་པོ་བསྒྲུབ་མི་ནུས་པ་རྣམས་ཀྱིས་ནི། འོ་མ་དང་ ཞོ་དང་མར་དང་ཆུ་གཙང་དང་རྩ་བ་མོ་ལ་སོགས་པ་ལས་བསྒྲུབ་པར་བྱའོ། །དེ་ལ་འོ་མ་ལ་སོགས་པ་བསྒྲུབ་པ་ལ་ནི། སྔོན་དུ་བསྙེན་པ་འབུམ་ཕྲག་གསུམ་མམ་ཟླ་བ་དྲུག་ཏུ་བསྙེན་པ་བྱས་ཏེ་བསྒྲུབ་པ་ཟླ་བ་ཕྱེད་བྱས་ནས་ཐ་མ་ཟླ་བ་གཟས་ཟིན་པའི་ནུབ་མོ་དཀྱིལ་འཁོར་བྱས་ཀྱང་རུང་མ་བྱས་ཀྱང་རུང་སྟེ། ཟླ་བ་གཟས་མ་བཏང་གི་བར་དུ་མར་ལ་སོགས་པ་ལག་པ་གཡོན་པས་བཀབ་སྟེ། དངོས་གྲུབ་ལ་དམིགས་ནས་རྩེ་གཅིག་པས་བཟླས་བརྗོད་བྱས་ན། དེ་ཟླ་བ་བཏང་བར་གྱུར་ཙམ་ན་མཚན་མ་བྱུང་ན་ནི། དེ་དག་འཐུངས་པས་ཤེས་རབ་འཕེལ་བ་ལ་སོགས་པ་དངོས་གྲུབ་འབྲིང་པོ་འབྱུང་བར་འགྱུར་རོ། ། མཚན་མ་མ་བྱུང་ན་ཡང་ཕན་པ་འབྱུང་བར་འགྱུར་རོ། །དེ་ལྟ་བུ་དག་ལ་ཡང་ནི་བརྟུལ་ཞུགས་འཛིན་པ་མེད་ཀྱང་སྒྲུབ་ཏུ་རུང་ངོ་། །འདི་ནི་རེ་ཞིག་ཞར་ལ་བརྗོད་པ་སྟེ། བརྟུལ་ཞུགས་དང་རི་མོ་དང་དཀྱིལ་འཁོར་ལ་སོགས་པ་དང་ལྡན་པས་དངོས་གྲུབ་ཆེན་པོ་བསྒྲུབ་པའི་མཚན་ཉིད་བསྟན་པ་རྫོགས་སོ།། །། དངོས་གྲུབ་པ་དག་གི་སྤྱོད་ལམ་གྱི་མཚན་ཉིད་བྱ་བ་སྣ་ཚོགས་དག་སྤྱོད་པ་ལ་ཚོགས་ཆེན་པོར་འགྱུར་བ་དང་། དངོས་གྲུབ་ཀྱི་རྒྱུར་འགྱུར་བ་དང་། བགེགས་ལ་སོགས་པའི་བར་ཆད་དུ་མི་འགྱུར་ཞིང་བཀྲ་ཤིས་པར་འགྱུར་བ་དང་། ཁ་ན་མ་ཐོ་བ་མེད་པས་འགྲོ་བ་རྣམས་སྡུད་པར་འགྱུར་བའི་ཆོ་ག་རྣམས་ བཤད་པར་བྱ་སྟེ། དེ་ལ་སྤྱོད་ལམ་ནི་ཁྲུས་དང་། ཁ་ཟས་ཟ་བ་དང་། ཐ་མལ་པའི་བྱ་བ་ལ་འཇུག་པའི་མཚན་ཉིད་དང་། ཉལ་བ་དང་ལྡང་བའི་བྱ་བ་དང་། རྣམ་པར་གཡེང་བར་བྱ་བའི་སྤྱོད་པ་དག་སྟེ་རྩེད་མོ་ལ་སོགས་པ་ལ་འཇུག་པའི་མཚན་ཉིད་དོ། །འདི་དག་ཐམས་ཅད་ལ་ཡང་ཐུན་མོང་དུ་ནི་བྱང་ ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མ་བྲལ་བ་སྟེ། འདི་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པ་དང་། སྒྱུ་མ་ཙམ་དུ་སྣང་བའི་འགྲོ་བ་རྣམས་ལ་ཡོངས་སུ་བསྐྱབ་པའི་ཕྱིར་རང་གི་ལྷའི་ཏིང་ངེ་འཛིན་མི་གཏོང་བའོ། །བགེགས་བསྐྲད་ཅིང་སྲུང་བ་ཡང་དེ་ཉིད་ཀྱིས་བྱས་པར་འགྱུར་རོ། །ཁྱད་པར་དུ་ནི་ཁྲུས་བྱེད་ པའི་ཚེ་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་བདུད་རྩིའི་ཆུ་ཡིས་དབང་བསྐུར་བར་བསམ་པར་བྱ་སྟེ། །དེ་ཡང་མདུན་གྱི་ནམ་མཁའ་ལ་རང་གི་ཡེ་ཤེས་ཀྱི་ལྷ་བསམས་ཏེ་དེ་ལ་ཡིད་ཀྱིས་ཕྱག་བྱས་ནས། ཇི་སྐད་སྨོས་པའི་ཁྲུས་བྱས་པས་ཡེ་ཤེས་ཀྱི་བདུད་རྩིའི་བུམ་པས་བདག་ ལ་སྤྱི་བོ་ནས་དབང་བསྐུར་བས་སྒྲིབ་པའི་དྲི་མ་ཐམས་ཅད་ཡོངས་སུ་དག་པར་བསམ་མོ། །དེ་ནས་ཡང་བདག་ཉིད་ཀྱི་སྙིམ་པས་ཆུ་གཙང་མ་བླངས་ཏེ། དེ་ཡང་བདུད་རྩིར་བསམས་ནས་བདེ་བར་གཤེགས་པ་རྣམས་ལ་ལན་གསུམ་དུ་ཕུལ་ཏེ་སླར་གཤེགས་སུ་གསོལ་ནས། །དེ་ནས་བདག་ ཉིད་ལྡང་བར་བྱའོ། །དེ་ནས་སྲུང་བ་དང་ཡང་ལྡན་པར་བྱ་སྟེ། །འདི་ནི་རེ་ཞིག་ཁྲུས་ཀྱི་ཆོ་ག་བསྟན་པ་རྣམས་ཀྱི་ཏིང་ངེ་འཛིན་མདོར་བསྡུས་པའོ། །ཁ་ཟས་ཟ་བའི་ཆོ་ག་ནི་ཕྱི་རོལ་དང་ནང་གི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། དེ་ལ་ཕྱི་རོལ་གྱི་ནི་སྲེད་ཅིང་ཆགས་པས་ལོངས་སྤྱད་པའི་ཕྱིར་མ་ཡིན་ གྱི། ཕུང་པོ་གནས་པས་བདག་དང་གཞན་གྱི་དོན་གྱི་ཕྱིར་ཚོགས་ཆེན་པོ་བསྐྱེད་པར་བྱའོ་སྙམ་དུ་བསམས་ཏེ། ཁ་ན་མ་ཐོ་བ་མེད་པ་ཅི་རན་དུ་ཟའོ། །ནང་གི་དམ་ཚིག་བདུད་རྩིར་བྱིན་གྱིས་བརླབས་པའི་སྦྱོར་བས་ཐམས་ཅད་མཆོད་པ་སྟེ། །དེ་ལ་རེ་ཞིག་འདིའི་ཆོ་ག་ནི་ཁ་ཟས་ཀྱི་སྣོད་ནི་ པདྨའི་སྣོད་དུ་བྱིན་གྱིས་བརླབ་པར་བྱའོ། །ཁ་ཟས་ནི་མི་ལ་སོགས་པ་དམ་ཚིག་གི་ཤ་རྣམ་པ་ལྔ་དང་། སྣང་མཛད་ལ་སོགས་པ་དམ་ཚིག་གི་བདུད་རྩི་ལྔའི་རང་བཞིན་དུ་བརྟགས་ཏེ། ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་སྐུ་གསུང་ཐུགས་ཀྱི་བདག་ཉིད་དང་ལྡན་པ་འདོད་པའི་ཡོན་ཏན་སྣ་ཚོགས་འབྱུང་བ་ཡོན་ཏན་དང་ ལྡན་པར་བྱིན་གྱིས་བརླབ་བོ། །ཡང་ན་བཟའ་བའི་བྱེ་བྲག་རྣམས་ནི་བདེ་བར་གཤེགས་པ་རྣམས་འོད་དུ་ཞུ་བ་ལས་གྱུར་པའི་ཁ་ཟས་སུ་བསམ་མོ། །བཏུང་བའི་བྱེ་བྲག་རྣམས་ནི་ཡུལ་རྣམས་འོད་དུ་ཞུ་བ་ལས་གྱུར་པའི་བདུད་རྩི་བཏུང་བར་བསམ་མོ། །དེ་ལྟར་ཡབ་ཡུམ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་རོས་ཐམས་ཅད་ མཉེས་པར་བྱེད་པའི་མཐུ་དང་ལྡན་པར་བྱིན་གྱིས་བརླབ་བོ། །དེ་ལ་བདག་ཉིད་ཀྱི་ལུས་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ་ལྕེ་དང་ལག་པ་དག་ཀྱང་སྤྲུལ་པའི་ལུས་ཀྱིས་མཆོད་པ་བྱེད་པའི་བདག་ཉིད་དུ་བསམ་པར་བྱའོ། །ཡང་ན་ལག་པའི་སོར་མོ་ལྔ་ནི་རིགས་ལྔའི་བདག་ཉིད་ལག་མཐིལ་གྱི་དཀྱིལ་འཁོར་ནི་སངས་རྒྱས་ རྣམས་བཞུགས་པའི་ཕོ་བྲང་། ཁ་ཟས་རྣམས་ལག་ཏུ་བླངས་པ་ནི་ཚོགས་ཆེན་པོ་ལ་རོལ་ཅིང་སྤྱོད་པ་སྟེ་མཆོད་པའི་ཏིང་ངེ་འཛིན་དང་པོའོ། །དེ་ནས་ཁ་ནི་རྣམ་པར་ཐར་པའི་གཞལ་ཡས་ཁང་། ལྕེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པའི་ཡེ་ཤེས། ཁ་ཟས་ཟོས་པ་ནི་བྱང་ཆུབ་ཀྱི་སེམས་རྣམ་པར་མི་རྟོག་པའི་རོ་མྱོང་བའི་ མཚན་ཉིད་ལ་རོལ་བའི་མཆོད་པ་སྟེ། དེ་བཞིན་དུ་མཆོད་པ་གཉིས་པའོ། །དེ་ནས་དབང་པོ་དང་བཅས་པའི་ཁོག་པ་ནི་རང་གི་ལྷའི་དཀྱིལ་འཁོར། ཁ་ཟས་ཀྱིས་ཚིམ་པར་བྱས་པ་ནི་རང་གི་ལྷའི་དཀྱིལ་འཁོར་རྒྱུན་དུ་མཆོད་པ། ཞུ་ཞིང་མི་སྣང་བར་གྱུར་པས་ཆོས་ཐམས་ཅད་མ་སྐྱེས་པའི་ངང་དུ་རྣམ་པར་དག་པ་སྟེ། འདི་ལྟར་ཁམ་གྱི་ ཟས་ཀྱི་རྡུལ་ཕྲ་རབ་གཅིག་གིས་ཀྱང་མཆོད་པ་གསུམ་བྱས་པར་འགྱུར་ལ། མཆོད་པ་གཅིག་ཀྱང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་ལྡན་པས་བདག་དང་གཞན་གྱི་དོན་དུ་འགྱུར་ཞིང་། བསོད་ནམས་དང་ཡེ་ཤེས་དག་ཀྱང་རྫོགས་པ་སྟེ་འདི་ནི་རྒྱ་ཆེ་བ་བླ་ན་མེད་པའི་མཆོད་པ་ཞེས་བཤད་དོ། །ཟ་བའི་ཏིང་ངེ་འཛིན་སྣ་ཚོགས་དག་ཀྱང་ འདིར་འདུས་པར་དགོངས་སོ། །དེ་ལ་ཁ་ཟས་ཟ་བའི་ཚེ་ཕྱག་རྒྱ་རྣམ་པ་བཞི་ཡིན་ཏེ། ནམ་མཁའ་ལྡིང་གི་ཕྱག་རྒྱས་དུག་སྦྱངས་ཤིང་བདུད་རྩིར་བྱིན་གྱིས་བརླབ་པ་དང་། སྤྱན་འདྲེན་པའི་ཕྱག་རྒྱས་ཚོགས་ཀྱི་འཁོར་ལོར་སངས་རྒྱས་རྣམས་སྤྱན་དྲངས་པ་དང་། པདྨའི་ཕྱག་རྒྱས་ཚོགས་ཀྱི་འཁོར་ལོ་ལོངས་སྤྱོད་པ་དང་། སླར་གཤེགས་ སུ་གསོལ་བའི་ཕྱག་རྒྱས་མཆོད་པ་ཟིན་ནས་སངས་རྒྱས་རྣམས་རང་གི་གནས་སུ་གཤེགས་པར་བྱའོ། །དེ་ལ་ནམ་མཁའ་ལྡིང་གི་ཕྱག་རྒྱ་ནི། མཐེ་བོང་དང་སྲིན་ལག་རྩེ་སྤྲད་དེ་ནམ་མཁའ་ལྡིང་གི་མཆུ་ལྟར་བྱས་ལྷག་མ་རྣམས་སྦྲུལ་མགོ་ལྟར་བརྐྱང་བ་འདི་ནི་དུག་ཐམས་ཅད་འབྱིན་པར་བྱེད་ཅིང་། བདུད་རྩི་སྦྱིན་པར་བྱེད་པའི་ནམ་ མཁའ་ལྡིང་གི་ཕྱག་རྒྱ་ཞེས་བྱ་བ་སྟེ། འདིར་ནི་ཟས་ཀྱི་སྟེང་དུ་བཞག་ནས་རང་གི་ལྷའི་གསང་སྔགས་ཡང་རུང་བའམ། རྡོ་རྗེ་བདུད་རྩིའི་གསང་སྔགས་སམ། ཡུམ་རྣམས་ཀྱི་སྔགས་སམ། ངོ་བོ་ཉིད་ཀྱིས་དག་པའི་སྔགས་སམ། རྡོ་རྗེ་མཁའ་ལྡིང་རང་གི་གསང་སྔགས་ཀྱིས་བཟླས་ནས་བྱིན་གྱིས་བརླབ་པར་འགྱུར་རོ། ། ཡང་ན་ལྷ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པར་གྱུར་པ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་འདི་ཉིད་ཀྱིས་ཐམས་ཅད་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ལ་ནམ་མཁའ་ལྡིང་གི་སྙིང་པོ་ནི། ཨོཾ་བཛྲ་ག་རུ་ཌ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བྱ་བ་འདི་ཡིན་ནོ། །དེ་ལ་སྤྱན་འདྲེན་པའི་ཕྱག་ནི་ལག་པ་གཉིས་ཀྱི་སོར་མོ་གཡབ་པའི་ཚུལ་གྱིས་ སྙིང་གར་མཁྲིག་མ་བསྣོལ་ཏེ། སེ་གོལ་ལན་གསུམ་བརྡབས་ནས་དེ་ནས་ཞི་བའི་ཐལ་མོ་བརྡབ་པའོ། །པདྨའི་ཕྱག་རྒྱ་ནི་ལག་པ་གཉིས་རྟིང་པ་སྤྲད་དེ། མཐེ་བོ་དང་མཐེའུ་ཆུང་ངོས་སྦྱར་ནས་ལྷག་མ་པདྨ་ཁ་བྱེ་བ་ལྟར་བྱས་ཏེ། འདིས་ཁ་ཟས་ཀྱི་སྣོད་བཟུང་སྟེ་བཟའ་ཞིང་སྦྱིན་པར་བྱའོ། །སླར་གཤེགས་སུ་གསོལ་བའི་ཕྱག་ རྒྱ་ནི་ལག་པ་གཉིས་སོར་མོའི་རྒྱབ་ཀྱིས་ཕྱིར་གཡབ་པ་སྟེ། འདིས་ལྷ་རྣམས་སླར་གཤེགས་སུ་གསོལ་བ་བྱས་པར་འགྱུར་རོ། །ཕྱི་རོལ་གྱི་དགོས་པའི་བྱ་བ་སྣ་ཚོགས་ལ་འཇུག་པའི་ཚེ་ནི་རང་གི་ལྷའི་ཏིང་ངེ་འཛིན་གྱིས་གཞན་གྱི་དོན་སྤྱོད་པའི་ཕྱག་རྒྱ་ནི་ཉིད་མི་གཏོང་བ་ཙམ་ཡིན་ནོ། །ཉལ་བའི་དུས་ན་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ ཡིད་ལ་བྱེད་པ་ཡིན་ནོ། །ལྡང་བའི་ཚེ་ན་ནི་སྙིང་རྗེ་ཆེན་པོའི་སྟོབས་བསྐྱེད་པའོ། །རྩེད་མོ་ལ་སོགས་པའི་རྣམ་པར་གཡེང་བའི་ཚེ་ན་ཡང་། དང་པོ་བྱང་ཆུབ་སེམས་ཀྱི་ཤུགས་མ་བཏང་བ་ཉིད་ཀྱིས་ཉམས་པར་མི་འགྱུར་ཞེས་བཤད་དོ། །འདི་དག་ཏུ་སྲུང་བ་ཐམས་ཅད་ལ་ཡང་། བསྲུང་བའི་བསམ་པ་དང་ལྡན་པ་ཙམ་དང་། སྔགས་ དང་ཕྱག་རྒྱ་དང་ལྡན་པ་དང་། གཞན་ཡང་མིག་བལྟས་པ་དང་། རྫས་གཏོར་བ་དང་། ཐལ་མོ་དྲག་ཏུ་བརྡབས་པ་དག་གིས་ཀྱང་བགེགས་བསྐྲད་ཅིང་སྲུང་བར་འགྱུར་རོ། །མཆོད་རྟེན་གདབ་པ་དང་། དམ་པའི་ཆོས་ཀློག་པའི་ཚེ་ན་ཡང་སྙིང་རྗེའི་སྟོབས་ཀྱིས་བདག་དང་གཞན་གྱི་དོན་བསྒྲུབ་པའི་ཕྱིར། དགེ་བ་འདི་སྤྱད་པར་བྱའོ་སྙམ་དུ་ བྱས་པའི་ཡིད་ལ་བྱེད་པས་འཕགས་ཏེ་བྱའོ། །སྤྱོད་ལམ་བསྡུས་པའི་མཚན་ཉིད་ཅེས་བྱ་བ་ཉེ་བར་བསྟན་པའི་མཚན་ཉིད་རྫོགས་སོ།། །།ནམ་མཁའི་ཁམས་ཀྱི་མཐས་ཀླས་རབ་འབྱམ་དུ། །འཇིག་རྟེན་དག་ན་འཇིགས་བྱེད་ཇི་སྙེད་ཅིག །བདུད་དང་སྲིན་པོ་གནོད་སྦྱིན་ལ་སོགས་པ། །དེ་དག་ཀུན་ལས་གཤིན་རྗེ་ གཅིག་མི་བཟད། །རིག་པའི་རྒྱལ་པོ་ཁྲོ་བོ་གཅིག་པུ་ཡང་། །གཤིན་རྗེ་སྟོང་པས་ལྷག་པར་རབ་ཏུ་འཇིགས། །ཤིན་ཏུ་མི་བཟད་ཁྲོ་རྒྱལ་གཤིན་རྗེ་གཤེད། །མཐོང་བ་ཙམ་གྱིས་ཁྲོ་བོ་ཐམས་ཅད་ཀྱི། །མཐུ་ཉམས་སྤ་བཀོང་རང་གི་ལག་ཆ་ཤོར། །དེ་ཕྱིར་སངས་རྒྱས་ཞིང་ཁམས་ཐམས་ཅད་ན། །འཇིགས་བྱེད་རབ་འཇིགས་ ཞིང་གི་རྡུལ་སྙེད་ཀྱང་། །གཤིན་རྗེ་གཤེད་དང་མཚུངས་པ་འགའ་མ་མཆིས། །དེ་ཕྱིར་རྟོག་པའི་རྒྱལ་པོ་འདི་ཉིད་ལས། །གང་བཤད་དེ་ནི་ཆོ་ག་ཀུན་གྱི་གཙོ། །ལྷ་འམ་བདུད་དམ་དེ་བཞིན་གཤེགས་ཀུན་ལ། །ལོག་འདྲེན་མུ་སྟེགས་སྐྱེ་བོ་ངན་པ་རྣམས། །ཀུན་ནས་འདུས་ཀྱང་བར་དུ་གཅོད་མི་ནུས། །ཤེས་རབ་ཏིང་འཛིན་དད་པ་དམན་ པས་ཀྱང་། །རང་གར་འདོད་པའི་བྱ་བ་སྣ་ཚོགས་བྱེད། །གང་དག་དད་བརྩོན་ཕུན་སུམ་ཚོགས་པ་ཡིས། །དངོས་གྲུབ་ཀུན་ལ་སྦྱོར་བ་སྨོས་ཅི་དགོས། །འོན་ཀྱང་སངས་རྒྱས་དགོངས་པ་མི་རྟོགས་ཤིང་། །ལུས་ངག་སྤྱོད་པ་ལམ་དུ་མཐོང་བ་དག །མ་རུངས་གཞོམ་དང་དམན་པ་ལ་སོགས་པའི། །ཚར་གཅད་ལས་ཀྱིས་གདུལ་བའི་ཆོ་ག་ ལ། །བྱང་ཆུབ་སེམས་དང་བྲལ་ཞེས་རྟོག་པ་བྱེད། །དེ་ལྟའི་རྒྱུད་ལྡན་འགྲོ་བ་དམན་པ་ཡིས། །ཐོས་ནས་སྐྲག་གམ་གལ་ཏེ་བཅིངས་གྱུར་ཀྱང་། །ཟབ་མོ་དོན་ཆེན་སྙིང་པོ་མི་མཐོང་བས། །དད་པས་བྱང་ཆུབ་སེམས་བསྐྱེད་བྲལ་བ་དང་། །གྲུབ་དང་བཀའ་ལ་ཐེ་ཚོམ་ཟ་འགྱུར་ཏེ། །ཁ་ཅིག་སྐུར་པས་ལྟུང་བའི་ར