Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 44

Văn bản gốc(Tây Tạng)

Trang 14 / 19 (50.000 ký tự/trang)
གི་བདག་པོའི་རྣམ་པ་སྒོམ་པར་བྱེད་པ་སྟེ། བསྒྲུབ་པར་བྱ་བ་གསུམ་པ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། ལྷ་ཉིད་ཀྱི་རྣམ་པ་དང་ལྡན་པའི་བདེ་བ་ཁོ་ན་རྣམ་པར་བསྒོམ་པར་བྱ་བ་མངོན་སུམ་དུ་བྱས་ནས་ལྷའི་རྣམ་པ་ཉིད་

བཏང་སྟེ། བདེ་བ་ཙམ་ཁོ་ན་བསྒྲུབ་པར་བྱ་བ་ཡོན་ཏན་དུ་འཆད་དོ། །སྐུ་ནི་བྱ་བ་ལ་སོགས་པ་ལ་གང་གི་སྐུ་ནམ་མཁའ་དང་མཚུངས་པའི་སྒྱུ་མ་དང་འདྲ་བར་དཔྱད་མི་བཟོད་པའོ། །གང་གིས་ཡན་ལག་མཚན་གྱི་སྟེ། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པར་
གྱུར་པའོ། །དཔེ་མེད་ཅེས་བྱ་བ་ནི་གྱ་ནོམ་པ་ཉིད་དང་། རྒྱ་ཆེ་བ་ཉིད་དང་། བར་མེད་པ་ཉིད་དང་། འཁོར་བ་ཇི་སྲིད་པར་རབ་ཏུ་འཇུག་པ་ཉིད་དང་ཟག་པ་མེད་པ་ཉིད་ལ་སོགས་པ་རྣམས་ཀྱིས་དཔེ་མེད་པའི་ཕྱིར་རོ། །དཔེ་ལས་འདས་པའི་བདེ་བས་གང་བ་ནི། བ་སྤུའི་རྩེ་མོའི་མཐར་ཐུག་པར་གྱུར་པའོ། །
ཉིད་དང་མཚུངས་པ་ཡང་དེ་ལྟ་བུར་གྱུར་པས་འདུས་པ་སྟེ། ཀུན་ནས་འཁྱུད་པར་གྱུར་པའོ། །ཐུབ་པའི་དབང་པོའི་དཔག་ཏུ་མེད་པ་འཕྲོ་བར་གྱུར་པ་དེ་ཡང་དེ་ལྟ་བུ་ཁོ་ནས་སེམས་ཅན་གྱི་དོན་མཛད་པའོ། །ཆད་པས་ཞེས་བྱ་བ་ནི།འགོག་པ་སྟོང་པ་སྟེ་སྤངས་པའོ། །འདི་སྐད་བཤད་པར་འགྱུར་ཏེ།
ནམ་མཁའ་དང་། སྒྱུ་མ་དང་། མིག་འཕྲུལ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། ཆུ་ཟླ་དང་། གཟུགས་བརྙན་དང་། རྨི་ལམ་དང་འདྲ་བས་གཅིག་དང་། དུ་མ་དང་། དངོས་པོ་དང་། དངོས་པོ་མེད་པ་དང་། གཟུང་བ་དང་འཛིན་པའི་རང་བཞིན་དང་བྲལ་ལ། ཐོག་མ་དང་ཐ་མ་མེད་
པའི་དངོས་པོ་མ་ལུས་པའི་རང་བཞིན་སྣང་བ་མེད་པས། དྲི་མ་མེད་པ་དཔེ་ཐམས་ཅད་ལས་ཤིན་ཏུ་འདས་པ། མཆོག་ཏུ་ཕྲ་ཞིང་ཤིན་ཏུ་ཟབ་པ། ཤེས་རབ་ཀྱི་ངོ་བོ་ཉིད་ཀྱིས་ཆོས་ཀྱི་སྐུའི་རང་བཞིན་ཡིན་པ་དང་། སྐུ་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་ཞིང་། དཔེ་བྱད་བཟང་པོ་བརྒྱད་ཅུས་
རྣམ་པར་སྤྲས་པ། ཤིན་ཏུ་སྒེག་ཅིང་ན་ཚོད་ལ་སོགས་པ་དང་ལྡན་པ་ཉིད་དང་། ཉིད་དང་མཚུངས་པའི་ལྷ་མོས་སྐུ་ལ་འཁྱུད་ཅིང་། གཟུགས་རྡོ་རྗེ་ལ་སོགས་པ་ནས། སྒྲོལ་མའི་མཐར་ཐུག་པའི་ལྷ་མོའི་ཚོགས་ཀྱིས་མཚན་མ་མེད་པའི་དགའ་བའི་རང་གི་ངོ་བོའི་རབ་ཏུ་དབྱེ་བ་དཔག་ཏུ་མེད་པས་མཆོག་
ཏུ་དགའ་བ་ལ་ཉེ་བར་ལོངས་སྤྱོད་པའི་སྒོ་ནས། གཟུགས་བརྙན་དང་འདྲ་བས་ཡང་དག་པར་ལོངས་སྤྱོད་པ་ནི་སྙིང་རྗེའི་རང་བཞིན་རྒྱ་ཆེ་བ་ཉིད་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་དང་། གདུལ་བྱའི་སྐྱེ་བོ་མོས་པ་སྣ་ཚོགས་པ་ཡོངས་སུ་སྨིན་པར་བྱ་བའི་དོན་དུ། རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་

པ་དུ་མའི་སྒོ་ནས་རིགས་ཀྱི་ནང་དུ་ཆུད་པའི་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པའི་སྤྲུལ་པ་དཔག་ཏུ་མེད་པ་སྤྲོ་བ་དང་། བསྡུ་བ་མཛད་པ་ཉིད་ཀྱིས་ནི་སྤྲུལ་པའི་སྐུའི་མཚན་ཉིད་དང་། སྟོང་པ་ཉིད་དང་། སྙིང་རྗེ་ཐ་མི་དད་པའི་བྱང་ཆུབ་སེམས་ཀྱི་
རང་བཞིན་དྲི་མ་མེད་པ་ཤེས་རབ་དང་ཐབས་ཀྱི་ཏིང་ངེ་འཛིན་ལས་ཡང་དག་པར་འབྱུང་བའི་བདེ་བ་དམ་པས་གང་བ། འཁོར་བ་ཇི་སྲིད་པར་བཞུགས་པའི་ཆོས་ཅན་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་མར་མེ་རླུང་གིས་མ་བསྐྱོད་པའི་རྩེ་མོ་བཞིན་དུ་དྲི་མ་མེད་པའི་རྒྱུན་གྱི་རྟག་པ་ཉིད་ཀྱིས་
འགོག་པས་སྟོང་པ་ནི་བསྒྲུབ་པར་བྱ་བ་བཞི་པའོ། །རང་བདག་ཅེས་བྱ་བ་ལ་སོགས་པ་ལ་རང་གི་བདག་པོ་མངོན་སུམ་དུ་བྱས་ནས་ཕྱིས་བཏང་སྟེ། བཏང་སྙོམས་ཀྱི་ངོ་བོ་གང་ཡིན་པའི་ཡེ་ཤེས་དེ་ཙམ་ཞིག་བསྒྲུབ་བྱར་འགྱུར་རོ། །གཞན་ནི་རྟོགས་པར་སླའོ། །འདི་སྐད་བཤད་པར་འགྱུར་ཏེ།
དཀྱིལ་འཁོར་གྱི་འཁོར་ལོའི་ངོ་བོ་མངོན་སུམ་དུ་བྱས་ནས། ཕྱིས་དེ་བཀག་ཅིང་བཏང་སྙོམས་ཀྱི་ཡེ་ཤེས་ཙམ་དུ་གྱུར་པ་ནི་བསྒྲུབ་པར་བྱ་བ་ལྔ་པའོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་བདེ་བའི་རང་བཞིན་ཅན་མངོན་དུ་བྱས་ནས། དེའི་རང་གི་འདོད་པ་ངེས་པར་
ལྡོག་པ་ནི་འགོག་པའོ། །གལ་ཏེ་མངོན་སུམ་དུ་བྱས་ནས་ཀྱང་། ཕྱིས་རང་གི་འདོད་པས་འགོག་པར་བྱ་བ་ཡིན་ན་ནི་དེའི་ཚེ་ཡུན་རིང་པོར་གོམས་པར་བྱས་པའི་སྙིང་རྗེ་མེད་པར་འགྱུར་བ་མ་ཡིན་ནམ། དེ་ཡང་མེད་པའི་ཕྱིར་སེམས་ཅན་གྱི་དོན་མེད་པར་འགྱུར་རོ་ཞེས་དོགས་པ་ལ། སེམས་ཅན་
དོན་ཡང་ཡོད་དེ་འདིར་མེད་མིན། །ཞེས་བྱ་བ་སྨོས་ཏེ། ཕྱོགས་འདི་ལ་སེམས་ཅན་གྱི་དོན་བྱེད་པ་མེད་པ་མ་ཡིན་ཏེ། གང་གི་ཕྱིར་འགོག་པའི་འཁོར་ལོ་ལས་སྙིང་རྗེའི་རང་བཞིན་ཅན་སེམས་ཅན་གྱི་དོན་རབ་ཏུ་འབྱུང་བ་ཡོད་པ་ཡིན་ནོ། །དེ་ནི་འདི་སྐད་དུ་བསྟན་ཏེ། བདེ་བས་ཡང་དག་པར་གང་
བའི་འཁོར་ལོ་མངོན་སུམ་དུ་བྱས་ནས། དུས་ཇི་སྲིད་དུ་འདོད་པར་རྣམ་པར་གནས་པ་སྟེ། ཕྱིས་དེ་རྣམས་ཐམས་ཅད་དུ་མར་མེ་བཞིན་དུ་འགོག་པ་ཡིན་ནོ། །ཡང་གང་གི་ཚེ་སེམས་ཅན་གྱི་དོན་མངོན་པར་འདོད་པར་གྱུར་ན། དེའི་འགགས་པ་ཉིད་ལས་འཁོར་ལོའི་ཁྱད་པར་འབྱུང་ཞིང་སེམས་ཅན་

གྱི་དོན་མཛད་དོ། །འཁོར་ལོའི་ཁྱད་པར་འབྱུང་བ་ཡང་རིང་དུ་འགགས་པའི་འཁོར་ལོའི་ཁོ་ན་ལས་སྐལ་བ་ཇི་ལྟ་བ་བཞིན་དུ་གདུལ་བྱ་རྣམས་ཀྱིས་མངོན་པར་འདོད་པ་རྙེད་པར་འགྱུར་རོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དྲུག་པའོ། །དེ་རྣམས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཕྱོགས་དྲུག་
པོ་རྣམས་ཀྱི་ནང་ནས་འབྲས་བུ་བསྒྲུབ་བྱ་གང་ཁོ་ན་མངོན་སུམ་དུ་བྱས་ཤིང་དེའི་འོག་ཏུ་རྣམ་པ་ཐམས་ཅད་དུ་མར་མེ་བཞིན་དུ་འགོག་པ་དུས་གཞན་ན་སེམས་ཅན་གྱི་དོན་ལ་སོགས་པས་སྟོང་པ་མངོན་སུམ་དུ་བྱས་པ་ཡིན་ནོ། །ཕྱོགས་དྲུག་གི་དབྱེ་བས་འགོག་པ་ཡང་དྲུག་ཁོ་ནར་འགྱུར་བ་མ་ཡིན་ནམ།
འགོག་པ་དེ་ཇི་ལྟར་ན་གཅིག་ཁོ་ནར་འགྱུར་ཞེས་དོགས་པ་ལ། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་མི་དད་པའི་ངོ་བོ་གང་ཡིན་པ་དེ་ལ་དེ་སྐད་བྱ་སྟེ། ཕྱོགས་དྲུག་གི་མཚན་ཉིད་ཀྱི་དབྱེ་བས་ཀྱང་འགོག་པ་རྣམས་ལ་ཐ་དད་པ་ཡོད་པ་མ་ཡིན་ཏེ། འགོག་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་
གཅིག་ཅིང་མཚུངས་པའི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ། ཕྱོགས་གཞན་ཞིག་མངོན་སུམ་དུ་བྱས་ནས། དེའི་འོག་ཏུ་དེའི་རྒྱུད་རྒྱུན་ཆད་པའི་ངོ་བོ་འགོག་པ་ནི་བསྒྲུབ་པར་བྱ་བ་བདུན་པའོ། །ཤེས་རབ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་ཤེས་རབ་དང་ཡེ་ཤེས་ནི་ཤེས་རབ་ཡེ་ཤེས་ཏེ། དབང་བསྐུར་
བའི་བྱེ་བྲག་གོ། །ཕྱིས་ནི་འདས་པའི་འོག་ཏུའོ། །གང་ཞེ་ན། བྱང་ཆུབ་ཀྱི་སེམས་ཏེ་བདུད་རྩིའི་ངོ་བོ་ལྕེས་བཀུག་ནས་བླངས་པ་གང་ཡིན་པ་དེ་ནི་བཞི་པ་སྟེ། དབང་བསྐུར་བཞི་པ་ཡིན་པར་སྨྲ་བ་དེ་ནི་མཆོག་མ་ཡིན་པ་དང་། དམན་པ་དང་། ཤིན་ཏུ་སྨད་པ་ཞེས་བྱ་བའི་བར་དུའོ། །ཅིའི་ཕྱིར་
མཆོག་མིན་ཞེ་ན། གང་གི་ཕྱིར་སྔགས་དང་ཕྱག་རྒྱ་དང་། ལྷ་ཉིད་ལ་སོགས་པའི་རྣམ་པ་བསྒོམ་པ་ལ་ཡང་དང་ཡང་དུ་འབད་པ་དང་། གཞན་ཡང་དེ་བཞིན་གཤེགས་པས་གསུངས་པའི་སྒྲུབ་པའི་མཚན་ཉིད་དོན་མེད་པ་ཐོབ་པར་འགྱུར་རོ། །གང་ལས་ཤེ་ན། དེ་འབྲས་ཏེ་བསྒོམས་པས་
བསྒྲུབ་པར་བྱ་བའི་འབྲས་བུ་བྱང་ཆུབ་ཀྱི་སེམས་ཀྱི་རོ་མྱང་བའི་དུས་ཉིད་ན་རབ་ཏུ་གྲུབ་པ་ཉིད་དང་། འབྲས་བུ་ཁྱད་པར་ཅན་གཞན་ཡང་མེད་པའི་ཕྱིར་ཞེས་བྱ་བའི་བར་དུའོ། །ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཡེ་ཤེས་ལ་དུས་ཕྱིས་ཇི་ལྟ་བ་བཞིན་དུ་རྙེད་པའི་དགའ་བ་སྟེ། བུད་མེད་

གང་ཡིན་པ་དེ་དང་། རེག་པའི་སྒོ་ནས་རོ་མྱང་བའི་དབང་བསྐུར་བ་གང་ཡིན་པ་དེ་ནི་དམན་པའོ། །ལྷག་མའི་དོན་ནི་རྟོགས་པར་ཟད་དོ། །དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་བྱ་བ་བཤད་པར་བྱ་བ་ལ་བཞི་པ་ནི་གསུམ་པ་ཤེས་རབ་ཡེ་ཤེས་ལས་ལྟོས་ནས་བཞི་པ་
ཞེས་བྱའོ། །དེ་ལྟར་ཞེས་བྱ་བ་ལ་དེ་ཞེས་བྱ་བའི་སྒྲ་ཤེས་རབ་ཡེ་ཤེས་ཀྱི་ངོ་བོ་དེ་མཚོན་པར་བྱེད་པ་ཡིན་ནོ། །ཡང་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་དེ་ལས་ཁྱད་པར་དུ་གྱུར་པ་ཡིན་ལ། ཁྱད་པར་ཡང་ཟག་པ་མེད་པ་ཤིན་ཏུ་རྒྱས་པ་ཉིད་དང་། བར་ཆད་མེད་པ་ཉིད་དང་། རྒྱུན་མི་འཆད་
པར་སྐྱེ་བ་ཉིད་ཀྱི་མཚན་ཉིད་དོ། །དེ་བཞིན་ཞེས་བྱ་བ་ནི་དེ་བཞིན་གྱི་སྒྲས་དེ་དང་འདྲ་བ་ཉིད་དུ་བསྟན་པ་ཡིན་ལ། དེ་དང་འདྲ་བ་ཉིད་ཀྱང་ཅི་འདྲ་བའི་ཤེས་རབ་དང་ལྡན་པའི་ཚོགས་པ་ལས། ཤེས་རབ་ཡེ་ཤེས་ཅི་འདྲ་བ་སྐྱེ་བ་བཞིན་དུ་ཕྱིས་ཀྱང་དེ་དང་འདྲ་བའི་ཚོགས་པ་ལས་ཀྱང་དེ་དང་འདྲ་
བ་བསྐྱེད་ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དེ་བཞིན་གྱི་སྒྲའི་དོན་ཡིན་ནོ། །འདིར་ཡང་མཚོན་པར་བྱ་བའི་དོན་མཚོན་པར་བྱེད་པའི་དངོས་པོ་ཁོང་དུ་ཆུད་པར་བྱ་བ་ཡིན་ཏེ། འདིར་གོ་བར་བྱེད་པས་ན། མཚོན་བྱེད་དེ་ཉམས་སུ་མྱོང་བར་གྱུར་པའི་ཤེས་རབ་ཡེ་ཤེས་སོ། །ཁྱད་པར་མ་གཟུང་
བའི་ཁྱད་པར་ཅན་རྟོགས་པར་མི་འགྱུར་བ་ཞེས་བྱ་བའི་རིག་པ་འདིས་ཉམས་སུ་མ་མྱོང་བར་མཚོན་བྱེད་ཉིད་དུ་མི་འཐད་དོ། །མཚོན་པར་བྱ་ཞིང་ཤེས་པར་བྱ་ལ་གོ་བར་བྱ་ཞིང་བསྒྲུབ་པར་བྱ་བས་ན་མཚོན་བྱ་སྟེ་མངོན་དུ་གྱུར་པའི་བཞི་པའོ། །འདིར་འགའ་ཞིག །དབང་ནི་རྣམ་པ་གསུམ་དག་ཏུ།
རྒྱུད་འདི་ལས་ནི་རབ་ཏུ་གྲགས། །ཞེས་གསུངས་པས་ན། བཞི་པ་ནི་ཡང་དག་པ་མ་ཡིན་ནོ་ཞེ་ན། དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་བྱ་བའི་ཚིག་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡོད་པ་མ་ཡིན་ནམ། ཇི་ལྟར་མེད་ཅེ་ན། བདེན་ཏེ། བཅོམ་ལྡན་འདས་ཀྱིས་མན་ངག་
བསྲུང་བར་བྱ་བའི་ཕྱིར་དང་། བསྟན་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །གཞན་དག་སྒྲུབ་པ་ཆེན་པོ་བཞི་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ་བཞི་པ་ཞེས་བྱ་བའི་ཚིག་ཡོད་པ་ཡིན་པ་དེ་ཉིད་འདིར་རྣམ་པར་འབྲེལ་བའི་ཕྱིར་བཞི་པའི་སྒྲ་གསུངས་པ་ཡིན་གྱི། བཞི་པ་ཞེས་བྱ་བའི་དབང་

བསྐུར་བའི་ཁྱད་པར་ཡང་ཡོད་པ་མ་ཡིན་ནོ་ཞེ་ན། དེའི་འདོད་པ་ཉིད་ལྟར་ན་འདི་ལ་མངོན་དུ་བྱ་བ་འབད་པའི་ཕྱིར་དེ་བསྒོམ་པ་དོན་མེད་པའི་ཉེས་པར་འགྱུར་རོ། །འབྲས་བུ་དང་བཅས་པར་ཁས་ལེན་པ་ཡང་བཞི་པ་གྲུབ་པ་ཡིན་ནོ། །དེ་ལ་མཚོན་པར་བྱེད་པ་ཤེས་རབ་ཡེ་ཤེས་ཉིད་ནི་ཁོང་དུ་ཆུད་
ལ་མཚོན་པར་བྱ་བ་ལ་ཐམས་ཅད་རྨོངས་པར་གྱུར་པས་དེ་རྣམ་པར་དཔྱད་པར་བྱ་སྟེ་མཚོན་པར་བྱ་བ་ཡང་སྲིད་ན་དོན་གྱི་ངོ་བོ་ཞིག་གམ། ཤེས་པའི་ངོ་བོ་ཞིག་ཏུ་འགྱུར་གྲང་ན། དེ་ལ་དོན་གྱི་ངོ་བོ་ཉིད་ནི་མ་ཡིན་ཏེ། དོན་ཉིད་མེད་པའི་ཕྱིར་དང་། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་
ཚད་མས་དེ་བསལ་བ་ཉིད་ཀྱི་ཕྱིར་རོ། །སྔགས་ཀྱི་ཚུལ་ལ་ཡང་རྣམ་པར་ཤེས་པར་སྨྲ་བ་དང་། དབུ་མ་པའི་འདོད་གཞུང་གཙོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཤེས་པའི་ངོ་བོ་ཞིག་ཏུ་འགྱུར་གྲང་ན། ཤེས་པ་ཡང་རྣམ་པ་དང་བཅས་པ་ཞིག་གམ། རྣམ་པ་མེད་པ་ཞིག་ཏུ་འགྱུར་གྲང་།
རྣམ་པ་དང་བཅས་པ་ལ་ཡང་ཤེས་པ་གཉིས་མེད་པའི་ངོ་བོའམ། དུ་མའི་ངོ་བོ་ཞིག་ཏུ་འགྱུར་ཞེས་རྣམ་པར་བརྟག་པར་བྱ་བ་ཡིན་ནོ། །དེ་ལ་རྣམ་པ་མེད་པར་སྨྲ་བ་དག་ནི་རྣམ་པར་ཤེས་པ་རྣམ་པ་དང་བཅས་པ་ནི་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ཏེ། ནམ་མཁའི་མེ་ཏོག་དང་འདྲའོ། །
ཞེས་སྨའོ། །མངོན་སུམ་ལ་སྔོན་པོ་དང་། སེར་པོ་དང་། དཀར་པོ་ལ་སོགས་པ་དང་། བུམ་པ་དང་། སྣམ་བུ་དང་། ཤིང་རྟ་ལ་སོགས་པའི་ངོ་བོར་རྣམ་པ་རྣམས་སྣང་བ་མ་ཡིན་ནམ། དོན་དེ་དག་ལ་མེད་པའི་ཕྱིར་ཤེས་པའི་ངོ་བོ་ཉིད་ཡིན་ན། དེ་ཇི་ལྟར་རྣམ་པ་དང་བཅས་པ་མ་ཡིན་ཞེ་ན།
བདེན་ཏེ། རྣམ་པ་རྣམས་སྣང་བ་ཉིད་ནི་ཡིན་མོད་ཀྱི་འོན་ཀྱང་བརྫུན་པ་ཡིན་ནོ། །བརྫུན་པ་ཉིད་ཀྱང་གཅིག་དང་དུ་མ་དང་བྲལ་བའི་མཚན་ཉིད་ཀྱིས་རབ་ཏུ་གྲུབ་པའོ། །ཚད་མའི་ངོ་བོ་དེ་ཡང་གཞན་དག་ཏུ་བཤད་པ་ཉིད་ཀྱིས་འདིར་མ་སྤྲོས་སོ། །བརྫུན་པ་ཉིད་དུ་གྲུབ་པས་ཀྱང་སྒྱུ་མའི་རང་བཞིན་དང་འདྲ་
བར་རྣམ་པར་འཁྲུལ་པའི་རང་བཞིན་རབ་ཏུ་སྟོན་ལ། འཁྲུལ་པ་ལྡོག་པས་ཀྱང་ཤེལ་སྒོང་དག་པ་ལྟ་བུ་རྣམ་པ་མེད་པ་དེ་ཁོ་ན་དོན་དམ་པར་གྲུབ་པར་འགྱུར་རོ། །དེ་བས་ན་རྣམ་པ་དང་བཅས་པའི་རྣམ་པར་ཤེས་པ་ནི། ཤེས་པ་གཉིས་མེད་པའི་ངོ་བོའམ། དུ་མའི་ངོ་བོར་ཡོད་དོ་ཞེས་པའི་རྟོག་པ་

གཉིས་ཀ་བསལ་བ་ཡིན་ནོ། །རྣམ་པ་མེད་པའི་ཤེས་པ་ཡང་དམིགས་པའི་རིག་བྱར་གྱུར་པ་རྨི་ལམ་ན་ཡང་མ་དམིགས་པ་མ་ཡིན་ནམ། དེ་ཇི་ལྟར་ན་དོན་དམ་པར་གྲུབ་པར་ཡོད་པ་ཞེས་བྱ་ཞེ་ན། ཤེས་པ་རྣམས་ནི་བདེ་བ་ལ་སོགས་པའི་རྣམ་པ་ཡོངས་སུ་གསལ་བའི་
ངོ་བོ་རྣམ་པ་མེད་པར་རིག་པ་ཁོ་ན་ཡིན་ལ། སྔོན་པོ་ལ་སོགས་པའི་རྣམ་པ་ཡང་བརྫུན་པར་སྣང་བ་ཡིན་ནོ། །གཞན་དུ་ན་དེ་དག་བདེན་པ་ཉིད་ཡིན་ན་ནི་རྣམ་པ་ཐམས་ཅད་བདེན་པར་འགྱུར་ལ། དེ་ལྟ་ན་ཡང་གཟུང་བ་དང་འཛིན་པའི་དངོས་པོ་བདེན་པར་འགྱུར་རོ། །སྣང་བ་བདེན་པ་ཉིད་དུ་གྱུར་
པ་དེ་བས་ན། དེ་དག་ཐམས་ཅད་ཀྱང་གྲོལ་བ་ཉིད་དུ་ཐལ་བར་འགྱུར་ཏེ། ཅུང་ཞིག་ཀྱང་ལོག་པའི་རྣམ་པར་ངོ་བོ་མི་སྣང་བའི་ཕྱིར་རོ། །དེ་སྐད་དུ་ཡང་། ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པའི་ཕྱིར། དེའི་ཕྱིར་མི་འདོད་དུ་ཟིན་ཀྱང་སྔོན་པོ་
ལ་སོགས་པའི་རྣམ་པ་བརྫུན་པ་ཉིད་དུ་བལྟ་བར་བྱའོ། །བདེ་བ་ལ་སོགས་པ་རྣམ་པ་བདེན་པར་དམིགས་པ་ཡིན་ན་དེ་ཇི་ལྟར་ན་དམིགས་པ་མ་ཡིན་ཞེ་ན། བདེ་བ་ལ་སོགས་པའི་རྣམ་པའི་ཤེས་པ་ཡང་རྣམ་པ་དང་བཅས་པ་ཁོ་ན་ལ་དམིགས་པ་ཁོ་ན་ཡིན་ཏེ། བདེ་བ་ལ་སོགས་པ་ནི་རྣམ་པའི་རང་
བཞིན་ཉིད་ཡིན་པའི་ཕྱིར་རོ། །བདེ་བ་ལ་སོགས་པའི་རྣམ་པས་སྟོང་པའི་རྣམ་པར་ཤེས་པ་ནི། རྨི་ལམ་ན་ཡང་རིག་པ་མེད་པ་མ་ཡིན་ནམ། འཁྲུལ་པ་མ་ལུས་པ་དང་བྲལ་བའི་ས་བརྒྱད་པ་ལ་དམིགས་པའི་རིག་བྱར་འགྱུར་རོ། །འདི་ལ་ཡང་མནའ་དོར་བ་མ་ཡིན་པ་སྒྲུབ་པར་བྱེད་པའི་
ཚད་མ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། བསམ་པ་ཡོངས་སུ་མ་ཤེས་པའི་ཕྱིར་དང་། བདེ་བ་ལ་སོགས་པ་ཉིད་སྔོན་པོ་ལ་སོགས་པའི་རྣམ་པ་དང་བྲལ་བའི་རྣམ་པར་ཤེས་པ་མེད་པ་ཉིད་དུ་འདོད་པའི་ཕྱིར་ཏེ། དེ་ཡང་ད་ལྟ་ཉིད་ན། རང་རིག་པའི་ཚད་མས་གྲུབ་པ་སྲོག་ཆགས་
ཐམས་ཅད་ལ་ཡོད་པ་ཡིན་ན། ཇི་ལྟར་ན་དམིགས་པར་མ་གྱུར། དེ་ཡང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་བརྫུན་པ་ཉིད་དང་འཁྲུལ་པ་ཙམ་ཡིན་ཏེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཉིད་ཀྱིས། རྣམ་པ་དང་བཅས་པའི་ཤེས་པ་དང་། རྣམ་པ་མེད་པའི་ཤེས་པ་ལ་ཁྱབ་པ་ཉིད་ཀྱི་

ཕྱིར་རོ། །རིག་པ་འདིས་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའི་ཤེས་པ་མ་ལུས་པར་བརྫུན་པར་རབ་ཏུ་བསྒྲུབས་པས་ཅུང་ཞིག་ཀྱང་དོན་དམ་པའི་དངོས་པོ་དེ་ཁོ་ན་ཉིད་དུ་མེད་པ་མ་ཡིན་ནམ། ཇི་ལྟར་ན་མཚོན་པར་བྱ་བའི་རང་བཞིན་ཚད་མས་ཉེ་བར་མཚོན་པར་བྱ་ཞེ་ན། ཉེས་པ་དེ་ནི་
མེད་དེ། དབུ་མ་པ་འདོད་པའི་ཚད་མས་བརྫུན་པ་ཉིད་དུ་གྲུབ་པ་ཡང་། གཅིག་དང་དུ་མའི་རང་བཞིན་དང་བྲལ་བ། ཆོས་ཅན་གྱི་ངོ་བོ་སྣང་བ་ཙམ་དང་སྒྱུ་མ་ལྟ་བུ་མ་བཀག་པའི་ཕྱིར་རོ། །བརྫུན་དུ་སྣང་བ་དེ་ཉིད་ལ་ཡང་མཚོན་པར་བྱ་བ་དང་། མཚོན་པར་བྱེད་པ་དང་། འཁོར་བ་
དང་། མྱ་ངན་ལས་འདས་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་བསྒོམས་པས་འགྲོ་བ་མ་ལུས་པའི་དོན་མཛད་པ་ལ་སོགས་པ་གནོད་པ་མེད་པར་རྣམ་པར་གཞག་པ་གྲུབ་པ་ཡིན་ནོ། །དེ་སྐད་དུ་ཡང་། སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །ཀུན་རྫོབ་ཉིད་དུ་རབ་ཏུ་
གྲུབ། །ཅེས་གསུངས་སོ། །དངོས་པོ་སྐྱེས་པ་ཐམས་ཅད་བརྫུན་པའི་ངོ་བོ་ཉིད་ཀྱིས་སྙིང་པོ་མེད་པ་མ་ཡིན་ནམ། དེའི་ཚེ་ཅིའི་ཕྱིར་བྲི་བའི་དཀྱིལ་འཁོར་ལ་སོགས་པ་བསྒོམ་པའི་འབད་པ་བྱེད་ཅེ་ན། དེ་ནི་བདེན་པ་མ་ཡིན་ཏེ། ལོག་པར་སྒྲོ་འདོགས་གཅོད་པའི་ཕྱིར་རོ། །
གྲོལ་བྱེད་བརྫུན་ཡང་འབད་པར་བྱ། །ཞེས་བྱ་བའི་ཚིག་གིས་ཇི་ལྟར་ཡང་རྣམ་པར་དཔྱད་ན། ཡང་དག་པའི་དངོས་པོའི་ངོ་བོ་ཉིད་མེད་པ་དེ་ལྟར་ན་ཡང་བདག་བདེ་བར་གྱུར་ཅིག །བདག་སྡུག་བསྔལ་བར་མ་གྱུར་ཅིག་ཅེས་བྱ་བ་ནི། སྲེད་པ་སྲོག་ཆགས་མ་ལུས་པ་ལ་ཡོད་དོ། །འདི་ལྟར་དགེ་
བ་དང་མི་དགེ་བའི་རྨི་ལམ་ལོག་པ་ཉིད་དུ་མཚུངས་ཀྱང་དགེ་བའི་རྨི་ལམ་མཐོང་བས་ནི། ཡིད་བདེ་བར་གྱུར་ལ། མི་དགེ་བའི་རྨི་ལམ་གྱིས་ནི་ཡིད་མི་བདེ་བར་འགྱུར་ཏེ། དེ་བསལ་བའི་ཕྱིར་དམ་པའི་ཆོས་ཀློག་པ་དང་། སྔགས་ཟློས་པ་ལ་སོགས་པ་ལ་རབ་ཏུ་འཇུག་པར་འགྱུར་རོ། །དེ་
བཞིན་དུ་བརྫུན་པ་བཞིན་དུ་ཁྱད་མེད་ཀྱང་སྡུག་བསྔལ་ལ་སོགས་པ་རང་བཞིན་གྱི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་རྟོག་པ་དང་ལྡན་པ་དོན་དུ་གཉེར་བ་རྣམས་རབ་ཏུ་འཇུག་པར་འགྱུར་རོ། །རྩོམ་པ་འདིའི་

དོན་གང་ཡིན་པ་དེའི་དོན་ཉམས་པར་འགྱུར་བ་མ་ཡིན་ནམ། འདི་ལྟར་མཚན་གཞི་དང་། མཚན་ཉིད་དཔྱད་པ་ན་སྐབས་ལ་བབ་པ་དེ་ཡང་གཏམ་གཞན་དུ་ཐལ་བས་བརྗོད་པའི་ཕྱིར། གང་དུ་སོང་བ་མི་ཤེས་སོ་ཞེ་ན། དེ་རྣམ་པ་བདུན་དུ་དབྱེ་བ་བྱས་པ་ཉིད་མ་
ཡིན་ནམ་ཞེ་ན། བདེན་ཏེ་བུ་རམ་དང་མངར་བ་ཉིད་ཀྱི་ཚུལ་གྱིས་དེ་ལྟར་ནི་མི་ཤེས་ཏེ། དེ་ལས་སྙིང་པོ་དང་སྙིང་པོ་མ་ཡིན་པ་གང་ཞེ་ན། སྨྲས་པ། སྔགས་ཀྱི་ཚུལ་ལ་བརྗོད་པའི་རིམ་པ་མེད་པའི་ཕྱིར་དང་། ལྷའི་རྣལ་འབྱོར་གྱི་སྙོམས་པར་འཇུག་པའི་སྒོམ་པ་དོན་མེད་པའི་ཕྱིར་དང་།
རིགས་པ་མེད་པའི་ཕྱིར་ན། དང་པོ་སྙིང་པོ་མེད་པ་ཉིད་དེ། འདི་ལྟར་ཚོགས་པ་ཅན་རྣམས་ཚོགས་པར་གྱུར་ན། འབྲས་བུ་གང་ཡིན་པ་དེ་གདོན་མི་ཟ་བ་ཉིད་ཡིན་ནོ། །གཞན་དུ་ན་དེའི་ཚོགས་པ་མ་ཡིན་པར་འགྱུར་ཏེ། དེ་བས་མངོན་དུ་བྱས་པའི་གནས་སྐབས་ན་ཚོགས་པ་ཅན་རྣམས་
ཚོགས་པས་ན། དེའི་འབྲས་བུ་གདོན་མི་ཟ་བར་ཡོད་པར་འགྱུར་རོ། །དེ་ལྟར་གྱུར་པས་དང་པོ་ཉམས་པ་ཡིན་ནོ། །སྐུ་ལ་སོགས་པའི་རྣམ་པས་སྟོང་པའི་བདེ་བའི་ངོ་བོ་འབའ་ཞིག་མི་དམིགས་པའི་གཉིས་པ་བདེན་པ་ཉིད་མ་ཡིན་ཏེ། འདི་ལྟར་མཚན་མས་རྣམ་པར་ངེས་པ་ཉིད་རྟོག་པ་
དང་ལྡན་པས་བསྒོམ་པར་བྱ་བ་ཉིད་ཡིན་གྱི། གང་ཡང་རུང་བ་ནི་མ་ཡིན་ནོ། །ཚད་མས་གྲུབ་པ་ཁོ་ན་དམིགས་པ་ཉིད་ཡིན་ལ། དེ་ཉིད་སྐྱེ་བོ་ཐམས་ཅད་ཀྱིས་འདོད་པར་བྱ་བ་ཉིད་དུ་སྣང་ངོ་། །དེ་བས་ན་གཅིག་པུ་མི་དམིགས་པའི་ཕྱིར་དང་། འདོད་པར་བྱ་བ་མ་ཡིན་པའི་ཕྱིར་དང་། འཁོར་
ལོའི་རང་བཞིན་མི་དམིགས་པའི་ཕྱིར་དང་། མངོན་སུམ་དུ་བྱེད་པར་མི་ནུས་པའི་ཕྱིར་དང་། འབད་པ་ཉིད་མཚུངས་པའི་ཕྱིར་གཉིས་པ་རྣམ་པར་རྟོག་པ་ཙམ་ཡིན་ནོ། །གནོད་པར་བྱེད་པ་མེད་པའི་ཡང་དག་པའི་དོན་གྱི་རང་བཞིན་ཉིད་ཀྱིས་རང་དབང་དུ་གྱུར་པ་དོར་བར་མི་ནུས་པ་ཉིད་ཀྱི་
ཕྱིར་དང་ལྡན་པའི་ངོ་བོ་ལ་བྱེ་བྲག་མེད་པའི་ཕྱིར་དང་། དགོས་པ་མེད་པའི་ཕྱིར་གསུམ་པ་དགེ་བ་མ་ཡིན་ཏེ། འདི་ལྟར་ལྷན་ཅིག་དམིགས་ནས། དེའི་བདག་ཉིད་གྲུབ་པ་ལས་གཅིག་ཡོངས་སུ་དོར་ན་གཞན་ཡང་གདོན་མི་ཟ་བར་ཡོངས་སུ་སྤངས་པའམ། ཡང་ན་འགའ་ལ་ཡང་མ་

ཡིན་ནོ། །སྤྲོས་པ་ཉིད་ཀྱིས་འབད་པ་ཉིད་མངས་པའི་ཕྱིར་དང་། རྣམ་པར་དཔྱད་མི་བཟོད་པ་ཉིད་ཀྱིས་འཁྲུལ་པའི་ངོ་བོ་ཡིན་པས་དོན་དམ་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར། གསུམ་པའི་ཐ་མའི་ཕྱོགས་ཀྱང་ལེགས་པ་མ་ཡིན་ནོ་ཞེ་ན། དེ་ལ་འགའ་ཞིག་ལས་རིགས་པ་ཅུང་ཞིག་ཅིག་
བརྗོད་པར་མི་བྱ་སྟེ། སྤྲོས་པའི་ངོ་བོ་ཉིད་དུ་གྱུར་ཀྱང་། ཕྲ་མོ་དང་། ཐིག་ལེ་ལ་སོགས་པ་ཡང་དང་ཡང་དུ་བསྒོམས་པ་ནི་ཇི་སྲིད་དུ་མངོན་སུམ་དུ་གྱུར་པ་དེ་སྲིད་དུ་འབད་པས་ཡང་དང་ཡང་དུ་བསྒོམས་པའི་ཕྱིར་དང་། ཐམས་ཅད་དུ་བསྒོམ་པར་བྱ་བ་དངོས་པོ་ཉིད་དུ་ཡོད་ལ། དེ་ལ་འདིར་
གལ་ཏེ་འབད་པས་འཇིག་ན་ནི། ཅུང་ཞིག་ཀྱང་བསྒོམ་པར་མི་བྱ་བར་འགྱུར་རོ། །སྤྲོས་པ་རྣམས་ཀྱི་ངོ་བོ་ཉིད་ནི་དེ་ལྟ་ཡིན་ནོ་ཞེ་ན། སྤྲོས་པ་དང་སྤྲོས་པ་མེད་པ་དག་བསྒོམ་པའི་གནས་སྐབས་ན་ཁྱད་པར་ཅི་ཞིག་ཡོད། འོན་ཏེ་སྤྲོས་པ་མེད་པར་མྱུར་དུ་བརྟན་པོར་གྱུར་བ་འདི་ཁྱད་པར་
ཡིན་ཏེ། དམིགས་པ་གང་ཁོ་ན་ལ་སེམས་ཡུན་རིང་པོར་རྒྱུན་མི་འཆད་པར་ཡང་དང་ཡང་དུ་གཏད་པས་དེ་ཉིད་ལ་བརྟན་པོར་འགྱུར་རོ་ཞེས་བྱ་བ་ནི་རིགས་པ་ཡིན་ནོ། །འདི་ལ་ལུང་ཡང་ཡོད་དེ། དེ་སྐད་དུ་ཡང་། དེའི་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་པ་
ལས། །བསྒོམ་པའི་སྟོབས་ནི་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་པ་དང་། འདིར་ཐག་མི་རིང་བ་ན། གནས་པ་ཡིན་པར་ཡང་གསུངས་ཏེ། ཨེ་མའོ་རྨོངས་ཉིད་ཨེ་མའོ་སྙོམ་ལས་ཅན། །ཨེ་མའོ་དོན་དམ་རྒྱབ་ཀྱིས་ཕྱོགས་འགྲོ་འདི། །རང་
སེམས་ཙམ་དང་འབྲེལ་པའི་སངས་རྒྱས་ཉིད། །རིང་མི་གནས་ཀྱང་མི་འབད་ངོ་མཚར་ཆེ། །ཞེས་པ་མ་ཡིན་ནམ། དེ་བས་འདི་ལ་ཁྱད་པར་མེད་དོ། །སྤྲོས་པ་ལ་དམིགས་པ་ནི་འཁྲུལ་པའི་ངོ་བོ་ཉིད་ཀྱིས་དོན་དམ་པ་མ་ཡིན་པ་ཉིད་དོ་ཞེ་ན། ཐམས་ཅད་དུ་བསྒོམ་པའི་ཡུལ་གྱིས་དངོས་པོ་
མི་འཁྲུལ་པས་ཅུང་ཞིག་ཀྱང་བསྒོམ་པར་བྱ་བ་མེད་པར་འགྱུར་ལ། དེ་བས་ན་རྣམ་པ་ཐམས་ཅད་དུ་ཐར་པའི་ལམ་བསྒོམ་པ་དོན་མེད་པར་འགྱུར་རོ། །དེ་ལྟར་འཁྲུལ་ཡང་སྒྱུ་མ་ལྟ་བུའི་རྣམ་པར་ཞུགས་པས་སྤྲོས་པ་མེད་པར་བསྒོམ་པར་འགྱུར་བ་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། སྤྲོས་

པ་དེ་ཡང་སྒྱུ་མའི་རྣམ་པར་ཞུགས་པས་དེ་ལ་ཡང་སྐྱོན་གྱི་སྐབས་ཅི་ཞིག་ཡོད། དེ་བས་ན་དོན་དུ་གཉེར་བས་སྤྲོས་པའམ། སྤྲོས་པ་མེད་པ་ཡང་རུང་། གང་ཁོ་ན་འདོད་པའི་ཚད་མ་དང་ལྡན་པའམ། ཅིག་ཤོས་དེ་ཉིད་ལེ་ལོ་སྤངས་ནས་ཕྱག་རྒྱ་ཆེན་པོ་དོན་དུ་གཉེར་བས་
བསྒོམ་པར་བྱ་སྟེ་ཤིན་ཏུ་ཐལ་ཆེས་པས་ཆོག་གོ། །དེ་ལ་སྙིང་པོ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་ཡང་བླ་མ་མཉེས་པར་བྱེད་པ་རྣམས་ཀྱིས་ཤེས་པར་བྱེད་པ་ཡིན་ནོ། །དགོས་པ་ལ་སོགས་པ་གསུམ་པའི་ཕྱོགས་ལ་བཤད་པའི་ཉེས་པ་དང་། གསང་སྔགས་ཀྱི་ཚུལ་གྱི་རིམ་པ་མེད་པའི་
ཕྱིར།ལྔ་པ་སྐྱོན་དང་བྲལ་བ་མ་ཡིན་ནོ། །སྔར་སྔོན་དུ་བྱས་པའི་ཕྱིར། སྔགས་ཀྱི་ཚུལ་ལ་རབ་ཏུ་སྦྱོར་བ་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་དེ་ལ་མེད་ཅེ་ན། བདེན་ཏེ། བསྒྲུབ་པར་བྱ་བ་འབྲས་བུ་མངོན་དུ་གྱུར་པའི་གནས་སྐབས་དེ་ཡང་རིམ་པ་འདི་ལ་མེད་པ་དང་། མངོན་དུ་གྱུར་པ་ཡོངས་
སུ་བཏང་བ་དང་། དགོས་པ་མ་མཐོང་བའི་ཕྱིར་རོ། །རང་གི་འདོད་པས་བཟློག་མི་ནུས་པའི་ཕྱིར་དང་། དགོས་པ་མེད་པའི་ཕྱིར་དང་། སེམས་ཅན་གྱི་དོན་མེད་པའི་ཕྱིར། ལྔ་པའི་མཐའི་རབ་ཏུ་དབྱེ་བ་རྟོག་པའི་དྲི་མས་སྟོང་པ་མ་ཡིན་ནོ། །དེ་ལ་ཇི་ལྟར་བཟློག་མི་ནུས་ཤེ་ན། ཇི་ལྟར་འགའ་
ཞིག་ལྡོག་པ་ནི་རྒྱུ་ལྡོག་པའམ། ཁྱབ་པར་བྱེད་པ་བཟློག་པ་ལས་འགྱུར་ན། དེ་ལ་མངོན་སུམ་དུ་བྱས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་ལྡོག་པར་བྱེད་པའི་རྒྱུའམ། ཁྱབ་པར་བྱེད་པ་ལྡོག་པ་ཡོད་པ་མ་ཡིན་ནོ། །རང་གི་འདོད་པས་འགོག་པ་ཡང་མི་ནུས་ཏེ་མི་མཐུན་པ་མེད་པའི་ཕྱིར།
སྡུག་བསྔལ་ལ་སོགས་པ་འགོག་པ་འདོད་ཀྱང་སྡུག་བསྔལ་ལ་སོགས་པ་ལ་འཇུག་པ་མཐོང་བའི་ཕྱིར་རོ། །སྟོང་པ་ཉིད་ཀྱིས་ལྡོག་པར་བྱེད་པ་ཡོད་པ་མ་ཡིན་ནམ། འདི་ལྟར་ཤིང་གི་ཕུང་པོ་ལ་མེ་རབ་ཏུ་འབར་བས་ཤིང་མ་ལུས་པ་ཐལ་བར་བྱས་ནས་དེའི་འོག་ཏུ་བདག་ཉིད་ཀྱང་རང་གི་
ངང་ཁོ་ནས་ལྡོག་པར་འགྱུར་བ་དེ་དཀྱིལ་འཁོར་གྱི་འཁོར་ལོ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་མངོན་སུམ་དུ་བྱས་ནས་ཀྱང་། དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པར་ལྡོག་པར་བྱེད་ལ། དེ་ཡང་རང་གི་ལྡོག་པར་འགྱུར་རོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། དཔེ་དང་མཐུན་

པ་མ་ཡིན་པའི་ཕྱིར་རོ། །དེ་ལ་འདི་ལྟར་ཤིང་འགྱུར་བར་བྱེད་པའི་རྒྱུར་གྱུར་པའི་མེ་ནི་ཤིང་གི་འགྱུར་བ་ཡང་དག་པར་སྐྱེད་པ་ཉིད་ཀྱིས་ཤིང་འགྱུར་བར་བྱེད་པ་ནི་མེ་ཡིན་ནོ་ཞེས་འཇིག་རྟེན་པ་རྣམས་སེམས་ལ་འདིར་ན་སྟོང་པ་ཉིད་ཀྱི་དཀྱིལ་འཁོར་འཁོར་ལོས་སྒྱུར་བར་བྱེད་པའི་རྒྱུ་མ་ཡིན་ན་
དེའི་ཕྱིར་ལྡོག་པར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་རང་གི་ངང་གིས་ལྡོག་གོ་ཞེས་ཀྱང་སྨྲ་བར་བྱ་བ་མ་ཡིན་ནོ། །རྒྱུར་མི་འགྱུར་དུ་ཆུག་ན་ཡང་སྟོང་པ་ཉིད་ཁྱབ་པར་བྱེད་པ་ནི་འགྱུར་བ་མ་ཡིན་ནམ། ཁྱབ་པར་བྱེད་པ་ཤིང་ལོག་པས་ཁྱབ་པར་ཤིང་ཤ་པ་ལྡོག་པ་བཞིན་
དུ་ལྡོག་པ་འགྱུར་རོ་ཞེ་ན། དེ་ཡང་སྙིང་པོ་མ་ཡིན་ཏེ། འདི་ལྟར་ཐམས་ཅད་དུ་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ལ་ཁྱབ་པར་བྱེད་པ་དེ་ཁོ་ན་ཉིད་ཀྱི་ངོ་བོ་སྟོང་པ་ཉིད་དེ་ལ་ལྡོག་པ་ནམ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་ལྡོག་པར་འགྱུར་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་
སུམ་དུ་བྱེད་པ་ལས་དུས་སྔ་མའམ། དེ་མ་ཐག་ཏུ་སངས་རྒྱས་བཅོམ་ལྡན་འདས་ལྡོག་པར་འགྱུར་ན་མ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ནས་ཀྱང་ཐུགས་རྗེས་དུས་ཇི་སྲིད་ཅིག་གི་བར་དུ་གནས་པ་ཉིད་ཀྱིས་ཞལ་གྱིས་བཞེས་པའི་ཕྱིར་འགྱུར་བ་ཡང་མ་ཡིན་
ནོ། །འོན་ཀྱང་སྟོང་པ་ཉིད་ཀྱང་ཡེ་ཤེས་ཀྱི་ངོ་བོ་ཉིད་ལ། འཁོར་ལོ་ཡང་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནོ། །ཅི་སྟེ་སྟོང་པ་ཉིད་ཀྱི་ཡེ་ཤེས་སྐྱེས་པས་འཁོར་ལོའི་ཡེ་ཤེས་ལོག་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་གང་གིས་ལྡོག་པར་བྱེད། དེ་ཉིད་ཀྱིས་ལྡོག་པ་ནི་འགལ་བའི་ཕྱིར་ལ།
རྒྱུའམ་ཁྱད་པར་བྱེད་པ་མེད་པ་དེ་བས་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་ལྡོག་པ་མེད་དོ། །དེ་བས་ན་དཀྱིལ་འཁོར་གྱི་འཁོར་ལོ་ཡང་སྟོང་པ་ཉིད་ཀྱིས་ལྡོག་གོ་ཞེས་བྱ་བ་ཡང་མ་ཡིན་ཏེ། སྟོང་པ་ཉིད་ལ་ལྡོག་པར་བྱེད་པ་ཡིན་པ། ལོག་པ་དང་སྟོང་པ་ཉིད་ཀྱིས་ལྡོག་པར་བྱེད་པ་ཡིན་
ནོ་ཞེས་སུ་ཞིག་སྨྲ། འོན་ཀྱང་ལྡོག་པར་བྱེད་པ་དེ་ནི་བླ་མའི་མན་ངག་ལས་ཤེས་སོ་ཞེས་བྱ་བ་འདི་ཡང་སྙིང་པོ་མ་ཡིན་ཏེ། བླ་མའི་མན་ངག་ལས་ཀྱང་སྟོང་པ་ཉིད་དང་། དེ་ལྡོག་པ་ལས་མ་གཏོགས་པའི་ལྡོག་པར་བྱེད་པའི་ཚད་མ་གཞན་ཅུང་ཟད་ཡོད་པ་མ་ཡིན་ནོ། །སོ་སོར་སྐད་

ཅིག་མའི་འཇིག་པ་དང་། སྐད་ཅིག་གིས་ཉམས་པའི་ངོ་བོས་དངོས་པོ་ཐམས་ཅད་ལ་ཁྱབ་མོད་ཀྱི། རྒྱུད་ཀྱི་རྒྱུན་ལྡོག་པ་ནི་མ་ཡིན་ནོ། །དེའི་ཕྱིར་རང་གི་བདོག་པ་བརྟག་པར་མི་བྱ་སྟེ་ལྡོག་པའི་སྙིང་པོ་མེད་པ་ལ་རྟོག་པ་དང་ལྡན་པ་རྣམས་ཀྱིས་བརྟགས་པ་
དགོས་པ་ཡོད་པ་མ་ཡིན་ནོ། །དེ་སྐད་དུ་ཡང་། སེམས་ཅན་རྣམས་ནི་སྒྲོལ་གྱུར་པ། །རབ་དགའ་རྒྱ་མཚོ་གང་ཡིན་དེ། །དེ་ཉིད་ཀྱིས་རྫོགས་མ་ཡིན་ནམ། །ཐར་པ་རོ་བྲལ་ཅི་ཞིག་དགོས། །ཞེས་གསུངས་སོ། །སེམས་ཅན་གྱི་དོན་ཡང་ལྡོག་པ་ལ་མེད་དེ། ནམ་མཁའི་
མེ་ཏོག་ལ་ནམ་ཡང་དོན་གྱི་བྱ་བ་ཅུང་ཞིག་ཀྱང་མི་སྲིད་དེ། ཡུན་རིང་པོར་འགགས་ཀྱང་དངོས་པོའི་ངོ་བོ་འདས་པའི་འཁོར་ལོ་ལས་སེམས་ཅན་གྱི་དོན་འབྱུང་བར་འགྱུར་རོ་ཞེས་བྱ་བ་ཡང་སྙིང་པོ་མ་ཡིན་ཏེ། ཡུན་རིང་པོར་ཁྱིམ་བྱ་ཤི་བ་ཡང་སྒྲ་སྒྲོགས་པར་ཐལ་བར་འགྱུར་བའི་ཕྱིར་
རོ། །རྣལ་འབྱོར་པའི་བྱིན་གྱི་རླབས་ཀྱིས་ནམ་མཁའ་ལས་ཀྱང་དངོས་པོའི་ངོ་བོ་འདས་པའི་འཁོར་ལོ་ལས་སེམས་ཅན་གྱི་དོན་བྱེད་པ་ཡིན་ལ། ནམ་མཁའ་ནི་མ་ཡིན་ཏེ། དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་འཁོར་ལོ་འགགས་པ་ལས་སེམས་ཅན་གྱི་དོན་
བྱེད་པའི་དུས་ན་ཡང་འབྱུང་ཡང་དེ་ལས་དོན་བྱེད་པར་འགྱུར་བ་མ་ཡིན་ནམ། དེ་བས་ན་འགགས་ཤིང་ཡང་སྐྱེ་བར་འགྱུར་རོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། ཇི་ལྟར་སེམས་ཅན་གྱི་དོན་བྱེད་པ་དེ་ལས་བྱུང་བ་མེད་པ་དེ་བཞིན་དུ་དོན་བྱེད་པའི་འཁོར་ལོ་ཡང་དེ་ལ་མི་སྲིད་དོ། །འགགས་
པ་ལས་ཀྱང་འབྱུང་བ་ལ་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཤིན་ཏུ་སྤྲོས་པས་ཆོག་གོ། །དྲུག་པའི་ཕྱོགས་ལ་བཤད་པའི་སྐྱོན་གྱིས་ཚོགས་བདུན་པ་ལ་ཡང་ཡོད་པས་བརྟག་པ་ལ་ཡང་བརྟག་པར་མི་བྱའོ། །དྲུག་པ་དང་བདུན་པ་མཚུངས་པ་ཉིད་ཀྱི་ཕྱིར་དེ་ལ་ཁྱད་པར་ཅི་
ཡོད་ཅེ་ན། ཁྱད་པར་ཡོད་དེ། སྔ་མའི་གནས་སྐབས་འཁོར་ལོའི་རྣམ་པ་ཉིད་ངེས་པར་བྱས་ནས་ཡང་དང་ཡང་དུ་རང་གི་འདོད་པས་སྐྱེད་པར་བྱེད་པ་ཉིད་ཡིན་ལ། བདུན་པ་ལ་ནི་དེ་མེད་པ་དེ་བས་ན་མཚུངས་པ་དང་ཐ་མི་དད་པ་མ་ཡིན་པར་བསྟན་ཏོ། །རྡོ་རྗེའི་ས་བོན་ཞེས་བྱ་བ་ལ་སོགས་

པ་ལ། དེ་དག་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །གསལ་བྱེད་ལྔ་ཞེས་བྱ་བ་ལ་སོགས་པ་ལ། གསལ་བྱེད་ལྔ་ཞེས་བྱ་བའི་སྒྲ་ལ། བ་ལང་དང་། ཁྱི་དང་། གླང་པོ་དང་། རྟ་དང་། མིའི་མཚན་ཉིད་དོ། །བདུད་རྩི་ལྔའི་སྒྲ་ནི། བི་དང་། མུ་དང་། མ་དང་། ར་དང་།
ཤུའི་མཚན་ཉིད་དོ། །དེ་དག་རྟག་ཏུ་བརྟེན་པ་ཁོ་ནས་བསྒྲུབ་པར་བྱ་བར་སེམས་སོ། །ཐིག་ལེ་ཞེས་བྱ་བ་ནི། སྙིང་གར་ཟླ་བ་ལ་གནས་པའི་ཐིག་ལེ་འོད་འཕྲོ་བར་གྱུར་པ་ལ་དེ་ཁོ་ན་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་སེམས་ནས་རྣམ་པར་སྒོམ་པར་བྱེད་དོ། །ཟླ་བ་ཞེས་བྱ་བ་ནི་སྙིང་གའི་
གནས་སུ་ཟླ་བ་ཕྱེད་པའམ། ཟླ་བ་རྒྱས་པས་སྙིང་གར་པདྨ་ལ་གནས་པ་འགའ་ཞིག་རྣམ་པར་སྒོམ་པར་བྱེད་དོ། །སྨིན་དབུས་ཐིག་ལེ་ལས་བྱུང་དཀྱིལ་འཁོར་དང་། །ཞེས་བྱ་བ་ནི་སྨིན་མའི་དབུས་ཏེ་མཛོད་སྤུའི་གནས་སུ་ཐིག་ལེ་རྣམ་པར་བསྒོམ་པར་བྱའོ། །ཐིག་ལེ་དེ་ལས་
བྱུང་བའི་དཀྱིལ་འཁོར་ནི། རླུང་དང་། ཆུ་དང་། དབང་ཆེན་གྱི་དཀྱིལ་འཁོར་དང་མེའི་མཚན་ཉིད་དོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། ཁ་དང་། རྣ་བ་དང་། སྣ་དང་། མིག་ལག་པའི་སོར་མོས་བཀབ་ལ། སྨིན་མའི་དབུས་སུ་ཐིག་ལེ་བལྟ་བར་བྱའོ། །དེ་ལ་ཡང་གསལ་
པོར་གྱུར་པའི་གནས་སྐབས་སུ་དགེ་བ་དང་མི་དགེ་བའི་ལྟས་ཡང་དག་པར་སྟོན་པར་བྱེད་པ། དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་རབ་ཏུ་བསྐྱེད་པའི་ཐིག་ལེ་དེ་ལ་ཡང་དེ་ཁོ་ན་ཉིད་དུ་སེམས་སོ། །རླུང་གི་རང་བཞིན་ཞེས་བྱ་བ་ནི་པུ་ར་ཀ་དང་། ཀུམ་པ་ཀ་དང་། རེ་ཙི་ཀ་དང་། ཤཱནྟ་ཀ་
སྟེ། དབུགས་འབྱུང་རྔུབ་ལ་སོགས་པའི་མཚན་ཉིད་དོ། །འདི་སྐད་དུ་བཤད་པ་ཡིན་ཏེ། དེ་ལ་འདི་ལྟར་གྲངས་ཅན་ལ་སོགས་པས་བསྟན་པའི་རླུང་གི་རང་བཞིན་ཤེས་པར་བྱས་ནས། དབུགས་བསྒགས་པ་ལས་བརྟན་པོར་བྱས་ནས། ནམ་མཁའ་ལ་རྒྱུ་བས་འོང་བ་དང་། གཞན་
གྱི་གྲོང་དུ་འཇུག་པ་དང་། གྲོལ་བའི་བར་དུ་མངོན་སུམ་དུ་བྱེད་པར་འགྱུར་བའོ་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་དུ་སྨྲ་བ་རྣམས་ཀྱིའོ། །ལྕེའུ་ཆུང་ཞེས་བྱ་བ་ནི་མེད་པའི་ཕྱོགས་ལྕེའི་ཕུགས་ཀྱི་རང་གི་སྟེང་ན་གླང་པོ་ཆེའི་སྣའི་རྣམ་པ་ལྟ་བུ་ཁ་འོག་ཏུ་བལྟས་པ་ལྕེའི་མིང་

ཅན་དུ་ལྕེའུ་ཆུང་ཡོད་དེ། དེ་ཡང་ནུས་པའི་ངོ་བོ་སྡིག་པའི་རང་བཞིན་དུ་ཡོད་པ་དེ་ཁོ་ན་ཉིད་ཡིན་ནོ། །དེ་ལ་ལྕེའི་རྩེ་མོས་རེག་པར་གྱུར་ཙམ་ན་བདུད་རྩི་རྒྱུན་མི་འཆད་པར་འཇིག་པར་འགྱུར་རོ། །བདུད་རྩི་རྒྱུན་བབས་པ་དེས་ཀྱང་དོན་དམ་པའི་བདག་
ཉིད་ཚིམ་པར་འགྱུར་བ་བསྒོམ་ཞེས་བྱ་བ་ནི་ལྕེའུ་ཆུང་གི་དེ་ཁོ་ན་ཉིད་ཡིན་ནོ། །སོགས་པའི་སྒྲས་ནི་སྙིང་གའི་དབུས་ཀྱི་དཀྱིལ་འཁོར་རྩིབས་བཅུ་དྲུག་པའི་དབུས་ན་ཧཱུྃ་གནས་པ་ཡེ་ཤེས་ཀྱི་རང་བཞིན་བཞི་པའི་ངོ་བོ་དེ་ཁོ་ན་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་བཟུང་སྟེ། ཡང་
སྨྲས་པ། བཅུ་ལས་དྲུག་ལྷག་རྩ་དང་ལྡན་པའི་འཁོར་ལོ་ཡི། །དཀྱིལ་ན་གནས་པའི་སྙིང་གར་རྣམ་པར་གནས་པའི་བདག །དེས་ནི་དེ་ཡི་ཁྱད་པར་ལྟ་བུའི་གྲུབ་པ་སྟེར། །དེ་ནི་མངོན་པར་མི་གཡོ་བ་ཡི་ཡིད་དག་གིས། །རྣལ་འབྱོར་པ་ཡི་སེམས་དེ་དེ་ལྟར་མངོན་པར་བསམ། །
ནུབ་པར་གྱུར་པའི་མགོན་པོ་རྒྱལ་བར་གྱུར་དེ་ནི། །ནུས་པ་དག་གིས་དེ་ནི་ཡོངས་སུ་བསྐོར་དང་བཅས། །ཞེས་བྱ་བ་དེ་ལྟ་བུ་མུ་སྟེགས་བྱེད་པ་ལ་སོགས་པ་དེ་ཁོ་ན་ཉིད་དུ་འདོད་པ་དེ་དག་ཐམས་ཅད་ནི་དེ་ཁོ་ན་ཉིད་མ་ཡིན་ནོ་ཞེས་བདག་ཉིད་ཀྱིས་བརྟག་པར་བྱ། དཔྱད་པར་བྱའོ་ཞེས་བྱ་བའི་བར་
དུའོ། །རྨི་ལམ་མིག་འཕྲུལ་ཞེས་བྱ་བ་ལ་སོགས་པ་ལ། རྨི་ལམ་དང་། མིག་འཕྲུལ་ལྟ་བུ་དང་། གཟུགས་བརྙན་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། ཆུ་ཟླ་ལྟ་བུའོ། །གཞན་གྱི་སྒྲས་ནི། ནམ་མཁའ་དང་། བྲག་ཅ་དང་། དབུ་བ་ལྟ་བུའོ་ཞེས་བྱ་བ་ལ་
སོགས་པའི་སྒྲས་སོ། །དེ་ལྟ་བུའི་མངོན་པར་བརྗོད་པ་ནི་སྨྲ་བ་པོས་དེ་ལྟ་བུའི་བསྟན་པའི་བསྒྲུབ་པར་བྱ་བ་ལས་གཞན་མེད་པ་ཉིད་དེ། གཞན་ཡང་འདིར་བཤད་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་སྒྲ་དེ་དེ་ལ་འཇུག་པར་རང་ཉིད་ཀྱིས་ཤེས་པར་བྱའོ། །ཟབ་མོ་སྟོང་ཉིད་སོ་སོར་སྣང་བ་ཙམ། །
ཞི་བ་ཤིན་ཏུ་ཕྲ་བ་སྒྲས་བརྗོད་མིན། །གོས་མེད་དངོས་བྲལ་དྲི་མེད་ལ་སོགས་དང་། །ཞེས་བྱ་བ་ལ་སོགས་པའི་སྒྲས་ཞི་བ་དང་། རྣམ་པ་མེད་པ་དང་། སྤྲོས་པ་མེད་པ་དང་། ཐོག་མ་མེད་པ་དང་། འགག་པ་མེད་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་ཡིས་ཀྱང་འཁྲུལ་པར་མི་བྱ་ཞིང་། གཞན་

སྒྲུབ་ཏུ་ཡོད་པ་ནི་གཞན་གྱིས་བསྒྲུབ་པར་བྱ་བ་ཡོད་པ་ནི་འདིར་ཡོད་པའི་སྒྲ་དེས་བཤད་པའི་བསྒྲུབ་པར་བྱ་བ་ལས་མཆོག་འགའ་ཞིག་ཡོད་དོ་ཞེས་འཁྲུལ་པར་མི་བྱ་སྟེ། བཤད་པའི་བསྒྲུབ་པར་བྱ་བ་ཁོ་ན་དེ་དག་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་ཡིན་ཞེས་ངེས་པར་བྱའོ། །དཔལ་ལྡན་གསང་
བ་འདུས་པ་ལས། །དྲི་མེད་ངག་མཆོག་མཐར་ཕྱིན་པའི། །ངག་གི་དབང་ཕྱུག་དེ་ཡིས་འདི། །བྱས་པས་བློ་ངན་འཇིག་གྱུར་ཅིག །བདག་གིས་འདི་བཤད་བྱས་པ་ལས། །པད་དཀར་ཀུནྡ་ཁ་བྱེ་ལྟ་བུ་དང་། །འོ་མ་སྐར་མ་ལྟ་བུའི་བསོད་ནམས་གང་བསགས་པ། །དེ་ཡིས་
འགྲོ་བ་བདག་ཉིད་དང་མཚུངས་རིག་མས་ཉེར་འཁྱུད་པའི། །དཔེ་མེད་བདེ་ཆེན་གང་བའི་དབང་ཕྱུག་དཔལ་གྱུར་ཤོག །དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་རྣམ་པར་བཤད་པ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་རྒྱ་གར་
ཤར་ཕྱོགས་ཀྱི་དཔེ་ལས་ཞུ་གཏུགས་གཡར་ཁྲལ་འཚལ་བ་ལགས་སོ།། ༄༅༅། །རྒྱ་གར་སྐད་དུ། སུ་བིཥྚི་སཱ་དྷ་ནོ་པ་ཡི་ཀབོད་སྐད་དུ། རབ་ཏུ་གསལ་བ་ཞེས་བྱ་བའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་
ལོ། །ཡེ་ཤེས་ཞབས་ལ་ཕྱག་འཚལ་ཏེ། །དེའི་གཞུང་རྡོ་རྗེ་ཅན་སྒྲུབ་ཐབས། །སློབ་མ་བློ་གྲོས་ཆུང་དོན་དུ། །རབ་ཏུ་གསལ་བར་བཤད་པར་བྱ། །རྩོམ་པའི་ནུས་པ་མེད་ན་ཡང་། །སྙིང་རྗེ་ཡིས་ནི་དྲངས་པ་ཡིས། །བུ་ལ་ཕན་པར་འདོད་པའི་མ། །རང་གི་ནུས་པ་འཇལ་མི་བྱེད། །
དེ་ལ་རྣལ་འབྱོར་པ་སྙིང་རྗེས་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྦྱིན་པ་ལ་སོགས་པ་ལ་བརྩོན་པ། སྟོང་པ་ཉིད་ལ་ལྷག་པར་མོས་པ་གསང་བ་འདུས་པའི་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་རྗེས་སུ་གནང་བ་ཐོབ་པ་བསྒོམ་པའི་ཆོ་ག་ལ་ཤིན་ཏུ་མཁས་པས། རི་བོ་ལ་སོགས་པའི་
ཕྱོགས་འགའ་ཞིག་ཏུ། བསམ་གཏན་གྱི་ཁང་པ་རྫས་ལ་སོགས་པས་ཉེ་བར་བྱུགས་པར་སྟན་ཤིན་ཏུ་འཇམ་པ་ལ་འདུག་སྟེ་རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུྃ་གནས་ཏེ། དེའི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ནམ་མཁའ་ལ་བཞུགས་པའི་བླ་མ་དང་།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དག་པར་མཆོད་ནས། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ལམ་ལ་གནས་པ་དང་། བདག་ཉིད་དབུལ་བ་ཡང་བྱས་ནས་སྟོང་པ་ཉིད་
བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་བྱིན་གྱིས་རློབ་བོ། །དེ་ནས་དེར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུྃ་ལས་སྤྲོས་པའི་འོད་ཟེར་གྱིས་བགེགས་ཀྱི་ཚོགས་རྣམས་ཕམ་པར་བྱས་ནས་འོད་ཟེར་དེ་
ཡོངས་སུ་གྱུར་པ་ལས་རྡོ་རྗེ་དྲ་བ་དང་རྡོ་རྗེ་ར་བ་དང་རྡོ་རྗེའི་རང་བཞིན་ཅན་གྱི་རྣམ་པར་བསམས་ལ། དེའི་ནང་དུ་ཆོས་འབྱུང་བ་གྱེན་དཀར་གནས་པ། ནང་ཁོང་སྟོང་དབུས་ན་སྣ་ཚོགས་པདྨ་ལ་སྣ་ཚོགས་རྡོ་རྗེ་བསམས་ལ། དེར་ཡི་གེ་བྲུཾ་དང་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་
སྐུ་མདོག་དཀར་བ། དཀར་པོ་དང་ནག་པོ་དང་དམར་པོ་སྟེ་ཞལ་གསུམ་མངའ་བ་ཕྱག་དྲུག་ལས་ཕྱག་གཉིས་ཀྱིས་རང་དང་འདྲ་བའི་རིག་མ་དམ་པ་ལ་འཁྱུད་པ། ཕྱག་ལྷག་མ་རྣམས་ལ་འཁོར་ལོ་དང་རལ་གྲི་དང་པདྨ་དང་རིན་པོ་ཆེ་བསྣམས་པ་རིམ་བཞིན་བསམས་ལ། དེ་ཡོངས་སུ་
གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་པ་ལ་སྒོ་བཞི་པ་རྟ་བབས་བཞི་ལ་སོགས་པས་བརྒྱན་པ། ལྷ་བཅུ་དགུའི་གནས་སྣ་ཚོགས་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་བདུན་དང་། ཟླ་བའི་དཀྱིལ་འཁོར་བཅུ་གཉིས་ཀྱི་གདན་དང་ལྡན་པ་བསྒོམ་པར་བྱའོ། །དེའི་དབུས་མའི་
གདན་ལ་ཨ་ལ་སོགས་པ་ཉིས་འགྱུར་དུ་བྱས་པ་ལས། མཚན་སུམ་ཅུ་རྩ་གཉིས་སུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་དང་ཡི་གེ་ཀ་ལ་སོགས་པར་ད་དྷ་ཌ་ཌྷ་ཡ་ལ་དང་བཅས་ཉིས་འགྱུར་དུ་བྱས་པའི་ཆའི་རྣམ་པར་དག་པ་དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་ཟླ་བའི་དཀྱིལ་འཁོར་གཉིས་
པའོ། །དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དམར་པོ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་བསམས་ལ། ཨོཾ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་ང་རྒྱལ་བྱའོ། །དེ་ནས་ཡི་གེ་ཧཱུྃ་ལས་འོད་ཟེར་སྤྲོས་པས་འགྲོ་བ་རྣམས་རྡོ་རྗེ་འཆང་དང་འདྲ་བར་བྱས་ལ་དེ་ཉིད་དུ་བསྡུས་ཏེ་ཟླ་བ་དང་རྡོ་རྗེ་ཡོངས་སུ་

གྱུར་པ་ལས་རྡོ་རྗེ་སེམས་དཔའ་རྣམ་པར་སྣང་མཛད་དང་འདྲ་བར་བསམ་པར་བྱས་པ་ལས། ཁྱད་པར་ནི་འཁོར་ལོའི་གནས་སུ་རྡོ་རྗེ་བསྣམས་པ་རིན་པོ་ཆེའི་ཅོད་པན་དང་ལྡན་པའོ། །དེའི་རྗེས་ལ་འདོད་ཆགས་ཆེན་པོས་འདུལ་བའི་སྣོད་ཀྱི་འཇིག་རྟེན་ལ་དམིགས་ནས་རབ་ཏུ་དགའ་བའི་
སྒྲས་རྒྱལ་བའི་ཚོགས་རྣམས་རང་གི་ལུས་ལ་བཅུག་སྟེ། བདེ་བ་དང་ལྡན་པར་བཏོན་ལ་སྤྱན་ལ་སོགས་པ་ལྷ་མོ་དགུའི་གཟུགས་སུ་རང་རིག་པའི་ལྷ་མོའི་ནང་དུ་ཆུད་པར་བྱའོ། །དེ་བཞིན་གཤེགས་པ་ལྔ་པོ་རང་གི་ཁ་ནས་བཅུག་སྟེ། ལུས་ཀྱི་ནང་དུ་ཆུད་པར་བྱས་ལ། རྡོ་རྗེའི་ལམ་
ནས་བྱང་ཆུབ་སེམས་ཞུ་བའི་རང་བཞིན་དུ་ཕྱུང་ལ་ཧཱུྃ་གིས་བྱིན་གྱིས་བརླབ་པར་བསམས་པ་ལས། རྡོ་རྗེ་འཆང་བདག་པོར་གྱུར་པའི་དཀྱིལ་འཁོར་རྣམས་སྤྲུལ་ལ། དེར་སེམས་ཅན་རྣམས་བཅུག་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་པའི་ཡེ་ཤེས་ཀྱི་བདུད་རྩིས་སྔར་གྱི་
སེམས་ཅན་རྣམས་དབང་བསྐུར་ལ་དབྱུང་བར་བྱ་སྟེ། ཀྵིཾ་ཛྲིཾ་ཁཾ་བཾ་ཥྐཾ་སཾ་ཞེས་བྱ་བའི་ས་བོན་ལས་གོ་རིམས་བཞིན་དུ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རང་བཞིན་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་
དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོ་ལྟ་བུར་གྱུར་པ་གདོན་པ་དང་། ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཞེས་བྱ་བ་ལས་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་རང་བཞིན་གཟུགས་རྡོ་རྗེ་དང་། སྒྲ་རྡོ་རྗེ་དང་། དྲི་རྡོ་རྗེ་དང་། རོ་རྡོ་རྗེ་དང་། རེག་
རྡོ་རྗེ་དང། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ལྟ་བུར་གྱུར་པ་དང་། ལཱཾ་མཱཾ་པཱཾ་ཏཱཾ་ཨ་ཏ། ཞེས་བྱ་བ་ལས་ས་དང་། ཆུ་དང་། མེ་དང་། རླུང་གི་རང་བཞིན་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་ལྟ་བུར་གྱུར་པ་དང་། བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུྃ་ཞེས་བྱ་བ་ལས། གཟུགས་དང་། ཚོར་བ་
དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་ལྟ་བུར་གྱུར་པ་དབྱུང་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་ཡང་བསམ་པར་མི་

བྱའོ། །དེའི་རྗེས་ལ། ཨོཾ་ཨཱཿཧཱུྃ། ཞེས་བྱ་བའི་ཡི་གེ་གསུམ་པོ་སྐུ་དང་། གསུང་དང་། ཐུགས་ཀྱི་རང་བཞིན་ཅན་ཡི་གེ་ཧོ་གཉིས་དང་སྤེལ་བ་རང་དང་འདྲ་བའི་རིག་མའི་ཆགས་པའི་སྟོབས་ཀྱིས་ཞུ་བར་གྱུར་པར་བསམས་ལ། ཡང་དེའི་སྟོབས་ཀྱིས་བདག་ཉིད་
དང་རང་གི་རིག་པ་ཡང་འདོད་ཆགས་ཆེན་པོའི་ཚུལ་གྱིས་ཏིང་ངེ་འཛིན་གྱིས་ཞུ་བར་གྱུར་པས། སྤྱན་ལ་སོགས་པའི་གླུའི་སྒྲས་བསྐུལ་བར་བྱའོ། །སེམས་ཅན་ཁམས་ནི་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བའི་ཡིད་འོང་དོན་ཆེན་འདོད་པ་དག་ལ་སྐྱབས་སུ་གསོལ། །
མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེ་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རབ་ཏུ་ཕན་པར་གཟིགས། །མགོན་པོ་
གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་ན། །འཇིག་རྟེན་དག་གི་དོན་དང་དགོས་པ་མཛད་ལ་རབ་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་
ནི་གསོན་པར་མཆིས་བཞེད་ན། །དགའ་བའི་སྤྱོད་པ་ཀུན་དུ་བཟང་པོས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེའི་སྤྱོད་པ་དགྱེས་ཟེར་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་ཐུགས་བརྩེ་བས། །མགོན་པོ་གལ་ཏེ་དེ་
རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །དེ་ལྟར་བསྐུལ་བའི་དབང་གིས་ཞུ་བ་ལས་བྱུང་བའི་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་དེའི་ལྟེ་བ་ལ་ཧཱུྃ་གནས་པར་བསམས་ལ། དེའི་འོད་ཟེར་གྱིས་འགྲོ་བ་
རྣམས་རྡོ་རྗེ་འཆང་བར་བྱས་ལ་སླར་ཡང་དེ་ཉིད་དུ་བཅུག་ནས། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་འཆང་བ་སྐུ་མདོག་སྔོ་བ། ཞལ་གསུམ་པ་ཞལ་གཡས་པ་དཀར་བ་དང་། གཡོན་པ་དམར་བ་དང་། ཕྱག་གཉིས་ཀྱིས་རང་སྣང་བའི་རིག་མ་ལ་འཁྱུད་པ་ཕྱག་ལྷག་མ་རྣམས་ན། རྡོ་རྗེ་

དང་། རལ་གྲི་དང་། པདྨ་དང་། ནོར་བུ་གོ་རིམས་ཇི་ལྟ་བ་བཞིན་དུ་བསྣམས་པར་བསམས་ལ། ཨོཾ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་ང་རྒྱལ་བྱའོ། །འདི་ནི་བསྙེན་པ་ཆུང་ངུ་དང་། རྒྱུ་མཐུན་པའི་འབྲས་བུ་ཆུང་ངུའོ། །དེ་ནས་མིག་ལ་སོགས་པ་བྱིན་གྱིས་བརླབ་
པར་བྱ་སྟེ། མིག་གཉིས་ཀྱི་དབུས་སུ་ཟླ་བ་ལ་ཡི་གེ་ཀྵིཾ་དང་། འཁོར་ལོ་ཡོངས་སུ་གྱུར་པ་ལས་སའི་སྙིང་པོ་སྐུ་མདོག་དཀར་པོ། གཡས་པའི་རྩ་བའི་ཕྱག་ན་འཁོར་ལོ་བསྣམས་པ། དེའི་གཡོན་དུ་ཡི་གེ་ཛྲིཾ་དང་། མེ་ལོང་ཡོངས་སུ་གྱུར་པ་ལས་གཟུགས་རྡོ་རྗེ་སྐུ་མདོག་དཀར་བ་
མེ་ལོང་བསྣམས་པའོ། །རྣ་བ་གཉིས་ཀྱི་དབུས་སུ་ཟླ་བ་ལ་ཡི་གེ་ཛྲིཾ་དང་རྡོ་རྗེ་ལས་བྱུང་བའི་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོ་བ་རྡོ་རྗེ་བསྣམས་པ། དེའི་གཡོན་དུ་ཧཱུྃ་དང་པི་ཝང་ལས་བྱུང་བའི་སྒྲ་རྡོ་རྗེ་སྔོ་བ་པི་ཝང་བསྣམས་པ། སྣ་བུག་གཉིས་སུ་ཟླ་བ་ལ་ཁཾ་དང་རིན་པོ་ཆེ་ལས་བྱུང་བའི་ནམ་མཁའི་
སྙིང་པོ་སྐུ་མདོག་སེར་བ་རིན་པོ་ཆེ་བསྣམས་པ། དེའི་གཡོན་དུ་བཾ་དང་དྲིའི་དུང་ཕོར་ལས་བྱུང་བའི་དྲི་རྡོ་རྗེ་སྐུ་མདོག་སེར་བ་དྲིའི་དུང་ཕོར་བསྣམས་པའོ། །ལྕེ་ལ་གཾ་དང་པདྨ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་བ། པདྨ་དམར་པོ་བསྣམས་པའོ། །དེའི་གཡོན་
དུ་ཧོ་དང་རོའི་སྣོད་ཡོངས་སུ་གྱུར་པ་ལས་རོ་རྡོ་རྗེ་སྐུ་མདོག་དམར་བ། རོའི་སྣོད་བསྣམས་པའོ། །སྤྱི་བོར་ཡི་གེ་ཀྵཾ་དང་རལ་གྲི་ལས་བྱུང་བའི་སྒྲིབ་པ་རྣམ་པར་སེལ་བ། སྐུ་མདོག་ལྗང་གུ་རལ་གྲི་བསྣམས་པ། དེའི་གཡོན་དུ་ཁཾ་དང་གོས་སྣ་ཚོགས་ལས་བྱུང་བའི་རེག་རྡོ་རྗེ་སྐུ་མདོག་
ལྗང་གུ་གོས་སྣ་ཚོགས་བསྣམས་པ། ལྐོག་མའི་འོག་ཏུ་ཡི་གེ་སཾ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཀུན་དུ་བཟང་པོ་སྐུ་མདོག་དཀར་པོ་རྡོ་རྗེ་བསྣམས་པ། དེའི་གཡོན་དུ་རཾ་དང་ཆོས་འབྱུང་ཡོངས་སུ་གྱུར་པ་ལས་ཆོས་ཀྱི་དབྱིངས་རྡོ་རྗེ་སྐུ་མདོག་དཀར་བ་ཆོས་འབྱུང་བསྣམས་པ་བསམ་པར་
བྱའོ། །འོག་ནས་ལྷ་རྣམས་ཐམས་ཅད་ཀྱང་ཞལ་གསུམ་དང་ཕྱག་དྲུག་པར་བཤད་དེ། ཕྱག་གཉིས་ཀྱིས་རང་རང་གི་ཐབས་དང་ཤེས་རབ་ལ་འཁྱུད་པ། སྐུ་མདོག་སེར་བ་དང་། དམར་བ་དང་། ལྗང་བའི་ཞལ། གཡས་སྔོ་བ། གཡོན་པ་དཀར་བ། དཀར་པོའི་གཡོན་པ་དམར་

བ། སྔོན་པོའི་གཡས་པ་དཀར་བ་ཡིན་ནོ། །ཇི་སྐད་བཤད་པའི་ལྷ་ཐམས་ཅད་ཟླ་བའི་དཀྱིལ་འཁོར་རིན་པོ་ཆེའི་ཅོད་པན་ཅན། ཕྱག་ལྷག་མ་རྣམས་ནི་རྡོ་རྗེ་དང་། རལ་གྲི་དང་། པདྨ་དང་། རིན་པོ་ཆེ་རིམ་བཞིན་དུ་བསྣམས་པ། གང་གི་རྩ་བའི་ཕྱག་ན་རལ་
གྲིའམ་པདྨ་དང་། རིན་པོ་ཆེ་བསྣམས་པ། དེ་རྣམས་ཀྱི་གཡས་ཀྱི་རྩ་བའི་ཕྱག་གཉིས་པ་ནི་འཁོར་ལོ་བསྣམས་པའོ། །འདི་ནི་ཉེ་བར་བསྒྲུབ་པ་ཆུང་ངུ་དང་རྣམ་པར་སྨིན་པའི་འབྲས་བུ་ཆུང་ངུ་ཡིན་ནོ། །དེ་ནས་སྙིང་གར་ཟླ་བ་ལ་གནས་པའི་ཧཱུྃ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས། ཐུགས་
རྡོ་རྗེ་སྐུ་མདོག་སྔོ་བ་ལྐོག་མར་པདྨའི་ལྟེ་བར་གནས་པའི་ཨ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་སྐུ་མདོག་དམར་པོ་པདྨ་བསྣམས་པ། དཔྲལ་བའི་ནང་དུ་འཁོར་ལོའི་ལྟེ་བར་གནས་པའི་ཨོཾ་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་སྐུ་མདོག་དཀར་བ་འཁོར་ལོ་བསྣམས་པ། འདི་རྣམས་
ཀྱི་ཐུགས་ཀར་གོ་རིམས་བཞིན་དུ། རྡོ་རྗེའི་ལྟེ་བ་དང་། པདྨ་གེ་སར་དང་། འཁོར་ལོའི་ལྟེ་བར་ཧཱུྃ་དང་ཨ་དང་ཨོཾ་གནས་པའི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའོ། །ཐུགས་དང་། གསུང་དང་། སྐུ་རྡོ་རྗེ་ཡང་དག་པར་
མཆོད་ལ་བཀུག་སྟེ། མདུན་དུ་བཞུགས་པ་དེས་རང་གི་ཐུགས་དང་། གསུང་དང་། སྐུ་བྱིན་གྱིས་བརླབ་པར་བྱའོ། །དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །
ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །དེ་ནས་རང་གི་ཐུགས་རྡོ་རྗེ་ལ་ཐུགས་རྡོ་རྗེ་བཅུག་ནས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ།
ཞེས་བྱ་བས་ང་རྒྱལ་བྱའོ། །ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །

དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །དེ་ནས་རང་གི་གསུང་རྡོ་རྗེ་ལ་གསུང་རྡོ་རྗེ་བཅུག་སྟེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་འདིས་ང་རྒྱལ་བྱའོ། །དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་
པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །དེ་ནས་རང་གི་སྐུ་རྡོ་རྗེ་ལ་སྐུ་རྡོ་རྗེ་
བཅུག་སྟེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་འདིས་ང་རྒྱལ་བྱའོ། །འདི་ནི་སྒྲུབ་པ་ཆུང་ངུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་ཆུང་ངུའོ། །དེའི་རྗེས་ལ་ནུ་མའི་བར་དུ་རྡོ་རྗེའི་དབུས་སུ་ཕྱི་རོལ་གྱི་རྡོ་རྗེ་འཆང་ཇི་ལྟ་བ་དེ་འདྲ་བའི་ཡེ་ཤེས་སེམས་དཔའ་བསྒོམས་
ལ་དེའི་ཐུགས་ཀའི་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཡི་གེ་ཧཱུྃ་གི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པས་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་མཆོད་ནས་བཀུག་སྟེ། དེའི་འོད་ཟེར་ལས་བྱུང་བའི་ལྷ་མོ་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་
ཐོགས་པ་རྣམས་ཀྱིས་བདག་ཉིད་ལ་དབང་བསྐུར་བ་དང་། དེ་བཞིན་གཤེགས་པ་ལྔའི་ཅོད་པན་དུ་གྱུར་པར་བསམ་པར་བྱའོ། །འདི་ནི་སྒྲུབ་པ་ཆེན་པོའི་ཆུང་ངུ་དང་། དབང་བསྐུར་བའི་འབྲས་བུ་ཆུང་ངུའོ། །དེ་བཞིན་དུ་རང་གི་ལྷ་མོ་བསྙེན་པ་ཆུང་ངུ་ལ་སོགས་པའི་དབྱེ་བས་མིག་ལ་
སོགས་པ་བྱིན་གྱིས་བརླབ་པ་དང་། ཐུགས་དང་། གསུང་དང་། སྐུ་བྱིན་གྱིས་བརླབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་སྔོན་དུ་འགྲོ་བས་ཡན་ལག་བཞི་རྫོགས་པར་བྱས་ལ་རིགས་ལྔ་དགོད་པར་བྱ་སྟེ། ནུ་མ་ཡན་ཆད་ཨོཾ་ཡོངས་སུ་གྱུར་པ་ལས་
རྣམ་པར་སྣང་མཛད་ཀྱི་རང་བཞིན། ནུ་མའི་འོག་ནས་ལྟེ་བ་ཡན་ཆད་ཀྱི་བར་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པའི་རང་བཞིན་ཅན། རྐེད་པའི་ཕྱོགས་སུ་སྭཱ་ཡོངས་སུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་གྱི་རང་བཞིན། པདྨར་ཨ་ཡོངས་སུ་གྱུར་པ་ལས། འོད་དཔག་ཏུ་མེད་པའི་རང་

བཞིན། བྱིན་པ་གཉིས་སུ་ཧཱ་ཡོངས་སུ་གྱུར་པ་ལས་དོན་ཡོད་པར་གྲུབ་པའི་རང་བཞིན་དུ་བསམ་པ་དང་། ཧཱུྃ་ཡོངས་སུ་གྱུར་པ་ལས་རང་གི་རྡོ་རྗེ། ཨོཾ་ཡོངས་སུ་གྱུར་པ་ལས་ནོར་བུའི་བུ་གར་ཡི་གེ་ཕཊ་རང་དང་འདྲ་བའི་ཡང་ཧཱུྃ་ཡོངས་སུ་གྱུར་པ་ལས་པདྨ་ཨཱཿཡོངས་
སུ་གྱུར་པ་ལས་ལྟེ་བར་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་བྱ་བའི་ཕྱིར་དང་། ལྷན་ཅིག་བླ་ན་མེད་པའི་དགའ་བ་བརྩམས་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །འདི་ནི་དང་པོར་སྦྱོར་བ་ཞེས་
བྱ་བའི་ཏིང་ངེ་འཛིན་དང་པོའོ།། །།དེའི་རྗེས་ལ་དེ་བཞིན་གཤེགས་པ་ལྔ་པོ་རང་གི་ཁའི་སྒོ་ནས་བཅུག་སྟེ། རྡོ་རྗེའི་ལམ་ནས་ཕྱུང་ནས་སྔ་མ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཧཱུྃ་གིས་བྱིན་གྱིས་བརླབ་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་གཙོ་བོར་གྱུར་པའི་
དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་ལ་རང་གཞན་གྱི་དོན་དུ་ཕྱི་རོལ་དུ་འབྱུང་བར་བྱ་སྟེ། བཛྲ་དྷྲྀཀ་ཅེས་བྱ་བས་མི་བསྐྱོད་པ་སྐུ་མདོག་ནག་པོ་རྡོ་རྗེ་བསྣམས་པ་ཕྱུང་ལ་སྤྲོས་པ་ལས་འགྲོ་བའི་དོན་བྱས་ནས་སླར་བསྡུས་ཏེ། རང་གི་ལུས་ལ་དངོས་པོ་ཐམས་ཅད་ཀྱིས་གཞུག་པར་བྱའོ། །དེ་
བཞིན་དུ་ཐམས་ཅད་ཀྱང་སྤྲོ་ཞིང་བསྡུ་བར་བྱ་སྟེ། ཛི་ན་ཛིཀ་ཅེས་བྱ་བས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཕྱག་ན་འཁོར་ལོ་བསྣམས་པ་ནི་ཤར་གྱི་ཟླ་བར་རོ། །རཏྣ་དྷྲྀཀ་ཅེས་བྱ་བས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་བ་རིན་པོ་ཆེ་བསྣམས་པ་ནི་ལྷོའི་ཕྱོགས་སུའོ། །ཨཱ་རོ་ལྀཀ་ཅེས་བྱ་བས་
འོད་དཔག་ཏུ་མེད་པ་སྐུ་མདོག་དམར་བ་པདྨ་དམར་པོ་བསྣམས་པ་ནི་ནུབ་ཏུའོ། །པྲཛྙཱ་དྷྲྀཀ་ཅེས་བྱ་བས་དོན་ཡོད་པར་གྲུབ་པ་སྐུ་མདོག་ལྗང་གུ་རལ་གྲི་བསྣམས་པ་ནི་བྱང་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རལ་པ་དང་ཅོད་པན་མངའ་བ། ཉི་མའི་གདན་དང་ཉི་མའི་འོད་མངའ་བའོ། །
མོ་ཧ་རཱ་ཏི་ཞེས་བྱ་བས་ལྷ་མོ་སྤྱན་མ་སྐུ་མདོག་དཀར་མོ་འཁོར་ལོ་བསྣམས་པ་ནི་མེའི་ཕྱོགས་སུའོ། །དྭེ་ཥ་རཱ་ཏི་ཞེས་བྱ་བས་མཱ་མ་ཀཱི་སྐུ་མདོག་སྔོན་མོ། ཨུཏྤལ་སྔོན་དམར་བསྣམས་པ་བདེན་བྲལ་གྱི་ཕྱོགས་སུའོ། །རཱ་ག་རཱ་ཏི་ཞེས་བྱ་བས་གོས་དཀར་མོ་སྐུ་མདོག་དམར་བ། པདྨ་

དམར་པོ་བསྣམས་པ་ནི་རླུང་གི་ཕྱོགས་སུའོ། །བཛྲ་རཱ་ཏི་ཞེས་བྱ་བས་སྒྲོལ་མ་སྐུ་མདོག་སེར་མོ་ཨུཏྤལ་སེར་པོ་བསྣམས་པ་ནི་དབང་ལྡན་གྱི་ཕྱོགས་སུའོ། །ཨོཾ་ཨཱཿརཱུ་པ་བཛྲི་ཧཱུྃ། ཞེས་བྱ་བ་ལ་སོགས་པར་དེ་ཁོ་ན་ཉིད་གསུམ་དང་སྤལ་བས་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་དཀྱིལ་
འཁོར་གྱི་གྲྭ་བཞི་དང་། ཤར་ཕྱོགས་ཀྱི་སྒོའི་ངོས་གཉིས་སུ་བསམ་པར་བྱའོ། །ལྷ་མོ་ཐམས་ཅད་ཀྱང་རིན་པོ་ཆེའི་ཅོད་པན་ཟླ་བའི་གདན་དང་ཟླ་བའི་འོད་མངའ་བའོ། །ཡ་མཱནྟ་ཀྲྀཏ་ཅེས་བྱ་བས་ཁྲོ་བོ་གཤིན་རྗེ་གཤེད་སྐུ་མདོག་སྔོ་བ་རྡོ་རྗེ་ཐོ་བ་བསྣམས་པ་ནི་ཤར་སྒོར་རོ། །པྲཛྙཱནྟ་ཀྲྀཏ་
ཅེས་བྱ་བས་གཞན་གྱིས་མི་ཐུབ་པ་སྐུ་མདོག་དཀར་པོ་དབྱིག་པ་བསྣམས་པ་ནི་ལྷོ་སྒོར་རོ། །པདྨཱནྟ་ཀྲྀཏ་ཅེས་བྱ་བས་རྟ་མགྲིན་སྐུ་མདོག་དམར་བ་པདྨ་དམར་པོ་བསྣམས་པ་ནི་ནུབ་སྒོར་རོ། །བིགྷྣཱནྟ་ཀྲྀཏ་ཅེས་བྱ་བས་བདུད་རྩི་ཐབ་སྦྱོར་སྐུ་མདོག་སྔོ་བ་རྡོ་རྗེ་སྔོན་པོ་བསྣམས་པ་ཕྱུང་སྟེ།
བྱང་གི་སྒོར་བསྒོམ་པར་བྱའོ། །ཁྲོ་བོ་ཐམས་ཅད་ཀྱང་རྣམ་པར་འགྱུར་བ། འཇིགས་སུ་རུང་བ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། གསུས་པ་འཕྱང་བ། མཆེ་བ་གཙིགས་པ། ཉི་མའི་གདན་དང་ཉི་མའི་འོད་མངའ་བའོ། །དེ་ནས་རང་གི་སྔགས་ཀྱི་འོད་ཀྱིས་དཀྱིལ་འཁོར་གྱི་འཁོར་
ལོ་བཀུག་ལ་བཅུག་སྟེ་དབང་དུ་བྱས་ལ་གཤིན་རྗེ་གཤེད་ལ་སོགས་པ་ཉིད་ཀྱིས་བགེགས་མེད་པར་བྱས་ལ་རང་གི་སྔགས་བཟླས་པའི་མཆོད་ཡོན་ཕུལ་ཏེ་གཤིན་རྗེ་གཤེད་ལ་སོགས་པ་ཉིད་ཀྱིས་ཛཿཧཱུྃ་བཾ་ཧོཿ། ཞེས་བྱ་བ་དང་རིམ་བཞིན་དུ་རང་གི་དཀྱིལ་འཁོར་དུ་དེ་དགུག་པ་དང་། གཞུག་པ་དང་
བཅིང་བ་དང་། དབང་དུ་བྱའོ། །འདི་དག་ནི་བསྙེན་པ་ཆེན་པོ་དང་། རྒྱུ་མཐུན་པའི་འབྲས་བུ་ཆེན་པོ་ཡིན་ནོ། །དེ་ནས་སྔ་མ་བཞིན་དུ་ཐམས་ཅད་ཀྱི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་བསྙེན་པའི་ཡན་ལག་ཆེན་པོ་དང་རྣམ་པར་སྨིན་པའི་འབྲས་བུ་ཆེན་པོའོ། །དེ་ནས་ཐམས་ཅད་
ལ་ཇི་སྐད་བཤད་པའི་རིམ་པས་ཐུགས་དང་གསུང་དང་སྐུ་བྱིན་གྱིས་བརླབས་པ་ནི་བསྙེན་པའི་ཡན་ལག་ཆེན་པོ་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཆེན་པོའོ། །ཐམས་ཅད་ཀྱི་ཐུགས་ཀར་གནས་པའི་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཡི་གེའི་འོད་ཟེར་གྱིས་ནམ་མཁའ་ལ་བཞུགས་པའི་དེ་བཞིན་

གཤེགས་པ་རྣམས་མཆོད་ལ་དེའི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་བསྣམས་པས་དེ་དབང་བསྐུར་བར་བསམས་ལ། ཐམས་ཅད་ཀྱི་ཅོད་པན་ལ་བདག་པོའི་དེ་བཞིན་གཤེགས་པ་རྣམས་བསམ་པར་བྱ་སྟེ།
དེ་བཞིན་གཤེགས་པ་རྣམས་ལ་ནི་རྡོ་རྗེ་འཆང་བའོ། །སྤྱན་དང་གཟུགས་རྡོ་རྗེ་དང་གཤིན་རྗེ་གཤེད་ཀྱི་ཅོད་པན་ལ་ནི་རྣམ་པར་སྣང་མཛད་དོ། །མཱ་མ་ཀཱི་དང་སྒྲ་རྡོ་རྗེ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་དང་། གཞན་གྱིས་མི་ཐུབ་པ་དང་བདུད་རྩི་ཐབ་སྦྱོར་གྱིས་ནི་མི་བསྐྱོད་པའོ། །གོས་དཀར་མོ་
དང་རྡོ་རྗེ་དང་། རྟ་མགྲིན་གྱི་ནི་འོད་དཔག་ཏུ་མེད་པའོ། །སྒྲོལ་མ་དང་རེག་རྡོ་རྗེ་ལ་ནི་དོན་ཡོད་པར་གྲུབ་པའོ། །སའི་སྙིང་པོ་ལ་སོགས་པ་ལ་ནི་རང་རང་གི་མདོག་དང་རྗེས་སུ་མཐུན་པའི་དེ་བཞིན་གཤེགས་པའི་ཅོད་པན་ནོ། །ཀུན་དུ་བཟང་པོའི་ཅོད་པན་ལ་ནི་མི་བསྐྱོད་པའོ། །འདི་དག་ནི་སྒྲུབ་
པ་ཆེན་པོའི་ཡན་ལག་ཆེན་པོ་དང་དབང་བསྐུར་བའི་འབྲས་བུ་ཆེན་པོའོ། །དེ་ནས་མཆོད་པ་བྱས་ཏེ། དེ་བཞིན་གཤེགས་པ་ལྔ་ཁ་ནས་བཅུག་ལ་རྡོ་རྗེའི་ལམ་ནས་ཕྱུང་སྟེ་སྔ་མ་བཞིན་དུ་བྱང་ཆུབ་ཀྱི་སེམས་སུ་གྱུར་པ་དང་། རང་དང་འདྲ་བའི་རིག་མའི་བ་སྤུའི་བུ་ག་ནས་གཟུགས་རྡོ་རྗེ་ལ་སོགས་པ་
ལྷ་མོའི་ཚོགས་རང་རང་གི་མཚན་མ་ཐོགས་པ་དང་། མཆོད་པ་སྣ་ཚོགས་པ་དང་ཡང་བཅས་པ་སྤྲོས་པས་དཀྱིལ་འཁོར་གྱི་བདག་པོ་ཡང་དག་པར་མཆོད་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་བདག་དཀྱིལ་འཁོར་པ་དང་
བཅས་པར་བསྟོད་པ་བྱས་པར་བསམ་པར་བྱའོ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་
མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་བཟང་། །རྡོ་རྗེ་ནམ་མཁའ་དྲི་མེད་མཁའ། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །

རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རང་བཞིན་དག་པ་ཉིད་ལས་གྲུབ། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །དེ་ནས་བདུད་རྩི་མྱོང་བ་བྱས་ཏེ། ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་སྔོན་པོ་བ་དན་
གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། དེའི་སྟེང་དུ་ཨ་ལས་བྱུང་བའི་པདྨའི་སྣོད་ལ་གནས་པའི་བདུད་རྩི་ལྔ་པོ་རྣམ་པར་སྣང་མཛད་ལ་སོགས་པའི་ས་བོན་ལས་བསྐྱེད་པ། ཨོཾ་གྱིས་བྱིན་གྱིས་བརླབས་པ་དེའི་ཡང་སྟེང་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་བསམས་ལ།
འབར་བ་དང་སྲེག་པ་ལ་སོགས་པའི་བྱ་བས་རྫོགས་པར་བྱས་ལ། ཨོཾ་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་དྲངས་ལ། དེ་བཞིན་གཤེགས་པ་རྣམས་ཀྱང་དེའི་ནང་དུ་ཆུད་པར་བྱས་ཏེ། རང་གི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། ལྕེ་ལ་ཧཱུྃ་བཀོད་པའི་རྡོ་རྗེ་ལྕེར། རོ་རྡོ་རྗེས་བསྟབས་པས་དཀྱིལ་
འཁོར་པའི་ལྷ་རྣམས་དང་བཅས་པ་ལ་ཚིམ་པར་བྱའོ། །དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ།། །།དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་འཇིག་རྟེན་གསུམ་པོ་སྣང་བར་བྱས་ལ་རྡོ་རྗེ་འཆང་བར་བྱས་ཏེ། དཀྱིལ་འཁོར་གྱི་འཁོར་
ལོར་གཞུག་པར་བྱའོ། །དཀྱིལ་འཁོར་གྱི་འཁོར་ལོའང་བདག་ལའོ། །བདག་ཉིད་ཀྱང་ཡེ་ཤེས་སེམས་དཔའ་ལའོ། །ཡེ་ཤེས་སེམས་དཔའ་ཡང་མཚན་མ་ལའོ། །མཚན་མ་ཡང་ཐིག་ལེའི་ནང་དུ་ཆུད་པར་བྱས་ལ་ཐིག་ལེ་ལ་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་པའི་རིམ་པས་སྐད་ཅིག་གིས་བསྒོམ་
པར་བྱའོ། །འདིར་བསྙེན་པ་ལ་སོགས་པ་ནི་ཆེན་པོའི་སྒྲར་བརྗོད་པར་བྱའོ། །ཡང་འོད་ཟེར་གྱི་ཕྲེང་བས་ས་བོན་སྣང་བར་བྱས་ལ། ས་བོན་ལས་མཚན་མ། མཚན་མ་ལས་ཡེ་ཤེས་སེམས་དཔའ། ཡེ་ཤེས་སེམས་དཔའ་ལས་ཀྱང་རྡོ་རྗེ་འཆང་བ་དེ་ལས་ཀྱང་དཀྱིལ་འཁོར། དཀྱིལ་འཁོར་ལས་ཀྱང་
འཇིག་རྟེན་གསུམ་པོར་སྤྲོ་བ་དང་བསྡུ་བ་བྱས་ལ་ཇི་སྲིད་འདོད་ཀྱི་བར་དུ་བསྒོམ་པ་ནི་ཐིག་ལེའི་རྣལ་འབྱོར་རོ། །དེ་ནས་དེ་བཞིན་གཤེགས་པ་ལྔ་ཁར་བཅུག་ལ་རྡོ་རྗེའི་ལམ་ནས་ཕྱུང་སྟེ་སྔ་མ་བཞིན་དུ་བྱང་ཆུབ་ཀྱི་སེམས་སུ་གྱུར་པ་རང་དང་འདྲ་བའི་རིག་མའི་པདྨའི་ལྟེ་བར། ནས་འབྲུ་ཙམ་གྱི་རྡོ་རྗེ་

བསམས་ལ་དེའི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་པའི་རིམ་པས་སྐད་ཅིག་ཙམ་གྱིས་བསྒོམ་པ་ནང་དུ་ཆུད་པར་བྱའོ། །འདིར་བསྙེན་པ་ལ་སོགས་པ་ནི་ཆེན་པོའི་སྒྲར་བརྗོད་པར་བྱའོ། །ཇི་སྲིད་བརྟན་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་ཤིན་ཏུ་སྤྲོ་བར་མི་བྱ་ལ། བརྟན་
པར་གྱུར་ན་ནི་དེ་བཞིན་གཤེགས་པ་ལྔ་དང་དེའི་མཚན་མ་སྣ་ཚོགས་སྤྲོ་བར་བྱ་སྟེ་འདི་ནི་ཕྲ་མོའི་རྣལ་འབྱོར་རོ། །ཨོཾ་ཨཱཿཧཱུྃ་ཧཱུྃ། ཞེས་ཟློས་ཤིང་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་རེ་རེ་ཞིང་སྐུ་དང་གསུང་ཐུགས་གསུམ་གྱི་བདག་ཉིད་ཅན་ཡེ་ཤེས་སེམས་དཔའ་ནི་ལྔ་པོའི་བདག་ཉིད་ཅན་ཉིད་དུ་དེ་
དག་ཐམས་ཅད་རིམ་གྱིས་སམ་ཅིག་ཅར་ཡང་དག་པར་སྤྲོས་ལ་ལེགས་པར་མཆོད་དེ། ཉེ་བར་བསྡུས་ལ། དབུགས་རྔུབ་པ་དང་དབྱུང་བས་དལ་བ་དང་རིང་བ་མེད་པར་བཟླ་བར་བྱ་ཞིང་སྔགས་ལ་ཡང་ཞེན་པ་མེད་པར་གསང་སྔགས་བཟླ་བར་བྱའོ། །བདེ་བ་ལ་ཤིན་ཏུ་ཞེན་ན་སྔར་བཤད་པའི་
གླུས་བསྐུལ་ལ་འཁོར་ལོ་མཆོད་པར་བྱའོ། །སྐྱོ་བར་གྱུར་ན་མཐོ་གང་ཙམ་གྱིས་དཔགས་པར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཨོཾ་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱི་ཕྲེང་བ་དང་བཅས་པ་དབུགས་དབྱུང་བ་དང་རྔུབ་པའི་ལྕགས་ཀྱུས་དྲངས་ལ་བདག་ཉིད་ཚིམ་པར་བྱའོ། །གཤེགས་
སུ་གསོལ་བར་འདོད་ན་མཆོད་པ་ལ་སོགས་པ་བྱས་ལ་ས་བོན་གྱི་སྔགས་ཀྱིས་འཁོར་ལོ་བདག་ཉིད་ཀྱི་ནང་དུ་ཆུད་པར་བྱས་ལ་སྐུ་ལ་སོགས་པར་བྱིན་གྱིས་བརླབས་པར་བསམས་ལ། སེམས་ཅན་ལ་ཕན་པའི་ཕྱིར་སྨོན་ལམ་བྱས་ནས། རང་གི་ལྷའི་ང་རྒྱལ་དུ་བྱས་ལ་ཡུལ་རྣམས་
གཟུགས་རྡོ་རྗེ་ལ་སོགས་པའི་རྣམ་པའམ། རྣམ་པར་སྣང་མཛད་ལ་སོགས་པ་དང་། རྡོ་རྗེ་འཆང་དང་འདྲ་བར་བལྟ་བར་བྱ་སྟེ། འདི་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་ཡིན་ནོ། །ཟས་ལ་སྤྱད་པའི་དུས་སུ་སྙིང་གར་ཟླ་བ་ལ་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོ་
དམིགས་ལ་རང་གི་ཟས་བདུད་རྩི་ལྔའི་རང་བཞིན་ཅན་དུ་བསམས་ལ། རང་གི་སྔགས་ཀྱང་མངོན་པར་བཟླས་ལ་སྐུ་ལ་སོགས་པའི་ལྷ་རྣམས་ཚིམ་པར་བྱས་ཏེ། འདི་ཉིད་ནི་ནང་གི་སྦྱིན་སྲེག་ཡིན་ནོ། །དེ་བཞིན་དུ་འདོད་པའི་ཡོན་ཏན་ལྔས་བདག་དང་གཞན་ལ་མཆོད་པ་ནི་དེ་

བཞིན་གཤེགས་པའི་དམ་ཚིག་ཡིན་ནོ། །དེ་ལྟ་བུའི་སྡོམ་པ་དང་ལྡན་པའི་རྣལ་འབྱོར་པས་བདག་དང་གཞན་ལ་མཆོད་པའི་བདེ་བར་གཤེགས་པ་མཆོད་པ་གང་ཅུང་ཟད་ཅི་བྱེད་པ་ཐམས་ཅད་ཕྱག་རྒྱ་དང་སྔགས་ཀྱི་རྣམ་པ་ཡིན་ཞིང་ཁ་ན་མ་ཐོ་བ་མེད་པས་འཚང་རྒྱ་བ་ཉིད་ཐོབ་པར་བྱེད་པ་
ཡིན་ནོ། །དམ་ཚིག་ཉམས་པ་ལ་དམ་ཚིག་རྡོ་རྗེའི་རྣལ་འབྱོར་པས་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་ལ་བཞུགས་པའི་ཡེ་ཤེས་སེམས་དཔའ་ཆོ་ག་བཞིན་དུ་བསྐྱེད་ལ། སྔར་བཤད་པའི་ཆོ་གས་དབང་བསྐུར་བ་བྱས་ལ་བཟླས་བརྗོད་ལ་སོགས་པ་བྱའོ། །ཕྱིའི་ཁྲུས་
ལ་ཡང་རིམ་པ་འདི་ཉིད་ཁྱད་པར་དུ་བསྟན་པར་བྱའོ། །ཐུན་གྱི་ཐ་མ་ཡང་དེ་བཞིན་དུ་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་བཟླས་བརྗོད་བྱས་ལ་སྙིང་གར་འཁོར་ལོ་བསྡུས་ཏེ་སྙིང་རྗེ་དང་ཤེས་རབ་ཏུ་ལྡན་པས་ཉལ་བར་བྱའོ། །ལངས་པའི་དུས་སུ་སྤྱན་ལ་སོགས་པའི་གླུས་བདག་
ཉིད་ཡང་དག་པར་བསྐུལ་ལ་སྔ་མ་བཞིན་དུ་རང་གི་ལྷར་བསྐྱེད་དེ། མིག་ལ་སོགས་པ་བྱིན་གྱིས་བརླབ་པ་བྱས་ལ་དཀྱིལ་འཁོར་སྤྲོས་ཏེ་བཟླས་བརྗོད་ལ་སོགས་པ་བྱའོ། །དངོས་གྲུབ་བསྒྲུབས་ནས་སྔར་བཤད་པའི་དཀྱིལ་འཁོར་ལ་གནས་པ་ཉིད་ཀྱིས་བསྒྲུབ་པར་བྱའོ། །བགེགས་ནི་
བདུད་རྩི་ཐབ་སྦྱོར་གྱི་འཁོར་ལོར་བསམས་པས་འབད་མི་དགོས་པར་འཇོམས་པར་འགྱུར་རོ། །ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ། །རབ་ཏུ་གསལ་བ་ཞེས་བྱ་བའི་སྒྲུབ་པའི་ཐབས་སློབ་དཔོན་དཔེ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་
མཁན་པོ་ཆེན་པོ་བཱིརྱ་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ས་མཱ་ཛ་ལོ་ཀེ་ཤྭ་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་
པའི་ཐབས་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྤྲུལ་པའི་འོད་ཟེར་དཔག་མེད་པ། །འཕྲོས་པས་འགྲོ་བའི་སྡུག་བསྔལ་སེལ། །རྣམ་རྟོག་མེད་བདེའི་བདག་ཉིད་ཅན། །དཔལ་ལྡན་རྡོ་རྗེ་ཆོས་

ལ་འདུད། །དཔལ་ལྡན་འདུས་པ་སྣང་བ་ཆེ། །རྒྱུད་རྒྱལ་རིམ་པ་ལ་བརྟེན་ཏེ། །འཇིག་རྟེན་མགོན་པོ་སྒྲུབ་པ་ཡི། །རིམ་པ་མདོར་བསྡུས་གསལ་བར་བྲི། །དང་པོ་སྙིང་རྗེའི་སྟོབས་ལས་བྱུང་། །རྫོགས་པའི་བྱང་ཆུབ་སེམས་བརྟན་བྱས། །སྲིད་པའི་ལོངས་སྤྱོད་
བདེ་བ་ཆགས། །ཡོངས་སུ་འཛིན་པ་རྒྱབ་ཀྱིས་ཕྱོགས། །དང་སོགས་ནོར་ནི་ཕུན་ཚོགས་རྣམས། །བླ་མ་སངས་རྒྱས་དང་མཉམ་གུས། །དེས་བསྟན་དམ་ཚིག་སྤྱོད་པ་ནི། །ཡོངས་སུ་སྐྱོང་ལ་རབ་ཏུ་བརྩོན། །བུམ་པ་གསང་སོགས་དབང་བསྐུར་བ། །བླ་མའི་དྲིན་གྱིས་ཡང་དག་ཐོབ། །
ལུས་ངག་སེམས་རྣམས་དག་པ་ཉིད། །སྒྲུབ་པ་པོ་ནི་དངོས་གྲུབ་སྣོད། །ཏིང་འཛིན་ཡན་ལག་ལས་བྱུང་བའི། །ཚོགས་ནི་ཡོངས་སུ་རྫོགས་པ་ལས། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །དེ་ལྟར་གསང་སྔགས་ཚུལ་གནས་ཡིན། །ཏིང་འཛིན་ཡན་ལག་ཉམས་གྱུར་ཅིང་། །དེ་ཡི་མི་མཐུན་
ཕྱོགས་གནས་ན། །སྐྱེ་བ་བྱེ་བ་སྟོང་གིས་ཀྱང་། །ཏིང་འཛིན་རབ་ཏུ་འགྲུབ་མི་འགྱུར། །དེ་བས་ཏིང་འཛིན་རབ་བསྒྲུབ་ཕྱིར། །གསང་སྔགས་སྤྱོད་གནས་རྣལ་འབྱོར་པས། །དེ་ལས་གཞན་པའི་སེམས་སྤངས་ཏེ། །གཡེང་མེད་བརྩོན་པས་འབད་པར་བྱ། །ཏིང་ངེ་འཛིན་གྱི་ཡན་ལག་
དང་། །མི་མཐུན་ཕྱོགས་གང་ངེས་བྱའི་ཕྱིར། །ཏིང་འཛིན་ཡན་ལག་མི་མཐུན་ཕྱོགས། །དེ་ནི་མདོར་བསྡུས་ནས་བཤད་བྱ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། །ལོངས་སྤྱོད་རྣམས་ལ་ལྟོས་མེད་ཅིང་། །བཟོད་ལྡན་དམ་བཅས་བརྟན་པ་དང་། །སྐྱེ་བོའི་འདུ་འཛི་རྣམ་པར་སྤོང་། །ལུས་
དང་ངག་ཡིད་ལས་རྣམས་ལ། །ཤེས་བཞིན་དང་ནི་ལྡན་པ་ལ། །སངས་རྒྱས་སྐུར་རྟོག་དྲན་པ་ཡིས། །ལུས་ཀྱི་རྗེས་དྲན་ཡང་དག་ལྡན། །དུས་གང་དུ་ནི་གང་བྱ་བའི། །རྗེས་དྲན་དེ་ལ་བརྟན་པ་དང་། །སྒྲིབ་པ་ལྔ་ནི་སྤོང་བ་དང་། །ཟས་ཀྱི་ཚོད་རིག་སྤྱོད་ལམ་རན། །འཇིག་རྟེན་ཆོས་ནི་
ཐམས་ཅད་ལ། །རྟག་ཏུ་སེམས་ནི་བཏང་སྙོམས་དང་། །ཡོ་བྱད་བསྙུངས་འདི་ཡན་ལག་སྟེ། །གོ་བཟློག་པ་ནི་མི་མཐུན་ཕྱོགས། །ཡིད་དང་རྗེས་སུ་མཐུན་པའི་བསམ་གཏན་གྱི་གནས་སུ་སྟན་བདེ་བ་ལ་འདུག་ནས་བགེགས་བསལ་བར་བྱའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦྦ་དུཥྚཱཾ་

ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱཛྙཱ་པ་ཡ་ཏི།སརྦྦ་དུཤྚཱ་ནཱཾ་ཀཱ་ཡ་བཱཀ་ཙིཏྟ་ཀཱི་ལ་ཡ་ཧཱུྃ་ཕཊ། སྔགས་འདིས་ཕྱོགས་བཅུའི་བགེགས་ཐམས་ཅད་བསལ་བར་བྱའོ། །དེ་ནས་རང་གི་སྙིང་གར་དབྱངས་ཀྱི་ཡི་གེ་དང་པོ་ཡོངས་སུ་གྱུར་པའི་ཟླ་བའི་
དཀྱིལ་འཁོར་ལ་ཡི་གེ་ཧྲི་དམར་པོ་བསམས་ལ། དེའི་འོད་ཟེར་སྤྲོས་པས་རང་གི་ལུས་སྣང་བར་བྱས་པ་སྔོན་དུ་འགྲོ་བ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས།དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་
ཡང་དག་པར་བསྐུལ་བ་བཀུག་པ་དང་། རྗེ་བཙུན་བླ་མ་ཡང་ནམ་མཁའ་ལ་དམིགས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་བྱ་བས་ཕྱག་བྱའོ། །དེ་ནས་ཡི་གེ་ཧྲི་དེ་ཉིད་ལས་འོད་ཟེར་གྱི་ཚོགས་ཁ་དོག་སྣ་ཚོགས་པ་སྤྲོ་བ་སྔོན་དུ་འགྲོ་བ་དང་། གཟུགས་
རྡོ་རྗེ་ལ་སོགས་པ་མཆོད་པའི་ལྷ་མོའི་ཚོགས་ཡང་དག་པར་སྤྲོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བཟླས་ཤིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བླ་མ་ལེགས་པར་མཆོད་པར་བྱའོ། །དེ་རྣམས་ཀྱི་སྤྱན་སྔར་པུས་མོའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་
སྦྱར་ཏེ། འདི་ལྟར་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་དང་། །འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །དེ་དག་ཀུན་ལ་ཡང་དག་ཡིད་རང་ཞིང་། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས། །སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་ཐབས། །རང་གི་ཡིད་ལ་གནས་པར་གྱུར་
པ་ཡི། །བདེ་གཤེགས་རྣམས་ལ་རྟག་ཏུ་སྐྱབས་སུ་མཆི། །རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང་། །སེམས་དཔའ་དམ་པ་རྣམས་ནི་ཕུན་ཚོགས་གཞི། །དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད། །དམ་པའི་ཆོས་ལ་རྟག་ཏུ་སྐྱབས་སུ་མཆི། །འཆིང་བ་རྣམས་ལས་ཡང་

དག་གྲོལ་འགྱུར་ཞིང་། །སྙིང་རྗེ་མཆོག་གིས་བསྐྲུན་པའི་དཔལ་དང་ལྡན། །རབ་ཏུ་དགའ་སོགས་ས་ལ་རབ་བཞུགས་པ། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་སུ་མཆི། །བསམ་དང་རྣམ་པར་སྨིན་པ་དག་གྱུར་པ། །སྒྲིབ་པ་ཀུན་གྱི་བག་ཆགས་ཡང་
དག་འབྱིན། །ལྷག་པར་མོས་པས་རྣམ་པར་བརྒྱན་པ་ཡི། །སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། །བདེ་གཤེགས་སྲས་བཅས་རྣམས་ཀྱི་ལམ་གཅིག་པུ། །སྦྱིན་སོགས་རྣམ་བཅུ་དཀར་པོའི་ཡོན་ཏན་ཚུལ། །རྫོགས་སངས་རྒྱས་བདག་མ་ལུས་ངོ་བོ་བློས། །ཡང་དག་ཉིད་དུ་ད་ནི་
གནས་པར་བགྱི། །དེ་ལྟར་ལམ་ལ་གནས་པའི་བར་དུ་བྱས། །དེ་ནས། ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ། །རང་བཞིན་རྒྱུ་དང་བྲལ་བས་མཚན་མ་མེད། །རྟོག་པ་རྣམས་དང་བྲལ་ཕྱིར་དངོས་པོ་ནི། །མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ། །ཞེས་བྱ་བས་གཟུང་བ་དང་འཛིན་པ་ལ་སོགས་
པའི་སྤྲོས་པ་ཐམས་ཅད་དང་བྲལ་བས་ཁམས་གསུམ་པོ་མ་ལུས་པ་སྟོང་པར་བསྒོམས་ལ། འདིས་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་པ་བསྟན་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དོན་སྟོང་པའི་བདག་ཉིད་ཅན་གྱི་སེམས་
དེ་ཉིད་ཡི་གེ་ཨ་དམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་གྱི་རྣམ་པར་བསམ། དེའི་སྟེང་དུ་ཧཱུྃ་ནག་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་ནག་པོ་ཁ་གྱེས་པ་ལྟེ་བའི་ཡི་གེ་ཧཱུྃ་གིས་མཚན་པ་ཉི་མ་ལ་གནས་པ་བསམ་མོ། །དེ་ནས་དེ་ལས་བྱུང་བའི་རྡོ་རྗེའི་རང་བཞིན་གྱི་འོད་ཟེར་
ཕྱོགས་བཅུར་ཀུན་དུ་འཕྲོས་པས་བགེགས་ཐམས་ཅད་བསལ་ལ། རྡོ་རྗེའི་རང་བཞིན་གྱི་འོད་ཟེར་དེ་ཉིད་ལས་རྡོ་རྗེ་ར་བ་དང་དྲ་བ་དཔངས་དཔག་ཚད་བརྒྱ་སྟོང་དུ་མ་ཡོད་པ།བདུད་ཐམས་ཅད་ཀྱིས་བསྒྲོད་པར་མི་ནུས་པ། ཕྱོགས་ཐམས་ཅད་དུ་ཁྱབ་པའི་ཕྱི་རོལ་ན་དུས་མཐའི་མེའི་ཕུང་པོ་འབར་བ་
ལྟ་བུས་བསྐོར་བ་དང་། རྡོ་རྗེའི་རང་བཞིན་གྱི་སའི་དཀྱིལ་འཁོར་སའི་འོག་གི་མཐར་ཐུག་པ་བསམས་ལ། དེའི་དབུས་སུ་ཆོས་འབྱུང་བའི་ཕྱག་རྒྱ་གྱེན་ཀར་གནས་པ་སྟེང་ཡངས་པ། འོག་དོག་པ། ནམ་མཁའི་ཁམས་རྒྱ་ཆེ་བ་ཁོངས་སུ་ཆུད་པ། སྟོན་ཀའི་ཟླ་བ་ལྟར་དཀར་བར་བསམས་

ལ། དེའི་དབུས་སུ་ཡི་གེ་པཾ་སེར་པོ་ལས་བྱུང་བའི་སྣ་ཚོགས་པདྨ་རྒྱ་ཆེ་བ། དེའི་དབུས་སུ་ཡི་གེ་ཧཱུྃ་ནག་པོ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་བསམས་ལ། དེའི་དབུས་སུ་ཟླ་བ་ལ་གནས་པའི་ཡི་གེ་བྲུཾ་དཀར་པོ་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བཅུ་གཉིས་པ་དེའི་ལྟེ་བར་ཟླ་བ་ལ་གནས་
པའི་ཡི་གེ་བྲུྃ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་དང་། སྔོན་པོ་དང་། དམར་པོ་གསུམ་གྱིས་རྣམ་པར་མཛེས་པ། ཕྱག་དྲུག་པ། ཕྱག་དང་པོ་གཉིས་ཀྱིས་རང་དང་འདྲ་བའི་རིག་མ་ལ་འཁྱུད་པ། གཡས་ཀྱི་
གཉིས་པ་ན་འཁོར་ལོ་དཀར་པོ། གསུམ་པ་ན་རལ་གྲི། ཕྱག་གཡོན་གྱི་གཉིས་པ་ན་རིན་པོ་ཆེ། གསུམ་པ་ན་པདྨ་དམར་པོ་བསྣམས་པ། རལ་པ་དང་ཅོད་པན་མངའ་བ། སྣ་ཚོགས་པདྨ་དང་ཟླ་བ་ལ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འོད་ཟེར་དཀར་པོའི་ཚོགས་
རྣམ་པར་འཕྲོ་བ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་ཁང་པ་བརྩེགས་མ་རིམ་པ་གཉིས། རིན་པོ་ཆེ་སྣ་ཚོགས་འོད་གསལ་བའི་རང་བཞིན་ཅན། ཕྱིའི་རིམ་པ་ཟུར་བཞི་པ་སྒོ་བཞི་པ། རྟ་བབས་བཞིས་བརྒྱན་པ། བ་དན་དང་རྒྱལ་མཚན་ཁ་དོག་རྣམ་པ་སྣ་ཚོགས་པ་ལ་དྲིལ་བུ་
བཏགས་པ་རླུང་གིས་བསྐྱོད་པ་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་ཡབ་དང་། དྲ་བ་དང་། དྲ་བ་ཕྱེད་པས་ཉེ་བར་མཛེས་པ། ཕྱི་རོལ་ན་གཟུགས་ཀྱི་གནས་ཀྱི་ཁ་ཁྱེར་རྡོ་རྗེ་རིན་པོ་ཆེས་ཉེ་བར་མཛེས་ཤིང་ཡིད་དུ་འོང་བའོ། །ནང་གི་རིམ་པ་ཟླུམ་པོ་ལ་རྡོ་རྗེ་ཕྲེང་བས་ཡོངས་སུ་བསྐོར་བ།
ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ། སྡོང་བུ་དང་བཅས་པའི་སྣ་ཚོགས་པདྨའི་འདབ་མ་ལ་གནས་པའི་ཟླ་བ་བཅུ་གཉིས་དང་། ཉི་མ་བདུན་གྱི་གདན་དང་ལྡན་པ་རྣམ་པར་བསམ