Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 44
Văn bản gốc(Tây Tạng)
Trang 7 / 19 (50.000 ký tự/trang)
་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཡིན་ལ། སྙོམས་འཇུག་ནི་གཉིས་སུ་མེད་པ་ཐོབ་པས་ན་མདོར་བསྡུས་པ་སྟེ་གོང་བུའི་རང་བཞིན་སངས་རྒྱས་ཀྱི་གཟུགས་ ཅན་ནོ། །དབུས་སུ་གཟུགས་ནི་ཞེས་པ་ལུས་ཀྱི་དབུས་སུ་རྣམ་པར་བསྒོམས་པས་འདྲེས་པར་འགྱུར་བའོ། །ཡུད་ཀྱིས་ནི་ཡང་དག་པར་ཞུ་བར་གྱུར་པ་ལས་ལྷ་མོ་བཞིའི་གླུས་བསྐུལ་བའི་སྒོ་ནས་གཉིས་སུ་མེད་པའི་བདེ་བ་ཡེ་ཤེས་ཀྱི་ལྷའི་སྐུའི་རང་བཞིན་ཅན་དུ་འགྲུབ་པར་ འགྱུར་བའི་ཤེས་པ་རྫོགས་པར་བྱེད་པའི་ཏིང་ངེ་འཛིན་ཏོ། །དེ་འདི་ལྟར་བཤད་པར་བྱ་སྟེ། གོང་འདི་ཡན་ལག་ལྔ་པ་ནས་སེམས་བརྟན་པར་གྱུར་པའི་རྣལ་འབྱོར་པས་རང་བཞིན་སོ་སོར་སྣང་བའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་དང་འདྲ་བ་ཡང་དང་ཡང་དུ་སྐྱེད་པར་བྱེད་ནུས་ པས་སྤྲོ་བ་དང་བསྡུ་བ་དང་། དབང་དུ་བྱ་བའི་དོན་དུ་རང་གིས་བདེ་བ་ཉམས་སུ་མྱོང་བ་ནི་སྒྱུ་མ་ལྟ་བུའི་རང་བཞིན་གྱི་འོད་ཟེར་དུ་མ་འཕྲོ་བའི་དྲ་བས་ཀུན་ནས་སྙོམས་པར་འཇུག་པའི་རང་བཞིན་གྱིས་ཤིན་ཏུ་ཕྲ་བ་དུ་མའི་ངོ་བོ་ཉིད་ཆགས་ཐོགས་མེད་པར་བསྡུས་ནས། རང་ཉིད་ཞུ་བར་ གྱུར་པ་དང་འདྲེས་པའི་བདེ་བ་སྒྱུ་མ་ལྟ་བུ་རྣམ་པར་བསམས་པ་ལས། སྔོན་གྱི་སྨོན་ལམ་གྱི་དབང་གིས་སྙིང་རྗེ་ལ་སོགས་པའི་རང་བཞིན་ཅན་སྤྱན་མ་ལ་སོགས་པའི་ལྷ་མོ་བཞིས་བསྐུལ་བས་མྱུར་དུ་ལངས་ཏེ་ཡེ་ཤེས་ཀྱི་རང་བཞིན་གྱི་འཇམ་པའི་རྡོ་རྗེ་ལ་སོགས་པ་རང་དང་འདྲ་བའི་ལུས་ ལ་འཁྱུད་པར་བསྐྱེད་པའི་བདུད་རྩིའི་བཅུད་ཟག་པའི་རོ་མྱང་བར་བསྒོམ་པ་ནི་ཏིང་ངེ་འཛིན་གྱི་གདམས་ངག་སྟེ་ཡན་ལག་དྲུག་པའོ།། །།དེ་ལ་སོ་སོར་སྡུད་པ་འགྲུབ་པས་ནི་སྔགས་རྣམས་ཐམས་ཅད་འགྲུབ་པོ། །བསམ་གཏན་གྱིས་ནི་མངོན་པར་ཤེས་པ་ཡང་འགྲུབ་པོ། ། སྲོག་རྩོལ་གྱིས་ནི་བྱང་ཆུབ་སེམས་དཔས་བྱིན་གྱིས་རློབ་བོ། །གཟུང་བས་ནི་རྡོ་རྗེ་སེམས་དཔས་བྱིན་གྱིས་རློབ་བོ། །རྗེས་སུ་དྲན་པས་ནི་འོད་ཟེར་གྱི་དཀྱིལ་འཁོར་སྤྲོ་བའོ། །བསམ་གཏན་གྱི་དབང་གིས་ནི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའོ། །དེ་ཡང་། སོ་སོར་སྡུད་ལས་ ངེས་རྙེད་ན། །སྔགས་རྣམས་ཀུན་གྱིས་བྱིན་གྱིས་བརླབ། །བསམ་གཏན་ཡེ་ཤེས་ངེས་ཐོབ་ན། །མངོན་ཤེས་ལྔ་པོ་རྙེད་པར་འགྱུར། །སྲོག་དང་རྩོལ་བ་ལ་དབང་ན། །རྡོ་རྗེ་སེམས་དཔའ་གཟིགས་པར་མཛད། །བཟུང་བའི་སྟོབས་ནི་རྟག་པ་ལ། །རྡོ་རྗེ་སེམས་དཔའ་ངེས་པར་ འཇུག །རྗེས་སུ་དྲན་པས་ཡང་དག་པར། །འོད་ཟེར་གྱིས་ནི་དཀྱིལ་འཁོར་བསྐྱེད། །ཏིང་ངེ་འཛིན་གྱི་དབང་གིས་ནི། །སྒྲིབ་པ་རྣམས་ལས་ངེས་པར་གྲོལ། །ཞེས་གསུངས་སོ། །དཔལ་ལྡན་ཡེ་ཤེས་ཞབས་ཀྱི་སྦྱོར་བའི་ཡན་ལག་དྲུག་མཛེས་པར། །གང་གིས་ཤིན་ཏུ་དྲི་མེད་ བཤད་པས་དགེ་བ་དེ་བསྐྲུན་ལ། །ཤིན་ཏུ་དག་པ་དེ་ནི་རྒྱལ་བའི་བློ་ཅན་མིག་ཅན་ལ། །དཔལ་ལྡན་ཡན་ལག་དྲུག་གི་ཆུས་བཀྲུས་ཡན་ལག་རྣམ་དག་ཤོག། །བླ་མ་བརྒྱུད་པའི་རྗེས་འབྲངས་ཤིང་། །འཇམ་པའི་རྡོ་རྗེའི་བཀའ་དྲིན་ལས། །དཔལ་ལྡན་རྣམ་སྣང་ རྡོ་རྗེ་ཡིས། །རིམ་པར་སྦྱར་བས་གསལ་བར་བྱེད། །དཔལ་སྨན་པའི་ཞབས་ཀྱི་ཞལ་སྔ་ནས་བྱུང་བ། སྦྱོར་བ་ཡན་ལག་དྲུག་གི་སྣང་བའི་རིམ་པ་ཞེས་བྱ་བ། དཔལ་རྣམ་པར་སྣང་མཛད་རྡོ་རྗེས་མཛད་པ་རྫོགས་སོ།། །།བླ་མ་ཆེན་པོ་པཎྜི་ཏ་པུཎྱཱ་ཤྲཱིའི་ཞལ་སྔ་ནས་དང་། ལོ་ཙཱ་བ་ དགེ་སློང་གཡུང་དྲུང་འོད་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་སྱ་མཉྫུ་ཤྲཱི་སཱ་དྷ་ནཾ། །བོད་སྐད་དུ། དཔལ་གསང་བ་འདུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས། དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཆོས་དང་ལོངས་ སྤྱོད་སྤྲུལ་པའི་སྐུ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན། །ཡེ་ཤེས་རྣམ་པ་ལྔ་དང་ལྡན། །རྟོག་པ་མ་ལུས་ཀུན་ལས་གྲོལ། །ཐམས་ཅད་ངོ་བོ་ཐམས་ཅད་དུ། །དཀྱིལ་འཁོར་འཁོར་ལོ་མཆོག་དང་ལྡན། །འཇམ་དཔལ་དེ་ལ་ཕྱག་འཚལ་ནས། །འགྲོ་བའི་བྱང་ཆུབ་ཐོབ་པའི་རྒྱུ། །དེ་ ཡི་སྒྲུབ་པའི་ཆོ་ག་མཆོག། །ཅི་ནུས་བདག་གིས་བཤད་པར་བྱ། །དང་པོ་སྔགས་པ་བདག་ཉིད་ནི། །འཇམ་པའི་སྟན་ལ་འདུག་བྱས་ནས། །རང་གི་སྙིང་གར་ཟླ་བ་ལ། །ཚེ་རབས་སྔོན་ནས་གོམས་བྱས་པའི། །ཚད་མེད་བཞི་པོ་སྙིང་རྗེ་དང་། །བྱམས་དང་དགའ་དང་བཏང་སྙོམས་ ཏེ། །ཚངས་སྤྱོད་མཚན་ཉིད་བཞི་རྣམས་ཀྱི། །རྒྱུ་ཡི་དངོས་པོའི་ས་བོན་མཾ། །དམ་པའི་གུར་གུམ་ལྟ་བུ་ཡི། །འོད་ཟེར་འཕྲོ་བར་རྣམ་པར་བསམ། །འགྲོ་རྣམས་སྡུག་བསྔལ་མཐོང་བྱས་ནས། །གྲོལ་འདོན་མཚན་ཉིད་སྙིང་རྗེའོ། །བདེ་བར་འདོད་རྣམས་མཐོང་བྱས་ནས། །ཕན་པའི་ བདེ་བ་མ་ལུས་པ། །གྲུབ་པར་འདོད་པ་བྱམས་པའོ། །འགྲོ་རྣམས་སྤྱོད་པ་མི་མཉམ་ཞིང་། །གདུལ་དཀའ་སྡུག་བསྔལ་ལམ་ལ་དགའ། །བདེ་བ་མི་འདོད་པ་རྣམས་ཀྱི། །འཁོར་བའི་སྡུག་བསྔལ་བསམ་པ་དང་། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བདེ་བ་མཐའ་ཡས་དང་ ལྡན་པའི། །ཇི་ལྟར་བདག་གིས་བྱ་བསམས་ཏེ། །རང་གི་སྙིང་གར་གནས་པའི་མཾ། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱིས། །འཇམ་དབྱངས་འགྲུབ་པའི་རྒྱུ་བསམས་ལ། །དེ་ཉིད་བཅོམ་ལྡན་ཐམས་ཅད་མཁྱེན། །འགྲོ་བ་འདུལ་བའི་ཐབས་མཁྱེན་པས། །ཇི་ལྟ་ཇི་ལྟར་འདུལ་ འགྱུར་བས། །དེ་ལྟ་དེ་ལྟར་འགྲོ་བ་ལ། །ཐབས་ཀུན་རབ་ཏུ་སྟོན་མཛད་པས། །ཐབས་ཉིད་གང་གིས་སེམས་ཅན་རྣམས། །སྡུག་བསྔལ་ཀུན་ལས་གྲོལ་བ་དང་། །བླ་མེད་བྱང་ཆུབ་ཐོབ་ཀྱི་བར། །བདེ་བ་མ་ལུས་ལྡན་འགྲུབ་པ། །འདི་ལྟར་བདག་ཉིད་འཇམ་དཔལ་སྐུར། །འགྲུབ་ ཅིང་འགྲོ་བའི་དོན་བྱེད་པའི། །སྟོབས་དང་ལྡན་པར་བསམ་པ་ལ། །དགའ་བའི་མཚན་ཉིད་དགའ་བའོ། །བསྒོམས་པས་བྱང་ཆུབ་ངེས་བྱེད་ཕྱིར། །འཇིག་རྟེན་བྱ་བ་མི་བྱེད་པའི། །མཚན་ཉིད་བཏང་སྙོམས་ཆེན་པོ་སྟེ། །དེ་རྣམས་ངེས་པར་བསམ་པར་བྱའོ། །འཇམ་དཔལ་ ཉིད་དུ་བསྒྲུབ་པ་ཡང་། །བསོད་ནམས་མེད་པར་མི་འགྲུབ་པས། །སྦྱིན་པ་ལ་སོགས་འགྲུབ་པའི་རྒྱུ། །དབུལ་ཕྱིར་བདག་གིས་མི་ནུས་པས། །སྙིང་གར་ཡིད་བཞིན་ནོར་བུ་ལྟར། །འགྲོ་བའི་དོན་ཀུན་འགྲུབ་བྱེད་པའི། །མཾ་ཉིད་རབ་ཏུ་དྲན་བྱས་ཏེ། །དེ་འོད་ལས་བྱུང་ནམ་མཁའ་ལ། ། བླ་མ་དམ་པ་སངས་རྒྱས་རྣམས། །སྲས་དང་བཅས་པར་གསལ་བྱས་ནས། །དེ་ཡི་འོད་ཟེར་ལས་བྱུང་བ། །སྤྱན་ལ་སྩོགས་པའི་ལྷ་མོ་བཅུས། །དངོས་སུ་གསང་བའི་མཆོད་པ་དང་། །གཞན་ཡང་ཕྱི་ཡི་མཆོད་པའི་སྤྲིན། །རིན་ཆེན་བདུན་དང་མཆོད་པ་ལྔ། །དྲི་ཡི་ཕྱེ་མ་སྣ་ཚོགས་གོས། ། སྣ་ཚོགས་རྒྱན་དང་ཕྲེང་བ་དང་། །གདུགས་དང་རྒྱལ་མཚན་བ་དན་དང་། །རྔ་ཡབ་སྦྲང་ཡབ་བསིལ་ཡབ་དང་། །རྟ་དང་གླང་པོ་བུད་མེད་ཚོགས། །སེང་གེ་གདན་དང་བླ་རེ་སོགས། །ཇི་སྙེད་བརྟན་པའི་སེམས་ཀྱིས་སུ། །མཆོད་པ་བྱས་ནས་ཕྱག་ཀྱང་བྱ། །ཐོག་མ་མེད་པའི་སྲིད་རྒྱུན་མན་ ཆད་བློ་གྲོས་རྣམ་རྟོག་ལས་བྱུང་མ་ལུས་ཚང་སྡིག་གང་། །ཐུགས་རྗེ་ཆེར་ལྡན་མ་ལུས་མདུན་དུ་ཆོ་ག་དེ་བཞིན་དེ་རྣམས་བདག་གིས་བཤགས་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་དང་དེ་བཞིན་འཕགས་དང་གཞན་རྣམས་ཀྱིས་ནི་དགེ་བ་གང་མཛད་པ། །དེ་རྣམས་ལྷག་ མེད་རྗེས་སུ་ཡི་རང་བླ་མེད་བྱང་ཆུབ་ཆེན་པོར་ཡང་དག་བདག་གིས་བསྔོ། །སྤྲོ་བྱེད་དྲི་མེད་ཐུགས་ནི་ཟླ་བ་ལྟ་བུས་མཐའ་ཡས་ཐུགས་རྗེ་དམ་པའི་ཐབས་རྣམས་ལ། །བདེ་བར་གཤེགས་པ་ཀུན་ལ་བདག་ཉིད་ནང་འཁོར་སྤྱོད་བཞིན་རྟག་ཏུ་རབ་ཏུ་སྐྱབས་སུ་མཆི། །རྟོག་པ་ཇི་ སྙེད་མ་ལུས་གྲོལ་བ་ལྷག་མེད་དམ་པའི་སེམས་ཅན་ཕུན་སུམ་ཚོགས་པའི་རྟེན། །ཇི་སྙེད་ཐམས་ཅད་རོ་གཅིག་དངོས་པོ་ཆོས་ལ་བདག་ཉིད་ཀྱིས་ནི་རབ་ཏུ་སྐྱབས་སུ་མཆི། །ཡང་དག་བཅིངས་པ་མ་ལུས་གྲོལ་བའི་ཐུགས་མཆོག་དང་ལྡན་ཀུན་གྱི་དཔལ་ཉིད་ཡང་དག་བསྟོད། །རབ་དགའ་ ལ་སྩོགས་ས་བཅུར་བཞུགས་རྣམས་རབ་ཏུ་བྱུང་བདག་ཚོགས་ལ་ཡང་དག་སྐྱབས་སུ་མཆི། །བསམ་པའི་ངོ་བོ་རྣམ་སྨིན་དག་ཕྱིར་སྒྲིབ་པའི་བག་ཆགས་ཐམས་ཅད་ཡང་དག་ཤིན་ཏུ་བཅོམ། །ཡོངས་སུ་གྲོལ་བའི་སེམས་ནི་རྣམ་བརྒྱན་བླ་མེད་བྱང་ཆུབ་ལ་ནི་ཡང་དག་བསྐྱེད་པར་བྱ། ། སྲས་ལྡན་བདེ་བར་གཤེགས་དང་ལམ་གཅིག་ཏུ་ནི་སྦྱིན་སོགས་ཡོན་ཏན་དཀར་པོ་དངོས་པོ་སྟེ། །མ་ལུས་ཡང་དག་རྫོགས་པའི་སངས་རྒྱས་རང་བཞིན་བློ་ཡིས་ད་ལྟར་བདག་གིས་བརྟེན་པར་བགྱི། །འཇིག་རྟེན་མ་ལུས་འདི་རྣམས་ལྟ་བའི་དྲ་བས་བཅིངས་པ་ལ་ནི་སྙིང་རྗེ་ཆེན་པོ་བསྐྱེད། ། བླ་མེད་བྱང་ཆུབ་སེམས་ནི་དྲི་མེད་རིན་ཆེན་བདག་གིས་ཡང་དག་གོས་པས་ཡོངས་སུ་བསམ་པར་བྱ། །རང་བཞིན་དང་བྲལ་སྟོང་པ་ཉིད། །རྒྱུ་མེད་པས་ནི་མཚན་མ་མེད། །སོ་སོར་རྟོག་གི་ཀུན་བྲལ་བས། །ཇི་སྙེད་སྨོན་པ་མ་ལུས་བྲལ། །དེ་སྐད་ལན་གསུམ་བརྗོད་པར་བྱ། །བསོད་ ནམས་ཚོགས་ནི་རྫོགས་བྱས་ནས། །ཡེ་ཤེས་ཚོགས་ཀྱི་དོན་དུ་ནི། །སྟོང་པ་ཉིད་ནི་བསམ་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྔགས་འདི་བཟླས་པ་བྱས་ནས་སུ། །འགྲོ་བ་ཀུན་གྱི་ལུས་ངག་ཡིད། །དེ་རྣམས་བདག་གིས་ངོ་བོ་གཅིག །རང་བཞིན་མེད་ཕྱིར་ལུས་ ངག་ཡིད། །དེ་རྣམས་རང་བཞིན་བཏགས་པ་ཙམ། །གང་ཕྱིར་བརྟགས་པར་རང་འདོད་དེ། །དེ་ཕྱིར་རང་བཞིན་ལུས་ངག་ཡིད། །ཨོཾ་ཨཱཿཧཱུྃ་ཡིག་གསུམ་བྱས་ལ། །ཧོཿགཉིས་བར་ན་རབ་གནས་པ། །ཟླ་བའི་དཀྱིལ་འཁོར་སྟེང་དུ་ནི། །མདུན་གྱི་མཁའ་ལ་བསམ་པར་བྱ། ། བྱང་ཆུབ་སྒྲུབ་པའི་དུས་སུ་ནི། །བར་དུ་གཅོད་པའི་བགེགས་བསལ་ཕྱིར། །མདུན་དུ་ཉི་མའི་དཀྱིལ་འཁོར་ལ། །ནག་པོ་ཧཱུྃ་ལས་བྱུང་བ་ཡི། །རྡོ་རྗེ་འོད་ཟེར་འབར་བ་ཅན། །དེ་ཡི་འོད་ཟེར་རབ་འཕྲོས་པས། །མཚམས་ཀྱི་ཕྱི་རོལ་དག་ན་ནི། །བགེགས་རྣམས་ཕུར་བུས་གདབ་ པར་བྱ། །ཕྱོགས་དང་མཚམས་སུ་འཕྲོས་པ་ཡིས། །རྡོ་རྗེའི་ར་བ་རབ་བརྩིགས་ཏེ། །སྟེང་དུ་འཕྲོས་པས་རྡོ་རྗེ་གཟེབ། །འོག་ཏུ་འགྲོ་བ་རྣམས་ལས་སུ། །རྡོ་རྗེའི་ས་གཞིར་བསམ་པར་བྱ། །བདུད་དང་བྲལ་བའི་སེམས་ཀྱིས་སུ། །དེ་ཡི་དབུས་སུ་རྡོ་རྗེ་སེམས། །འོག་ནས་ འབྱུང་བ་ལྟ་བུར་བསམ། །དེ་ལས་ཆོས་འབྱུང་ཕྱག་རྒྱར་དཀར། །གྲུབ་ཉིད་ཕྲ་མོ་མར་བལྟས་ནས། །གྱེན་དུ་འགྲེང་པརབ་གནས་པས། །ནང་ཉིད་ནམ་མཁའ་ལྟ་བུ་ཡི། །དབུས་སུ་སེར་པོ་བཾ་ལས་བྱུང་། །སྣ་ཚོགས་པདྨ་རྣམ་བསམས་ཏེ། །དེ་སྟེང་ཁཾ་ནི་ལྗང་གུ་ལས། ། སྣ་ཚོགས་རྡོ་རྗེ་བསམ་པར་བྱ། །དེ་སྟེང་ཟླ་བའི་དབུས་སུ་ནི། །དཀར་པོ་བྲུཾ་ལས་བྱུང་བ་ཡི། །རྩིབས་བརྒྱད་འཁོར་ལོའི་ལྟེ་བ་ལ། །བྲུཾ་གྱིས་མཚན་པ་རྣམ་པར་བསམ། །དེ་ལས་སྣང་མཛད་རིག་མར་བཅས། །དེ་ལས་བྱུང་བའི་གཞལ་མེད་ཁང་། །གྲུ་བཞི་པ་ལ་སྒོ་བཞི་པ། །ཏྭ་ར་ ཎ་བཞིས་བརྒྱན་པ་སྟེ། །ཧ་ར་ཧ་ར་ཕྱེད་པས་བརྒྱན། །སྣ་ཚོགས་པདྨ་བཅུ་དགུའི་སྟེང་། །ཉི་མའི་གདན་ནི་བདུན་རྣམས་དང་། །ཟླ་བ་བཅུ་གཉིས་དང་ལྡན་པ། །དེ་ལྟ་བུ་ནི་རྣམ་པར་བསམ། །དེ་ཡི་དབུས་ཀྱི་ཟླ་བ་ལ། །ཡི་གེ་གསུམ་ལ་གནས་པའི་སེམས། །རབ་ཏུ་གོམས་པར་ བསམ་བྱས་ཏེ། །ཕྱོགས་བཅུའི་འཇིག་རྟེན་ཁམས་གནས་པའི། །བདེ་གཤེགས་འགྲོ་བ་མ་ལུས་རྣམས། །བྱང་ཆུབ་རྒྱུ་ལ་ངེས་བྱེད་པས། །དེ་ཡི་དུས་སུ་གཟིགས་པར་བྱ། །དེ་རྣམས་མངོན་དགའ་སྒྲུབ་རྟེན་དུ། །ཐབས་དང་ཤེས་རབ་རང་བཞིན་གྱིས། །སྒྲ་ཡིག་བཅུ་དྲུག་ ཉིས་འགྱུར་དང་། །གནས་ཀྱི་ཡི་གེ་སུམ་ཅུ་བཞི། །ཡ་ར་ལ་ཝ་ཌ་ཌྷར་ལྷག། །བཞི་བཅུ་ཉིས་འགྱུར་དུ་བྱས་པའི། །ཡི་གེ་བརྒྱད་ཅུ་གཟུགས་སུ་འགྱུར། །དེ་ནས་གཞལ་མེད་ཁང་པ་ཡི། །སྟེང་གི་མཁའ་ལ་འབྱོར་གྱུར་ནས། །དེ་རྣམས་ཡེ་ཤེས་ཀྱིས་བསྐུལ་ཏེ། །སེམས་ཉིད་ དྲངས་ནས་གཅིག་ཏུ་འགྱུར། །དེ་ནས་ནང་གི་ཟླ་བ་ལ། །ཡི་གེ་ཕྲེང་བ་རིམ་པ་གཉིས། །འོག་དང་སྟེང་དུ་གནས་པ་ལས། །ཐབས་དང་ཤེས་རབ་རང་བཞིན་དང་། །སྨོན་དང་འཇུག་པའི་སེམས་དང་ནི། །མཚན་དང་དཔེ་བྱད་རང་བཞིན་གྱི། །ཟླ་བ་གཉིས་སུ་ འགྲུབ་པར་བྱ། །དེ་གཉིས་དྲི་མེད་འོད་གསལ་ཕྱིར། །མེ་ལོང་ཡེ་ཤེས་མངོན་གྱུར་པའོ། །དེ་གཉིས་གཅིག་ཏུ་གྱུར་པ་ནི། །མཉམ་ཉིད་གཅིག་ཏུ་མཐོང་བའོ། །དེ་ལས་དཀར་པོ་ཧཱུྃ་དུ་གྱུར། །དེ་ལས་རྡོ་རྗེ་དམར་པོ་ཉིད། །ཧཱུྃ་གིས་མཚན་པ་བསམ་བྱ་སྟེ། །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས། བདག་ལ་དེ་ཡི་ང་རྒྱལ་བྱ། །དེ་ཉིད་ཀུན་རྟོག་ཡེ་ཤེས་སོ། །དེ་ནས་ཧཱུྃ་ལས་བྱུང་བ་ཡི། །བདེ་གཤེགས་རྣམས་ཀྱིས་ཇི་སྙེད་པའི། །འགྲོ་བ་བདེ་གཤེགས་ཉིད་བྱས་ནས། །ཧཱུྃ་གི་ནང་དུ་ཐིམ་བྱས་ཏེ། །ཨོཾ་ཡ་ཐ་སརྦ་ཏ་ཐཱ་ག་ཏ་ཨཱ་ཧཾ་ཞེས། །བདག་ལ་དེ་ཡི་ང་རྒྱལ་བྱ། །ནན་ཏན་ཡེ་ ཤེས་མཐོང་བའོ། །ཧཱུྃ་གི་འོད་ཟེར་གྱིས་བསྐུལ་ནས། །ནམ་མཁར་གནས་པའི་བདེ་གཤེགས་རྣམས། །ཧཱུྃ་ཉིད་ལ་ནི་ཐིམ་པར་བྱ། །དེ་གཉིས་ཞུ་བར་གྱུར་པ་ལས། །དབུས་ཞལ་སྐུ་ནི་ཆུ་ཤེལ་མདོག། །གཡས་དང་གཡས་མིན་གནག་དང་དམར། །དབུ་བརྒྱན་མི་བསྐྱོད་པས་གནོན་ པས། །རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཤིང་། །ཟླ་བའི་གདན་དང་རྒྱབ་རྟེན་ལྡན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཕྱག་གཉིས་བདག་འོད་རིག་མ་འཁྱུད། །གཡས་གཉིས་རྡོ་རྗེ་རལ་གྲི་སྟེ། །གཡོན་གཉིས་རིན་ཆེན་པདྨ་འཛིན། །དེ་འདྲའི་རྣམ་པ་དང་ལྡན་པའི། །རྡོ་རྗེ་སེམས་དཔའ་ རབ་ཏུ་བསྒོམ། །དེ་ཉིད་ཤིན་ཏུ་རྣམ་དག་པའི། །ཆོས་དབྱིངས་ཡེ་ཤེས་རབ་རྫོགས་པའོ། །དེ་ནས་འདོད་ཆགས་ཆེན་པོ་ཡིས། །འདུལ་བའི་འཇིག་རྟེན་མཐོང་གྱུར་ནས། །བདེ་བའི་སྒྲ་ཡིས་རྒྱལ་བའི་ཚོགས། །བསྐུལ་ནས་བྱོན་པར་གྱུར་པ་རྣམས། །བ་སྤུའི་བུ་གར་ཐིམ་གྱུར་ནས། །མི་ སྣང་བར་ནི་རྒྱས་གྱུར་ཏེ། །རང་གི་རིག་མ་དགའ་བར་བྱས། །དེ་ནས་ཐིམ་པའི་རྒྱལ་བའི་ཚོགས། །རང་རང་རིགས་དང་ཡོངས་འབྲེལ་པའི། །སྤྱན་ལ་སོགས་པའི་ལྷ་མོ་གཟུགས། །རིག་གི་རྡོ་རྗེ་མ་ཡི་བར། །རང་གི་བ་སྤུའི་བུ་ག་ནས། །སྤྲོས་ཏེ་ཡུམ་གྱི་བ་སྤུ་ཡི། །བུ་གར་ཐིམ་པས་ ཐབས་ཉིད་མཉེས། །དེ་ནས་ཡེ་ཤེས་སེམས་དཔའ་ཡི། །ས་བོན་འོད་ཀྱིས་བདེ་གཤེགས་རྣམས། །བཀུག་ནས་ཞལ་དུ་ལམ་ཞུགས་ནས། །སྐུ་ལ་ཐིམ་ནས་ཞུ་བྱས་ཏེ། །རྡོ་རྗེར་ལམ་བྱུང་པདྨར་གནས། །དེ་ལས་རྡོ་རྗེ་སེམས་དཔའ་ཉིད། །གཙོར་བྱས་ལྷ་ནི་བཅུ་དགུ་ཡི། ། དཀྱིལ་འཁོར་འཁོར་ལོ་རབ་ཏུ་བསམ། །དེ་ནང་བློ་ཡིས་སེམས་ཅན་རྣམས། །སྒོ་བཞིའི་ལམ་ནས་ཞུགས་པར་བསམ། །དེ་ནས་ཡེ་ཤེས་སེམས་དཔའ་ནི། །འོད་ཀྱིས་བདེ་གཤེགས་རྣམས་བཀུག་ནས། །ཞལ་གྱི་ལམ་ཞུགས་ཞུ་བྱས་ཏེ། །རྡོ་རྗེར་ལམ་བྱུང་དབང་ཡང་བསྐུར། ། དེ་ཡི་མཐུ་ཡིས་སེམས་ཅན་རྣམས། །བདེ་དང་ཡིད་བདེ་ཐོབ་པར་འགྱུར། །ཇི་ལྟར་རིམ་པར་དབྱེ་བ་ཡི། །མིག་དང་རྣ་བ་སྣ་དང་ནི། །ལྕེ་དང་ལུས་དང་ཡིད་དག་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ས་དང་ཆུ་དང་མེ་དང་རླུང་། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་ ཤེས་རྣམ་དག་པས། །དེ་ལས་ཀྵིཾ་ཛྲིཾ་ཁཾ་གཾ་ཥྐཾ་སཾ། ཛཿཧཱུྃ་བཾ་ཧོཿ། ཁཾ་རཾ་ལཾ་མཱཾ་པཾ་ཏཱཾ། བྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུྃ་ཞེས་བྱ་བའི་ས་བོན་རྣམས་སུ་གྱུར། །དེ་ལས་འཁོར་ལོ་རྡོ་རྗེ་དང་། །རིན་པོ་ཆེ་དང་པདྨ་དང་། །རལ་གྲི་དང་ནི་རྡོ་རྗེ་དང་། །མེ་ལོང་པི་ཝང་དྲི་ཡི་ཅང་། །རོ་ཡི་སྣོད་དང་སྣ་ཚོགས་གོས། ། ཆོས་ཀྱི་འབྱུང་གནས་ཕྱག་རྒྱ་དང་། །འཁོར་ལོ་ཨུཏྤལ་དམར་པོ་དང་། །པདྨ་དམར་དང་ཨུཏྤལ་སེར། །འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲི་རྡོ་རྗེ་ཕྱག་མཚན་རྣམས། །རང་རང་ས་བོན་མཚན་པར་གནས། །ས་བོན་ཕྱག་མཚན་དེ་ཉིད་ལས། །ས་སྙིང་ཕྱག་ན་རྡོ་རྗེ་དང་། །ནམ་སྙིང་ འཇིག་རྟེན་དབང་ཕྱུག་དང་། །སྒྲིབ་པ་རྣམ་སེལ་ཀུན་དུ་བཟང་། །གཟུགས་སྒྲ་དྲི་རོ་རེག་དང་ནི། །ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་དང་། །སྤྱན་ཡངས་མ་དང་མཱ་མ་ཀཱི། །གོས་དམར་མོ་དང་སྒྲོལ་མ་དང་། །རྣམ་སྣང་མཛད་དང་རིན་ཆེན་འབྱུང་། །སྣང་མཐའ་ཡས་དང་དོན་ཡོད་གྲུབ། །མི་ བསྐྱོད་པ་རྣམས་རབ་ཏུ་གྲུབ། །དེ་ནས་པདྨའི་གཞལ་ཡས་ནས། །བློ་ཡིས་ཕྱི་རོལ་དབྱུང་བྱས་ཏེ། །དེ་རྣམས་ཕན་པར་ཤེས་ནས་སུ། །བཅོམ་ལྡན་ཕྱག་འཚལ་བསྟོད་བྱས་ནས། །བཅོམ་ལྡན་སེམས་ཅན་དོན་དུ་ནི། །མཁའ་ལ་ཕྱོགས་བཅུར་སྤྲོས་པར་བསམ། །འགྲོ་བའི་དབང་ བསྐུར་རྫོགས་བྱས་ནས། །རང་གི་ཞལ་གྱི་ལམ་དུ་ནི། །ཡི་གེ་གསུམ་ཉིད་ཞུགས་བྱས་ཏེ། །ཞུགས་ནས་རྡོ་རྗེའི་ལམ་ནས་སུ། །པདྨོ་དབུས་སུ་བབས་པར་བྱ། །དེ་ཡི་འོད་ཟེར་དམར་འཕྲོས་པས། །རེག་པས་ཡབ་ཡུམ་གཉི་ག་ཡང་། །འདོད་ཆགས་ཆེན་ པོའི་མེ་ཡིས་ནི། །ཡོངས་སུ་ཞུ་བར་གྱུར་པར་བསམ། །དེ་ནས་ཁུ་བ་དེ་ཉིད་ལས། །མཱ་མ་ཀཱིནི་དབྱུང་བྱས་ནས། །ལྷོ་ནུབ་མཚམས་ཀྱི་གྲྭར་བཞག་སྟེ། །དབྱངས་ཀྱིས་བསྐུལ་བར་བསྒོམ་བྱས་ཏེ། །རྡོ་རྗེ་ཐུགས་ཁྱོད་སེམས་ཅན་དབྱིངས་ཀྱི་ཁམས་ཀྱི་དབང་ཕྱུག་སྟེ། །དགའ་ བའི་རྣམ་པ་ཡིད་འོང་མཁྱེན་པ་བདག་ལ་ཐར་པར་མཛད་དུ་གསོལ། །སེམས་ཅན་སྐྱེད་བྱེད་གཉེན་མཆོག་འདོད་པའི་དོན་ཆེན་རྣམས་ཀྱིས་ནི། །མགོན་པོ་བདག་ནི་གསོན་པར་མཆིས་བཞེས་དགྱེས་པར་མཛད་དུ་གསོལ། །ཅི་འཆད་འདི་ཡིས་བསྐུལ་མ་ཐག། །ཁུ་བ་ཉིད་ལ་ ཐིམ་པར་བྱ། །རིམ་བཞིན་ལྷ་མོ་གསུམ་པོ་ཡང་། །ཁུ་བ་ཉིད་ལས་ཕྱུང་ནས་ནི། །མེ་དང་རླུང་དང་དབང་ལྡན་གྲྭར། །གནས་ནས་བསྐུལ་བར་བྱེད་པར་བསམ། །རྡོ་རྗེ་སྐུ་ཁྱོད་སེམས་ཅན་ཀུན་གྱིས་དགའ་བར་མཁྱེན་པ་པོ། །སངས་རྒྱས་འཁོར་ལོ་དོན་དུ་དོན་དམ་བྱང་ཆུབ་ བསྟན་པ་ཅན། །མགོན་པོ་ཆེན་པོ་བདག་ཉིད་ལེགས་པར་གསོན་པར་མཆིས་བཞེད་ན། །འདོད་ཆགས་ཀྱིས་ནི་འདོད་ཆགས་དམ་ཚིག་བདག་ལ་དགྱེས་པར་མཛོད། །རྡོ་རྗེ་གསུང་ཁྱོད་ཐམས་ཅད་ཀྱིས་ནི་ཐུགས་རྗེ་དང་ལྡན་པ། །འཇིག་རྟེན་དོན་གྱི་དགོས་པའི་དོན་ཀུན་དམ་པའི་སྤྱོད་པ་ཅན། ། མགོན་པོ་ཆེན་པོ་བདག་ཉིད་གལ་ཏེ་གསོན་པར་མཆིས་བཞེད་ན། །ཀུན་དུ་བཟང་པོ་བདེ་བར་སྤྱོད་པ་བདག་ལ་དགྱེས་པར་མཛོད། །རྡོ་རྗེ་འདོད་པ་ཁྱེད་ནི་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་པའི་སངས་རྒྱས་གསུང་དངོས་མཉམ་པའི་ཐུགས་རྗེ་ཅན། །མགོན་པོ་ཆེན་པོ་ བདག་ཉིད་གལ་ཏེ་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་བཞིན་བདག་ལ་དགྱེས་པར་མཛོད། །རིམ་བཞིན་དབྱངས་ཀྱིས་བསྐུལ་མ་ཐག། །རིམ་པ་བཞིན་དུ་ཐིམ་པར་བྱས། །ལྷ་མོས་བསྐུལ་བའི་དབང་གིས་སུ། །བྱང་ཆུབ་སེམས་བྱུང་ས་བོན་མཾ། །གུར་ གུམ་མདོག་འདྲར་རྣམ་བསམས་ཏེ། །དེ་ལས་རལ་གྲིའི་ཡུ་བ་ལ། །ཟླ་བའི་སྟེང་དུ་མཾ་གྱིས་མཚན། །དེ་ཡི་འོད་ཀྱི་མཁའ་དབྱིངས་ན། །གནས་པའི་བདེ་བར་གཤེགས་པ་རྣམས། །འཇམ་པའི་རྡོ་རྗེའི་སྐུར་བྱས་ཏེ། །བཀུག་ནས་མཾ་ལ་ཞུགས་པར་བྱ། །དེ་གཉིས་ཞུ་བར་གྱུར་པ་ལས། ། དབུས་ཞལ་སྐུ་ནི་གུར་གུམ་མདོག། །གཡས་དང་གཡས་མིན་གནག་དང་དཀར། །ཕྱག་གཉིས་རང་འོད་རིག་མ་འཁྱུད། །གཡས་གཉིས་རལ་གྲི་མདའ་འཛིན་པ། །གཡོན་གཉིས་གཞུ་དང་ཨུཏྤལ་སྔོ། །རིན་ཆེན་དབུ་རྒྱན་དང་ལྡན་པ། །རྡོ་རྗེ་སྐྱིལ་ཀྲུང་ཤིན་ཏུ་བརྟེན། །རྒྱན་རྣམས་སོ་ སོར་བརྒྱན་བྱས་པའི། །འཇམ་དབྱངས་དཔལ་དང་ལྡན་པ་བསམ། །ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབ། །གཉེན་པོའི་བསྙེན་པའི་ཡན་ལག་དང་། །འདྲ་བར་འབྱུང་བའི་འབྲས་བུའོ། །དེ་ནས་རང་གི་མིག་གཉིས་ཀྱི། །དབུས་སུ་ཟླ་བ་རེ་རེ་ལ། ། ཀྵི་དཀར་པོ་ལས་བྱུང་བ་ཡི། །འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི། །ལྟེ་བར་ཀྵིཾ་ཡིས་མཚན་པ་བསམ། །དེ་ལས་ས་ཡི་སྙིང་པོ་ཉིད། །གཡས་གནག་གཡོན་ནི་དམར་བའི་ཞལ། །གཡས་གཉིས་འཁོར་ལོ་རལ་གྲི་འཛིན། །གཡོན་གཉིས་ནོར་བུ་པདྨ་འཛིན། །རྣ་བའི་བུ་ག་ གཉིས་པོ་ལ། །ཟླ་བའི་དབུས་སུ་ནག་པོ་ཛྲིཾ། །དེ་ལས་རྡོ་རྗེ་ཛྲིཾ་གིས་མཚན། །དེ་ལས་ཕྱག་ན་རྡོ་རྗེ་ཉིད། །གཡས་དང་གཡོན་དཀར་དམར་བའི་ཞལ། །གཡས་གཉིས་རྡོ་རྗེ་རལ་གྲི་འཛིན། །གཡོན་གཉིས་ནོར་བུ་པདྨར་ལྡན། །སྣ་ཡི་བུ་ག་གཉིས་པོ་ལ། །ཟླ་བའི་དབུས་སུ་ཁཾ་སེར་ པོ། །དེ་ལས་རིན་ཆེན་ལྗང་གུ་ནི། །ཁཾ་གིས་མཚན་པ་ལས་བྱུང་བའི། །ནམ་མཁའི་སྙིང་པོ་བསམ་པར་བྱ། །གཡས་སྔོ་གཡོན་ནི་དཀར་བའི་ཞལ། །གཡས་གཉིས་ནོར་བུ་རལ་གྲི་འཛིན། །གཡོན་གཉིས་འཁོར་ལོ་པདྨ་འཛིན། །ལྕེ་དབུས་ཟླ་བའི་དཀྱིལ་འཁོར་ལ། །དམར་ པོ་གཾ་ལས་བྱུང་བ་ཡི། །པདྨ་གཾ་གིས་མཚན་པ་བསམ། །དེ་ལས་འཇིག་རྟེན་དབང་ཕྱུག་ཉིད། །གཡས་གནག་གཡོན་ནི་དཀར་བའི་ཞལ། །གཡས་གཉིས་པདྨ་རལ་གྲི་འཛིན། །གཡོན་གཉིས་ནོར་བུ་འཁོར་ལོ་འཛིན། །དཔྲལ་བའི་དབུས་སུ་ཟླ་བ་ལ། །ཥྐཾ་ཉིད་ལྗང་གུ་ ལས་བྱུང་བའི། །རལ་གྲིའི་ཡུ་བ་ཥྐཾ་གིས་མཚན། །དེ་ལས་སྒྲིབ་པ་རྣམ་སེལ་ཉིད། །གཡས་སྔོ་གཡོན་ནི་དཀར་བའི་ཞལ། །གཡས་གཉིས་འཁོར་ལོ་རལ་གྲི་འཛིན། །གཡོན་གཉིས་ནོར་བུ་པདྨ་འཛིན། །ལྟེ་བའི་དབུས་སུ་ཟླ་བ་ལ། །དཀར་པོ་སཾ་ལས་ བྱུང་བ་ཡི། །རྡོ་རྗེ་བུམ་པ་སཾ་གིས་མཚན། །དེ་ལས་ཀུན་དུ་བཟང་པོ་ཉིད། །གཡས་གནག་གཡོན་ནི་དམར་བའི་ཞལ། །གཡས་གཉིས་རྡོ་རྗེ་རལ་གྲི་འཛིན། །གཡོན་གཉིས་ནོར་བུ་པདྨ་འཛིན། །རང་རང་ས་བོན་ཇི་ལྟ་བར། །དབུས་ཀྱི་ཞལ་དང་མཚན་མ་དང་། །སྐུ་རྣམས་ ཀུན་ཡང་དེ་བཞིན་དུ། །རྡོ་རྗེ་སྐྱིལ་ཀྲུང་རབ་བརྟན་ཞིང་། །ཕྱག་གཉིས་རང་འོད་རིག་མ་འཁྱུད། །རིན་ཆེན་དབུ་རྒྱན་ལྡན་པའོ། །བསྙེན་པའི་གྲུབ་པའི་ཡན་ལག་དང་། །རྣམ་པར་སྨིན་པའི་འབྲས་བུའོ། །དེ་ནས་སྙིང་གའི་ཟླ་བ་ལ། །ནག་པོ་ཧཱུྃ་ལས་བྱུང་བ་ཡི། །རྡོ་རྗེ་བུམ་པའི་ཧཱུྃ་གིས་ མཚན། །དེ་ནས་རྡོ་རྗེ་བུམ་པ་ལས། །ཧཱུྃ་གིས་མཚན་པ་བསྒོམ་བྱས་ཏེ། །ནང་གི་ཧཱུྃ་དང་རྡོ་རྗེ་ལས། །ཕྱག་ན་རྡོ་རྗེ་ལྟ་བུ་ཡི། །ཐུགས་ཀྱི་རྡོ་རྗེ་བསམ་བྱས་ཏེ། །དེ་ཡི་ཐུགས་ཀར་ཟླ་བ་ལ། །ཧཱུྃ་གིས་མཚན་པ་བསམ་པར་བྱ། །ལྕེ་རྩ་ཟླ་བའི་དཀྱིལ་འཁོར་ལ། །དམར་པོ་ཨཱཿལས་བྱུང་བ་ཡི། ། པདྨའི་དབུས་ན་ཨཱཿཡིས་མཚན། །དེ་ལས་པདྨ་ཨཱཿས་མཚན་པ། །ནང་གི་ཨཱཿདང་པདྨ་ལས། །འཇིག་རྟེན་དབང་ཕྱུག་ལྟ་བུ་ཡི། །ངག་གི་རྡོ་རྗེ་བསམ་བྱས་ཏེ། །དེ་ཡི་ཐུགས་ཀར་ཟླ་བ་ལ། །ཨཱཿལས་པདྨ་དབུས་སུ་ཡང་། །ཨཱཿཡིས་མཚན་པ་བསམ་པར་བྱ། །མགོ་ དབུས་ཟླ་བའི་དཀྱིལ་འཁོར་ལ། །ཨོཾ་ལས་འཁོར་ལོའི་ལྟེ་བ་ལ། །ཨོཾ་གྱིས་མཚན་པ་བསམ་པར་བྱ། །དེ་ལས་འཁོར་ལོ་ཨོཾ་གྱིས་མཚན། །ནང་གི་ཨོཾ་དང་འཁོར་ལོ་ལས། །ས་ཡི་སྙིང་པོ་ལྟ་བུ་ཡི། །སྐུ་ཡི་རྡོ་རྗེ་བསམ་པར་བྱ། །དེ་ཡི་ཐུགས་ཀར་ཟླ་བ་ལ། །ཨོཾ་ལས་འཁོར་ ལོ་ལྟེ་བ་ལ། །ཨོཾ་གྱིས་མཚན་པ་བསམ་པར་བྱ། །དེ་ནས་ཐུགས་སོགས་རྡོ་རྗེ་ཡི། །ཐུགས་ལས་འོད་ཟེར་རབ་སྤྲོས་ནས། །སྤྱན་སོགས་ལྷ་མོ་བཅུ་རྣམས་ཀྱིས། །མཁའ་ལ་གནས་པའི་བདེ་གཤེགས་རྣམས། །སོ་སོ་ཐུགས་ཀ་ལ་སོགས་ལ། །གནས་པའི་ཐུགས་སོགས་ རྡོ་རྗེ་ལ། །མཆོད་ནས་ཞུ་བ་གསོལ་བར་བྱ། །དཔལ་ལྡན་ཐུགས་ནི་རྡོ་རྗེ་འཆང་། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེ་རིང་བདག་དབང་བྱིན་གྱིས་རློབས། །རྡོ་རྗེ་ཐུགས་ཅན་མཛད་དུ་གསོལ། །དེ་ནི་རང་གིས་བསྒོམ་པ་ལའོ། །ཕྱོགས་བཅུར་བཞུགས་པའི་སངས་ རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཀུན། །དེ་རིང་བདག་དབང་བྱིན་གྱིས་རློབས། །རྡོ་རྗེ་ཐུགས་ཅན་མཛད་དུ་གསོལ། །དེ་ནི་ལྷུན་གྱིས་གྲུབ་པ་ཡི། །ཐུགས་ཀ་ན་ནི་གནས་པ་ལའོ། །དེ་ནས་ལྷུན་གྱིས་གྲུབ་པ་ཡི། །ཐུགས་ཀྱི་རྡོ་རྗེ་མ་ལུས་རྣམས། །རང་གི་ཉིད་ལ་ ཞུགས་བྱས་ལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་གཉིས་སུ་མེད་པར་བྱིན་གྱིས་བརླབ། །ཆོས་ཀྱི་ངག་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱིད་གསུམ་བསྒོམས་པས། །དེ་རིང་བདག་དབང་བྱིན་གྱིས་རློབས། །རྡོ་རྗེ་གསུང་ཅན་མཛད་དུ་གསོལ། །ཕྱོགས་ བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཀུན། །དེ་རིང་བདག་དབང་བྱིན་གྱིས་རློབས། །རྡོ་རྗེ་གསུང་ཅན་མཛད་དུ་གསོལ། །དེ་ཡིས་དེ་བཞིན་གཤེགས་པ་ཡི། །གསུང་གི་རྡོ་རྗེ་ཇི་སྙེད་རྣམས། །རང་གི་ཉིད་ལ་ཞུགས་བྱས་ལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ བཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་གཉིས་སུ་མེད་པར་བྱིན་གྱིས་བརླབ། །དཔལ་ལྡན་སྐུ་ནི་རྡོ་རྗེ་འཆང་། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེ་རིང་བདག་དབང་བྱིན་གྱིས་རློབས། །རྡོ་རྗེ་སྐུ་ཅན་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ ཕྱེད་གསུམ་བསྒོམས་ཀུན། །དེ་རིང་བདག་དབང་བྱིན་གྱིས་རློབས། །རྡོ་རྗེ་སྐུ་ཅན་མཛད་དུ་གསོལ། །དེ་ཡིས་དེ་བཞིན་གཤེགས་པ་ཡི། །སྐུ་ཡི་རྡོ་རྗེ་ཇི་སྙེད་རྣམས། །རང་གི་ཉིད་ལ་ཞུགས་བྱས་ལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་གཉིས་སུ་མེད་པར་བྱིན་ གྱིས་བརླབ། །བསྙེན་པའི་སྒྲུབ་པའི་ཡན་ལག་དང་། །སྐྱེས་བུ་བྱེད་པའི་འབྲས་བུའོ། །དེ་ནས་ནུ་མའི་བར་དུ་ནི། །ཟླ་བའི་དབུས་སུ་མཾ་ལས་བྱུང་། །རལ་གྲིའི་ཡུ་བ་མཾ་གྱིས་མཚན། །དེ་ནས་རལ་གྲིའི་ཡུ་བ་ལའང་། །མཾ་གིས་མཚན་པར་རབ་བསམས་ཏེ། །ནང་གི་དེ་གཉིས་ལས་བྱུང་ བའི། །དམ་ཚིག་སེམས་དཔའ་འདྲ་བ་ཡི། །ཡེ་ཤེས་སེམས་དཔའ་གནས་དང་བཅས། །དེ་ཡི་ཐུགས་ཀར་ཟླ་བ་ལ། །མཾ་ལས་རལ་གྲིའི་ཡུ་བ་ལའང་། །ཟླ་བའི་སྟེང་དུ་མཾ་བསམས་ཏེ། །དེ་ཡི་འོད་ཟེར་གྱིས་བསྐུལ་ནས། །ནམ་མཁར་གནས་པའི་བདེ་ གཤེགས་རྣམས། །སོ་སོར་འོད་ཟེར་ལས་བྱུང་བའི། །སྤྱན་སོགས་ལྷ་མོ་བཅུ་རྣམས་ཀྱིས། །བུམ་པའི་ཡེ་ཤེས་ཆུ་རྒྱུན་གྱིས། །དྲི་མ་མེད་བྱས་དབང་བསྐུར་ཞེས། །ཆུ་དང་ལྷ་མོ་སྐུར་ཐིམ་སྟེ། །མི་བསྐྱོད་དབུ་རྒྱན་རབ་ཏུ་གྲུབ། །བསྙེན་པའི་སྒྲུབ་པ་ཆེན་པོ་ཡི། །དྲི་མ་མེད་པའི་ འབྲས་བུའོ། །དེ་ནས་མདུན་དུ་ཟླ་བ་བསམ། །ཡི་གེ་གསུམ་ལ་གནས་བྱེད་པའི། །རྣལ་འབྱོར་པ་ཡི་སེམས་ཉིད་ནི། །བག་ཆགས་དངོས་པོ་གང་ཡིན་དེ། །ཟླ་བའི་དབུས་སུ་གནས་བྱས་ལ། །སྔོན་བཞིན་འགྲོ་བའི་བྱང་ཆུབ་རྒྱུར། །འཐད་པའི་བདེ་གཤེགས་མ་ལུས་ཀྱིས། །ཟླ་ བའི་གཉིས་པ་གྲུབ་ལ་སོགས། །མངོན་པར་བྱང་ཆུབ་རྣམ་པ་ལྔས། །རྡོ་རྗེ་སེམས་དཔའ་རབ་ཏུ་བསྒོམ། །གཉི་གའི་དགའ་བ་དག་དང་ནི། །འགྲོ་བ་དབང་བསྐུར་མ་བྱས་པར། །སྔ་མ་བཞིན་དུ་ཡི་གེ་གསུམ། །ཞལ་གྱི་ལམ་དུ་ཞུགས་བྱས་ནས། །ཞུ་ནས་རྡོ་རྗེའི་ལམ་ནས་སུ། །ཕྱུང་ ནས་པདྨོའི་ནང་དུ་གནས། །དེ་ཡི་འོད་ཟེར་འཕྲོས་པ་ཡིས། །འོད་རིགས་བཅས་པར་ཞུ་བར་གྱུར། །ལྷ་མོས་དབྱངས་ཀྱིས་བསྐུལ་པ་ལས། །ཁུ་བ་ལས་བྱུང་མཾ་གྱི་མདོག །གུར་གུམ་ལྟ་བུ་ལས་བྱུང་པའི། །རལ་གྲིའི་ཡུ་བར་ཟླ་བ་འང་། །མཾ་གྱིས་མཚན་པ་བསམ་བྱས་ ཏེ། །དེ་ཡི་འོད་ཀྱིས་མཁའ་དབྱིངས་ན། །གནས་པའི་བདེ་གཤེགས་ཇི་སྙེད་རྣམས། །འཇམ་པའི་རྡོ་རྗེ་མར་བྱས་ཏེ། །བཀུག་ནས་དེ་ལ་ཞུགས་པར་བྱ། །མཾ་དང་རལ་གྲི་དེ་གྱུར་པས། །འཇམ་པའི་རྡོ་རྗེ་ལྟ་བུ་ཡི། །འཇམ་དབྱངས་མ་ནི་བདག་ཉིད་ཀྱིས། །འོད་ཀྱི་ ཐབས་ལ་འཁྱུད་པ་བསྒོམ། །ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །ཞེས་བདག་ཉིད་ང་རྒྱལ་བསྐྱེད་པར་བྱ། །བར་གྱི་བསྙེན་པའི་ཡན་ལག་དང་། །འདྲ་བར་འབྱུང་བའི་འབྲས་བུའོ། །དེ་ནས་སྔོན་དུ་བསྟན་པ་བཞིན། །མིག་ལ་སོགས་པ་བྱིན་གྱིས་བརླབ། །བར་གྱི་ཉེ་བའི་ བསྒྲུབ་པ་དང་། །རྣམ་པར་སྨིན་པའི་འབྲས་བུའོ། །སྔོན་བཞིན་ཐུགས་སོགས་རྡོ་རྗེ་རྣམས། །གྲུབ་པར་འགྱུར་བར་རབ་བསྒོམས་ཏེ། །སྔར་གྱིས་བྱིན་གྱིས་བརླབས་པ་ཙམ། །བར་གྱི་གྲུབ་པའི་ཡན་ལག་དང་། །སྐྱེས་བུ་བྱེད་པའི་འབྲས་བུའོ། །དེ་ནས་འཇམ་པའི་རྡོ་ རྗེ་ཡི། །ཡེ་ཤེས་སེམས་དཔའི་ས་བོན་གྱི། །འོད་ཀྱིས་བདེ་གཤེགས་མ་ལུས་རྣམས། །བསྐུལ་བའི་འོད་ཟེར་ལས་བྱུང་བའི། །སྤྱན་ལ་སོགས་པས་དབང་བསྐུར་ནས། །མི་བསྐྱོད་དབུ་རྒྱན་ལྡན་པར་བྱ། །བར་གྱི་སྒྲུབ་པ་ཆེན་པོ་དང་། །དྲི་མ་མེད་པའི་འབྲས་བུའོ། །དེ་ ནས་སྐྲ་ཡི་ལམ་ནང་གི། །ཟླ་བའི་དབུས་སུ་ཨོཾ་དཀར་པོ། །སྐུ་ཡི་རིགས་ཀྱི་རང་བཞིན་ཏེ། །དེ་ཡི་ཨོཾ་ནི་ཕྲ་མོ་ཡིས། །ནུ་མ་ཡན་ལག་ཁྱབ་པར་བསམ། །སྙིང་གར་ཉི་མ་སྟེང་དུ་ནི། །ནག་པོ་ཧཱུྃ་ནི་བསམ་བྱ་བ། །ཐུགས་ཀྱི་རིགས་ཀྱི་རང་བཞིན་ཏེ། །དེ་ཡི་ཧཱུྃ་ནི་ཕྲ་མོ་ཡིས། ། ལྟེ་བ་ཡན་ཆད་ཁྱབ་པར་བསམ། །ལྟེ་བའི་འོག་ཏུ་ཉི་མ་ལ། །སྭཱ་ཉི་སེར་པོ་རིན་ཆེན་རིགས། །དེ་ཡི་སྭཱ་ནི་ཕྲ་མོ་ཡིས། །རྐེད་པ་ཡན་ཆད་ཁྱབ་པར་བསམ། །གསང་བའི་དབུས་སུ་ཉི་མ་ལ། །ཨཱཿཉིད་དམར་པོ་འདོད་ཆགས་རིགས། །དེ་ལས་འཕྲོས་པའི་ཨཱཿརྣམས་ཀྱིས། ། རྐེད་པ་མ་ལུས་ཁྱབ་པར་བསམ། །བརླ་གཉིས་དབུས་ནས་ཉི་མ་ལ། །ཧཱ་ཉིད་ལྗང་གུ་ལས་ཀྱི་རིགས། །དེ་ཡི་ཧཱ་ནི་ཕྲ་མོ་རྣམས། །རྐང་མཐིལ་ཡན་ཆད་ཁྱབ་པར་བསམ། །རིགས་ལྔའི་ཚོགས་དང་ལྡན་བྱས་ཏེ། །ཧཱུྃ་གིས་རང་གི་རྡོ་རྗེ་ཉིད། །བུམ་པར་བྱས་པ་བསམ་བྱས་ ནས། །ཨོཾ་གྱིས་བུ་ག་གྲུབ་པར་བྱ། །དེ་ཡི་ནང་དུ་ཕཊ་སེར་པོ། །རང་གི་རིག་མའི་པདྨ་ལ། །ནག་པོ་ཧཱུྃ་ཉིད་ཕྲ་མོ་ཡིས། །ཁྱབ་པར་རབ་ཏུ་བསམ་བྱས་ནས། །ཨཱཿཡིས་སྙིང་པོ་འགྲུབ་བྱ་ཞིང་། །བུ་གར་ཕཊ་ཀྱང་བསམ་པར་བྱ། །གནས་སྐབས་ལྔ་དང་གྱུར་པ་ཡི། །ཤེས་ རབ་མ་ཉིད་གྲུབ་བྱས་ལ། །རང་གི་འོད་ཟེར་གྱིས་བསྐུལ་ནས། །རང་གི་རིག་མ་ཉིད་ལ་ཐིམ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་སྔགས་ཉིད་རབ་ཏུ་བཟླས་པར་བྱ། །དང་པོའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་རྫོགས་སོ།། །།དེ་ནས་ རང་གི་ས་བོན་གྱི། །འོད་ཀྱིས་བདེ་གཤེགས་རྣམས་བཀུག་སྟེ། །ཞལ་དུ་ཞུགས་ཏེ་ཞུ་གྱུར་ནས། །པདྨའི་ནང་དུ་འབབ་པར་བྱ། །དེ་ལས་གྱུར་པའི་ས་བོན་མཾ། །དེ་ལས་གཙོ་བོ་མི་བསྐྱོད་པ། །འཁོར་ལོར་བཅས་པ་བསྐོར་བྱས་ཏེ། །འཕྲོ་བའི་སྔགས་ ཀྱིས་རིམ་བཞིན་སྤྲོ། །བཛྲ་དྷྲྀཀ་ཞེས་པས་སུ། །ཕྱག་ན་རྡོ་རྗེ་ལྟ་བུ་ཡི། །མི་བསྐྱོད་པ་ནི་འཕྲོ་བྱས་ཏེ། །སངས་རྒྱས་བྱ་བ་ཀུན་མཛད་ནས། །འདུས་ནས་བདག་ལ་ཞུགས་པར་བྱ། །ཛི་ན་ཛིཀ་ཀ་ཞེས་པས་སུ། །ས་ཡི་སྙིང་པོ་ལྟ་བུ་ཡི། །གོང་མ་ལྟ་བུ་རྣམ་སྣང་མཛད། ། འཕྲོས་ཏེ་འདུས་ནས་རང་མདུན་དུ། །ཤར་གྱི་ཟླ་བར་གནས་པར་བསམ། །རཏྣ་དྷྲྀཀ་ཞེས་པས་སུ། །ནམ་མཁའི་སྙིང་པོ་འདྲ་བ་ཡི། །རིན་ཆེན་འབྱུང་ལྡན་འཕྲོས་བྱས་ནས། །ལྷོ་ཡི་ཉི་མར་གནས་པར་བསམ། །ཨཱ་རོ་ལྀ་ཀ་ཞེས་པས་སུ། །འཇིག་རྟེན་དབང་ཕྱུག་ འདྲ་བ་ཡི། །འོད་དཔག་མེད་པ་འཕྲོས་བྱས་ནས། །ནུབ་ཀྱི་ཉི་མར་གནས་པར་བྱ། །པྲཛྙཱ་དྷྲྀཀ་ཅེས་པས་སུ། །སྒྲིབ་པ་རྣམ་སེལ་འདྲ་བ་ཡི། །དོན་ཡོད་གྲུབ་པ་འཕྲོ་བྱས་ནས། །བྱང་གི་ཉི་མར་གནས་པར་བསམ། །ཀུན་ཀྱང་རལ་པའི་དབུ་རྒྱན་ཅན། །གསུམ་པོ་ཉི་ མའི་འོད་དང་ནི། །སྣང་མཛད་ཟླ་བའི་འོད་འདྲ་བའི། །དཀྱིལ་འཁོར་རྒྱབ་བརྟེན་ལྡན་པའོ། །མོ་ཧ་ར་ཏཱི་ཞེས་པས་སུ། །ས་ཡི་སྙིང་པོ་ལྟ་བུ་ཡི། །སྤྱན་མ་ཤར་ལྷོ་མཚམས་སུ་བསམ། །དྭེ་ཥ་ར་ཏཱི་ཞེས་པས་སུ། །ཕྱག་ན་རྡོ་རྗེ་ལྟ་བུ་ཡི། །མཱ་མ་ཀཱི་ནི་ལྷོ་ནུབ་མཚམས། །རཱ་ གར་ཏཱི་ཞེས་པས་སུ། །འཇིག་རྟེན་དབང་ཕྱུག་འདྲ་བ་ཡི། །གོས་དཀར་མོ་ནི་ནུབ་བྱང་མཚམས། །བཛྲ་ར་ཏཱི་ཞེས་བྱ་བས། །ནམ་མཁའི་སྙིང་པོ་འདྲ་བ་ཡི། །སྒྲོལ་མ་བྱང་ཤར་མཚམས་སུ་བསམ། །དེ་རྣམས་རྩ་བའི་ཕྱག་མཚན་ནི། །འཁོར་ལོ་ཨུཏྤལ་པདྨ་དམར། །ཨུཏྤལ་ སེར་པོར་ཤེས་པར་བྱ། །འཁོར་ལོ་ཕྱི་རོལ་གྲྭ་བཞི་དང་། །ཤར་གྱི་གཡས་གཡོན་ཕྱོགས་གཉིས་ལ། །དེ་ཉིད་གསུམ་གྱི་གོང་མ་ལྟར། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ། །ས་སྙིང་ལ་སོགས་འདྲ་བ་རྣམས། །མེ་ལོང་པི་ཝང་དྲི་ཡི་དུང་། །རོ་ཡི་སྣོད་ དང་སྣ་ཚོགས་གོས། །ཆོས་ཀྱི་འབྱུང་གནས་ཕྱག་རྒྱ་རྣམས། །རིམ་བཞིན་རྩ་བའི་ཕྱག་མཚན་ལྡན། །ཡ་མནྟ་ཀྲྀཏ་ཅེས་པས་སུ། །མི་བསྐྱོད་ལྟ་བུའི་གཤིན་རྗེ་གཤེད། །གོང་མ་ལྟ་བུ་ཤར་སྒོར་བསམ། །པྲཛྙཱནྟ་ཀྲྀཏ་ཅེས་པས་སུ། །རྣམ་པར་སྣང་མཛད་ལྟ་བུ་ཡི། །ཤེས་ རབ་མཐར་བྱེད་ཉི་མའི་གདན། །ཉི་མའི་འོད་ཀྱི་དཀྱིལ་འཁོར་གྱིས། །བྱེ་བྲག་བྱས་པ་ལྷོ་སྒོར་བསམ། །པདྨཱནྟ་ཀྲྀཏ་ཅེས་པས་སུ། །འོད་དཔག་མེད་པ་ལྟ་བུ་ཡི། །པདྨ་མཐར་བྱེད་ནུབ་སྒོར་བསམ། །བིགྷྣཱནྟ་ཀྲྀཏ་ཅེས་པས་སུ། །གཤིན་རྗེ་མཐར་འབྱིན་ལྟ་བུ་ཡི། །བགེགས་ མཐར་འབྱིན་པ་བྱང་གི་སྒོར། །དེ་རྣམས་རྩ་བའི་ཕྱག་མཚན་ནི། །རྡོ་རྗེ་ཐོ་བ་རྡོ་རྗེ་དབྱིག། །པདྨ་རྡོ་རྗེ་ཁ་དབྱེ་བའོ། །ཀུན་ཀྱང་གཡས་བསྐུམ་གཡོན་བརྐྱང་ཞབས། །ཞལ་ནི་དགོད་དང་གདངས་པ་དང་། །ཁྲོ་དང་མཆེ་བ་གཙིགས་པར་ལྡན། །ལྗགས་འདྲིལ་སྤྱན་ཟླུམ་འདྲིལ་བ་ དང་། །ཉི་མ་གསར་ཤར་ལྟ་བུ་དང་། །ཞལ་ནི་ཁྲོ་གཉེར་དང་ལྡན་པ། །གསུས་པ་ཆེ་ཞིང་ཡངས་པ་དང་། །སྲ་ཞིང་ཕྱེ་བ་འཕྱང་བར་ལྡན། །བརླ་དང་བྲང་ཡང་དེ་བཞིན་ཏེ། །ལུས་དང་ཡན་ལག་ཐམས་ཅད་ཀུན། །ཐུང་ཞིང་རབ་ཏུ་སྦོམ་པ་དང་། །སྨ་ར་དམར་སེར་འོད་དང་ལྡན། ། སྐྲ་ཡང་དམར་སེར་འོད་དང་ལྡན། །གྱེན་དུ་འཁྱིལ་ཞིང་འབར་བ་སྟེ། །འོད་ཟེར་འབར་བར་ལྡན་པ་རྣམས། །རང་འོད་རིག་མ་སྨ་ར་མེད། །དང་པོ་ཕྱག་གིས་འཁྱུད་པ་དང་། །སྟག་ལྤགས་སྨད་གཡོགས་དང་ལྡན་པ། །བུང་བ་ནག་པོ་ལྟ་བུ་ཡི། །མཐའ་ཡས་དབུ་ཡི་ཐོད་ དུ་བཅིངས། །མདོག་དམར་དྲག་པོ་ལྟ་བུ་ཡི། །འཇོག་པོ་ཡི་ནི་སྙན་ཆ་དང་། །པདྨ་ཆེན་པོ་དཀར་པོ་ཡིས། །དོ་ཤལ་རྒྱན་ནི་བྱས་པ་སྟེ། །སྟོབས་རྒྱུ་ལྗང་གུ་སེ་རལ་ཁ། །དུང་སྐྱོང་སེར་པོས་ཕྱག་གདུབ་བྱས། །ཁ་དོག་སྣ་ཚོགས་ལྟ་བུ་ཡི། །རིགས་ལྡན་གྱི་ནི་དཔུང་ རྒྱན་དང་། །ནོར་རྒྱས་མདོག་དཀར་སྐ་རགས་བྱས། །པདྨའི་རྩ་བ་ལྟ་བུ་ཡི། །པདྨས་རྐང་གདུབ་བྱས་པ་ཡི། །དེ་རྣམས་རབ་ཏུ་བསམ་པར་བྱ། །དེ་ནས་རང་གི་ས་བོན་གྱི། །འོད་ཟེར་ལྕགས་ཀྱུ་འདྲ་རྣམས་ཀྱིས། །ཁྲོ་བོ་བཞི་ཡི་ཐུགས་བསྐུལ་ནས། །གཤིན་རྗེ་གཤེད་ཀྱིས་ཛཿ ཞེས་བརྗོད། །དེ་ཡི་ཐུགས་ལས་འཕྲོས་པ་ཡི། །ཁྲོ་བོ་རྣམས་ཀྱིས་དཀྱིལ་འཁོར་གྱི། །བགེགས་རྣམས་མེད་པར་བསྲུང་བྱས་ཏེ། །ལྕགས་ཀྱུས་དགུག་པར་བྱས་ནས་སུ། །རྡོ་རྗེ་ར་བ་བཤིག་བྱས་ཏེ། །ཞུགས་ཏེ་རང་གི་མདུན་དུ་ནི། །སྣ་ཚོགས་ པདྨར་གནས་པར་བསམ། །དེ་ནས་སྙིང་ནས་འཕྲོས་པ་ཡི། །ཁྲོ་བོ་རྣམས་ཀྱི་ར་བ་ཉིད། །བཤིག་པ་བརྩིགས་པར་བྱས་ནས་སུ། །ཕྱིར་ཡང་སྙིང་ལ་ཞུགས་པར་བྱ། །དེ་ནས་རང་གི་མདུན་དུ་ནི། །མན་ཇི་གསུམ་ལ་དུང་ཕོར་གསུམ། །མེ་ཏོག་དཀར་པོ་དང་ལྡན་པ། ། ཙནྡན་ཆུ་ཡིས་གང་བར་བྱས། །དེ་མདུན་མན་ཇི་གཉིས་སྟེང་དུ། །གསེར་དང་རིན་ཆེན་ལས་བྱས་པའི། །གསོལ་བའི་སྣོད་གཉིས་གཞག་པར་བྱ། །གཡས་ཕྱོགས་དུང་གི་གསུམ་པ་ལ། །འོག་ནས་འབྱུང་བའི་ཆོ་གས་སུ། །བྱིན་བརླབས་བདུད་རྩི་ལྔ་བླུགས་བྱ། །ཡི་གེ་ གསུམ་གྱི་བར་བྱས་ཏེ། །ཡི་དམ་ལྷ་ཡི་སྔགས་བཟླས་ལ། །ཀུ་ཤའི་བམ་པོ་དང་པོ་ཡི། །དུང་གི་ཆུ་ཡིས་གསོལ་བའི་སྣོད། །དང་པོ་ལན་གསུམ་བཏུང་གཏོར་བྱ། །གཉིས་པའི་ཆུ་དང་མེ་ཏོག་བཅས། །བཟུང་སྟེ་དེ་ཡི་སྣོད་ཉིད་ལ། །ལན་གསུམ་ཉེ་རེག་སྦྱིན་ པར་བྱ། །གསུམ་པ་བདུད་རྩི་དང་ལྡན་པས། །གཉིས་པ་མཆོད་ཡོན་ཆུ་ཡང་སྦྱིན། །དེ་ནས་མེ་ཏོག་བཟུང་བྱས་ཏེ། །ཞབས་བསིལ་ཕྱག་རྒྱ་དང་ལྡན་པར། །དེ་ཡི་སྣོད་ལ་ཞབས་བསིལ་སྦྱིན། །དེ་ནས་རང་སྙིང་འོད་ཟེར་གྱིས། །ཤེས་རབ་མཐར་བྱེད་བསྐུལ་བྱས་ནས། །དེ་ ཡིས་ཧཱུྃ་བརྗོད་སྙིང་ལས་སུ། །བྱུང་བའི་འོད་ཟེར་དཀར་པོ་ཡིས། །ཡེ་ཤེས་དཀྱིལ་འཁོར་བཏེག་བྱས་ནས། །རང་གི་དཀྱིལ་འཁོར་ཞུགས་པར་བྱ། །དེ་ནས་རང་སྙིང་འོད་ཟེར་གྱིས། །པདྨ་མཐར་བྱེད་བསྐུལ་བྱས་ནས། །དེ་ཡིས་བཾ་བརྗོད་ཐུགས་ལས་སུ། །འོད་ཟེར་སེར་པོ་ འཕྲོས་པ་ཡིས། །དཀྱིལ་འཁོར་ཁྱབ་པར་བྱས་ནས་བཅིང་། །དེ་ནས་རང་སྙིང་འོད་ཟེར་གྱིས། །བགེགས་མཐར་ཕྱིན་པ་བསྐུལ་བྱས་ནས། །དེ་ཡིས་ཧོཿབརྗོད་དེ་སྙིང་ལས། །འོད་ཟེར་དམར་པོ་འཕྲོས་པ་ཡིས། །ཁྱབ་པར་རབ་ཏུ་དགའ་བར་བསམ། །ཡང་དག་བསྙེན་ པའི་ཡན་ལག་དང་། །འདྲ་བར་འབྱུང་བའི་འབྲས་བུའོ། །ཀུན་གྱི་མིག་ལ་སོགས་པ་རྣམས། །ས་ཡི་སྙིང་པོ་ལ་སོགས་པར། །རྫོགས་པའི་ཚུལ་གྱིས་བྱིན་གྱིས་བརླབས། །ཡང་དག་སྒྲུབ་པའི་ཡན་ལག་དང་། །རྣམ་པར་སྨིན་པའི་འབྲས་བུའོ། །དེ་རྣམས་ཀུན་ལ་གནས་ གསུམ་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཉིད། །སྔགས་ཀྱིས་བྱིན་གྱིས་བརླབས་བྱས་ཏེ། །རྫོགས་པའི་ཚུལ་དུ་བསྒོམ་པར་བྱ། །ཡང་དག་བསྒྲུབ་པ་ཡན་ལག་དང་། །སྐྱེས་བུ་བྱེད་པའི་འབྲས་བུའོ། །རང་གི་ས་བོན་འོད་ཟེར་གྱིས། །བསྐུལ་ནས་ནམ་མཁར་གནས་པ་ཡི། ། བདེ་གཤེགས་རྣམས་ཀྱི་འོད་ཟེར་ལས། །སྤྱན་སོགས་ལྷ་མོ་བཅུ་རྣམས་ཀྱི། །དབང་བསྐུར་བྱས་ནས་དབུ་རྒྱན་ལ། །རང་རང་བདག་པོ་གྲུབ་བྱ་བ། །བདེ་གཤེགས་ལྔ་དང་མཱ་མ་ཀཱི། །སྒྲ་དང་ཆོས་དབྱིངས་རྡོ་རྗེ་དང་། །ཤེས་རབ་མཐར་ཕྱིན་བགེགས་མཐར་ཕྱིན། །དེ་རྣམས་ བདག་པོ་མི་བསྐྱོད་པ། །སྤྱན་མ་གཟུགས་ཀྱི་རྡོ་རྗེ་དང་། །གཤིན་རྗེ་མཐར་ཕྱིན་རྣམ་སྣང་མཛད། །དྲི་ཡི་རྡོ་རྗེ་རིན་ཆེན་འབྱུང་། །རོ་ཡི་རྡོ་རྗེ་གོས་དཀར་མོ། །པདྨ་མཐར་ཕྱིན་འོད་དཔག་མེད། །སྒྲོལ་མ་རེག་གི་རྡོ་རྗེ་མའི། །དབུ་རྒྱན་བདག་པོ་དོན་ཡོད་གྲུབ། །མི་བསྐྱོད་ དབུ་རྒྱན་རྡོ་རྗེ་སེམས། །སྒྲུབ་པ་ཆེན་པོའི་ཡན་ལག་དང་། །དྲི་མ་མེད་པའི་འབྲས་བུའོ། །དེ་ནས་རང་གི་ས་བོན་གྱི། །འོད་ཀྱིས་བདེ་གཤེགས་རྣམས་བཀུག་སྟེ། །ཞལ་དུ་ཞུགས་ནས་ཞུ་བྱས་ལ། །པདྨོའི་དབུས་སུ་འབབ་པར་བྱ། །ཁུ་བ་དེ་ལས་གྱུར་པ་ཡི། །ཛཿཧཱུྃ་བཾ་ཧོཿ ཁཾ་རཾ་ཞེས། །དང་པོའི་ཕྲེང་བ་དང་ལྡན་པ། །དེ་སྟེང་མཾ་ལཾ་པཾ་ཏཾ་ཞེས། །གཞན་གྱི་སྟེང་དུ་གནས་པར་བྱ། །རང་གི་ས་བོན་འོད་ཟེར་གྱིས། །གཟུགས་སོགས་རྡོ་རྗེ་དགུག་བྱས་ལ། །རང་རང་ས་བོན་ལ་ནི་ཐིམ། །དེ་ཡི་ས་བོན་རྒྱས་པར་འགྱུར། །རིག་མའི་བ་སྤུའི་བུ་ག་ནས། ། ས་བོན་རྣམས་ལས་འོད་འཕྲོས་ཏེ། །དཀྱིལ་འཁོར་ལས་ནི་མཐོང་བར་བྱ། །དེ་ལས་བྱུང་བའི་སྤྱན་ལ་སོགས། །དཀྱིལ་འཁོར་ལ་ནི་འཕྲོ་བྱས་ལ། །རང་རང་རིགས་དང་འབྲེལ་རྣམས་ཀྱི། །རང་གི་འཁོར་ལོ་རབ་ཏུ་མཆོད། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ སྔགས་ཀྱང་རབ་ཏུ་བརྗོད་པར་བྱ། །དེ་ནས་རབ་ཏུ་བསྟོད་པར་བྱ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །དབྱངས་ཀྱི་རྡོ་རྗེ་ཕྱག་འཚལ་བསྟོད། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །རྡོ་རྗེ་ ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག། །ཞེ་སྡང་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་ཤིན་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །མི་ རྟོག་ནམ་མཁའི་རྡོ་རྗེ་འཆང་། །འདོད་ཆགས་ཕ་རོལ་ཕྱིན་པ་ཐོབ། །འོད་གསལ་རྡོ་རྗེ་ཕྱག་འཚལ་བསྟོད། །རྡོ་རྗེ་དོན་གྲུབ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་སུ་གྲུབ། །རང་བཞིན་དག་པ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ བསྟོད། །དེ་ནས་ས་བོན་ཡཾ་གི་མདོག །དུ་བ་ལྟ་བུ་ལས་བྱུང་བའི། །རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ། །གཡས་གཡོན་བ་དན་གྱིས་མཚན་པ། །ཡཾ་གིས་མཚན་པ་བསམ་པར་བྱ། །དེ་སྟེང་རཾ་ནི་དམར་པོ་ལས། །བྱུང་བའི་མེ་ཡི་དཀྱིལ་འཁོར་ནི། །གྲུ་གསུམ་ འབར་བ་རཾ་གྱིས་མཚན། །དེ་སྟེང་ཨ་དཀར་བྱུང་བ་ཡི། །པདྨའི་སྣོད་ནི་ཨ་ཡིས་མཚན། །དེ་ནང་དབུས་ཀྱི་ཕྱོགས་དང་ནི། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་རུ། །རིམ་བཞིན་དྲི་ཆུ་དྲི་ཆེན་དང་། །རཀྟ་དང་ནི་བྱང་ཆུབ་སེམས། །མ་ཧཱ་མཾ་ས་གཞག་པར་བྱ། །དེ་སྟེང་ཤར་དུ་ ཟླ་བ་དང་། །ལྷག་མ་བཞི་ནི་ཉི་མའི་གདན། །དེ་སྟེང་ཧཱུྃ་བྲཱུཾ་ཨཱཾ་ཛྲཱིཾ་ཁཾ། །ས་བོན་རྣམ་ལྔ་མཐོང་བྱས་ནས། །ཡེ་ཤེས་སེམས་དཔའི་ས་བོན་གྱི། །འོད་ཀྱིས་བདེ་གཤེགས་རྣམས་བཀུག་སྟེ། །རང་རང་ས་བོན་ཉིད་དུ་ཐིམ། །དེ་ནས་རླུང་གིས་མེ་བསྐྱོད་ནས། །མེ་ཡི་ཐོད་ པ་བཙོས་པ་ཡི། །རླངས་པ་ལས་བྱུང་ཧཱུཾ་གི་ཚོགས། །དཀར་པོ་ལས་བྱུང་རྡོ་རྗེའི་ཚོགས། །བུམ་པ་ཧཱུྃ་གིས་མཚན་པར་བསམ། །དེ་རྣམས་ཕྲེང་བ་ལྟ་བུའི་རྒྱུན། །ཞུ་ནས་སྣོད་ལ་ཞུགས་པར་བྱ། །དེ་བཞིན་ལན་གཉིས་གསུམ་བཞིའི་བར། །བསམས་ཏེ་རླུང་མེ་ལ་ སོགས་པ། །དེ་རྣམས་མ་ལུས་གྱུར་པར་བསམ། །མེ་ཏོག་པདྨ་དཀར་པོ་ནང་། །བདུད་རྩིས་གང་བར་གྱུར་པར་བསམ། །བསིལ་བར་བྱ་ཕྱིར་དེ་སྟེང་དུ། །དཀར་པོ་ཨཾ་ནི་བསམ་བྱས་ཏེ། །ཞུ་ནས་ནང་དུ་ཞུགས་པར་བྱ། །དེ་ནས་འོད་ཟེར་འབར་འགྱུར་ཏེ། །ཕྱིར་ཡང་དེ་ཉིད་ ཞུགས་པར་བྱ། །རང་གི་ལྕེ་ཡི་དཀྱིལ་དུ་ཡང་། །ཧཱུྃ་ལས་རྡོ་རྗེ་རྩེ་གསུམ་པ། །བུམ་པར་ཧཱུྃ་གིས་བྱིན་བརླབས་བསམ། །དེ་ཉིད་གསུམ་གྱི་གསང་སྔགས་ཉིད། །ཇི་ལྟར་འདོད་པ་བཟླས་བྱས་ཏེ། །བདུད་རྩིས་བཀང་བའི་པདྨ་ལ། །ཡེ་ཤེས་སེམས་དཔའི་ས་བོན་ལས། །འོད་ ཟེར་བྱུང་བས་བསྐུལ་བྱས་ནས། །པདྨ་བཅུ་དགུར་འཕྲོས་གྱུར་ཏེ། །ལྷ་རྣམས་སོ་སོའི་ཕྱག་གནས་ནས། །ཡབ་ཡུམ་དུས་གཅིག་མཐུན་པ་རུ། །བདུད་རྩིའི་རོ་མཆོག་མྱོང་བར་བསམ། །དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་རྫོགས་སོ།། །། དེ་ནས་ཡེ་ཤེས་སེམས་དཔའ་ཡི། །ས་བོན་ལས་ནི་འོད་ཟེར་ཚོགས། །གཞལ་ཡས་ཁང་གི་ཕྱི་རོལ་དུ། །ཁ་དོག་སྣ་ཚོགས་འཕྲོས་པ་ཡི། །རྩེ་གསུམ་བདེ་གཤེགས་བྱུང་རྣམས་ཀྱིས། །འགྲོ་བ་སངས་རྒྱས་པར་བྱས་ནས། །ས་བོན་ཉིད་ལ་ཐིམ་གྱུར་ཏེ། །དེ་ཡིས་ཡང་ དག་རྒྱས་པར་གྱུར། །འོད་ཟེར་བསམ་གྱིས་མི་ཁྱབ་ཕྱིར། །མཾ་དེ་ཉིད་ནི་ཐིག་ལེར་གྱུར། །དེ་ཡི་འོད་ཟེར་རིམ་པ་ཡིས། །དང་པོ་རལ་གྲི་སྣང་བར་བྱས། །དེ་ནས་ཡེ་ཤེས་སེམས་དཔའ་ཡི། །ནང་དང་ཕྱི་དང་ལུས་དང་ནི། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་རྣམས། ། གནས་པའི་རལ་གྲི་དག་དང་ནི། །དམ་ཚིག་སེམས་དཔའི་སྐུ་གསུང་ཐུགས། །རྡོ་རྗེ་ཚུན་ཆད་སྣང་བྱས་ནས། །དེ་ནས་རང་སེམས་ཡི་གེ་མཾ། །ཐིག་ལེ་ལྟ་བུར་ཞུགས་པར་བྱ། །བསྐྱེད་པའི་རིམ་པ་དེ་མ་ཐག །ཏིང་འཛིན་གསུམ་གྱིས་ཡོངས་སུ་གྲུབ། །འཇམ་པའི་རྡོ་ རྗེ་བསམ་བྱས་ནས། །དམ་ཚིག་སེམས་དང་འབྲེལ་པ་ཡི། །རྡོ་རྗེ་ཐུགས་སོགས་ཡན་ཆད་གསལ། །གཞག་པའི་འོད་ཟེར་རྣམས་ཀྱིས་ནི། །དམ་ཚིག་སེམས་དཔའི་ཕྱི་ཡི་སྐུ། །དེ་ཡི་དཀྱིལ་འཁོར་གསལ་བྱས་ནས། །གཞལ་མེད་ཁང་ནས་ཕྱི་རོལ་དུ། །བྱུང་ནས་ འགྲོ་རྣམས་གསལ་བྱས་ནས། །ཡང་ནི་དེ་བཞིན་བཞུགས་པར་བྱ། །དེ་ལྟའི་རིམ་པ་རབ་འཕྲོ་ཞིང་། །ཇི་ཙམ་འདོད་པར་འཕྲོ་འདུ་བྱ། །འདི་ལྟར་ཐིག་ལེ་རྣལ་འབྱོར་བསྒོམ། །ལས་ཀྱི་རྒྱལ་བ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་རྫོགས་སོ།། །། ཐིག་ལེ་རྣལ་འབྱོར་བསྡུ་བྱས་ནས། །ཕྲ་མོ་རྣལ་འབྱོར་བསྒོམ་པར་བྱ། །ཡེ་ཤེས་སེམས་དཔའི་ས་བོན་གྱི། །འོད་ཀྱིས་བདེ་གཤེགས་རྣམས་བཀུག་ནས། །ཞལ་གྱི་ལམ་དུ་ཞུགས་བྱས་ནས། །རྡོ་རྗེའི་ལམ་ནས་པདྨར་གནས། །དེ་ནས་ལས་ཀྱི་ཚད་ཙམ་གྱི། །རལ་གྲི་ཡུ་བར་ གཞལ་མེད་ཁང་། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལྡན། །པདྨོ་དབུས་ན་མཐོང་བར་བྱ། །གཉི་གའི་དགའ་བ་ལ་སོགས་པ། །ཐིག་ལེ་རྣལ་འབྱོར་ཡན་ཆད་པར། །ཏིང་འཛིན་གསུམ་ཉིད་རྫོགས་པ་ཡི། །རང་གི་རྡོ་རྗེ་རྩེ་ལྔ་ཡི། །རྩེ་དབུས་ལྕགས་ཀྱུ་ལྟ་བུ་རུ། །བསམ་སྟེ་ དེ་ཡི་ལྕགས་ཀྱུ་ཡིས། །དམ་ཚིག་སེམས་དཔའི་དཀྱིལ་འཁོར་དང་། །ལྡན་པའི་རལ་གྲི་ཕྲ་མོ་ཉིད། །ཕྱི་རོལ་དུ་ནི་ཕྱུང་བྱས་ཏེ། །པདྨའི་སྣ་རྩེར་གནས་པར་བྱ། །འདི་ཡི་ཐིག་ལེ་རྣལ་འབྱོར་ལ། །དམ་ཚིག་སེམས་དང་འབྲེལ་བ་ཡི། །སྐུ་དང་གསུང་ཐུགས་རྡོ་རྗེ་ལ། ། སྣང་བར་བྱས་པ་ཡན་ཆད་ཀྱི། །འོད་ཀྱིས་དམ་ཚིག་སེམས་དཔའ་ཡི། །ཕྱི་ཡི་ལུས་ཀྱི་དཀྱིལ་འཁོར་གྱི། །ལྷ་རྣམས་རབ་ཏུ་གསལ་བྱས་ནས། །གཞལ་མེད་ཁང་ནས་ཕྱིར་བྱུང་བའི། །འོད་ཀྱིས་ནམ་མཁའ་ཁྱབ་བྱས་ཏེ། །ཕྱིར་ཡང་དེ་ཉིད་ཞུགས་པར་བྱ། །དེ་བཞིན་ ཡང་དང་ཡང་ནི་བསམ། །མཚན་མ་མ་བྱུང་བར་དུ་ནི། །འོད་ཟེར་ཙམ་གྱི་འཕྲོ་འདུ་ཉིད། །ཇི་ཙམ་འདོད་པ་རབ་ཏུ་བྱ། །མཚན་མ་རྣམ་པ་ལྔ་མཐོང་ནས། །ལྷ་དང་ཕྱག་མཚན་ལ་སོགས་པ། །ཡང་ནས་ཡང་དུ་འཕྲོ་འདུ་བྱ། །ཕྲ་མོའི་ཏིང་ངེ་འཛིན་རྫོགས་སོ།། །།ཕྲ་མོའི་ རྣལ་འབྱོར་བསྡུས་མ་ཐག །སྐུ་ཡི་རྡོ་རྗེ་ལ་སོགས་པའི། །ཐུགས་ཀྱི་ཟླ་བ་ལ་གནས་པའི། །ཕྱག་མཚན་དཀྱིལ་ན་གནས་པ་ཡི། །ཨོཾ་སོགས་བཟླས་པའི་དུས་སུ་ནི། །སྐུ་ཡི་རྡོ་རྗེ་ལ་སོགས་དང་། །ལྷ་མོ་བདེ་གཤེགས་བཅས་པ་རྣམས། །པདྨའི་དཀྱིལ་ན་གནས་པ་ཡི། །ལྷ་ མོའི་ས་བོན་ཛཾ་ལ་སོགས། །གཟུགས་ཀྱི་རྡོ་རྗེ་ལ་སོགས་པའི། །མཆོད་པའི་ལྷ་མོར་ལྡན་པ་རྣམས། །རིམ་པར་བྱེ་བྲག་སོ་སོ་ནས། །བཟླས་མ་ཐག་ཏུ་འཕྲོ་བྱས་ཏེ། །བཟླས་པ་ཟིན་པའི་སྐད་ཅིག་ལ། །རང་རང་ས་བོན་ཞུགས་པར་བྱ། །འདི་ལྟར་རིམ་པའི་བཟླས་བརྗོད་ རྫོགས། །རྫོགས་པའི་བཟླས་བརྗོད་ཕྱོགས་སུ་ནི། །རེ་རེ་བརྗོད་པའི་སྐད་ཅིག་ལ། །རང་རང་ས་བོན་རྣམས་ལས་ནི། །སྐུ་ཡི་རྡོ་རྗེ་ལ་སོགས་དང་། །ལྷ་མོ་དེ་བཞིན་གཤེགས་པ་དང་། །ཨོཾ་ལ་སོགས་པའི་ཡི་གེ་རྣམས། །བཟླས་པ་ཟིན་པའི་སྐད་ཅིག་ལ། །རང་རང་ས་བོན་ རྣམས་ལ་ནི། །སྐུ་ཡི་རྡོ་རྗེ་ལ་སོགས་དང་། །ལྷ་མོ་དང་བཅས་བདེ་གཤེགས་ཀུན། །མཆོད་པ་དང་ལྡན་ཞུགས་པར་བྱ། །དེ་ལྟར་རྫོགས་པའི་བཟླས་བརྗོད་བསྒོམ། །བཟླས་པས་ངལ་བར་གྱུར་ན་ཡང་། །སྤྱན་སོགས་ལྷ་མོ་བཞི་རྣམས་ཀྱི། །དབྱངས་ཀྱིས་བླང་ཞིང་བསྐུལ་ནས་ནི། ། སྔོན་བཞིན་དཀྱིལ་འཁོར་མཆོད་པར་བྱ། །སྤྱི་བོར་མཐོ་གང་ཙམ་དུ་ནི། །མཐོ་གང་ཙམ་གྱི་ཟླ་བ་བསམ། །དེ་སྟེང་ཟླ་བ་ཉི་མ་ལ། །བྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུྃ་རྣམ་ལྔ། །དྲི་ཆེན་རྫས་སོགས་སྟེང་དུ་བསམ། །དེ་རྣམས་དབུས་སུ་ཨོཾ་དཀར་པོ། །དེ་ནས་རང་རང་ས་བོན་གྱི། །འོད་ཀྱིས་བདེ་གཤེགས་ བཀུག་བྱས་ནས། །ཞུགས་ཏེ་གཅིག་ཏུ་གྱུར་བྱས་ལ། །དེ་ནས་ཡེ་ཤེས་སེམས་དཔའ་ཡི། །ས་བོན་འོད་ཀྱིས་བསྐུལ་བྱས་ནས། །ཞུ་སྟེ་ཨོཾ་གྱིས་རེག་བྱས་ལ། །དེ་རྒྱུན་མགོ་ལ་འབབ་བྱ་སྟེ། །གཟི་བྱིན་ལྡན་པར་ཤེས་པར་བྱ། །དེ་ནས་སྐད་ཅིག་ངལ་བསོས་ཏེ། །གོང་མ་ལྟ་བུའི་ཆོ་ ག་ཡིས། །གསང་སྔགས་བཟླས་བརྗོད་ཡང་བྱའོ། །གལ་ཏེ་གཤེགས་སུ་གསོལ་འདོད་ན། །སྔོན་བཞིན་མཆོད་དང་བསྟོད་པ་དང་། །བདུད་རྩི་བྱ་བའི་བར་བྱས་ཏེ། །དེ་ཉིད་གསུམ་གྱི་གསང་སྔགས་ཀྱིས། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ལ། །ཕྱི་རོལ་དཀྱིལ་ འཁོར་ཞུགས་པར་བྱ། །དེ་ནས་སྡུག་བསྔལ་ལྡན་པ་ཡི། །སེམས་ཅན་མཐོང་བར་བྱས་ནས་སུ། །སྔོན་དུ་སྨོན་ལམ་བྱས་པ་ཉིད། །མངོན་སུམ་ཉིད་དུ་བསམ་བྱས་ཏེ། །འཇམ་པའི་རྡོ་རྗེ་སྦྱོར་ལྡན་པས། །རང་སེམས་དག་བྱས་ལངས་པར་བྱ། །གཟུགས་སྒྲ་དྲི་རོ་རེག་བྱ་ རྣམས། །རང་གི་སེམས་ཙམ་མིན་པའི་ཕྱིར། །རིམ་བཞིན་རྣམ་པར་སྣང་མཛད་དང་། །མི་བསྐྱོད་པ་དང་རིན་ཆེན་འབྱུང་། །སྣང་བ་མཐའ་ཡས་དོན་ཡོད་གྲུབ། །ཡང་ན་འཇམ་པའི་རྡོ་རྗེ་ཉིད། །ཡང་ན་རྡོ་རྗེ་སེམས་དཔའ་བསམ། །བྱ་བ་མ་ལུས་བྱེད་དོ་ ཅོག །ལྷ་ཡི་དེ་ཉིད་དག་ལྡན་བྱ། །དེ་ཡི་ཐུགས་ཀྱི་ཟླ་བ་ལ། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཉིད། །སེམས་ཀྱིས་བསམ་པར་བྱས་ནས་སུ། །བཟའ་བཏུང་བདུད་རྩིར་རབ་བྱས་ཏེ། །གོང་མ་ལྟ་བུའི་ཆོ་ག་ཡིས། །ཡི་གེ་གསུམ་གྱི་སྔགས་བརྗོད་ལ། །ལྕེ་ལ་རྡོ་རྗེ་ཧཱུྃ་ དཀར་པོ། །དེ་ལས་རྡོ་རྗེ་རྩེ་གསུམ་པ། །བུམ་པར་ཧཱུྃ་གིས་མཚན་བྱས་ཏེ། །དཀྱིལ་འཁོར་ལྷ་རྣམས་མ་ལུས་པར། །ཚིམ་པའི་བསམ་པས་མྱང་བར་བྱ། །ཁྱིམ་ནས་འབྱུང་དང་འཇུག་ལ་སོགས། །ལུས་ངག་ཡིད་ཀྱི་ལས་རྣམས་ཀུན། །སེམས་ཅན་དོན་ལ་སྦྱོར་བ་དང་། ། སངས་རྒྱས་མཆོད་པར་རྣམ་དག་བསམ། །དམ་ཚིག་ཉམས་པ་གསོ་བའི་ཕྱིར། །སྣ་ཚོགས་པདྨར་ཟླ་བ་ལ། །དོན་ཡོད་གྲུབ་པའི་རྣལ་འབྱོར་པས། །འགྲོ་རྣམས་རང་བཞིན་དག་བསམས་ཏེ། །རང་གི་སྙིང་གར་ཟླ་བ་ལ། །ཁཾ་ལས་སྣ་ཚོགས་རྡོ་རྗེ་སྟེ། །དེ་དཀྱིལ་ཟླ་བར་ ཁཾ་ཡང་བསམ། །དེ་ལས་འོད་ཟེར་རྣམས་སྤྲོས་པས། །བདེ་གཤེགས་མ་ལུས་བསྐུལ་བྱས་ཏེ། །དེ་རྣམས་ལས་བྱུང་འོད་ཟེར་ལས། །སྤྱན་སོགས་ལྷ་མོ་བཅུ་རྣམས་ཀྱིས། །རང་ལ་དབང་བསྐུར་བྱས་པར་བསམ། །བླ་མ་བརྙས་སོགས་སྐྱོན་བྱུང་ན། །ཡོན་དང་ལྡན་པའི་མཆོད་བསྟོད་ དག །བླ་མ་ལ་ནི་དབུལ་བྱས་ཏེ། །དབང་བསྐུར་ཆོ་གས་ཁྲུས་ཀྱང་བྱ། །དེ་ནས་ཐོ་རངས་དུས་དང་ནི། །ཉི་མ་ཕྱེད་དང་ནུབ་པ་དང་། །ནམ་ཕྱེད་དུས་དང་རྩེ་གཅིག་པར། །དེ་བཞིན་ཐམས་ཅད་བསྒོམ་པར་བྱ། །བྱ་བས་བསྐལ་པའི་རྣལ་འབྱོར་པ། །ཐོ་རངས་དུས་ན་ཏིང་འཛིན་ གསུམ། །མ་ལུས་པར་ནི་བསྒོམ་པར་བྱ། །དེ་ལས་གཞན་པའི་དུས་ན་ནི། །བདེ་བའི་སྟན་ལ་འདུག་བྱས་ཏེ། །ཡི་དམ་ལྷ་ཡི་སྙིང་ག་རུ། །མཚན་མ་ལ་སོགས་བསམ་བྱས་ལ། །དེ་ཉིད་གསུམ་གྱི་གསང་སྔགས་ཀྱིས། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ལས། །དམ་ ཚིག་སེམས་དཔའི་དཀྱིལ་འཁོར་སྤྲོ། །དེ་བཞིན་དབང་བསྐུར་མཆོད་པ་དང་། །བསྟོད་དང་བདུད་རྩི་མྱང་ལ་སོགས། །བྱས་ནས་སྔགས་ཀྱི་བཟླས་བརྗོད་བྱ། །ལྡང་བར་འདོད་པའི་རྣལ་འབྱོར་པས། །སྔོན་བཞིན་མཆོད་དང་བསྟོད་པ་དང་། །བདུད་རྩི་མྱང་བའི་བར་བྱས་ཏེ། ། ཡི་གེ་གསུམ་གྱིས་ཕྱི་རོལ་གྱི། །དཀྱིལ་འཁོར་ཡེ་ཤེས་སེམས་དཔའ་ཡི། །འཁོར་ལོ་ཉིད་ལ་ཞུགས་པར་བྱ། །གོང་མ་ལྟ་བུར་བྱ་བ་རྣམས། །མ་ལུས་རབ་ཏུ་སྤྱོད་བྱེད་ཅིང་། །ནམ་ཕྱེད་དུས་སུ་རྣལ་འབྱོར་པས། །ཨོཾ་ཨཱཿཧཱུྃ་མུཿཞེས་སྔགས་ཀྱིས། །མཆོད་པ་ལ་ སོགས་རབ་བྱས་ཏེ། །ཡེ་ཤེས་དཀྱིལ་འཁོར་གཤེགས་པར་བྱ། །དེ་ཉིད་གསུམ་གྱི་དམ་ཚིག་གི། །དཀྱིལ་འཁོར་ཡེ་ཤེས་སེམས་དཔའ་ཡི། །འཁོར་ལོ་ལ་ནི་ཞུགས་པར་བྱ། །ཉལ་བའི་དུས་ན་ཐབས་ཉིད་ཀྱི། །ཤེས་རབ་མ་དང་བཅས་པར་ཉལ། །ཐོ་རངས་ལངས་ པའི་དུས་ན་ནི། །ལྷ་མོས་དབྱངས་ཀྱིས་བསྐུལ་ནས་ལངས། །ཁ་དོག་སྣ་ཚོགས་བསྒྱུར་བྱས་ལ། །རང་གི་སྙིང་གར་ཟླ་བ་ལ། །ས་བོན་མཾ་ཙམ་བསམ་བྱས་ལ། །ཐ་མལ་པ་ཡི་ལུས་ཉིད་ནི། །གོང་མ་ལྟ་བུས་ཐོ་རངས་ཀྱི། །དུས་ལ་སོགས་པར་བསྒོམ་པར་བྱས། །སྒྲུབ་ཐབས་ འདི་ནི་བྱས་པ་ཡིས། །བསོད་ནམས་ཚོགས་ནི་གང་ཐོབ་དེས། །འགྲོ་བ་ཐམས་ཅད་བཅོམ་ལྡན་འདས། །འཇམ་པའི་རྡོ་རྗེར་གྲུབ་གྱུར་ཅིག །སློབ་དཔོན་ཆེན་པོ་མར་མེ་མཛད་བཟང་པོས་མཛད་པའི་གསང་བ་འདུས་པའི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ། དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས་ སློབ་དཔོན་མཁས་པ་ཆེན་པོ་དཔལ་ཀུན་དུ་བཟང་པོའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།བོད་ཡུལ་དུ་བོད་རིས་ཀྱི་དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོ་ཁྲི་མགོན་བཙན་གྱིས་ཡོན་བདག་བྱས་ནས། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟིས་བསྒྱུར་ནས་གཏན་ལ་ ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ས་མཱ་ཛ་ཨ་བྷི་ས་མ་ཡ་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། དཔལ་གསང་བ་འདུས་པའི་མངོན་པར་རྟོགས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་སེམས་དཔལ་ལ་ཕྱག་འཚལ་ལོ། །ནང་པར་དང་ པོར་བསམ་གཏན་གྱི་ཁང་པ་ཡིད་དང་རྗེས་སུ་མཐུན་པ་ཤིན་ཏུ་དབེན་པར་སྟན་འཇམ་པོ་ལ་འདུག་སྟེ། འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་ལ་བློས་བལྟས་ལ་བྱམས་པའི་སེམས་བསྐྱེད་དེ་བདག་གིར་བྱས་ནས། དེ་རྣམས་ཕོལ་མིག་ལ་སོགས་པའི་སྡུག་ བསྔལ་དང་ལྡན་པ་དང་། དེའི་རྒྱུ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡིན་པར་བྱས་ཏེ། དེ་ནས་སྙིང་རྗེའི་སེམས་བསྐྱེད་པས་གདུངས་པའི་བློས་གནོད་པ་དེ་བསལ་བའི་ཕྱིར། བདག་ཉིད་འཇམ་པའི་རྡོ་རྗེར་གྱུར་ནས་སེམས་ཅན་རྣམས་ཀྱང་དེ་དང་འདྲ་བར་བསྐྱེད་པར་བྱའོ་ཞེས་སྨོན་ལམ་བྱའོ། ། དེ་ནས་བསྒོམ་པའི་སྦྱོར་བ་བརྩམ་པར་བྱ་སྟེ། རང་གི་སྙིང་གར་ཡི་གེ་ཨ་ཡོངས་སུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་མཾ་མདོག་སེར་པོ་བསམས་ནས། དེ་ལས་བྱུང་བའི་འོད་ཟེར་གྱིས་སངས་རྒྱས་ལྔ་རྣམས་དང་། རང་གི་འདོད་པའི་ལྷ་རྣམས་དང་། སློབ་དཔོན་མདུན་ དུ་ནམ་མཁའ་ལ་བསམས་ཏེ། སྙིང་པོ་འོད་ཟེར་གྱི་སྒོ་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བྱས་ཏེ། སྡིག་པ་བཤགས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ལན་གསུམ་བརྗོད་པར་བྱའོ། །དེ་ལ་ཚིགས་སུ་བཅད་པ་ནི་ འདི་ཡིན་ཏེ། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །ཞེས་བྱ་བ་ལ་སོགས་པའོ། །དེ་ནས་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་སྟོང་པ་ཉིད་རྣམ་པར་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ སེམས་གཅིག་པུ་ཉིད་ནི་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་རྣམ་པ་གཉིས་སུ་འགྱུར་ཏེ། ཨོཾ་ཨཱཿཧཱུྃ་ཞེས་བྱ་བ་ནི་འཇུག་པའོ། །སོ་སོར་སྣང་བའི་བདག་ཉིད་ཅན་ནི་སྨོན་པའོ། །དེ་ལ་ཡང་བགེགས་འབྱུང་བར་འགྱུར་ན་མདུན་དུ་ཡི་གེ་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ བསམས་ལ། དེའི་སྟེང་དུ་ཡི་གེ་ཧཱུྃ་དང་བཅས་པའི་རྡོ་རྗེ་དྲག་པོ་ནག་པོ་བསམས་ཏེ། དེའི་འོད་ཟེར་རྣམས་ཀྱིས་བགེགས་བསལ་བར་བསམས་ལ། དེ་ཉིད་ཀྱིས་རྡོ་རྗེ་དྲ་བར་བྱས་པའི་ཆོས་འབྱུང་དཀར་པོ་གྲུ་གསུམ་ནང་སྟོང་པ་གྱེན་ཀར་འདུག་པའོ། །དེའི་འོག་ལོགས་སུ་ཡི་གེ་ཨ་ ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། ཡི་གེ་བཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་ལ་ཁཾ་ལྗང་གུ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ། དེར་ཟླ་བ་ལ་བྲཱུ་ཡོངས་སུ་གྱུར་པ་ལས་འཁོར་ལོ་ཡི་གེ་བྲཱུཾ་དང་བཅས་པའོ། །དེ་གཉིས་ཡོངས་སུ་གྱུར་པ་ལས་ རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཡས་གནག་པ། གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་འཁོར་ལོ་རལ་གྲི་དང་། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཟླ་བའི་གདན་དང་ཟླ་ བའི་འོད་མངའ་བ། རིན་པོ་ཆེའི་ཅོད་པན་ཅན་བསམས་ལ། དེའི་ཡེ་ཤེས་སེམས་དཔའི་སྙིང་པོའི་འོད་ཟེར་རྣམས་ཀྱིས་སངས་རྒྱས་རྣམས་ཡང་དག་པར་བསྐུལ་ནས་བཅུག་ལ། །དེ་ཡོངས་སུ་གྱུར་པ་ལས་ཁང་པ་བརྩེགས་པ་ཟུར་བཞི་པ་ལ་སོགས་པ་དང་ཡང་དག་པར་ལྡན་པ་ བསམས་ལ། དེའི་དབུས་མའི་ཟླ་བའི་དཀྱིལ་འཁོར་ལ་སྟོང་པ་ཉིད་བཅུ་དྲུག་གི་ངོ་བོ་ཨ་ལ་སོགས་པ་ཡོངས་སུ་གྱུར་པའི་ཟླ་བ་དེ་རྣམས་ཀྱིས་མཚན་པ་ནི་མི་བསྐྱོད་པའི་རྣམ་པའོ། །དེའི་སྟེང་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་འཛིན་པའི་ངོ་བོ་ཀ་ལ་སོགས་པ་ ཡོངས་སུ་གྱུར་པ་ལས་དེ་རྣམས་ཀྱིས་མཚན་པའི་ཟླ་བའི་དཀྱིལ་འཁོར་གཉིས་པ་ནི་རིན་ཆེན་འབྱུང་ལྡན་གྱི་རྣམ་པའོ། །དེའི་སྟེང་དུ་ཡི་གེ་ཧཱུྃ་དམར་པོ་སྟེ། ཟླ་བའི་དཀྱིལ་འཁོར་གཉིས་དང་ཡི་གེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དམར་པོར་གྱུར་པ་ལས་ཡི་གེ་ཧཱུྃ་གིས་མཚན་པ་ནི་སྣང་བ་མཐའ་ཡས་ ཀྱི་རྣམ་པའོ། །དེའི་འོད་ཟེར་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཡང་དག་པར་བསྐུལ་ནས་བཅུག་སྟེ། །དེའི་ང་རྒྱལ་དུ་བྱས་པ་དང་ལྡན་པའི་རྣལ་འབྱོར་པ་ནི་དོན་ཡོད་གྲུབ་པའི་རྣམ་པ་སྟེ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའི་སྐུར་བདག་ཉིད་བསམ་པ་ནི། སྐུ་མདོག་ དཀར་པོ། །ཞལ་གཡས་གནག །གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་རིན་པོ་ཆེ་དང་པདྨ་བསྣམས་པ། རིན་པོ་ཆེའི་ཅོད་པན་དང་། ཟླ་བའི་གདན་དང་ཟླ་བའི་འོད་མངའ་བ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ པའི་སྐུར་བདག་ཉིད་བསམས་ལ། སེམས་ཅན་རྣམས་འདོད་ཆགས་ཆེན་པོས་འདུལ་བར་ཤེས་ནས་དགའ་བའི་སྒྱུ་མའི་སྒྲས་སངས་རྒྱས་རྣམས་བདག་ཉིད་ལ་བཅུག་ལ། དེ་ལ་སྤྱན་མ་ལ་སོགས་པ་དགུའི་གཟུགས་ཀྱིས་རང་གི་ལྷ་མོའི་ནང་དུ་ཆུད་པར་བྱས་ ནས། དེ་ནས་ཡི་གེ་ཧཱུྃ་གི་འོད་ཟེར་རྣམས་ཀྱིས་སངས་རྒྱས་རྣམས་ཡང་དག་པར་བསྐུལ་ནས་ཁར་བཅུག་སྟེ། རྡོ་རྗེའི་ལམ་ནས་ངེས་པར་ཕྱུང་ལ། པདྨའི་ནང་དུ་བྱང་ཆུབ་ཀྱི་སེམས་རྣམ་པར་བལྟ་སྟེ། དེ་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་དུ་བསམས་ལ། སེམས་ཅན་མ་ལུས་པ་ཡིད་ ཀྱིས་རབ་ཏུ་བཅུག་སྟེ། དེ་བྱང་ཆུབ་ཀྱི་སེམས་སུ་ཡོངས་སུ་གྱུར་ནས། རྡོ་རྗེའི་ལམ་ནས་ངེས་པར་འབྱུང་བའི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བར་བྱའོ། །དེ་ནས་དེ་བྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུྃ། ལཾ་མཱཾ་པཾ་ཏཱཾ། ཛཿཧཱུྃ་བཾ་ཧོཿཁཾ་རཾ། ཀྵིཾ་ཛྲིཾ་ཁཾ་གཾ་ཥྐཾ་སཾ། ཛཿཧཱུྃ་བཾ་ཧོཿ། ཞེས་བྱ་བའི་ཡི་གེ་ལས་བྱུང་བའི་རྣམ་ པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་པདྨའི་ནང་གི་དཀྱིལ་འཁོར་གྱི་ལྷ་མོའི་བ་སྤུའི་བུ་ག་ནས་བློས་དབྱུང་ངོ་། །དེ་ལྟར་སེམས་ཅན་གྱི་ཁམས་རྣམ་པར་དག་ནས། ཧཱུྃ་ལས་འོད་ཟེར་བྱུང་བས་ཡི་གེ་ཧོ་གཉིས་དང་ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་འཇུག་པའི་ སེམས་སྤེལ་བ་བཀུག་ལ་ཁར་བཅུག་སྟེ། རྡོ་རྗེའི་ལམ་ནས་ངེས་པར་ཕྱུང་ནས་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ལྷ་མོའི་པདྨའི་ནང་དུ་བབས་པ་དང་། དེའི་འོད་ཟེར་རྣམས་ཀྱིས་རེག་པ་ཙམ་གྱིས་རིག་པ་རྡོ་རྗེ་འཛིན་པ་དང་བཅས་པར་ཞུ་བར་གྱུར་པར་བསམ་མོ། །དེ་ནས་འབྱུང་བ་ ཆེན་པོ་བཞི་སྤྱན་མ་ལ་སོགས་པའི་ལྷ་མོར་གྱུར་པས། སེམས་ཅན་ཁམས་ན་ཞེས་བྱ་བ་ལ་སོགས་པའི་གླུས་བསྐུལ་བར་བསམ་མོ། །འདི་རྣམས་ཀྱིས་ཡང་དག་པར་བསྐུལ་བར་གྱུར་པ་དང་། སེམས་ཀྱིས་འོད་ཟེར་དེ་འབྱུང་བ་བཞི་དང་སངས་རྒྱས་ཐམས་ཅད་ཀྱིས་བསྐུལ་ནས་ སངས་རྒྱས་ཞུགས་པར་གྱུར་པ་ལས་རང་གི་སྔགས་ཀྱི་གཟུགས་སུ་བདག་ཉིད་བསམས་ནས། དེ་ཡོངས་སུ་གྱུར་པ་ལས་རལ་གྲི་ཡི་གེ་མཾ་གྱིས་མཚན་པའོ། །དེ་གཉིས་ཡོངས་སུ་གྱུར་པ་ལས་འཇམ་པའི་རྡོ་རྗེ་སྐུ་མདོག་སེར་པོ། །ཞལ་གཡས་ནག་པོ་གཡོན་དཀར་པོ་ ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རལ་གྲི་དམ་པ་དང་། གཡོན་ན་ཨུཏྤལ་དང་གཞུ་བསྣམས་པ། ཟླ་བའི་འོད་དང་རིན་པོ་ཆེའི་ཅོད་པན་མངའ་བ། སྣ་ཚོགས་པདྨའི་སྟེང་ན་ཟླ་བ་ལ་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པར་བསམས་ལ། དེའི་སྙིང་གར་ ཟླ་བ་ལ་རལ་གྲི། དེའི་དབུས་སུ་དེ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཟླ་བ་ལ་རལ་གྲི། དེའི་དབུས་སུ་ཡི་གེ་མཾ་གནས་པར་བསམས་ལ། ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་གསང་སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །འདི་དག་ནི་མཆོག་གི་བསྙེན་པའི་ ཡན་ལག་སྟེ། རྒྱུ་མཐུན་པའི་འབྲས་བུ་ཆུང་བའོ། །དེའི་མིག་ཏུ་ཟླ་བ་ལ་ཀྵིཾ་དཀར་པོ་ཡོངས་སུ་གྱུར་པ་ལས་འཁོར་ལོ་ཀྵིཾ་གིས་མཚན་པའོ། །དེ་གཉིས་ཡོངས་སུ་གྱུར་པ་ལས་སའི་སྙིང་པོ་སྐུ་མདོག་དཀར་པོ། ཞལ་གཡས་གནག་གཡོན་དམར། ཕྱག་གཉིས་ཤེས་རབ་ དམ་པ་ལ་འཁྱུད་པ། གཡས་ན་འཁོར་ལོ་དང་རལ་གྲི། གཡོན་ན་ནོར་བུ་དང་པདྨ་བསྣམས་པའོ། །དེ་བཞིན་དུ་རྣ་བ་ལ་ཡི་གེ་ཛྲིཾ་དང་བཅས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་སྐུ་མདོག་ནག་པོ། ཞལ་གཡས་དཀར་པོ་གཡོན་དམར། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་ པའོ། །གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨའོ། །དེ་བཞིན་དུ་སྣ་ལ་ཡི་གེ་ཁཾ་དང་བཅས་པའི་རིན་པོ་ཆེ་ཡོངས་སུ་གྱུར་པ་ལས་ནམ་མཁའི་སྙིང་པོ་སྐུ་མདོག་སེར་པོ། །ཞལ་གཡས་གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རིན་པོ་ཆེ་དང་རལ་གྲི། གཡོན་ན་འཁོར་ལོ་པདྨ་པའོ། །དེ་བཞིན་དུ་ལྕེ་ལ་ཡི་གེ་གཾ་དང་བཅས་པའི་པདྨ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་པོ། །ཞལ་གཡས་གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་ འཁྱུད་པ། གཡས་ན་པདྨ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་འཁོར་ལོ་བསྣམས་པའོ། །དེ་བཞིན་དུ་མགོ་ལ་ཡི་གེ་ཥྐཾ་དང་བཅས་པའི་རལ་གྲི་ཡོངས་སུ་གྱུར་པ་ལས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྐུ་མདོག་ལྗང་གུ། ཞལ་གཡས་གནག་གཡོན་དཀར་བ། ཕྱག་ གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རལ་གྲི་དང་འཁོར་ལོ། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ། །དེ་བཞིན་དུ་ལྟེ་བ་ལ་ཡི་གེ་སཾ་དང་བཅས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཀུན་དུ་བཟང་པོ་སྐུ་མདོག་དཀར་པོ། གཡས་ གནག་གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། ཕྱག་གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ་སྟེ། །སའི་སྙིང་པོ་ལ་སོགས་པ་འདི་རྣམས་ཀྱང་ཟླ་བའི་གདན་དང་ཟླ་བའི་འོད་དང་། རིན་པོ་ཆེའི་ཅོད་པན་མངའ་བ། རྡོ་རྗེའི་སྐྱིལ་མོ་ ཀྲུང་གིས་བཞུགས་པའོ། །དེ་དག་ནི་མཆོག་གི་ཉེ་བར་སྒྲུབ་པའི་ཡན་ལག་སྟེ། རྣམ་པར་སྨིན་པའི་འབྲས་བུ་ཆུང་ངུའོ། །ཀུན་དུ་བཟང་པོའི་སྟེང་དུ་ཟླ་བ་ལ་ཡི་གེ་ཧཱུཾ་ནག་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་དང་བཅས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་ཕྱག་ན་རྡོ་ རྗེ་ལྟ་བུ་ཐུགས་ཀའི་ཟླ་བ་ལ་ཡི་གེ་ཧཱུྃ་ནག་པོའོ། །ལྕེ་རྩེར་ཡི་གེ་ཨཱཿཡོངས་སུ་གྱུར་པ་ལས་པདྨའི་ལྟེ་བ་ལ་ཡི་གེ་ཨཱཿདང་བཅས་པའི་པདྨ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ལྟ་བུའོ། །དེའི་ཐུགས་ཀའི་ཟླ་བ་ལ་ཡི་གེ་ཨཱཿདམར་པོའོ། །དཔྲལ་བར་ཡི་གེ་ ཨོཾ་ཡོངས་སུ་གྱུར་པ་ལས་འཁོར་ལོའི་ལྟེ་བར་ཨོཾ་དང་བཅས་པའི་འཁོར་ལོ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་སའི་སྙིང་པོ་ལྟ་བུའོ། །དེའི་ཐུགས་ཀར་ཟླ་བ་ལ་ཡི་གེ་ཨོཾ་དཀར་པོ་སྙིང་པོ་དེ་རྣམས་ཀྱི་འོད་ཟེར་གྱིས་ཐུགས་རྡོ་རྗེ་ལ་སོགས་པའི་སངས་རྒྱས་རྣམས་ཡང་དག་པར་མཆོད་ནས་ དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །ཞེས་བྱ་བ་ལ་སོགས་པ་བརྗོད་དེ། ཡང་དག་པར་བསྐུལ་ལ་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་དག་ནི་མཆོག་གི་བསྒྲུབ་པའི་ཡན་ལག་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ཆུང་ངུའོ། །སྙིང་པོའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་ བསྐུལ་བ་དང་དེ་རྣམས་ཀྱིས་འོད་ཟེར་བཏང་བའི་སྒོ་ནས་བྱུང་བའི་སྤྱན་མ་ལ་སོགས་པའི་རིགས་རྣམས་ཀྱི་རིན་པོ་ཆེའི་བུམ་པ་ནས་བདུད་རྩིས་དབང་བསྐུར་བ་དང་ལྡན་པ་དང་། རང་གི་རིགས་ཀྱི་བདག་པོ་ཅོད་པན་དུ་ཐོགས་པའོ། །དེ་དག་ནི་མཆོག་གི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། དབང་གི་ འབྲས་བུ་ཆུང་ངུའོ། །ཡན་ལག་བཞི་པའི་དང་པོའོ། །རྣལ་འབྱོར་པ་མཆོག་གི་བསྙེན་པ་ལ་སོགས་པའི་ཡན་ལག་འདི་དག་གིས་རྒྱུ་མཐུན་པའི་འབྲས་བུ་འབྲིང་པོ་ལ་སོགས་པ་ནི་རང་དང་འདྲ་བར་བསྐྱེད་པར་བྱའོ། །གཞན་ཡང་ཨོཾ་ཧཱུྃ་སྭཱ་ཨཱཿཧཱ་ཞེས་བྱ་བའི་ཡི་གེ་ལས་བསྐྱེད་ པར་བྱས་ཏེ། དེའི་མགོ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བ་དང་། བརླ་དང་། རྐང་པའི་མཐར་ཐུག་པའི་བར་རོ། །ཡི་གེ་ཧཱུྃ་ལས་པདྨ་ཨཱཿལས་ལྟེ་བ། ཕཊ་ལས་དབབ་པ་དགག་པའོ། །བདག་ཉིད་ཀྱིས་ཡང་ཡི་གེ་ཧཱུྃ་ལས་རྡོ་རྗེ། ཨོཾ་ལས་ནོར་བུ་ཕཊ་ཀྱིས་དགག་པའོ། ། དེ་ནས་སྙིང་པོའི་འོད་ཟེར་རྣམས་ཀྱིས་བསྐུལ་ལ་དྲངས་ཏེ། དེ་དང་ལྷན་ཅིག་སྔགས་པས་དགའ་བ་བརྩམ་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡན་ལག་བཞི་པའི་གཉིས་པས་ཏེ། འདི་དག་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ཏོ། །སྙིང་པོའི་གསང་ སྔགས་ཀྱི་འོད་ཟེར་རྣམས་ཀྱིས་སངས་རྒྱས་རྣམས་བསྐུལ་ལ་བཀུག་ནས་ཁར་བཅུག་སྟེ། ལྷ་མོའི་འདོད་ཆགས་ཀྱིས་ཟླ་བ་ཞུ་བར་གྱུར་པ་དང་། པདྨའི་ནང་དུ་ཕབ་པ་ལས་བྱུང་བའི་རང་གི་ས་བོན་ཡོངས་སུ་གྱུར་པ་ལས་བདག་པོ་དབུས་ན་གནས་པའི་དཀྱིལ་འཁོར་བ་བསམས་ལ་ཆོ་ ག་འདིས་དབྱུང་བར་བྱའོ། །བཛྲ་དྷྲྀཀ་ཅེས་བྱ་བ་ལས་མི་བསྐྱོད་པ་བསྐུལ་ཏེ། སྐུ་མདོག་ནག་པོ་ཞལ་གཡས་དཀར་བ། གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ། ཉི་མའི་གདན་ དང་ཟླ་བའི་འོད་མངའ་བ། རལ་པ་དང་ཅོད་པན་ཅན། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་དངོས་པོ་ཐམས་ཅད་ཀྱིས་བདག་ལ་བཞུགས་པར་བྱའོ། །ཛི་ན་ཛིཀ་ཅེས་བྱ་བས་རྣམ་པར་སྣང་མཛད་དགོད་དེ། སྐུ་མདོག་དཀར་པོ་ཞལ་གཡས་གནག །གཡོན་དམར་བ། ཕྱག་གཉིས་ཀྱིས་ ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་འཁོར་ལོ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ། ཟླ་བའི་གདན་དང་ཟླ་བའི་འོད་མངའ་བ། ཤར་གྱི་པདྨ་ལ་བཞུགས་པར་བྱའོ། །རཏྣ་དྷྲྀཀ་ཅེས་བྱ་བས་རིན་ཆེན་འབྱུང་ལྡན་དགོད་དེ། སྐུ་མདོག་སེར་པོ་ཞལ་གཡས་ གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རིན་པོ་ཆེ་དང་རལ་གྲི། གཡོན་ན་འཁོར་ལོ་དང་པདྨ་བསྣམས་པ། ལྷོར་བཞུགས་པར་བྱའོ། །ཨཱ་རོ་ལྀཀ་ཅེས་བྱ་བས་འོད་དཔག་ཏུ་མེད་པ་དགོད་དེ། སྐུ་མདོག་དམར་ པོ། །ཞལ་གཡས་གནག །གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་པདྨ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་འཁོར་ལོ་བསྣམས་པ། ནུབ་ཏུ་བཞུགས་པར་བྱའོ། །པྲཛྙཱ་དྷྲྀཀ་ཅེས་བྱ་བས་དོན་ཡོད་གྲུབ་པ་དགོད་དེ། སྐུ་མདོག་ལྗང་གུ། ཞལ་ གཡས་གནག །གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རལ་གྲི་དང་འཁོར་ལོ། །གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ། བྱང་དུ་བཞུགས་པར་བྱའོ། །འདི་རྣམས་ནི་ཉི་མའི་གདན་དང་ཉི་མའི་འོད་དང་ན་བཟའ་དང་རྒྱན་བཟང་པོ་དང་། རལ་པ་དང་ཅོད་པན་མངའ་བ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །མོ་ཧ་ར་ཏཱི་ཞེས་བྱ་བས་ཤར་ལྷོར་སྤྱན་མ་དགོད་དེ། སྐུ་མདོག་དཀར་པོ། ཞལ་གཡས་གནག་གཡོན་དམར་བ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། གཡས་ན་འཁོར་ལོ་དང་རལ་གྲི། གཡོན་ ན་རིན་པོ་ཆེ་དང་པདྨ་བསྣམས་པའོ། །དྭེ་ཥ་ར་ཏཱི་ཞེས་བྱ་བ་ལས་ལྷོ་ནུབ་ཏུ་མཱ་མ་ཀཱི་དགོད་དེ། སྐུ་མདོག་ནག་པོ་ཞལ་གཡས་དཀར་བ། གཡོན་དམར་བ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། གཡས་ན་ཨུཏྤལ་དམར་པོ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ། ། རཱ་ག་ར་ཏཱི་ཞེས་བྱ་བ་ལས་ནུབ་བྱང་དུ་གོས་དཀར་མོ་དགོད་དེ། སྐུ་མདོག་དམར་མོ་ཞལ་གཡས་གནག །གཡོན་དཀར་བ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། གཡས་ན་པདྨ་དང་རལ་གྲི། གཡོན་ན་ནོར་བུ་དང་འཁོར་ལོ་བསྣམས་པའོ། །བཛྲ་ར་ཏཱི་ཞེས་བྱ་བ་ལས་བྱང་ཤར་དུ་སྒྲོལ་ མ་དགོད་དེ། སྐུ་མདོག་སེར་པོ། །ཞལ་གཡས་གནག །གཡོན་དཀར་བ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། གཡས་ན་ཨུཏྤལ་སེར་པོ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ། །ཕྱི་རིམ་གྱི་ཤར་ལྷོར་དེ་ཁོ་ན་ཉིད་གསུམ་ལས་གཟུགས་རྡོ་རྗེ་སའི་སྙིང་པོ་ ལྟ་བུ་མེ་ལོང་ལ་སོགས་པ་དང་ལྡན་པའོ། །དེ་བཞིན་དུ་ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་ཕྱག་ན་རྡོ་རྗེ་ལྟ་བུ་ལ་པི་ཝང་ལ་སོགས་པ་དང་ལྡན་པའོ། །དེ་བཞིན་དུ་ནུབ་བྱང་དུ་དྲི་རྡོ་རྗེ་ནམ་མཁའི་སྙིང་པོ་ལྟ་བུ་ལ་དྲིའི་དུང་ཆོས་ལ་སོགས་པ་དང་ལྡན་པའོ། །དེ་བཞིན་དུ་བྱང་ཤར་དུ་རོ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ ལྟ་བུ་ལ་ཐོད་པ་ལ་སོགས་པ་དང་ལྡན་པའོ། །ཤར་གྱི་སྒོའི་གཡོན་དུ་རེག་རྡོ་རྗེ་སྒྲིབ་པ་རྣམ་པར་སེལ་བ་ལྟ་བུ་ལ་ལྷའི་གོས་སྣ་ཚོགས་པ་དང་ལྡན་པའོ། །ཤར་གྱི་སྒོའི་གཡས་སུ་ཆོས་ཀྱི་དབྱིངས་རྡོ་རྗེ་ཀུན་དུ་བཟང་པོ་ལྟ་བུ་ལ་ཆོས་འབྱུང་བ་ལ་སོགས་པ་དང་ལྡན་ཏེ། ལྷ་མོ་ བཅུ་པོ་དེ་རྣམས་ནི་ཟླ་བའི་འོད་མངའ་བ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་ཅོད་པན་དང་ན་བཟའ་བཟང་པོ་དང་ལྡན་པའོ། །ཡ་མཱནྟ་ཀྲྀཏ་ཅེས་བྱ་བ་ལས་ཤར་ཕྱོགས་ཀྱི་སྒོར་གཤིན་རྗེ་གཤེད་དགོད་དེ་སྐུ་མདོག་ནག་པོ། །ཞལ་གཡས་དཀར་གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རྡོ་རྗེས་མཚན་པའི་ཐོ་བ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ། །པྲཛྙཱནྟ་ཀྲྀཏ་ཅེས་བྱ་བ་ལས་ལྷོ་ཕྱོགས་ཀྱི་སྒོར་ཤེས་རབ་མཐར་བྱེད་དགོད་དེ། སྐུ་མདོག་དཀར་པོ། །ཞལ་གཡས་གནག །གཡོན་ དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རིན་པོ་ཆེ་ས་མཚན་པའི་དབྱིག་པ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ། །པདྨཱནྟ་ཀྲྀཏ་ཅེས་བྱ་བ་ལས་ནུབ་ཕྱོགས་ཀྱི་སྒོར་པདྨ་མཐར་བྱེད་དགོད་དེ། སྐུ་མདོག་དམར་པོ། །ཞལ་གཡས་ གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་པདྨ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་འཁོར་ལོ་བསྣམས་པའོ། །བིགྷྣཱནྟ་ཀྲྀཏ་ཅེས་བྱ་བ་ལས་བྱང་ཕྱོགས་ཀྱི་སྒོར་བགེགས་མཐར་བྱེད་དགོད་དེ། སྐུ་མདོག་ནག་པོ། །ཞལ་གཡས་དཀར། གཡོན་དམར་པོ། །ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ་སྟེ། ཁྲོ་བོ་འདི་རྣམས་ཉི་མའི་གདན་དང་ཉི་མའི་འོད་མངའ་བ། ཁྲོ་བོའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྟག་གི་པགས་པ་མནབས་པ། སྦྲུལ་ གྱིས་བརྒྱན་པ། སྨིན་མ་དང་། ཨག་ཚོམ་དང་སྤྱན་སེར་བ། དབུ་སྐྲ་གྱེན་དུ་བརྫེས་པ། མཆེ་བ་གཙིགས་པ། ལྗགས་འདྲིལ་བ། དེ་ལྟར་དངོས་པོ་ཐམས་ཅད་ཀྱིས་རྫོགས་པའི་དཀྱིལ་འཁོར་བསྟན་ནས། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་ འཁོར་གྱི་སངས་རྒྱས་རྣམས་སྤྱན་དྲངས་ནས། མདུན་དུ་བལྟས་ལ། དེ་རྣམས་དང་ལྷན་ཅིག་འོངས་པའི་བགེགས་གཤིན་རྗེ་གཤེད་ལ་སོགས་པས་བསྐྲད་པ་དང་། མངོན་པར་བསྲུང་བ་དང་། བཅིང་བ་དང་མཉེས་པར་བྱས་ནས། བདུད་རྩིས་གང་བའི་སྣོད་ཀྱིས་མཆོད་ཡོན་ཕུལ་ལ། སྙིང་ པོའི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་། གཤིན་རྗེ་གཤེད་ལ་སོགས་པའི་རང་བཞིན་གསང་སྔགས་ཀྱིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ། །དེ་དག་ནི་ཐུན་མོང་གི་བསྙེན་པའི་ཡན་ལག་ སྟེ། རྒྱུ་མཐུན་པའི་འབྲས་བུ་ཆེན་པོའོ། །རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་ནི། སྤྱིའི་ཉེ་བར་བསྒྲུབ་པའི་ཡན་ལག་སྟེ། རྣམ་པར་སྨིན་པའི་འབྲས་བུ་ཆེན་པོའོ། །དེ་བཞིན་དུ་སྐུ་གསུང་ཐུགས་བྱིན་གྱིས་ བརླབ་པ་ནི། སྤྱིའི་སྒྲུབ་པའི་ཡན་ལག་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ཆེན་པོའོ། །དེ་ཉིད་གཞན་དུ་དབང་བསྐུར་བར་གྱུར་པ་ནི། སངས་རྒྱས་རྣམས་དང་རྡོ་རྗེ་འཆང་བ་དང་། མཱ་མ་ཀཱི་དང་། སྒྲ་རྡོ་རྗེ་དང་། ཆོས་དབྱིངས་རྡོ་རྗེ་དང་། ཤེས་རབ་མཐར་བྱེད་དང་བགེགས་མཐར་བྱེད་ཀྱི་ ཅོད་པན་ལ་ནི་མི་བསྐྱོད་པའོ། །སྤྱན་དང་གཟུགས་རྡོ་རྗེ་དང་། གཤིན་རྗེ་གཤེད་ཀྱི་ཅོད་པན་ལ་ནི་རྣམ་པར་སྣང་མཛད་དོ། །གོས་དཀར་མོ་དང་། རོ་རྡོ་རྗེ་མ་དང་། པདྨ་མཐར་བྱེད་ཀྱི་ཅོད་པན་ལ་ནི་འོད་དཔག་ཏུ་མེད་པའོ། །སྒྲོལ་མ་དང་རེག་རྡོ་རྗེའི་ཅོད་པན་ལ་ནི་དོན་ཡོད་གྲུབ་པའོ། །དྲིའི་རྡོ་ རྗེའི་ཅོད་པན་ལ་ནི་རིན་ཆེན་འབྱུང་ལྡན་ནོ། །འདི་དག་ནི་སྤྱིའི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། དབང་གི་འབྲས་བུ་ཆེན་པོའི་ཡན་ལག་བཞི་པའི་གསུམ་པའོ། །སྙིང་པོའི་འོད་ཟེར་རྣམས་ཀྱིས་སངས་རྒྱས་རྣམས་བསྐུལ་ལ་ཁར་བཅུག་སྟེ། རྡོ་རྗེའི་ལམ་ནས་ངེས་པར་ཕྱུང་ནས། ལྷ་མོའི་ཆགས་པས་པདྨའི་ནང་དུ་ཟླ་བ་ཞུ་བའི་གཟུགས་ཅན་དུ་བསམས་ལ། དེའི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པ་ཕྱུང་བས་ཡང་དག་པར་མཆོད་ནས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་གས