Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 44
Văn bản gốc(Tây Tạng)
Trang 6 / 19 (50.000 ký tự/trang)
དིས་བསྒོམ་པར་བྱའོ། །དེ་ཡང་དང་པོར་རང་གི་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་དཀྱིལ་འཁོར་འཁོར་ལོ་དང་ལྡན་པའི་དེ་ བཞིན་གཤེགས་པ་རྣམས་བསྡུས་ཏེ། རང་གི་སྙིང་གར་བཙུད་པས་ཐམས་ཅད་ཞུ་སྟེ་འཛག་པའི་ངང་ཚུལ་དང་ལྡན་པས་ཡང་རྡུལ་དང་མུན་པ་དང་སྙིང་སྟོབས་ཀྱི་ཚུལ་དུ་སྙིང་གའི་པདྨ་ལ་བབས་ནས། རང་གི་རྡོ་རྗེའི་བུམ་པའི་དཀྱིལ་དུ་གནས་པ་ལས་དེ་འབྱུང་བ་ལྔ་དང་ཡེ་ཤེས་ལྔའི་ངོ་བོའི་ རང་གི་མཚན་མ་ཕྲ་མོ་འོད་ཟེར་ལྔ་དང་ལྡན་པར་བསམས་ནས། དེའི་བུམ་པ་ལ་ལྷག་པར་མོས་པས། རྟེན་དང་བརྟེན་ཅན་གྱི་འཁོར་ལོ་ཐིག་ལེ་དང་བཅས་པ་བསྒོམ་པར་བྱའོ། །གལ་ཏེ་དེར་སེམས་བྱིང་བར་སོང་བས་སྐྱོ་བར་གྱུར་ན་ནང་གི་གསང་བའི་རྡོ་རྗེ་ལས་ཕྱུང་སྟེ། ལྷ་མོའི་པདྨའི་གེ་ སར་ལ་བཞག་ནས་བསྒོམ་པར་བྱའོ། །དེའི་ཐིག་ལེ་ལས་གོང་གི་རིམ་པ་ལྟར་འོད་ཟེར་སྣ་ལྔ་པ། སྟེང་གི་སྒོ་ནས་བྱུང་བ་དང་སླར་བདུད་རྩི་བཀུག་ནས་སླར་འཇུག་པའི་རིམ་པ་བྱེད་པའོ། །དེ་དབུགས་དགག་སྟོང་གི་ཡན་ལག་གོ། །དེ་ནས་དེ་ལྟ་བུའི་གསང་བའི་ཐིག་ལེ་ལ་གོང་གི་རིམ་པ་ ལྟར་སེམས་དལ་བུའི་བཟུང་བས་དངོས་པོ་མེད་པའི་གནས་སུ་འགྱུར་རོ། །དེ་ཡང་བཟུང་བ་ཡང་དང་ཡང་དུ་གོམས་པའི་སྟོབས་ཀྱིས་ཕྱིན་ཅི་ལོག་གིས་རྣམ་པར་ལོག་པས་སྨིག་རྒྱུ་ལྟ་བུ་བྱུང་བ་ནི་རྟགས་དང་པོའོ། །ཆུ་རྣམ་པར་ལོག་པས་དུ་བ་ལྟ་བུ་བྱུང་བ་ནི་རྟགས་གཉིས་པའོ། །མེ་རྣམ་ པར་འགྱུར་བས་སྲིན་བུ་མེ་ཁྱེར་ལྟ་བུ་བྱུང་བ་ནི་རྟགས་གསུམ་པའོ། །རླུང་རྣམ་པར་ལོག་པས་མར་མེ་ལྟར་འབར་བ་ནི་རྟགས་བཞི་པའོ། །རྣམ་པར་ཤེས་པ་ལོག་པས་ཟབ་མོ་དང་གསལ་བ་གཉིས་སུ་མེད་པའི་ནམ་མཁའ་ལྟར་གསལ་བ་ནི་རྟགས་ལྔ་པའོ། །གཟུང་བའི་ཡན་ལག་ གོ། །དེ་ལྟར་མཚན་མ་ལྔ་ཐོབ་ནས་དེ་ཀུན་ཁྱབ་པར་བྱ་བའི་ཕྱིར། རྡོ་རྗེའི་ལམ་ནས་ནམ་མཁའི་ཁམས་སུ་ཇི་སྐད་གསུངས་པའི་ཆོ་གས་སྤྲོ་བར་བྱའོ། །སྤྲོ་བ་དེ་ལས་སྔོན་དུ་མཐོང་བའི་དོན་རྗེས་སུ་དྲན་པ་བསྐྱེད་དེ། དེ་ཡང་སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། རྡོ་རྗེ་རྗེས་སུ་དྲན་པ་དང་། རིགས་རྗེས་སུ་དྲན་པ་དང་། ཁྲོ་བོ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་རེ་རེའི་དབང་དུ་བྱས་པ་ཡིན་ནོ། །གཅིག་པ་ལ་ཡང་རྟོགས་པར་བྱའོ། །ལྷ་རྗེས་སུ་དྲན་པ་ཀུན་ལ་ཡང་རྟོགས་པར་བྱའོ། །དེ་ཡང་རྗེས་སུ་དྲན་པ་ལྔ་ནི། སྐུ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྔོན་དུ་བསྟན་པ་དེ་སྤྲོ་བ་དང་བསྡུ་བས་གསལ་བར་བྱའོ། །དམ་ཚིག་རྗེས་སུ་དྲན་པ་ནི་དེ་དང་སྤྲོ་བ་ལས་སྔགས་བརྗོད་པ་དང་། ཆོ་ག་དང་པོའི་དོན་རྗེས་སུ་དྲན་པའོ། །དཀྱིལ་འཁོར་རྗེས་སུ་དྲན་པ་ནི་ཆོ་ག་གཉིས་པ་ལ་སོགས་པའི་དཀྱིལ་ འཁོར་དེ་དང་དེ་སྤྲོ་བ་ལས་དྲན་པའོ། །སྐུ་དང་གསུང་དང་ཐུགས་རྗེས་སུ་དྲན་པ་དང་སེམས་ཅན་རྗེས་སུ་དྲན་པ་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་བསྒོམ་པ་རྣམ་པར་སྨོན་པ་སྟེ། སྤྲོས་པ་ལས་རྗེས་སུ་དྲན་པའོ། །སྔགས་ཐམས་ཅད་ཀྱི་སྤྱི་གཟུགས་རྗེས་སུ་དྲན་པ་ནི་ རྡོ་རྗེ་སེམས་དཔའ་དང་རང་གི་ལྷའི་གཟུགས་ལོངས་སྤྱོད་བཞིས་བརྒྱན་པ་སྤྲོས་པ་ལས་རྗེས་སུ་དྲན་པའོ། །དམ་ཚིག་རྗེས་སུ་དྲན་པ་ནི་བདུད་རྩིས་བྱིན་གྱིས་བརླབ་པ་ལ་སོགས་པ་ལས་རྗེས་སུ་དྲན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མ་སྐྱེས་པ་རྗེས་སུ་དྲན་པ་ནི། སྤྲོས་པ་དེ་དག་ ཀྱང་ཅི་ཡང་མེད་ཅེས་བྱ་བ་དང་། དེ་གཉིས་སུ་མེད་པའི་ངོ་བོ་ཡིན་པས་རྗེས་སུ་དྲན་པའོ། །ཞེ་སྡང་གི་རིགས་ལ་སོགས་པའི་མཆོད་པ་རྗེས་སུ་དྲན་པ་ནི། རང་གི་རིགས་ཀྱི་བུ་མོ་འབྲིང་གི་ཡན་ལག་བཞིས་དག་པ་ནི། རྗེས་སུ་ཆགས་པས་མཉེས་པར་བྱས་པའི་དོན་རྗེས་སུ་དྲན་པའོ། །གང་ དག་གཟུང་བ་ལས་བློ་ཉམས་པའི་བློ་གྲོས་དམན་པ་རྣམས་ཀྱིས་བཅུ་དྲུག་པོ་འདི་བྱའོ་ཞེས་གཞན་དག་འཆད་དོ། །རྗེས་སུ་དྲན་པ་བཅུ་དྲུག་པོ་འདི་ཕྲ་མོའི་རྣལ་འབྱོར་པས་གཞན་དང་གཞན་དུ་སྤྲོས་པ་ལས་གྲུབ་པར་ཤེས་པར་བྱའོ། །དེ་བཞིན་བསྡུ་བ་ཡང་ཤེས་པར་བྱའོ། །རྗེས་སུ་དྲན་པའི་ ཡན་ལག་གོ། །གསང་བའི་ཐིག་ལེ་བསྒོམ་པའི་ཆོ་གའོ། །དེ་ལྟར་དེས་རྟགས་རྙེད་པར་གྱུར་ནས་རིམ་པ་འདིས་སྤྲུལ་པའི་ཐིག་ལེ་སྤྲོ་བསྡུ་བྱའོ། །དེ་ཡང་སྤྱི་བོའི་གནས་སུ་རླུང་གི་དཀྱིལ་འཁོར་དུད་ཀ་ལ་ཨོཾ་དཀར་པོ་འོང་བའི་རང་བཞིན་བསམ་མོ། །མགྲིན་པའི་གནས་སུ་ཆུའི་དཀྱིལ་འཁོར་ དཀར་པོ་ལ་ཨཱཿདམར་པོ་གནས་པའི་རང་བཞིན་བསམ་མོ། །ཐུགས་ཀྱི་གནས་སུ་མེའི་དཀྱིལ་འཁོར་དམར་པོ་ལ་ཧཱུྃ་ནག་པོ་འགྲོ་བའི་རང་བཞིན་བསམ་མོ། །ནུ་མའི་བར་དུ་དབང་ཆེན་གྱི་དཀྱིལ་འཁོར་ལ་རང་གི་ལྷའི་ས་བོན་འབྱུང་བ་དང་འཇུག་པ་དང་། གནས་པ་ལས་གྲོལ་བའི་ངོ་ བོའོ། །དེ་ཉིད་ལས་གཡས་ནས་འབྱུང་བའི་རླུང་གི་དཀྱིལ་འཁོར་དུད་ཀ་ལས། ཧཱུྃ་གི་རང་བཞིན་འགྲོ་བ་སྣང་སྲིད་ཀྱི་ཆོས་ཀུན་ཁྱབ་ཅིང་དག་པར་བྱས་ནས་བདུད་རྩིའི་རང་བཞིན་ཨོཾ་གྱི་ངོ་བོ་འོང་བས་ནང་གི་ཆོས་ཀུན་དག་པར་བྱས་ནས་ཞུགས་ཏེ། ཨཱཿའི་ངོ་བོས་ཅུང་ཟད་གནས་པར་བྱས་ ཏེ། དེ་ལ་རང་གི་ལྷའི་དེ་ཉིད་དལ་བུ་དལ་བུས་དངོས་པོ་མེད་པའི་གནས་སུ་འགྱུར་རོ། །དེ་བཞིན་དུ་གཡོན་པ་ནས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ལས། ཧཱུྃ་གི་རང་བཞིན་སྤྲོ་བ་དང་། ཨོཾ་གྱི་རང་བཞིན་བསྡུ་བ་དང་། ཨཱཿའི་རང་བཞིན་གནས་པ་ལ་རང་གི་དེ་བཞིན་བཟུང་བ་ གོང་མ་བཞིན་ནོ། །དེ་ལྟར་གཉི་ག་ལས་དྲག་ཏུ་འབྱུང་བ་མེའི་དཀྱིལ་འཁོར་དམར་པོ་ལས། ཧཱུྃ་གི་ངོ་བོ་སྤྲོ་བ་དང་། ཨོཾ་གྱི་ངོ་བོ་བསྡུ་བ་དང་། ཨཱཿའི་ངོ་བོ་གནས་པ་ལས་རང་གི་ངོ་བོ་དེ་ཉིད་བཟུང་བ་གོང་མ་བཞིན་ནོ། །དེ་བཞིན་དུ་གཉི་ག་ལས་དལ་བུས་འབྱུང་བའི་དབང་ཆེན་གྱི་ དཀྱིལ་འཁོར་སེར་པོ་ལས། ཧཱུྃ་གི་ངོ་བོ་སྤྲོ་ཞིང་། ཨོཾ་གྱི་ངོ་བོ་བསྡུ་ཞིང་། ཨཱཿའི་ངོ་བོ་གནས་པ་ལས་འབྱུང་བ་དང་། འཇུག་པ་དང་། གནས་པ་ལས་གྲོལ་བའི་ཡེ་ཤེས་རྙེད་པར་བྱེད་པར་སོམ་ཉི་མི་བྱའོ། །དེ་ལྟར་ཕྱག་རྒྱ་བཞིའི་དབྱེ་བས་རེ་རེ་ལ་ཉིས་བརྒྱ་ཉི་ཤུ་རྩ་ལྔར་རྣམ་པར་ཟློ་སྟེ། དེ་འཕོ་བ་རེ་རེ་ལ་དགུ་བརྒྱར་རྣམ་པར་བསྒྲེས་པའི་ཉི་ཤུ་རྩ་བཞིས་ཁྲི་ཁྲག་གཉིས་དང་། སྟོང་ཕྲག་གཅིག་དང་དྲུག་བརྒྱར་དབང་ཕྱུག་ཆེན་པོའི་རྣལ་འབྱོར་པས་ཉིན་མཚན་དུ་བཟླས་པ་བྱེད་དོ། །བཟླས་པ་དེས་ཆོས་ཐམས་ཅད་སྒྱུ་མའམ། སྨིག་རྒྱུ་དང་། བྲག་ཅ་དང་། མགལ་མེའི་འཁོར་ལོ་ དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་པ་དང་། མིག་འཕྲུལ་དང་། གཟུགས་བརྙན་དང་། ཆུ་ཟླ་ལ་སོགས་པའི་སྐུའི་ངོ་བོར་ཐམས་ཅད་རྟོགས་ཤིང་ཤེས་ནས་རྣམ་པར་གནས་ཏེ། དེ་ས་བཅུའི་དབང་ཕྱུག་རྣམས་དང་སྐལ་བ་ལྷག་པར་མཉམ་སྟེ། རྣལ་འབྱོར་རྣམས་ཀྱིས་དོན་དེ་ལ་རབ་ཏུ་ འབད་དེ་ནན་ཏན་བྱའོ། །དེ་ལྟ་བུའི་རང་བཞིན་གྱིས་བཟླས་པ་ལ་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་བཟླས་པ་བྱེད་ཀྱང་གང་བླ་མའི་མན་ངག་མེད་པར་ཡང་དག་པར་མི་ཤེས་སོ། །དེ་བས་ན་བླ་མ་ཡང་དག་པར་མཉེས་པར་བྱས་ཏེ། དགའ་བྲལ་གྱི་ངོ་བོ་རྟོགས་པར་བྱས་ནས། གོང་ གི་རིམ་པས་བསྒོམས་ན་ཇི་སྐད་དུ་གསུངས་པའི་ཡོན་ཏན་དུ་འགྱུར་རོ། །དེ་བས་ན་དེ་ཡོངས་སུ་ཤེས་པས་རྣལ་འབྱོར་པའི་བར་ཆད་ཀྱི་ངག་གི་བཟླས་པ་རྣམས་ཡོངས་སུ་སྤང་བར་བྱའོ། །འོན་ཀྱང་དེ་ལ་གནས་པ་ནི་གལ་ཏེ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་མི་ཤིགས་པས་འདིའི་དོན་རྡོ་རྗེ་འཆང་ ཆེན་པོའི་ངོ་བོ་གང་གིས་ཇི་ལྟར་བཟླས་ཏེ། གླང་པོ་རྙེད་ན་གླང་པོའི་རྗེས་ཚོལ་བ་ལྟ་བུའོ། །དེ་བས་ན་རྡོ་རྗེ་འཆང་གི་བཟླས་པ་འདི་ལ་རྣལ་འབྱོར་པས་འབད་པར་བྱས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་གཉིད་ཅུང་ཟད་འོང་བས་བཞི་པར་འགྱུར་ བའི་རྟགས་ལན་གྲངས་མང་དུ་རྙེད་པར་འགྱུར་རོ། །དེ་སྐད་དུ་ལེའུ་བཅོ་ལྔ་པ་ལས། བསམ་གཏན་བཟླས་ལ་འབད་པ་ཡིས། །སྒྲུབ་པ་པོས་ནི་རྟག་ཏུ་མཐོང་། །ཞེས་སོ། །དེ་མཐོང་བས་ཇི་སྐད་གསུངས་པའི་ཆོ་ག་ལ་གནས་པས། རྣམ་པ་ཐམས་ཅད་མཁྱེན་པའི་བྱང་ཆུབ་ཚེ་འདི་ཉིད་ལ་སྐད་ཅིག་ གིས་ཐོབ་ནས། རོ་མྱང་བའི་མཚན་ཉིད་བརྒྱད་དང་ལྡན་པར་སྲིད་པ་ཇི་སྲིད་ཀྱི་བར་དུ་བཞུགས་པར་མཛད་དོ། །སྤྲུལ་པའི་ཐིག་ལེ་བསྒོམ་པའི་ཆོ་གའོ། །དེ་བས་ན་གཞུང་འདི་ལས་རིམ་པ་གཉིས་སྟོན་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པ་དེ་ལ་གཉིས་ ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །རྫོགས་པའི་རིམ་པ་ལ་ཡང་དེ་བཞིན་ཏེ། བསྐྱེད་པའི་རིམ་པ་ནི་ཐིག་ལེ་གསུམ་པའི་ཆོ་གའོ། །རྫོགས་པའི་རིམ་པ་ནི་དེས་མཚོན་པའི་ཇི་བཞིན་པའི་དོན་ཏོ། །རིམ་པ་གཉིས་ཀྱི་བྱེ་བྲག་གིས་ལྷའི་སྐུ་ཡང་རྣམ་པ་གཉིས་ཏེ། སྔགས་ ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུའོ། །ཡེ་ཤེས་ཀྱི་སྐུ་ལ་ཡང་རྣམ་པ་གཉིས་ཏེ། ཡེ་ཤེས་ཅུང་ཟད་དག་པའི་སྐུ་དང་། ཤིན་ཏུ་རྣམ་པར་དག་པའི་སྐུའོ། །ཤིན་ཏུ་རྣམ་པར་དག་པའི་སྐུ་མཚན་ཉིད་ཀྱི་ཚུལ་དུ་གནས་པས་མི་སླུ་བའི་སྐུ་དང་། ཇི་བཞིན་པའི་འབྲས་བུའི་སྐུའོ། །དེ་ཡང་སྦྱོར་བ་བདུན་ཏེ། དཔེ་མེད་ བདེ་རྫོགས་ཀྱི་སྐུ་དང་། གཉིས་སུ་མེད་པ་དང་། བདེ་བ་ཆེན་པོ་དང་། རང་བཞིན་མེད་པ་དང་། ཐུགས་རྗེ་རྒྱས་པ་དང་། བར་ཆད་མེད་པ་དང་། འགོག་པ་མེད་པའི་སྦྱོར་བ་སྟེ། བླ་མ་མཉེས་པར་བྱ་བ་ལས་ཡང་དག་པར་ཤེས་པར་བྱའོ། །ཉག་གཅིག་རྟོགས་པའི་སྤྱོད་ཡུལ་མཆོག། །ཇི་ བཞིན་པ་ཡི་དེ་ཁོ་ན། །བདག་འདྲ་བླུན་པོས་མི་དཔོགས་པས། །གཞག་པར་བྱ་བར་འོས་པ་ཡིན། །འོན་ཀྱང་ཡང་དག་ལམ་སྟོར་ལ། །ཕན་སྙམ་ནས་ནི་དད་ཙམ་གྱིས། །ཅུང་ཟད་ཙམ་དུ་བསྡུས་པ་ལ། །དཔའ་བོ་མཁས་པས་བཟོད་པར་མཛོད། །འགྲོ་བ་ཐམས་ཅད་དངོས་པོ་ཡིས། ། གཉིས་མེད་དེ་ཉིད་རབ་རྟོགས་ནས། །འབྲས་བུ་རྡོ་རྗེ་འཆང་བར་ཤོག །མི་ཤིགས་པའི་རིན་པོ་ཆེ་ཞེས་བྱ་བའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧྱ་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་ བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱཏྨ་ཨརྠ་སིདྡྷིཀ་ར་ནཱ་མ་ཡོ་ག་ཀྲི་ཡ་ཀྲ་མ། བོད་སྐད་དུ། བདག་གི་དོན་གྲུབ་པར་བྱེད་པ་ཞེས་བྱ་བ་རྣལ་འབྱོར་གྱི་བྱ་བའི་རིམ་པ། དཔལ་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་སྐུ་ཅན་ལ་ཕྱག་འཚལ་ ལོ། །འཇིག་རྟེན་སྤྱོད་ལས་ངེས་གྲོལ་ནམ་མཁའ་དང་མཉམ་ངོ་བོ་ཉིད། །སྤྲོས་ལས་རྣམ་དབེན་རྒྱ་ཆེ་རང་བཞིན་འདི་ཡིས་མ་ལུས་དོན་མཛད་པ། །སྲིད་དང་ཞི་ལ་མི་གནས་གནས་ཏེ་ཡོངས་རྫོགས་དཔེ་མེད་བདེ་བའི་སྐུ། །དཔལ་ལྡན་འཇམ་པའི་རྡོ་རྗེ་ལ་བཏུད་རྒྱུད་དོན་འཛིན་བདག་ བླ་མ་ལའང་། །སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པའི་རིམ་པའི་མན་ངག་རང་ཉིད་ཀྱིས་དྲན་ཕྱིར། །དེ་ལ་བློ་བླུན་རྣམས་ཀྱི་ཉི་མ་ལྟ་བུར་འདི་ནི་བདག་གིས་བཤད། །འདི་ལ་ལོག་པར་རྟོགས་པ་དག་ནི་གཉིས་ཏེ། ཕྱི་རོལ་གྱི་དོན་ལ་ལོག་པར་རྟོགས་པ་དང་། ནང་གི་རྣམ་པར་ ཤེས་པ་ལ་ལོག་པར་རྟོགས་པའོ། །དེ་ལ་ཕྱི་རོལ་གྱི་དོན་ལ་ལོག་པར་རྟོགས་པ་ནི་གཉིས་ཏེ། མུ་སྟེགས་པ་དང་། ཉན་ཐོས་པ་དག་གོ། །དེ་དག་ནི་ཕྱི་རོལ་གྱི་དོན་རྣམ་པར་ཤེས་པ་ལ་སོགས་གཅིག་ན་ཡོད་པར་འདོད་ཅིང་། སྣ་ཚོགས་སུ་ཡོངས་སུ་རྟོག་གོ། །དེ་ཡང་ཇི་ལྟར་ཡོངས་ སུ་རྟོག་ཅེ་ན། མུ་སྟེགས་པ་དག་ནི་ཕྱི་རོལ་གྱི་དོན་འདས་པའི་རྒྱུན་ངོ་བོ་ད་ལྟར་དང་མ་འོངས་པའི་དུས་སུ་ཡང་རྣམ་པར་གནས་ཤིང་། དེ་ཡང་ཆ་ཤས་ཅན་རགས་པ་གཅིག་པའི་ངོ་བོར་ཡོངས་སུ་རྟོག་གོ། །དེ་ཉན་ཐོས་པ་དག་ལས་ཁ་ཅིག་ནི་དོན་རྣམས་རྡུལ་ཕྲ་རབ་ལས་གྲུབ་ཅིང་། དེ་དག་ ཀྱང་ཆ་ཤས་བྲལ་ཞིང་མུན་པ་དང་སྣང་བའི་སྐབས་མི་འབྱེད་ཅིང་། རིགས་མཐུན་པའི་སྐབས་དང་བཅས་པར་ཡོངས་སུ་རྟོག་གོ། །ཁ་ཅིག་ནི་དེ་དག་ཡང་དག་པར་འདུས་ནས་རིགས་མཐུན་པའི་གོ་སྐབས་ཀྱང་མི་འབྱེད་ཅིང་འབྱར་ནས་དམིགས་པ་མེད་པར་ཡོངས་སུ་རྟོག་གོ། །དེ་དག་ལས་ ཕྱོགས་དང་པོ་མ་གྲུབ་ཅིང་རིག་པ་མི་བཟོད་པར་བསྟན་པའི་ཕྱིར། བླ་མ་ཆེན་པོའི་ཞལ་སྔ་ནས། །དཀར་པོ་ལ་སོགས་གང་ཞིག་དང་པོ་རུ། །མཐོང་བ་དེ་ཉིད་དུས་གཞན་མཐོང་བ་མིན། །དེ་གཉིས་ཕན་ཚུན་མི་མཐུན་ཕྱིར་ན་ཡང་། །རྟག་ཏུ་བདེ་བ་ལ་སོགས་དག་དང་ མཚུངས། །གཟུགས་ལ་སོགས་པ་གཅིག་པ་མ་ཡིན་ཏེ། ཐོག་མཐའ་ལ་སོགས་དབྱེ་བ་ཡིས་མཐོང་ངོ་། །ཞེས་གསུངས་ཏེ། དེ་ཡང་ཡུལ་དཀར་པོ་ལ་སོགས་པ་རྣམ་པར་ཤེས་པས་སྐད་ཅིག་མ་དང་པོར་མཐོང་བ་དེ་ཉིད་སྐད་ཅིག་མ་གཉིས་པ་ལ་སོགས་པར་མཐོང་བ་མ་ཡིན་ནོ། ། འབྲས་བུ་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དེ་བས་ན་དང་པོ་ཉེ་བར་རྙེད་པ་དང་། ཕྱི་ནས་ཉེ་བར་རྙེད་པ་ནི་འགགས་པ་དང་ཡོད་པ་ཉིད་ཡིན་པས། བདེ་བ་དང་སྡུག་བསྔལ་ལྟར་དུས་གཅིག་ཏུ་ཡོད་པ་མ་ཡིན་ནོ། །དེ་ལྟར་མ་ཡིན་ན་ནི་འབྲས་བུ་རྟག་པར་ཐལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་རྟག་པ་ཡིན་པའི་ཕྱིར་རོ། །དེ་བས་ན་འབྲས་བུ་རིམ་གྱིས་འབྱུང་བར་སྣང་བས། རྒྱུ་རྣམས་ཀྱང་རིམ་གྱིས་འབྱུང་བར་ཤེས་པར་བྱའོ། །དེ་བས་ན་རྒྱུ་རྣམས་རྟག་པར་ག་ལ་འགྱུར། དེ་སྐད་དུ་འཕགས་པ་བྱམས་པས་ཀྱང་། འབྲས་བུ་རིགས་ཅན་ཉེར་སྦྱོར་བས། །རྒྱུ་རྣམས་ རྟག་པའི་བདག་ཉིད་མིན། །ཞེས་གསུངས་པ་དང་། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་། །དེ་ཡང་གང་ཚེ་དེ་ཡིས་ཚེ། །ཁྱོད་ཀྱིས་དོན་དེ་མི་སྣང་ན། །དེ་ནི་མངོན་སུམ་ཇི་ལྟར་འདོད། །ཅེས་པའི་ཕྱིར་རོ། །དེ་བཞིན་དུ་དོན་ཐམས་ཅད་གཅིག་པ་མ་ཡིན་ཏེ། སྟེང་དང་འོག་ལ་ སོགས་པའི་ཆ་སྣ་ཚོགས་སུ་སྣང་བས། ཟིན་པ་དང་མ་ཟིན་པ་འདྲ་བར་སྣང་བས། །གོམ་པ་རིམ་གྱིས་ཀུན་དུ་ཕྱིན་པ་དང་། ཕྲ་བ་མི་མཐོང་ཞིང་རགས་པ་མཐོང་བ་དང་། རྟ་དང་གླང་པོ་ཆེ་ལ་སོགས་པ་དུ་མར་སྣང་བའི་ཕྱིར་རོ། །དེ་བཞིན་དུ་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་ཀྱང་། གཅིག་ན་རིམ་གྱིས་འགྲོ་བ་མེད། །ཟིན་པ་མ་ཟིན་ཅིག་ཅར་མེད། །རིས་ཆད་དུ་མར་སྣང་བ་དང་། །མིག་གིས་མི་སོད་ཕྲ་བའང་མེད། །ཅེས་གསུངས་པ་དང་། སློབ་དཔོན་པྲཛྙཱ་སམྦྷ་བ་གུ་ཧྱས་ཀྱང་། ཀ་བ་ལ་སོགས་དངོས་པོ་ལ། །སྟེང་འོག་ལ་སོགས་དབྱེ་བ་ཡིས། །དེ་ལ་དུ་མར་ ཕྱེ་གྱུར་ན། །གཅིག་ཏུ་དམིགས་པ་མི་འཁྲུལ་བའོ། །ཞེས་གསུངས་སོ། །ཕྱོགས་གཉིས་པ་ཡང་མ་གྲུབ་པར་བསྟན་པའི་ཕྱིར། བླ་མ་ཆེན་པོའི་ཞལ་སྔ་ནས། རྡུལ་ཕྲན་རྣམས་ཀྱི་ཆ་ཡང་མ་མཐོང་སྟེ། དུ་མའི་གཟུགས་ཀྱང་མ་ཡིན་ཞེས་པ་ཡང་དེ་བཞིན་ནོ་ཞེས་གསུངས་ ཏེ། དེ་ཡང་དོན་རྣམས་རྡུལ་ཕྲ་རབ་མ་ཡིན་ཏེ། རྡུལ་ཕྲ་རབ་མི་དམིགས་ཤིང་རགས་པ་ལ་དམིགས་པའི་ཕྱིར་རོ། །རགས་པ་ནི་ཆ་ཤས་ཀྱི་ངོ་བོར་སྣང་བས་རྡུལ་ཕྲ་རབ་མ་ཡིན་ནོ། །སློབ་དཔོན་པྲཛྙཱ་སམྦྷ་བ་གུ་ཧྱས་ཀྱང་། ཕྲ་རབ་རེ་རེ་བློས་མི་དམིགས། །བློས་ནི་སྦོམ་པོ་ལ་དམིགས་ ཏེ། །སྦོམ་པོ་ཆ་ཤས་བཅས་པས་ན། །རྡུལ་ཕྲན་ཡུལ་དུ་མ་གྲུབ་པོ། །ཞེས་གསུངས་སོ། །ཕྱོགས་གསུམ་པ་མ་གྲུབ་པར་བསྟན་པའི་ཕྱིར། བླ་མ་ཆེན་པོའི་ཞལ་སྔ་ནས། དབུས་ཀྱི་ཆ་ཤས་མེད་པའི་རྡུལ་ཕྲན་ལ། །དུ་མའི་རྡུལ་ཕྲན་རྗེས་འབྲང་མེད་ཕྱིར་དང་། །ས་ཡི་དཀྱིལ་ འཁོར་ལ་སོགས་གཟུགས་ཀྱི་ཚོགས། །རགས་པའི་དཔུང་དུ་འགའ་ཡང་མི་འགྱུར་རོ། །ཞེས་གསུངས་ཏེ་དེ་ཡང་ཡུལ་དུ་གྲུབ་པ་མ་ཡིན་ཏེ། རྡུལ་ཕྲ་རབ་འདུས་པའི་ཕྱིར་རོ། །དེ་ཡང་རྡུལ་ཕྲ་རབ་འདུས་པ་ནི་ཕྱོགས་དྲུག་ནས་སམ། ཕྱོགས་གཅིག་ནས་འདུས་གྲང་ན། དེ་ལ་དང་པོ་ ནི་རིགས་པ་མ་ཡིན་ཏེ། དབུས་ན་གནས་པའི་རྡུལ་ཕྲ་རབ་ཆ་ཤས་དྲུག་ཏུ་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་རྡུལ་ཕྲ་རབ་ཉིད་ཉམས་པར་འགྱུར་རོ། །གཉིས་པ་ལྟར་ན་ཡང་མ་ཡིན་ཏེ། རང་བཞིན་གཅིག་པའི་ཕྱིར་གཅིག་གི་གོ་གང་ཡིན་པ་དེར་གཞན་ཐིམ་པས་སའི་དཀྱིལ་འཁོར་ལ་ སོགས་པ་གོང་བུར་སྣང་བར་མི་འགྱུར་རོ། །དེ་བས་ན་རྡུལ་ཕྲ་རབ་འདུས་ཞེས་བྱར་མི་རུང་ངོ་། །དེ་ལས་མ་གཏོགས་པ་འདུས་པ་ཞེས་བྱ་བའི་གཏན་ཚིགས་ཅུང་ཟད་ཀྱང་མི་སྣང་བས་འདུས་པ་ཡུལ་མ་ཡིན་ནོ། །དེ་སྐད་དུ། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་། དྲུག་གིས་ཅིག་ཅར་ སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་གི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །རྡུལ་ཕྲན་སྦྱོར་བ་མེད་ན་ནི། །དེ་འདུས་ཡོད་པ་དེ་གང་གི། །ཞེས་གསུངས་སོ། །སློབ་དཔོན་ཀཱ་མ་ལས་ཀྱང་། རྡུལ་ཕྲན་འདུས་པ་མེད་ན་ནི། །གཞན་གྱི་འདུས་ པ་བརྗོད་དགོས་སོ། །གཏན་ཚིགས་ཅུང་ཟད་མི་སྣང་བས། །འདུས་པ་ཡུལ་དུ་མ་གྲུབ་པོ། །ཞེས་གསུངས་སོ། །དེ་ལྟར་གཟུགས་ཅན་གྱི་ཡུལ་མ་གྲུབ་པར་བསྟེན་ནས། ད་ནི་གཟུགས་ཅན་མ་ཡིན་པ་རྣམས་མ་གྲུབ་པར་བསྟན་པའི་ཕྱིར། བླ་མ་ཆེན་པོའི་ཞལ་སྔ་ ནས། བདེ་བ་ལ་སོགས་རང་གི་ལས་གང་ནི། །འགའ་ཡང་མ་མཐོང་དེ་ནི་ཡོངས་བཟུང་བས། །དུས་གཅིག་འབྲེལ་བར་འགྱུར་བ་མེད་པས་ན། །གཟུགས་ལ་སོགས་པ་བཞིན་དུ་གཟུང་འཛིན་མེད། །ཅེས་གསུངས་སོ། །དེ་ཡང་ཚོར་བ་ལ་སོགས་པ་རྣམས་ཡུལ་དུ་གྲུབ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ ཞེ་ན། ཚོར་བ་ལ་སོགས་པ་འདས་པ་དང་མ་འོངས་པ་དག་ནི། འགགས་པ་དང་མ་སྐྱེས་པའི་ཕྱིར་དོན་གཞན་དུ་འགྱུར་བ་ལ་ནི་འབྲས་བུ་བསྐྱེད་པའི་ནུས་པ་ཡོད་པ་མ་ཡིན་པའི་ཕྱིར་དང་། ད་ལྟར་བྱུང་བ་ལ་ཡང་སྐྱེ་བ་ཞིག་ཡུལ་དུ་གྱུར་པའམ། སྐྱེས་ཟིན་པ་ཞིག་ཡུལ་དུ་འགྱུར་གྲང་ན། དང་པོ་ནི་རིགས་པ་ ཅན་མ་ཡིན་ཏེ། རང་ཉིད་སྐྱེས་པའི་དུས་སུ་མ་བྱུང་བའི་ཕྱིར་རོ། །གཉིས་པ་ཡང་རིགས་པ་ཅན་མ་ཡིན་ཏེ། ཤེས་པ་ཡང་དེའི་རྣམ་པར་སྐྱེས་ཟིན་པ་ཚོར་བ་ལ་སོགས་པས་ཕན་བཏགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་ཚོར་བ་ལ་སོགས་པ་ཡུལ་དུ་གྲུབ་པ་མ་ཡིན་ནོ། །དེ་སྐད་དུ། སློབ་དཔོན་ཆེན་པོ་ མཆེ་བའི་སྡེས་ཀྱང་། སིམ་པ་ལ་སོགས་འདས་དང་མ་འོངས་པ། །མ་སྐྱེས་པ་དང་འགག་པ་དང་། །ནུས་མེད་འབྲས་བུ་སྐྱེས་པ་ཡི། །སྐྱེ་བའི་ཚེ་ན་མེད་པ་དང་། །སྐྱེས་པ་ན་ནི་སྐྱེས་ཟིན་ཕྱིར། །སིམ་སོགས་ཡུལ་དུ་མ་གྲུབ་པོ། །ཞེས་གསུངས་སོ། །དེ་ལས་གཞན་པའི་ཆོས་ནམ་ མཁའ་ལ་སོགས་པ་ཡུལ་དུ་གྲུབ་པོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། བཏགས་པ་ཙམ་དུ་ཡོད་པས་འབྲས་བུ་སྐྱེད་པར་མི་ནུས་པ་དང་། ཡང་ན་འབྲས་བུ་དང་རིགས་མཐུན་ཞིང་དེ་དག་ཉིད་མི་རྟག་པར་འགྱུར་བ་དང་། ཡང་ན་དུས་ཐམས་ཅད་པ་ཉིད་ལས་འབྲས་བུ་དུས་གཅིག་ཏུ་འབྱུང་བའི་ཕྱིར་ རོ། །དེ་སྐད་དུ་སློབ་དཔོན་མཆེ་བའི་སྡེས་ཀྱང་། ནམ་མཁའ་ལ་སོགས་རྫས་མེད་པས། །ནུས་མེད་འབྲས་བུ་སྐྱེད་པ་མིན། །སྐྱེད་ན་འབྲས་ལྟར་མི་རྟག་འགྱུར། །དེ་དག་རྟག་ཚང་དེ་བས་ན། །འབྲས་བུ་རྣམས་ཀྱང་ཚང་བར་འགྱུར། །དེ་བས་དེ་དག་ཐམས་ཅད་ཀུན། །ཡུལ་དུ་ དམིགས་པ་འཁྲུལ་བའོ།།ཞེས་གསུངས་སོ། །དེ་བས་ན་ཡུལ་རྣམས་ཡོད་པ་མ་ཡིན་པས་ན། དེས་སྐྱེས་པའི་འཛིན་པའི་ཤེས་པ་རྣམས་ཀྱང་ཡོད་པ་མ་ཡིན་ཏེ། གཟུང་བ་འགའ་ཡང་མེད་པའི་ཕྱིར་རོ། །དེ་སྐད་དུ་འཕགས་པ་བྱམས་པས་ཀྱང་གསུངས་པ། དོན་དང་སེམས་ཅན་བདག་རྣམ་རིག །རྣ་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ་དེ་དོན་མེད། །དེ་མེད་པས་ན་དེ་ཡང་མེད། །ཅེས་གསུངས་སོ། །དེ་བས་ན་འདི་དག་ཐམས་ཅད་རྣམ་པར་ཤེས་པར་སྣང་བ་ཁོ་ན་ཉིད་དོ། །མདོ་ལས་ཀྱེ་རྒྱལ་བའི་སྲས་དག །ཁམས་ གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཡང་ལོག་པར་རྟོགས་པ་དག་ནི་རྣམ་པ་གཉིས་ཏེ། ཁ་ཅིག་དོན་དམ་པ་ཡོད་པ་ཉིད་དུ་རྟོག་ཅིང་རྫས་ཉིད་དུ་སེམས་པ་དང་། དེ་ལས་གཞན་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཉིད་ལ་གཉིས་སུ་སྣང་བར་སེམས་སོ། །དེ་དག་ ཀྱང་རིགས་པ་མ་ཡིན་ཏེ་རྣམ་པར་ཤེས་པ་ནི་དོན་དམ་པར་མེད་ཅིང་ཀུན་རྫོབ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་རང་བཞིན་མེད་པའི་གཏན་ཚིགས་རྒྱས་པ་ནི། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས། དབུ་མའི་བསྟན་བཅོས་སུ་བྲིས་པས་འདིར་འབད་པར་མི་བྱའོ། །དེ་སྐད་དུ་ སྐྱེ་བ་མེད་པ་བསྟན་པའི་མདོ་ལས། ལྷའི་བུ་ཆོས་ཐམས་ཅད་ནི་སེམས་ཙམ་མོ། །དེ་ཡང་ཀུན་རྫོབ་ཉིད་དེ། དོན་དམ་པར་མི་དམིགས་སོ་ཞེས་འབྱུང་བ་དང་། དེ་ཉིད་ལས་དེ་བས་ན་གང་ངེས་པར་ལེགས་པའི་གྲོང་ཁྱེར་དུ་འཇུག་པར་འདོད་པས་རྣམ་པར་ཤེས་པ་ཀུན་རྫོབ་ཉིད་དུ་ཤེས་ པར་བྱའོ་ཞེས་གསུངས་སོ། །དེ་བཞིན་དུ་མདོ་གཞན་དག་ལས་ཀྱང་། རང་བཞིན་མེད་དེ་རྣམ་རིག་མེད། །དངོས་པོ་ཡང་མེད་གཞི་ཡང་མེད། །རོ་དང་འདྲ་བའི་མི་མཁས་པ། །བྱིས་པས་འདི་དག་བརྟགས་པའོ། །ཞེས་པ་ལ་སོགས་པའོ། །བཅོམ་ལྡན་ འདས་ཀྱིས་ལང་ཀར་གཤེགས་པ་ལས་ཀྱང་། དེའི་ཕྱིར་དངོས་པོ་ཐམས་ཅད་རང་བཞིན་མེད་པར་གྲུབ་བོ་ཞེས་གསུངས་སོ། །དེ་ཉིད་ལས་ཡང་གསུངས་པ། གཞན་བརྗོད་པ་ཡི་དོན་དམ་པ། །དངོས་པོ་འདི་དག་རང་བཞིན་མེད། །གཅིག་དང་དུ་མའི་རང་བཞིན་གྱིས། ། འབྱོར་པ་མེད་པ་གཟུགས་བརྙན་འདྲ། །ཞེས་པ་ལ་སོགས་པ་དེ་དང་དེ་ལ་རྣམ་པ་མང་པོ་གསུངས་སོ། །དེ་ལྟར་རྣམ་པར་ཤེས་པ་ཀུན་རྫོབ་ཉིད་དུ་ཤེས་ན་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་རྟོག་པ་ནི་རིགས་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འཁོར་ བའི་ཆོས་ནི་མེད་པའི་ཕྱིར་རོ། །རྩ་བའི་རྒྱུད་ལས་ཀྱང་། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་རོ། །ཞེས་གསུངས་པ་དང་། ས་ནི་སྤྱན་ཞེས་བྱ་བ་དང་། །ཆུ་ཡི་ཁམས་ནི་ མཱ་མ་ཀཱི། །དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་གྲགས། །ཞེས་གསུངས་སོ། །འོ་ན་སྲིད་པར་སྣང་ཞིང་བྱ་བ་བྱེད་ནུས་པའི་དངོས་པོ་འདི་འཁོར་བ་མ་ཡིན་ནམ་དེ་མེད་ན་མྱ་ངན་ལས་འདས་པ་ཡང་གང་ལ་ཡོད་ཅེ་ན། དེའི་ཕྱིར་བླ་མ་ཆེན་པོའི་ཞལ་སྔ་ནས། བདག་ཏུ་ འཛིན་དང་བདག་གིར་འཛིན་པ་ཡིས། །འཁོར་བ་འདི་ནི་བཏགས་པ་ཙམ་དུ་ཡང་། །དེ་ཡི་ངོ་བོ་ལོག་པའི་རང་བཞིན་གྱིས། །ཀུན་ལས་འདས་པའི་ངོ་བོར་ཤེས་པར་བྱ། །ཞེས་གསུངས་ཏེ། དེ་བས་ན་སྲིད་པའི་ཆོས་ནི་གཏན་ནས་ཡོད་པར་མི་འདོད་ཀྱི། འོན་ཀྱང་ལོག་པར་ བཏགས་པ་ཙམ་ཉིད་དོ། །དེ་ཡང་གང་ཞེ་ན། རྟག་པ་ལ་སོགས་པར་འཁྲུལ་པ་ནི་སྲིད་པའི་སྡུག་བསྔལ་ཡིན་ནོ། །དཔེར་ན་ཐག་པའི་སྦྲུལ་བཞིན་དུ་སྣང་བ་མེད་པ་ཉིད་དོ། །བླ་མ་ཆེན་པོའི་ཞལ་སྔ་ནས་ཀྱང་། སྒྱུ་ལྟར་སྣང་བའི་རྣམ་པར་རྟོག་པ་ལས། །སྲིད་པའི་སྡུག་བསྔལ་ གཞན་ན་ཡོད་པ་མིན། །ཞེས་གསུངས་སོ། །དེ་བས་ན་དེ་ཟློག་པར་བྱེད་པའི་ཐབས་སུ་འདིར་ཟབ་མོ་དང་ཡང་དག་པར་གསལ་བའི་དཀྱིལ་འཁོར་དེ་གསུངས་པ་ཡིན་ནོ། །དེ་སྐད་དུ་དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། གསང་བའི་ བདག་པོ་ཐག་པའི་སྦྲུལ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ནོ། །འོན་ཀྱང་རབ་རིབ་ཀྱིས་དེ་ལྟར་སྣང་བ་ཡིན་ནོ། །སྐྱེས་བུ་གང་གིས་རབ་རིབ་སྤངས་ཏེ་བརྟགས་ན་ཐག་པར་མཐོང་ཞིང་དོན་གཞན་མེད་དོ། །གསང་བའི་བདག་པོ་དེ་བཞིན་དུ་རྟག་པ་ལ་སོགས་པ་ལ། གཟུགས་ལ་སོགས་པར་ སྣང་བ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ནོ། །འོན་ཀྱང་གཟུགས་ལ་སོགས་པར་ཞེན་པའི་བག་ཆགས་ཀྱི་ཕྱིར་རོ། །སྐྱེས་བུ་ལ་ལ་ཞིག་གིས་ངས་བསྟན་པའི་ལམ་ལ་གཞོལ་ཞིང་བག་ཆགས་དེ་བཟློག་ནས་རྟག་པ་ལ་སོགས་པར་མཐོང་ཞིང་གཞན་ཅི་ཡང་མི་དམིགས་སོ་ཞེས་གསུངས་ པའི་ཕྱིར་རོ། །དེ་བས་ན་དེ་མེད་པའི་ཕྱིར་འདི་ཐམས་ཅད་ཟབ་མོ་དང་ཡང་དག་པར་གསལ་བའི་དཀྱིལ་འཁོར་རོ། །དེ་ལ་ཟབ་མོ་གང་ཞེ་ན། རང་འབྱུང་བར་བྱེད་པའི་རྒྱུ་ཉོན་མོངས་པ་ལ་སོགས་པ་དང་། གདོད་མ་ནས་བྲལ་བ་མི་དམིགས་ཤིང་མི་འགྱུར་བའོ། །ཡང་དག་པར་གསལ་བ་གང་ཞེ་ ན། དེའི་སྒོ་ནས་ཕུན་སུམ་ཚོགས་པ་ཡོད་པ་གཞན་ལ་སྟོན་པའི་རྐྱེན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐོབ་པར་བྱེད་པའི་ཕྱག་རྒྱ་ཆེན་པོར་སྣང་བ་ཐམས་ཅད་དོ། །དེ་བས་ན་དེའི་ངོ་བོར་གསལ་བར་འདོད་པའི་སྐྱེས་བུ་དམ་པ་ཞིག་གིས་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་ རྒྱུད་ལས་གསུངས་པའི་ལམ་གྱི་རིམ་པ་ལ་ཉེ་བར་གནས་ནས་རྣལ་འབྱོར་བཞིའི་རིམ་གྱིས་འཇུག་ཅིང་རྟོགས་པར་བྱའོ། །དེའི་རིམ་པ་བླ་མའི་ཞལ་སྔ་ནས་བརྒྱུད་ཅིང་འབྱུང་བ་ཅུང་ཟད་བདག་གིས་དབྱེ་བར་བྱའོ། །དེའི་རིམ་པ་ནི་འདི་ལྟ་སྟེ། དེ་ལ་དང་པོར་འཇིག་རྟེན་གྱི་ཆོས་བརྒྱད་སྤངས་པའི་ རྣལ་འབྱོར་པས་ཚོགས་ལ་འཇིགས་པའི་སྐྱོན་མེད་པ། སྙིང་རྗེ་ཆེན་པོ་དང་དེ་ལས་བྱུང་བའི་ཡོན་ཏན་དང་ལྡན་པས་བླ་མ་དམ་པ་རྣམས་ལས་གང་ཡང་རུང་བ་ཅིག་མཉེས་པར་བྱས་ཏེ། ཆོ་ག་མ་ཚང་བ་མེད་པའི་དཀྱིལ་འཁོར་གཉིས་གང་ཡང་རུང་བར་ཞུགས་ནས། བུམ་པ་དང་གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་རྣམས་ཐོབ་པས་གསང་བ་དང་མཆོག་ཏུ་གསང་བ་ལ་སོགས་པ་རིམ་པར་བྱ་སྟེ། ཇི་ལྟར་གསུངས་བའི་གནས་སུ་དང་པོར་བྱ་བར་འོས་པ་རྣམས་ཚོགས་པར་བྱ་སྟེ། དེས་མཚམས་བཞིའི་དང་པོ་ཐོ་རངས་ལ་སྒོ་དག་པར་བྱ་བ་ལ་སོགས་པ་ནས། རྗེས་སུ་ ཆགས་པའི་མཐའ་ལ་ཐུག་པ་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པའི་རྣལ་འབྱོར་པས། ཐིག་ལེ་དང་ཕྲ་མོ་དང་བཟླས་བརྗོད་བྱས་ནས་འཁོར་ལོ་བསྡུ་བ་བརྩམ་མོ། །དེ་ལྟར་ཏིང་ངེ་འཛིན་གསུམ་རྫོགས་པའི་རྣལ་འབྱོར་པས་དེའི་ཡན་ལག་གཞན་སྨོན་ལམ་བཏབ་པ་དང་། སྡོམ་པ་བསྐྱང་བ་དང་། ཁ་ཟས་སྦྱང་བ་དང་། ལས་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱ་བ་དང་། བརྗེད་པ་ལ་སོགས་པའི་དབང་གིས་དམ་ཚིག་ཉམས་པ་བསྐང་བའི་ཆོ་ག་བྱས་ནས། བརྟགས་པའི་མཚན་ཉིད་ལས་དབེན་པར་བྱ་ཞིང་རང་གི་སེམས་ ཉིད་དག་པར་བྱའོ། །དེ་ཁོ་ན་བཞིན་དུ་ཉི་མའི་གུང་དང་། ཕྱི་འབྲེད་ཀྱི་དུས་སུ་ཡང་དེ་ཐམས་ཅད་མ་ལུས་པར་བརྩམ་པར་བྱའོ། །ནམ་ཕྱེད་ལ་ཡང་དེ་བཞིན་དུ་བཟླས་པའི་མཐར་ཐུག་པའི་བར་བྱས་ནས། ཉལ་བར་འདོད་ན་གཤེགས་སུ་གསོལ་བ་དང་། སྙིང་གའི་གནས་སུ་ཡེ་ ཤེས་སེམས་དཔའི་འཁོར་ལོ་ལ་ཕྱི་རོལ་འཁོར་ལོ་བསྡུས་ནས་ཤེས་རབ་ཀྱང་སྙིང་རྗེར་ལྡན་པས་ཉལ་བར་བྱའོ། །ཐོ་རངས་ལངས་ནས་ཡང་གོང་མ་ཁོ་ན་བཞིན་དུ་དང་པོའི་ལས་ལ་ཞུགས་པས་ཐམས་ཅད་བྱ་ཞིང་། དུས་མཚམས་གཞན་ལ་ཡང་དེ་བཞིན་དུ་བསྒོམ་པར་བྱའོ། །དེ་སྐད་ དུ་བླ་མའི་ཞལ་སྔ་ནས་ཀྱང་། ཐོ་རངས་ལངས་ནས་གོང་མ་ལྟར། །གདོད་མ་གཏོགས་པས་བཟླས་པ་བྱ། །ཞེས་བྱའོ། །དེ་ལྟར་ཉིན་རེ་དུས་བཞིར་ཏིང་ངེ་འཛིན་ཡན་ལག་དང་བཅས་པ་ལ་གཞོལ་ཞིང་མཚན་མ་མ་ཐོབ་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ལྟར་རྒྱུན་རིང་དུ་བསྒོམས་ པས་ཕྲ་མོ་དང་ཐིག་ལེས་སེམས་བརྟན་པར་གྱུར་ནས། ཕྲ་མོའི་ཏིང་ངེ་འཛིན་གསུམ་པ་ལས་སྤྲོ་བསྡུ་སྔོན་དུ་འགྲོ་བ་མ་བཏང་ཞིང་བཟུང་བས་བརྟན་པར་གྱུར་པའི་མཚན་མ་ལྔ་བོ་འདི་ཐོབ་པར་འགྱུར་རོ། །དེ་ཡང་གང་ཞེ་ན། ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །ཁ་དོག་ལྔ་ཡི་ཐིག་ ལེ་གཟེར། །གསལ་བ་དང་ནི་མི་གསལ་བ། །དང་པོ་སྨིག་རྒྱུ་ལྟ་བུ་དང་། །གཉིས་པ་དུ་བ་ལྟ་བུ་སྟེ། །གསུམ་པ་མེ་ཁྱེར་ལྟ་བུ་དང་། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་སྤྲིན་མེད་ནམ་མཁའ་སྟེ། །ལྷ་དང་ཕྱག་མཚན་ལ་སོགས་པའོ། །དེ་རྣམས་ནི་ འོག་ནས་བཤད་པའི་རྣལ་འབྱོར་པ་རྣམས་སུ་འགྱུར་བའི་མཚན་མའོ། །དེ་ནས་སྤྲོ་བསྡུའི་སྒོ་ནས་རྗེས་སུ་དྲན་པ་བསྒོམ་ཞིང་། ཕྱིས་གནས་དང་གནས་པའི་བདག་ཉིད་སྤྲོས་ནས་བཟླས་བརྗོད་ཀྱི་སྦྱར་བ་བརྩམ་པར་བྱའོ། །རྩ་བའི་རྒྱུད་ལས་ཀྱང་། སངས་རྒྱས་བྱང་ཆུབ་གནས་ རྣམས་ནི། །དེ་རུ་མདོར་ན་སྤྲོ་བར་བྱ། །སྐུ་གསུང་ཐུགས་ཀྱི་མཚན་མ་ཡི། །སྔགས་ཀྱི་ཚིག་རྣམས་རབ་ཏུ་བརྗོད། །ཅེས་འབྱུང་བས་སོ། །དེ་ལྟར་བརྟན་པར་འགྱུར་བའི་མཚན་མ་རྣམ་པ་ལྔ་མངོན་དུ་གྱུར་པ་དེ་ལ་ནི་ལས་དང་པོ་པའི་རྣལ་འབྱོར་པ་ཞེས་གསུངས་སོ། །རྣལ་འབྱོར་ པ་དེ་མཚན་མ་མཐོང་ཡང་རུང་མ་མཐོང་ཡང་རུང་སྟེ། དད་པ་དང་ལྡན་ཞིང་སྣོད་དུ་རུང་བས་ཞུས་པའམ། གཟུགས་བརྙན་གླེགས་བམ་ལ་སོགས་པ་བསྒོམ་པར་འདོད་པས་ཞུས་པའམ། དེ་ལས་གཞན་པའི་སེམས་ཅན་སྡིག་པའི་དབང་གིས་མཚན་མ་ངན་པ་མཐོང་བས་ཞུས་ པའམ། སྣོད་དུ་རུང་ཞིང་ངང་ཚུལ་བཟང་པོ་དང་ལྡན་པ་རྣམས་ཀྱིས་མ་ཞུས་ཀྱང་བཙུད་དེ། དེ་རྣམས་ཀྱི་དོན་དུ་གོང་ནས་གསུངས་པའི་བསྙེན་པའི་ཆོ་ག་ལ་གནས་ནས་འཛབ་ཏུ་མ་བཟླས་པའམ། འཛབ་འབུམ་ལ་སོགས་པ་བཟླས་པ་བྱས་ནས། རི་མོའི་དཀྱིལ་འཁོར་བྲི་བ་ བརྩམ་པར་བྱའོ། །དེ་སླད་དུ་སློབ་དཔོན་ཛ་བ་དི་བའི་ཞལ་སྔ་ནས། ལས་དང་པོ་ཡི་རྣལ་འབྱོར་གྱིས། །གོང་གསུངས་མཚན་མ་མ་མཐོང་མཐོང་། །དེ་ཡིས་འདི་དག་དོན་གྱི་ཕྱིར། །དཔག་མེད་བཟླས་པ་བྱས་པའམ། །བཟླས་བརྗོད་གྲངས་ཚང་ངེས་བྱས་ནས། །སྣོད་དུ་རུང་ཞིང་དད་ལྡན་ དང་། །གཟུགས་བརྙན་པུ་སྟི་ལ་སོགས་དང་། །སྡིག་པའི་དབང་གིས་མཚན་ངན་མཐོང་། །སྣོད་ལྡན་རྣམས་ཀྱིས་མ་ཞུས་ཀྱང་། །རི་མོའི་དཀྱིལ་འཁོར་བྲི་བ་བརྩམ། །ཞེས་འབྱུང་བས་སོ། །དེས་དཀྱིལ་འཁོར་བྲི་བ་ཡང་བདག་ཉིད་སློབ་དཔོན་དང་སློབ་མ་གཉིས་ཀྱིས་བྲི་ བར་བྱས་ནས། སློབ་མ་གཞུག་པ་ལ་སོགས་པ་བྱས་ནས་དབང་རྣམས་བསྐུར་བར་བྱའོ། །རྩ་བའི་རྒྱུད་ལས་ཀྱང་། ཐིག་གདབ་པ་ཡི་ཆོ་ག་འདི། །བདག་ཉིད་ནམ་ཞིག་སྤྱོད་པ་ན། །རྣམ་པར་སྣང་མཛད་རབ་བསྒོམས་ཏེ། །རྡོ་རྗེ་སེམས་དཔའ་བསྒོམ་པའམ། །སློབ་མ་ རྡོ་རྗེ་འོད་པོ་ཆེ། །རྡོ་རྗེ་མི་འཆི་བསྒོམ་པར་བྱ། །ཞེས་གསུངས་སོ། །དཀྱུས་མ་བརྗོད་དེ། ལས་དང་པོ་པ་དེ་བརྟན་པར་གྱུར་པའི་མཚན་མ་ལན་གྲངས་མང་དུ་མཐོང་ནས་སེམས་བརྟན་པར་ཤེས་ནས་གཉིས་པར་འགྱུར་བར་བྱ་བའི་ཕྱིར་སྦྱོར་བ་འདི་ལ་འབད་པར་བྱའོ། །དེའི་སྦྱོར་ བ་ནི་འདི་ལྟ་སྟེ། སྒོ་དག་པར་བྱ་བ་ལ་སོགས་པ་ནས་རྗེས་སུ་ཆགས་པར་བྱ་བའི་བར་གྱིས་དང་པོའི་རྣལ་འབྱོར་རྫོགས་པར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཞུགས་པ་སྔོན་དུ་བྱས་ནས་རིག་པའི་ཆོས་ཀྱི་དབྱིངས་ཀྱི་པདྨའི་ནང་དུ་སྟོང་པ་ཉིད་དམ་ས་ བོན་དང་ལྷའི་ངོ་བོ་བསྒོམ་པར་བྱའོ། །དེ་ལ་མི་གཡོ་ཞིང་བརྟན་པར་གྱུར་པ་ལས། རིགས་ཀྱི་བདག་པོའི་གནང་བ་ཐོབ་པའི་དུས་སུ་རྣལ་འབྱོར་པ་གཉིས་པར་གྱུར་པ་ཡིན་ནོ། །དེ་སྐད་དུ་བླ་མའི་ཞལ་སྔ་ནས། པདྨ་ལ་གནས་བརྟན་བྱས་ཏེ། །རིགས་བདག་གནང་བ་ཐོབ་ ནས་སུ། །རང་གི་སྦྱོར་བས་འཕྲོ་བ་ཡིན། །ཞེས་པའོ། །དེ་ལྟར་ལས་དང་པོ་པའི་ཆོ་ག་ཅུང་ཟད་བསྟན་པ་ཡིན་ནོ། །དེ་ནས་རྣལ་འབྱོར་པ་དེ་ཡེ་ཤེས་འགའ་ཞིག་དབང་དུ་གྱུར་བ་ནི་སྣོད་རྣམ་པ་གཉིས་ལ་ཡེ་ཤེས་ཀྱི་ལྷ་གཉིས་འབེབས་པར་ནུས་པ་ཐོབ་པས་དེ་སྐད་བརྗོད་དོ། ། བླ་མའི་ཞལ་ནས་ཀྱང་། ཡེ་ཤེས་ཤིན་ཏུ་འབེབས་ཐོབ་པས། །འབེབས་པའི་ཆོ་ག་གསུངས་པའོ། །ཞེས་སོ། །དེས་ཐུན་མཚམས་བཞིར་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་རྫོགས་པར་བྱས་ནས། དེའི་རྗེས་ལ་མཆོད་པ་ལ་སོགས་པ་བརྩམས་ཏེ། ཐིག་ལེ་དང་ཕྲ་མོ་ནི་མི་བརྟན་པའི་ལྷའི་ང་རྒྱལ་དང་བྲལ་བས་ནན་ཏན་དུ་བྱ་བ་ནི་མ་ཡིན་ནོ། །དེ་གོང་ནས་གོང་དུ་ནུས་པ་མཐུ་ཅན་དུ་བྱ་ཞིང་གྲུབ་པའི་མཚན་མ་མཐོང་བར་བྱ་ཞིང་བཟླས་བརྗོད་ཀྱི་ཆོ་ག་ལ་འབད་པར་བྱའོ། །དེ་ནས་ འཁོར་ལོ་བསྡུས་ནས་གོང་མ་བཞིན་དུ་སྡོམ་པ་བསྐྱེད་པ་ལ་སོགས་པ་ཐམས་ཅད་བྱའོ། །དེ་སྐད་དུ་བླ་མ་ཆེན་པོའི་ཞལ་སྔ་ནས། བརྟུལ་ཞུགས་ཚུལ་ཁྲིམས་སྔགས་ལྡན་པས། །མིག་དང་སྐུ་སོགས་བྱིན་བརླབས་ནས། །ཡེ་ཤེས་འགའ་ཞིག་དབང་གྱུར་པས། ། མཚམས་བཞིར་འཁྲུལ་མེད་བཟླས་བརྗོད་བྱ། །ཞེས་གསུངས་སོ། །རྣལ་འབྱོར་པ་དེ་དེ་ལྟར་བསྙེན་པའི་ཆོ་ག་ལ་གནས་ནས་གོང་དུ་སྨོས་པའི་སྣོད་དུ་རུང་ཞིང་། དད་པ་དང་ལྡན་པ་ལ་སོགས་པའི་དོན་དུ། ཁྱེའུ་དང་བུ་མོ་ལོ་བཅུ་གཉིས་ལོན་པ་ལ་ཡེ་ཤེས་ཀྱི་ལྷ་གཉིས་ཕབ་ལ། དེ་གཉིས་ཀྱིས་ཐིག་དང་རྡུལ་ཚོན་ལ་སོགས་པ་བྱའོ། །རྩ་བའི་རྒྱུད་ལས་ཀྱང་། བུ་མོ་ལོ་གྲངས་བཅུ་གཉིས་པ། །ལོ་གྲངས་བཅུ་གཉིས་ལོན་པའི་ཁྱེའུ། །བཟུང་ནས་དབབ་པ་རབ་ཏུ་བརྟག། །ཆོ་ག་ཐམས་ཅད་བྱས་ནས་ནི། །དེ་ནས་ལས་རྣམས་རབ་ཏུ་བསྒོམ། །རྣམ་པ་ གཞན་དུ་བྱས་ན་ནི། །ཁམས་གསུམ་སྐྱེ་བོས་དཔྱས་པར་འགྱུར། །ཞེས་གསུངས་སོ། །དེ་ནས་བདག་ཉིད་ཞུགས་པ་ལ་སོགས་པའི་ཆོ་ག་ནི་ལས་དང་པོ་པའི་རྣལ་འབྱོར་བཞིན་དུ་ཐམས་ཅད་བྱའོ། །རྩ་བའི་རྒྱུད་ལས་ཀྱང་། སྔ་མ་བཞིན་དུ་ཐམས་ཅད་འགྱུར། །ཞེས་པ་དང་། བླ་མའི་ཞལ་སྔ་ནས་ཀྱང་། །སློབ་དཔོན་སློབ་མའི་ཆོ་ག་ནི། །སྔོན་དུ་གོམས་པ་ལ་གནས་པའོ། །ཞེས་གསུངས་སོ། །དེ་བཞིན་དུ་རྣལ་འབྱོར་པ་དེས་དངོས་གྲུབ་ཐ་མལ་པའི་གྲུབ་པའི་མཚན་མ་མཐོང་ཞིང་ལྷའི་ལུང་ཐོབ་ནས། འཛབ་བཟླས་པ་སྔོན་དུ་འགྲོ་བའི་སྣོད་ལ་ཕབ་པའི་ལྷ་ གཉིས་ཀྱིས་བྲིས་པའི་རི་མོའི་དཀྱིལ་འཁོར་དུ་ལྷས་དབང་བསྐུར་བའི་ཆོ་ག་ཡན་ཆད་ཀྱིས་ཞུགས་ནས། ཇི་ལྟར་རྩ་བའི་རྒྱུད་ལས་གསུངས་པའི་ལམ་གྱི་རིམ་པ་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་ལ་གནས་ནས། ཟླ་བ་ཕྱེད་དང་ཞག་བདུན་གྱི་བར་དུ་བཟླས་པས་ཇི་སྐད་གསུངས་པའི་ ཐ་མལ་པའི་དངོས་གྲུབ་གང་ཡང་རུང་བ་འགྲུབ་པར་འགྱུར་རོ། །དེ་སྐད་དུ་རྩ་བའི་རྒྱུད་ལས་ཀྱང་། དབེན་ཞིང་རབ་ཏུ་ཉམས་དགའ་བར། །སྦྱོར་བ་འདི་ནི་ཀུན་བརྩམས་ན། །རྡོ་རྗེ་སྐུ་དང་གསུང་དང་ཐུགས། །ཟླ་བ་ཕྱེད་ཀྱིས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དཀྱུས་མ་བརྗོད་ དེ། དེ་ལྟ་བུའི་རྣལ་འབྱོར་པ་དེ་གོང་དུ་གསུངས་པའི་ཆོ་ག་རྒྱུན་རིང་དུ་བརྩམས་ནས། རྣལ་འབྱོར་པ་གསུམ་པར་གྱུར་པ་ནི་ཟབ་མོ་དང་ཡང་དག་པར་གསལ་བའི་དཀྱིལ་འཁོར་རྨི་ལམ་ལྟར་རང་འབའ་ཞིག་ཏུ་མ་ཟད་དེ། གཞན་ལ་ཡང་སྟོན་པར་ནུས་པ་ཐོབ་པས་དེ་སྐད་ཅེས་བྱའོ། །བླ་མའི་ ཞལ་སྔ་ནས་ཀྱང་། དེ་བྱིན་རླབས་ཀྱིས་དཀྱིལ་འཁོར་རྣམས། །བདག་གཞན་གྱིས་ནི་མཐོང་བ་དེ། །གསལ་བ་རྨི་ལམ་བཞིན་དུ་འདོད། །ཅེས་སོ། །རྣལ་འབྱོར་པ་དེས་རྒྱུ་བ་དང་མི་རྒྱུ་བའི་བདག་ཉིད་ཡི་གེ་གསུམ་གྱི་ཏིང་ངེ་འཛིན་ཀུན་དུ་སྤྱོད་པ་ཅན་གྱི་སེམས་ཅན་གྱི་སེམས་ལས་ ལྷན་ཅིག་དབྱེར་མེད་པ་རྟོགས་པས། བཟླས་བརྗོད་ཀྱི་སྤྲོ་བསྡུ་ཁོ་ནའི་སྒོ་ནས་རྫོགས་པའི་ཏིང་ངེ་འཛིན་བསྒོམ་པ་ནི་ཁ་ཅིག་ཉིན་མཚན་དུ་སྦྱོར་བ་ལ་བརྟེན་པ་ཡིན་ནོ། །དེ་སྐད་དུ་གསུངས་པ། ཡེ་ཤེས་དབང་དུ་གྱུར་པ་ཡིས། །སྤྲོ་དང་བསྡུ་བ་བྱེད་པ་ནི། །ཉིན་ མཚན་སྦྱོར་བ་བརྟན་པར་བྱ། །ཞེས་སོ། །དེ་ལྟར་བསྙེན་པའི་ཆོ་ག་ལ་གནས་ནས། དེས་འདི་ལྟ་སྟེ། སློབ་མ་སྣོད་དུ་རུང་ཞིང་དད་པ་དང་ལྡན་པ། སྔོན་དུ་དཀྱིལ་འཁོར་མཐོང་ཞིང་དབང་ཐོབ་ནས་སྦྱོར་བའི་ཁྱད་པར་ཤེས་ཤིང་དེ་ལ་གཞོལ་བ་རྣམས་ཀྱི་དོན་དུ་རྣལ་འབྱོར་རྣམ་པ་གསུམ་ རྫོགས་པའི་ཏིང་ངེ་འཛིན་གྱིས་བསྒོམས་ཏེ། དེར་བཅུག་ནས་ཁྱད་པར་ཅན་གྱི་སློབ་མ་དེ་ལ་བཀའ་སྩལ་པའི་དབང་གིས་མཐར་ཐུག་པའི་བར་གྱིས་དབང་བསྐུར་བར་བྱའོ། །རྩ་བའི་རྒྱུད་ལས་ཀྱང་། ནམ་མཁའི་དབྱིངས་ཀྱི་དབུས་བསམ་པ། །གྲུ་བཞི་ལྷམ་པ་རབ་ཏུ་བཟང་། །སངས་ རྒྱས་དཀྱིལ་འཁོར་སྦྱོར་བ་ཡིས། །བསམ་གཏན་རྡོ་རྗེ་བསྒོམ་པར་བྱ། །རྡོ་རྗེ་དཀྱིལ་འཁོར་བསམ་གཏན་གྱིས། །འཁོར་ལོ་ཅན་ཀུན་ཞུགས་པར་བྱ། །མཆོད་པའི་ཆོ་ག་དེ་ཉིད་ཀྱིས། །བློ་དང་ལྡན་པས་རབ་ཏུ་བྱ། །སློབ་དཔོན་སྙིང་གར་བསྒོམས་ན་ནི། །དབང་བསྐུར་བ་ནི་བརྩམ་ པར་བྱ། །སངས་རྒྱས་ཀུན་གྱིས་ནམ་མཁའི་ཁམས། །ཡོངས་སུ་གང་བར་རྣམ་པར་བསམ། །དབང་བསྐུར་བ་ནི་གནས་གསུམ་གྱིས། །ཐམས་ཅད་ཆོ་ག་བཞིན་དུ་དབབ། །དེ་ཡིས་བྱང་ཆུབ་ཐོབ་པ་ནི། །སེམས་ཅན་ཀུན་ལ་ཕན་འདོགས་པ། །སྐུ་དང་གསུང་ཐུགས་དངོས་ གྲུབ་ནི། །ངོ་མཚར་ཆེན་པོ་ཐམས་ཅད་འགྲུབ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་ལོ་ཞེས་བྱ་བ་བསམ་གཏན་གྱི་དཀྱིལ་འཁོར་རྫོགས་སོ་ཞེས་བྱ་བ་གསུངས་སོ། །དེ་ནས་བླ་མའི་ཞལ་སྔ་ནས། དཀྱིལ་འཁོར་རྒྱལ་མཆོག་ལས་རྒྱལ་མཆོག། །རྣམ་པ་ཀུན་ལ་རྫོགས་ བྱས་ཏེ། །ཞེས་སོ། །དེ་ནི་སློབ་མ་གཞུག་པ་དང་། སྒྲུབ་པའི་དོན་དུ་དགོངས་པའོ། །དེ་ལས་གཞན་པའི་སློབ་མ་དེར་འཇུག་པར་མི་ནུས་པའི་མཚན་ཉིད་ཅན་གྱི་ཕྱིའི་བྱ་བ་ལ་མངོན་པར་ཞེན་ཅིང་བློ་དམན་པ་རྣམས་ལ་ནི། རྣལ་འབྱོར་པ་དེས་ཡེ་ཤེས་འགའ་ཞིག་ལ་དབང་ཐོབ་པའི་ ཚུལ་དུ་ཡང་། རི་མོའི་དཀྱིལ་འཁོར་བྲིས་ནས་དབང་བསྐུར་བར་བྱའོ་ཞེས་སློབ་དཔོན་ཆེན་པོའི་ཞལ་སྔ་ནས་གསུང་བར་མཛད་དོ། །དེ་བས་སློབ་དཔོན་ཌོམྦི་བའི་ཞལ་སྔ་ནས་ཀྱང་། ཡེ་ཤེས་དབང་དུ་གྱུར་པས་ནི། །སློབ་མ་སྣོད་རུང་དད་ལྡན་དང་། །དཀྱིལ་འཁོར་མཐོང་བ་དབང་ བསྐུར་བ། །སྦྱོར་བ་ཤེས་ཤིང་དེ་དོན་སྒོམ། །ཁྱད་པར་ཅན་ཤེས་དོན་གྱི་ཕྱིར། །རྫོགས་པའི་དཀྱིལ་འཁོར་བསམ་གཏན་གྱིས། །དབང་བསྐུར་བ་ནི་བརྩམ་པར་བྱ། །གཉིས་པ་དེ་རུ་འཇུག་མི་ནུས། །མཐོང་བའི་ཆོས་ལ་མངོན་ཞེན་ནས། །བློ་གྲོས་དམན་ཞིང་སྦྱོར་སྤངས་པ། །དེ་ ཡིས་དེ་ཡི་དོན་གྱི་ཕྱིར། །རྣལ་འབྱོར་འོག་མའི་ཆོ་ག་ལྟར། །རི་མོའི་དཀྱིལ་འཁོར་བྲིས་ནས་ནི། །དབང་བསྐུར་བ་ནི་བརྩམ་པར་བྱ། །དེ་ལས་གཞན་པ་རྣལ་འབྱོར་པ་དེས་ཐ་མལ་པའི་དངོས་གྲུབ་ཀྱི་མཚན་མ་རྣམས་ཐོབ་ཅིང་ལྷའི་བཀའ་ཐོབ་ནས། བཟླས་པའི་ཆོ་ག་སྔོན་དུ་ འགྲོ་བས་སྣོད་ལ་ཕབ་པའི་ལྷས་བྲིས་པའི་རི་མོའི་དཀྱིལ་འཁོར་དུ་ཞུགས་ནས། ལམ་གྱི་སྦྱོར་བའི་མཚན་མ་གང་མཐོང་བའི་བྱེ་བྲག་གིས་གནས་ཏེ་བསྒྲུབས་ན་ཇི་ལྟར་གསུངས་པའི་ཡོན་ཏན་ཟླ་བ་ཕྱེད་ལ་སོགས་པས་འགྲུབ་པར་འགྱུར་རོ། །དེ་བས་ན་དེ་སྒྲུབ་པའི་དཀྱིལ་ འཁོར་ནི་རི་མོར་བྱའོ། །དེ་ཡང་གང་ལྟར་བྱ་ཞེ་ན། ལས་དང་པོ་ལྟར་བདག་ཉིད་ཀྱིས་བྱ་བ་མ་ཡིན་ཏེ་ཡེ་ཤེས་འགའ་ཙམ་པའི་ལྟར་སྣོད་ལ་ཕབ་པའི་ལྷས་བྱའོ། །དེ་བས་ན་རྩ་བའི་རྒྱུད་ལས་ཀྱང་། རྡོ་རྗེ་ཐིག་ནི་གདབ་པ་དང་། །ཚོན་རྩི་དག་ནི་དགྱེ་བ་དག། །སྔགས་ཀྱི་སེམས་ པས་མི་བྱ་སྟེ། །བྱས་ན་བྱང་ཆུབ་རྙེད་པར་དཀའ། །དེ་བས་དམ་ཚིག་ཚུལ་ཤེས་པས། །སྔགས་ཀྱི་ལྷ་རྣམས་གནས་གནས་སུ། །བྱིན་གྱིས་བརླབ་པ་ཡང་བྱས་ཏེ། །དཀྱིལ་འཁོར་རྣམས་ནི་རྣམ་པར་བརྟག། །རྒྱལ་ཆེན་རྣམ་པར་སྣང་མཛད་དམ། །ཡང་ནི་སྤྱན་ནི་དབབ་པར་ བྱ། །སྐུ་ཡི་ཁ་དོག་གོ་འཕང་མཆོག། །རྡོ་རྗེ་སྐུ་ཡི་ཡོན་ཏན་འབྱུང་། །རྡོ་རྗེ་ཆོས་ནི་རྒྱལ་པོ་ཆེ། །བདག་གི་རིག་པས་དབབ་པར་བྱ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །གསང་བ་རབ་ཏུ་བརྟག་པ་ཡིན། །རྡོ་རྗེ་སེམས་དཔའ་རྒྱལ་ཆེན་དང་། །མཱ་མ་ཀཱི་ཡང་དབབ་པར་བྱ། ། འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །གསང་བ་རྨད་དུ་བྱུང་བའོ། །དེ་ལྟར་བྱས་ན་བྱིན་གྱིས་རློབ། །སེམས་ལ་དབང་བ་ཉིད་ཤེས་ཏེ། །གསང་བ་དག་ནི་མཆོག་སྩོལ་ལོ། །ཞེས་སོ། །དེ་ནས་ཐ་མལ་པའི་དངོས་གྲུབ་གྲུབ་པའི་རྣལ་འབྱོར་པ་དེས་ གྲུབ་པའི་མངག་གཞུག་བསྐུལ་ནས་དེས་སངས་རྒྱས་ཐམས་ཅད་ཀྱི་ཞིང་དུ་ཁྲིད་ནས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཐོས་པར་བྱས་ནས། །རྣལ་འབྱོར་པ་བཞི་པར་འགྱུར་བའི་མཚན་མ་རྣམས་འབྱུང་བར་འགྱུར་རོ། །དེ་བས་ན་རྩ་བའི་རྒྱུད་ལས་ཀྱང་། སངས་རྒྱས་ཞིང་དུ་འགྲོ་བར་འགྱུར། ། ཟབ་མོའི་ཆོས་ཀྱང་ཐོས་པར་འགྱུར། །སངས་རྒྱས་ས་ཡང་ཐོབ་པར་འགྱུར། །ཞེས་པ་སྟེ། འདིར་སངས་རྒྱས་ས་ཡང་ཐོབ་པར་འགྱུར་ཞེས་པ་ནི། སངས་རྒྱས་ཉིད་ཐོབ་པར་འགྱུར་བ་ལ་དགོངས་པའོ། །དེ་ཡང་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གཉིད་ ཅུང་ཟད་འོང་བར་འགྱུར་ཏེ། དེའི་དུས་སུ་མཚན་མ་ནི་འདི་དག་སྟེ། རྩ་བའི་རྒྱུད་ལས་ཀྱང་། བསམ་གཏན་བཟླས་ལ་འབད་པ་ཡིས། །སྒྲུབ་པ་པོས་ནི་རྟག་ཏུ་མཐོང་། །དེ་ལ་འདིར་ནི་རྨི་ལམ་དམ་ཚིག་ཆེན་པོའི་ཚིག་གོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །རྣམ་པའི་ དབྱེ་བ་གཉིས་སུ་སྣང་། །ཆོས་ཀྱི་ཡེ་ཤེས་མཆོག་ཐོབ་པས། །སངས་རྒྱས་མཐུ་དང་འདྲ་བར་མཐོང་། །སངས་རྒྱས་རྫོགས་ལོངས་སྤྲུལ་པའི་སྐུ། །དཔག་མེད་པ་ནི་མྱུར་དུ་མཐོང་། །སེམས་དཔའ་ཆེན་པོ་ཁམས་གསུམ་པ། །མཆོད་པར་བྱས་པར་དེ་མཐོང་ངོ་། ། ཡེ་ཤེས་ཆེན་པོ་འདི་འདྲའི་གཟུགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །རྟག་ཏུ་མཆོད་པ་བྱས་པར་མཐོང་། །རྡོ་རྗེ་སེམས་དཔའ་གཟུགས་ཆེན་དང་། །གྲགས་ཆེན་རྡོ་རྗེ་མཆོག་དག་ཏུ། །རྨི་ལམ་དག་ན་རང་གཟུགས་ མཐོང་། །གྲགས་ཆེན་རྡོ་རྗེ་གསང་བ་དང་། །བྱང་ཆུབ་སེམས་དཔའ་འཁོར་ལོ་ཅན། །སངས་རྒྱས་ཆེན་པོས་ཕྱག་འཚལ་བའི། །རྨི་ལམ་འདི་འདྲ་མཐོང་བར་འགྱུར། །ལུས་ངག་སེམས་ཀྱི་མཐུ་ལས་སྐྱེས། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པའི། །ལྷ་ཡི་བུ་མོ་ ཡིད་འོང་དང་། །ཁྱེའུ་བུ་མོ་དག་མཐོང་ན། །དེས་ནི་དངོས་གྲུབ་ཐོབ་པར་འགྱུར། །ཕྱོགས་བཅུ་སངས་རྒྱས་མང་པོ་རྣམས། །ཞིང་ན་གནས་པ་ངེས་པར་མཐོང་། །ཐུགས་ནི་དགྱེས་པར་གྱུར་ནས་ཀྱང་། །ཆོས་མཛོད་ཡིད་དུ་འོང་བ་སྩོལ། །ཆོས་ཀྱི་འཁོར་ལོ་སྒྱུ་མའི་སྐུ། ། སེམས་ཅན་ཀུན་གྱིས་ཡོངས་བསྐོར་བ། །བསམ་གཏན་རྡོ་རྗེ་ལ་གནས་པའི། །དམ་ཚིག་སྦྱོར་བས་མཐོང་བར་འགྱུར། །སྣ་ཚོགས་ཀུན་དགའ་སྐྱེད་མོས་ཚལ། །ལྷ་ཡི་བུ་མོ་ལ་སོགས་རྒྱན། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པས། །བསམ་གཏན་དམ་ཚིག་ཅན་ གྱིས་མཐོང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །དེ་ནི་དབང་བསྐུར་མངོན་པར་མཐོང་། །རིག་འཛིན་རྒྱལ་པོ་ཆེན་པོ་ཡིས། །མཆོད་པ་བྱས་པར་དེ་མཐོང་ངོ་། །རྡོ་རྗེ་ལས་བྱུང་སྣ་ཚོགས་པའི། །རྨི་ལམ་དྲི་མ་མེད་མཐོང་ན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སྐྱེས་ པ་བླ་ན་མེད་པ་འགྲུབ། །གདུལ་བྱའི་སྦྱོར་ཐེ་ཚོམ་ལ་སོགས། །རྡོ་རྗེ་འཛིན་པས་མཐོང་ནས་ནི། །བློ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །སེམས་ཀྱི་གནས་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་དག་ལས་ཀྱང་། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པའི། །ལྷ་ ཡི་བུ་མོ་ཡིད་འོང་དང་། །ཁྱེའུ་དང་བུ་མོ་དག་མཐོང་ན། །དེ་ཡིས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་པ་དང་། སྣ་ཚོགས་ཀུན་དགའ་སྐྱེད་མོས་ཚལ། །ལྷ་ཡི་བུ་མོ་ལ་སོགས་བརྒྱན། །ཞེས་བྱ་བ་དང་། ཐ་མལ་པའི་དངོས་གྲུབ་ཀྱི་མཚན་མའོ། །ཐ་མལ་པ་ཉིད་དངོས་གྲུབ་ ཆེན་པོའི་མཚན་མའོ། །དེ་བས་ན་གྲུབ་པའི་མཚན་མ་ཐམས་ཅད་ནི་བཞི་སྟེ། དབབ་པ་དང་། རྨི་ལམ་དང་། ལྷའི་ལུང་དང་། ཐ་མལ་པ་ཐམས་ཅད་ནི་མཚན་མའོ། །དེ་རྣམས་ནི་ཅི་རིགས་པར་ཐོབ་པའི་རྣལ་འབྱོར་པས་ཅི་རིགས་པར་དངོས་གྲུབ་བསྒྲུབ་པར་བྱའོ། །བླ་མ་ཆེན་པོའི་ ཞལ་སྔ་ནས་ཀྱང་། གྲུབ་པའི་མཚན་མ་ཐོབ་པའི་རྣལ་འབྱོར་པས། །དེ་ཉིད་གསུམ་གྱི་ཆོ་གའི་གཞི་སྔགས་པས། །གོང་དུ་གསུངས་པའི་དཀྱིལ་འཁོར་ཆོ་ག་ཡིས། །མངོན་པར་འདོད་པའི་དངོས་གྲུབ་རབ་ཏུ་འགྲུབ། །ཅེས་གསུངས་སོ། །དེ་ལྟར་མཚན་མ་མཐོང་ཞིང་ ལྷའི་བཀའ་ཐོབ་པ་དེས་བཞི་པར་གྱུར་པར་བྱ་བའི་ཕྱིར་དགུག་པའི་ཆོ་གའམ། གདོན་གནས་པའི་ཆོ་གས་ཇི་ལྟར་གསུངས་པའི་རིགས་སྨེ་ཤ་ཅན་ལ་སོགས་པའི་བུ་མོ་བཀུག་སྟེ། སྔགས་ཀྱི་རྒྱུད་ལ་སོགས་པ་ལེགས་པར་བསླབས་ནས་ཇི་ལྟར་བླ་མའི་ བཀའ་ལས་བྱུང་བའི་མན་ངག་གིས་བསྟན་པ་ལྟར་བྱས་ནས་དཔང་པོར་བཞག་སྟེ་སྒྲུབ་པ་ཆེན་པོ་བརྩམ་པར་བྱའོ། །དེ་ཡང་སྣོད་ལ་ཕབ་པའི་ལྷ་གཉིས་ཀྱིས་བྲིས་པའི་རི་མོའི་དཀྱིལ་འཁོར་ལ་གནས་ནས་ཞི་བའི་སྦྱོར་བས་རྣལ་འབྱོར་གསུམ་རྫོགས་པའི་ཏིང་ངེ་འཛིན་གྱིས་ཇི་སྲིད་ བློ་རབ་དང་ཐ་མའི་བྱེ་བྲག་གིས། ཟླ་བ་དྲུག་གསུམ་གྱི་བར་དུ་ཆོ་ག་དེས་བསྒྲུབ་པར་བྱའོ། །དེས་བྱིན་གྱིས་བརླབ་པར་མ་གྱུར་ཅིང་བྱང་ཆུབ་ཀྱང་མ་གྲུབ་ན། དེའི་ཚེ་ཞག་བདུན་ལ་སོགས་དབྱེ་བས་དྲག་ཤུལ་དུ་བསྒྲུབ་པར་བྱའོ། །དེ་ལས་གཞན་པ་དབང་དུ་བྱ་བ་དང་བསྲུང་བའི་སྦྱོར་ བ་ཡང་བྱའོ། །ལེའུ་བཅོ་བརྒྱད་པ་ལས་ཀྱང་། །དབང་དུ་བྱས་དང་བསྲུང་བ་དང་། །དེ་ཡི་བྱ་བ་རབ་ཏུ་སྦྱར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དྲག་ཤུལ་གྱི་སྦྱོར་བ་ནི་འདི་ལྟ་སྟེ། ལེའུ་བཅུ་པ་ལས་ཀྱང་། རང་སྔགས་སྐྱེས་བུ་བསྒོམས་ནས་ནི། །གནས་གཞི་རྣམས་སུ་ གཟུགས་ཀྱི་ཚུལ། །ཞག་གསུམ་ཚུལ་དུ་སྦྱོར་བ་ཡིས། །ཁ་དོག་གསུམ་དུ་རབ་ཏུ་བསྒོམ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ལ་འདི་ནི་རྡོ་རྗེ་དམ་ཚིག་མཆོག་གིས་གསང་བའོ། །སྙིང་གའི་གནས་སུ་ཕྲ་མོ་ཡིས། །དཀྱིལ་འཁོར་ རྣམས་ནི་དགོད་པར་བྱ། །ཡི་གེ་མཆོག་ཏུ་གྱུར་པའི་ཚིག །དེ་ཡི་དབུས་སུ་བསམ་པར་བྱ། །རྡོ་རྗེ་ཆེན་པོ་རྩེ་ལྔ་པ། །རྟག་ཏུ་སྦྱོར་བས་བསྒོམ་པར་བྱ། །རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས། །རྡོ་རྗེ་གསུམ་རྣམས་བསམ་པར་བྱ། །དེ་ཡི་སྙིང་གར་གདབ་བྱ་སྟེ། །ལྷ་རྣམས་རབ་ཏུ་ བསྐུལ་བར་བྱ། །ཨོཾ་ཨ་ཕཊ་ཛ། འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པའོ། །འཁོར་ལོ་པདྨོ་རིགས་ལ་སོགས། །རྡོ་རྗེ་ཀྱོ་བ་རྣམ་བསྒོམ་ཞིང་། །སྙིང་ག་རུ་ནི་བསྐུལ་བར་བཤད། །འདི་ནི་རོལ་མོ་འབྱུང་བ་སྟེ། །རྡོ་རྗེ་ཡི་ནི་ཚུལ་མཆོག་འདི། ། ཞག་བདུན་བར་དུ་བྱས་ནས་ནི། །ཡེ་ཤེས་རྡོ་རྗེ་ཅན་གྱི་གསང་། །སྐུ་དང་གསུང་ཐུགས་འགྲུབ་པར་འགྱུར། །མཆོག་སྩོལ་བ་དག་རྣམ་པར་གཟིགས། །ཡིད་ནི་འཇིགས་ཤིང་སྐྲག་གྱུར་ནས། །ཡིད་ནི་མགུ་ཞིང་དགར་འགྱུར་བའི། །དངོས་གྲུབ་རྒྱ་ཆེན་འགྲུབ་པར་འགྱུར། ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྔགས་ཀྱི་སྤྱོད་པའི་དོན་གྲུབ་པས། །རྨོངས་པས་འགལ་བར་བྱས་ནས་ནི། །དེ་ཡི་སྲོག་ནི་དེར་ཟད་འགྱུར། །ཞེས་པ་ལ་སོགས་པས་སྐུ་གསུང་ཐུགས་རླུང་གི་ཤིང་རྟ་ལ་ཞོན་པ་རྣམས་ཀྱིས་མི་གནས་པའི་ཕྱིར་མྱ་ངན་ལས་འདས་ པའི་དབྱིངས་ན་བཞུགས་པའི་ཡེ་ཤེས་ཀྱི་འཁོར་ལོའི་ཐུགས་ཀར་ལྕགས་ཀྱུས་བརྡེག་ཅིང་། ང་ནི་དཔལ་ལྡན་ཆེ་གེ་མོ། །ཞེས་བྱ་བ་ལ་སོགས་པས་བཀའ་བསྒོ་ཞིང་བསྐུལ་ནས་རང་དང་ལྷན་ཅིག་ཏུ་བསྒོམ་པ་དང་། ལེའུ་བཅུ་བཞི་པ་ལས། ཕན་ཚུན་དཀྲི་བའི་ཚུལ་དུ་བྱ། །མཐེ་བོང་ གཉིས་ནི་རབ་ཏུ་བསྡམ། །རྣམ་པར་སྣང་མཛད་ཚུལ་གནས་ཏེ། །ཞེས་པ་དང་། ཡེ་ཤེས་པདྨ་ཁ་དབྱེ་བ། །རྡོ་རྗེ་སོར་མོ་ངེས་པར་གཞག། །འདོད་ཆགས་རྡོ་རྗེའི་ཚུལ་གནས་ཏེ། །ཞེས་པ་དང་། རྩེ་མོ་ལྔ་པ་བཅིངས་ནས་ནི། །འོད་འཕྲོ་མང་པོ་འཁྲུག་ཅིང་འབར། །རྡོ་རྗེ་སེམས་ དཔའ་མཉམ་གཞག་ལ། །ཞེས་བྱ་བའི་རིམ་པས་རྣམ་པར་སྣང་མཛད་དང་སྤྱན་མ་གཉིས་དཀྲིས་ལ་རྡོ་རྗེ་དང་པདྨ་སྦྱར་ཏེ་གདབ་པ་དང་། སྣང་བ་མཐའ་ཡས་དང་ན་བཟའ་དཀར་མོ་དཀྲིས་ཏེ་པདྨ་ཁ་ཕྱེ་བའི་ཚུལ་དུ་འོད་ཟེར་དང་ལྡན་པའི་རྡོ་རྗེ་བཞག་ནས་གདབ་པ་དང་། མི་བསྐྱོད་ པ་དང་མཱ་མ་ཀཱི་དཀྲིས་ཏེ་རྩེ་མོ་ལྔ་པའི་གསང་བའི་རྡོ་རྗེ་ཆོས་འབྱུང་གི་ནང་དུ་ཉི་མ་བྱེ་བ་ཕྲག་བརྒྱའི་འོད་དང་ལྡན་པ་བསམས་ཏེ་གདབ་པ་སྟེ། དེ་ལྟར་རྡོ་རྗེ་དང་པདྨ་སྦྱར་ནས་ཐམས་ཅད་གནག་ཅིང་ཁྲོས་པར་བསམས་ལ། རང་གི་རིག་མའི་ཆོས་འབྱུང་གི་ནང་དུ་ཆུད་པའི་གྲུ་གསུམ་ མེའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་སྣང་མཛད་ལ་སོགས་པ་དམ་ཚིག་ལ་བསྙེངས་པར་བསམས་ལ། རང་གི་རིགས་དང་འབྲེལ་པའི་ཕུར་བུ་གཤིན་རྗེ་གཤེད་པོ་ལ་སོགས་པ་རང་གི་གསང་བའི་རྡོ་རྗེ་ལས་ཕྱུང་སྟེ་གནས་རྣམས་སུ་བསྟན་ནས་དངོས་གྲུབ་ཆེན་པོ་དགུག་པ་ཞག་ བདུན་ལ་སོགས་པའི་བར་དུ་བྱས་ནས་མཆོག་གི་ཡང་མཆོག་གི་བསྙེན་སྒྲུབ་བཞི་ལ་གནས་ནས་ཆོ་ག་འདི་ཐམས་ཅད་མ་ལུས་པར་བསམ་པར་བྱའོ། །དཔུང་པ་རབ་བརྐྱང་མགུལ་པ་ནས། །མི་གཡོ་ཞིང་ནི་བརྟན་པར་འཁྱུད། །བརླ་གཉིས་རབ་ཏུ་བློ་ ལྡན་པས། །བུང་བའི་ཚུལ་དུ་རྩེ་བར་བྱ། །འགྱིང་བག་སྟབས་ཀྱིས་འཁྱུད་ནས་ནི། །གཡོན་གྱི་སྤྱི་བོར་རབ་བརྟེན་ནས། །གཡས་ཀྱི་ཀོ་སྐོ་བཏེག་ནས་སུ། །མ་མཆུ་གཞིབ་ཅིང་སྦྱོར་བ་བརྩམ། །སིད་སྒྲའི་སྔགས་ནི་བརྗོད་ནས་ཀྱང་། །དཔུང་པའི་བར་དུ་རབ་བྱས་ནས། །ཁ་ ཡིས་དེ་ལ་རྩེ་བར་བྱ། །རྣམ་པ་དེ་བཞིན་མཆན་ཁུང་དང་། །མགྲིན་པའི་གློ་དང་སུམ་མདོ་རྣམས། །སེན་མོ་རེ་མོས་གདབ་བྱ་ཞིང་། །ཡང་དང་ཡང་དུ་བྱུག་པ་དང་། །གཡོན་གྱིས་པདྨ་མཉེ་བ་དང་། །ལག་པ་སྦྱོར་བའི་དཀྱིལ་འཁོར་ལ། །རྡོ་རྗེ་གཡོན་གྱི་སོར་མོ་གསུམ། །ཆོས་ འབྱུང་ནང་དུ་བྲུད་ཅིང་རྩེ། །ཧཱུྃ་ཡིག་ལས་བསྐྱེད་རྡོ་རྗེ་ཡི། །འོད་ཟེར་སྣ་ལྔ་འཕྲོ་བ་ཡིས། །བྱང་ཆུབ་སེམས་ཀྱི་ན་རི་ལ། །ལྕེ་དེ་ཡིས་ནི་བསྐྱོད་ནས་ཀྱང་། །སྔགས་འདི་ཆེད་དུ་བརྗོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ཡིས་བསྐུལ་བ་ཙམ་ གྱིས་ནི། །སྙིང་འདར་དྲན་པ་ཉམས་པར་འགྱུར། །སྤྱི་བོ་སྐྲ་གྲོལ་གོས་ཀྱང་འདོར། །འབྱུང་བའི་རྔུལ་ཆུས་ཀུན་ཏུ་ཁྱབ། །བརྟན་པའི་ངང་ཚུལ་ཤོར་ནས་ནི། །རང་གི་བ་སྤུ་ཀུན་ཀྱང་གཡོ། །དམར་བའི་མིག་ནི་ཕྲ་བར་བལྟ། །བདག་ཉིད་མགུལ་ནས་ཡང་འཁྱུད་ནས། །དགའ་ བའི་དབྱངས་ཀྱིས་གླུ་བླང་ཞིང་། །སིད་སྒྲའི་སྔགས་ནི་བརྗོད་པར་བྱ། །དེ་ལྟ་བུའི་ཚོགས་སྒྲུབ་པའི་གནས་སྐབས་སུ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་སྦུབས་སུ་ཨཱ་ལི་དང་ཀཱ་ལི་དང་། མ་ད་ན་པ་ཏྲ་དང་། ཀུན་མ་ཀ་དང་། ཤང་ཤང་ཀ་དང་། ན་རི་གསུམ་སྟེ་ཀུན་ལ་བསྐུལ་ཞིང་བསྐྱོད་ པས་བདག་ཉིད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་གཉིས་སུ་མེད་པ་རྣམས་བཞི་པའི་དུས་སུ་དྲི་མ་མེད་པའི་རྒྱུན་ལྟ་བུར་ཞུ་བར་གྱུར་པའི་དུས་སུ་བདག་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་མཐོང་སྟེ་དེ་བཞིན་དུ་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ཀྱི་ཆོས་ཟབ་མོ་དང་ཡང་དག་པར་གསལ་བ་གང་དུ་སྨོས་ པ་ལྟར་རྟོགས་པ་དེ་ལས་ཡང་དག་པའི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པ་ཞེས་བྱའོ། །རྩ་བའི་རྒྱུད་ལས་ཀྱང་། རྡོ་རྗེ་ཉི་མ་ནུབ་ནས་ཀྱང་། །བསྒྲུབ་པ་ཀུན་དུ་བརྩམ་པར་བྱ། །སྐྱ་རིངས་ཤར་བའི་དུས་སུ་ནི། །སྐྱེས་བུ་དེ་ནི་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་ཉིད་ ལས། ཆགས་པའི་ཡིད་ཀྱིས་འདོད་པ་ཡིས། །རྟག་ཏུ་འདོད་པའི་ཡོན་ཏན་བསྟན། །ཞེས་གསུངས་སོ། །དེ་ནས་རྣལ་འབྱོར་པ་ཆེན་པོ་དེ་ཕྱིས་མཆོག་ཏུ་འགྱུར་ཞིང་ཀུན་བརྟགས་པའི་མཚན་ཉིད་དང་བྲལ་བ་རྣམས་ཀྱི་དོན་དུ་གོང་མའི་འོད་གསལ་བའི་ངོ་བོ་ལས་བཞེངས་ཏེ། རྟག་ པ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡིས་སྲིད་པ་ཇི་སྲིད་ཡོད་པ་དེ་སྲིད་ཀྱི་བར་དུ་རོ་མྱང་བའི་མཚན་ཉིད་བརྒྱད་དང་ལྡན་པར་བཞུགས་ནས་དེ་རྣམས་ཀྱི་དོན་མཛད་དོ། །བླ་མའི་ཞལ་སྔ་ནས་ཀྱང་། ཡང་དག་ཡེ་ཤེས་དབང་ཐོབ་པས། །གཟུགས་བརྙན་བདག་ཉིད་སྤྱི་གཟུགས་ ཀྱིས། །དཀྱིལ་འཁོར་གསུམ་གྱི་མཐའ་ཡས་ཁམས། །འགྲོ་བའི་ཕན་འདོགས་བྱེད་པའོ། །ཞེས་གསུངས་སོ། །དེ་བས་ན་གཞན་སྡུག་བསྔལ་གྱི་ལམ་གྱིས་བསྐལ་པ་ཆེན་པོ་གསུམ་ན་བླ་ན་མེད་པའི་སངས་རྒྱས་ཐོབ་པར་འདོད་པ་རྣམས་ཀྱིས་ཀྱང་འདི་ལྟ་བུའི་དཔལ་དང་ལྡན་ པའི་ཀུན་ནས་བཀྲ་ཤིས་པའི་ངོ་བོ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྟེན་དུ་གྱུར་པ། ཚེ་འདི་ལ་ཐོབ་པའི་ལམ་འདི་སྐྱེས་བུ་སུ་ཡིས་མི་བསྒོམ། བསྒོམ་པར་བྱ་བ་ཁོ་ན་ཡིན་ནོ། །དེ་བས་ན་བདག་གི་བླ་མ་ཆེན་པོའི་ཞལ་སྔ་ནས། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། གསང་ སྔགས་ལ་མཆོག་ཏུ་གཞོལ་བའི་སེམས་ཅན་རྣམས་གཟུང་བར་བྱ་བའི་དོན་དུ། རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་དང་། དེ་ལས་གཞན་པའི་རྒྱུད་རྣམས་དང་། བྱིན་གྱིས་བརླབས་པའི་རིམ་པའི་མན་ངག་ཏུ་ཡང་དག་པར་བལྟས་ནས་རྣལ་འབྱོར་ཆེན་པོའི་མངོན་དུ་བྱས་ཏེ་ ཚིགས་སུ་བཅད་པ་དང་། དེ་རྐྱང་པ་ལ་སོགས་པའི་སྒོ་ནས་ཚིག་སྙན་ཅིང་ཡིད་དུ་འོང་བ་དང་སྒྲུབ་པའི་ཐབས་ཀྱི་རིམ་པ་སྒྲོན་མ་ལྟ་བུ་རྣམས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རྟོགས་པར་བྱ་བའི་དོན་དུ་སྦས་པ་ལྟ་བུ་རྣམས་ཕྱུང་སྟེ་རྣམ་པར་དགོད་པ་མཛད་དོ། །ཁོ་བོས་ཀྱང་བླ་མ་ཆེན་ པོ་དེའི་མན་ངག་སྙན་ཁུང་ནས་བརྒྱུད་པ་རྣམས་བློ་ལ་གནས་བཞིན་པར་བྱས་ནས། སྐྱེ་བོ་རྣམས་གཟུང་བར་བྱ་བའི་དོན་དུ་རྣལ་འབྱོར་པ་རྣམས་ཀྱི་བཀོད་པའི་རིམ་པ་ཅུང་ཟད་བསྟན་པར་བྱས་སོ། །ལ་ལ་ནི་བདག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་ གྱིས་བརླབས་པའི་མན་ངག་སློབ་དཔོན་དག་གི་ཞལ་སྔ་ནས་མ་ཐོབ་ཅིང་། གཞན་དག་ནི་རིགས་པ་མ་ཡིན་པའི་ཤགས་ཙམ་ལ་བརྟེན་ནས་བདག་ནི་རྣལ་འབྱོར་པའི་མན་ངག་ཡང་དག་པར་ཐོབ་པོ་ཞེས་རློམ་སེམས་ཤིང་། གཞན་དག་ལ་ཡང་དེ་ལྟར་བསྙད་པ་དེ་ནི་བསྐལ་པ་ཁྲག་ཁྲིག་ གི་བར་དུ་ཡང་། བདག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མི་འགྱུར་རོ། །སློབ་དཔོན་ཆེན་པོ་ཤཱཀྱ་མི་ཏྲིའི་ཞལ་སྔ་ནས་ཀྱང་། གང་ཞིག་བླ་མའི་ཞལ་ནས་བྱིན་གྱིས་བརླབས་པའི་མན་ངག་ནི། །མ་ཐོབ་བཞིན་དུ་རིགས་མིན་ཆོས་ལ་བརྟེན་གྱུར་ནས། ། བདག་ནི་རྣལ་འབྱོར་ཆེན་པོ་ཡིན་ཞེས་གང་སྨྲ་བ། །བླུན་ཆེན་སྐྱེ་བོ་དེ་ནི་རྒྱལ་བ་རྣམས་དང་ངས་མི་འདོད། །ཅེས་གསུངས་སོ། །དེ་བས་ན་སྐྱེས་བུ་དམ་པ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་འདོད་ན། རང་གི་ལྷག་པའི་ལྷ་སློབ་དཔོན་ཆེན་པོ་ཐབས་ཐམས་ཅད་ཀྱིས་ མཉེས་པར་བྱས་ཏེ། དེའི་ཞལ་སྔ་ནས་བྱིན་གྱིས་བརླབས་པའི་རིམ་པའི་མན་ངག་ཐོབ་པར་བྱས་ཏེ། བསྐྱེད་པ་དང་རྫོགས་པའི་རིམ་པས་གོང་དུ་སྨོས་པ་ལྟར་འཇུག་པར་བྱས་ནས། ཞུགས་པས་ཀྱང་ཚེ་འདི་ཉིད་ལ་དངོས་གྲུབ་ཐམས་ཅད་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེ་སྐད་དུ་རྩ་བའི་ རྒྱུད་ལས་ཀྱང་། འདིས་ནི་དེ་བཞིན་གཤེགས་པའི་སྐུ། །རྡོ་རྗེ་འཛིན་པའི་ཐུགས་དང་ནི། །ཆོས་འཛིན་མཆོག་གི་གསུང་དག་ཀྱང་། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །སྐུ་དང་གསུང་དང་ཐུགས་ཀྱང་འགྲུབ། །གང་གཞན་ཕྲ་མོར་བཤད་པ་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ ཏེ། །བཟླས་པ་ཙམ་གྱིས་དེ་འགྲུབ་འགྱུར། །ཞེས་གསུངས་སོ། །དཔལ་ལྡན་ཡེ་ཤེས་ཞབས་ནི་བླ་ན་མེད་པ་ཐུགས་རྗེ་ཆེན་པོ་ཡི། །དྲིན་གྱིས་སྣང་བས་ཁེབས་ཕྱིར་བདག་ནི་བླུན་ཡང་ཅུང་ཟད་ཙམ་དུ་ཕྱེ། །དེ་ཡི་དགེ་བ་ཟླ་བ་ལྟ་བུར་འདུག་པ་དེ་ཡིས་སྐྱེས་བུ་མ་ལུས་རྣམས། །འཇམ་ རྒྱལ་ཐོབ་ནས་བདུད་ལས་རྒྱལ་འགྱུར་ཟབ་ཅིང་རྒྱ་ཆེའི་དོན་རྟོགས་ཤོག། །བདག་གི་དོན་འགྲུབ་པར་བྱེད་པ་ཞེས་བྱ་བ་རྣལ་འབྱོར་གྱི་བྱ་བའི་རིམ་པ་སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧྱ་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཥ་ཌ་ངྒ་ཡོ་གཱ་ལོ་ཀ་ཀྲ་མ། བོད་སྐད་དུ། སྦྱོར་བ་ཡན་ལག་དྲུག་གི་སྣང་བའི་རིམ་པ། དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཤེས་རབ་ཐབས་ཀྱི་ བདག་ཉིད་ཅན། །ཐོག་མར་འཇམ་རྡོར་ལ་བཏུད་ནས། །དེ་ཡི་སློབ་མ་ཡེ་ཤེས་ཞབས། །དེས་བརྒྱུད་པ་ལའང་གུས་བཅས་ནས། །སྨན་ཞབས་ཞལ་ནས་གསུངས་པ་ཡི། །ཡན་ལག་དྲུག་པ་རབ་བསྒོམས་ན། །འཇམ་པའི་རྡོ་རྗེ་ལ་སོགས་པའི། །རྫོགས་པའི་རིམ་པ་འགྲུབ་པར་ འགྱུར། །བསྐྱེད་པའི་རིམ་པ་རྙེད་འདོད་པས། །ཡན་ལག་བཞི་པའི་རིམ་པ་ཡིས། །མཐུན་པའི་སྦྱོར་བ་ལ་གནས་པས། །ཅིས་ཀྱང་རྣལ་འབྱོར་པ་ཡིས་འཐོབ། །རྫོགས་པའི་རིམ་པ་སྤྱོད་འདོད་པ། །ཡན་ལག་དྲུག་ལ་གོམས་སྦྱོར་ན། །བྱ་བ་སྤྲོས་བྲལ་རང་བཞིན་གྱིས། ། དངོས་གྲུབ་ཀྱི་ནི་མཆོག་བསྒྲུབ་པོ། །སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་གཟུང་བ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བའི་ཡན་ལག་དྲུག་ཅེས་གྲགས། །དྲུག་པོ་དེའི་ནང་ནས་སོ་སོར་སྡུད་པ་བཤད་པ་ནི་བདེ་བ་རྒྱ་མཚོ་ཆེན་པོའི་གཉིད་ལས་ལྷ་མོ་བཞིས་ ཡང་དག་པར་བསྐུལ་ནས་སད་པའི་ཚེ་རང་གི་སྙིང་གར་པདྨ་དང་ཟླ་བ་ལ་སོགས་པའི་ས་བོན་རྣམ་པར་བསམས་ཏེ། དང་པོར་གདོང་ལ་སོགས་པ་རྣམ་པར་ཐར་པའི་སྒོ་གསུམ་གྱིས་རྣམ་པར་དག་པར་བྱས་ནས། ཡིད་དང་མཐུན་པའི་གནས་སུ་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་ པའི་ཆོ་ག་ཐམས་ཅད་སྤྱད་ནས། མཾ་ལ་སོགས་པའི་ས་བོན་ལས་འོད་ཟེར་གྱི་དྲ་བས་བརྟན་གཡོའི་འགྲོ་བ་ཐམས་ཅད་དངུལ་ཆུས་ལྕགས་ལ་སོགས་པའི་གོང་བུར་བསྒྱུར་བ་བཞིན་དུ་དྲི་མ་མེད་པའི་ཟླ་བའི་འོད་ཟེར་ལྟ་བུ་དང་། སྒྱུ་མ་ལྟ་བུའི་གཟུགས་སུ་རྣམ་པར་རྟོགས་ནས། རང་གི་སྙིང་ གའི་ས་བོན་གྱི་ཐིག་ལེ་ལ་བསྡུས་ནས། །རང་གི་ལུས་དང་པདྨ་སོགས་པ་དེ་ཡང་ག་པུར་དེངས་པ་ལྟར་རིམ་གྱིས་ཐིག་ལེ་ཉིད་དུ་བསྒོམ། ཐིག་ལེ་ཡང་མི་ཤིགས་པ་བྱང་ཆུབ་སེམས་ཀྱི་གཟུགས་སྟོང་ཉིད་སྙིང་པོ་ཅན་ལ་སྨོན་ལམ་གྱི་སྟོབས་ཀྱིས་བྱིན་གྱིས་བརླབས་པས་ རི་མོ་དྲང་པོ་ཙམ་དུ་བལྟས་ལ་ཡང་། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པ་བྲག་ཅ་ལྟ་བུའི་སྔགས་འདིས་བྱིན་གྱིས་བརླབ་བོ། །དེ་མ་ཐག་ཏུ་སྟོང་པ་ཉིད་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པ་སྨོན་ལམ་གྱི་སྟོབས་ཀྱིས་རྨི་ལམ་སད་པ་ལྟ་བུར་མྱུར་དུ་འགྲོ་བའི་དོན་ལ་ བསམས་ཏེ། ནཱ་ད་ལ་རིམ་གྱིས་བྱུང་བས་ས་བོན་གྱི་འོད་ཟེར་གྱི་དྲ་བའི་རྣམ་འཕྲུལ་གྱིས་ཀུན་དུ་ཁྱབ་པའི་དབུས་སུ་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་གནས་པ་སྣ་ཚོགས་པདྨའི་ལྟེ་བ་ལ་གཞལ་ཡས་ཁང་གནས་པའི་དབུས་སུ་པདྨ་དང་ཟླ་བ་ལ་ས་བོན་གྱིས་མཚན་ པའི་ཕྱག་མཚན་ཡོངས་སུ་གྱུར་པ་ལས་ཐོག་མར་དེ་བཞིན་གཤེགས་པ་མ་ལུས་པ་བསྡུས་ལ་རང་འདོད་པའི་ལྷས་རང་དང་འདྲ་བའི་རིག་མ་ལ་འཁྱུད་པར་བལྟའོ། །དེ་ནས། དབང་པོ་བཅུ་པོ་རྣམས་ཀྱི་བར། །རང་གི་འཇུག་གནས་ཐམས་ཅད་དུ། །འདོད་པ་སོ་སོར་སྡུད་པས་ན། །སོ་ སོར་སྡུད་པ་ཞེས་བཤད་དོ། །ཞེས་པས་ནི། སོ་སོར་སྡུད་པའི་དོན་ཏེ། ཚིགས་སུ་བཅད་པ་ཕྱི་མ་དེའི་དོན་བཤད་པ་ནི། དབང་པོ་བཅུ་ཞེས་པ་དབང་པོ་ལྔ་ནི་མིག་གི་དབང་པོ་ལ་སོགས་པ་རྣམས་དང་། ཡུལ་གཟུགས་ལ་སོགས་པ་རྣམས་སོ། །རང་གི་འཇུག་གནས་ཞེས་བྱ་བ་གཟུང་ བ་དང་འཛིན་པ་གཟུགས་ལ་བརྟེན་པའི་ཡིད་དེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ངོ་བོ་ཉིད་དེ་སོ་སོར་སྡུད་པ་སྟེ་ཞེན་པ་མེད་པར་བྱེད་པའོ། །འདོད་པ་སོ་སོར་སྡུད་པ་ནི་ཡུལ་རྣམས་ལ་ཆགས་པའི་སེམས་བཟློག་པའོ། །དེ་ཡང་འདི་ལྟར་བཤད་པར་བྱ་སྟེ། མིག་གི་དབང་པོ་ལ་ སོགས་པ་རྣམས་སའི་སྙིང་པོ་ལ་སོགས་པའི་ས་བོན་ལས་བསྐྱེད་ནས་ཐུགས་ཀའི་ས་བོན་ལས་འོད་ཟེར་གྱི་དྲ་བ་བོར་བའི་དུས་སུ་གཟུགས་རྡོ་རྗེ་ལ་སོགས་པ་ལ་ཛཿཧཱུྃ་བཾ་ཧོཿཁའི་ལ་སོགས་པའི་ས་བོན་མཚན་མ་དང་བཅས་པ་བསམས་པ་ལས། གཟུགས་རྡོ་རྗེ་མ་ལ་སོགས་པ་དམིགས་ ནས་འོད་ཟེར་ཚུར་འདུས་པ་ལས་སའི་སྙིང་པོ་ལ་སོགས་པ་དང་སྙོམས་པར་ཞུགས་པ་ནི་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པས་བདེ་བ་བསྐྱེད་པར་རིག་པ་ནི་དེ་ཉིད་ལས། རྣལ་འབྱོར་སོ་སོར་སྡུད་ཞུགས་པ། །སྟོང་ཉིད་བསམ་གཏན་དེ་ལ་འཇུག། །དམིགས་པ་མེད་པར་འཇུག་པའི་ སེམས། །གཟུང་དང་འཛིན་ལས་རྣམ་པར་ལྡོག །འདི་ཡང་དགའ་བའི་གནས་སྐབས་སུ། །ཞེས་གསུངས་པས་སོ་སོར་སྡུད་པ་སྟེ་དང་པོའོ།། །།ད་ནི་བསམ་གཏན་བཤད་པར་བྱ་སྟེ། ཡན་ལག་དང་པོས་ནི་འཇུག་པའི་རྣམ་པར་ཤེས་པ་དང་། ལྡོག་པའི་ཤེས་པའི་ མཚན་ཉིད་ཀྱིས་སོ་སོར་སྡུད་པ་གོམས་པར་བྱས་ནས་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པའི་མཚན་ཉིད་ཅན་གྱི་བསམ་གཏན་ལ་སྤྱོད་པར་བྱའོ། །འདོད་པ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིས། །བརྟག་པ་བསམ་གཏན་ཞེས་བཤད་དེ། །བསམ་གཏན་དེ་ ནི་རྣམ་ལྔར་གྱུར། །ཞེས་པ་དེའི་དོན་བཤད་པ་ནི་གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔའི་ཡུལ་ལ་མཛེས་པ་དང་མི་མཛེས་པ་དང་བཏང་སྙོམས་དང་རང་མཆོག་ཏུ་མཛེས་པ་དང་། གཞན་མཆོག་ཏུ་མཛེས་པས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་ གི་བདག་ཉིད་ཀྱི་ཉོན་མོངས་པའི་སེམས་སྐྱེས་པས་ན་ཡུལ་དང་སེམས་གཅིག་ཏུ་བྱེད་པ་ནི་འདོད་ཡོན་ལྔ་སྟེ། སེམས་ཉིད་ཡིན་ནོ་ཞེས་བཤད་དོ། །དེ་ཡང་། འདོད་པའི་སེམས་ཞེས་བཤད་པ་སྟེ། འདོད་ཆགས་ཞེ་སྡང་རྨོངས་པའི་དབང་། །ང་རྒྱལ་ཕྲག་དོག་ཅན་བདག་ཉིད། །ཡང་ དག་རྫོགས་པའི་སངས་རྒྱས་ལྔ། །ཞེས་གསུངས་སོ། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིས། །བརྟག་པ་བསམ་གཏན་ཞེས་བཤད་དེ། །ཞེས་པ་ནི་མཛེས་པའི་གཟུགས་ལ་སོགས་པ་ལ་འདོད་ཆགས་པའི་སེམས་དེ་ནི་སྣང་བ་མཐའ་ཡས་ཀྱི་རང་བཞིན་ནོ། །མི་མཛེས་པ་ལ་ཞེ་སྡང་ བའི་སེམས་དེ་ནི་མི་བསྐྱོད་པའི་རང་བཞིན་ནོ། །བཏང་སྙོམས་ལ་གཏི་མུག་པའི་སེམས་དེ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །རང་མཆོག་ཏུ་མཛེས་པ་ལ་ང་རྒྱལ་བའི་སེམས་དེ་ནི་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ནོ། །གཞན་མཆོག་ཏུ་མཛེས་པ་ལ་ཕྲག་དོག་པའི་སེམས་དེ་ནི་དོན་ ཡོད་གྲུབ་པའི་རང་བཞིན་ནོ། །དེ་ལྟ་བུའི་རང་བཞིན་ལ་རྟག་པ་ནི་བསམ་གཏན་ནོ། །བསམ་གཏན་དེ་ཡང་དབྱེ་བས་རྣམ་པ་ལྔར་འགྱུར་ཏེ། རྟོག་པ་དང་དཔྱོད་པ་དང་དགའ་བ་དང་དེ་བཞིན་བདེ་བ་ཉིད་དང་ཡང་དག་སྟེ། ལྔ་པོ་དེར་ནི་བསམ་གཏན་བསྡུ། །བརྟག་དང་ བསམ་དང་བསྒོམ་པ་ལ། །བསམ་གཏན་ཞེས་ནི་རབ་ཏུ་བཤད། །བསམ་གཏན་རྣམ་པར་མི་རྟོག་པ། །བསམ་གཏན་དེ་ནི་སངས་རྒྱས་ཡུལ། །དང་པོའི་རྣལ་འབྱོར་པ་རྨོངས་ནས། །གཞན་དུ་སྟོང་ཉིད་ལ་སེམས་ན། །བློ་གྲོས་ཤིན་ཏུ་རྨོངས་གྱུར་པས། །མུ་སྟེགས་ལམ་ ལ་འཇུག་པར་འགྱུར། །ཞེས་བྱ་བས་ཡུལ་དང་ཡུལ་ཅན་གྱི་ཤེས་པ་སྙོམས་པར་འཇུག་པ་ནི་གསང་བ་གསུམ་ལས་ཏེ། ཇི་ལྟར་གོང་དུ་བཤད་པའི་འདོད་ཆགས་ལ་སོགས་པའི་སེམས་རྣམས་ནི་སྣང་བ་མཐའ་ཡས་ལ་སོགས་པའི་རང་བཞིན་དུ་བསྒྲུབས་ནས་འདོད་ཆགས་ཀྱི་སེམས་ ལ་སོགས་པ་ཕྱིར་ལྡོག་པར་བྱེད་པ་འདི་ནི་རྟོག་པའོ། །དེ་ལ་སེམས་ཉིད་ཙམ་དུ་ཅི་རིགས་པར་འཇུག་པ་ནི་དཔྱོད་པའོ། །སེམས་ཀྱི་རང་བཞིན་རབ་ཏུ་ཤེས་པ་གང་ཡིན་པ་ནི་དགའ་བའོ། །དེ་ལ་དགའ་བ་ལས་ཀྱི་ནུས་པས་ཐོད་པའི་ལུས་ཇི་ལྟ་བ་བཞིན་དུ་བདེ་བའོ། །དེ་ལྟར་རྟོགས་པ་ དང་རྟོགས་པར་བྱེད་པ་མེད་པ་དེ་ཙམ་ཉིད་དུ་སེམས་རྩེ་གཅིག་ཏུ་གནས་པའི་རང་བཞིན་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་ངོ་བོ་ཉིད་དུ་ཟུང་དུ་འཇུག་པའི་ཤེས་པ་ནི་བསམ་གཏན་ནོ། །དེ་ཉིད་འདི་ལྟར་བཤད་པར་བྱ་སྟེ། གལ་ཏེ་གཟུགས་ལ་སོགས་པ་ལ་ཉེ་བར་འཇུག་པ་ན། དེ་ལ་འདོད་ ཆགས་ལ་སོགས་སྐྱེས་ན་སྣང་བ་མཐའ་ཡས་ལ་སོགས་པའི་རང་བཞིན་དུ་ངེས་པར་བྱས་ནས་མཛེས་པ་ལ་སོགས་པའི་གཟུགས་ལ་སོགས་པ་རང་དང་འདྲ་བའི་ཤེས་རབ་མའི་ངོ་བོ་ཉིད་དུ་དམིགས་ནས་སྙོམས་པར་ཞུགས་པས། ང་རྒྱལ་རྡོ་རྗེ་དང་སྣང་བ་མཐའ་ཡས་སུ་འདུས་པར་ བསམ། ཕྲག་དོག་རྡོ་རྗེ་དང་མི་བསྐྱོད་པར་འདུས་པར་བསམས་ནས་རྡོ་རྗེ་གསུམ་གྱི་བདག་ཉིད་ནམ་མཁའ་ལྟ་བུར་རྟོགས་ནས་རང་གི་ལུས་དང་ངག་དང་ཡིད་ཀྱང་རྡོ་རྗེ་གསུམ་གྱི་རང་བཞིན་ཉིད་དུ་རྣམ་པར་བསམ་ཞིང་ཅི་རིགས་པ་ཉིད་དུ་འགྲུབ་པས་ན་ཡིད་དགའ་བ་ཐོབ་པ་ལས་ཀྱི་ནུས་པ་ ཐོབ་པའི་ལུས་ཀྱི་བདེ་བ་ཅན་ལ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །ལ་སོགས་པའི་ཚིགས་སུ་བཅད་པས་རང་གི་སེམས་དང་། ནམ་མཁར་གནས་པའི་རྡོ་རྗེ་གསུམ་ཁྱད་པར་མེད་པར་རྩེ་གཅིག་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་བསྒོམ་པར་བྱ་བ་འདིས་ནི་བསམ་གཏན་གྱི་ཡན་ལག་ ལྔ་པ་སྟེ་གཉིས་པའོ།། །།ད་ནི་གསུམ་པ་སྲོག་རྩོལ་གྱི་ཡན་ལག །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག། །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་དྲན་ ཞེས་བཤད། །ཞེས་བཤད་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། ཡེ་ཤེས་ལྔ་ཡི་རང་བཞིན་ནོ། །འབྱུང་བ་ལྔའི་ངོ་བོ་ཉིད་ནི་ས་ལ་སོགས་པ་ལྔའི་དཀྱིལ་འཁོར་ནས་བྱུང་བའི་དབུགས་ངེས་པར་འབྱིན་པ་ནི་སྣའི་རྩེ་མོ་ལྷ་མོའི་པདྨའི་སྣ་རྩེ་ན་གོང་ བུའི་གཟུགས་ཀྱིས་ཏེ། ཐིག་ལེའི་གཟུགས་སུ་བརྟག་པ་ནི་རྣམ་པར་བསམ་པའོ། །ཁ་དོག་ལྔ་ནི་དཀར་པོ་དང་། སེར་པོ་དང་། དམར་བ་དང་། ལྗང་བ་དང་། སྔོ་བའི་རང་བཞིན་ནོ། །རིན་ཆེན་ཏེ་རིན་པོ་ཆེ་ནི་མཆོག་གོ། །དྲན་ནི་དགའ་བ་བསྐྱེད་པས་ན་རིན་པོ་ཆེ་དང་། རྙེད་ དཀའ་བ་དང་། འོད་རབ་ཏུ་འབར་བའི་ཕྱིར་རོ། །དེ་ཡང་གྱུར་པས་ན་སྲོག་རྩོལ་དྲན་ཞེས་བྱའོ། །དེ་ཉིད་འདི་ལྟར་བཤད་པར་བྱ་སྟེ། སྣ་བུག་ནང་ནས་ཕྱིར་འབྱུང་བའི་དབུགས་འབྱུང་བ་ཆེན་པོ་ལྔའི་རང་བཞིན་འོད་ཟེར་གྱི་དྲ་བ་ཅན་ཁ་དོག་ལྔ་དང་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་ནམ་མཁའ་ ཀུན་དུ་ཁྱབ་པར་སྤྲོས་ནས། འོད་ཟེར་གྱི་དྲ་བ་དེ་དག་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྙོམས་པར་འཇུག་པའི་བདེ་བས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱི་བདུད་རྩིའི་རོ་རབ་ཏུ་སྣང་བས་ཅི་རིགས་པར་བཀུག་ནས་རང་གི་སྣ་བུག་ ཉིད་ནས་གཞུག །དེས་རང་གི་ལུས་ཀྱི་ཡན་ལག་ཀུན་ལ་ཁྱབ་པས་བདེ་བའི་རང་བཞིན་དུ་བསྒོམས་ནས་དེའི་འོད་ཀྱི་དྲ་བ་དང་བདེ་བ་དང་གཉིས་སུ་མེད་པར་གྱུར་ནས་རྡོ་རྗེའི་ལམ་ནས་བྱུང་ནས་ལྷ་མོའི་པདྨའི་སྣ་རྩེ་ལ་ཐིག་ལེ་མུ་ཏིག་རིན་པོ་ཆེ་ལ་སིནྡྷུ་རས་བསྒོས་པས་དཀར་དམར་ལྟ་ བུར་ཤིན་ཏུ་མཛེས་པའོ། །རང་དང་འདྲ་བའི་རིག་མ་ལ་ཡན་ལག་གིས་འཁྱུད་པའི་འཇམ་པའི་རྡོ་རྗེ་ལ་སོགས་པ་སྙིང་པོར་གྱུར་པ་རྟག་ཏུ་བསྒོམ་པར་བྱ་བ་ནི་ཕྲ་བའི་རྣལ་འབྱོར་དང་མཚུངས་པ་ནི་ཡན་ལག་གསུམ་པའོ།། །།ད་ནི་ཡན་ལག་བཞི་པ་ རང་སྔགས་སྙིང་གར་བསམས་ནས་ནི། སྲོག་ནི་ཐིག་ལེར་གྱུར་པར་བཞག། །རང་དབང་རིན་ཆེན་དགག་པ་ནི། །གཟུང་བ་འཛིན་པ་ཡིན་པར་བཤད། །སེམས་ནི་འགོག་པའི་རྡོ་རྗེར་གྱུར། །མཚན་མ་ཉེར་འཛིན་འབྱུང་བར་འགྱུར། །མཚན་མའི་ཁམས་ནི་རྣམ་པ་ལྔ། །བྱང་ ཆུབ་རྡོ་རྗེས་གསུངས་པ་ཡི། །སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་སྟེ། །མར་མེ་འབར་བ་བཞི་པ་ཡིན། །སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་བྱ་བ་བཤད་པ་ནི་རང་སྔགས་སྙིང་གར་བསམས་ནས་ ཡེ་ཤེས་སེམས་དཔའི་ཐུགས་ཀར་གནས་པའི་མཚན་མའི་དབུས་ན་གནས་པའི་མཾ་ལ་སོགས་པའི་ས་བོན་བརྟན་པར་བྱས་ནས་སྲོག་དེ་ཐིག་ལེ་ལ་བཅུག་ནས་འོད་ཟེར་ལྔ་དང་ལྡན་པར་བསྒོམ་མོ། །རང་དབང་རིན་ཆེན་དགག་པ་ཞེས་པ་བརྟན་པར་གྱུར་པས་ན་དགག་པ་སྟེ། དབང་པོ་དང་ལྷན་ཅིག་པའམ། ཡང་ན་རང་གི་དབང་པོ་དང་ལྷན་ཅིག་པས་སོ། །གཟུང་བ་ནི་ཕྱིར་འགྲོ་བ་ཟློག་པར་བྱེད་པའི་དོན་ཏོ། །དེ་ལྟར་སེམས་བརྟན་པར་གྱུར་པའི་རིམ་པས་ས་ལ་སོགས་པ་འབྱུང་བ་ཆེན་པོ་ལྔའི་དཀྱིལ་འཁོར་ནས་འབྱུང་བའི་དབུགས་ཟད་པ་ལ་མཚན་ མའི་ཤེས་པ་འབྱུང་བ་སྟེ། དེ་ཡང་རྣམ་པ་ལྔ་ལས། དང་པོར་སྨིག་རྒྱུ་ལྟ་བུས་ནི་སའི་དཀྱིལ་འཁོར་ལས་འབྱུང་བའི་དབུགས་ཟད་པས་ན་དྲོད་ཀྱི་གནས་སྐབས་སོ། །དུ་བ་ལྟ་བུས་ནི་ཆུའི་དཀྱིལ་འཁོར་ནས་འབྱུང་བའི་དབུགས་ཟད་པས་ན་རྩེ་མོའི་མཚན་ཉིད་སྣང་བའི་ གནས་སྐབས་སོ། །ནམ་མཁའ་ལྟ་བུས་ནི་ནམ་མཁའ་ཀུན་དུ་ཁྱབ་པའམ། མེ་སྟག་འཕྲོ་བ་ལྟ་བུ་མེའི་དཀྱིལ་འཁོར་ནས་འབྱུང་བའི་དབུགས་ཟད་པས་ན་བཟོད་པའི་མཚན་ཉིད་སྣང་བ་ཆེན་པོའི་གནས་སྐབས་སོ། །མར་མེ་ལྟ་བུས་ནི་རླུང་གི་དཀྱིལ་འཁོར་ལས་བྱུང་ བའི་དབུགས་ཟད་པས་ན་ཆོས་མཆོག་ཆེན་པོའི་མཚན་ཉིད་སྣང་བ་ཐོབ་པའི་གནས་སྐབས་སོ། །སྣང་བའི་རྣམ་པ་ཡང་ཕྱོགས་དཔག་ཏུ་མེད་པའི་དཀྱིལ་འཁོར་ཐམས་ཅད་དུ་ཁྱབ་པ་སྟོན་པའི་བདུད་རྩིའི་འོད་ཀྱིས་སྙོམས་པའི་ནམ་མཁའི་དཀྱིལ་འཁོར་ནས་འབྱུང་བའི་དབུགས་ཟད་ པས་ན་ཐམས་ཅད་དུ་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཉེ་བར་སྣང་བ་ཐོབ་སྟེ། ས་རབ་ཏུ་དགའ་བའི་བདེ་བ་ཆེན་པོར་རབ་ཏུ་འཇུག་པའི་གནས་སྐབས་སོ། །དེ་ཉིད་འདི་ལྟར་བཤད་པར་བྱ་སྟེ། དེ་མ་ཐག་ཏུ་ཡེ་ཤེས་སེམས་དཔའ་སྙིང་གར་བཅུག་ནས་མཚན་མའི་ས་བོན་ལས་འོད་ཟེར་གྱི་དྲ་བ་སྲོག་ དང་འདྲེས་པར་གྱུར་ནས་རྣམ་པར་སྤྲོས་པས་གོང་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་ཡང་རང་གི་སྙིང་གའི་མཚན་མའི་ས་བོན་གྱི་ཐིག་ལེ་ལ་བསྡུ། སྔགས་ཀྱི་ཡི་གེ་རྣམས་ཀྱང་ཐིག་ལེར་བསམས་ནས།དེའི་དབུས་སུ་རང་ཉིད་དང་རིག་མ་ལ་ཡན་ལག་གིས་འཁྱུད་ པས་བདེ་བ་རྒྱ་མཚོ་རོ་མྱོང་བའི་རང་བཞིན་དུ་བདག་བསམས་པ་ནི། མཆན་ཁུང་གཉིས་སུ་ལག་པ་གཉིས་རབ་ཏུ་བསྡམས་ནས། འོག་སྒོ་གཉིས་ཀྱང་བསྡམས་ལ་ལྕེ་རྩེ་བཟློག་ནས་རྡོ་རྗེ་སྐྱིལ་ཀྲུང་བཅིངས་ཏེ། རིམ་ནས་རིམ་གྱིས་སྲོག་གཟུང་བར་བྱ་བ་ནི་ཐིག་ལེའི་སྦྱོར་བས་མཆོག་ཏུ་གྱུར་ པའི་གདམས་ངག་སྟེ་ཡན་ལག་བཞི་པའོ།། །།དེ་ལྟར་མཆོག་དགའི་གནས་སྐབས་སུ་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པའི་མཚན་ཉིད་ཅན་མཐོང་བའི་ལམ་གྱི་བར་དུ་བསྟན་ནས། ད་ནི་དགའ་བྲལ་གྱི་གནས་སྐབས་སུ་ཡང་སྔོན་དུ་གྱུར་པ་ལས་དྲན་པ་ཡང་དང་ཡང་དུ་མངོན་དུ་ བྱ་བའི་མཚན་ཉིད་ཅན་གྱི་བསྒོམ་པའི་ལམ་གྱིས་རྗེས་སུ་དྲན་པ་ཡན་ལག་ལྔ་པ། བརྟན་གྱུར་རྡོ་རྗེ་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །རྗེས་དྲན་གང་ཞིག་རྣམ་བསྒོམ་པ། །དེ་དང་འདྲ་བར་སྤྲོ་བར་བྱ། །རྗེས་སུ་དྲན་པ་ཞེས་བཤད་དོ། །སོ་སོར་སྣང་བ་དེ་ལས་སྐྱེ། ། ཞེས་བྱ་བར་བཤད་པ་ནི་བརྟན་པའི་མཚན་མའི་ཤེས་པ་བྱུང་བར་ཤེས་པའི་སྒོ་ནས་བརྟན་པའི་ཤེས་པ་སྤྲོ་བར་བྱ་བར་འགྱུར་གྱི་སྒྲས་མི་བརྟན་ན་མི་སྤྲོ་བ་ནི་རྡོ་རྗེ་ལམ་ནས་སོ། །གང་ནས་ཞེ་ན། མཁའ་ནས་ཞེས་པས་ཆོས་འབྱུང་ནས་དང་། ནམ་མཁའ་དཀྱིལ་འཁོར་ནས་སོ། །རྗེས་སུ་དྲན་ པ་སྡེ་གོང་དུ་སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་དེ་ལྟ་བུའི་ཤེས་པ་དྲན་པའོ། །རང་དང་གཞན་པ་སོ་སོར་སྣང་བ་དང་མཉམ་པས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་དང་འདྲ་བར་ཤེས་པ་སྐྱེས་པའོ། །དེ་ཉིད་འདི་ལྟར་བཤད་པར་བྱ་སྟེ། གོང་དུ་མཚན་མ་ བྱུང་བའི་སྒོ་ནས་སེམས་ངེས་པར་བརྟེན་པར་གྱུར་པར་ཤེས་པ་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཐིག་ལེ་དེ་ལས་འོད་ཟེར་གྱི་དྲ་བ་ཐབས་ཤེས་རབ་སྙོམས་པར་ཞུགས་པས་སངས་རྒྱས་ཀྱི་གཟུགས་ཀྱི་ངོ་བོ་ཉིད་དམ་ཡོང་ན་མཚན་མའི་རང་བཞིན་དུ་སྤྲོ་བ་ནི། རྡོ་རྗེའི་ལམ་ནས་ ལྷ་མོའི་པདྨའི་ནང་གི་གནས་སུ་ཡུད་ཙམ་བསྒོམས་ལ། དེ་ནས་ཕྱི་རོལ་དུ་ནམ་མཁའི་ཁམས་ཀྱི་འགྲོ་བ་མ་ལུས་པ་དང་སྙོམས་པར་འཇུག་པའི་རང་བཞིན་ཉིད་དུ་བྱས་ཏེ་རྡོ་རྗེའི་ལམ་ནས་བསྡུས་པས་བདེ་བའི་བདག་ཉིད་དུ་ཡན་ལག་ཐམས་ཅད་བདེ་བར་བསྒྲུབས་ཏེ། ཐོག་མའི་ ཐིག་ལེ་ཡང་འདུས་ནས་བསྒོམ་པར་བྱ་བ་ནི་གདམས་ངག་སྟེ་ཡན་ལག་ལྔ་པའོ།། །།ད་ནི་སློབ་མའི་ལམ་སངས་རྒྱས་ཐོབ་པར་བྱེད་པའི་མཚན་ཉིད་ལྷན་ཅིག་སྐྱེས་དགའི་རང་བཞིན་ཅན་ཡན་ལག་དྲུག་པ། ཐབས་དང་ཤེས་རབ་སྙོམས་འཇུག་པས། །དངོས་པོ་ཐམས་ ཅད་མདོར་བསྡུས་པ། །གོང་བུའི་ཚུལ་གྱིས་བསྡུས་ནས་ནི། །དབུས་སུ་གཟུགས་ནི་རྣམ་པར་བསྒོམ། །ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཞེས་བརྟགས་པ་ཡིན། །ཞེས་བཤད་པར་བྱ་སྟེ། ཐབས་དང་ཤེས་རབ་སྙོམས་འཇུག་ནི་བདག་ཉིད་གཉིས་སུ་ མེད་པའི་བདེ་བའི་རང་བཞིན་བསྒོམ། བརྟེན་གཡོའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དུ་རང་གི་སེམས་ཙམ་པ་ཉིད་ནི