Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 44
Văn bản gốc(Tây Tạng)
Trang 5 / 19 (50.000 ký tự/trang)
་། །སྐུ་ ཡི་བུ་ག་ཀུན་ནས་ཀྱང་། །དེ་འདྲ་བསམ་གྱིས་མི་ཁྱབ་པ། །འཕྲོས་པའི་མཚན་མ་རྣམས་ཀྱིས་བསྐུལ། །མི་གཟིགས་མངོན་པར་གྱུར་པའི་དོན། །ཐབས་དེ་ཞག་བདུན་བར་དུ་བྱ། །དེ་ཡིས་རྒྱུ་ཀུན་རྫོགས་པས་ན། །དེ་དག་རྣལ་འབྱོར་པ་ལ་འཇུག །དེ་ཡི་འོག་འབྱུང་མཆོག་ བཞིའོ། །རྡོ་རྗེ་ཚུལ་མཆོག་འདི་བརྩམས་པས། །ཡེ་ཤེས་རྡོ་རྗེ་ཅན་གྱི་གསང་། །མཆོག་སྩོལ་ཞིང་ནི་རྣམ་པར་གཟིགས། །ཡིད་ནི་འཇིགས་ཤིང་སྐྲག་གྱུར་ནས། །ཡིད་ལ་མགུ་ཞིང་དགར་འགྱུར་བའི། །དངོས་གྲུབ་དམ་པ་དེ་དུས་ཏེ། །དེ་ལ་རོལ་མོ་འབྱུང་བའོ། །གལ་ ཏེ་གཉིས་ཀྱི་བདག་ཉིད་རྨོངས། །དེ་ཡི་སྲོག་ནི་དེར་ཟད་འགྱུར། །དེ་ཡིས་སྔོན་དུ་མ་བྱས་ན། །དེ་དག་ཆད་པས་གཅད་པར་བྱ། །རང་ཉིད་འཁོར་ལོར་བཅས་པ་ཁྲོས། །ནག་པོ་མེ་དཔུང་དཀྱིལ་ན་བཞུགས། །བསྙེན་པ་ལ་སོགས་དང་ལྡན་པས། །ཕྱག་རྒྱ་ལྷན་ཅིག་གཉིས་མེད་ བྱ། །སྔོན་གསུངས་འཕྲོས་པ་རྣམས་ཀྱིས་ཀྱང་། །རང་ཁམས་གནས་པའི་རྟག་པ་སོགས། །རང་རང་ཁ་དོག་དང་ལྡན་པ། །ལྕགས་ཀྱུས་བཀུག་པར་བྱས་ནས་སུ། །ཕྱག་རྒྱའི་གསང་བར་ཉི་མའི་སྟེང་། །མེ་ཡི་དཀྱིལ་འཁོར་གྲུ་གསུམ་དུ། །བཞག་སྟེ་དེ་དག་དམ་ཚིག་གིས། ། བསྙེངས་པས་འདར་བར་བསམ་པའོ། །དེ་ནས་རང་གི་རིགས་ཅན་ཉིད། །ཉི་མ་བྱེ་བ་ཕྲག་བརྒྱའི་འོད། །ལྡན་པའི་པདྨ་ཁ་བྱེ་བའི། །ནང་དུ་བཅུག་ནས་ཕན་ཚུན་དཀྲི། །དེ་བཞིན་གཤེགས་པའི་རིགས་འབྱུང་གནས། །གཤིན་རྗེ་མཐར་བྱེད་སྟོད་སྔོན་བཞིན། །འོད་ལྡན་སྨད་ནི་རྩེ་ གཅིག་གཟུགས། །རྡོ་རྗེ་ལས་ནི་དབྱུང་བར་བྱ། །དེ་ཡིས་དེ་དག་རྟག་པ་ཡི། །སྤྱི་བོ་ནས་ནི་སྔགས་འདི་ཡིས། །བཏབ་པས་རླུང་གིས་ཐལ་བ་ལྟར། །སྔགས་ཀྱི་ལུས་ནི་མི་སྣང་བྱས། །ཨོཾ་ཙྪིནྡྷ་ཙྪིནྡྷ། ཧ་ན་ཧ་ན། ཧ་ན་ཧ་ན། དཱིཔྟ་བཛྲ་ཙཀྲ་ཧཱུྃ་ཕཊ། དེ་བཞིན་པདྨའི་རིགས་འབྱུང་བའི། ། པདྨ་མཐར་བྱེད་སྤྲོས་ནས་ཀྱང་། །སྔོན་བཞིན་སྣང་བ་མཐའ་ཡས་ཀྱི། །ཁ་རུ་སྔགས་འདིས་གདབ་པར་བྱ། །ཨོཾ་ཧྲཱིཿཕུར་པ་ཧཱུྃ་ཕཊ། རྡོ་རྗེ་རིགས་ལས་བྱུང་བ་ཡི། །ཤེས་རབ་མཐར་བྱེད་དེ་བཞིན་སྤྲོ། །དེ་ཡིས་མི་བསྐྱོད་ཐུགས་ཀ་རུ། །སྔགས་འདི་ཡིས་ནི་གདབ་པའོ། །ཨོཾ་ཨཱཿ བཛྲ་ར་ཙ་ཧཱུྃ་ཕཊ། ཡི་གེ་གསུམ་གྱི་བར་བཅུག་པའི། །སྔགས་འདི་བསྐུལ་ནས་དེ་ཡིས་བཏབ། །རྟོག་པ་ལས་བྱུང་ཇི་སྙེད་པ། །བསལ་བས་ཤེས་བྱའི་སྒྲིབ་སོགས་བཅོམ། །ཏཏ་ཀུ་ལ་ན་ཤྭ་ཀཱི་ལ་ཡ་ཧཱུྃ་ཕཊ། བཏབ་པ་ཙམ་གྱིས་རྡོ་རྗེ་གསུམ། །སྐུ་གསུམ་དྲི་མེད་ལས་བྱུང་ བའི། །དམ་ཚིག་མཆོག་གིས་ལྡང་བར་འགྱུར། །ཡང་ན་འཆི་བའི་གནས་སུ་འགྱུར། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ཆོ་ག་ལེགས་པར་བྱས་ནས་ནི། །མཁའ་དབྱིངས་རྡོ་རྗེ་མཐའ་ཀླས་པར། །འདེབས་པར་གྱུར་པ་གདོན་མི་ཟ། །བསྒྲུབ་བྱ་དེ་དག་ཞི་བའི་ཕྱིར། །བསྡུ་དང་ སྤྲོ་བའི་སྒོ་ནས་ཀྱང་། །ཕུར་བུ་སྔགས་ཀྱིས་ཕྱུང་ནས་ནི། །ཡེ་ཤེས་ཙམ་དུ་གནས་པར་བྱ། །ཨོཾ་ཨཱཿབཛྲ་དྷ་རོ་ཨཱཛྙཱ་ཨུད་ཀཱི་ལ་ཡ་ཧཱུྃ། ཨོཾ་བཛྲ་དྷ་རོ་ཨཱཛྙཱ་ཨུད་ཀཱི་ལ་ཡ་ཧཱུྃ། ཨོཾ་ཨཱཿསརྦ་ཀཱི་ལ་ཡ་ཀ་ན་བུདྡྷ་ས་ཏེ་ན་བཛྲ་དི་ཏ་ཨ་བཛྲ་ཡ་ཧཱུྃ། ཨོཾ་ཨཱཿསརྦ་ཀཱི་ལ་ཡ་ཀ་ན་དྷརྨྨཱ་ས་ཏེ་བཛྲ་དི་ཏ་ཨ་བཛྲ་ ཡ་ཧཱུྃ། ཨོཾ་ཨཱཿསརྦ་ཀཱི་ལ་ཡ་ཀ་ན་སཾ་གྷ་ས་ཏེ་ན་བཛྲ་དི་ཏ་ཨ་བཛྲ་ཡ་ཧཱུྃ། ཡེ་ཤེས་མར་མེ་ལྟ་བུའི་ཚུལ། །རང་གི་མི་ཤེས་དབྱེར་མེད་བྱས། དབུགས་འབྱིན་མཆོག་དང་ལྷན་ཅིག་ཏུ། །ཆོ་ག་འདི་ནི་མ་ལུས་བརྩམ། །དཔུང་བརྐྱང་མགུལ་པ་ནས་འཁྱུད་ པས། །མི་གཡོ་སྐྲ་བཟུང་བརླ་གཉིས་པར། །བལྟས་ཏེ་སིང་སྒྲའི་གླུ་བླངས་ནས། །བུང་བ་ལྟ་བུར་རྩེ་བར་བྱ། །འགྱིང་བག་སྟབས་ཀྱིས་འཁྱུད་ནས་ནི། །གཡོན་གྱི་སྤྱི་བོ་ནས་བཟུང་ནས། །གཡས་ཀྱི་ཀོ་སྐོ་བསྟེན་ནས་ནི། །མ་མཆུ་སྦྲང་རྩི་གཞིབ་པར་བྱ། །གཞིབ་ཅིང་ སིད་ཅེས་རབ་བརྗོད་པས། །འགྲམ་གཉིས་སུ་ནི་འོ་བྱ་ཞིང་། །དཔུང་པའི་བར་དུ་རབ་བྱས་ལ། །ཁ་ཡིས་དེ་ལ་རྩེ་བར་བྱ། །རྣ་བ་དེ་བཞིན་མཆན་ཁུང་དང་། །མགྲིན་པའི་གློ་དང་སུམ་མདོ་རྣམས། །སེན་མོས་རེ་མོས་གདབ་བྱ་ཞིང་། །ཡང་དང་ཡང་དུ་བྱུག་པར་བྱ། །གཡོན་གྱིས་ པདྨ་མཉེ་བ་དང་། །ལག་གཉིས་སྦྱོར་བའི་དཀྱིལ་འཁོར་ལ། །རྡོ་རྗེ་གཡོན་གྱིས་སོར་མོ་གསུམ། །ཆོས་འབྱུང་ནང་དུ་བྲུད་ཅིང་རྩེ། །བསྙེན་དང་ཉེར་བསྒྲུབ་སྒྲུབ་པ་ཡིས། །འདི་ལྟར་བསྐྱོད་པ་ཙམ་གྱིས་ནི། །སྙིང་འདར་དྲན་པ་ཉམས་པར་འགྱུར། །སྤྱི་བོ་སྐྲ་བཀྲོལ་གོས་འདོར་ བྱེད། །དངུལ་ཆུ་ཐིགས་པས་ཀུན་དུ་ཁྱབ། །བརྟན་པའི་ངང་ཚུལ་ཤོར་ནས་ནི། །བ་སྤུ་རྣམས་ཀྱང་གཡོ་བར་བྱེད། །དམར་བའི་མིག་ནི་ཕྲ་བས་བལྟ། །བདག་ཉིད་བསྒྲུབ་པ་ལ་གནས་ན། །ཟླ་བ་ལྟ་བུའི་རིགས་ཅན་འཆར། །རྩེ་གཅིག་ཡིད་ཀྱིས་མ་སྤྲོས་པར། །ཡང་དང་ཡང་ དུ་བརྟག་པར་བྱ། །མཁའ་འགྲོ་མ་གཏོགས་ཕྱག་རྒྱ་ཡིས། །ལྷན་ཅིག་དུས་ནི་བདུན་དུ་བརྟག །བྱིན་བརླབས་དེའམ་དེ་སྔོན་དུ། །མངོན་དུ་བྱེད་པར་ཐེ་ཚོམ་མེད། །རྡོ་རྗེ་ཉི་མ་ནུབ་ནས་ནི། །བསྒྲུབ་པ་ཀུན་དུ་བརྩམ་པར་བྱ། །ཉི་མ་བདུན་གྱིས་འགྲུབ་འགྱུར་བ། །སྐྱ་རེངས་འཆར་བའི་དུས་ ནའོ། །དེ་རུ་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཆང་ཆེན་ཀུན་གྱི་གནས། །ཆོས་རྣམས་ཀུན་གྱི་ཆོས་ཉིད་དེ། །སངས་རྒྱས་ཀུན་གྱི་ཐབས་བྱས་ཐོབ། །དེ་ནི་སྐུ་གསུམ་མཆོག་སྦྱིན་པ། །སངས་རྒྱས་མཚན་གྱིས་མཚན་པར་འགྱུར། །དཔག་ཚད་བྱེ་བའི་ཚད་ཙམ་དུ། །དེ་ཡི་འོད་ཀྱང་ སྣང་བར་བྱེད། །དེ་ཉིད་ཡང་དག་ཡེ་ཤེས་ཐོབ། །གཟུགས་བརྙན་བདག་ཉིད་སྤྱི་གཟུགས་ཀྱིས། །འཁོར་ལོ་གསུམ་པོ་མཐའ་ཡས་ཁམས། །འགྲོ་བའི་ཕན་དོན་མཛད་པའོ། །འཁོར་བ་ཇི་སྲིད་གནས་ཀྱི་བར། །སྦྱོར་བ་བདུན་ལྡན་རྡོ་རྗེ་སེམས། །རོ་མྱང་མཚན་ཉིད་བརྒྱན་ བརྙེས་ནས། །བླ་ན་མེད་པར་གྱུར་པའོ། །རྣལ་འབྱོར་པ་རྣམ་པ་གཉིས་ཀྱི་དངོས་གྲུབ་བསྒྲུབ་པའི་ཆོ་ག་རྒྱས་པར་བཤད་ཟིན་ཏོ།། །།གང་ཕྱིར་རྒྱུ་དང་བཅས་པ་ཡིས། །དངོས་པོ་དེ་དག་ངོ་བོ་ནི། །བྱང་ཆུབ་སེམས་ཡིན་དེ་ཡི་ཕྱིར། །དེ་ཡི་རང་བཞིན་བརྗོད་པར་རིགས། ། ཐོག་དང་ཐ་མ་མེད་ཞི་བ། །དངོས་པོ་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་སུ་གསུངས་པའོ། །བྱང་ཆུབ་སེམས་དེའི་ནང་དུ་ནི། །བདག་པོ་འགའ་ཡང་མི་དམིགས་སོ། །དེ་ཡི་གཉེན་པོ་རྣམ་གསུམ་ལ། །ཐ་དད་དབྱེ་བར་རྣམ་པར་རྟོག །དེ་ ཡང་རང་བཞིན་ལ་མི་དམིགས། །འོད་གསལ་སེམས་ནི་དག་པ་ལ། །གཅིག་དང་དུ་མ་བྲལ་བའི་ཕྱིར། །དོན་གཞན་འགྱུར་བ་ཡང་མི་དམིགས། །སྒྱུ་མ་ཙམ་གྱི་སེམས་དེ་ནི། །དག་དང་མ་དག་གཉིས་མི་རུང་། །དེ་བས་རང་བཞིན་རྣམ་དག་པའི། །བྱང་ཆུབ་སེམས་སུ་ ངེས་པའོ། །དེ་ཡི་དེ་བཞིན་ཉིད་ངོ་བོ། །གང་དང་འབྲེལ་པ་མ་ཡིན་ནོ། །མ་འབྲེལ་པ་ཡང་མ་ཡིན་ནོ། །ཀུན་རྟོག་ཡང་ནི་སྙམ་མི་སེམས། །ནམ་མཁའ་རྟག་མེད་བལྟར་མི་སྣང་། །ཆོས་རྣམས་ཀུན་ཀྱང་དེ་བཞིན་ནོ། །ཆོས་རྣམས་སྐུ་གསུམ་མཉམ་པ་སྟེ། །གང་ཡིན་སེམས་ ཀྱི་ངོ་བོའོ། །སེམས་དེ་དེ་བཞིན་ཉིད་གནས་ལ། །དེ་ནི་ཁམས་གསུམ་གནས་མ་ཡིན། །མི་གནས་དེ་ནི་ཀུན་བརྟགས་ཀྱི། །སྐྱེ་མེད་ངོ་བོ་མེད་པའོ། །ཡིན་ཡང་བདེ་གཤེགས་ཐམས་ཅད་ཀྱི། །ཡེ་ཤེས་འབྱུང་བའི་རྒྱུ་ཉིད་དེ། །རྒྱུ་གསུམ་མི་གནས་ཆོས་དེ་ནི། །སྐྱེ་མེད་ཡེ་ ཤེས་འབྱུང་བའི་གནས། །སད་དང་རྨི་ལམ་དབྱེར་མེད་པས། །འདས་པ་རྨི་ལམ་ལྟ་བུ་སྟེ། ད་ལྟར་བྱུང་བ་རྨི་ལམ་འདྲ། །མ་འོངས་རྨི་ལམ་ལས་བྱུང་བའོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་དང་། །སེམས་ཅན་རྣམས་ནི་ཇི་སྙེད་པ། །རྨི་ལམ་ལྟ་བུར་བདག་མེད་ དེ། །སྒྱུ་མ་ལྟ་བུར་དེ་བཞིན་ནོ། །དཔེར་ན་ཡིད་བཞིན་རིན་པོ་ཆེ། །རྟོག་པ་ཐམས་ཅད་རབ་བྲལ་ཡང་། །སྐལ་བ་ལྡན་པའི་སེམས་དབང་གིས། །འདོད་པ་ཐམས་ཅད་འབྱུང་བར་འགྱུར། །དེ་བཞིན་བྱང་ཆུབ་སེམས་དེ་ལས། །ཆོས་རྣམས་ཐམས་ཅད་ འབྱུང་བས་ན། །ནམ་མཁའ་རྗེས་འབྲང་ཆོས་རྣམས་ལ། །སངས་རྒྱས་ཆོས་རྣམས་རྗེས་སུ་འབྲང་། །དེ་བས་དངོས་གྲུབ་ཐམས་ཅད་དང་། །སངས་རྒྱས་ཆོས་རྣམས་ཐམས་ཅད་ཀྱི། །ལུས་དང་ངག་དང་སེམས་ལ་གནས། །དེ་ནི་ཁམས་གསུམ་མི་གནས་སོ། །ནམ་མཁའ་ བཞིན་དུ་དག་པའི་ཕྱིར། །དེ་བཞིན་གཅིག་ལ་གཅིག་མི་གནས། །དེ་དག་དེ་བཞིན་ཉིད་གནས་པས། །དེ་ནི་སྨྲ་བརྗོད་ཡུལ་ལས་འདས། །དེ་འདྲའི་དེ་བཞིན་ཉིད་ལ་ནི། །རང་གི་ཡེ་ཤེས་རབ་སྦྱོར་ཞིང་། །གཞན་ཡང་བདག་པོ་འདི་སྙམ་དུ། །སྐུ་མི་འགྱུར་བ་འདི་སྙམ་དུ། ། གསུང་དང་ཐུགས་ཀྱི་བདག་ཉིད་མེད། །ནམ་མཁའ་རྡོ་རྗེ་རྟོག་ལས་བྱུང་། །ལོག་པ་དག་ཏུ་འཛིན་སྙམ་ནས། །བདག་གཅིག་སྟོན་པ་མི་གསུང་བཞུགས། །དེ་ནས་འཇམ་པའི་དབྱངས་ལ་སོགས། །དེ་ཡི་གཉིས་པ་དགག་པའི་ཕྱིར། །བདེ་བར་གཤེགས་ལ་ཡང་ཞུས་པ། །གསུང་ ལ་ལོག་འབྱུང་མི་བརྟག་གསོལ། །ཅི་ཕྱིར་སྔོན་གྱི་རྒྱལ་བ་ལྟར། །རྡོ་རྗེ་འཆང་བས་མཛད་པར་རིགས། །ཡོད་དེ་ཚངས་པ་ལ་སོགས་པ། །ཡང་དག་མངོན་ཤེས་མ་ཐོབ་པས། །ཀུན་རྫོབ་རྒྱུན་ལ་འཁྲུལ་པས་ན། །བདག་པོ་འདི་ཡིས་ཤེས་ནས་སམ། །ཡང་ན་མི་སེམས་འཆད་དོ་ སེམས། །དེ་བས་ལོག་འབྱུང་བཀག་པའོ། །སྐྱེ་མེད་རྡོ་རྗེ་མངོན་བྱང་ཆུབ། །ངོ་བོ་མེད་པ་མི་འགྱུར་བ། །བདེ་གཤེགས་རྣམས་ཀྱིས་ཀྱང་མི་ཤེས། །དེས་ནི་སེམས་ཅན་ཀུན་ལ་ཁྱབ། །དེས་ན་དེ་དག་ཐམས་ཅད་ཀུན། །བྱང་ཆུབ་རྡོ་རྗེའི་གནས་ཐོབ་པས། །སངས་རྒྱས་རྡོ་རྗེ་རྫུ་ འཕྲུལ་ཆེ། །དེ་བླངས་དེ་ནི་ཐོབ་པའོ། །དེ་བས་ཆོས་འདི་ཐམས་ཅད་ཀུན། །ངོ་བོ་ཉིད་བདག་གནས་མེད་ལ། །ཆོས་དབྱིངས་ཤེས་རབ་གནས་སུ་རྟོག །རྡོ་རྗེ་ལས་བྱུང་ལྟར་སྨྲས་པ། །སྨྲ་སྟེ་སྨྲ་བ་ཡང་མ་ཡིན། །སྔོན་བཞིན་ཐམས་ཅད་མཁའ་ལ་གནས། །ནམ་མཁའ་གང་དུ་ མི་གནས་པས། །དེ་ནི་རང་བཞིན་འོད་གསལ་དབྱིངས། །དེ་རུ་ཡང་དག་ཀུན་རྫོབ་རྒྱན། །དབྱེར་མེད་པ་ཡིས་རྣམ་པར་བསྒོམ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ནི་བསྒོམ་པའོ། །དེ་ལྟར་བྱང་ཆུབ་སེམས་བསྒོམ་པས། །རྣམ་དག་གསང་བའི་ཡི་གེ་ གསུམ། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །དད་པའི་འབྲས་བུ་རྫོགས་པར་འགྱུར། །གང་ཕྱིར་བུད་མེད་སྐྱེས་པ་དང་། །མ་ནིང་གསལ་བྱེད་ཐམས་ཅད་ནི། །ཡི་གེ་གསུམ་སྡུད་དེ་ཡི་ཕྱིར། །དེ་ནི་ཀུན་གྱི་གཙོ་བོའོ། །དངོས་པོ་གཟུགས་ཅན་ཐམས་ཅད་དང་། །སྒྲ་ གྲག་པ་ནི་ཇི་སྙེད་དང་། །བསམ་རྟོག་མ་ལུས་ཐམས་ཅད་ཀུན། །རྡོ་རྗེ་གསུམ་གྱི་སྡུད་པའོ། །དེ་འདྲའི་དེ་ཉིད་གསུམ་པོས་ནི། །ཀུན་ཁྱབ་གཞན་གྱི་སྤྱོད་ཡུལ་མིན། །ཉག་གཅིག་རྟོགས་པའི་སྤྱོད་ཡུལ་པས། །དེ་ནི་གསང་བའི་ཡི་གེའོ། །དེ་བས་རྫོགས་ལྡན་ལ་ སོགས་པར། །དེ་ནི་སྣོད་ནི་མ་གཟིགས་པས། །རྡོ་རྗེ་འཆང་བ་དེ་ཡི་ཚེ། །དེ་འགྱུར་གསང་བའི་དོན་མ་བཤད། །ཕ་རོལ་ཕྱིན་པ་ལ་སོགས་པས། །བསྐལ་པར་འབད་ཀྱང་མི་བརྙེས་པ། །གསང་བའི་དོན་འདིས་ཚེ་འདི་ལ། །སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས། །སངས་ རྒྱས་ཀུན་གྱི་བྱང་ཆུབ་ཆེ། །སྐུ་གསུམ་དབྱེར་མེད་སངས་རྒྱས་མཆོག །རྡོ་རྗེ་འཆང་བ་ཀུན་གྱི་གནས། །བླ་ན་མེད་པ་དེས་འགྱུར་རོ། །གོང་གསུངས་སེམས་ཅན་དེ་དག་ཀུན། །འདི་ཡི་སྣོད་མ་ཡིན་ཐོས་ནས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །སྙིང་རྗེ་གར་གྱིས་ དེ་དག་དུས། །དོན་དེ་ཟབ་མོར་བསྟན་པའི་ཕྱིར། །གསང་བའི་ཡི་གེ་རྣམ་དག་པས། །ཐུན་མོང་གི་ནི་སྡུག་བསྔལ་ཏེ། །དེ་བས་བདེ་གཤེགས་རྣམས་ཀྱིས་བཀག །དུས་འདིར་བདག་ཅག་སྣོད་དུ་གྱུར། །དེ་ཡི་ཆོས་ཉིད་ཉེར་བླངས་པས། །སྐུ་གསུམ་རྡོ་རྗེའི་ཆོས་ཉིད་ དེ། །འགའ་འགས་རྟོགས་པར་འགྱུར་བའོ། །དེ་ལྟར་བསྟན་པའི་དངོས་པོ་རྣམས། །རྣམ་པ་བཞི་རུ་ཡང་དག་དབྱེ། །སྐྱེས་བུ་ལམ་དང་དེ་སྔོན་འགྲོ། །ལམ་གྱིས་བསྒྲུབ་པའི་འབྲས་བུའོ། །སྐྱེས་བུ་གསུམ་དེ་དང་པོ་དང་། །ཅུང་ཟད་ཙམ་དང་ཡེ་ཤེས་ཐོབ། །བསྙེན་པ་ཐུན་ མོང་ཅིག་ཤོས་ཀྱི། །བསྒྲུབ་ལ་འཇུག་པའི་སྐྱེས་བུའོ། །རྡོ་རྗེ་ཅན་གྱིས་བསྟན་པ་ཡི། །ལམ་གྱི་རིམ་པ་རྣམ་གཉིས་ཏེ། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པའི་རིམ་པ་ཁོ་ནའོ། །བསྐྱེད་པའི་རིམ་པ་བསྙེན་པ་དང་། །ཐུན་མོང་ཐུན་མིན་སྒྲུབ་ པ་ལ། །སྣོད་དག་སྐྱེ་བའི་རིམ་པ་གསུམ། །བསྒོམ་པའི་རིམ་པ་ཇི་སྙེད་པའོ། །རྫོགས་པའི་རིམ་པ་རྣལ་འབྱོར་དང་། །ཕྱག་རྒྱ་ལས་སྐྱེས་ཆོས་ཐམས་ཅད། །སྒྱུ་མ་ལ་སོགས་འདྲར་བསྒྲུབ་པ། །རང་བཞིན་གནས་པའི་རྣལ་འབྱོར་རོ། །དེ་ཡི་སྔོན་འགྲོ་རྣམ་གསུམ་སྟེ། ། དཀྱིལ་འཁོར་དང་ནི་དམ་ཚིག་དང་། །དེ་ཡི་བསྒྲུབ་པའི་ངོ་བོ་ཉིད། །རྡོ་རྗེ་འཆང་བས་རབ་ཏུ་གསུངས། །དཀྱིལ་འཁོར་བཞི་སྟེ་རི་མོ་དང་། །ལུས་དང་བྱང་སེམས་བྷ་ག་སྟེ། །ཡེ་ཤེས་ལྔ་ལ་སོགས་པ་ཡི། །ཐོབ་བྱེད་གནས་སུ་ཡང་དག་བཤད། །དམ་ཚིག་ལ་ནི་རྣམ་གཉིས་ ཏེ། །ཐུན་མོང་སྡོམ་པར་བསྟན་པ་དང་། །ཐུན་མོང་མ་ཡིན་སྡོམ་པའོ། །ཐུན་མོང་མ་ཡིན་རྣམ་གསུམ་སྟེ། །སྤང་བའི་དམ་ཚིག་སྡོམ་པ་དང་། །བཟའ་དང་བསྲུང་བའི་དམ་ཚིག་དང་། །རྣལ་འབྱོར་སྙིང་པོ་སྡོམ་པ་སྟེ། །སྣོད་སོགས་རྐྱེན་དུ་ཡང་དག་བཤད། །དབང་གི་རྣམ་ པ་གསུམ་དག་སྟེ། །བུམ་པའི་དབང་གི་དང་པོ་དང་། །གཉིས་པ་ལ་ནི་གསང་བའི་དབང་། །ཤེས་རབ་ཡེ་ཤེས་གསུམ་པའོ། །དེ་ལྟར་དེ་བཞིན་བཞི་པ་ཡང་། །བླ་མ་དམ་པའི་ཞལ་ལས་ནི། །ཐོབ་པ་ཡིན་ཏེ་རྣམ་པ་གསུམ། །ཀུན་ལ་རབ་ཏུ་ཁྱབ་པའོ། །འབྲས་བུ་ ལ་ནི་རྣམ་གཉིས་ཏེ། །ཐུན་མོང་གི་ནི་གྲུབ་པ་དང་། །ཕྱག་རྒྱ་ཆེན་པོའི་གྲུབ་པའོ། །ཐུན་མོང་གྲུབ་པ་རྣམ་པ་བརྒྱད། །རིག་འཛིན་མངོན་པར་ཤེས་པ་ལྔ། །མངག་གཞུག་སྔགས་ཀྱི་ཁྱད་པར་དང་། །ཨ་ཛ་ལས་ཀྱི་དབྱེ་བའོ། །ཅིག་ཤོས་རྡོ་རྗེ་གསུམ་ཡིན་ཏེ། །དེ་དང་ དེ་རུ་རབ་བསྟན་པའི། །སངས་རྒྱས་ཉིད་གྲུབ་དངོས་གྲུབ་ནི། །ཡང་དག་ཡེ་ཤེས་དབང་ཐོབ་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་ཀུན། །ཚུལ་འདི་ལས་ནི་མ་འདས་པས། །ཤེས་རབ་ལྡན་པ་རྣམས་ཀྱིས་ཀྱང་། །འདི་རྣམས་ཁོ་ན་བསྒྲེ་བར་བྱ། །གསང་དང་རབ་གསང་ ཤིན་ཏུ་གསང་། །གསང་བ་འདུས་པ་ཞེས་བྱའི་རྒྱུད། །ཕྲ་ཞིང་ཤེས་དཀའ་བདེ་གཤེགས་རྣམས་ཀྱི་ཡུལ་འདི་རྟོག་བྲལ་དཔྱད་ལས་འདས། །འོན་ཀྱང་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བླ་མེད་ཐུགས་རྗེ་ཉི་ཟེར་གྱིས། །བསྐལ་པར་འདུས་བྱས་པ་ཡི་མུན་པ་ཀུན་བསལ་བདེ་གཤེགས་ སྤྱོད་ཡུལ་བསྟན། །བདག་གིས་ཅུང་ཟད་རྟོགས་ནས་དང་པོ་གྲོགས་མཆོག་བཟང་པོ་གསང་བ་དང་། །ཀོ་ས་ལ་ཡི་གྲོགས་མཆོག་དྲི་མེད་པ་ཡི་བཟང་པོ་ཞེས་བྱ་དང་། །ཤེས་རབ་ལྷ་ཞེས་བྱ་བའི་གྲོགས་མཆོག་པཉྩ་ལ་ཡི་དུར་ཁྲོད་གནས། །ལེགས་པའི་ཚུལ་མང་ཤྲི་ན་ལེནྡྲ་ཡི་ གཙུག་ལག་ཁང་གནས་ཏེ། །དགེ་བའི་སྤུན་གྱིས་གསོལ་བཏབ་རྒྱུད་ཀྱི་རྒྱལ་པོ་དེ་ལ་བློ་དམན་པས། །ཚོགས་ནི་ཆུང་ངུས་རྟོགས་པར་བྱ་ཕྱིར་ང་རྒྱལ་མ་ཡིན་དད་པ་ཡིས། །བསྡུས་པའི་དོན་དང་སྒྲུབ་པའི་ཐབས་འདི་འབད་པས་སེམས་ཁྲལ་ཆེར་བྱས་ལ། །སངས་རྒྱས་ལ་ སོགས་དཔའ་བོ་མཁས་པ་རྣམས་ཀྱིས་བདག་ལ་བཟོད་པར་མཛོད། །དེ་ལྟར་བྱས་པ་ལས་བྱུང་དགེ་བ་དྲི་མེད་དེ་ཡིས་འགྲོ་བ་རྣམས། །འདི་གཞུང་རིམ་པས་ཚོགས་ནི་རབ་རྫོགས་རིག་འཛིན་ལ་སོགས་གསུམ་གྱིས་ནི། །ཐ་མལ་པ་ཡི་སྐད་ཅིག་སོགས་བསྒྲེས་དེ་འགག་དེ་ཡིས་ བཟློག་བྱ་སྟེ། །རང་གི་ཕྱག་རྒྱས་རྡོ་རྗེ་འཆང་བ་ཐོབ་ནས་བདུད་ལས་རྒྱལ་གྱུར་ཅིག །དཔལ་གསང་བ་འདུས་པ་སྒྲུབ་པའི་ཐབས་དངོས་གྲུབ་འབྱུང་བའི་གཏེར་ཞེས་བྱ་བ། སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧྱ་དང་། བོད་ཀྱི་ལོ་ཙཱ་བ་ལྷ་བཙན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཡོ་ག་སཔྟ་ནཱ་མ་ཙ་ཏུ་ར་བྷི་ཥེ་ཀ་ར་ཎ། བོད་སྐད་དུ། སྦྱོར་བ་བདུན་པ་ཞེས་བྱ་བ་དབང་བཞིའི་རབ་ཏུ་བྱེད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་ཞིག་དཔེ་མེད་ཚུལ་ལྡན་པ། །གཉིས་མེད་བདེ་ཆེན་རང་བཞིན་མེད། །ཐུགས་རྗེས་རྒྱས་ཤིང་བར་ཆད་མེད། །འགོག་མེད་སངས་རྒྱས་དེ་ལ་འདུད། །རྒྱུ་དང་མི་རྒྱུ་ཀུན་ཁྱབ་པ། །གང་གི་སྙིང་གི་པད་དབུས་སུ། །མ་ཤིགས་ ཐིག་ལེ་དབུས་གནས་པ། །གཞོམ་མེད་ཆོས་ལ་ཕྱག་འཚལ་ལོ། །དེ་འདྲ་རབ་ཏུ་སྟོན་བྱེད་པ། །སེམས་ནི་དེ་ཉིད་ལ་བཞག་པ། །གཡང་སའི་ལམ་སྒྲོལ་དགེ་འདུན་ཆེ། །བླ་མ་དམ་པའི་ཞབས་ལ་འདུད། །ལམ་གྱི་རིམ་པ་སྔོན་འགྲོ་བ། །དཀྱིལ་འཁོར་ དམ་ཚིག་དབང་སོགས་ཏེ། །བུམ་པ་ལ་སོགས་རིམ་པ་ཡིས། །དབང་གི་དབྱེ་བ་ཅུང་ཟད་བརྗོད། །དཀྱིལ་འཁོར་ལ་སོགས་རིམ་པ་ཡིས། །ཐར་ཆེན་ཡང་དག་སླུ་བ་སྟེ། །དེ་ཉིད་མེད་པས་མི་འགྲུབ་པས། །བཞི་པའི་དོན་ནི་ཡང་དག་བཤད། །ཐམས་ཅད་མཁྱེན་པས་ཇི་སྐད་ དུ། །རྣལ་འབྱོར་ཆེན་པོའི་རྒྱུད་བསྟན་ལ། །དབང་ནི་རྣམ་པ་གསུམ་དག་ཏུ། །རྒྱུད་འདི་ལས་ནི་རབ་ཏུ་བཤད། །བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་ལ་ནི་གསང་བའི་དབང་། །གསུམ་པ་ཤེས་རབ་ཡེ་ཤེས་དབང་། །དེ་ལྟར་དེ་བཞིན་བཞི་པ་ཡང་། །བླ་མའི་བཀའ་ལས་ ཤེས་པར་བྱ། །དབང་ནི་དང་པོ་དབྱེ་བ་ཡང་། །ཅུང་ཟད་ཀྱང་ནི་བཤད་བྱ་སྟེ། །རྒྱུ་ཡི་སློབ་དཔོན་ཆེན་པོ་ཡིས། །དེ་ནི་ཡང་དག་བསྐུར་བར་འདོད། །ཡུལ་མཁར་ཁྱིམ་དང་གླང་པོ་སོགས། །རྗེས་མཐུན་དེ་ལ་དབུལ་བར་བྱ། །དེ་ཡི་ཐུན་མོང་གཞན་པ་ཡི། །སྡོམ་པ་སྣོད་དུ་ རུང་ཕྱིར་སྦྱིན། །རི་མོ་དང་ནི་ལུས་ཀྱི་ནི། །དཀྱིལ་འཁོར་དུ་ནི་དེ་ཉིད་ཐོབ། །རིག་དང་འདི་རྒྱུ་སློབ་དཔོན་དབང་། །ཆོ་གའི་རིམ་པ་བཞིན་དུ་བཤད། །དེ་ཡི་རང་གི་ངོ་བོ་ནི། །སྐུ་ཡི་རྡོ་རྗེའི་རང་བཞིན་ནོ། །སྲོག་གཅོད་ལ་སོགས་སྔ་ཕྱི་ཡི། །དག་དང་ཉེས་པར་མི་འགྱུར་རོ། །ཐབས་ ཀྱིས་ཁྱད་པར་འཕགས་པའི་ཕྱིར། །ས་བརྒྱད་པ་རུ་ཡང་དག་བཤད། །སྦྱོར་གསུམ་ཡན་ལག་བཅས་པ་རུ། །དེ་ལ་ཡང་དག་བསྟན་པར་བྱ། །གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི། །སྣང་སྲིད་དབེན་པར་རྟོགས་པའོ། །སྣོད་དུ་རུང་ཕྱིར་བུམ་པ་སྟེ། །བླུགས་གཏོར་ དག་པར་བྱེད་པས་དབང་། །འདི་ནི་ཡང་དག་རྒྱུ་རིམ་པའི། །ལུང་གིས་ངེས་པར་བཤད་པའོ། །དང་པོའི་དབྱེ་བ་བསྟན་ནས་ནི། །གཉིས་པ་ཡང་ནི་བཤད་བྱ་སྟེ། །རྒྱུ་དང་རྐྱེན་གྱི་སློབ་དཔོན་གྱིས། །དབང་བསྐུར་དེ་ནི་ཡང་དག་ཐོབ། །གསེར་དང་དངུལ་ལ་སོགས་པ་ ཡི། །རྗེས་མཐུན་དེ་ལ་དབུལ་བར་བྱ། །སྲོག་གཅོད་ལ་སོགས་ཐུན་མོང་པའི། །སྡོམ་པ་སྣོད་དུ་རུང་ཕྱིར་སྦྱིན། །ལྷག་པ་བྱང་སེམས་ཞེས་བྱ་བའི། །དཀྱིལ་འཁོར་དུ་ནི་དེ་ཉིད་ཐོབ། །བློ་ཡི་བྱེ་བྲག་གིས་བསྐུར་བའི། །ཆོ་གའི་རིམ་པ་བཞིན་དུ་བཤད། །དེ་ཡི་རང་ གི་ངོ་བོ་ནི། །གསུང་གི་རྡོ་རྗེའི་རང་བཞིན་ནོ། །བརྫུན་ལ་སོགས་པ་སྔ་ཕྱི་ཡི། །ངག་དང་ཉེན་པར་མི་འགྱུར་རོ། །ཐབས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར། །དགུ་དང་བཅུ་ལ་ཡང་དག་གནས། །རྡོ་རྗེ་བཟླས་པའི་ངོ་བོ་ཡིས། །སྒྱུ་འདྲའི་ཏིང་འཛིན་བསྟན་པར་བྱ། །མིག་སོགས་ནང་ གི་ཆོས་རྣམས་ཀྱི། །སྣང་སྲིད་དབེན་པར་རྟོགས་པའོ། །བསྒྲགས་མིན་ཕྱིར་ན་གསང་བ་སྟེ། །བླུགས་གཏོར་དག་པར་བྱེད་པས་དབང་། །འདི་ཡང་བརྒྱུད་པའི་རིམ་པ་ཡི། །ལུང་གིས་ཡང་དག་བཤད་པའོ། །གཉིས་པའི་དབྱེ་བ་བསྟན་ནས་སུ། །གསུམ་པ་ཡང་ནི་བསྟན་ པར་བྱ། །རྒྱུ་དང་རྐྱེན་དང་ལྷན་ཅིག་བྱེད། །སློབ་དཔོན་གསུམ་གྱིས་ཐོབ་པའོ། །པདྨ་རཱ་ག་པུར་ཤ་སོགས། །རྗེས་མཐུན་དེ་ལ་དབུལ་བར་བྱ། །དཀྱིལ་འཁོར་བྲི་བ་ལ་སོགས་འགོག །སྡོམ་པ་མཆོག་ནི་སྦྱིན་པའོ། །བྷ་ག་རྣམ་དག་ཅེས་བྱ་ཡི། །དཀྱིལ་འཁོར་དུ་ནི་དེ་ཉིད་ ཐོབ། །ཤེས་རབ་དབང་དང་ཡེ་ཤེས་དབང་། །ཆོ་གའི་རིམ་པ་གཞན་དུ་བཤད། །དེ་ཡི་རང་གི་ངོ་བོ་ནི། །ཐུགས་ཀྱི་རྡོ་རྗེའི་རང་བཞིན་ནོ། །བརྣབ་སེམས་ལ་སོགས་སྔ་ཕྱི་ཡི། །ངག་དང་ཉེ་བར་མི་འགྱུར་རོ། །ཐབས་ཀྱི་ཁྱད་པར་ཕྱེ་བའི་ཕྱིར། །རྡོ་རྗེ་ལྟ་བུར་ཡང་དག་གནས། ། མཆོག་གི་དངོས་གྲུབ་སྒྲུབ་པའི་ཕྱིར། །བརྟུལ་ཞུགས་ཆོ་ག་དེ་ལ་བསྟན། །གཟུང་དང་འཛིན་པའི་ངོ་བོ་ཡིས། །ཆོས་ཀུན་དབེན་པར་རྟོགས་པའོ། །ཤེས་རབ་ལས་ཀྱི་ཡེ་ཤེས་ཏེ། །མ་རྟོགས་རྟོགས་ཕྱིར་དབང་ཡིན་ནོ། །འདི་ཡང་བརྒྱུད་པའི་རིམ་པ་ཡི། །ལུང་གིས་ཡང་ དག་བཤད་པའོ། །ད་ནི་ཡང་དག་བཤད་བྱ་བ། །བཞི་པ་མངོན་པར་བྱང་ཆུབ་པ། །བླ་མའི་ཞལ་ནས་ངེས་ཐོབ་པ། །སྦྱོར་བ་བདུན་གྱི་དེ་ཉིད་བཤད། །རང་བཞིན་གནས་ཕྱིར་སློབ་དཔོན་མེད། །རིན་ཐང་མེད་ཕྱིར་ཡོན་མེད་དེ། །སྡོམ་པ་པས་ནི་སྡོམ་པ་མེད། །དེ་ཉིད་དཀྱིལ་ འཁོར་དཀྱིལ་འཁོར་མེད། །སྟོབས་ཀྱིས་ཐོབ་ཕྱིར་དབང་མེད་དེ། །སྤྱི་པས་རང་གི་ངོ་བོ་མེད། །ཆོས་ཀུན་གཉེན་པོ་གཉེན་པོ་མེད། །རྡོ་རྗེ་འཛིན་གནས་ས་མེད་དེ། །རང་བཞིན་མེད་ཕྱིར་ཆོ་ག་དང་། །ལྟ་བ་ངེས་ཚིག་མེད་པ་རུ། །བླ་མ་ཡིས་ནི་ཡང་ དག་བཤད། །ཤེས་རབ་ལས་སྐྱེས་ཡེ་ཤེས་ནི། །བཞི་པ་ཡིན་པར་ཤེས་པར་བྱ། །མཁའ་གཉིས་རབ་ཏུ་སྦྱོར་བ་ཡིས། །མན་ངག་ཏུ་ནི་དེ་ཉིད་བརྟག །ལེགས་པར་གོམས་པའི་ཕྱག་རྒྱ་ལས། །འབད་པའི་བྱ་བས་རྟོགས་པ་ན། །འདོད་ཆགས་ཆགས་བྲལ་བར་མ་ སྟེ། །སྦྱོར་བ་བདུན་གྱི་མཚན་ཉིད་དོ། །ནམ་མཁའི་ཁམས་ནི་རྡོ་རྗེ་སྦྱོར། །ཡང་དག་སྤྱན་ཅན་བདེ་ཆེན་འབྱུང་། །གང་གང་ཡང་དག་དགའ་བྱེད་ཆགས། །དགའ་གཉིས་རབ་ཏུ་དབེན་ཉིད་མཐོང་། །པདྨའི་དཀྱིལ་དུ་རྡོ་རྗེ་ནོར། །པད་སྙིང་ལ་ནི་འབྱོར་པ་སྟེ། །རྡོ་རྗེའི་སྐྱིལ་མོ་ཀྲུང་ ནང་སེམས། །ནོར་བུ་རབ་ཏུ་མཐོང་བྱས་པས། །གང་དེ་ཉིད་ནི་ཡེ་ཤེས་ཏེ། །འདི་ཉིད་རྫོགས་པའི་རིམ་པ་རུ། །བླ་མའི་ཞལ་སྔ་ནས་ཀྱིས་བཤད། །དེ་ལ་སྦྱོར་བ་བདུན་གྱིས་ནི། །རིམ་པ་བཞིན་པ་ཤེས་པར་བྱ། །ཅི་ལྟ་ཞེ་ན། ལེགས་པར་བསྒོམས་དང་ལྷན་ཅིག་ཏུ། །ཇི་ སྐད་བཤད་པའི་ཆོ་ག་ཡིས། །ནང་ནས་འཁོར་ལོ་གསལ་བྱ་སྟེ། །སོར་མོ་ཅུང་ཟད་གོ་བྱས་ཏེ། །སྙིང་འདིར་དྲན་པ་ཉམས་པ་དང་། །སྤྱི་བོར་སྐྲ་གྲོལ་གོས་ཀྱང་འདོར། །རྔུལ་ཆུ་ཐིགས་པས་ལུས་ཀུན་ཁྱབ། །བརྟན་པའི་ངང་ཚུལ་ཤོར་ནས་ནི། །རང་གི་བ་སྤུ་ཀུན་ཀྱང་གཡོ། ། མིག་དམར་ཕྲ་བས་རབ་བལྟས་པའི། །དགའ་བའི་ཡེ་ཤེས་ཡང་དག་འབྱུང་། །རྟག་པའི་མདོག་གིས་ཡང་དག་བརྒྱན། །དེ་ནི་དཔེ་མེད་བདེ་རྫོགས་སོ། །ནམ་མཁའ་ལྟ་བུའི་སྐུ་ལ་ནི། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། །འཇའ་ཚོན་ལྟ་བུར་རབ་གསལ་བ། །གསལ་ བ་ཉིད་ནི་མ་སྐྱེས་པའི། །སྐུ་ཆེན་དང་དུ་བླངས་གྱུར་ན། །ཆོས་ཀྱི་སྐུ་དང་སྤྲུལ་སྐུ་ཡང་། །སྟོབས་ཀྱིས་འབྱུང་བར་འགྱུར་བའོ། །རྡོ་རྗེ་འཛིན་པ་ཆེན་པོ་ཡི། །སྐུ་ཆེ་བལྟ་བས་མི་ངོམས་པའི། །ཞལ་གསུམ་ཕྱག་དྲུག་ལྟར་སྣང་བ། །མཆོག་ཀུན་ལྡན་པས་རིག་མས་འཁྱུད། ། ཤེས་རབ་ཡེ་ཤེས་དབང་དུས་སུ། །མཚན་ཉིད་དེ་ཡི་ཚུལ་དུ་གནས། །ཡེ་ཤེས་དབང་དུ་གྱུར་པ་ཡིས། །བརྟུལ་ཞུགས་ལ་སོགས་རིམ་པ་ཡིས། །གནས་ནས་དེ་ཡི་དོན་སྒྲུབ་ཚེ། །དེ་ཡི་དུས་སུ་དེ་འཐོབ་པའོ། །དཔེ་མེད་བདེ་རྫོགས་ཀྱི་ལེའུ་སྟེ་དང་པོའོ།། །། ད་ནི་རབ་ཏུ་བཤད་བྱ་བ། །དཔེ་མེད་བདེ་རྫོགས་སྐུ་དེ་ཡང་། །ཕ་རོལ་ཕྱིན་པའི་རྫོགས་སྐུ་ལས། །ཁྱད་པར་མཐོང་བར་བྱ་བའི་ཕྱིར། །རང་འོད་རིག་མ་དང་ལྡན་པས། །སྦྱོར་བ་གཉིས་པ་བཤད་པར་བྱ། །གཉིས་མེད་དང་བྲལ་སྐུ་དེ་ནི། །ལོངས་སྤྱོད་རྫོགས་པ་ཙམ་ཡིན་ལ། ། དེ་དང་མཉམ་པ་དག་པའི་ཕྱིར། །རང་གི་རིག་མས་འཁྱུད་པའོ། །དེ་ལ་གཉིས་ཀྱི་སྤྲོས་མེད་པས། །དངོས་པོ་ཀུན་ལ་མ་ཟིན་པའི། །རྒྱུ་ནི་དེ་ལ་ཡོད་པའོ། །དེ་འདྲ་མ་ཡིན་འདི་ལ་ནི། །གཉིས་སུ་མེད་པ་དང་ལྡན་པའོ། །འདོད་ཆགས་ཆེན་པོའི་བདེ་བ་ཡིས། །འདོད་པའི་འབྲས་ ཆན་རབ་སྦྱིན་པས། །དེ་བས་རྒྱུད་ཆེན་འདི་ལས་ནི། །སྦྱོར་བ་འདི་ནི་བཤད་པ་ཡིན། །ཡེ་ཤེས་དང་ནི་ཆོས་ཉིད་དང་། །དོན་དམ་དང་ནི་ཀུན་རྫོབ་དང་། །ཐབས་ཆེན་དང་ནི་ཤེས་རབ་དང་། །བདེ་བ་དང་ནི་བྱང་སེམས་སོགས། །དེ་ལྟར་གཉིས་ཀྱི་རྣམ་པ་ཀུན། །དབྱེར་མེད་ མཚོན་ཕྱིར་གཉིས་མེད་དེ། །སྒྱུ་མའི་སྐྱེས་བུ་བུད་མེད་ལས། །ཤེས་རབ་ཡེ་ཤེས་དབང་དུས་སུ། །དགའ་བའི་ཡེ་ཤེས་དུས་སུ་ནི། །ཁྱད་པར་གཉིས་མེད་རང་འབྱུང་བ། །གཉིས་སུ་མེད་པར་དེ་ལ་བཤད། །རྣལ་འབྱོར་གསུམ་པས་བརྟུལ་ཞུགས་ཀྱི། །སྤྱོད་པའི་ཚེ་ནི་དེ་བཞིན་དུ། ། གཉིས་མེད་འགྱུར་བར་འགྱུར་བ་རུ། །ངེས་པ་ཉིད་དུ་བཤད་པ་ཡིན། །གཉིས་སུ་མེད་པའི་སྦྱོར་བ་སྟེ་གཉིས་པའོ།། །།ད་ནི་རབ་ཏུ་བཤད་བྱ་བ། །དགའ་བ་བར་མའི་ཡེ་ཤེས་མཆོག །ཆོས་སྐུར་ཡང་དག་ངེས་པ་ཡི། །ལུས་སེམས་གཉིས་མེད་བྱེད་བཤད་པ། །བདེ་བ་དེ་ནི་ མ་ལུས་ཀྱིས། །སེམས་ཅན་ཀུན་ལ་གནས་གྱུར་ཀྱང་། །དེ་ལས་འདི་ནི་ཁྱད་མཐོང་ཕྱིར། །ཆེན་པོ་རུ་ནི་རབ་ཏུ་འདོད། །རྒྱས་པ་དང་ནི་སིམ་པ་དང་། །ཉོན་མོངས་མེད་དང་བར་ཆད་མེད། །ཁྱབ་ཅིང་འགོག་པ་ཡོད་མེད་པར། །ཇི་སྲིད་འཁོར་བ་གནས་ཀྱི་བར། །རྒྱུན་མི་འཆད་པའི་ ཚུལ་གྱིས་སུ། །དེ་ཉིད་དུ་ནི་རབ་ཏུ་འཇུག །དེ་འདྲའི་བདེ་ཆེན་ཁྱད་པར་ནི། །ཤེས་རབ་ཡེ་ཤེས་ལ་ཡང་མེད། །ལེགས་གོམས་ཕྱག་རྒྱ་རྟོགས་པ་དང་། །མི་རྟག་ཞིང་ནི་ཉོན་མོངས་དང་། །རྡོ་རྗེ་པདྨ་བསྐྱོད་དུས་སུ། །རྡུལ་ནི་ཚ་བ་དྲག་པ་དང་། །ཀུན་ལ་མ་ ཁྱབ་ཕྱིར་དང་ནི། །ལུས་ཀུན་ལ་ནི་མ་རྒྱས་དང་། །ནོར་བུ་ཙམ་ལ་གནས་པས་དང་། །ཡུད་ཙམ་གྱིས་ནི་འགོག་པ་སྟེ། །དེ་ཕྱིར་ཆེན་པོ་ཞེས་མི་བྱ། །འོན་ཀྱང་ཤེས་རབ་ཡེ་ཤེས་ལ། །བདེ་ཆེན་མཚན་ཉིད་གཟུགས་སུ་གནས། །དེ་བས་ལེགས་གོམས་ཕྱག་རྒྱ་ལས། །ཨུ་ དུམྺཱ་རའི་མེ་ཏོག་ལྟར། །རླུང་དང་རང་གི་བྱ་བ་ཡིས། །སྐྱེས་བུ་གང་ལ་ཐང་ཅིག་ཏུ། །བདེ་བ་དེ་ཉིད་རྡོ་རྗེ་རུ། །འདུག་བྱས་འདར་བའི་དུས་སུ་ནི། །སྐྱེས་བུ་དེ་ཡིས་རབ་ཏུ་བརྟག །མི་གནས་ཀྱང་ནི་མི་སླུའི་ཕྱིར། །བདེ་བ་ཆེན་པོ་ཞེས་སུ་བཤད། །འདི་ནི་དངོས་པོ་ཐམས་ཅད་ཀྱིས། ། མཐའ་ཡི་དེ་བཞིན་ཉིད་ཡིན་པར། །བླ་མ་མཆོག་རྣམས་ཀུན་གྱིས་བཤད། །སྦྱོར་བ་གཞན་ཀུན་སྦྱོར་བ་འདིའི། །ཡན་ལག་ཏུ་ནི་ཤེས་པར་བྱ། །རྣལ་འབྱོར་ཡེ་ཤེས་དབང་གྱུར་པས། །བརྟུལ་ཞུགས་ལ་སོགས་རིག་མ་ཡིས། །གནས་ནས་དེ་ཡི་དོན་སྒྲུབ་ཚེ། །དེ་ཡི་དུས་སུ་ དེ་ཐོབ་པའོ། །བདེ་བ་ཆེན་པོའི་སྦྱོར་བ་སྟེ་གསུམ་པའོ།། །།ད་ནི་རབ་ཏུ་བཤད་བྱ་བ། །དངོས་པོ་ཀུན་ལ་རྣལ་འབྱོར་གྱིས། །ཕྱིན་ལོག་རབ་ཏུ་བཟློག་པའི་ཕྱིར། །སྦྱོར་བ་བཞི་པ་བཤད་པར་བྱ། །རང་བཞིན་མེད་ཕྱིར་རང་བཞིན་མེད། །གཅིག་དང་དུ་མའི་རང་བཞིན་དང་། ། བྲལ་ཕྱིར་སྟོང་པ་ཉིད་དུ་གསུངས། །དངོས་པོ་ཀུན་ལ་མུ་སྟེགས་དང་། །ཉན་ཐོས་གཉིས་དང་རྣམ་ཤེས་སྨྲ། །དབུ་མ་པ་ཡི་གཞུང་གིས་སུ། །ཐ་དད་སོ་སོར་རྟོག་པ་ཡང་། །འདི་ཉིད་ལ་ནི་ཡོངས་འཁྲུལ་ཏེ། །སོ་སོར་ཀུན་དུ་རྟོག་པའོ། །དེ་དག་ཀུན་ཀྱང་དོན་དམ་པ། །རྟོགས་པ་ མིན་པས་བླ་དང་བཅས། །དེ་བས་དེ་ཡི་རང་བཞིན་ཀུན། །མེད་པས་འདི་ཀུན་སྒྱུ་མ་དང་། །སྨིག་རྒྱུ་སོགས་པའི་དཀྱིལ་འཁོར་གྱི། །འཁོར་ལོ་རུ་ནི་ཡང་དག་བཤད། །དེ་བས་དེ་ལ་བདག་པོ་དང་། །གཟུང་བ་དང་ནི་འཛིན་པའི་ཆོས། །དངོས་པོའི་ངོ་བོར་འཛིན་པ་དང་། །འཁོར་བ་དང་ནི་ མྱ་ངན་འདས། །གཉིས་སུ་འཛིན་པ་ཡོད་པ་མེད། །འདི་ཀུན་མྱ་ངན་འདས་པ་ཡི། །འཁོར་ལོ་འདི་ནི་ངེས་པ་ཡིན། །དེ་ལ་རང་བཞིན་མེད་པ་དང་། །བསྲེས་པའི་དོན་ནི་མཆོག་ཏུ་གསུང་། །དངོས་པོ་ཀུན་གྱི་ནང་ནས་ཀྱང་། །རང་བཞིན་མེད་པ་གཙོ་བོར་བཤད། །ཅི་ཕྱིར་རྒྱལ་བའི་ སྲས་རྣམས་ཀྱིས། །འདི་བསྒོམས་པས་ནི་སངས་རྒྱས་ཀྱི། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། །ཁ་ཅིག་གིས་ནི་གཞུང་དག་གི། །ཆད་པའི་སྟོང་པ་སྟོང་པ་མིན། །རང་བཞིན་མེད་པ་མ་ཡིན་ནོ། །དེ་ཡི་རང་བཞིན་དེ་ཡིན་ནོ། །དེ་ནི་ལུང་སྐལ་ཅན་ཡིན་པས། །དེ་ལྟར་གང་ བསྒོམ་རྣལ་འབྱོར་པས། །བཟུང་སྒྲུབ་མ་ལེགས་སྦྲུལ་སོགས་བཞིན། །དེ་བས་རང་བཞིན་མེད་པ་འདི། །བདེ་བ་ཆེན་པོའི་སྐད་ཅིག་ལ། །དངོས་པོ་ཐམས་ཅད་དང་བྲལ་བ། །གང་མིན་བསལ་བ་བསལ་བ་ནི། །རང་བཞིན་མེད་པར་བཤད་པ་སྟེ། །རང་བཞིན་མེད་དང་དེ་བཞིན་ཉིད། ། ཆོས་ཉིད་དང་ནི་ཆོས་མཉམ་པ། །དོན་དམ་ལ་སོགས་རྣམ་གྲངས་ཀྱང་། །རང་བཞིན་མེད་པ་འདི་ཉིད་ལས། །དེར་ནི་གཞན་དག་མ་གསུངས་སོ། །དངོས་པོ་ཀུན་ནི་གཞིག་པ་དང་། །གཞོམ་པ་ཡིས་ནི་སྟོང་པ་མིན། །དེ་འདྲའི་སྟོང་པ་ལ་སེམས་ཀྱིས། །དུས་གསུམ་དུ་ནི་གཏད་པ་ཡི། ། སྟོབས་ཀྱིས་རང་བཞིན་མེད་པར་འགྱུར། །མེད་པ་ཉིད་ནི་རྒྱུ་སོགས་ཀྱིས། །དཀྱིལ་འཁོར་ཡང་དག་འགོག་མི་འགྱུར། །མི་འགོག་དུས་ན་རང་བཞིན་མེད། །རྣལ་འབྱོར་གསུམ་པས་བརྟུལ་ཞུགས་ཀྱིས། །སྤྱོད་པ་དེ་དོན་སྒྲུབ་པ་ནི། །དེ་ཡི་དུས་སུ་དེ་ཐོབ་པའོ། །རང་བཞིན་མེད་པའི་ སྦྱོར་བ་སྟེ་བཞི་པའོ།། །།ད་ནི་རབ་ཏུ་བཤད་བྱ་བ། །རང་བཞིན་མེད་པའི་སྦྱོར་བ་ཡིས། །བཀྲ་ཤིས་མེད་པ་དགག་དོན་དུ། །སྦྱོར་བ་ལྔ་པ་བཤད་པར་བྱ། །ཐུགས་རྗེས་རྒྱས་པ་འདི་མེད་པར། །རྣམ་པ་ཀུན་གྱི་སེམས་ཅན་དོན། །བྱེད་པར་ནུས་པ་མ་ཡིན་ཏེ། །དེ་བས་ཐམས་ཅད་ མཁྱེན་པ་རྣམས། །ཐུགས་རྗེས་གང་བས་རྒྱས་པ་སྟེ། །ཁམས་གསུམ་གྱི་ནི་སེམས་ཅན་རྣམས། །སྡུག་བསྔལ་རྒྱུ་དང་བཅས་པ་ལས། །གྲོལ་བར་འདོད་པར་ཐུགས་རྗེའོ། །ཐུགས་རྗེ་དེ་ཡང་རྣམ་གསུམ་སྟེ། །སེམས་ཅན་མ་ལུས་ཐམས་ཅད་ཀུན། །སྡུག་བསྔལ་དེ་རྒྱུ་ ལས་འགོག་པར། །རྩེ་གཅིག་དམིགས་པ་གཏོང་བ་ནི། །ལས་དང་པོ་ཡིས་ཤེས་པར་བྱ། །ཁམས་གསུམ་འདི་ནི་ཆོས་དབྱིངས་ཙམ། །དེ་ལ་སེམས་ཅན་མིང་ཡང་མེད། །དོན་དམ་པར་ཡང་མིང་ཡང་མེད། །དོན་དམ་པར་ཡང་མི་དམིགས་ལ། །ས་གནས་ བྱང་ཆུབ་སེམས་དཔའོ། །དམིགས་པ་ཐམས་ཅད་དང་བྲལ་བ། །ཇི་ལྟར་ནམ་མཁའི་ཁམས་སུ་ཡང་། །སྤྲིན་བྱུང་ལྟ་བུར་སྣང་བ་ནི། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི། །ཐུགས་རྗེ་ཆེན་པོ་ཡིན་པར་གསུངས། །དེ་འདྲའི་སྙིང་རྗེས་རྗེ་བཙུན་ཆེ། །རྡོ་རྗེ་འཛིན་པ་རྒྱས་པས་ ན། །ཐུགས་རྗེས་རྒྱས་པ་ཞེས་བཤད་དོ། །འཁོར་བ་ཇི་སྲིད་ཡོད་ཀྱི་བར། །དཀྱིལ་འཁོར་འཁོར་ལོའི་རིམ་པ་དང་། །ཤཱཀྱ་ཐུབ་པ་ལ་སོགས་པའི། །གཟུགས་ཀྱིས་གདུལ་བྱའི་རྒྱུད་ལ་ནི། །ཇི་ལྟར་འདུལ་བ་དེར་སྣང་སྟེ། །ཀུན་དོན་བྱེད་པར་ཤེས་པར་བྱ། །སྤྲུལ་སྐུ་འདི་ནི་དང་པོ་རུ། ། དགའ་བྲལ་ཤེས་པའི་དུས་སུ་ནི། །ཐིག་ལེ་འགོག་པར་འགྱུར་བ་སྟེ། །ནམ་མཁའི་ཁམས་ཀུན་གང་འགྱུར་བའི། །གཟུགས་ཀྱིས་རབ་ཏུ་གནས་པའོ། །ཇི་ལྟར་ཡིད་བཞིན་ནོར་བུ་ནི། །མི་རྟོག་བཞིན་དུ་སྐལ་ལྡན་ལ། །དོན་རྣམས་བྱེད་དེ་དེ་བཞིན་དུ། །བདེ་ཆེན་རང་བཞིན་མེད་པ་ ལས། །དམིགས་པ་མེད་ཀྱང་དོན་འབྱུང་བའོ། །ཡེ་ཤེས་དབང་དུ་གྱུར་པ་ཡིས། །བརྟུལ་ཞུགས་ལ་སོགས་རིམ་པ་ཡིས། །གང་ཚེ་དེ་དོན་བསྒྲུབ་པ་ན། །དེ་ཡི་དུས་སུ་དེ་ཐོབ་པའོ། །ཐུགས་རྗེས་རྒྱས་པའི་སྦྱོར་བ་སྟེ་ལྔ་པའོ།། །།ད་ནི་རབ་ཏུ་བཤད་བྱ་བ། །དཔེ་མེད་བདེ་ རྫོགས་ཆོས་སྐུ་དང་། །ཐུགས་རྗེ་སྐུ་ཡི་ངོ་བོ་སྟེ། །རེས་འགའ་བ་ཉིད་དགག་པའི་ཕྱིར། །སྦྱོར་བ་དྲུག་པ་བཤད་པར་བྱ། །དཔེ་མེད་བདེ་རྫོགས་སྐུ་ཆེན་ཡང་། །མི་གནས་མྱ་ངན་འདའ་ཚུལ་གྱིས། །རྒྱུན་མི་འཆད་པའི་ཚུལ་གྱིས་ནི། །རྒྱུད་དག་རྣམས་ལ་རྟག་ཏུ་སྣང་། །དེ་བཞིན་ བདེ་ཆེན་ཆོས་སྐུ་ཡང་། །ཁྱབ་དང་རྒྱས་པའི་ཚུལ་གྱིས་སུ། །ནམ་མཁའ་ཇི་སྲིད་གནས་ཀྱི་བར། །རྒྱུན་མི་འཆད་པའི་ཚུལ་གྱིས་འཇུག །ཐུགས་རྗེའི་རང་བཞིན་སྐུ་དེ་ཡང་། །གདུལ་བྱ་ཇི་ལྟར་མོས་པ་ལྟར། །སྲིད་པ་སྲིད་དུ་གནས་ནས་ནི། །བར་ཆད་མེད་པར་རྒྱུན་དུ་འཇུག ། དེ་འདྲའི་རྒྱུན་མི་འཆད་པའི་སྐུ། །མི་གནས་མྱ་ངན་འདས་པ་སྟེ། །བསྒྲུབ་པར་བྱ་བའི་མཚན་ཉིད་དོ། །ཤེས་རབ་ཡེ་ཤེས་དབང་དུས་སུ། །དགའ་བ་གསུམ་གྱི་གནས་སྐབས་སུ། །སྐད་ཅིག་གཉིས་སོགས་ཆུ་ཚོད་དང་། །ཉིན་གཅིག་ཟླ་བ་ལོ་ལ་སོགས། །གནས་པ་ རྒྱུན་མི་འཆད་ཅེས་བྱ། །ཕྱིས་ཀྱི་འབྲས་བུ་མི་སླུ་ཕྱིར། །དེ་ལ་ཡང་ནི་དེ་སྐད་དུ། །བླ་མའི་ཞལ་ནས་བཤད་པ་ཡིན། །ཡེ་ཤེས་དབང་དུ་གྱུར་པ་ཡིས། །བརྟུལ་ཞུགས་ཆོ་ག་དེ་བསྒྲུབ་ཚེ། །དེ་ཡི་དུས་སུ་དེ་ཐོབ་ནས། །དེ་ནས་འཁོར་བའི་མཐའ་ཡི་བར། །རྒྱུན་གྱི་རྟག་ཏུ་ གནས་པའོ། །རྒྱུན་མི་འཆད་པའི་སྦྱོར་བ་སྟེ་དྲུག་པའོ།། །།ད་ནི་རབ་ཏུ་བཤད་བྱ་བ། །དཔེ་མེད་བདེ་རྫོགས་སྐུ་ཆེན་དང་། །བྲལ་བ་དགག་པར་བྱ་བའི་ཕྱིར། །སྦྱོར་བ་བདུན་པ་བཤད་པར་བྱ། །གོང་དུ་ཡང་དག་གསུངས་པ་ཡི། །དགའ་བའི་ཡེ་ཤེས་དུས་བྱུང་བའི། ། དཔེ་མེད་བདེ་རྫོགས་རིགས་ལྡན་སྐུ། །ལན་ཅིག་བྱུང་ནས་མེད་པ་ནི། །འགོག་པ་ཞེས་ནི་རབ་ཏུ་བྱ། །འགོག་པ་དེ་ལས་བྱུང་བ་ན། །ཕྱིས་ཀྱི་འབྲས་བུ་མཆོག་གྱུར་པ། །འགོག་པ་མེད་པར་ཤེས་པར་བྱ། །སྙིང་རྗེ་ཆེ་བའི་དབང་གིས་ནི། །འཁོར་བ་ཇི་སྲིད་བར་དུ་ནི། །དབང་ཕྱུག་ བརྒྱད་ཀྱི་བཅོམ་ལྡན་འདས། །མི་གཡོ་གཞུག་ཕྱིར་འགོག་མེད་དང་། །གནས་ལ་ཡང་ནི་དེ་བཞིན་དུ། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །སྐལ་ལྡན་རྣམས་ཀྱི་སྔོན་དུ་ཡང་། །ཤེས་རབ་ཡེ་ཤེས་དབང་དུས་སུ། །བླ་མའི་ཞལ་ལས་ངེས་ཐོབ་པ། །དགའ་དང་དགའ་ བ་བར་མ་དང་། །དགའ་བྲལ་དགའ་བ་འགོག་པ་ལས། །དེ་འདྲའི་སེམས་རྒྱུན་མྱོང་བ་སྟེ། །འགོག་པ་མེད་པ་ཞེས་བཤད་དོ། །ཡེ་ཤེས་དབང་དུ་གྱུར་པ་ཡིས། །བརྟུལ་ཞུགས་ལ་སོགས་སྤྱོད་པ་ལ། །གནས་ནས་དེ་ཡི་དོན་བསྒྲུབ་ཚེ། །དེ་ཡི་དུས་སུ་དེ་ཐོབ་པའོ། །བྱ་བ་བྱས་ པའི་དབང་ཕྱུག་ཆེ། །མཐའ་ཡི་ཕ་རོལ་ཕྱིན་པའི་མཆོག །མི་གནས་མྱ་ངན་འདས་པ་སྟེ། །རྡོ་རྗེ་འཛིན་པ་ཆེན་པོའོ། །འགོག་པ་མེད་པའི་སྦྱོར་བ་སྟེ་བདུན་པའོ།། །།དེ་ལྟར་སྦྱོར་བདུན་ལྡན་པ་ཡི། །བཞི་པ་མངོན་པར་བྱང་ཆུབ་པ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ ཅད་མཁྱེན་པར་འགྱུར་བའོ། །དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་གནས། །ཆོས་རྣམས་ཀུན་གྱི་ཆོས་ཉིད་ནི། །སངས་རྒྱས་ཀུན་གྱི་ཐབས་བྱའོ། །དེ་ནི་འཁོར་བ་ཇི་སྲིད་ཀྱི། །བར་དུ་གནས་པས་རྟག་པའོ། །སངས་རྒྱས་ སེམས་ཅན་ཐམས་ཅད་ཀྱི། །ངོ་བོར་གྱུར་པས་གཅིག་པའོ། །དེ་ལ་སྒྲིབ་པ་བཞི་ཡི་ནི། །ཚ་བ་མེད་པས་བསིལ་བའོ། །འཁོར་དང་མྱ་ངན་འདས་པ་ནི། །གཅིག་ཏུ་གྱུར་པས་བདེ་བའོ། །གཟུགས་ལ་སོགས་པ་རྟོག་པ་ཡིས། །མ་གོས་ཕྱིར་ནི་མི་གདུང་བའོ། །ཕྱིན་ལོག་འཁྲུལ་ རྟོག་དང་བྲལ་བས། །དག་ཅིང་དྲི་མ་མེད་པའོ། །ཟབ་གསལ་བྱང་ཆུབ་ལས་མི་ལྡོག །གཞན་དོན་མཛད་པས་དགའ་བའོ། །ཆོས་ཉིད་དང་ནི་སེམས་ཅན་ལ། །སེམས་མཉམ་གཞག་པས་ཡིད་དང་བ། །འདི་ནི་བདེ་བ་ཆེན་པོ་ཡི། །རོ་མྱང་བ་ཡི་མཚན་ཉིད་བརྒྱད། །རྫོགས་པའི་ རིམ་པའི་རྣལ་འབྱོར་པ། །བཞི་པའི་དོན་ནི་བླ་མེད་པའོ། །དངོས་པོ་ཀུན་ལ་ཆེར་གནས་དང་། །གང་མི་གསལ་བའི་དངོས་པོ་རུ། །དེ་ཉིད་བླ་མ་དམ་པ་ཡི། །ཞལ་ནས་ངེས་པར་ཐོབ་པ་ལ། །སོམ་ཉི་ཡིད་གཉིས་མི་བྱའོ། །དེ་ཡི་ངོ་བོ་བཤད་ནས་ནི། །རྣམ་གྲངས་དག་དང་ བཤད་པར་བྱ། །འདོད་ཆགས་དང་ནི་བར་མ་དང་། །ཆགས་བྲལ་དུ་ནི་ཤེས་པར་བྱ། །དགའ་དང་དགའ་བ་བར་མ་དང་། །དགའ་བྲལ་གྱི་ནི་དགའ་བའོ། །བདེ་རྫོགས་སྐུ་དང་ཆོས་སྐུ་དང་། །སྤྲུལ་སྐུ་རུ་ནི་ཤེས་པར་བྱ། །སྐུ་དང་གསུང་དང་ཐུགས་དང་ནི། །སྟོང་དང་མཚན་མེད་སྨོན་ པ་མེད། །གསང་དང་གསང་ཆེན་ཤིན་ཏུ་གསང་། །རྣལ་འབྱོར་ལྷག་པའི་རྣལ་འབྱོར་དང་། །རྣལ་འབྱོར་ཆེན་པོ་ཞེས་བྱའོ། །བདག་དང་གཞན་དང་ལྷན་ཅིག་བྱེད། །དཔལ་གསུམ་དུ་ནི་ཤེས་པར་བྱ། །དང་པོ་རྣལ་འབྱོར་ལས་རྒྱལ་མཆོག །དཀྱིལ་འཁོར་རྒྱལ་མཆོག་ཤེས་པར་བྱ། ། ཐིག་ལེ་ཕྲ་མོ་གསང་སྔགས་བཟླས། །རྣམ་པ་གསུམ་དུ་ཤེས་པར་བྱ། །དམ་ཚིག་གསུམ་དང་ཏིང་འཛིན་དང་། །ཡེ་ཤེས་སེམས་དཔའ་ཤེས་པར་བྱ། །ལུས་དང་བྷ་ག་བྱང་སེམས་ཀྱི། །དཀྱིལ་འཁོར་གསུམ་དུ་ཤེས་པར་བྱ། །བུམ་པ་དང་ནི་གསང་བ་དང་། །ཤེས་རབ་ཡེ་ཤེས་ཤེས་པར་ བྱ། །དེ་ལ་སོགས་པའི་དམ་ཚིག་གི །བཞི་པ་ཡི་ནི་ཚིག་གི་ནི། །དེ་འདྲའི་རང་བཞིན་མི་ཤེས་ལ། །དེ་ཉིད་སྔགས་ཀྱི་སྐུ་རུ་བཤད། །དཔེ་མེད་བདེ་རྫོགས་ཡེ་ཤེས་སྐུ། །ཧཱུྃ་སོགས་བསྐྱེད་པའི་ལྷ་ཡི་གཟུགས། །བཞིས་བསྒྲུབ་སྐུ་རུ་རབ་ཏུ་གནས། །གང་གི་བཞི་ལ་གནས་ བྱེད་ཕྱིར། །བར་ཆད་མེད་ཅིང་འགོག་པ་མེད། །དེ་ལྟར་དཔལ་ལྡན་གསང་འདུས་སུ། །རྟོག་པ་ཡི་ནི་རྣལ་འབྱོར་པས། །བསྐྱེད་པའི་རིམ་པ་ལ་བརྟེན་ཏེ། །བཞི་པའི་དོན་ལ་སྤྱོད་པར་འགྱུར། །དེ་འདྲའི་དོན་རྣམས་མི་ཤེས་པས། །ཕྱི་རོལ་དོན་ལ་མངོན་ཞེན་ཏེ། །རིན་ཆེན་སེམས་ ནི་དྲི་ཅན་བྱས། །དེས་ན་དགེ་དང་མི་དགེ་བའི། །ལས་བྱས་པས་ནི་མཐོ་རིས་དང་། །དམྱལ་ལ་སོགས་པར་འཚོད་འགྱུར་བ། །ཆོས་འདི་རང་བཞིན་གྱིས་དག་པས། །རྣམ་རྟོག་དྲ་བས་བླུན་བྱས་ལ། །དགེ་སྡིག་ཕུང་པོ་གཉིས་སུ་བརྟགས། །དེ་སྤངས་ནས་ནི་སྐྱེ་མེད་པའི། །རང་བཞིན་ དོན་ནི་རྟོགས་པར་བྱ། །ཡང་དག་དོན་དུ་དགེ་སྤངས་ན། །དགེ་བ་སྨིན་པས་སྨོས་ཅི་དགོས། །དཔེར་ན་མི་གང་ཆུ་ཀླུང་གི །ཕ་རོལ་ཏུ་ནི་འགྲོ་བ་དག །རྩྭ་ཤིང་ལ་སོགས་བསྡུས་བྱས་པས། །ཆུ་ལས་རྒལ་བའི་གཟིངས་བྱས་ཏེ། །དེ་ལ་འཇུག་སྟེ་རབ་བརྒལ་ནས། །བོར་ཏེ་བདེ་བར་ འགྲོ་བ་ལྟར། །དེ་བཞིན་བཞི་པོའི་ངོ་བོ་ཡི། །དོན་རྟོགས་པས་ན་འབད་རྩོལ་གྱིས། །བྱ་བ་དེ་ལ་ཅི་ཞིག་བྱ། །དེ་ཕྱིར་བླ་མ་དམ་པ་ཉིད། །མཉེས་བྱས་དབང་གི་དོན་མཆོག་གི །བདུད་རྩི་མཆོག་འདི་གང་ཟག་གང་། །བདག་གཞན་དོན་དུ་འཐུང་བྱེད་པ། །གང་དེ་རྒྱལ་བའི་སྲས་ཞེས་ བྱ། །དེ་ཕྱིན་ཆད་ནི་གང་ཅུང་ཟད། །འདོད་ཆགས་ལ་སོགས་དངོས་པོ་རྣམས། །བདུད་རྩིར་ཟིན་ཕྱིར་དེ་ལ་དབུལ། །སྐྱོན་གྱིས་གོས་པར་མི་འགྱུར་རོ། །བསྒོམ་པར་ལྡན་པ་སྨོས་ཅི་དགོས། །དེ་ནི་མ་འོངས་རྫོགས་སངས་རྒྱས། །དེ་ནི་ཡང་དག་རྐང་གཉིས་མཆོག །དེ་ནི་འཁོར་བའི་ ཕ་རོལ་སོན། །དེ་ནི་ཕྱིན་ལོག་ཁུར་ཆེན་བོར། །དེ་ནི་བྱ་བ་ཐམས་ཅད་བྱས། །དེ་ནི་ཀུན་གཟིགས་རྣམས་ཀྱིས་བཞག །དེ་ནི་གང་དུ་གནས་གྱུར་ཀྱང་། །སངས་རྒྱས་ཀྱི་གདུང་མ་ཆད་པས། །བསྟན་པ་རིན་ཆེན་གནས་པ་ཡི། །གཙོ་བོ་རུ་ནི་དེ་གནས་སོ། །དེ་ནི་གང་དུ་འདུག་ཀྱང་རུང་། ། དེ་དང་དེ་རུ་འཇིག་རྟེན་མགོན། །བཞུགས་དང་བཞུད་པར་ཤེས་པར་བྱ། །རྣལ་འབྱོར་དེ་ལ་ཐམས་ཅད་ཀྱིས། །དངོས་པོ་ཀུན་གྱིས་ཕྱག་བྱར་འོས། །སྲིད་གསུམ་བདག་པོ་ཀུན་གྱིས་ཀྱང་། །དཀྱིལ་འཁོར་མཆོད་པ་འོས་པ་ཡིས། །དེ་བཞིན་གཤེགས་པ་ ཀུན་གྱིས་ཀྱང་། །ཉིན་རེ་ལན་གསུམ་བྱོན་ནས་ནི། །ཕྱག་བྱེད་ཅིང་ནི་བསྔགས་བརྗོད་ན། །གཞན་མ་རྣམས་ནི་སྨོས་ཅི་དགོས། །དེ་བས་ཀུན་ནས་འབད་པ་ཡིས། །བླ་མ་ཡང་དག་མཉེས་བྱས་ཏེ། །བཞི་པའི་དོན་མཆོག་བླང་བྱས་ནས། །དགོན་པའམ་ཡང་ན་གྲོང་གི་མཐར། ། གང་རུང་ཅི་རུང་དེ་ལྟ་རུང་། །གནས་ནས་བླ་མའི་ཞལ་སྔ་ཡི། །བསྐྱེད་པའི་རིམ་པ་བསྙེན་བྱ་སྟེ། །རྫོགས་པའི་རིམ་པ་རྟོགས་པར་བྱ། །དངོས་པོ་ཐམས་ཅད་དངོས་མེད་པས། །རྒྱུ་སོགས་དོན་ནི་རྟོགས་པ་དང་། །རྡོ་རྗེ་པདྨ་སྤྱད་པ་དང་། །བདུད་རྩི་ལྔས་ནི་རང་དགར་བྱེད། །འདོད་པའི་ ཡོན་ཏན་ལྔ་ལ་ནི། །རྣལ་འབྱོར་ཅི་དགར་སྤྱོད་བྱེད་ཅིང་། །གསང་བར་བྱ་བའི་ཆོས་གསང་བས། །གསང་ཞིང་སྦས་ཏེ་སྤྱད་པར་བྱ། །ལོངས་སྤྱོད་ཆེན་པོ་དཀའ་ཐུབ་དང་། །བསམ་གཏན་སྨྱོན་པའི་ཚུལ་གྱིས་སུ། །དེ་འདྲའི་ངོ་བོ་མ་ཤེས་པས། །ལག་པ་དང་ནི་རྐང་པ་དང་། ། མིག་སོགས་སྦྱིན་པ་བཏང་བས་ཀྱང་། །བསྐལ་པ་ཆེན་པོ་བརྒྱ་རུ་ཡང་། །བདུད་རྩིའི་རོ་ཐོབ་མི་འགྱུར་རོ། །དེ་བས་དངོས་པོ་འདི་གཅིག་གིས། །དམ་པ་རྟོག་པ་ཐམས་ཅད་སྤངས། །ཟབ་ཅིང་ལེགས་པར་གསལ་བའི་སྐུ། །ཀུན་ནས་འོད་ཟེར་འཕྲོ་ལྡན་པ། །ཀུན་དུ་བཟང་པོར་རང་ གི་ཡིད། །རྣལ་འབྱོར་གང་གིས་སྒོམ་མི་བྱེད། །དེ་བསྒོམས་པས་ནི་ཚེ་འདི་ལ། །ཟླ་བ་དྲུག་གིས་དངོས་གྲུབ་མཆོག །ཐེ་ཚོམ་མེད་པར་འགྲུབ་པ་སྟེ། །སུ་ཡིས་དངོས་པོ་དེ་བཟློག་འགྱུར། །འཁོར་ལོ་གཅིག་པའི་ཤིང་རྟ་ལ། །རྟ་བདུན་སྦྲུལ་གྱི་ཐག་པས་སྦྲེལ། །ཁ་ཁྲིད་རོ་ སྨད་མེད་པ་ཡིས། །མཁའ་ལ་ཁྲིད་ནས་མཐའ་རུ་ཕྱིན། །རང་དང་གཞན་དོན་བྱེད་པ་ལྟར། །དངོས་པོ་ཡི་ནི་ཆོས་ཀུན་དང་། །མཛེས་གྱུར་མིན་ལྟར་སྣང་གྱུར་ཀྱང་། །རང་དང་གཞན་གྱི་དངོས་གྲུབ་པས། །སྐྱེས་བུས་འདི་ནི་བླང་བར་འོས། །དལ་འབྱོར་འདི་ནི་གཡོ་བས་ན། །དྲག་ པོའི་རླུང་གིས་མར་མེ་ལྟར། །སྐད་ཅིག་དུ་ནི་མི་སྣང་འགྱུར། །དེ་བས་དེ་ཉིད་བསམ་པར་འོས། །དེ་འདྲའི་རང་བཞིན་ངོ་བོ་ལ། །སྒོམ་པས་རྟག་ཏུ་མཉམ་ཞོག་ལ། །ཁྱབ་བདག་རིམ་བཞིན་རྟོགས་གྱུར་ཅིང་། །བདག་ནི་རྟག་ཏུ་གསོལ་བ་འདེབས། །དཔལ་ལྡན་འདུས་པའི་རྒྱ་ མཚོ་ལས། །བླ་མའི་ཞལ་སྔས་བསྒྲུབ་པས་ན། །སྦྱོར་བ་བདུན་གྱི་བདུད་རྩི་མཆོག །སྨན་པའི་ཞབས་ཀྱིས་ཐོབ་པའོ། །དེ་འདྲའི་བདུད་རྩི་དེ་ལ་ནི། །འཐུང་བྱེད་དེ་ནི་ལོག་པ་ཡིན། །རྟོག་པ་ཡིས་ནི་རབ་འཆིང་བའི། །ནད་ནི་ཀུན་ནས་མེད་གྱུར་ཅིག །དེ་མེད་པས་ན་སེམས་ཅན་ ཀུན། །ཡང་དག་ཕུང་པོ་རྒྱས་འགྱུར་ཏེ། །སྦྱོར་བ་བདུན་གྱི་རང་བཞིན་མཆོག །འབྲས་བུ་དེ་ཉིད་རྟོགས་པར་ཤོག །སྦྱོར་བ་བདུན་པོ་ཞེས་བྱ་བ་དབང་བཞིའི་རབ་ཏུ་བྱེད་པ་སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧྱ་དང་། བོད་ཀྱི་ལོ་ཙཱ་བ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་བ་ལིཾ་བི་དྷི། བོད་སྐད་དུ། གཏོར་མ་ཆེན་པོའི་ཆོ་ག །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཤེས་བྱའི་སྒྲིབ་སོགས་རབ་སྤངས་ ནས། །མེ་ལོང་ལ་སོགས་ཡེ་ཤེས་ཡང་དག་ལྡན། །གསུམ་གྱི་འཁོར་ལོ་དོན་བྱེད་རབ་མཆོག་གཙོ། །འཇམ་དབྱངས་དེ་ལ་འདུད་ཅིང་བླ་མ་ལའང་། །རྣལ་འབྱོར་རྣམས་ཀྱི་བར་ཆད་ཞི་བྱས་ནས། །མངོན་པར་དོན་ནི་རབ་བསྒྲུབ་ཕྱིར། །སངས་རྒྱས་ཡེ་ཤེས་ཞལ་སྔའི་ རིམ་འོངས་པ། །མ་ལུས་བསྟན་པའི་གཏོར་མ་བཤད་པར་བྱ། །མཆོད་སྦྱིན་རྣམས་ནི་ཐམས་ཅད་ཀྱི། །གཙོ་བོ་གཏོར་མའི་ལས་ཡིན་ཏེ། །རྣལ་འབྱོར་རྣམས་ནི་དེ་བསྒྲུབ་འདོད། །ཆོ་ག་འདི་ལ་འབད་པར་བྱ། །གང་ཕྱིར་གཞན་དོན་གཉེར་བའམ། །དངོས་གྲུབ་བསྒྲུབ་བྱའི་ ལས་བྱེད་ན། །བཟླས་དང་སྦྱིན་སྲེག་གཉིས་ཀ་བས། །གཏོར་མའི་ལས་འདི་མཆོག་ཏུ་གསུངས། །དེ་ཡི་ལས་ནི་འདི་ལྟ་སྟེ། །བདག་ཉིད་བསྒྱུར་དང་དེ་མགྲོན་དང་། །དེ་ཡི་ཡོ་བྱད་བསྔོ་བ་དང་། །གསོལ་གདབ་གཤེགས་སུ་གསོལ་བའོ། །དང་པོར་བདག་ཉིད་ཡི་དམ་ ལྷར། །སྐུ་དང་མཁྱེན་པ་བྱ་བ་དབང་། །རིམ་པས་ཐམས་ཅད་རྫོགས་བསྒོམས་ནས། །ཞི་ཕྱིར་དོན་གྲུབ་གཏོར་མ་གཏང་། །འཁོར་ལོ་ལ་སོགས་ཁང་པ་ཡིས། །ཕྱོགས་བཞི་མཚམས་བཞིར་སྟེགས་བུ་བརྒྱད། །བརྒྱ་བྱིན་དབང་ལྡན་བར་དུ་གཅིག །ཆུ་དང་ བདེན་བྲལ་བར་དུ་གཅིག །དམ་པའི་དྲི་ཡིས་བཅུ་པོ་བྱུག །མཛེས་པའི་མེ་ཏོག་རྣམས་ཀྱིས་བརྒྱན། །གླུ་དང་གར་དང་གདུགས་སོགས་པས། །ནུས་པ་ཇི་སྙེད་ཀྱིས་བརྒྱན་བྱ། །དེ་ནས་རང་ཉིད་རྣལ་འབྱོར་པས། །དངོས་གྲུབ་མྱུར་དུ་མི་འཐོབ་ཕྱིར། །འཁོར་ལོར་བཅས་པའམ་ ཡང་ན་ནི། །ཁྲོས་པའི་ཐམས་ཅད་ནག་པོར་བསྒྱུར། །དེ་ཡི་ཡེ་ཤེས་སེམས་དཔའ་ལས། །འོད་ཟེར་ལྕགས་ཀྱུ་ནག་འཕྲོས་པས། །ཕྱོགས་སྐྱོང་རང་རང་ཕྱོགས་གནས་པས། །ཆུང་མ་འཁོར་བཅས་དགུག་པར་བྱ། །བརྒྱ་བྱིན་སེར་པོ་སྤྱན་སྟོང་པ། །རྡོ་རྗེ་འཛིན་པ་ཤ་ཙིར་བཅས། །གླང་ ཆེན་རབ་ཏུ་བརྟན་པ་ལ། །ཆིབས་པ་ཤར་གྱི་ས་སྟེགས་དབུས། །དགུག་བྱ་དེ་གཡོན་མཁའ་ལྡིང་ལ། །ཞོན་པའི་ཁྱབ་འཇུག་ནག་པོ་སྟེ། །གཡས་པ་རྩེ་གསུམ་འཁོར་ལོ་འཛིན། །གཡོན་དུ་དུང་དང་ནོར་བུ་འཛིན། །དེ་སྟེང་དགུག་བྱ་ཤར་ལྷོ་ཡི། །སྟེགས་སྟེང་ར་ཞོན་མེ་ལྷ་ཡི། ། རལ་པའི་དབུ་རྒྱན་དམར་མདོག་ཅན། །སྐྱབས་སྦྱིན་ཕྲེང་འཛིན་གཡོན་དུ་ནི། །དབྱུག་པ་གུནྡྷེ་འཛིན་པ་དགུག །དེ་བཞིན་ལྷོ་ཡི་སྟེགས་སྟེང་དུ། །དགུག་བྱ་མ་ཧེ་ལ་ཞོན་པ། །གཤིན་རྗེ་ནག་པོ་བརྐྱང་བསྐུམ་ཚུལ། །རྒྱན་འབར་ཕྱག་ན་དབྱུག་པ་དང་། །སྡིགས་མཛུབ་འཛིན་པ་གནས་ པར་བྱ། །ལྷོ་ནུབ་སྟེགས་སྟེང་ལ་དགུག་པ། །མི་རོ་ལ་ཞོན་བརྐྱང་བསྐུམ་ཚུལ། །གཅེར་བུ་མཆེ་གཙིགས་སྐྲ་བཞིན་གནག །བདེན་བྲལ་གྲི་དང་ཀ་པཱ་ལ་འཛིན། །ནུབ་ཀྱི་སྟེགས་བུའི་སྟེང་དགུག་པ། །མཁའ་འགྲོ་ལྟོ་འཕྱེ་ཞོན་པ་ཡི། །ཆུ་ལྷ་དཀར་པོ་ཀླུ་ཞགས་འཛིན། །ཀླུ་ མགོ་བདུན་པ་ཞབས་ཀླུ་གཅིག །དེ་བཞིན་ནུབ་བྱང་སྟེང་དགུག་པ། །དགོ་བ་སེར་ཞོན་རླུང་ལྷ་ལྗང་། །ཕྱག་གཉིས་རླུང་གི་གོས་འཛིན་ཅིང་། །ནམ་མཁའི་ཁམས་སུ་བརྐྱང་པའོ། །བྱང་གི་སྟེགས་བུ་ལ་དགུག་པ། །མི་ཞོན་གནོད་སྦྱིན་སེར་པོ་སྟེ། །བི་ཛ་པཱུ་ར་ས་བོན་ གང་། །ནེའུ་ལེ་བཙིར་ནས་འཛིན་པའོ། །དེ་སྟེང་བྱི་བ་ལ་ཞོན་པ། །ལོག་འདྲེན་དཔོན་པོ་གླང་ཆེན་མགོ། །དཀར་པོ་ལ་ཕུག་ཕྲེང་བ་དང་། །མངར་བསྲེས་དབྱུག་འཛིན་དགུག་པའོ། །བྱང་ཤར་སྟེགས་བུ་ལ་དགུག་པ། །གླང་ལ་ཞོན་པའི་དབང་ཕྱུག་དཀར། །རལ་ཅན་ རུས་པའི་ཕྲེང་བ་ཅན། །ཁ་ཊྭཱཾ་རྔེའུ་ཆུང་འཛིན་པའོ། །བརྒྱ་བྱིན་དབང་ལྡན་བར་དགུག་པ། །རྟ་བདུན་ཤིང་རྟ་ལ་ཞོན་པ། །ཉི་མ་དམར་པོ་ཟེར་བཅས་པ། །ཕྱག་མཚན་པདྨ་དམར་པོ་འཛིན། །དེ་གཡོན་ཨུཏྤ་ལ་གནས་པ། །ཟླ་བ་དཀར་པོ་ལ་གནས་པ། །ཕྲེང་བ་འཛིན་པ་འཁོར་དང་བཅས། །བཀུག་ ནས་དེ་རུ་གནས་པའོ། །དེ་ཉིད་དབུས་སུ་དེ་སྟེང་དགུག །ངང་པ་ཞོན་པ་ཚངས་པ་ཆེ། །ཐུང་དུ་ཞལ་བཞི་ཚངས་སྐུད་ཅན། །ཚོན་པོ་ཕྲེང་བ་དབྱུག་པ་འཛིན། །ཀླུ་དང་ཅིག་ཤོས་གཉིས་པར་སྟེང་། །ཤིང་རྟ་ལ་ཞོན་ཐགས་ཟངས་གནག །དགུག་བྱ་རལ་གྲི་འཛིན་པའོ། །ལྷ་ མིན་ཚོགས་དང་བཅས་པའོ། །དེ་ཡི་གཡོན་དུ་དེ་སྟེང་དུ། །པདྨ་ལ་བཞུགས་དགུག་བྱ་བ། །ས་ཡི་ལྷ་མོ་སེར་མོ་ཡི། །བུམ་པ་འཛིན་པ་བསམ་པར་བྱ། །འདི་རྣམས་རིན་ཆེན་དབུ་རྒྱན་ཅན། །རིན་ཆེན་རྣམ་པ་སྣ་ཚོགས་ཀྱིས། །རབ་ཏུ་སྤྲས་པའི་རྒྱན་གྱིས་བརྒྱན། །ཕྱོགས་སྐྱོང་ ཤིན་ཏུ་ཆེ་བ་རྣམས། །རང་འདྲ་བ་ཡི་ཚོགས་བསྐོར་བ། །རྣམ་སྨིན་འོད་དང་སྐུ་མདོག་གིས། །མུན་པ་ཐམས་ཅད་སེལ་བྱེད་པ། །རང་གི་ལྷ་ཡིས་དགུག་བྱས་དགོད། །དེ་ལྟར་རབ་ཏུ་བཀུག་བྱས་ནས། །ཆོ་གའི་རིམ་པ་འདི་ཡིས་ནི། །ཤེས་བྱའི་སྒྲིབ་མུན་བསལ་ནས་ནི། །དེ་རྣམས་ རབ་ཏུ་སྦྱར་བར་བྱ། །ཐུགས་ཀྱི་འོད་ཟེར་ལས་བྱུང་བ། །གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་བལྟ། །སྨད་ནི་གསལ་ཤིང་གཟུགས་གནས་པ། །གཡས་པས་མགུལ་བ་བརྟན་བྱས་ནས། །རི་རབ་ལས་གྲུབ་ཐོ་བ་ཡིས། །གཡོན་པས་བརྡབ་ཅིང་ གོང་མ་རྣམས། །རིམ་པ་བཞིན་དུ་གདབ་པར་བྱ། །ཨོཾ་ཨཱཿ་བིགྷྣཱནྟ་ཀྲིཏ་སརྦ་དུཥྚཱན། ཀུ་བེ་ར་ག་ཎ་པ་ཏི་ས་པ་རི་ཝཱ་ར་ཎ་ཀཱི་ལ་ཡ་ཧཱུྃ་ཕཊ། ཨོཾ་ཨཱཿཊཀྐི་རཱ་ཛསརྦ་དུཥྚཱན། ཨགྣི་ས་པ་རི་ཝཱ་ར་ཎ་ཀཱི་ལ་ཡ་ཧཱུྃ་ཕཊ། ཨོཾ་ཨཱཿནཱི་ལ་དཎྜ་སརྦ་དུཥྚཱན། ནཻ་རྀ་ཏི་ས་པ་རི་ཝཱ་ར་ཎ་ཀཱི་ལ་ཡ་ཧཱུྃ་ཕཊ། ཨོཾ་མཧཱ་བ་ལ་ སརྦ་དུཥྚཱ་ན། བཱ་ཡུ་ན་ས་པ་རི་ཝཱ་ར་ཎ་ཀཱི་ལ་ཡ་ཧཱུྃ་ཕཊ། ཨོཾ་ཨཱཿཨ་ཙ་ལ་སརྦ་དུཥྚཱན། ཨཱི་ཤ་ནས་པ་རི་ཝཱ་ར་ཎ་ཀཱི་ལ་ཡ་ཧཱུྃ་ཕཊ། ཨོཾ་བྷྲཱུཾ་ཙཀྲ་སརྦ་དུཥྚཱན། ཨརྐ་ཙནྡྲ་པྲ་ཏི་མ་ཧཱ་ས་པ་རི་ཝཱ་ར་ཎ་ཀཱི་ལ་ཡ་ཧཱུྃ་ཕཊ། ཨོཾ་ཨཱཿསུམྦྷ་སརྦ་དུཥྚཱན། ཙ་མ་རི་པ་ཏི་དེ་བ་བྲ་ཎ་ས་པ་ རི་ཝཱ་ར་ཎ་ཀཱི་ལ་ཡ་ཧཱུྃ་ཕཊ། སྔགས་དེ་དག་ནི་བརྗོད་བྱས་ནས། །གདབ་བྱ་འདེབས་བྱེད་བཏབ་པ་རྣམས། །སྒྲིབ་པ་མཉམ་ཉིད་ཤེས་པ་ཡིས། །བརྩལ་ཕྱིར་རིམ་བཞིན་ཕུར་པས་གདབ། །དེ་དག་ལུས་འདི་ཕུར་བཏབ་ནས། །ཐལ་བ་ཉིད་གྱུར་བརླག་བྱས་ནས། །རྣམ་པར་ཤེས་ པ་མར་མེ་ལྟར། །གནས་པ་ས་བོན་གྱིས་བཀུག་ལྟར། །ཞལ་བཞུགས་བྱང་ཆུབ་སེམས་གྱུར་ནས། །རྡོ་རྗེའི་ལམ་བྱུང་མཚོ་སྐྱེས་ནང་། །བབས་པ་བསམ་པའི་གནོད་སེམས་རྣམས། །བསལ་ཕྱིར་སྔགས་འདིས་བྱིན་གྱིས་རླབ། །ཨོཾ་ཨཱཿཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ས་མ་ཡ་མུ་དྲ་ སརྦ་དུཥྚཱན་ས་མ་ཡ་མུ་དྲ་པྲ་བན་ཙཀྲ་ཨེ་ཥཱ་མ་ཨ་ཤ་ཡ་དོ་ཥཾ་ཨ་བ་ན་ཡ་ཧཱུྃ་ཕཊ། རྡོ་རྗེ་ཧེ་རུ་ཀ་ཡིས་ནི། །སྔགས་ཀྱིས་ཤེས་བྱའི་སྒྲིབ་མུན་བསལ། །དེ་ནས་བདུད་རྩི་འཁྱིལ་པ་ཡི། །ཕྲེང་བ་བཟླས་པས་ཉོན་མོངས་བསལ། །ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ དཾ་ཥྚོཏ་ཀ་ཊ་བྷཻ་ར་བ་ཡ་ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧ་སྟ་ཡ། ཨོཾ་ཨ་མྲི་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱན་བི་ནཱ་ཡ་ཀཱ་ནཱཾ། མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏཱནྟ་ཀ་རཱ་ཡ། སརྦ་ཥྚཾ་ཨ་ཤ་ཡ་དོ་ཥ་ཨ་པ་ན་ ཡ་ཧཱུྃ་ཕཊ། དེ་ཡིས་སྒྲིབ་མུན་བསལ་ནས་སུ། །མཚོ་སྐྱེས་ནང་གནས་ཁུ་བ་ལས། །ཆོ་ག་གསུམ་གྱིས་ལེགས་བསྒྲུབས་པའི། །སྐུ་རྣམས་ཕྱོགས་སུ་དགོད་པར་བྱ། །བཛྲཾ་ཧཱུྃ་རུཾ་ཀཾ་མུཾ་བཾ་ཡཾ་བྷཾ་སཾའུ་མཾ་ཨ་བྷེ་མ་མཾ་ལཾ། བྱ་བའི་ས་བོན་རྣམས་སུ་གྱུར། །དེ་ལས། །རྡོ་རྗེ་འཁོར་ ལོ་གུནྡྷེ་དང་། །དབྱུག་པ་གྲི་དང་ཀླུ་ཞགས་དང་། །རླུང་གོས་བི་ཛ་པཱུ་ར་དང་། །པདྨ་རྩེ་གསུམ་པདྨ་དང་། །ཨུཏྤལ་པདྨ་རལ་གྲི་དང་། །པདྨ་མཚན་མ་རྣམས་ཀྱི་ནང་། །རང་རང་ས་བོན་མཚན་པར་བསམ། །ས་བོན་ཕྱག་མཚན་དེ་ཉིད་ལས། །བརྒྱ་བྱིན་རྡོ་རྗེ་མཚན་དུ་གྱུར། །སེར་ པོ་ཞལ་གསུམ་ཕྱག་དྲུག་པ། །རྡོ་རྗེ་རལ་གྲི་ཕྱག་གཡས་ལ། །འཁོར་ལོ་པདྨ་གཡོན་དུ་འཛིན། །ཐུགས་རིགས་ཟླ་བའི་སྟེང་དུ་དགོད། །ཁྱབ་འཇུག་སྒྱུ་མ་རྡོ་རྗེ་གྱུར། །ནག་པོ་ཞལ་གསུམ་ཕྱག་དྲུག་པ། །འཁོར་ལོ་རལ་གྲི་ཕྱག་གཡས་ལ། །དུང་དང་པདྨ་གཡོན་དུ་འཛིན། །འདི་ ཡང་ཐུགས་རིགས་ཉི་མར་དགོད། །དྲང་སྲོང་རྡོ་རྗེ་མེ་རུ་གྱུར། །དམར་སེར་ཞལ་གསུམ་ཕྱག་དྲུག་པ། །སྐྱབས་སྦྱིན་དང་ནི་ཕྲེང་བ་གཡས། །གུནྡྷེ་དབྱུག་པ་གཡོན་དུ་འཛིན། །འདི་ཡང་ཐུགས་རིགས་ཟུར་གསུམ་དང་། །ཉི་མའི་གདན་ལ་དགོད་པའོ། །གཤིན་རྗེ་རྡོ་རྗེ་ཚེ་ཟད་ གྱུར། །ནག་པོ་སྐྲ་འགྲེང་ཞལ་གསུམ་པ། །ཕྱག་དྲུག་དབྱུག་པ་རལ་གྲི་དང་། །ནོར་བུ་པད་འཛིན་བརྐྱང་བསྐུམ་ཚུལ། །ཐུགས་རིགས་ཉི་མའི་གདན་ལ་དགོད། །བདེན་བྲལ་རྡོ་རྗེ་གཏུན་དུ་གྱུར། །བུང་འདྲ་ཞལ་གསུམ་ཕྱག་དྲུག་པ། །གྲི་གུག་རལ་གྲི་ཕྱག་གཡས་པ། །ཀ་པཱ་ལ་ རིན་ཆེན་གཡོན་དུ་འཛིན། །ཐུགས་རིགས་ཉི་མའི་གདན་ལ་དགོད། །དེ་རྣམས་དབུ་རྒྱན་མི་བསྐྱོད་པས། །ཅོད་པན་ལ་ནི་མཚན་པའོ། །ཆུ་ལྷ་ཀླུ་ཡི་རྡོ་རྗེར་གྱུར། །ཞལ་གསུམ་དཀར་པོ་ཀླུ་གདོང་དང་། །ཀླུ་ཡི་ཞབས་ཅན་ཕྱག་དྲུག་པ། །ཀླུ་ཞབས་རལ་གྲི་ཕྱག་གཡས་ལ། །རིན་ ཆེན་པདྨ་གཡོན་དུ་འཛིན། །གསུང་རིགས་ཟླ་བའི་གདན་ལ་དགོད། །ཚེ་དཔག་མེད་ཀྱིས་དབུ་བརྒྱན་པའོ། །རླུང་ལྷ་རྡོ་རྗེ་རླུང་དུ་གྱུར། །མརྒད་ལྟར་ལྗང་ཞལ་གསུམ་པ། །ཕྱག་དྲུག་རླུང་གོས་རལ་གྲི་གཡས། །ནོར་བུ་པདྨ་གཡོན་དུ་འཛིན། །ལས་ཀྱི་རིགས་ཏེ་ཟླ་བར་དགོད། །རྔ་སྒྲ་ཡིས་ ནི་དབུ་བརྒྱན་པའོ། །ལུས་ངན་རྡོ་རྗེ་འཇིགས་བྱེད་གྱུར། །གསེར་འདྲ་ཞལ་གསུམ་ཕྱག་དྲུག་པ། །བི་ཛ་པཱུ་ར་རལ་གྲི་གཡས། །པདྨ་དུང་ནི་གཡོན་དུ་འཛིན། །གསུང་རིགས་ཉི་མ་ལ་དགོད་བྱ། །ལོག་འདྲེན་རྡོ་རྗེ་མཆུ་རིངས་གྱུར། །དཀར་པོ་ཞལ་གསུམ་ཕྱག་དྲུག་པ། ། རྡོ་རྗེ་མཆུ་ཅན་ལ་ཕུག་དང་། །རལ་གྲི་གཡས་སུ་འཛིན་པའོ། །རིན་ཆེན་པདྨ་གཡོན་དུ་འཛིན། །འདི་ཡང་གསུང་རིགས་ཉི་མར་དགོད། །དབང་ལྡན་རྡོ་རྗེ་ཁྲོ་བོར་གྱུར། །དཀར་པོ་ཞལ་གསུམ་ཕྱག་དྲུག་པ། །རྩེ་གསུམ་རལ་གྲི་གཡས་ན་འཛིན། །གཡོན་དུ་རིན་ཆེན་པདྨ་འཛིན། ། གསུང་རིགས་ཟླ་བ་ལ་བཀོད་དེ། །ཚེ་དཔག་མེད་ཀྱིས་གསུམ་པོ་བརྒྱན། །ཉི་མ་རྡོ་རྗེ་འཁྱིལ་པར་གྱུར། །དམར་པོ་ཞལ་གསུམ་ཕྱག་དྲུག་པ། །པདྨ་རལ་གྲི་ཕྱག་གཡས་ལ། །གཡོན་དུ་འཁོར་ལོ་རིན་པོ་ཆེ། །རིན་ཆེན་རིགས་ཏེ་ཉི་མར་དགོད། །རིན་ ཆེན་འབྱུང་ལྡན་གྱིས་བརྒྱན་པའོ། །ཟླ་བ་རྡོ་རྗེ་འོད་དུ་གྱུར། །ཞལ་གསུམ་ཕྱག་དྲུག་དཀར་པོའི་མདོག །ཨུཏྤལ་རལ་གྲི་ཕྱག་གཡས་ལ། །རིན་ཆེན་པདྨ་གཡོན་དུ་འཛིན། །སྐུ་ཡི་རིགས་ཏེ་ཟླ་བར་དགོད། །ཚངས་པ་ཐུབ་པའི་རྡོ་རྗེར་གྱུར། །སེར་པོ་ཞལ་གསུམ་ཕྱག་དྲུག་ པ། །པདྨ་རལ་གྲི་ཕྱག་གཡས་ལ། །ནོར་བུ་འཁོར་ལོ་གཡོན་དུ་འཛིན། །སྐུ་རིགས་འདི་ཡང་ཟླ་བར་དགོད། །ལྷ་མིན་རྡོ་རྗེ་ཐགས་བཟངས་གྱུར། །ནག་པོ་ཞལ་གསུམ་ཕྱག་དྲུག་པ། །གཡས་སུ་རལ་གྲི་འཁོར་ལོ་འཛིན། །གཡོན་དུ་རིན་ཆེན་ཆུ་སྐྱེས་འཛིན། །སྐུ་ཡི་ རིགས་ནི་ཉི་མར་དགོད། །ས་གནས་རྡོ་རྗེ་སར་གྱུར་ཏེ། །སེར་པོ་ཞལ་གསུམ་ཕྱག་དྲུག་པ། །པདྨ་རལ་གྲི་ཕྱག་གཡས་ལ། །གཡོན་དུ་རིན་ཆེན་ཆུ་སྐྱེས་ཏེ། །སྐུ་རིགས་འདི་ཡང་ཟླ་བར་དགོད། །བཞི་བོ་རྟག་པས་བརྒྱན་པའོ། །སྒྱུ་མ་རྡོ་རྗེ་བྱིན་ཟ་དང་། །མ་བདག་ཤ་ རློན་ཟ་བ་དང་། །ལུས་ངན་ལོག་པར་འདྲེན་པ་དང་། །ལྷ་དམག་ཟློག་པར་བྱེད་པ་རྣམས། །ཉི་མ་མེ་ཡི་འོད་ཀྱིས་འཁོར། །རྟེན་པའི་རྒྱབ་ན་གནས་པའོ། །ལྷག་མ་ཟླ་བའི་རྒྱབ་རྟེན་ཅན། །དང་པོ་རང་འོད་རིག་མ་འཁྱུད། །རྡོ་རྗེ་སྐྱིལ་མོ་ཀྲུང་གནས་པ། །ཟབ་མོ་ཡང་དག་ གསལ་བའི་སྐུ། །རིན་ཆེན་སྣ་ཚོགས་རྒྱན་ལྡན་པ། །མཚན་དང་དཔེ་བྱད་ཀྱིས་འོད་གསལ། །རང་རང་ཕྱོགས་ཀྱི་ནམ་མཁའ་གང་། །རང་རང་དང་འདྲ་འཁོར་ཚོགས་རྣམས། །ཞལ་གསུམ་ཕྱག་དྲུག་རིག་མར་ལྡན། །ཡང་དག་བསྐྱེད་ནས་ཉེར་སྒྲུབ་སོགས། །ཡིད་འོང་གསང་བ་འདུས་ པ་ཡི། །གཞུང་གིས་བྱིན་བརླབས་སྦྱང་བར་བྱ། །དེ་བཞིན་ནམ་མཁའ་མཉམ་པ་ཡི། །འགྲོ་བ་མ་ལུས་ས་བོན་གྱིས། །བཀུག་ནས་ཞལ་ཞུགས་ཞུ་བར་གྱུར། །རྡོ་རྗེའི་ལམ་བྱུང་མཚོ་སྐྱེས་ནང་། །ཡེ་ཤེས་རིམ་པ་ལྔ་ལས་བྱུང་། །རྡོ་རྗེ་སེམས་དཔའི་མོས་པ་ཡིས། །ཞུ་གྱུར་ པདྨའི་ནང་གནས་པ། །སྤྱན་སོགས་ལྷ་མོ་གླུ་དབྱངས་ཀྱིས། །བསྐུལ་པས་ཀྵི་ལ་སོགས་པ་ཡིས། །ས་བོན་ཉི་ཤུ་གཅིག་ཏུ་གྱུར། །དེ་ལས་མཚན་མ་ས་བོན་མཚན། །ས་བོན་ཕྱག་མཚན་ལས་བྱུང་བའི། །ས་སྙིང་ལ་སོགས་གཟུགས་བསྐྱེད་ནས། །སྐུ་མདོག་ཞལ་དང་ཕྱག་ མཚན་རྣམས། །སྒྲུབ་པའི་ཐབས་གསུངས་གྲགས་པ་རྣམས། །ནམ་མཁའི་ཁམས་ཀུན་སྤྲོས་པས་གང་། །དེ་ལྟར་མགྲོན་རྣམས་ཀུན་སྦྱང་ནས། །ཡོ་བྱད་རྣམས་ནི་སྟ་གོན་གནས། །གསེར་དང་དངུལ་དང་ཟངས་མའི་སྣོད། །ལྕགས་དང་ཉ་ཕྱིས་ལ་སོགས་པའི། །སྣོད་མཆོག་ནང་དུ་ ཁུར་བ་དང་། །ཟན་དང་སྡིག་མེད་ཤ་ཁྲག་དང་། །མཛེས་པའི་ལྷ་བཤོས་ཉ་ཤ་དང་། །མོན་སྲན་གྲེའུ་འོ་མ་དང་། །ཆུ་དང་མར་མེ་དྲི་མེ་ཏོག །བལྡག་རྒྱུ་བཏུང་རྒྱུ་བཟའ་རྒྱུ་སོགས། །རྒྱས་པ་མདུན་དུ་མཐོང་བྱ་སྟེ། །གླུ་དང་གར་དང་རོལ་མོ་དང་། །གདུགས་དང་རྒྱལ་མཚན་བ་དན་དང་། ། བླ་རེ་ལ་སོགས་མཆོད་པའི་ཚོགས། །དེ་བཞིན་ཕྱི་རོལ་ཀུན་བསྐོར་བཀོད། །མེད་ན་ཁམ་ཕོར་ལ་སོགས་ལ། །མོན་སྲན་གྲེའུ་ཆུ་ཟན་དང་། །གཞན་མ་དག་ཀྱང་རྙེད་པ་བཞིན། །ཆོ་ག་བཞིན་དུ་དབུལ་བར་བྱ། །འཁོར་ལོ་སྔ་མ་བཞིན་དུ་བསྒྲུབས། །པདྨ་ས་བོན་བཅུ་པོ་ལས། ། བ་སྤུའི་བུ་ག་ལས་བྱུང་བའི། །གཟུགས་སོགས་ལྷ་མོ་སྤྲོས་པ་ཡིས། །ནམ་མཁའི་ཁམས་ཀུན་རབ་བཀང་ནས། །མགྲོན་རྣམས་སོ་སོར་འཁྱུད་བྱས་ཏེ། །དེ་བཞིན་མེ་ཏོག་ལ་སོགས་པ། །ས་བོན་གྱིས་བསྐུལ་སོ་སོར་ཐེངས། །མཆོད་པ་མཉམ་ཉིད་བྱ་བའི་ཕྱིར། །སྔགས་ཀྱིས་བྱིན་ གྱིས་བརླབ་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་རྡོ་རྗེ་དྲིལ་བུ་ནི། །གསོར་གསིལ་བསྐོར་བའི་བདེ་བས་ཀྱང་། །ལྷ་རྣམས་ཐམས་ཅད་དགེས་བྱའི་ཕྱིར། །ཆོས་ཐམས་ཅད་ཀྱིས་བསྟོད་པར་བྱ། །རྡོ་རྗེ་མི་བསྐྱོད་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་ པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་སྒྲོགས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་ཆེན་པོ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་ མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་འདོད་ཆགས་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་ཐོབ། །འོད་གསལ་རྡོ་རྗེ་ཕྱག་འཚལ་ལོ། །དངོས་གྲུབ་རྡོ་རྗེ་རྫོགས་སངས་རྒྱས། །བསམ་ པ་ཐམས་ཅད་ཡོངས་རྫོགས་པ། །རང་བཞིན་དག་པས་རྡོ་རྗེ་སེམས། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །དེ་ནས་ཡཾ་བྱུང་གཞུ་འདྲ་དང་། །རཾ་བྱུང་གྲུ་གསུམ་མེ་དཀྱིལ་དུ། །ཨ་བྱུང་པདྨ་འདབ་བརྒྱད་ལ། །རྫས་རྣམས་མི་འཆི་ལྔ་རུ་དམིགས། །དེ་སྟེང་ཟླ་བ་ཉི་མ་ལ། །བྲུཾ་ སོགས་བསམས་ནས་དེའི་འོད་ཀྱིས། །རིགས་ལྔའི་སངས་རྒྱས་བཀུག་བྱས་ཏེ། །ས་བོན་ལས་ནི་ཐིམ་གྱུར་སྟོབས། །རླུང་གིས་མེ་བུས་པད་ནང་གི །བདུད་རྩི་ཁོལ་བས་གཅིག་གྱུར་ཏེ། །རླངས་པ་ཧཱུྃ་བྱུང་རྡོ་རྗེ་དཀར། །ལྟེ་བར་ཧཱུྃ་བསམས་ཞུ་གྱུར་པས། །པད་ནང་བདུད་རྩི་ལ་བབས་ ཏེ། །ཟླ་བ་ཤེལ་ལྟར་དག་བསམས་ནས། །སྟེང་དུ་ཨོཾ་བསམས་ཞུ་གྱུར་པས། །ནང་དུ་ཐིམ་བྱས་གསལ་བྱས་ཏེ། །འོད་ཟེར་ལྔ་ནི་རབ་འབར་བསམ། །དེ་ཉིད་གསུམ་གྱི་གསང་སྔགས་ཉིད། །རབ་ཏུ་བཟླས་པས་བྱིན་བརླབས་ཏེ། །དེ་ལྟར་སྦྱང་བྱས་གཏོར་མ་རྣམས། །ས་བོན་ གྱིས་བསྐུལ་པདྨ་ཡིས། །ནམ་མཁའི་ཁམས་ཀུན་བཀང་བྱས་ཏེ། །ལྷ་རྣམས་ཇི་སྙེད་ཕྱག་གཡོན་བཏེག །ཐེངས་པར་བྱས་ནས་སོ་སོ་ཡི། །ལྕེ་ནི་ཧཱུྃ་ལས་རྡོ་རྗེ་ཡི། །བུམ་པར་ཧཱུྃ་བསམ་དེ་འོད་ཀྱིས། །ལྕེའུས་ཆུ་ནི་འཐུངས་བཞིན་དུ། །བདུད་རྩི་འཐུངས་པས་ཟད་མེད་ དེ། །དེ་ཡི་སྟོབས་ཀྱིས་གཉིས་མེད་ཀྱི། །ཡེ་ཤེས་ཡོངས་སུ་མྱོང་བར་བསམ། །དེ་ནས་ཚིགས་བཅད་འདི་རྣམས་ཀྱིས། །རབ་ཏུ་བརྗོད་དེ་དབུལ་བར་བྱ། །ཨོཾ་ཕྱོགས་བཅུའི་འཇིག་རྟེན་ཁམས་གནས་པ། །དུས་གསུམ་ལས་ནི་བྱུང་བ་ཀུན། །མཁའ་དང་རྒྱ་མཚོ་སྤྲིན་གྱི་ ཚོགས། །ཤིན་ཏུ་རྒྱ་ཆེ་ཕྲ་རབ་ཀྱི། །རྡུལ་གྱི་དཀྱིལ་འཁོར་སོ་སོ་ཡི། །ནང་དུ་གནས་པའི་ཚོགས་ཆེན་པོ། །ནམ་མཁའི་དབྱིངས་དང་མཉམ་པ་ཡི། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། །ཕྱོགས་བཅུ་སྐྱོང་བ་ཐམས་ཅད་དང་། །སེམས་ཅན་ཁམས་རྣམས་མ་ལུས་པའི། །སོ་ སོ་སྦྱོར་བའི་ཚུལ་གནས་པ། །དེ་དག་ཀྱང་ནི་འདི་ལྟ་སྟེ། །རྡོ་རྗེ་མཚོན་ཆ་སྒྱུ་མ་རྡོ་རྗེ་དང་། །རྡོ་རྗེ་མེ་དང་རྡོ་རྗེ་ཟད་དུས་དང་། །རྡོ་རྗེ་གཏུན་དང་ཀླུ་ཡི་རྡོ་རྗེ་དང་། །རྡོ་རྗེ་རླུང་དང་རྡོ་རྗེ་འཇིགས་བྱེད་དང་། །རྡོ་རྗེ་མཆུ་རིངས་རྡོ་རྗེ་ཁྲོ་བོ་དང་། །རྡོ་རྗེ་འཁྱིལ་པ་རྡོ་རྗེ་འོད་ཆེན་དང་། །ཐུབ་པའི་རྡོ་རྗེ་རྡོ་རྗེ་ཐགས་ བཟངས་དང་། །ས་ཡི་རྡོ་རྗེ་འཁོར་དང་སོ་སོར་བཅས། །ས་སྙིང་ཕྱག་ན་རྡོ་རྗེ་ནམ་སྙིང་དང་། །འཇིག་རྟེན་དབང་དང་སྒྲིབ་སེལ་ཀུན་དུ་བཟང་། །གཟུགས་དང་སྒྲ་དང་དྲི་ཡི་རྡོ་རྗེ་མ། །རོ་དང་རེག་བྱ་ཆོས་དབྱིངས་རྡོ་རྗེ་དང་། །སྤྱན་མ་དང་ནི་མཱ་མ་ཀཱི་དང་ནི། །ན་བཟའ་དཀར་མོ་དམ་ཚིག་སྒྲོལ་ མ་དང་། །རྣམ་སྣང་མཛད་དང་རིན་ཆེན་དབང་ཕྱུག་དང་། །སྣང་མཐའ་ཡས་དང་དོན་ཡོད་གྲུབ་པ་རྣམས། །མི་བསྐྱོད་པ་ཡི་ཚོགས་ཆེན་ཐམས་ཅད་ལ། །བདག་གིས་མེ་ཏོག་དང་ནི་སྤོས་དང་ནི། །མར་མེ་དྲི་ཞིམ་ཞལ་ཟས་དམ་པ་དབུལ། །རོལ་མོ་ལ་སོགས་དག་དང་ལྡན་པ་ཡི། །གཏོར་ མའི་ཡོ་བྱད་འདི་ནི་ཐུགས་རྗེ་ཡིས། །བཞེས་ཤིང་དགོངས་ཤིག་བདག་ལ་རབ་ཏུ་དགོངས། །བདག་ལ་གསེར་དང་དངུལ་དང་འགྲོན་བུ་དང་། །ནོར་ཕྱུག་ཚེ་རིང་བ་དང་བཞོན་པ་དང་། །ན་ཚ་མེད་དང་དམ་ཚིག་བདེ་བ་ཀུན། །འཕྲོག་པར་བྱེད་པ་བགེགས་ཀྱི་སྡེ་དཔོན་དང་། །གདུག་དང་ཤིན་ཏུ་ གདུག་པ་ཅན་དག་དང་། །མི་དང་མི་མ་ཡིན་པ་ཐམས་ཅད་དག །རྨུགས་པར་གྱིས་ཤིག་རབ་ཏུ་རྨུགས་པར་གྱིས། །ཆིངས་ཤིག་ཆིངས་ཤིག་ཁྱེད་ཀྱིས་ཡང་དག་ཆོམ། །དེ་བས་ང་ཡི་འགྲོན་བུ་གསེར་དངུལ་དང་། །ནོར་གྱི་དབྱིག་དང་ཚེ་ནི་རིང་བ་དང་། །བཞོན་པ་དང་ནི་ན་ཚ་མེད་ལ་ སོགས། །བདེ་བ་ཆེན་པོ་རབ་ཏུ་འཕེལ་བར་མཛོད། །བདག་ནི་བྱང་ཆུབ་སྙིང་པོ་མ་ཐོབ་པར། །ཁྱེད་རྣམས་བདག་གི་གྲོགས་ལ་རྟག་ཏུ་སྤྱོན། །བདག་གི་ནད་རྣམས་དག་ནི་ཞི་བ་དང་། །བདག་ལ་བགེགས་ཀྱི་གནོད་པ་ཞི་བར་གྱིས། །ཀྱེ་བཅོམ་ལྡན་འདས་ནི་རྡོ་རྗེ་འཛིན་པ་མཆོག ། སྐྱོན་ཅན་ཀུན་གྱི་ཕྱག་རྒྱ་བཤིག་པ་པོ། །བདག་གིས་གཏོར་ཕུལ་བདག་ལ་ཞི་བ་དང་། །དུས་འདི་ནས་ནི་བསྲུང་བར་མཛད་དུ་གསོལ། །དེ་ལྟར་འདོད་བཞིན་གསོལ་བཏབ་ནས། །དེ་དག་རྣམས་ཀྱང་མཐུན་པ་རུ། །བདག་ལ་དངོས་གྲུབ་གནང་བསམས་ནས། །མགྲིན་གཅིག་ཏུ་ ནི་ལེགས་སོ་ཞེས། །གསུངས་པའི་ཀུ་ཅོས་ཁམས་བཀང་བའི། །སྒྲ་ཀུན་གྲག་པར་དམིགས་ནས་སུ། །ཚིགས་བཅད་འདི་ཡིས་བཤགས་པར་བྱ། །འཇིག་རྟེན་འདི་ན་འཁོད་པའི་མགྲོན་རྣམས་ཀུན། །ཕྱོགས་སྐྱོང་སེམས་ཅན་ཀུན་དང་ལྷ་ཡི་ལྷ། །རང་ བཞིན་གྱིས་གྲུབ་སྦྱོར་བས་སྦྱངས་པ་རྣམས། །བདག་ནི་བརྩོན་དང་མི་ལྡན་བཀྲེན་ཆེན་ཏེ། །མཆོག་གཞན་ཅི་ཡང་བདག་ལ་མ་མཆིས་ན། །གཞན་དོན་དགོངས་པའི་མགོན་པོ་ཁྱེད་རྣམས་ཀྱིས། །ཐུགས་དང་མི་འགལ་རང་གི་མཐུས་བཞེས་ཤིག །བདག་ནི་རྣམ་གཡེང་རྨུགས་དང་ ལེ་ལོ་ཡིས། །སེམས་མ་འདུས་དང་མི་གསལ་མ་བསྒྲུབས་པས། །མགོན་པོ་ཁྱེད་རྣམས་ཐུགས་དང་འགལ་བ་གང་། །རང་བཞིན་བདག་གིས་ཆོས་གཟིགས་བཟོད་པར་མཛོད། །དེ་ལྟར་བརྗོད་པས་དགའ་འགྱུར་ཏེ། །འགལ་བ་དག་ནི་སོས་པར་དམིགས། །ཡང་ན་ཨ་ཡིས་ དང་པོར་རྫོགས། །བརྗོད་པ་བྱིན་བརླབས་གཏོར་མ་དབུལ། །དེ་ནས་རྡོ་རྗེ་དྲིལ་བུ་དང་ལྡན་པའི། །བདེ་བའི་དབྱིངས་རབ་བརྗོད་བྱ་སྟེ། །བསྐོར་ནས་པདྨའི་ལག་བསྐོར་ལྔ། །བྱས་ནས་སྔགས་འདིས་གཤེགས་སུ་གསོལ། །ཨོཾ་སེམས་ཅན་དོན་ཀུན་བྱས་ནས་སུ། །རང་གི་ཡུལ་དུ་ གཤེགས་སུ་གསོལ། །ཡང་ནི་བྱོན་པར་མཛོད་ཅིག་མུཿ། །གཤེགས་གསོལ་ཡི་གེ་བརྒྱ་པ་ཡིས། །ལས་ཀྱི་སྐྱོན་ཀུན་བསལ་བར་བྱ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་ མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ། དེ་ལྟར་བརྗོད་ནས་གཏོར་མ་རྣམས། །མངོན་སུམ་དུས་སུ་ཕྱོགས་བཅུར་གཏོར། །གཞན་མ་ས་ཕྱོགས་གཙང་སར་སྤུང་། །ཆུ་གནས་སེམས་ ཅན་རྣམས་དང་ནི། །མི་ནི་དབུལ་བ་རྣམས་ལ་སྦྱིན། །ཁྱི་དང་བྱ་རོག་ལ་སོགས་ལ། །ནན་ཏན་གྱིས་ནི་སྦྱིན་མི་བྱ། །དེ་བཞིན་དེ་ཡིས་རིམ་པ་ཡིས། །ཞི་བ་ལ་སོགས་ཇི་བཞིན་དུ། །རང་འདོད་ཕྱོགས་སུ་ཁ་བལྟས་ཏེ། །དེ་ཡིས་ཁ་དོག་འཁོར་ལོར་ལྡན། །སྔོན་བཞིན་ཕྱོགས་བཅུར་ སྐྱོང་བ་རྣམས། །བཀུག་ནས་བསམ་པའི་ཉོན་མོངས་བསལ། །ཤེས་བྱའི་སྒྲིབ་པ་ཡང་བསལ་ནས། །དེ་དག་སྟོང་བྱས་ས་བོན་ལས། །བསྲེགས་ནས་རྗེ་དཔོན་དུ་གྱུར་པ། །ཡི་དམ་ལྷ་ཡི་ཕྱག་མཚན་སོགས། །སྤྲོ་དང་བསྡུ་བ་བྱས་ནས་སུ། །སྔ་མའི་རྟེན་ནི་གྱུར་བྱས་ནས། །ཐམས་ ཅད་ཀུན་མཁྱེན་སྐུ་ཐོབ་བྱ། །འཕྲོ་བའི་ཟེར་བྱུང་ཐུགས་དབང་གིས། །ཕྱོགས་བཅུའི་ཁམས་ཀུན་ཁྱབ་པར་བྱས། །སྐུ་དང་མཁྱེན་པ་བྱད་པ་དབང་། །རྒྱས་བཏབ་མཚན་ཉིད་ཤེས་བྱས་ནས། །མྱུར་བ་ས་བོན་སོགས་ཚུལ་གྱིས། །མཆོད་བྱས་དགེས་བྱས་ཚིམ་པར་བྱས། །གཏོར་མ་ སྔོན་བཞིན་བྱིན་བརླབས་ནས། །ཕུལ་ཏེ་ཚིམ་བྱས་གཉིས་མེད་ཀྱི། །ཡེ་ཤེས་ཡོངས་སུ་མྱོང་བར་བསམ། །ཡིད་ཀྱིས་རྡོ་རྗེ་དྲིལ་བཟུང་ནས། །མི་བསྐྱོད་ལ་སོགས་ཚིགས་བཅད་ཀྱིས། །བསྟོད་པས་དགྱེས་ཏེ་ལན་ཅིག་གསུངས། །དེ་ནས་ཕྲིན་ལས་བསྒྲུབ་པ་རྣམས། །བསྒྲུབ་ བྱའི་དོན་དུ་གསོལ་བ་བཏབ། །འདི་ཡིས་གཏོར་མ་བྱིན་བརླབས་སྔགས། །ཨོཾ་ཨཱཿབཛྲ་དྷྲྀཀ་སརྦ་དུཥྚཱ་ན་ས་མ་ཡ་མུ་དྲཾ་པྲ་བྷཾ་ཛ་ཀ་མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཧཱུྃ། དེ་བཞིན་རྒྱས་པའི་མཐའ་རུ་ཨོཾ། །པུཥྚིཾ་ཀུ་རུ་ཞེས་བྱའོ། །དབང་གི་མཐའ་རུ་ཆེ་གེ་མོ། །བ་ཤཾ་ཀུ་རུ་ཞེས་བྱའོ། །མངོན་སྤྱོད་ ལ་ནི་ཧཱུྃ་དང་ཕཊ། །མཱ་ར་ཡ་ནི་ཞེས་བྱའོ། །དགུག་པའི་མཐའ་རུ་ཛཿཞེས་བྱའོ། །བསྐྲད་པ་ལ་ནི་ཕཊ་མཐར་བཞག །ཨུ་ཙྪ་ཏ་ཡ་ཞེས་པའོ། །དེ་བཞིན་ལས་ཀྱི་བྱེ་བྲག་གིས། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །སྔོན་དུ་གསུངས་པའི་སྔགས་རྣམས་བརྗོད། །དེ་དག་རབ་ཏུ་དགྱེས་ བསམས་ནས། །རང་གི་གནས་སུ་གཤེགས་སུ་གསོལ། །དེ་ལྟར་མ་ལུས་བསྟན་པ་ཡི། །གཏོར་མའི་ཆོ་ག་མཆོག་འདི་ནི། །བླ་མ་མཆོག་གིས་ལེགས་སྦྱངས་པའི། །སེམས་དུལ་དང་ལྡན་བརྩོན་འགྲུས་ཅན། །གསང་ཤེས་དེ་ཉིད་རིག་པ་པོ། །དཀྱིལ་འཁོར་ལ་སོགས་རྟོག་ པའི་ཚོགས། །ཤེས་ཤིང་སྒྲུབ་པ་ལྷུར་ལེན་པ། །དེ་ལ་འདི་ནི་སྦྱིན་པར་བྱ། །གང་ཞིག་བླ་མ་ལ་མི་གུས། །དད་མེད་འཇུངས་པ་རྣམ་གཡེངས་པ། །ལེ་ལོས་སེམས་སྦྱོང་རྣམ་སྤངས་པ། །བླུན་ཆེན་དེ་ལ་སྦྱིན་མི་བྱ། །བདག་གིས་གཏོར་མའི་ཆོ་ག་འདི་བྱས་དགེ་བ་ཡིས། །རྣལ་ འབྱོར་འདི་སྒྲུབ་བར་ཆད་ཞི་ཞིང་འདོད་དོན་གྲུབ། །གཙུག་ལག་ཚད་མས་རྣལ་འབྱོར་ཆེན་པོའི་ལམ་བགྲོད་དེ། །བཅུ་གསུམ་དགེ་བ་རྡོ་རྗེ་འཛིན་པའི་སར་འགྲོ་ཤོག །སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧྱ་ དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅།།རྒྱ་གར་སྐད་དུ།རཏྣ་མ་ཏི་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། མི་ཤིགས་པའི་རིན་པོ་ཆེ་ཞེས་བྱ་བའི་སྒྲུབ་ཐབས། ཐམས་ཅད་མཁྱེན་པ་ ལ་ཕྱག་འཚལ་ལོ། །གང་ཞིག་དྲི་མེད་གཟི་བརྗིད་ལྡན། །སྤྲོས་པའི་རྣམ་པ་ཀུན་བྲལ་ཏེ། །མཐའ་ཡས་རིགས་ཀྱི་སྤྲུལ་འཕྲོ་བ། །འཇམ་དབྱངས་དེ་བཏུད་བླ་མ་ལའང་། །བློ་གྲོས་གཞན་ཡང་དད་པ་ཡིས། །འདུས་པའི་དོན་གྱིས་དེ་བཞིན་ཉིད། །རང་གཞན་དྲན་པར་བྱེད་པའི་དོན། ། མི་ཤིགས་རིན་ཆེན་བཤད་པར་བྱ། །དེ་ལ་ཡང་དག་པའི་མན་ངག་དང་བྲལ་བ་རྣམས་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་ཅིང་ཤེས་ཀྱང་། བསྐལ་པ་བྱེ་བ་ཁྲག་ཁྲིག་གི་བར་དུ་བསྒྲུབས་ཀྱང་བླ་ན་མེད་པའི་སངས་རྒྱས་རྡོ་རྗེ་འཛིན་པའི་གོ་འཕོང་ཐོབ་པར་མི་ནུས་སོ། །དེའི་ཕྱིར་བདག་ གིས་ཀྱང་བདག་ཅག་གི་བླ་མ་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱི་རིམ་པ་ནས་འོངས་པའི་རླུང་གི་དེ་ཉིད་ཀྱི་སྒོ་ནས་མི་ཤིགས་པའི་རིན་པོ་ཆེ་སྒྲུབ་པའི་ཐབས་ཅུང་ཟད་སྟོན་པས་སྐྱེས་བུ་ཆེན་པོ་རྣམས་ཀྱིས་འབད་དེ་གཟུང་བར་བྱའོ། །དེ་ལ་དངོས་པོ་ཐམས་ཅད་ཀྱི་མཐའི་དེ་ བཞིན་ཉིད་ནི་ཟབ་མོ་དང་གསལ་བ་གཉིས་སུ་མེད་པའི་དེ་བཞིན་ཉིད་དེ། དེ་ཡང་ཆོས་ཀྱི་དབྱིངས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའི་དཀྱིལ་ལྟར་རྣམ་པར་དག་པའི་ངོ་བོ། །དེ་ལྟ་བུའི་རྣམ་པར་དག་པའི་ངོ་བོ་ལ་ཐོག་མ་མེད་པའི་དུས་ནས་སེམས་ཅན་རྣམས་ཀྱིས་ཕྱིན་ཅི་ ལོག་ཏུ་བརྟགས་པས་རླུང་གི་ཁམས་བསྒྲུབས་ཏེ། དེ་ལས་མེ། དེ་ལས་ཆུ། དེ་ལས་སའི་ཁམས་བསྒྲུབས་པས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་སུ་སྣང་ཞིང་འཁོར་བའི་ཆོས་ཀྱིས་རྣམ་པར་སྣང་ངོ་། །དེ་ལྟར་སྣང་བའི་དུས་ཉིད་ན་ཡང་རྣམ་པར་དག་པའི་དོན་ལ་ནི་གཡོ་བ་རྡུལ་ཙམ་ ཡང་མེད་དོ། །དེ་ལྟ་བུའི་དོན་དེ་སེམས་ཅན་ཐམས་ཅད་ལ་ཀུན་རྫོབ་ཀྱི་རྣམ་པའི་གཟུགས་ཀྱི་གནས་སུ་རྣམ་པར་གནས་ཀྱང་བླ་མའི་ཞལ་ལས་བསྟན་པ་མེད་པར་རྟོགས་པར་མི་འགྱུར་རོ། །དེ་བས་ན་ལྷན་ཅིག་བྱེད་པའི་སློབ་དཔོན་གྱི་བྱིན་གྱིས་བརླབས་པས་རླུང་གི་སྒོ་ནས་ སྤྲོས་པ་དང་བྲལ་བའི་ངོ་བོ་གནས་དང་ངལ་སོ་བའི་དེ་ཁོ་ན་ཉིད་བླ་མའི་ཞལ་ལས་རྟོགས་པར་འགྱུར་རོ། །རྟོགས་པ་དེ་བསྒོམས་པས་ཕྱིན་ཅི་ལོག་ཏུ་སྣང་བའི་ཕུང་པོ་ལ་སོགས་པ་རིམ་གྱིས་ལོག་པས་ཡང་དག་པའི་ཕུང་པོ་ལ་སོགས་པ་ཟབ་པ་དང་གསལ་བ་དབྱེར་མེད་པའི་ངོ་བོ་འཐོབ་ པའི་རྟགས་རྣམས་རྙེད་པར་འགྱུར་རོ། །དེ་རྙེད་པས་བསྒོམ་པ་ལ་སོགས་པ་དང་བཅས་པས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། དེ་བས་ན་ཇི་སྐད་བཤད་པའི་བྱ་བས་དེ་རྟོགས་པར་བྱ་སྟེ། དེ་ཕྱིན་ཆད་དགོན་པའམ་གང་ཡང་རུང་བའི་གནས་སུ་རྣམ་པར་གནས་ ནས། སྔོན་དུ་བྱ་བར་འོས་པ་ཐམས་ཅད་ཚོགས་པར་བྱས་ཏེ། ཐབས་འདིར་ནི་རིམ་པ་གཉིས་པའི་དོན་བསྒོམ་པར་བྱའོ། །དེ་ཡང་དང་པོ་སེམས་ཅན་ཐམས་ཅད་ལ་མི་བཏང་བའི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ། དེ་ནས་རང་གི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའི་ས་བོན་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རིམ་པ་དང་པོ་རྣམས་ལ་ཡི་གེའི་གཟུགས་སུ་སྣང་བ་གཞོམ་དུ་མེད་པ་དེ་ལས། ཡི་གེ་ཁ་དོག་ལྔའི་འོད་ཟེར་སྟེང་གི་སྒོའི་གཡས་ནས་བྱུང་སྟེ། དེའི་རྩེ་ལས་དཀྱིལ་འཁོར་དང་ལྡན་པའི་དེ་བཞིན་གཤེགས་པ་སྤྲོས་པས་ཕྱོགས་བཅུའི་ སེམས་ཅན་ཐམས་ཅད་ཀྱི་ཀུན་དུ་རྟོག་པ་རླུང་གི་བཞོན་པ་དང་ལྡན་པ་རྣམས། དེ་རྣམས་བླ་མ་ལྟ་བུར་གྱུར་པ་ལ་ཐིམ་པས་རྣམ་པར་དག་པར་བྱས་ཏེ། དེ་ཉིད་སླར་བསྡུས་ཏེ་ཡེ་ཤེས་ཀྱི་ངོ་བོར་གྱུར་ཏེ་གཡོན་ནས་ཞུགས་ཏེ། མཚན་མའི་དབུས་ཀྱི་བུམ་པའི་ས་བོན་ལ་ཐིམ་པས། དེ་སངས་ རྒྱས་ཐམས་ཅད་ཀྱི་ཡོན་ཏན་བསྐྱེད་པའི་རིན་པོ་ཆེ་དངོས་པོ་ཐམས་ཅད་ལ་ཁྱབ་པའི་རང་བཞིན་མི་ཤིགས་པའི་ཐིག་ལེ་འོད་ཟེར་ལྔ་དང་ལྡན་པ་ཙ་ན་ཀའི་འབྲུ་ཚད་ཙམ་དུ་གྱུར་པར་བསམ་མོ། །དེའི་འོད་ཟེར་གྱིས་གནས་དང་ཡེ་ཤེས་སེམས་དཔའ་ལ་སོགས་པ་གསལ་བར་བྱས་ནས། བདག་ གི་མཐེ་བོའི་རྩ་བ་དང་། རྗེ་ངར་དང་། བརླ་གཉིས་དང་། གསང་བའི་གནས་དང་། ལྟེ་བ་དང་། གསུས་པ་དང་། ནུ་མ་གཉིས་དང་། ལག་རྩེ་དང་། མགྲིན་པ་དང་། མཆུ་དང་། འགྲམ་པ་དང་། མིག་གཉིས་དང་། རྣ་བའི་རྩ་དང་། སྤྱི་བོ་དང་། ལུས་ཀུན་གྱི་ ནང་གསལ་བར་བྱས་ཏེ། དེ་དག་ན་གནས་པའི་བྱང་ཆུབ་ཀྱི་སེམས་སྒྲ་ཡིག་བཅུ་དྲུག་གི་གཟུགས་སུ་སྣང་བ་བཀུག་སྟེ། ཐིག་ལེར་ཞུགས་པར་བསམ་མོ། །དེ་བསམས་པ་ཙམ་གྱིས་དེའི་ནང་དུ་ལྷ་བཅུ་དགུ་རྟེན་དང་བརྟེན་ཅན་ལྷག་པར་མོས་པས་བསྒོམས་ཏེ། དེའི་དབུས་ཀྱི་གཙོ་ བོའི་ཐུགས་ཀར་གོང་མ་ལྟར་ཡེ་ཤེས་ཀྱི་ཐིག་ལེ་བསྒོམས་ནས། དེའི་འོད་ཀྱི་རིམ་པས་རྟེན་གྱི་ཐིག་ལེའི་བར་གསལ་བར་བྱའོ། །དེ་ནས་གནས་བཅུ་དྲུག་ནས་འོད་ཟེར་གཞག་པ་ཕྱུང་སྟེ། དེས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་གསལ་བར་བྱས་ནས། ཕྱོགས་བཅུའི་འཇིག་རྟེན་ གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་དུ་ཞུགས་ནས་མི་ཤིགས་པའི་ཐིག་ལེར་སོང་ནས་ཡེ་ཤེས་ཀྱི་བདུད་རྩི་བླངས་ཏེ། རྡོ་རྗེའི་ལམ་ནས་བྱུང་སྟེ། འོ་མའི་རྒྱུན་ལྟར་འདུ་ཞིང་ཐབས་དང་ཤེས་རབ་ཀྱི་དབྱེ་བས། སྣ་བུག་གཡས་གཡོན་དུ་ཞུགས་ཏེ་ཡེ་ ཤེས་ཀྱི་ཐིག་ལེ་ལ་ཐིམ་པས། དེ་འཛག་པའི་ངང་ཚུལ་དང་ལྡན་པ་དེ་ལ་སེམས་བཟུང་སྟེ། ཡང་གོང་གི་རིམ་པས་སྤྲོ་བ་དང་བསྡུ་བ་དང་གཟུང་བ་བྱས་པས་རྟགས་རྣམས་གདོན་མི་ཟ་བར་རྙེད་པར་འགྱུར་རོ། །དེ་རྙེད་པས་སངས་རྒྱས་རྡོ་རྗེ་མཆོག་འཛིན་པ་དང་འདྲ་བར་འགྱུར་རོ། །མི་ ཤིགས་པའི་ཐིག་ལེ་བསྒོམ་པའི་ཆོ་གའོ། །གལ་ཏེ་དེས་རྟགས་རྙེད་པར་མ་གྱུར་ན་དེའི་ཚེ་མི་ཤིགས་པའི་ཐིག་ལེ་དེ་ཉིད་རིམ་པ་འ