Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 47
Văn bản gốc(Tây Tạng)
Trang 1 / 16 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། ། བླ་མ་ལ་གུས་དེ་རྗེས་གཤིན་རྗེ་གཤེད་ནག་རྡོ་རྗེ་ལ། །རང་འོད་ཡན་ལག་འདུས་པ་བདེ་བ་རྒྱས་པ་གཞན་གྱི་དོན་འཇུག་པ། །རྡོ་རྗེ་རལ་གྲི་འཁོར་ལོ་ཆུ་སྐྱེས་གྲི་གུག་ཐོད་པའི་ཕྱག །ཞལ་ གསུམ་འཇིགས་པའི་འཇིགས་བྱེད་ལ་ནི་སྤྱི་བོས་ཕྱག་འཚལ་ལོ། །གཤིན་རྗེ་གཤེད་ནག་སྒྲུབ་པའི་ཐབས། །དེ་ཉིད་རིག་པ་མངོན་འདོད་པའི། །དབང་ལ་སོགས་པ་ཐོབ་པ་ཉིད། །དེ་ ཡི་འདི་ནི་སྒྲུབ་ཐབས་རིམ། །བྱིས་རྣམས་བདེ་བར་རྟོགས་ཕྱིར་དང་། །མཉམ་པ་དྲན་པར་བྱ་ཆེད་དང་། །མཆོག་རྣམས་བྱིས་པའི་ངག་ལ་ནི། །མགུ་བྱའི་ཕྱིར་ནི་རྣམ་པར་བྲི། །སྦྱིན་དང་ ཚུལ་ཁྲིམས་ལ་སོགས་ལྡན། །སེམས་ཅན་དོན་ལ་རོ་གཅིག་བློ། །བྱམས་སོགས་ཡོན་ཏན་ཡང་དག་རྫོགས། །དད་དང་ཐོས་པས་རྣམ་པར་བརྒྱན། །ཐོ་རངས་སྙིང་རྗེའི་བདག་ཉིད་ཅན། ། དང་པོར་གདོང་སོགས་ཁྲུས་བྱས་ནས། །དབེན་པའི་ས་ཕྱོགས་དུར་ཁྲོད་སོགས། །བདེ་བའི་སྟན་ལ་འདུག་ནས་ནི། །བརྩམ་བྱ་རང་སྙིང་པདྨ་སྟེ། །ཟླ་བ་ལ་བལྟ་ཤིན་ཏུ་གསལ། །ཡ་ཡིག་སྔོན་ པོའི་འོད་ཟེར་ཅན། །སེམས་ཅན་དོན་ནི་ཕུན་ཚོགས་བྱས། །བླ་མ་རྫོགས་པའི་སངས་རྒྱས་རྣམས། །ནམ་མཁའ་མ་ལུས་ཁྱབ་པར་བསྒོམ། །དེ་རྣམས་དམིགས་ལ་ཕྱག་བྱས་ནས། །ལུས་སྤྲུལ་པ་ཡི་ཆོ་ག་ཡིས། ། སེམས་མ་ལ་སོགས་ཀྱིས་མཆོད་ནས། །སྡིག་པ་བཤགས་པའོ། །ལུས་ངག་ཡིད་ཀྱིས་སྡིག་པ་བགྱིས། །དེ་བཞིན་བགྱིད་དུ་སྩལ་པ་དང་། །མགོན་པོ་རྗེས་སུ་ཡི་རང་གང་། །དེ་གསུམ་བྱས་པ་བཤགས་པར་བགྱི། ། རྫོགས་སངས་རྒྱས་དང་དེ་སྲས་འཕགས། །བསོད་ནམས་ཚོགས་ལ་རྗེས་ཡི་རང་། །རྫོགས་སངས་རྒྱས་དང་དམ་ཆོས་བཅས། །ཚོགས་ཀྱི་མཆོག་ལ་སྐྱབས་སུ་མཆི། །ཡོན་ཏན་རྒྱ་ཆེན་ཁྱེད་ཅག་ལ། །བདག་གི་ ལུས་ནི་དབུལ་བར་བགྱི། །དམ་པའི་ཆོས་ནི་ཐམས་ཅད་དང་། །སྟོན་པའི་སྒྲ་མཛེས་གནས་གྱུར་ཅིག །རྫོགས་སངས་རྒྱས་དང་དེ་ཡི་སྲས། །སྦྱིན་སོགས་ལས་ཀྱི་ངོ་བོ་ལ། །སྐུ་གསུང་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ ཏུ་གུས་པས་གནས་པར་བགྱི། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ཞིག་བསོད་ནམས་ཚོགས་བསགས་པས། །བྱང་ཆུབ་ཏུ་ནི་བསྔོ་བར་བགྱི། །དཔལ་ལྡན་གཤིན་རྗེ་གཤེད་གྱུར་ནས། །འགྲོ་ལ་ཕན་པ་དག་བྱེད་ཅིང་། །འདི་ལྟར་ སྨོན་ལམ་བཏབ་ནས་ནི། །དེ་ནས་བློ་ཡིས་གཤེགས་སུ་གསོལ། །སྙིང་རྗེས་ཆོ་ག་བཞིན་བལྟས་ནས། །སྣ་ཚོགས་སྟོང་པའི་རྣམ་པར་བསྒོམ། །རང་བཞིན་རྣམས་དང་བྲལ་བའི་ཕྱིར། །རྒྱུ་ཡང་མཚན་མ་མེད་པར་བསྒོམ། །སྤྱོད་དང་བྲལ་བ་ཉིད་ཀྱིས་ནི། །སྨོན་པ་དག་ནི་རྣམ་པར་སྤངས། ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ལ་སེམས་ནི་བརྟན་བྱས་ནས། །ཨཾ་ཡིག་ལས་བྱུང་ཉི་མ་ལས། །དེར་ནི་ཧཱུྃ་ཡིག་སྔོན་པོའི་མདངས། །འོད་ཟེར་འཕྲོས་པས་ཀུན་ལ་ཁྱབ། །རྡོ་རྗེ་རྩེ་ལྔ་ཐམས་ཅད་དུ། །བསྲུང་བའི་དོན་དུ་བསྒོམ་པར་བྱ། །རྡོ་རྗེ་ས་གཞི་ལྕགས་རི་དང་། །ར་བ་ གུར་དང་དེ་བཞིན་ནོ། །སངས་རྒྱས་ཞིང་ནི་རྣམ་དག་དོན། །སླར་ཡང་བསམ་གཏན་ཡང་དག་བརྩམ། །དེ་ལ་སྣ་ཚོགས་ཆུ་སྐྱེས་ཟླ། །སཾ་ལས་བྱུང་བའི་རྡོ་རྗེ་ལས། །ཡན་ལག་བཟང་པོ་ཡན་ལག་འབྱུང་། །ཆོས་འབྱུང་དཀར་པོ་གྲུ་གསུམ་པ། །སྟེང་དུ་གནས་པ་མཁའ་མཉམ་བསམ། ། དབུས་སུ་པདྨ་ཟླ་བ་ལ། །སླར་ཡང་དེ་དབུས་དཀྱིལ་འཁོར་ཏེ། །བྷྲཱུཾ་ཡིག་འཁོར་ལོ་ལས་བསྐྱེད་པ། །རྟག་པའི་ཡན་ལག་ལས་བྱུང་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་པ་དང་། །དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ། །སྟེགས་བུ་ལྷ་མོས་ལེགས་མཛེས་པ། །སྣ་ཚོགས་རྩེ་མོ་ རླུང་གིས་བསྐྱོད། །བ་དན་དྲིལ་བུ་དང་ལྡན་པ། །སྣ་ཚོགས་རྡོ་རྗེས་རྣམ་པར་བརྒྱན། །ཟླ་བ་ཉི་མ་རྒྱལ་བའི་གདན། །ཤར་ནི་དཀར་པོ་ཆེན་པོ་སྟེ། །ལྷོར་ནི་སེར་པོ་ཡང་དག་ལྡན། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །བྱང་ནི་བཙོད་དང་མཚུངས་པའོ། །ཨིནྡྲ་ནཱི་ལའི་འོད་བྱེད་པ། །དབུས་ཀྱི་ས་གཞི་རྣམ་ པར་བསམ། །ཕྱོགས་ཀྱི་ཁ་དོག་དབྱེ་བ་འདིས། །སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ། །དེ་བཞིན་གུར་ཡང་བསྒོམ་པར་བྱ། །སོ་སོའི་རྩིག་པ་གོ་རིམས་བཞིན། །རྣམ་པ་ལྔ་ནི་བསྒོམ་བྱས་ནས། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །དཔལ་ལྡན་རྣམ་པ་ལྔ་དང་བཅས། །རྡོ་རྗེ་ནག་པོ་སེལ་བྱེད་པ། །སངས་ རྒྱས་ཀྱི་ནི་གཟུགས་ཞེས་གྲགས། །དེ་ནི་དབྱེ་བས་བསྙད་པར་བྱ། །ལྟེ་བར་སྣ་ཚོགས་པདྨའི་གདན། །ཟླ་བར་དབྱངས་ཡིག་ཉིས་རིམ་དགོད། །དེ་ཡི་ཟླ་བར་ཀ་ཡིག་སོགས། །ཌ་ཌྷ་ད་དྷ་ཡ་ལ་ཡང་། །བཅུག་ནས་དེ་དག་ཉིད་ལས་གྲུབ། །འདི་དག་འདི་ལྟར་གྲུབ་པ་ནི། ། མེ་ལོང་ཡེ་ཤེས་བརྗོད་པར་བྱ། །མཉམ་ཉིད་དེ་དག་གཅིག་པ་ཉིད། །དེ་སྐྱེས་ཧཱུྃ་ནི་སོ་སོར་རྟོག །བྱ་བ་ནན་ཏན་ཡེ་ཤེས་ནི། །དེ་ལས་སྐྱེས་པ་རྡོ་རྗེར་བསྒོམ། །ནོར་བུ་མེ་ཤེལ་འོད་འདྲ་བ། །ས་བོན་བཅས་པའི་འོད་ཟེར་འཕྲོས། །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་པས་བདག་ཉིད་ང་རྒྱལ་བྱ། །དེ་ སྐྱེས་དཀར་དམར་མདངས་ལྡན་པ། །འོད་ཟེར་མཛེས་པས་འཁྱུད་པའི་ལུས། །ཁྲོ་བོ་སྒེག་གཟུགས་བདེ་བ་ཡིས། །དཀར་དང་སྔོ་དང་དམར་བའི་ཞལ། །གདན་ལ་གཡོན་བརྐྱང་གིས་གནས་པ། །འབར་བའི་རལ་གྲི་རྡོ་རྗེ་གྲི་གུག་གསོར་བའོ། །འཁོར་ལོ་འདམ་སྐྱེས་སྣོད་ནི་འོད་ཟེར་འཕྲོ་བ་ཡི། ། ཕྱག་ནི་གཡས་དང་གཡོན་རྣམས་ཀྱིས། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི། །ཡེ་ཤེས་རྡོ་རྗེ་འཛིན་པའི་བདག །རྣམ་པ་ལྔ་ཡི་རང་བཞིན་གང་། །རྣལ་འབྱོར་ཞེས་ནི་མངོན་པར་བརྗོད། །ཞེས་པ་ནི་རྣལ་འབྱོར་རོ། །འདོད་ཆགས་ཆེན་པོས་འདུལ་བ་རུ། །འགྲོ་བ་གསུམ་པོ་ཡང་དག་བལྟས། ། རང་སྙིང་ཡེ་ཤེས་འོད་ཟེར་གྱིས། །སྣ་ཚོགས་སངས་རྒྱས་གཟུགས་བྱས་ནས། །རང་གི་ལུས་ལ་ཡང་དག་གཞུག །བདེ་བ་དམ་པ་རྣམ་པའི་གཟུགས། །བདག་གི་ལོངས་སྤྱོད་བསྒོམ་པར་བྱ། །རྟོག་པ་ཐམས་ཅད་ཡང་དག་སྤངས། །སྔགས་མཆོག་དེ་ཉིད་གསུམ་ཞེས་པ། །ཧོཿདམར་ གཉིས་ཀྱི་ནང་དུ་གཞུག །ཇི་ལྟར་སྐར་མདའ་འཕྲོ་བ་ལྟར། །བྱང་ཆུབ་སེམས་ནི་དེ་བཞིན་གཞུག །སྙིང་རྗེ་ཆགས་པའི་སེམས་ཀྱིས་ནི། །རྡོ་རྗེ་འཛིན་པ་བདག་ཉིད་ཞུ། །བྱམས་སོགས་སེམས་མ་སོགས་རྣམས་ཀྱི། །འཁོར་ལོའི་གཙོ་བོ་སྐུལ་བར་བྱེད། །བཞེངས་ཤིག་གཤིན་རྗེ་རྗེ་བཙུན་ སྙིང་རྗེའི་ཁྲོ། །ཁམས་གསུམ་ཐམས་ཅད་པ་ཡི་གཏི་མུག་སོལ། །དེ་བཞིན་བདུད་ལས་རྒྱལ་བར་མཛོད། །བཞེངས་ཤིག་རྗེ་བཙུན་ཐུགས་ནི་གཡེངས་གྱུར་པས། །འཇིག་རྟེན་མགོན་པོ་སྟོང་ཉིད་ཅི་སྟེ་བཞུགས། །བཞེངས་ཤིག་རྗེ་བཙུན་འཇིག་རྟེན་བསོད་ནམས་ཀྱིས། །བྱང་ཆུབ་འདོད་ པའི་འཇིག་རྟེན་མཉམ་མནན་ནས། །ཅི་ཕྱིར་སྟོང་པ་ཉིད་ལ་སེམས་ཤིང་ཞུགས། །བསྐུལ་ནས་དེ་ནི་ཐིམ་གྱུར་ནས། །དེ་ཡི་རོ་ཡི་རྗེས་སུ་སོང་། །གླུ་འདི་ཡི་ནི་དོར་བྱས་ནས། །ཕུན་ཚོགས་ཉམས་འདྲ་ལས་བྱུང་བ། །ཞུ་བ་རྗེས་པ་ལས་སྐྱེས་པ། །མཾ་སྔོན་པོ་ལས་ཉི་དཀྱིལ་འཁོར། །མི་བཟད་ ཁྲོ་བཅས་མདོག་སྔོ་བ། །རུས་པའི་རྒྱན་གྱིས་བརྒྱན་པ་སྟེ། །སྨ་ར་རྣོན་པོ་འབར་བའི་རྭ། །རྨིག་པ་རྐོ་བ་འཇིགས་བྱེད་པ། །མ་ཧིཪྵ་དེའི་རྒྱབ་གནས་པ། །རྡོ་རྗེ་སྔོན་པོ་འོད་ཟེར་བཅས། །ས་བོན་འོད་ཟེར་བཅས་པ་ཡིས། །གཤེད་ནག་གཟུགས་ནི་དེ་ཡིས་བྱ། །སྣ་ཚོགས་དག་ལ་ཡང་ དག་གཞུག །འཇིགས་བྱེད་ཆེན་པོ་འཇིགས་སུ་རུང་། །མ་ཧིཪྵར་ནི་རྡོ་རྗེར་བསྒོམ། །དཀྱིལ་འཁོར་དབང་ཕྱུག་བསྒོམ་པར་བྱ། །འཇིག་རྟེན་གསུམ་པོ་བདུད་ཀྱི་འཁོར། །འོད་ཟེར་རྣོན་པོ་འཕྲོ་བས་བསྲེག །མི་བཟད་དྲག་ཤུལ་མུན་པའི་ལུས། །འོད་ཟེར་ལྗགས་ནི་འདྲིལ་བ་པོ། །འབར་བའི་མཆེ་ བ་གཙིགས་པའི་བྱད། །རལ་པ་སྨ་ར་གྱེན་དུ་འགྲེང་། །གཡོན་བརྐྱང་པ་ཡི་ཞབས་ཀྱིས་མནན། །ནག་པོ་རྣམ་པར་མྱོས་བྱེད་པ། །རྩ་བའི་ཞལ་ནི་བུང་ནག་འདྲ། །གཡས་པ་ཟླ་བའི་འོད་བྱེད་པ། །གཡོན་པ་དམར་པོའི་མདངས་སུ་བསྟན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །སྦོམ་ཐུང་གསུས་པ་ འཕྱང་བ་པོ། །མགོ་བོའི་ཕྲེང་བ་འཕྱང་དང་ལྡན། །གཡས་དང་གཡོན་པའི་ཕྱག་དག་གིས། །གྲི་གུག་དང་ནི་ཐོད་པ་འཛིན། །རང་འོད་ཤེས་རབ་ཡན་ལག་སྦྱོར། །བདེ་བ་འབབ་པ་གཞན་གྱི་དོན། །ལྷག་མ་གཡས་པའི་ཕྱག་དག་གིས། །འབར་བའི་རྡོ་རྗེ་རལ་གྲི་འཛིན། །གཡོན་ན་འཁོར་ལོ་ཆུ་སྐྱེས་ འཛིན། །སྦྲུལ་གྱི་དབང་པོས་བརྒྱན་བྱས་ཏེ། །སྔོན་པོ་མཐའ་ཡས་སྦྲུལ་དག་གིས། །རལ་པ་བཅིངས་པ་ཤིན་ཏུ་འཇིགས། །དམར་པོ་འཇོག་པོ་ཀླུ་ཡིས་ནི། །མ་རུངས་པ་ཡི་རྣ་བ་བརྒྱན། །སྣ་ཚོགས་རིགས་ལྡན་དཔུང་རྒྱན་ཏེ། །དུང་སྐྱོང་དག་གི་སྦྲུལ་ཉིད་ནི། །སེར་པོ་གདུ་བུ་འཛིན་པའོ། །པདྨ་ དཀར་པོའི་དོ་ཤལ་ཅན། །ལྗང་གུ་ཀརྐོ་ཊ་ཡིས་ནི། །ཚངས་པའི་སྐུད་པ་ཤིན་ཏུ་མཛེས། །བདུད་རྩིའི་ཁ་དོག་འདྲ་བ་ཡི། །ནོར་འཛིན་གྱིས་ནི་སྐ་རགས་བྱས། །པདྨའི་རྩ་བ་ཁ་དོག་སྐྱ། །པདྨ་ཆེན་པོས་ཞབས་གདུབ་པོ། །ཐམས་ཅད་ཕུཊ་ཀྱི་སྒྲ་བྱེད་པ། །ལྕེ་གཉིས་དྲག་ཤུལ་མཆེ་བའི་ཕྲེང་། །འདི་ནི་འཁོར་བ་མྱང་ འདས་གཟུགས། །གཤིན་རྗེ་སེལ་བར་བྱེད་པའོ། །རྟོག་པ་ཟད་པའི་ཆེད་བསམས་ནས། །སྔགས་ཀྱིས་ཡང་དག་བྱིན་གྱིས་བརླབ། །ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པ་ནི་རྗེས་སུ་རྣལ་འབྱོར་རོ། །རང་སྙིང་འོད་ཟེར་ལྕགས་ཀྱུ་ཡིས། །མཁའ་ཁྱབ་རྫོགས་པའི་སངས་རྒྱས་ རྣམས། །ཐམས་ཅད་བཀུག་ནས་ཞལ་དུ་གཞུག །བདེ་བར་ཕབ་ནས་སྙིང་གར་ཞུ། །རྡོ་རྗེ་ལམ་བྱུང་ཞུ་བ་དེ། །བློ་དང་ལྡན་པས་སྤྲོ་བར་བྱ། །རང་འོད་པདྨའི་ཁོངས་སུ་གནས། །རང་གི་ས་བོན་གཟུགས་སུ་བལྟ། །ས་བོན་ལས་བྱུང་འཁོར་ལོ་ཀུན། །ས་བོན་ཀུན་གྱིས་བྱིན་གྱིས་བརླབ། །འཕྲོ་ཞིང་སྡུད་པའི་ འོད་ཟེར་ནི། །མཁས་པས་ཆོ་ག་བཞིན་དུ་བསྒོམ། །ཡ་ཡིག་སྔོན་པོས་དབུས་མ་བསྐྱེད། །དཀྱིལ་འཁོར་ཅན་གྱི་མཚན་ཉིད་གསུངས། །ཤར་དུ་ཀྵེ་ལས་འཁོར་ལོ་གྲུབ། །རྟག་པ་དཀར་པོ་ཕྱག་དྲུག་པ། །འཁོར་ལོ་རལ་གྲི་གཡས་པའི་ཕྱག །གཡོན་ན་རིན་ཆེན་ཆུ་སྐྱེས་འཛིན། །ལྷོར་ནི་མ་ཡི་ཡི་གེ་ ལས། །རིན་ཆེན་ལས་སྐྱེས་རིན་ཆེན་འབྱུང་། །བཙོ་མ་གསེར་གྱི་མདངས་བྱེད་པ། །རིན་ཆེན་རལ་གྲི་གཡས་ན་འཛིན། །གཡོན་ན་འཁོར་ལོ་ཆུ་སྐྱེས་སོ། །ནུབ་ཏུ་འདོད་ཆགས་རྡོ་རྗེ་ཅན། །ས་བོན་མེ་དང་པདྨ་གྲུབ། །པདྨ་རཱ་གའི་འོད་དང་མཉམ། །གཡས་ན་པདྨ་རལ་གྲིའོ། །ནོར་བུ་འཁོར་ ལོ་གཡོན་དུ་དགོད། །དེ་དང་རལ་གྲི་ལས་བྱུང་བ། །ལྗང་གུ་ཕྲག་དོག་གཤིན་རྗེ་གཤེད། །གཡས་ན་རལ་གྲི་འཁོར་ལོ་བསྣམས། །མཛེས་པའི་ནོར་བུ་པདྨ་གཡོན། །ཐམས་ཅད་ཞེ་སྡང་གཤིན་རྗེ་གཤེད། །ཁྲོ་བོ་གཟུགས་ཀྱི་མཚན་ཉིད་དོ། །དེ་རྣམས་ཀྱི་ནི་རྩ་བའི་ཕྱག །གྲི་གུག་ཐོད་པ་བསྒོམ་པར་ བྱ། །གཉིས་མེད་གཉུག་མའི་ཤེས་རབ་དང་། །ལུས་བདག་མེད་པའི་ངོ་བོ་དང་། །ཉི་མའི་དཀྱིལ་འཁོར་ལ་གནས་པ། །རྟག་པ་ཟླ་བའི་དཀྱིལ་འཁོར་ལའོ། །སྣ་ཚོགས་རྡོ་རྗེ་རྩ་བར་གནས། །སེམས་ཅན་དོན་བྱེད་བསྒོམ་པར་བྱ། །ཤར་སྒོར་ཡ་ཡིག་ལས་སྐྱེས་པ། །ཐོ་བ་སྔོན་པོ་ཡི་ནི་གཟུགས། ། གཡས་ན་ཐོ་བ་རལ་གྲི་འཛིན། །ནོར་བུ་བཟང་པོ་པདྨ་གཡོན། །རྡོ་རྗེ་ཐོར་གྲགས་གཤིན་རྗེ་གཤེད། །ལྷོར་ནི་ཛ་དང་དབྱུག་པ་ལས། །དབྱུག་པ་གཤིན་རྗེ་གཤེད་དཀར་མདངས། །དབྱུག་པ་རལ་གྲི་གཡས་པ་ན། །ཆུ་སྐྱེས་འཁོར་ལོ་གཡོན་པའོ། །ནུབ་ཏུ་པདྨ་གཤིན་རྗེ་གཤེད། །ནི་སྐྱེས་འདོད་ ཆགས་མཐའ་འཇོམས་གཟུགས། །པདྨ་རལ་གྲི་གཡས་པ་ན། །གཡོན་ན་འཁོར་ལོ་ནོར་བུའོ། །བྱང་དུ་རལ་གྲི་གཤིན་རྗེ་གཤེད། །ར་སྐྱེས་ཕྲག་དོག་མཐའ་འཇོམས་པ། །རལ་གྲི་འཁོར་ལོ་གཡས་པ་ན། །གཡོན་ནོར་བུ་པདྨ་སྟེ། །ཅུང་ཟད་སྔོ་བའི་བྱེ་བྲག་སྟེ། །ཞེས་པ་འཇིགས་པར་བྱེད་ པའོ། །སྦྲུལ་ནི་ཐམས་ཅད་པ་ཡི་གཟུགས། །རྣམ་པར་གཙིགས་པའི་གད་རྒྱངས་ཅན། །སྐྲ་སེར་གྱེན་དུ་འགྲེང་བ་སྟེ། །ཉི་མའི་དཀྱིལ་འཁོར་ཡང་དག་ལྡན། །མཆེ་བ་གཙིགས་པ་གད་རྒྱངས་ཆེ། །གྲི་གུག་དང་ནི་ཐོད་པ་འཛིན། །སྣ་ཚོགས་རྡོ་རྗེ་མཚམས་བཞི་ལ། །ཟླ་བ་ལ་གནས་ལྷ་ མོ་རྣམས། །ཤར་ལྷོ་མཚམས་ཀྱི་ལྷ་མོ་ནི། །ཛ་སྐྱེས་རྡོ་རྗེ་སེམས་མའོ། །དཀར་མོ་སྒེག་མོ་ཁྲོ་བ་ཆེ། །གཏི་མུག་གཤིན་རྗེ་གཤེད་ཀྱི་གཟུགས། །དེ་ནས་ལྷོ་ནུབ་མཚམས་སུ་ནི། །རྡོ་རྗེ་ཕག་མོ་ས་ལས་སྐྱེས། །ཁྲོ་བོ་ཕག་མོའི་གདོང་ཅན་མ། །ཞེ་སྡང་གཤིན་རྗེ་གཤེད་དང་མཚུངས། །བྱང་ དང་ནུབ་ཀྱི་མཚམས་སུ་ནི། །རབ་ཏུ་ཞི་བའི་དབྱངས་ཅན་མ། །དོ་སྐྱེས་ཤིན་ཏུ་དམར་བའི་མདོག །འདོད་ཆགས་གཤིན་རྗེ་མཐར་འཇོམས་གཟུགས། །བྱང་ཤར་གྱི་ནི་མཚམས་སུ་ནི། །གཽ་རཱི་ལྗང་གུ་འཇིགས་སུ་རུང་། །རུ་སྐྱེས་ཕྲག་དོག་གཤིན་རྗེ་གཤེད། །གཟུགས་དང་མཚན་མ་འཛིན་པའི་ མཆོག །སྔོན་པོའི་གཡས་ནི་དཀར་བ་དང་། །དཀར་པོའི་གཡས་ནི་སྔོ་བ་དང་། །དེ་གཉིས་ཀྱི་གཡོན་དམར་པོ་སྟེ། །དེ་ལས་གཞན་པ་སྡོ་དཀར་པོ། །དཀྱིལ་འཁོར་གྱི་ནི་མཚམས་བཞི་རུ། །ན་ཡོ་ནི་ར་ཐོད་པའོ། །གྲུབ་ནས་རབ་སྤྲོ་བློ་ལྡན་གྱིས། །ཇི་སྐད་བརྗོད་པའི་རང་སྔགས་ཀྱིས། ། ཧྲཱིཿཥྚྲྀཿལ་སོགས་སྔགས་ཀྱི་སྒྲས། །དཀྱིལ་འཁོར་གཙོ་བོ་ཡང་དག་བསྐུལ། །སྤྲུལ་པ་མཐའ་ཡས་སྤྲོས་པ་ཡིས། །སེམས་ཅན་དོན་མཆོག་བྱས་ནས་ནི། །རང་གི་ལུས་ལ་ཐམས་ཅད་ཀྱིས། །ཁྲོ་བོ་དཔའ་བོ་ཐམས་ཅད་དགོད། །ཛི་ན་ཛིཀ་ཅེས་བྱ་བ་འདིས། །ཤར་དུ་གཏི་མུག་མཐར་བྱེད་ པ། །རྩིབས་ཀྱི་རྩ་བ་ལ་གནས་པ། །སྣ་ཚོགས་ཆུ་སྐྱེས་ཟླ་བར་དགོད། །རཏྣ་དྷྲྀཀ་ཅེས་བྱ་བ་འདིས། །ལྷོ་རྩིབས་ཆུ་སྐྱེས་ཉི་མ་ལ། །ཕྲ་མ་ཞེས་བྱ་དྲངས་ནས་ནི། །ཆོ་ག་བཞིན་དུ་དགོད་པར་བྱའོ། །ཨཱ་རོ་ལྀཀ་ཅེས་བྱ་བ་འདིས། །འདོད་ཆགས་གཤིན་རྗེ་སེལ་བྱེད་པ། །ནུབ་རྩིབས་འདམ་སྐྱེས་ཉི་མ་ ལ། །ཆོ་ག་བཞིན་དུ་རྣམ་པར་བསམ། །པྲཛྙཱ་དྷྲྀཀ་ཅེས་བྱ་བ་འདིས། །ཕྲག་དོག་གཤིན་རྗེ་ཟད་བྱེད་པ། །བྱང་རྩིབས་ཆུ་སྐྱེས་ཉི་མ་ལ། །ཆོ་ག་བཞིན་དུ་དགོད་པར་བྱ། །མུངྒར་དྷྲྀཀ་ཅེས་བྱ་བ་ཡིས། །ཤར་སྒོར་ཆུ་སྐྱེས་ཉི་མ་ལ། །ཐོ་བའི་མཐའ་འཇོམས་ཟ་བྱེད་པ། །བློ་དང་ལྡན་ པས་བསམ་པར་བྱ། །དཎྜ་དྷྲྀཀ་པའི་སྔགས་འདི་ཡིས། །ལྷོ་ཡི་སྒོ་རུ་ཡང་དག་གནས། །དབྱུག་པ་གཤིན་རྗེ་འདུལ་དཀའ་བ། །སྣ་ཚོགས་ཆུ་སྐྱེས་ཉི་མར་དགོད། །པདྨ་དྷྲྀཀ་ཅེས་བྱ་བ་འདིས། །པདྨ་གཤིན་རྗེ་གཤེད་འཇོམས་པ། །ནུབ་སྒོར་ཆུ་སྐྱེས་ཉི་མ་ལ། །གཏུམ་པོ་ སྟོབས་ཆེན་བསྒོམ་པར་བྱ། །ཁཌྒ་དྷྲྀཀ་ཅེས་བྱ་བ་འདིས། །རལ་གྲི་གཤིན་རྗེ་ཟད་པར་བྱེད། །སྣ་ཚོགས་པདྨ་ཉི་མར་བསམ། །བྱང་དུ་བདུད་ནི་འཇོམས་པའོ། །སྣ་ཚོགས་རྡོ་རྗེའི་མཚམས་བཞི་ལ། །ལྷ་མོ་བསྒོམ་བྱ་དེ་བཞིན་མཆོག །ཤར་ལྷོ་ལྷ་མོ་སེམས་མ་སྟེ། །གཏུམ་མོ་མཛེས་ མའི་འོད་ཟེར་ཅན། །མོ་ཧ་ར་ཏི་ཞེས་སྔགས་ཀྱིས། །སྣ་ཚོགས་ཆུ་སྐྱེས་ཟླ་བར་གནས། །དེ་ནས་ལྷོ་ནུབ་རྡོ་རྗེ་མོ། །ཕག་མོ་རིགས་ཀྱི་གཙོ་མོ་སྟེ། །དྭེ་ཥ་ར་ཏི་དེ་ཉིད་འདིས། །པདྨ་ཟླ་བར་མཁས་པས་དགོད། །དེ་ནས་ནུབ་བྱང་མཚམས་སུ་ནི། །ཟླ་བར་དབྱངས་ཅན་དགོད་པར་བྱ། །རཱ་ག་ ར་ཏིའི་སྔགས་འདི་ཡིས། །དེ་ནས་བྱང་ཤར་གཽ་རཱི་སྟེ། །བཛྲ་ར་ཏིའི་སྔགས་འདི་ཡིས། །ཟླ་བར་ཨོཾ་གྱིས་མཚན་པའོ། །རྩ་བའི་དཀྱིལ་འཁོར་གྲྭ་བཞི་རུ། །དེ་ཉིད་གསུམ་གྱི་ཐོད་པའོ། །འདི་ལྟར་སྤྲོ་བྱ་དཀྱིལ་འཁོར་བཅས། །བརྟན་པར་བྱས་ནས་བདེ་ལྡན་པ། །སྔོན་གྱི་འཁོར་ལོ་དེར་ཐིམ་པར། ། མཉམ་པར་གཞག་པས་བལྟ་བར་བྱ། །འདི་ནི་ཤིན་ཏུ་རྣལ་འབྱོར་རོ། །གཤིན་རྗེ་ནག་པོ་འཇོམས་པ་དང་། །དཀྱིལ་འཁོར་པ་ཡི་རང་བཞིན་གྱིས། །མིག་དང་སྐུ་སོགས་ངོ་བོ་ལ། །ལྷ་རྣམས་བྱིན་གྱིས་བརླབ་པར་བྱ། །ཀྵིཾ་ལས་འཁོར་ལོ་གཏི་མུག་མདངས། །ཅུང་ཟད་ཁྲོ་བོ་མིག་ལ་ནི། །རྡོ་རྗེ་ མིག་དགོད་བློ་ལྡན་གྱིས། །རྣ་བར་ཛཾ་ཡིག་རྡོ་རྗེ་ལས། །རྡོ་རྗེ་རྣ་བ་ནག་པོའི་མདངས། །སྣ་རུ་ཁཾ་ཡིག་རིན་ཆེན་འབྱུང་། །ཕྲ་མ་ཞེས་བསྒྲགས་དང་མཚུངས་པ། །ཟླ་བར་རྡོ་རྗེ་སྣ་ཚོགས་སོ། །ལྕེ་ལ་རཾ་ཞེས་པདྨ་ལས། །རྡོ་རྗེ་ལྕེ་བྱུང་པདྨར་སོང་། །འདོད་ཆགས་གཤིན་རྗེ་མདངས་ལྡན་པའོ། །ཀཾ་སྐྱེས་ རལ་གྲི་ལས་བྱུང་བ། །རྡོ་རྗེ་སྐུ་སྟེ་ཟླ་བར་གནས། །ཕྲག་དོག་གཤིན་རྗེ་གཤེད་ཀྱི་གཟུགས། །དཔྲལ་བར་སྐུ་ཡི་ལུས་ཅན་ནོ། །ལྟེ་བའི་སྟེང་དུ་སཾ་ལས་སྐྱེས། །ཐུགས་ཀྱི་རྡོ་རྗེ་དེ་བཞིན་མཆོག །ཁྲོ་བོ་སྒེག་པའི་གཟུགས་ཅན་ནི། །རྡོ་རྗེ་འཛིན་པའི་རྣམ་པར་དགོད། །ཡན་ལག་དྲུག་ལ་དགོད་པ་ནི། །མངོན་ ཤེས་སྒྲུབ་པའི་དོན་དུ་བཤད། །སྙིང་གར་ཧཱུྃ་ལས་རྡོ་རྗེ་དབུས། །ཧཱུྃ་གནས་རྡོ་རྗེ་སྔོན་པོའི་མདངས། །ཐུགས་ཀྱི་རྡོ་རྗེ་གཤིན་རྗེ་གཤེད། །ཁ་དོག་ཕྱག་མཚན་ཡང་དག་ལྡན། །མགྲིན་པར་ཨཱཿཡིག་པདྨ་ལས། །སླར་ཡང་པདྨ་ལས་བྱུང་བ། །འདོད་ཆགས་གཤིན་རྗེ་གཤེད་འདྲའི་ལུས། །དཔལ་ལྡན་གསུང་ གི་རྡོ་རྗེ་བསམ། །སྤྱི་བོར་ཨོཾ་ལས་འཁོར་ལོ་སྟེ། །ཨོཾ་དང་འཁོར་ལོ་དཀར་པོའི་མདངས། །སྐུ་ཡི་རྡོ་རྗེ་སྐུ་དབང་ཕྱུག །ཕྱག་དང་ཁ་དོག་མཚན་མ་མཆོག །དེ་ཉིད་གསུང་གི་རྡོ་རྗེ་མཆོག །རྫོགས་ནས་ནམ་མཁར་གནས་པ་ཡི། །སངས་རྒྱས་མཆོད་ནས་སྔགས་ཀྱིས་ནི། །དེ་རྣམས་བྱིན་གྱིས་ བརླབ་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རང་སྙིང་ས་བོན་འོད་ཟེར་གྱིས། །སྣ་ཚོགས་གནས་པའི་སངས་རྒྱས་རྣམས། །སྲས་དང་བཅས་པ་སྤྱན་དྲངས་ནས། །མདུན་དུ་བལྟས་ ནས་དེ་རྣམས་ལས། །རྣམ་པར་སྤྲོས་པ་གང་ཡིན་པ། །སེམས་མ་ལ་སོགས་སླར་ཡང་ནི། །ཟླ་མདངས་བུམ་པ་བཟུང་ནས་ནི། །དེ་རྣམས་བཀྲ་ཤིས་ཚིགས་བཅད་དང་། །དེ་བཞིན་སྙན་པ་གླུ་ཡི་སྒྲས། །དབང་བསྐུར་བར་ནི་བསམ་པར་བྱ། །བདག་དང་གཞན་ཉིད་ཐམས་ཅད་ལ། །སྤྱི་བོར་གཤིན་རྗེ་ནག་ པོར་རོ། །རྡོ་རྗེ་ཅན་རྣམས་བདག་སྤྱི་བོར། །རང་སྙིང་ས་བོན་འོད་ཟེར་གྱིས། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ནས། །བདག་མདུན་བལྟས་ནས་ཁྲོ་བོས་ནི། །བགེགས་བསྐྲད་ནས་ནི་བསྲུང་བ་དང་། །ཨརྒྷ་ཞབས་བསིལ་ལ་སོགས་འབུལ། །ཨོཾ་མུངྒ་ར་ཛཿཞེས་བྱ་བའི་སྔགས་འདིས་དགུག་གོ། ། ཨོཾ་དཎྜ་ཧཱུྃ་ཞེས་པ་འདིས་གཞུག་གོ། །ཨོཾ་པདྨ་བཾ་ཞེས་པ་འདིས་བཅིང་ངོ་། །ཨོཾ་ཁཌྒ་ཧོཿཞེས་པ་འདིས་དབང་དུ་བྱའོ། །རང་སྙིང་ས་བོན་འོད་ཟེར་གྱིས། །སངས་རྒྱས་རྣམས་ནི་བཀུག་ནས་གཞུག །སྙིང་གར་ཞུ་བར་བལྟས་ནས་ནི། །རང་སྙིང་པདྨའི་ལྟེ་བ་ལ། །ཟླ་བ་ལས་བྱུང་ལྷ་མོའི་ཚོགས། །སྣ་ཚོགས་མེ་ཏོག་ ཡོ་བྱད་ཚོགས། །ལག་པའི་འདབ་མས་བཟུང་ནས་ནི། །མཆོད་པའི་གླུ་ནི་ཡིད་འོང་བ། །སྣ་ཚོགས་གར་གྱི་བྱེ་བྲག་དང་། །བདེ་བ་ཆེན་པོ་སྟེར་བ་ཡི། །འགྱིང་དང་བཅས་པས་མཆོད་པར་བྱ། །ཨེ་མ་ཀྱེ་ཀྱེ་བླ་མ་གཤིན་རྗེ་གཤེད་ནག་པོ། །སྲིན་པོའི་གཟུགས་ཀྱི་རང་བཞིན་ གང་། །ད་ནི་ཁྱོད་མཐོང་བས་འཇིགས་པས། །བླ་མ་ཁྲོ་བའི་རང་བཞིན་དོར། །ས་སྟེངས་ས་བླ་ས་འོག་རྣམས། །ཁྱོད་ཀྱིས་གར་བྱས་པས་ནི་འདར། །མིག་སྨན་བདར་ནག་ཁྲོ་བོའི་ཡིད། །གར་མཛད་ཁྱོད་ནི་རོ་ལངས་གཟུགས། །གནག་ཅིང་སྦོམ་པ་ཡི་ནི་ཚད། །རྣམ་པ་མང་པོའི་གཟུགས་ སྤྲུལ་བྱེད། །རྡོ་རྗེ་དབྱངས་ཅན་འདུད་པར་བྱེད། །ཁྱོད་ནི་གར་མཛོད་བདེ་བ་ཆེ། །ཁྱོད་ནི་ཧྲཱིཿཥྚྲྀཿསྔགས་ཀྱི་སྒྲས། །ཁམས་གསུམ་པ་ཡི་འཁྲུལ་པ་སོལ། །རྗེ་བཙུན་སྙིང་རྗེ་ཡིས་ནི་ཁྲོ། །ཁྱོད་ནི་འགྲོ་བལྟས་གར་བྱེད་པ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། བྲག་ཅ་དང་ མཚུངས་ཐམས་ཅད་ནི། །སྒྲ་ཡི་གྲོང་རྣམས་རྣམ་བལྟས་ནས། །འཁོར་ལོ་ཅན་ནི་དེ་རྣམས་ཀྱིས། །དེ་བཞིན་གཙོ་བོས་དེ་རྣམས་སོ། །གཏི་མུག་རྡོ་རྗེའི་རང་བཞིན་ཅན། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །ཕྲ་མོ་རྡོ་རྗེའི་ རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །རྡོ་རྗེ་ཐུགས་བཞིན་རབ་གསལ་བ། །རྡོ་རྗེ་རིན་ཆེན་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །ཐམས་ཅད་དབྱངས་མཆོག་དམ་པ་མཆོག །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། ། ཕྲག་དོག་དངོས་པོའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །རྡོ་རྗེ་སྐུ་བཞིན་རབ་གསལ་བ། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་ཏུ་སྡུད། །སངས་རྒྱས་ཀུན་དང་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཕྱག་ འཚལ་བསྟོད། །ཨ་ཡིག་ལས་བསྐྱེད་དག་པ་ནི། །མགོ་བོ་གསུམ་གྱི་སྟེང་ན་གནས། །པདྨའི་སྣོད་ནི་རབ་རྫོགས་ནས། །དེ་འོག་མེ་ཡི་དཀྱིལ་འཁོར་ནི། །རཾ་ལས་བྱུང་བ་གྲུ་གསུམ་མོ། །དེ་འོག་རླུང་གི་དཀྱིལ་འཁོར་ནི། །ཡཾ་སྐྱེས་སྔོན་པོ་གཞུ་ཡི་དབྱིབས། །གཡོ་བའི་འཕན་གྱིས་མཚན་ པའོ། །དེ་ལ་མིང་ཡིག་དང་པོ་སྐྱེས། །དེ་ནི་རྣམ་པར་སྣང་མཛད་སོགས། །ད་ཡིག་ལས་སྐྱེས་ཡང་དག་བྱུང་། །གླང་པོ་ལ་སོགས་ལྔ་པོ་རྣམས། །ཧཱུྃ་སྐྱེས་རྡོ་རྗེའི་ཁ་ཆོད་ཀྱིས། །ད་ཡི་ཁ་བཅད་བསྒོམ་པར་བྱའོ། །རླུང་གིས་བསྐུལ་བའི་མེ་ཡིས་ནི། །དེ་ཡང་ཞུ་བར་རྣམ་པར་བསམ། །རྡོ་རྗེ་མཉམ་ པའི་རོར་གྱུར་པ། །ཤིན་ཏུ་དྲི་མེད་དག་པར་བལྟས། །དེར་ནི་ཨོཾ་ཡིག་འོད་ཟེར་གྱིས། །སངས་རྒྱས་ཀུན་བཀུག་ཡེ་ཤེས་གཟུགས། །སྔགས་ཀྱི་གཟུགས་ཀྱིས་རབ་ཏུ་གཞུག །བདུད་རྩི་མཆོག་ལྔ་བལྟས་ནས་ནི། །དེ་ཉིད་གསུམ་གྱི་བྱིན་གྱིས་བརླབ། །དཀྱིལ་འཁོར་བདག་པོ་ཚིམ་པར་བྱ། །ཡི་གེ་ཧཱུྃ་ ལས་བྱུང་བ་ཡི། །ལྕེ་ནི་རྡོ་རྗེ་དཀར་པོར་བལྟ། །དེ་ཡི་འོད་ཟེར་སྦུ་གུའི་གཟུགས། །དེ་ཡིས་ཡང་དག་དྲངས་ནས་ནི། །སྣ་ཚོགས་གནས་པའི་སངས་རྒྱས་རྣམས། །དཀྱིལ་འཁོར་པ་ནི་དེ་བཞིན་མཆོད། །སྙིང་གར་ཡེ་ཤེས་འོད་ཟེར་གྱིས། །བཀོད་ནས་རྟོག་པ་ཐམས་ཅད་སྤངས། །ཐོག་མཐའ་དབུས་ཀྱི་ བྱེ་བྲག་གིས། །འདིར་ཡང་གཅིག་ཏུ་མི་རིགས་སོ། །རྡུལ་ཕྲན་ཆ་ཤས་མེད་པས་ན། །དུ་མར་ཡང་ནི་རིགས་མ་ཡིན། །གཅིག་དང་དུ་མའི་རང་བཞིན་གང་། །གང་བྲལ་དེ་ནི་དེ་བཞིན་མིན། །འཁྲུལ་གཟུགས་དེ་ཉིད་མ་ཡིན་པས། །གང་ཕྱིར་འཁྲུལ་པ་གཉིས་ལ་གནས། །མ་འཁྲུལ་རྟག་ཏུ་བསམ་མི་ཁྱབ། །སྤྲོ་ དང་བསྡུ་བ་ཡི་ནི་ལས། །སེམས་ཅན་དོན་ལ་རོ་གཅིག་བློ། །འདི་ལས་དེ་ཉིད་གཞན་དུ་མེད། །ཡེ་ཤེས་ཞབས་སོགས་མཆོག་རྣམས་ཀྱིས། །འདི་དག་ཉིད་ནི་གསལ་བར་བཤད། །དཔལ་ལྡན་གསང་བ་འདུས་པ་ལས། །གསུངས་པ་ཅུང་ཟད་བཤད་པར་བྱ། །དངོས་པོ་མེད་ཅིང་བསྒོམ་པ་མེད། །ཁམས་ དག་མེད་ཅིང་རྣམ་ཤེས་མེད། །ནམ་མཁའ་དང་ནི་མཐུན་པའི་གནས། །ནམ་མཁའ་བཞིན་དུ་བདག་མེད་པ། །ཆོས་འདི་བདེ་བ་ཆེན་པོ་ཡིན། །ས་ཡང་མེད་ཅིང་ཆུ་ཡང་མེད། །མེ་དང་རླུང་ཡང་ཡོད་མ་ཡིན། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །སྐྱེ་བ་འདི་ནི་རབ་ཏུ་གནས། །ཐམས་ཅད་དངོས་པོ་དངོས་ མེད་བཤད། །དངོས་པོ་མེད་པར་དེ་ཡིས་བསྒྲགས། །རྣལ་འབྱོར་རྣལ་འབྱོར་པར་འབྲེལ་པས། །ཆད་པ་མ་ཡིན་རྟག་པ་མིན། །ཕྱག་དང་ཞབས་དང་ཁ་དོག་མེད། །མཆོག་ཏུ་དགའ་བའི་མཚན་ཉིད་དོ། །དངོས་པོ་ཐམས་ཅད་བདེན་པ་མིན། །ཐོག་མ་བར་དང་མཐའ་སྤངས་པ། །འདི་ལྟར་དཔྱད་ན་ འཁོར་ལོ་ལ། །དམ་པ་ཡང་དག་རྟོག་པ་སྤངས། །ཕུང་པོ་ཁམས་ནི་བདག་མེད་པ། །བསྒོམ་བྱ་བདེ་བ་དམ་པའི་གཟུགས། །རང་སྙིང་ས་བོན་འོད་ཟེར་གྱིས། །འགྲོ་བ་གཤིན་རྗེ་གཤེད་བྱས་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །བཀུག་ནས་དེ་ལ་སོང་བར་བསམ། །རྡོ་རྗེ་ དྲི་མ་མེད་དང་ཆོས། །ཡེ་ཤེས་ལམ་སྐྱེ་དགོད་པར་བྱ། །དེར་ནི་རང་གི་ས་བོན་རྣམས། །ཡེ་ཤེས་ཧྲཱིཿཥྚྲྀཿལ་སོགས་དགོད། །བདེ་བ་དམ་པའི་རྣམ་པ་མཐོང་། །ཡང་དག་རྟོག་པ་ཐམས་ཅད་སྤངས། །སྤྲོ་དང་བསྡུ་བ་ཡང་དག་རྒྱས། །བདག་ཉིད་མཁས་པས་བཟླས་པ་བརྩམ། །སྐུ་ལ་སོགས་པ་སྤྲོ་ དང་བསྡུ། །རིམ་དང་ཅིག་ཅར་དག་ཀྱང་རུང་། །ཁྲོ་བོའི་ཚོགས་ནི་སྤྲུལ་ལས་བྱ། །འགྲོ་བ་ཧྲཱིཿཥྚྲྀཿལ་སོགས་སྒྲ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འདི་ལྟར་ཆོ་ག་འདི་ཡིས་ནི། །བསྒོམས་ནས་བཟླས་པ་ཐམས་ཅད་བྱ། །ཟས་སོགས་བྱ་བ་ཐམས་ཅད་ནི། །བྱེད་འདོད་བལྟ་བར་བརྩོན་པ་ ཡིན། །མཆོད་བསྟོད་བདུད་རྩི་མྱང་བྱས་ནས། །སེམས་ཅན་དོན་ནི་བྱ་བའི་སེམས། །དེ་ཉིད་གསུམ་གྱི་ཆོ་ག་ཡིས། །ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ། །བདག་ལ་བདག་གི་འཁོར་ལོ་ནི། །ཆོ་ག་ཇི་ལྟར་གཞུག་པར་བྱ། །རང་གི་བསོད་ནམས་ཡང་དག་བསགས། །མངོན་པར་བྱང་ཆུབ་ ཡང་དག་བསྔོ། །ཨོཾ་ཨཱཿཧཱུྃ་མུཿཞེས་པ་འདིས། །གཤེགས་སུ་གསོལ་བར་བྱའོ། །འདི་ནི་རྣལ་འབྱོར་ཆེན་པོའོ། །ལངས་ནས་རང་གི་བདག་པོ་ཡི། །རྣམ་པའི་ང་རྒྱལ་བྱས་ནས་འགྲོ། །རྣམ་པ་ཐམས་ཅད་དངོས་པོ་ཀུན། །སྔགས་ཀྱི་དངོས་པོ་དེ་བཞིན་དུ། །གཏི་མུག་གཤིན་རྗེ་གཤེད་པོའི་ གཟུགས། །བསྒོམས་ནས་བཅག་པ་དག་ཏུ་བྱ། །ཐུན་མཚམས་སུ་ནི་རྣལ་འབྱོར་སོགས། །དང་པོ་རྣལ་འབྱོར་པས་བསྒོམ་བྱ། །ཅུང་ཟད་ཡེ་ཤེས་རྗེས་རྣལ་འབྱོར། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །ཡང་དག་ཡེ་ཤེས་དབང་རྣམ་པས། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །ཇི་སྐད་ གསུངས་པའི་ཆོ་ག་ཡིས། །ཐུན་གཅིག་ལ་ནི་བསམ་གཏན་འདིར། །རྣལ་འབྱོར་པ་ཡི་སྤྲོ་བསྡུ་ལུས། །དེ་ཉིད་གསུམ་བདག་ཡེ་ཤེས་གཟུགས། །རང་ཉིད་གཤིན་རྗེ་གཤེད་པོ་ཡིས། །དབང་བསྐུར་ཆོ་ག་བསམས་པ་དང་། །བདུད་རྩི་ལྔ་ཡི་ཆོ་ག་ཡིས། །ཟས་ཀྱི་བྱ་བ་བྱ་བ་དང་། །གཞན་ཡང་ མཆོད་པའི་རྣམ་རྟོག་གིས། །བདག་དང་ཕ་རོལ་པོ་ཡང་རུང་། །ཆོ་ག་བཞིན་དུ་རྟག་ཏུ་མཆོད། །དཔལ་ལྡན་གཤིན་རྗེ་གཤེད་གཟུགས་སུ། །མཐོང་བ་ཉིད་ནི་བྱང་ཆུབ་ཆེ། །བདག་གཞན་མཉམ་པར་བྱང་ཆུབ་སྟེ། །གང་ཕྱིར་རང་གི་བདག་པོ་སྦྱོར། །དེ་ལྟར་མིན་ནི་ཇི་ལྟར་འགྱུར། །རྣལ་འབྱོར་པ་ཡི་ གྲུབ་པ་མཆོག །ཇི་ལྟར་རྣམ་པ་སྣ་ཚོགས་ཉིད། །དངོས་པོ་གཅིག་ལ་བརྟགས་པ་སྟེ། །གྲོལ་དང་བདེ་དང་སྡུག་བསྔལ་གནས། །སྐྱེ་འགྱུར་ལས་ཀྱི་བྱེ་བྲག་ལས། །རྣམ་པར་མི་རྟོག་བདག་ཉིད་སེམས། །བདེ་བ་དམ་པ་མཐའ་ཡས་གཟུགས། །ཤེས་རབ་ཐབས་ཀྱི་ངོ་བོ་ཉིད། །གང་ཕྱིར་འབྲས་ བུ་ནག་པོར་འགྱུར། །སྒྲོལ་འདོད་འཁོར་བའི་རྒྱ་མཚོ་སྐྱེ་དང་འཆི་བར་བཅས་པའི་འཁོར་བ་ཟབ་མོ་འཇིགས། །ཆགས་སྡང་ལ་སོགས་ཆུ་སྲིན་འཁྲུགས་པ་ཤིན་ཏུ་གཡོ་བ་ལྦུ་བ་རྨུགས་གཉིད་སོགས། །དཔལ་ལྡན་གཤིན་རྗེ་གཤེད་པོ་བདེ་བའི་རང་བཞིན་ནོར་ཆེན་སྒྲུབ་ཐབས་བྱས་པ་ཡིས། །ཚིག་གི་ སྣང་བ་གྲུབ་བཅས་བདག་གིས་བསོད་ནམས་ཐོབ་པས་འགྲོ་ཀུན་གྲུབ་ཐོབ་ཤོག །ཚིག་གི་སྣང་བ་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས། སློབ་དཔོན་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དཱ་ན་ཀཱིརྟི་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར།། །། ༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་མཎྜ་ལ་ནོ་པི་ཀ །བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་རང་བཞིན་གྱི། །དཔལ་ལྡན་གཤིན་གཤེད་དཀྱིལ་འཁོར་གཙོར། །བཏུད་དེ་ ཆོ་ག་མདོར་དྲན་པ། །དེ་ཡི་དཀྱིལ་འཁོར་ཆོ་ག་བཤད། །དང་པོ་རྣལ་འབྱོར་པ་འགྲོ་བ་གདོན་པའི་བསམ་པ་ཅན་གྱིས། ཚངས་པའི་གནས་བཞི་ལ་གནས་ལ་རང་བཞིན་གྲུབ་པར་བྱ་བའི་ཕྱིར་རམ། གཞན་ལན་གཉིས་ལན་གསུམ་དུ་གསོལ་བ་འདེབས་པ་དེ་རྗེས་སུ་གཟུང་བའི་ཕྱིར། གལ་ ཏེ་དཀྱིལ་འཁོར་བྲི་བར་འདོད་ན། རྣལ་འབྱོར་བཞི་སྔོན་དུ་བྱས་ལ། བསྙེན་པའི་ཆོ་གས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོའི་སྔགས་འབུམ། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་གཞན་གྱི་ཁྲི་བཟླས་སོ། །བཅོམ་ལྡན་འདས་ཀྱི་རྗེས་སུ་གནང་བ་མཚན་མ་ཐོབ་པའམ། རང་གི་སེམས་ དག་པའི་སྒོ་ནས་བྲི་བར་བྱའོ། །དེ་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་སྒྲུབ་པའི་དཀྱིལ་འཁོར་གྱི་ཁང་པར་དཀྱིལ་འཁོར་གྱིས་སྦྱང་བར་བྱའོ། །གཏོར་མ་སྦྱིན་ཞིང་མཆོད་པ་སྣ་ཚོགས་ཉེ་བར་བྱས་ལ། རྣལ་འབྱོར་བཞི་དང་ལྡན་པའི་གྲོགས་དང་བཅས་པས། ཨོཾ་བྷུ་ཁཾ་ཞེས་བྱ་བའི་སྔགས་ཀྱིས་ ནམ་མཁའི་རང་བཞིན་དུ་བྱའོ། །ཧཱུྃ་ལཾ་ཧཱུྃ་ཞེས་བྱ་བས་ནོར་འཛིན་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བཛྲ་བནྡྷ་ཧཱུྃ་ཞེས་བྱ་བས་དེ་ཉིད་དུ་རང་བཞིན་གྱིས་དག་པའི་གཤིན་རྗེ་མཐར་བྱེད་ནག་པོའི་གཟུགས་ཀྱིས་རྡོ་རྗེ་དང་། དྲིལ་བུས་བྲེལ་བའི་ཕྱག་རྒྱ་དང་ལྡན་པ་ལ་གཏི་ མུག་གཤིན་རྗེ་གཤེད་ལ་སོགས་པའི་གཟུགས་ཀྱིས། སློབ་མ་བཞི་ལག་པ་ན་རྡོ་རྗེ་དང་དྲིལ་བུ་ཐོགས་པས། གསོལ་བ་གདབ་བོ། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་གཤེད་པོ་རབ་ འཇིགས་པ། །ཕྲ་མ་རྡོ་རྗེའི་ངོ་བོ་ཁྱོད། །རྡོ་རྗེ་ཐུགས་དང་རབ་མཚུངས་པ། །རྡོ་རྗེ་རིན་ཆེན་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད། །འདོད་ཆགས་ཆོས་ཀྱི་འབྱུང་གནས་བརྙེས། །དབྱིངས་མཆོག་ཀུན་གྱི་གཙོ་བོའི་གཙོ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་ངོ་བོ་ ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་པ། །རྡོ་རྗེ་སྐུ་དང་རབ་ཏུ་མཚུངས། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །གཤིན་ རྗེ་འཇིགས་པའི་དཀྱིལ་འཁོར་འདི། །དཀྱིལ་འཁོར་ཀུན་གྱི་གཙོར་གྱུར་པ། །སྡིག་པ་ཐམས་ཅད་འཇིག་བྱེད་པའི། །མགོན་པོ་དཀྱིལ་འཁོར་བྲི་བར་མཛོད། །དེ་རྣམས་ཀྱིས་དབྱངས་གཅིག་ཏུ་གསོལ་བ་བཏབ་པར་རིག་ནས། སེམས་ཅན་གྱི་ཁམས་མ་ལུས་པ་འདོད་ཆགས་ལ་ སོགས་པའི་ཉོན་མོངས་པས་གཟིར་བར་བལྟས་ཏེ། །ཉོན་མོངས་པ་རྣམས་བསལ་བའི་ཕྱིར། ཧཱུྃ་བཛྲོད་ཏིཥྛ་ཞེས་བྱ་བའི་སྔགས་ཀྱིས་རང་གི་རྡོ་རྗེ་གསོར་ལ། ཡི་གེ་མ་ལས་མིག་གཡོན་པ་ཟླ་བ་ཊ་ལས་མིག་གཡས་པ་ཉི་མར་བྱས་པས་དུས་དང་ཕྱོགས་ཀུན་གསལ་བར་བྱས་ནས། རྣལ་འབྱོར་པས་ཁམས་ གསུམ་མ་ལུས་པ་ལ་བལྟ་ཞིང་། རྐང་པའི་འོག་ཏུ་སྣ་ཚོགས་རྡོ་རྗེ་འབར་བ་བསྒོམས་ལ། རྡོ་རྗེ་གསོར་བ་ཉིད་ཀྱིས། རྡོ་རྗེ་འགྲོས་ཀྱི་གར་དང་། འཁོར་ལོའི་ས་བསྐོར་བར་བྱའོ། །མགུར་ན་ཧྲཱིཿཥྚྲྀཿལ་སོགས་པ་སྒྲོགས་པའི་སྒྲས། དཀྱིལ་འཁོར་གྱི་བགེགས་སྐྲག་པར་བྱས་ལ། ཉོན་ཅིག་ ལྷ་ཚོགས་བགེགས་ཀྱི་ཚོགས། །ལུས་ངག་ཡིད་ལ་གནས་པ་རྣམས། །དཔལ་ལྡན་རྡོ་རྗེ་འཛིན་པ་བདག །སྲུང་བའི་འཁོར་ལོ་སྦྱོར་བ་ཡིས། །རྡོ་རྗེ་ལུས་ནི་མདངས་ལྡན་པས། །ལུས་སོགས་གསུམ་སྐྱེས་འཇིག་པར་བྱེད། །གལ་ཏེ་ང་ལ་འགས་བརྙས་ན། །འདིར་ནི་དེ་གཞོམ་ གཞན་དུ་མིན། །རྡོ་རྗེའི་གནས་སུ་འཁོར་ལོ་དང་། །རིན་པོ་ཆེ་དང་། པདྨ་དང་། རལ་གྲི་རབ་ཏུ་བཀོད་ལ་བརྗོད་པར་བྱའོ། །ས་ཡོངས་སུ་གཟུང་བ་བྱས་པའི་རྗེས་ལ། བགེགས་མེད་པར་བྱ་བའི་ཕྱིར་ཕུར་བུས་གདབ་པར་བྱའོ། །དེ་ལ་ཕུར་བུའི་སྔགས་ནི་འདི་ཡིན་ཏེ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ ཡ། སརྦ་དུཥྚཱན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་བཛྲ་དྷ་རོ་ཨཱཛྙཱ་པ་ཡ་ཏི། སརྦ་བིགྷྣཱཾ་ཀཱ་ཡ་བཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། འོག་དང་སྟེང་དང་ཕྱོགས་མཚམས་ཀྱི་བགེགས་ཐམས་ཅད་རལ་གྲི་གཤིན་རྗེ་གཤེད་ཀྱི་ཕུར་བུས་གདབ་པར་བྱའོ། །དེ་ལྟར་ས་ཡོངས་སུ་ གཟུང་བ་བྱས་ཏེ། ས་བགེགས་ཞི་བར་བྱས་པས་མཐོང་ནས། ཕྱོགས་མཚམས་འབར་བའི་འོད་ཀྱིས་མཚམས་བཅད་པ་བྱས་ཏེ། ཕྱི་རོལ་དུ་སའི་ལྷ་མོ་མདོག་སེར་བ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལུས་ཀྱི་ཕྱེད་བྱུང་བ། ཕྱག་གཡས་པ་ཁས་ལེན་པའི་ལག་པ་ལྟ་བུ་གཡོན་ན་བུམ་ པ་འཛིན་པ། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་མཆོད་ལ་སྟ་གོན་དུ་གནས་པར་བྱའོ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །ཐེག་པ་སྤྱོད་པའི་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་ལའོ། །ཇི་ལྟར་ཤཱཀྱ་སེང་གེ་ཡིས། །བདུད་ཀྱི་སྟོབས་རྣམས་བཅོམ་པ་ལྟར། ། བདག་གིས་བདུད་ཀྱི་སྟོབས་བཅོམ་སྟེ། །དཀྱིལ་འཁོར་ཆེན་པོ་བྲི་བར་བྱ། །དེ་ནས་དེ་ཉིད་དུ་ཞུགས་པར་བསམ་པར་བྱ་སྟེ། ས་སྟ་གོན་དུ་གནས་པའོ། །དེ་ནས་ཡང་དེ་ཉིད་ལ་དྲིས་ཉེ་བར་བྱུགས་ལ། མེ་ཏོག་སྣ་ཚོགས་ཀྱིས་དགྲམ་པར་བྱའོ། །ལྷའི་གནས་རྣམས་སུ་ཙནྡན་ལ་སོགས་པའི་མཎྜལ་ བྱའོ། །དེ་ཉིད་དུ་སྙིང་གའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་འཁོར་ལོ་བཀུག་ལ་མཚམས་བཅད་པ་ལ་སོགས་པ་བྱའོ། །མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་ལ་སོགས་པ་ཡང་བྱའོ། །དེ་ནས་རྐང་པ་གཡས་པའི་པུས་མོ་ས་ལ་བཙུགས་ལ། ལག་པ་གཡས་ པར་སྤོས་སྣོད་ཐོགས་ཏེ། འཁོར་ལོ་རྫོགས་པའི་སངས་རྒྱས་ལ་གསོལ་བ་གདབ་པར་བྱའོ། །བཅོམ་ལྡན་གཤིན་རྗེ་གཤེད་རྡོ་རྗེ། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་སྙིང་རྗེའི་བདག་ཉིད་ཅན། །མགོན་པོ་བདག་ཉིད་བྲི་བར་འཚལ། །སློབ་མ་ལ་ནི་བརྩེ་ཕྱིར་དང་། །ཁྱེད་ རྣམས་ལ་ཡང་མཆོད་པའི་ཕྱིར། །བདག་ནི་བཅོམ་ལྡན་ཁྱེད་ལ་གུས། །དགྱེས་པར་མཛད་པའི་འོས་ལགས་སོ། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །འགྲོ་བའི་འཁོར་ལོ་བྱ་བའི་ཕྱིར། །འབྲས་གནས་བྱང་ཆུབ་སེམས་དཔའ་དང་། །གཞན་ཡང་གསང་སྔགས་ལྷ་ཉིད་དང་། །འཇིག་ རྟེན་སྐྱོང་དང་འབྱུང་པོ་དང་། །རྫོགས་སངས་རྒྱས་ཀྱིས་རྗེས་བསྟན་པ། །བསྟན་ལ་དགའ་བའི་སེམས་ཅན་དང་། །གང་དག་རྡོ་རྗེའི་མིག་ཅན་རྣམས། །རྡོ་རྗེ་འཆང་ཆེན་བདག་མིང་འདི། །གཤིན་རྗེ་གཤེད་ནག་དཀྱིལ་འཁོར་ནི། །འགྲོ་བ་དག་ཕྱིར་བྲི་བར་བགྱི། །ཇི་ལྟར་ནུས་པའི་ཉེར་སྤྱོད་ཀྱིས། ། རྗེས་སུ་བརྩེ་བ་ཉེ་བར་སྩོལ། །བདག་དང་སློབ་མར་བཅས་པ་དང་། །དཀྱིལ་འཁོར་པ་ཡི་གྲོགས་ཀུན་ལ། །ཉེ་བར་མཛད་པར་འོས་པ་ལགས། །དེ་ལྟར་ལན་གསུམ་གྱི་བར་དུ་བྱས་ནས། འཁོར་ལོ་དེ་ཡང་དག་པར་མཆོད་དེ། ནམ་མཁའ་ལ་དགོད་པར་བྱའོ། །དེ་ནས་རྣལ་འབྱོར་པ་ཉི་མ་དང་ ཟླ་བའི་མིག་ཅན་ཡི་གེ་ཛ་ལས་དབྱུང་བ་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པའི་ས་བོན་ལས་བྱུང་བ། དེའི་ཁ་དོག་ཅན་ཉི་ཤུ་རྩ་ལྔར་དབྱེ་བར་བྱས་ལ། དཀྱིལ་འཁོར་གྱི་ཉིས་འགྱུར་ཙམ་བྱ་སྟེ། སྒོའི་ཉི་ཤུ་ཆ་དྲི་ཞིམ་པ་ལྔས་རྣམ་པར་བྱུགས་པའོ། །སྐུད་པ་འཁལ་བ་རལ་གྲི་གཤིན་རྗེ་གཤེད་ དང་ལྷན་ཅིག་སྐུད་པ་བསྒྲིམ་པར་བྱའོ། །འབར་བའི་ལྟ་སྟངས་ཀྱིས་ལྕགས་ཀྱུས་བཀུག་པའི་དེ་བཞིན་གཤེགས་པ་རྣམས་བཅུག་ལ། ཨོཾ་དཱིཔྟ་དྲྀཥྚི་ཨཾ་ཀུ་ཤ་ཛཿཞེས་བྱ་བའི་སྔགས་འདི་དང་། ཨོཾ་ཨཿཔྲ་ཡཙྪ་མོ་ཧཱ་ཀཱ་ལཱ་རི་སྭཱ་ཙཀྲ་སཱུ་ཏྲ་ན་ཡ་ཧཱུྃ་ཞེས་བྱ་བའི་བར་དུའོ། །ཞེ་སྡང་དུས་ཀྱི་དགྲ་ལ་གསོལ་བ་ གདབ་པ། ཨོཾ་ཨཱཿཨ་ནྱོ་ནྱཱ་ནུ་ག་ཏ་སརྦ་དྷརྨཱཿཔ་ར་སྤ་ར་ཨ་ནུ་ག་ཏ་སརྦ་དྷརྨཿཨ་ཏྱནྟཱ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཧཱུྃ་ཞེས་བརྗོད་དེ། ཐིག་སྐུད་འཛིན་པས་ཡི་གེ་ཛ་ཛ་ཛ་ཞེས་རང་གིས་བསྐུལ་ཞིང་བཏོན་ལ། གཡོན་པའི་ཁུ་ཚུར་གྱིས་ལྟེ་བའི་སྟེང་དུ་ཐིག་སྐུད་བཟུང་སྟེ། ནུབ་ཏུ་འདུག་ལ་ཤར་དུ་མངོན་ པར་ཕྱོགས་པ་དང་། ཤར་དུ་འདུག་སྟེ་ནུབ་ཏུ་མངོན་པར་ཕྱོགས་པ་དང་། ལྷན་ཅིག་ནམ་མཁའི་ཐིག་གདབ་པར་བྱའོ། །ཡང་འོག་གི་ཐིག་གདབ་པར་བྱ་སྟེ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ། སེམས་ཅན་རྣམས་ཀྱི་དོན་དུ་ཁྱོད། །ཡང་ནི་དུས་འདིར་གཤེགས་སུ་གསོལ། །ཞེས་བྱ་བ་དང་། ཐིག་ སྐུད་ཀྱི་སྒྲས་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་བསྐུལ་ལ། ཤར་དང་ནུབ་ཏུ་ཚངས་ཐིག་གདབ་པར་བྱའོ། །བྱང་དུ་མངོན་པར་ཕྱོགས་པ་དང་། ལྷོར་མངོན་པར་ཕྱོགས་པས། ལྷོ་དང་བྱང་གི་ཚངས་ཐིག་གདབ་པར་བྱའོ། །མེར་འདུག་ལ་གནོད་སྦྱིན་དུ་བལྟས་པ་དང་། དབང་ ལྡན་དུ་འདུག་ལ་ཡི་དགས་སུ་བལྟས་ཏེ། ཤར་གྱི་རྩ་བའི་ཐིག་གདབ་བོ། །རླུང་གི་ཕྱོགས་སུ་འདུག་ལ། ཡི་དགས་སུ་བལྟས་པ་དང་། བདེན་བྲལ་དུ་འདུག་ལ་གནོད་སྦྱིན་དུ་བལྟས་ཏེ། ནུབ་ཕྱོགས་ཀྱི་རྩ་བའི་ཐིག་གདབ་བོ། །མེར་འདུག་ལ་ཀླུ་ཕྱོགས་སུ་བལྟས་པ་དང་། བདེན་བྲལ་ དུ་འདུག་སྟེ། དབང་པོར་བལྟས་པས། ལྷོ་ཕྱོགས་ཀྱི་རྩ་བའི་ཐིག་གདབ་བོ། །རླུང་གི་ཕྱོགས་སུ་འདུག་ལ་དབང་པོར་ཕྱོགས་པ་དང་། དབང་ལྡན་དུ་འདུག་ལ་ཀླུ་ཕྱོགས་སུ་བལྟས་པས། བྱང་ཕྱོགས་ཀྱི་རྩ་བའི་ཐིག་གདབ་བོ། །ཆོ་ག་འདི་ཉིད་ཀྱིས་ཚངས་ཐིག་གི་ཕྱོགས་གཉིས་ཀར་ཐིག་བདུན་ བདུན་གདབ་བོ། །རྩ་བའི་ཐིག་གི་ཕྱི་རོལ་གྱི་འགྲམ་དུ། ཐིག་དྲུག་གི་རྒྱབ་ལ་ནི་རྟ་བབས་ཅི་རིགས་པའི་ཐིག་གོ། །མཚམས་ཀྱི་ཐིག་གཉིས་ཀྱང་ངོ་། །ཐིག་དེ་ཉིས་བལྟབ་ཏུ་བྱས་པས་དབང་ལྡན་མཚམས་ནས་བརྩམས་ལ། སྐོར་ཕྱོགས་སུ་འཁོར་ལོའི་རྣམ་པར་རྡོ་རྗེའི་ཕྲེང་བའི་ཐིག་གཉིས་ གདབ་བོ། །ཕྱོགས་ཀུན་ཀྱང་མཉམ་པར་མོས་པར་བྱའོ། །འདིར། མཚན་མ་ངན་མཐོང་མི་འགྲུབ་བོ། །ཐིག་སྐུད་ཆད་ན་བླ་མ་འཆི། །ཕྱོགས་རྨོངས་འཁྲུལ་ན་སློབ་མའོ། །ལྷག་ཆད་ལས་ནད་འབྱུང་བར་འགྱུར། །གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། ཐིག་བཞི་དང་མཉམ་པར་ལྡན་ པ། དོ་ཤལ་དང་སེ་མོ་དོ་དང་། དར་དཔྱངས་ཀྱིས་བརྒྱན་པ། མཚམས་དང་སྒོ་ཁྱུད་དང་། འགྲམ་རྣམས་ལ་རྡོ་རྗེ་རིན་ཆེན་གྱིས་མཛེས་པར་བྱས་པའོ། །དེ་ལྟ་བུ་ནི་ཕྱི་རོལ་གྱི་དཀྱིལ་འཁོར་རོ། །ཡང་ནང་གི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཆ་གྲུ་བཞི་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ ལ། རྡོ་རྗེ་ཕྲེང་བས་བསྐོར་བའོ། །དེ་ཉིད་དང་རྗེས་སུ་མཐུན་པའི་སྒོའི་བར་དུའོ། །བླ་དང་ལྡན་པས་རྩེ་མོ་ལྔ་རྣམ་པར་བསམས་ལ། ཡི་གེ་དྷཱིཿལས་ཁྲོ་བོ་བལྟའོ། །སྒོ་ནི་དཀྱིལ་འཁོར་བརྒྱད་ཆ་རུ། །བདག་ཉིད་ཆེན་པོས་ཤེས་པར་བྱ། །ཁ་ཁྱེར་ཆེན་པོ་མ་གཏོགས་པར། །ཤིན་ཏུ་ མཛེས་པ་ཡིད་འོང་བའོ། །སྒོ་ཁྱུད་སྒོ་དང་འདྲར་ཤེས་བྱ། །དེ་བཞིན་ལྷ་ཡི་སྣམ་བུ་སྟེ། །རྡོ་རྗེའི་ལྷ་མོར་ཡང་དག་ལྡན། །གླུ་དང་རོལ་མོ་ལ་སོགས་གར། །ཁ་ཁྱེར་སྒོ་ཡི་ཕྱེད་ཡིན་ཏེ། །སྒོ་ཁྱུད་ལ་སོགས་དྲ་བ་དང་། །དྲ་ཕྱེད་ཉི་མ་ཟླ་བ་དང་། །མེ་ཏོག་དག་གི་ཕྲེང་བ་ཡང་། །ཚོན་རྩིའི་སྣམ་བུ་དེ་ ཡི་ཕྱེད། །རྩ་བའི་ཐིག་གི་ཕྱི་རོལ་ལོ། །རིན་ཆེན་ཀ་བ་སོགས་སྣམ་བུ། །མཉམ་པའི་ས་ལ་ཚོན་རྩི་སྦྱིན། །རྟ་བབས་སྒོ་ཡི་སུམ་འགྱུར་ཏེ། །བ་དན་དྲིལ་བུར་ལྡན་པ་རྣམས། །དྲིལ་བུར་བཅས་པ་རླུང་བསྐྱོད་པའོ། །བ་དན་ཕྱི་ཡི་མཚམས་ཉིད་དུ། །གཞན་རྣམས་འཁོར་ལོའི་རྗེས་མཐུན་པར། ། ཇི་ལྟར་མཛེས་པར་རབ་ཏུ་བརྟག །ཁྲུ་གང་ཉིད་ནི་མཉམ་སྦྱིན་ཞིང་། །ཇི་སྲིད་ཁྲུ་ནི་སྟོང་གི་བར། །དེ་བཞིན་དུ་ནི་རིམ་པ་འདིས། །སྔ་མ་བཞིན་དུ་མཉམ་པར་ཐིག་བཏབ་ནས། རིམ་པ་སྔ་མ་བཞིན་དུ་རྡུལ་ཚོན་གྱི་ཆ་དག་བཏེག་ཅིང་བཟུང་ལ་འབར་བའི་ལྟ་སྟངས་ཀྱིས་མངོན་པར་བསྔགས་ཏེ། ཨོཾ་བཛྲ་ ཙི་ཏྲས་མ་ཡ་ཧཱུྃ་ཞེས་བྱ་བས་སོ། །དེ་ནས་རང་བཞིན་གྱིས་དག་པའི་གཤིན་རྗེ་མཐར་བྱེད་ནག་པོའི་རྣལ་འབྱོར་པ། ཀུན་དུ་རྟོག་པ་མ་ལུས་པ་སྤངས་པ། འཁོར་ལོའི་དབུས་སུ་གནས་ཤིང་། དབང་ལྡན་གྱི་མཚམས་སུ་བརྟེན་ནས་ལག་པ་གཡོན་པའི་ཁུ་ཚུར་གྱིས་བྲི་བར་བྱ་སྟེ། དཀར་པོ་དང་། སེར་ པོ་དང་དམར་པོ་དང་ལྗང་གུ་སྟེ། ནག་པོ་ནི་ནང་ཉིད་དུའོ། །སྒོའི་ཉི་ཤུ་ཆ་ནི་ཚོན་རྩི་སྟེ། ཀུན་ཀྱང་སྦོམ་པོ་ལ་སོགས་པའི་སྐྱོན་དང་བྲལ་བར་བྲི་བར་བྱའོ། །དེ་ལ་སྦོམ་པོ་བྲིས་ན་ནད་འབྱུང་ངོ་། །ཕྲས་ན་ནི་ནོར་ཉམས་སོ། །མ་སོས་ན་འཁོན་འབྱུང་ངོ་། །ཆད་ན་ནི་འཆིའོ། །ཚོན་རྩི་རྣམས་ཀྱི་བར་ནི་ ནས་ཙམ་གྱིས་ཚོད་པར་བྲིའོ། །ཤར་ཕྱོགས་སུ་ནི་དཀར་པོ་ཆེ། །ལྷོ་ཕྱོགས་སེར་པོ་དང་ལྡན་པ། །ནུབ་ཀྱི་ཆ་ནི་དམར་པོའོ། །བྱང་ཕྱོགས་ལྗང་དང་ལྡན་པའོ། །ཨིནྡྲ་ནཱི་ལའི་འོད་ལྡན་པ། །དབུས་ཀྱི་ཆ་ནི་མཉམ་པར་བྲི། །དེ་ལྟར་དཀྱིལ་འཁོར་བྲིས་ནས་སུ། །ལྷའི་གནས་ ཐམས་ཅད་དུ་སྣ་ཚོགས་པདྨའོ། །དཀྱིལ་དུ་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འབྱེས་པའོ། །ཤར་ཕྱོགས་ཀྱི་རྩེ་མོའི་རྩ་བ་ལ་འཁོར་ལོ་རྩིབས་བརྒྱད་པའོ། །ལྷོ་ཕྱོགས་ཀྱི་རྩིབས་ཀྱི་རྩ་བ་ལ། ཉི་མ་ལ་གནས་པའི་རིན་པོ་ཆེ་ཆ་དགུ་པའོ། །ནུབ་ཕྱོགས་ཀྱི་རྩིབས་ཀྱི་རྩ་བ་ལ། ཉི་མ་ལ་གནས་པའི་པདྨ་དམར་པོ་འདབ་མ་བརྒྱད་པའོ། །བྱང་གི་ཕྱོགས་ཀྱི་རྩིབས་ཀྱི་རྩ་བ་ལ་རལ་གྲི་ལྗང་གུའོ། །སྣ་ཚོགས་རྡོ་རྗེའི་མེ་མཚམས་སུ་འཁོར་ལོའོ། །བདེན་བྲལ་མཚམས་སུ་རྡོ་རྗེའོ། །རླུང་གི་མཚམས་སུ་པདྨའོ། །དབང་ལྡན་མཚམས་སུ་རལ་གྲིའོ། །ཤར་ སྒོར་ནི་རྡོ་རྗེ་ཐོ་བ་རྩིབས་ཉི་ཤུ་པའོ། །ལྷོར་སྒོར་ནི་དབྱུག་པ་དཀར་པོའོ། །ནུབ་སྒོར་ནི་པདྨ་དམར་པོའོ། །བྱང་སྒོར་རལ་གྲིའོ། །དཀྱིལ་འཁོར་གྱི་མཚམས་བཞིར་ནི། པདྨའི་སྣོད་བཞི་བྲི་བར་བྱ་སྟེ། རྡུལ་ཚོན་དགྱེ་བའོ། །དེ་ལྟར་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལ་བལྟས་ལ། སངས་རྒྱས་ ཀྱི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་རྣལ་འབྱོར་པ་རང་དང་མཚུངས་པའི་ཡན་ལག་དང་ལྡན་པས། སངས་རྒྱས་རྣམས་ཀྱི་བདག་པོ་ཉིད་དུ་གནས་ཏེ། དེའི་སེམས་ཀྱིས་ནམ་མཁའི་ཁམས་ཁྱབ་པར་དཀྱིལ་འཁོར་སྒྲུབ་ཅིང་སྤྲོས་པ་གནས་ཇི་ལྟ་བ་བཞིན་དུ་བཀོད་དེ། མིག་ལ་སོགས་པ་དང་། ལུས་ལ་སོགས་པ་བྱིན་གྱིས་བརླབ་ཅིང་། བདག་ཉིད་དབང་བསྐུར་བའི་ཆོ་གས་དབང་བསྐུར་བར་བྱའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་ཨརྒྷ་ལ་སོགས་པ་དབུལ་ཞིང་ཁྲོ་བོ་རྣམས་ཀྱིས་དགུག་པ་དང་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་མཆོད་པ་དང་བསྟོད་པ་དང་། བདུད་རྩི་མྱོང་བ་ཡང་བྱའོ། །བཟླས་ པ་དང་བསྒོམ་པ་དང་། མཉེས་པ་ཡང་བྱའོ། །ཕྱོགས་སྐྱོང་བ་རྣམས་ལ་ཡང་གཏོར་མ་དང་མཆོད་པ་དབུལ་ཏེ། །བདག་ཉིད་ཀྱིས་དཀྱིལ་འཁོར་བསྐོར་ཞིང་ཕྱག་ཀྱང་བྱ་སྟེ། འདི་ལྟ་བུ་ནི་དཀྱིལ་འཁོར་སྒྲུབ་པའི་ཐབས་སོ། །དེ་ནས་བུམ་པ་བཅོ་བརྒྱད་གཙོ་བོའི་དཀྱིལ་འཁོར་དུ་བཞག །པདྨའི་སྣོད་ བཞི་ཡང་གཞག་གོ། །ལས་ཐམས་ཅད་ཀྱི་མཚན་མ་གདབ། མགྲིན་པ་གོས་ཀྱིས་དཀྲི། ཙུ་ཏ་ལ་སོགས་པའི་ཁ་རྒྱན་དང་ལྡན་པར་བྱ། རིན་པོ་ཆེ་ལྔ་དང་སྨན་ལྔ་དང་། འབྲུ་ལྔ་དང་ལྡན་པ་དེ་དག་ཀྱང་། སྔགས་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་ པར་བལྟས་ལ། དེ་རྣམས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་ཞིང་། ཨརྒྷ་ལ་སོགས་པ་ཕུལ་ཏེ། དགུག་པ་དང་གཞུག་པ་དང་། བཅིང་བ་དང་དབང་དུ་བྱས་ལ་མཆོད་པ་ལ་སོགས་པ་དབུལ་ལོ། །མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེ་སྟེང་རྣམས་སུ་བཞག་ལ། སྔགས་པ་དེ་སྲིད་འདོད་ ཀྱི་བར་དུ་དུས་གསུམ་དུ་བཟླ་ཞིང་། འཁོར་ལོ་དེ་ཆུ་དེ་ཉིད་ཀྱི་རྣམ་པར་མཐོང་བར་བྱའོ། །དེ་ལྟ་བུ་ནི་བུམ་པ་སྟ་གོན་དུ་གནས་པའི་ཆོ་གའོ། །དེ་ནས་མ་ཚང་བ་ལ་སོགས་པའི་སྐྱོན་ཞི་བར་བྱ་བའི་ཕྱིར་དང་། ཡོན་བདག་གི་བསོད་ནམས་མངོན་པར་འཕེལ་བར་བྱ་བའི་ཕྱིར་སྦྱིན་སྲེག་བྱའོ། །དེ་ལ་ ཞི་བའི་ཐབ་ཁུང་བཞིན་དུ་ལས་ཐམས་ཅད་པའི་ཐབ་ཁུང་བྱ་སྟེ། ཁྲུ་གང་གི་ཚད་ཙམ་ལ། ཟབས་སུ་ཁྲུ་ཕྱེད་བརྐོ་བ་མ་གཏོགས་པ་རྒྱ་དང་། འཕང་དུ་སོར་བཞི་པའི་ཁ་ཁྱེར་པདྨ་རྒྱས་པའི་རྣམ་པ་ལྟ་བུས་བསྐོར་བའོ། །དེའི་ཕྱི་རོལ་དུ་ཁ་ཁྱེར་སོར་གཉིས་པས་གྲུ་བཞིར་བསྐོར་བར་བྱའོ། །དེའི་ མཚམས་ལ་ཟླ་བ་ཕྱེད་པའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པའོ། །ཐབ་ཁུང་གི་དཀྱིལ་དུ་སོར་བརྒྱད་ཀྱི་ཚད་ལ་རྩེ་མོ་རྣམས་ལ་སོར་རེ་རེ་ཡོད་པའི་ཞེ་སྡང་རྡོ་རྗེ་རྩེ་ལྔ་པ་བྲིའོ། །ཤར་དང་། ལྷོ་དང་། ནུབ་དང་། བྱང་དུ་འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་སོར་དྲུག་གི་ཚད་ཙམ་བྲིའོ། །ཚོན་རྩི་དཀར་ པོས་སྟེང་དུ་བྲིའོ། །དེ་ནས་རྣལ་འབྱོར་པ་ཁ་ཤར་ཕྱོགས་སུ་བལྟས་ཏེ། བསྲེག་པའི་རྫས་མ་ལུས་པ་གཡས་ངོས་སུ་བཞག་ལ། བསང་གཏོར་གྱི་ཆུའི་སྣོད་ལ་སོགས་པ་གཡོན་ཕྱོགས་སུ་གཞག་གོ། །བྲམ་ཟེའི་ཁྱིམ་མམ། དགེ་འདུན་གྱི་གཡོས་ཁང་ནས་མེ་བླངས་ལ། འོ་མ་ཅན་གྱི་ཤིང་ རབ་ཏུ་སྦར་བར་བྱ་སྟེ། སྲོག་ཆགས་ལ་གནོད་པ་སྤང་བར་བྱའོ། །དེ་ནས་རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པ་སྔོན་དུ་སོང་བའི་སྣ་ཚོགས་པདྨའི་སྟེང་དུ་རཾ་ལས་བྱུང་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞལ་གསུམ་པ་གཉུག་མར་གནས་པའི་རིག་པ་དང་། གཉིས་སུ་མེད་པའི་སྐུ་ཕྱག་གཡས་ན་སྤྱི་བླུགས་ བསྣམས་ལ། གཉིས་པ་མི་འཇིགས་པ་སྦྱིན་པ། གཡོན་ན་དབྱིག་གུ་རྩེ་གསུམ་པ་བསྣམས་པ་གཉིས་པ་ན་ཕྲེང་བ་བསྣམས་པ། གཞན་དག་ན་གྲི་གུག་དང་ཐོད་པ་བསྣམས་པ། གཡས་བརྐྱང་བའི་ཞབས་ཀྱིས་གནས་པ། ཁྲོ་བོའི་རྒྱན་གྱིས་བརྒྱན་པ་བསྒོམས་ལ། སྙིང་ག་ན་གནས་ པའི་ས་བོན་ལས་ཡེ་ཤེས་ཀྱི་མེ་དགུག་སྟེ། ཨོཾ་ཊཀྐི་ཧཱུྃ་ཛཿཞེས་བྱ་བའི་སྔགས་ཀྱིས་ཀུ་ཤའི་ཆུན་པོས་བསང་གཏོར་ལ་སོགས་པ་དབུལ་ཞིང་། དམ་ཚིག་འཇུག་པ་དང་། མཆོད་པ་ལ་སོགས་བྱ་སྟེ། དེའི་ཞལ་དུ་ཡི་གེ་རཾ་བཀོད་ལ་སྲེག་རྫས་བྱུར་བུ་དབུལ་ལོ། །བླུགས་གཟར་དང་དགང་ གཟར་གྱི་མཆུ་དང་། མཆུ་ལ་ཡང་རིམ་པ་བཞིན་བསྒོམས་ཏེ་སྲེག་རྫས་ཐམས་ཅད་དབུལ་ལོ། །ཕྱིས་དེའི་སྙིང་གར་གཤིན་རྗེ་མཐར་བྱེད་ཀྱི་རང་གི་ས་བོན་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་བསམས་ཏེ། མིག་ལ་སོགས་པ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ སྤྱན་དྲང་བ་ལ་སོགས་པ་བྱས་ལ། མཆོད་པ་ལ་སོགས་པ་དབུལ་ཏེ། དེའི་ཞལ་དུ་ཡི་གེ་རཾ་བསྒོམས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བྱ་བས། མར་གྱིས་བཀང་བའི་སྲེག་བླུགས་དབུལ་ལོ། །ཨོཾ་སརྦ་པཱ་པ་ད་ཧ་ན་བཛྲཱཡ་སརྦ་པཱ་པ་ནི་ད་ཧ་སྭཱ་ཧཱ། ཞེས་བྱ་བས་ནི་དཱུར་བའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཞེས་བྱ་བས་ནི་འབྲས་མ་གོད་པའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞེས་བྱ་བས་ནི་ཞོའོ། །ཨོཾ་ཨ་ཕྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཞེས་བྱ་བས་ནི་ཀུ་ཤའོ། །ཨོཾ་བོ་དྷི་བྲིཀྵཱ་ཡ་སྭཱ་ཧཱ། ཞེས་བྱ་བས་ནི་ཨ་ཤྭདྠའོ། །ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཞེས་བྱ་བས་ནི་ནྱ་གྲོ་དྷའོ། །ཨོཾ་བཛྲ་ཡཛྙཱ་ཡ་སྭཱ་ཧཱ། ཞེས་བྱ་བས་ནི་ ཨུ་དུམྺཱ་རའོ། །ཨོཾ་ས་ཧ་ཀ་རཱ་ཡ་སྭཱ་ཧཱ། ཞེས་བྱ་བས་ནི་ཨ་མྲའོ། །ཤིང་ལས་བྱུང་བ་མ་ཡིན་པའི་སྲེག་རྫས་གཞན་དག་ནི། རང་གི་འདོད་པའི་ལྷ་སྔགས་ཀྱི་མན་ངག་ཇི་ལྟ་བ་བཞིན་དུ་བསྐུལ་བའི་ཚིག་དང་ལྡན་པས། བདུད་རྩིའི་ངོ་བོར་བསྒྲུབས་ལ་བསྲེག་པར་བྱའོ། །དེ་ནས་འཐོར་འཐུང་ དང་། ཞབས་བསིལ་དང་། མེ་ཏོག་དྲི་ཞིམ་པོ་ལ་སོགས་པ་དང་། ན་བཟའ་དང་། སོ་རྩི་དང་བཤོས་རྣམས་ཕུལ་ནས། འདོད་པའི་དངོས་པོ་བླངས་ལ། ཡི་གེ་མུཿའི་མཐའ་ཅན་གྱི་ཡི་གེ་གསུམ་གྱིས་གཤེགས་སུ་གསོལ་ལོ། །རྫས་ལྷག་མ་རྣམས་ཀྱང་སྔར་བཞིན་གྱི་ཆོ་གས་ མེ་ལ་བསྲེགས་ལ་གཤེགས་སུ་གསོལ་ལོ། །སྦྱིན་སྲེག་གི་དགང་གཟར་ཁྲུ་གང་གི་ཚད་ལ་རྩ་བ་རྡོ་རྗེ་རིན་པོ་ཆེ་དང་ལྡན་པ་སོར་བཞི་པ་སོར་གཉིས་བརྐོས་པ་རྡོ་རྗེ་དང་ལྡན་པ། པདྨའི་འདབ་མ་ལྟ་བུ་འབྱུང་བའི་སྦུབས། མཐེའུ་ཆུང་གི་ཚད་ཙམ་དང་བཅས་པའོ། ། བླུགས་གཟར་ནི་སོར་གཉིས་ཙམ་ལ་སོར་གཅིག་བརྐོས་པ། རྡོ་རྗེ་དང་ལྡན་པ། པདྨའི་འདབ་མ་ལྟ་བུ་སྟེ། དགང་གཟར་དང་། བླུགས་གཟར་རོ། །དེ་ནས་རབ་གནས་ཀྱི་ས་གཞི་གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་དང་། རོལ་མོའི་སྒྲ་སྣ་ཚོགས་ཡིད་དུ་འོང་བ་དང་ སློབ་དཔོན་ཡང་ཇི་ལྟར་ཚོགས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ལ། སྐུ་གཟུགས་སམ། རི་མོའམ་གླེགས་བམ་མདུན་དུ་བཞག་སྟེ། བསང་གཏོར་དང་། ཡོན་ཆབ་དང་། འཐོར་འཐུང་ཕུལ་ལ། ཁུ་ཚུར་གཡོན་པའམ། གཞན་དུ་ཡུངས་ཀར་བླངས་ཏེ། སྐུ་གཟུགས་ལ་སོགས་པ་མདུན་ དུ་གཡོན་པའམ། གཞན་གྱིས་ལན་གསུམ་གྱི་བར་དུ་བསྐོར་ཏེ། མེའི་ནང་དུ་བླུགས་ལ། ཨོཾ་སརྦ་པཱ་པ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་བཏབ་པའི་ཁམ་ཕོར་གསུམ་གྱིས་བསྐོར་ཞིང་གཡབས་ལ་བསྐུར་རོ། །དེ་ནས་སྙིམ་པས་ཆུ་བླངས་ལ་མེ་དེ་ཉིད་དུ་བླུགས། དེ་ནས་ ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཉེ་བར་སྤྱོད་པའི་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་དེ་རྣམ་པར་རྟོག་པ་ཐམས་ཅད་སྤང་ཞིང་སྤོས་སྣོད་བཟུང་ལ། དེ་བཞིན་གཤེགས་པ་རྣམས་སྟ་གོན་དུ་གནས་པའི་ཕྱིར། དམ་ཚིག་ཅན་ཁྱོད་ཀྱིས་བདག་ལ་དམ་ཚིག་སྩོལ་ ཅིག་ཅེས་ལན་གསུམ་དུ་བརྗོད་དེ། ཇི་ལྟར་ཡང་དག་རྫོགས་སངས་ཀུན། །དགའ་ལྡན་གནས་སུ་བཞུགས་ནས་ནི། །ལྷ་མོ་སྒྱུ་མའི་མངལ་འཇུག་པ། །དེ་བཞིན་འདིར་ཡང་བཞུགས་སུ་གསོལ། །མགོན་པོ་འདིར་ནི་རྟག་བཞུགས་ནས། །མེ་ཏོག་ལ་སོགས་འདི་བཞེས་ལ། །མི་འདིའི་ དོན་ནི་གཟུང་ཕྱིར་དང་། །བྱང་ཆུབ་སེམས་ནི་བརྟན་པར་མཛོད། །དེ་ནས་གཏི་མུག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་བསྟོད་པ་བྱའོ། །ལྷ་སྟ་གོན་དུ་གནས་ནས་ཐོ་རངས་ཀྱི་དུས་སྐུ་གཟུགས་གོས་སེར་པོས་གཡོགས་ལ། ཁ་ཤར་ཕྱོགས་སུ་བསྟན་ཏེ་ཁྲུས་བྱའོ། །དེ་ལ་རིམ་པ་ནི་འདི་ ཡིན་ཏེ། བའི་རྣམ་པ་ལྔ་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿཞེས་བྱ་བའི་ས་བོན་གྱིས་མངོན་པར་བསྔགས་པས་བསྐུས་ལ། དེ་ནས་དྲི་ཞིམ་པོའི་སྣུམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བས་བསྔགས་ཏེ། དཱུར་བའི་ཆང་བུས་བྱུག་པར་བྱའོ། །དེ་ནས་ཤུན་པ་ལྔ་འཁར་བའི་སྣོད་ དུ་བཞག་ལ་སྣུམ་ཕྱིའོ། །དེའི་རྗེས་ལ་རྣམ་པར་རྒྱལ་བའི་བུམ་པ་ནས་བརྩམས་ཏེ། བུམ་པ་སོ་སོའི་ཆུས་ཁྲུས་གསོལ་ལོ། །ཇི་ལྟར་བལྟམས་མ་ཐག་ཏུ་ཡང་། །དེ་བཞིན་གཤེགས་ཀུན་སྐུ་བཀྲུས་ལྟར། །ལྷ་རྫས་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་ སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བྱ་བའི་སྔགས་ཀྱིས་སོ། །དེའི་རྗེས་ལ་ནམ་མཁའ་ལ་ཙརྩི་ཀ་ལ་སོགས་པ་རིག་པའི་ཚོགས་རྣམས་བཀུག་ནས། ཡེ་ཤེས་བདུད་རྩིའི་ཆུས་གང་བའི་བུམ་པ་འཛིན་པ་དེ་རྣམས་ཀྱིས་དེ་མངོན་པར་དབང་བསྐུར་བར་བྱའོ། །དེ་ནས་གོས་ ཀྱིས་རླན་མེད་པར་ཕྱིས་ལ། དང་པོའི་གནས་སུ་གཞག་གོ། །རས་རིས་སམ་གླེགས་བམ་མམ། མཆོད་རྟེན་ཆེན་པོ་རྣམས་ནི་མེ་ལོང་ལ་སྔ་མ་བཞིན་དུ་སྐུ་ཁྲུས་གསོལ་བར་བྱའོ། །དེ་ལྟ་བུ་ནི་ཁྲུས་གསོལ་བའི་རིམ་པའོ། །དེ་ནས་མིག་ལ་སོགས་པ་དང་། ལུས་ལ་སོགས་པ་ བྱིན་གྱིས་བརླབ་ཅིང་། བདག་ཉིད་དབང་བསྐུར་ལ། རིགས་ཀྱི་གཙོ་བོ་ཅོད་པན་ཉིད་དུ་བཞག་ཅིང་། ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་དམིགས་ལ། །ཡོན་ཆབ་ལ་སོགས་པ་དབུལ་ཞིང་དམ་ཚིག་ལ་གཞུག་པར་བྱའོ། །གླེགས་ བམ་ལ་ནི་ཡི་གེའི་གཟུགས་ཉིད་འགྱུར་བ་ན་བཟའ་དབུལ་ཏེ། ཨོཾ་བཛྲ་བསྟྲ་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སོ། །དེ་ནས་མེ་ཏོག་ལ་སོགས་པ་དབུལ་ཏེ། ཨོཾ་བཛྲ་པུཥྤེ་ཧཱུྃ། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་གཙོ་བོ་མཆོག་འདི་དག །གུས་པ་མཆོག་གིས་བདག་འབུལ་ན། ། ཇི་ལྟར་བདེ་བས་བཞེས་སུ་གསོལ། །ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །བདུག་པའི་དྲི་ཡི་མཆོག་འདི་དག །གུས་པ་མཆོག་གིས་བདག་འབུལ་ན། །ཇི་ལྟར་བདེ་བས་བཞེས་སུ་གསོལ། །ཞུན་མར་འབྲུ་མར་སྣང་བ་འདི། །ལྷ་རྫས་འོད་འབར་མུན་པ་འཇིག །བདག་ཉིད་དང་བས་ འབུལ་ལགས་ན། །མི་ཤེས་པ་ཀུན་བསལ་དུ་གསོལ། །བཟའ་བཅའ་ཀུན་དང་བཅས་པ་ཡི། །ཁ་དོག་དྲི་དང་རོར་ལྡན་པའི། །བཤོས་གཙང་དམ་པ་བདག་འབུལ་ན། །འདི་དག་ཐམས་ཅད་བཞེས་སུ་གསོལ། །དེ་ལྟར་མངོན་པར་བསྔགས་པའི་མེ་ཏོག་ལ་ སོགས་པ་དབུལ་ལོ། །ཕྱི་ནས་སྐུ་གཟུགས་ཀྱི་སྤྱན་དབྱེ་སྟེ། དངུལ་གྱི་སྣོད་ན་ཡོད་པའི་མར་དང་། སྦྲང་རྩི་གསེར་གྱི་ཐུར་མས་བླངས་ལ། ཨོཾ་བཛྲ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སོ། །དེ་ནས་ལག་པ་གཡས་པས་རྡོ་རྗེ་གསོར་ཞིང་གཡོན་པས་དྲིལ་བུ་དཀྲོལ་ ལ། གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །ཅེས་བྱ་བ་ལ་སོགས་པའི་བསྟོད་པ་བྱ་སྟེ། དེ་ལྟ་བུ་ནི་རབ་གནས་ཀྱི་ཆོ་གའོ། །གང་གི་ཚེ་སྙིང་རྗེ་མཆོག་གི་དབང་དུ་གྱུར་ཅིང་དབང་བསྐུར་ལ་སོགས་པས་སློབ་མ་བསྡུ་བར་འདོད་ན། དེའི་ཚེ་དཀྱིལ་འཁོར་གྱི་གནས་ཀྱི་ཕྱི་རོལ་དུ། རིགས་དང་གཟུགས་དང་ལང་ ཚོ་དང་། དད་པ་དང་། ཐོས་པ་ལ་སོགས་པ་དང་ལྡན་པ། དོན་དུ་གཉེར་བའི་སློབ་མ་ལག་ཏུ་མེ་ཏོག་ཐོགས་ཏེ་དཀྱིལ་འཁོར་ལ་ཕྱག་བྱས་པ་དང་། གཞན་ཡོན་ཏན་མེད་པ་ཡང་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ། དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པ། ཆོས་ བཤད་པས་སྤྲོ་བ་བསྐྱེད་དོ། །རྗེས་སུ་གནང་བ་བཞི་པོའམ། །རང་གི་བསླབ་པ་ལྡན་པའི་འཁོར། །ཐེག་པ་ཆེན་པོའི་བློ་ཅན་ལ། །སངས་རྒྱས་ཡང་དག་ཆོ་ག་གསུངས། །སྔགས་ཀྱི་དངོས་གྲུབ་མཚན་མའམ། །འགའ་ཞིག་ཞི་བའི་དཀྱིལ་འཁོར་དང་། །དེ་བཞིན་བསོད་ནམས་འདོད་ ལ་གཞན། །འཇིག་རྟེན་ཕྱི་མ་ཐེག་མཆོག་དང་། །མང་དུ་འཇིག་རྟེན་ཕ་རོལ་དོན། །བྱས་ནས་དད་ལྡན་བློ་དག་བྱེད། །འཇིག་རྟེན་འདི་ཡི་འབྲས་སྤངས་ནས། །འཇིག་རྟེན་ཕྱི་མའི་འབྲས་འདོང་ལ། །གང་ཕྱིར་འདི་ལ་ཕན་མང་བ། །འདི་མེད་འཇིག་རྟེན་ཕ་རོལ་པ། །དེ་ཕྱིར་འཇིག་རྟེན་ གཞན་གྲུབ་ཕྱིར། །ཁྱེད་ཀྱི་བསྟན་པ་ཡིད་ཀྱིས་བགྱིས། །དེ་ལྟར་སྨྲས་ནས་ཞི་བར་འཇུག་པས་རྡོ་རྗེ་དང་པདྨ་དག་པར་བྱས་པ་ལ་གསོལ་བ་གདབ་བོ། །བདག་གི་སྟོན་པ་དགའ་ཆེན་ཁྱོད། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་ཆེན་པོའི་ལམ་བསྟན་པ། །དམ་ཚིག་དེ་ ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་གསོལ། །ཞེས་ལན་གསུམ་བརྗོད་དེ། གུས་པ་དང་ ལྡན་པའི་བླ་མ་ལ་འདི་ལྟར་གཙོར་བྱས་ལ་བརྗོད་དོ། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ཡིས། །ཐེག་ཆེན་འདི་ནི་བུ་ཁྱོད་ཤོག །ཁྱོད་ནི་ཐེག་པ་ཆེན་པོའི་སྣོད། །ཁྱོད་ལ་ཡང་དག་བཤད་པར་བྱ། །དུས་གསུམ་འབྱུང་བའི་རྫོགས་སངས་རྒྱས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་ གསང་སྔགས་མཐུ་ཉིད་ཀྱིས། །ཡེ་ཤེས་མཉམ་པ་མེད་པ་བརྙེས། །ཤཱཀྱ་སེང་གེ་སོགས་མཆོག་གིས། །གསང་སྔགས་སྦྱོར་བ་མཉམ་མེད་པས། །གང་གིས་སྟོབས་ཆེན་བདུད་ཀྱི་སྡེ། །ཤིན་ཏུ་འཇིགས་པ་ཆེ་བཅོམ་ནས། །འཇིག་རྟེན་རྗེས་འཇུག་བཀོད་པ་ཡིས། །འཁོར་ལོ་བསྐོར་ ནས་མྱ་ངན་འདས། །དེ་ཕྱིར་བུ་ཁྱོད་བློ་ཡིས་འདིར། །ཐམས་ཅད་མཁྱེན་ཉིད་ཐོབ་པར་གྱིས། །ཞེས་གསོལ་བ་འདེབས་པ་ལ་སྨྲས་ནས། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་བསྐྱེད་པའི་ཕྱིར་དང་། སྐྱེས་པ་རྣམས་ཡང་དག་པར་སྦྱོར་བར་བྱ་བའི་ཕྱིར། དེ་དག་ཤིན་ཏུ་འདོད་པར་བྱས་ལ། དེའི་སྙིང་གར་ཡི་གེ་ཧཱུྃ་ལས་རྡོ་རྗེ། མགྲིན་པར་ཡི་གེ་ཨཱཿལས་པདྨ། སྤྱི་བོར་ཡི་གེ་ཨོཾ་ལས་འཁོར་ལོ། དེ་རྣམས་སུ་ས་བོན་དགོད་པ་ནི་ཧཱུྃ་ཨཱཿཨོཾ་ཞེས་བརྗོད་ལ། དྲི་ཞིམ་པོར་བཅས་པའི་ཆུ་རྡོ་རྗེའི་ཁུ་ཚུར་གྱིས་གཟུང་ནས་མགྲིན་པར་བསྐུའོ། །དེ་ནས་དེ་དག་གི་མགོ་ལ་མེ་ཏོག་སྦྱིན་ནོ། །དྲི་དང་ བྱུག་པ་ནི་མདུན་དུའོ། །མར་མེ་མདུན་དུའོ། །ཐམས་ཅད་ལ་ལས་ཐམས་ཅད་པའི་སྔགས་བཟླའོ། །དེ་ནས་ཆགས་པ་ལ་སོགས་པའི་སྐྱོན་དང་བྲལ་བའི་སོ་ཤིང་རྩེ་མོ་མེ་ཏོག་ཅན་སྦྱིན་ནོ། །དེས་ཁ་ཤར་ཕྱོགས་སུ་བལྟས་ཏེ། བཅའ་ཤིང་བ་ལང་གི་པགས་པ་ཙམ་གྱིས་ཕྱོགས་བ་ལང་གི་ལྕི་ བས་བྱུགས་པར་དོར་རོ། །དེ་ནས་དེ་ལྷུང་བ་དང་ཞི་བ་ལ་སོགས་པ་གྲུབ་པའི་མཚན་མ་དེ་ལ་བསྟན་པར་བྱའོ། །དེ་ནས་ཆུ་ཁྱོར་བ་གསུམ་གྱིས་ཁ་བཤལ་ཏེ། ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཱ་པཱ་པ་ནཱི་ཙཱ་སྱ་ཤོ་དྷ་ཡ་སརྦ་བི་ཀལ་པཾ་ཨ་པ་ན་ཡ་ཧཱུྃ་ཞེས་བྱ་བའི་སྔགས་ཀྱིས་སོ། །སྟན་དང་སྔས་སུ་ཀུ་ཤ ། གདིང་ངོ་། །དེའི་ཚད་སུམ་འགྱུར་གྱི་སྐུད་པས་བཅིངས་ཏེ། ལས་ཐམས་ཅད་པའི་སྔགས་བཟླས་པས་བསྲུང་ངོ་། །དེ་ནས། ཐམས་ཅད་མཁྱེན་ཉིད་འཇིག་རྟེན་དུ། །བརྒྱ་ལ་འབྱུང་ངམ་མི་འབྱུང་འགྱུར། །ཨུ་དུམ་བཱ་རའི་མེ་ཏོག་ཀྱང་། །རེས་འགའ་རེས་འགའ་འབྱུང་བ་ སྲིད། །གསང་སྔགས་ཚུལ་ལ་གནས་པ་ཡང་། །དེ་བས་ཀྱང་ནི་རྙེད་པར་དཀའ། །གང་གིས་སེམས་ཅན་དཔག་མེད་དོན། །ནུས་པར་མཛད་ལས་འདས་པ་དང་། །བསྐལ་པ་དུ་མ་དཔག་མེད་དུ། །གང་གིས་སྡིག་པ་སྔོན་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བས་ནི། །དེ་དག་ཐམས་ཅད་ ཟད་འགྱུར་བས། །སྔགས་སྤྱོད་ཚུལ་ལ་གནས་པ་དང་། །མཉམ་པར་གྱུར་པས་གཞན་ཅི་ཡོད། །ཚེ་འདི་ཉིད་ལ་སྔགས་བཟླས་པས། །བླ་མེད་གནས་སུ་འགྲོ་འགྱུར་ཏེ། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོའི་གནས་ནི་དེ་དག་སྤངས། །དེ་དག་ཐམས་ཅད་ཟད་འགྱུར་ བས། །དེ་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་བརྟན་གྱུར་ནས། །ཁྱོད་ནི་དེ་རིང་རྙེད་པ་མཆོག །བདག་ཉིད་ཆེན་པོ་རྙེད་པར་འགྱུར། །གང་གིས་རྒྱལ་བ་ཐམས་ཅད་ནི། །སྲས་དང་བཅས་པས་བསྟན་པ་འདི། །ཁྱོད་ཀྱི་ཀུན་གྱིས་ཡོངས་བཟུང་སྟེ། །གནས་ནས་བདག་ཉིད་ཆེན་པོ་ ལ། །གང་གིས་ཁྱོད་ནི་ཐེག་ཆེན་ལས། །འདིར་ནི་འགྲོ་བར་འགྱུར་བ་ཡིན། །ལམ་འདི་མཆོག་སྟེ་དཔལ་དང་ལྡན། །ཐེག་པ་ཆེན་པོ་སྣང་བ་ཆེ། །གང་གིས་ཁྱོད་ནི་འགྲོ་འགྱུར་བས། །དེ་བཞིན་གཤེགས་པ་འབྱུང་བར་འགྱུར། །ཞེས་བསྟན་ནས། ཀུ་ཤ་བཏིང་བ་ལ་བཞག་ལ་རྨི་ལམ་ཅུང་ ཞིག་མཐོང་ནའང་ང་ལ་ཐོ་རངས་ཁྱོད་ཀྱིས་ཟློས་ཤིག་ཅེས་བྱ་སྟེ། འདི་ནི་སློབ་མ་སྟ་གོན་དུ་གནས་པའོ། །གལ་ཏེ་མི་དགེ་བའི་མཚན་མ་ཟློས་ན་དེའི་ཚེ། ལས་ཐམས་ཅད་པའི་སྔགས་ཀྱིས་བརྡེག་པར་བྱའོ། །ཡང་ངེས་བསྲུངས་ལ་སྡོམ་པ་འཛིན་དུ་བཅུག་སྟེ། དཀྱིལ་འཁོར་ཕྱིར་མི་ ལྡོག་པའི་དབང་། །གསལ་བ་མགོན་པོས་བདག་ལ་སྩོལ། །དཀྱིལ་འཁོར་ལྷ་དག་བསྟོད་པ་དང་། །སློབ་དཔོན་གྱི་ནི་ལས་དག་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །གསང་བའི་སྡོམ་པ་བླ་མེད་རྣམས། །སློབ་དཔོན་གྱིས་ནི་བདག་ལ་སྩོལ། །རྟག་ཏུ་སེམས་ཅན་དོན་བགྱིད་ དོ། །ཞེས་བརྗོད་ནས། བདག་དང་སློབ་མ་འཇུག་པའི་ཆོ་ག་ཡིན་ཏེ། དང་པོ་སློབ་དཔོན་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐམས་ཅད་རྫོགས་པར་བྱ་སྟེ། རྗེས་སུ་གནང་བ་ཐོབ་ནས། ཡོལ་བའི་ཕྱི་རོལ་དུ་ཡོན་ཕུལ་བའི་སློབ་མ་དབང་བསྐུར་བའི་སྣོད་དུ་གྱུར་པ། རྣམ་པར་སྣང་ མཛད་ཀྱི་གཟུགས་སུ་དམིགས་ལ། ཨཱ་ཁཾ་བཱི་ར་ཧཱུྃ་ཞེས་བྱ་བའི་སྔགས་བཟླ་ཞིང་མེ་ཏོག་གི་ཕྲེང་བ་བཟུང་སྟེ། མིག་གཉིས་བཀབ་པ་ལས་ཐམས་ཅད་པའི་སྔགས་ཀྱིས་བཏབ་པའི་ཆུས་བསངས་ཏེ། དཀྱིལ་འཁོར་དུ་གཞུག་པའི་ཕྱིར། །ཁྱོད་གང་ལ་དགའ་བ་ཡིན་ཞེས་དྲིའོ། །དེས་ཀྱང་ སྐལ་བཟང་བདག་ནི་བདེ་བ་ཆེན་པོ་ལའོ་ཞེས་བརྗོད་དོ། །དེ་མ་ཐག་ཏུ་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བས་རྣལ་འབྱོར་གྱི་སེམས་བསྐྱེད་པར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་ཏིཥྛ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བྱའོ། ། དེ་ནས་སྔར་བསྟན་པའི་ཡི་གེ་ལྔ་བརྗོད་ཅིང་། ཡོལ་བའི་ནང་དུ་བཀུག་ལ་འདི་སྐད་ཅེས་བརྗོད་དོ། །དེ་རིང་ཁྱེད་སངས་རྒྱས་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་དེ་བས་ན་ཡེ་ཤེས་རྡོ་རྗེ་དེ་ངས་བསྐྱེད་པར་བྱའོ། །ཡེ་ཤེས་གང་གིས་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱང་འཐོབ་ན། དངོས་གྲུབ་ གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱེད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་བརྗོད་པར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་དེའི་སྤྱི་བོར་རྡོ་རྗེ་བཞག་ལ་འདི་སྐད་ཅེས་བརྗོད་དོ། །འདི་ནི་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ཁྱོད་ཀྱིས་འདི་འགའ་ལ། །སྨྲས་ན་མགོ་བོ་འགས་ པར་འགྱུར། །རྡོ་རྗེ་སེམས་དཔའ་རང་ཉིད་ནི། །དེ་རིང་ཁྱོད་ཀྱི་སྙིང་ལ་གནས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་ཡི་མོད་ལ་བཀས་ནས་གཤེགས། །ཞེས་བྱ་བ་འདིས་མནའ་བསྒག་གོ། །ཙནྡན་དང་གུར་ཀུམ་བསྲེས་པའི་ཆུ་ལ་ཨོཾ་བཛྲ་ཨུ་ད་ཀ་ཋཿཞེས་ལན་བདུན་གྱི་བར་དུ་བཟླས་ལ། འདི་ནི་དམྱལ་བའི་ཆུ་ཡིན་ཏེ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་འགྲུབ་འགྱུར་བའི། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཅེས་བརྗོད་ལ་བླུད་དོ། །དེ་ནས་འདི་སྐད་བརྗོད་དེ། དེ་རིང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་གང་སྨྲས་པ་དེ་ཁྱོད་ཀྱིས་བྱ་བ་ཡིན་ནོ། ། ང་ལ་བརྙས་པར་མ་བྱེད་ཅིག །ཉམ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས། དམྱལ་བར་ལྟུང་བར་མ་བྱེད་ཅིག་ཅེས་བརྗོད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ནས། རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ། །ཞེས་བརྗོད་དོ། ། དེའི་སྤྱི་བོར་ཡི་གེ་བཾ་ལས་བྱུང་བའི་བུམ་པས་མཚན་མ་དཀར་པོ་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀྱིལ་དུ་ཧའོ། །སྙིང་གར་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་གྲུ་བཞི། རྡོ་རྗེ་རྩེ་གསུམ་པས་མཚམས་སུ་མཚན་པ་དེ་ལ་ཧཱུྃ་ངོ་། །ལྟེ་བར་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་ གྲུ་གསུམ་པ་དམར་པོ་ཤིན་ཏུ་རྣོ་ཞིང་ཚ་བ་དེ་ལ་ཨཱའོ། །རྐང་པའི་འོག་ཏུ་ཡཾ་ལས་བྱུང་བ་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་རྣམ་པ་ལྟ་བུ་གཡོ་བའི་བ་དན་ཕྱེད་པས་མཚན་པ་དེ་ལ་ཛྷཻཿདྲག་ཅིང་རྣོ་བ་འབར་བའི་ཕུང་པོ་དེ་རླུང་གི་བུམ་པར་བསམས་ལ་ཇི་སྲིད་མེའི་དཀྱིལ་འཁོར་གཞན་ གྱི་བར་དུའོ། །དེ་དག་གཡོས་པར་གྱུར་ནས་འབར་ཞིང་བྱུང་བས་དབང་ཆེན་གྱི་དཀྱིལ་འཁོར་ཡང་འབར་བར་གྱུར་ཏོ། །དེ་ནས་ཆུའི་དཀྱིལ་འཁོར་ལས་དག་ཅིང་གཙང་བའི་རྒྱུན་བབ་པས། ངོམས་ཤིང་ཚིམ་པར་གྱུར་ནས་རླུང་གིས་བཏེག་པ་དང་། སློབ་མ་དང་རང་འགྱིང་བག་དང་ བཅས་པའི་ཁྲོ་བོ་ཆེན་པོ་གཤིན་རྗེ་མཐར་བྱེད་སྐུ་ཤིན་ཏུ་དྲག་པོ་ཅན། ཕྱག་གཡས་པས་རྡོ་རྗེ་གསོར་བ། གཡོན་པས་དྲིལ་བུ་འཁྲོལ་བ་འབེབས་པའི་སྔགས་ཀྱིས་ཕབ་སྟེ། སྤོས་དབུལ་ལོ། །དེའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧྲཱིཿ་ཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ་ཕཊ་ཨཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ ར་ར་ཙཱ་ལེ་ཧཱུྃ་ཧ་ཨཱ་ཛྷཻཿཕཊ་ཅེས་བྱ་བས་མྱུར་དུ་ཕེབས་པར་འགྱུར་རོ། །དེ་ནས་འདོད་ཆགས་གཤིན་རྗེ་གཤེད་དུ་དེ་མ་ཐག་ཏུ་དམིགས་ལ། དེའི་ལྕེ་ལ་ཡི་གེ་ཨཱཿདམར་པོ་བསམས་ཏེ། ཏིཥྛ་བཛྲ་ཞེས་བརྗོད་དོ། །རྡོ་རྗེ་ཆོས་ནི་མགོན་པོ་ཆེ། །འོད་དཔག་མེད་ནི་བདེ་བ་ཆེ། །སྨྲོས་ཤིག་འདོད་ ཆགས་ཆོས་ཆེན་པོ། །དགེ་དང་མི་དགེ་བ་དེ་འདྲི། །བབས་ན་དགེ་དང་མི་དགེ་དེ། །ངག་གི་བརྟན་པ་རྗོད་པར་བྱེད། །སེམས་ནི་བརྟན་ནས་ཁམས་གསུམ་དག །ཤེས་ཤིང་ལུས་ནི་བརྟན་གྱུར་ན། །ནམ་མཁའ་ལ་ཡང་འགྲོ་བར་འགྱུར། །གལ་ཏེ་རིང་དུ་འགྲོ་འགྱུར་ན། །མགོ་བོའི་གཙུག་ཏུ་ལཾ་ ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེས་ཀུན་ནས་མནན་པར་བསྒོམས་ལ་དེ་རེངས་པར་བྱའོ། །དེ་ལྟ་བུ་ནི་དབབ་པའོ། །དེ་ནས་ཐོགས་པའི་མེ་ཏོག་དེ་དཀྱིལ་འཁོར་དུ་དབུལ་ཞིང་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད་དོ། །དེ་ལྟར་ལྷ་གང་གི་གནས་མཚན་མ་དང་ཉེ་བར་བབ་པར་གྱུར་ན་དེའི་ རིགས་ཡིན་པར་དེ་ལ་བསྟན་པར་བྱའོ། །གནས་མཆོག་ཏུ་བབ་ན་དངོས་གྲུབ་མཆོག་འགྲུབ་བོ། །གནས་དཀྱིལ་དུ་ནི་དངོས་གྲུབ་འབྲིང་ངོ་། །གནས་སྨད་ཀྱི་ལས་དངོས་གྲུབ་ཐ་མའོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བབ་ན་དངོས་གྲུབ་མེད་དོ། །གལ་ཏེ་དཀྱིལ་འཁོར་དུ་མ་བབ་ན་དེ་ཡང་འཕང་ ངོ་། །ལན་གསུམ་འཕངས་ཀྱང་དེ་ཉིད་དུ་མ་བབ་ན་དེ་གཟུང་བར་མི་བྱའོ། །དེ་ནི་མེ་ཏོག་དོར་བའོ། །ཕངས་པའི་ཕྲེང་བ་དེ་བླངས་ཏེ་དེའི་མགོ་ལ་བཅིངས་ལ། སེམས་ཅན་སྟོབས་པོ་ཆེ་འདི་ལོངས་ཤིག་ཅེས་བརྗོད་དོ། །དེ་ནས། ཨོཾ་རྡོ་རྗེ་སེམས་དཔའ་རང་ཉིད་ནི། །དེ་རིང་ཁྱེད་ཀྱི་མིག་འབྱེད་ མཛད། །དེ་ལྟར་མིག་ནི་ཐམས་ཅད་འབྱེད། །རྡོ་རྗེ་མིག་ནི་བླ་མེད་པ། །ཞེས་བརྗོད་ནས་གདོང་གཡོགས་དབྱེའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་སོ་སོའི་མིང་བསྟན་པ་སྔོན་དུ་འགྲོ་བས། བྱང་ཕྱོགས་ཀྱི་སྒོ་ནས་བརྩམས་ཏེ། གཙོ་བོའི་བར་དུ་བསྟན་པར་བྱའོ། །དེ་ནི་དཀྱིལ་འཁོར་དུ་འཇུག་ པའོ། །དེ་ནས་སངས་རྒྱས་ཆོས་ཆེན་པོ། །རྡོ་རྗེ་སེམས་དཔས་དབང་བསྐུར་ལྟར། །བདག་ཀྱང་མགོན་པོས་དབང་བསྐུར་ཞིང་། །ཉིད་ཀྱི་མཆོག་ཀྱང་སྩལ་དུ་གསོལ། །ཞེས་བྱ་བས་གསོལ་བ་འདེབས་པ་དང་ལྡན་པའི་སློབ་མ་བཟུང་ལ། རྡོ་རྗེ་ཙརྩི་ཀ་ལ་སོགས་པས་བུམ་པས་དབང་བསྐུར་རོ། ། རྡོ་རྗེ་ཆེན་པོས་དབང་བསྐུར་བ། །ཁམས་གསུམ་པོ་ཡི་ཕྱག་བྱས་པ། །གསང་གསུམ་པ་ཡི་གནས་བྱུང་བའི། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་བརྗོད་ཅིང་ལས་ཐམས་ཅད་པ་བཟླས་པའི་བུམ་པའི་ཆུ་རྡོ་རྗེ་ཁུ་ཚུར་གྱིས་ཀུན་ནས་གཏོར་ཞིང་། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་དོ། སློབ་མ་ འཁོར་ལོས་སྒྱུར་བ་བཞིན་དུ་དབང་བསྐུར་རོ། །ཆུའི་དབང་བསྐུར་བའོ། །དེ་ནས་གསེར་རམ་གོས་ལས་བསྒྲུབས་པའི་ཅོད་པན་ཇི་ལྟ་བའི་སྔགས་ཀྱིས་མགོའི་སྟེང་དུ་བཞག་ལ་ནམ་མཁའི་ཁོངས་སུ་གཏོགས་པའི་རང་གི་རིགས་ཀྱི་གཟུགས་སུ་ཅོད་པན་ལ་བཞུགས་སུ་གསོལ་ཏེ་སྦྱིན་པ་ནི་ཅོད་པན་གྱི་ དབང་བསྐུར་བའོ། །དེའི་རྗེས་ལ་རྡོ་རྗེ་བྱིན་ལ། སངས་རྒྱས་རྡོ་རྗེ་དབང་བསྐུར་བས། །དེ་རིང་ཁྱོད་ནི་དབང་བསྐུར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་ལོང་ཤིག་རབ་འགྲུབ་འགྱུར། །ཞེས་བརྗོད་ཅིང་རྡོ་རྗེ་སྙིང་ག་ལ་སོགས་པར་རེག་ལ་ལག་པ་གཡས་པར་ སྦྱིན་པ་ནི་རྡོ་རྗེའི་དབང་བསྐུར་བའོ། །དེ་ནས་ལག་པ་གཡོན་པར་དྲིལ་བུ་བྱིན་ལ། རྡོ་རྗེ་དྲིལ་བུ་དང་ལྡན་པའི་ལག་པ་དག་གིས་འཁྱུད་པ་ལྟར་བྱས་ཏེ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་ལ་སྦྱིན་ཏེ། དེ་ནི་དྲིལ་བུའི་དབང་བསྐུར་བའོ། །དེ་ཉིད་ལ་ བདག་པོའི་དབང་ཞེས་ཀྱང་བྱའོ། །དེ་ནས་རྡོ་རྗེ་དྲིལ་བུ་སྤྱི་བོར་བཟུང་ལ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས། རིགས་དང་རྗེས་སུ་མཐུན་པའི་མིང་གདགས་སོ། །དབང་འདི་དག་གིས་སྔགས་དང་རྒྱུད་བཤད་པ་དང་། གསང་ སྔགས་སྒྲུབ་པ་ལ་དབང་བར་འགྱུར་རོ། །འདི་ནི་དབང་ལྔ་པ་སྟེ། རྩ་བའི་ཡིན་ནོ། །རྩ་བའི་དབང་ཐམས་ཅད་ལ་ཡང་ཙརྩི་ཀ་ལ་སོགས་པའི་བྱ་བ་ཐམས་ཅད་ཡིན་པ་ཉིད་དོ། །དེ་ནས་རྩ་བའི་དབང་མནོས་པས་སློབ་དཔོན་སྡོམ་པ་ཅན། ཀྱེ་སྙིང་རྗེའི་གཏེར་བདག་དང་གཞན་གྱི་དོན་ ནུས་པའི་རྡོ་རྗེ་སློབ་དཔོན་གྱི་དབང་དེ་ཁྱེད་ཀྱི་སྐུ་དྲིན་གྱིས་སྩལ་དུ་གསོལ་ཞེས་གསོལ་བ་གདབ་པ་དང་ལྡན་པས་དཀྱིལ་འཁོར་དང་ཉེ་བར་རྡུལ་ཚོན་དམར་པོ་ལས་བྱས་པའི་པདྨ་འདབ་མ་བརྒྱད་པའི་སྟེང་དུ་གོར་སྟན་ལ་བཞག་སྟེ། རྡོ་རྗེ་ཙརྩི་ཀ་ལ་སོགས་པས་དབང་བསྐུར་ཞིང་དམ་ ཚིག་གསུམ་བཟུང་ངོ་། །དེ་ལ་དམ་ཚིག་གསུམ་ནི་འདི་ཡིན་ཏེ། ཧཱུྃ་ལས་རྡོ་རྗེ་བསྒོམས་ལ། ཁམས་གསུམ་པ་ཡི་རལ་གྲི་ཆེ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །འདི་ནི་ལས་ཀྱི་རལ་གྲི་མཆོག །དགྲ་རྣམས་ལས་རྒྱལ་བྱ་ཕྱིར་ཟུང་། །ཞེས་བྱ་བས་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གཟུང་ ངོ་། །འདི་ནི་རྡོ་རྗེའི་དམ་ཚིག་གོ། །དེ་ནས་ཨཱཿལས་བྱུང་བའི་དྲིལ་བུ་ལ་ཤེས་རབ་དང་། ཐབས་ཀྱི་ངོ་བོ་ཉིད་རྡོ་རྗེ་དང་དྲིལ་བུ་འདིས་འགྲུབ་པར་འགྱུར་གྱིས་ཟུང་ཤིག །བུ་རྡོ་རྗེ་ཁྱོད་ཀྱིས་སློབ་མ་ལ་ཡང་ཟུང་ཤིག་ཅེས་བྱས་ལ། དེའི་ལག་པར་བྱིན་ཏེ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ ཉིད་ཀྱིས་དངོས་མེད་བྱས། །སེམས་ཅན་རང་བཞིན་རྟག་ཏུ་དག །སྲིད་པའི་མཆོག་ནི་བྱེད་པ་ཡིན། །ཞེས་བྱ་བས་དེ་ལ་གདམས་པར་བྱ་སྟེ། འདི་ནི་དྲིལ་བུའི་དམ་ཚིག་གོ། །དེ་ནས་ཕྱག་རྒྱའི་དམ་ཚིག་བསྟན་ཏེ། ཡིད་ཀྱི་གཟུགས་ནི་བརྟན་པ་ཉིད། །ཕྱག་རྒྱ་ཡིན་པར་ རབ་གྲགས་ཏེ། །འདི་ཡིས་རང་གི་འདོད་ལྷ་ནི། །བདག་ཉིད་ཕྱག་རྒྱ་ཆེན་པོར་གནས། །ཞེས་བྱ་བ་ནི་ཕྱག་རྒྱའི་དམ་ཚིག་གོ། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་དང་སློབ་དཔོན་གྱི་ལས་དང་དཀྱིལ་འཁོར་བསྒྲུབ་པ་དང་། སློབ་དཔོན་འཇུག་པའི་བྱ་བ་བསྟན་ པར་བྱའོ། །དེ་ལ་སངས་རྒྱས་དང་། སངས་རྒྱས་མ་ཡིན་པ་བདག་དེ་ཁོ་ན་ཉིད་དུ་མཉམ་པས་གྲུ་བཞི་པའོ། །ལུས་དང་། ཚོར་བ་དང་སེམས་དང་། ཆོས་རྣམས་གཅིག་དང་དུ་མ་དང་བྲལ་བས་གཟུགས་བརྙན་དང་མཚུངས་པ་ཉིད་ལ། དད་པ་རྣམ་པར་དག་པ་ནི་ཤར་ཕྱོགས་ཀྱི་སྒོའོ། ། སྐྱེས་པ་དང་མ་སྐྱེས་པའི་མི་དགེ་བའི་ཆོས་སྤང་བ་དང་། མི་བསྐྱེད་པ་དང་། སྐྱེས་པ་དང་མ་སྐྱེས་པའི་དགེ་བའི་ཆོས་འཕེལ་ཞིང་རྒྱས་པར་བྱ་བ་དང་། བསྐྱེད་པའི་ཕྱིར་རྩོམ་པའི་ལས་དང་། རྟོག་པའི་བདག་ཉིད་ཀྱིས་བརྩོན་འགྲུས་བཞི་པོ་རྣམ་པར་དག་པ་ནི་ལྷོའི་སྒོའོ། །འདུན་པ་དང་བརྩོན་ འགྲུས་དང་། སེམས་དང་། དཔྱོད་པ་ཞེས་བྱ་བ་རྫུ་འཕྲུལ་གྱི་རྐང་པ་བཞི་དང་། གང་དྲན་པ་རྣམ་པར་དག་པ་ནི་ནུབ་ཀྱི་སྒོའོ། །དད་པ་དང་བརྩོན་འགྲུས་དང་། དྲན་པ་དང་ཏིང་ངེ་འཛིན་དང་། ཤེས་རབ་ཅེས་བྱ་བ་དབང་པོ་ལྔའི་ཏིང་ངེ་འཛིན་རྣམ་པར་དག་པ་ནི་བྱང་གི་སྒོའོ། །རྟོག་པ་དང་། དཔྱོད་པ་ དང་། དགའ་བ་དང་། བདེ་བ་དང་སེམས་རྩེ་གཅིག་པ་ཞེས་བྱ་བ་བསམ་གཏན་དང་པོའི་ཡན་ལག་དང་། རྟོག་པ་དང་དཔྱོད་པ་སྤངས་པ་བསམ་གཏན་གཉིས་པ་དང་། དགའ་བ་ཡང་སྤངས་ཤིང་བཏང་སྙོམས་དང་། དྲན་པ་དང་ལྡན་པས་བསམ་གཏན་གསུམ་པ་དང་། བཏང་སྙོམས་དང་ དྲན་པ་དག་པ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་བསམ་གཏན་བཞི་པ་རྣམ་པར་དག་པ་ནི། རྟ་བབས་བཞིའོ། །དཔའ་བར་འགྲོ་བ་དང་། ནམ་མཁའ་མཛོད་དང་། དྲི་མ་མེད་པ་དང་། སེང་གེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་བཞི་པོ་རྣམ་པར་དག་པ་ནི་ཁ་ ཁྱེར་བཞིའོ། །དོན་དང་ཚིག་དང་། ངེས་ཚིག་དང་། སྤོབས་པ་བཞི་དང་། གཟུངས་བཞི་རྣམ་པར་དག་པ་ནི་ཁ་ཁྱེར་ལ་གནས་པའི་མཆོད་པའི་ལྷ་མོའི་ཚོགས་སོ། །བསམ་པ་ཐམས་ཅད་རྫོགས་པས་ནི་རྒྱན་རྣམ་པ་སྣ་ཚོགས་སོ། །མདོ་དང་དབྱངས་ཀྱིས་བསྙད་པ་ དང་། ལུང་དུ་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བ་གསུང་རབ་ཡན་ལག་དགུ་གདུལ་བྱའི་སྐྱེ་བོ་ལ་བསྟན་པ་རྣམ་པར་དག་པ་ནི། དྲིལ་བུ་དང་གཡེར་ཁའི་སྒྲ་དང་བ་དན་ནོ། །དྲན་པ་ དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་བཏང་སྙོམས་ཞེས་བྱ་བ་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པ་ནི། དྲ་བ་དང་དྲ་བ་བྱེད་པ་དང་། མེ་ལོང་དང་མེ་ཏོག་གི་ཕྲེང་བ་དང་། རྔ་ཡབ་འབར་བའོ། །ནང་གཟུགས་མེད་ པའི་འདུ་ཤེས་ཀྱིས་ཕྱི་རོལ་གྱི་གཟུགས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་མཐོང་བ་ཞེས་བྱ་བ་རྣམ་པར་ཐར་པ་དང་པོ་དང་། ཕྱི་རོལ་གྱི་གཟུགས་མེད་པའི་འདུ་ཤེས་ཀྱིས་ནང་གི་གཟུག