Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 44
Văn bản gốc(Tây Tạng)
Trang 15 / 19 (50.000 ký tự/trang)
ས་ནས། དེར་དབུས་མའི་ཟླ་བའི་གདན་ལ་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཉིས་འགྱུར་དུ་བྱས་པ་ཡོངས་སུ་གྱུར་པ་ ལས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་རྒྱུར་གྱུར་པའི་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཀ་ལ་སོགས་པ་གསལ་བྱའི་ཡི་གེ་སུམ་ཅུ་རྩ་བཞི་དང་ད་དྷ་ཌ་ཌྷ་ཡ་ལ་ཞེས་བྱ་བའི་ཡི་གེ་དྲུག་གིས་བསྣན་པ་ཉིས་འགྱུར་དུ་བྱས་པ་དཀར་པོ་བརྒྱད་ཅུ་ཡོངས་སུ་གྱུར་པ་ལས། དཔེ་བྱད་བཟང་པོ་བརྒྱད་ཅུ་སྐྱེད་པར་བྱེད་པའི་ཟླ་བའི་དཀྱིལ་འཁོར་གཉིས་པར་བསམ་པར་བྱའོ། །དེ་ལྟར་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་ཟླ་བའི་དཀྱིལ་འཁོར་གཉིས་བསྒོམས་པ་ལས་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་ནས། ཆོས་ཐམས་ཅད་ གཟུགས་བརྙན་དང་འདྲ་བར་རྟོགས་པས་མེ་ལོང་ལྟ་བུའི་ཡེ་ཤེས་སྐྱེ་བ་ཡིན་ནོ། །དེ་ནས་ཟླ་བ་དེ་གཉིས་གཅིག་ཏུ་གྱུར་པས་རང་བཞིན་གྱིས་རྟོགས་པའི་དབྱེ་བ་མེད་པས། ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ནོ། །ཟླ་བའི་དཀྱིལ་འཁོར་དེ་ཉིད་ལ་ཡི་གེ་ ཧཱུྃ་དམར་པོ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དམར་པོ་དེའི་ལྟེ་བར་ཡི་གེ་ཧཱུྃ་དམར་པོ་དང་བཅས་པར་བསམས་ལ། རྗེད་པ་དང་བརྗོད་པར་བྱ་བའི་རྣམ་པར་རྟོག་པ་གནས་གྱུར་པ་ལས་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ནས་རྡོ་རྗེ་དེ་དང་ཡི་གེ་ཧཱུྃ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ ཀྱིས་འགྲོ་བ་རྣམས་རྣམ་པར་སྦྱངས་ལ་རྡོ་རྗེ་སེམས་དཔའི་རྣམ་པར་བསྐྱེད་དེ། ལྟེ་བ་ལ་ཡི་གེ་ཧཱུྃ་དང་བཅས་པའི་རྡོ་རྗེར་བཅུག་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅་ཧཾ། ཞེས་བྱ་བས་ང་རྒྱལ་བྱའོ། །དེ་ནི་འཇུག་པའི་རྣམ་པར་ཤེས་པ་གནས་གྱུར་པའི་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ནོ། །དེ་ནས་ཟླ་ བ་དང་རྡོ་རྗེ་དང་། ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་སྔོན་དུ་འགྲོ་བ་ལས་བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ་ཤེལ་གོང་དག་པ་འདྲ་བ་ཞལ་གསུམ་པ། ཞལ་དང་པོ་དཀར་པོ། གཡས་སྔོན་པོ། གཡོན་དམར་པོ།ཕྱག་དྲུག་པ། རྩ་བའི་ཕྱག་གཉིས་ཀྱིས་རང་དང་འདྲ་བའི་རིག་མ་ལ་འཁྱུད་ པ། གཡས་ཀྱི་ཕྱག་གཉིས་པས་རྡོ་རྗེ་དམར་པོ། གསུམ་པས་རལ་གྲི། གཡོན་གྱི་ཕྱག་གཉིས་པས་རིན་པོ་ཆེ། གསུམ་པས་པདྨ་བསྣམས་པ། རིན་པོ་ཆེའི་ཅོད་པན་ཅན། གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་མ་དག་པ་དང་བྲལ་བས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་ དག་པའི་ངོ་བོ་ཉིད་བསྐྱེད་པ་རྡོ་རྗེ་སེམས་དཔར་བདག་ཉིད་བསམས་ལ། འདོད་ཆགས་ཆེན་པོས་འདུལ་བའི་འཇིག་རྟེན་ལ་བལྟས་ཏེ་དེ་ཡང་དག་པར་སྦྱང་བར་བྱའོ། །དེ་ལ་འདོད་ཆགས་ཆེན་པོས་འདུལ་བའི་སེམས་ཅན་གྱི་ཁམས་རྣམ་པར་སྦྱང་བའི་རིམ་པ་ནི་འདི་ཡིན་ཏེ། རབ་ཏུ་ དགའ་བའི་སྒྲས་ནམ་མཁའི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ལུས་ལ་བཅུག་ལ། སྤྱན་ལ་སོགས་པ་ནས་རེག་རྡོ་རྗེའི་མཐར་ཐུག་པའི་ལྷ་མོའི་གཟུགས་སུ་ཕྱུང་ལ། རང་གི་ཤེས་རབ་ཀྱི་ལུས་ལ་གཞུག་པར་བྱའོ། །དེ་ནས་སླར་ཡང་དེ་བཞིན་གཤེགས་ པའི་ཚོགས་རང་གི་ལུས་ལ་བཅུག་སྟེ། བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་པ་རང་དང་འདྲ་བའི་པདྨའི་ལྟེ་བར་ཧཱུྃ་གི་བྱིན་གྱིས་བརླབས་པའི་བྱང་ཆུབ་ཀྱི་སེམས་ཞུ་བའི་དཀྱིལ་འཁོར་དུ་རྣམ་པར་བསམས་ལ། དེ་ཡོངས་སུ་གྱུར་བ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ་བཅུ་དགུའི་ བདག་ཉིད་ཅན་རྡོ་རྗེ་འཆང་བ་གཙོ་བོར་གྱུར་པར་བསམས་ལ། དེར་སེམས་ཅན་རྣམས་བློས་བཅུག་ནས། ཡང་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་རང་གི་ལུས་ལ་བཅུག་ལ། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་པ་རྡོ་རྗེའི་ལམ་ནས་ཕྱུང་སྟེ། གསང་བའི་དཀྱིལ་ འཁོར་དུ་ཞུགས་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་དབང་བསྐུར་ནས། ཀྵིཾ་ཛྲིཾ་ཁཾ་གཾ་ཥྐཾ་སཾ་གི་ས་བོན་ལས་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོའི་བདག་ཉིད་ཅན། འོག་ནས་བཤད་པའི་སྐུ་མདོག་དང་ཕྱག་ མཚན་དང་ལྡན་པའི་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོའི་རྣམ་པར་བསྐྱེད་དེ་དབྱུང་བར་བྱའོ། །ཛཿཧཱུྃ་བཾ་ཧོཿཁཾ་རཾ་གྱིས་ས་བོན་ལས་གཟུགས་རྡོ་རྗེ་དང་། སྒྲ་རྡོ་རྗེ་དང་། དྲི་ རྡོ་རྗེ་དང་། རོ་རྡོ་རྗེ་དང་། རེག་རྡོ་རྗེ་དང་། ཆོས་ཀྱི་དབྱིངས་རྡོ་རྗེར་གྱུར་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན། འོག་ནས་བཤད་པའི་སྐུ་མདོག་དང་ཞལ་དང་ཕྱག་དང་ལྡན་པ་དབྱུང་བར་བྱའོ། །ལཱཾ་མཱཾ་པཱཾ་ཏཱཾ་གིས་ས་བོན་ ལས། ས་དང་། ཆུ་དང་། མེ་དང་། རླུང་གི་བདག་ཉིད་ཅན་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་འོག་ནས་བཤད་པའི་སྐུ་མདོག་དང་ཞལ་དང་ཕྱག་དང་ལྡན་པ་དབྱུང་བར་བྱའོ། །བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུྃ་གི་ས་བོན་ལས། གཟུགས་དང་། ཚོར་བ་དང་། འདུ་ ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་དབྱུང་བར་བྱའོ། །དེ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་ ཐམས་ཅད་སྟོང་ཞིང་ནམ་མཁའ་ལྟ་བུར་བསམས་ལ། དེའི་འོག་ཏུ་ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་ཡི་གེ་གསུམ་ཁ་དོག་དཀར་པོ་དང་། དམར་པོ་དང་། ནག་པོ་དང་། སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་རང་བཞིན་ཅན། སྙིང་རྗེ་དང་ཤེས་རབ་ཀྱི་རང་བཞིན་ཧོཿདམར་པོ་གཉིས་ཀྱི་ནང་ དུ་ཆུད་པ་མདུན་གྱི་ནམ་མཁའ་ལ་བསམས་ལ། ཁའི་སྒོ་ནས་རང་གི་ལུས་ལ་བཅུག་སྟེ། རང་དང་འདྲ་བའི་རིག་མའི་འདོད་ཆགས་ཀྱི་མེས་ཞུ་བར་གྱུར་པས་རང་གི་རྡོ་རྗེའི་ལམ་ནས་ཕྱུང་སྟེ། རང་དང་འདྲ་བའི་ཆུ་སྐྱེས་ཀྱི་ལྟེ་བའི་ནང་དུ་ཆུད་པར་བསམས་ལ། དེའི་སྟོབས་ཀྱིས་ བདག་ཉིད་རིག་མ་དང་བཅས་པ་འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་གྱིས་ཞུ་བར་གྱུར་ནས། དངུལ་ཆུའི་ཚོགས་ལྟར་འོད་གསལ་བར་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་ཉིད་གདུལ་བྱའི་སྐྱེ་བོ་རྣམ་པ་སྣ་ཚོགས་འདུལ་བ་དང་རྗེས་སུ་མཐུན་ པའི་གཟུགས་ཀྱི་སྐུ་ཡང་དག་པར་འཛིན་པའི་དོན་དུ། རང་གི་རྒྱུད་ལས་ཐ་མི་དད་པའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་ངོ་བོ་ཉིད། ལྷ་མོ་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མས་བསྐུལ་བའི་གླུས་རབ་ཏུ་སད་བཞིན་པར་བསྒོམ་པར་ བྱའོ། །སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བའི་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མ་ཆོག་བདག་ལ་དགྱེས་པར་ མཛད་དུ་གསོལ། །རྡོ་རྗེ་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་ གསོལ། ཁྱེད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་ནི་དོན་དང་དགོས་པ་མཛད་ལ་རབ་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །དགའ་བའི་སྤྱོད་པ་ཀུན་དུ་བཟང་པོ་བདག་ལ་དགྱེས་པར་མཛད་དུ་གསོལ། ། ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་ཐུགས་བརྩེ་བ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །དེ་ལྟར་ གླུས་ཡང་དག་པར་བསྐུལ་བའི་འོག་ཏུ་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུར་བསམས་ལ། འདོད་ཆགས་ཆེན་པོས་འདུལ་བའི་སྐྱེ་བོ་དང་རྗེས་སུ་མཐུན་པའི་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུར་བདག་ཉིད་བསྐྱེད་པར་བྱ་ བའི་ཕྱིར། ཞུ་བ་དེ་ཡོངས་སུ་གྱུར་པ་ལས་ཡི་གེ་ཧྲཱིཿདམར་པོའོ། །དེ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོའི་དབུས་ན་ཟླ་བ་ལ་གནས་པའི་ཡི་གེ་ཧྲཱིཿའོད་ཟེར་རྣམ་པར་འཕྲོ་བ་རྣམ་པར་བསམས་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་མ་ལུས་ པ་སྣང་བར་བྱས་ཏེ། གདུལ་བྱའི་སེམས་ཅན་གྱི་ཁམས་རྣམ་པ་སྣ་ཚོགས་པ་རྣམ་པར་སྦྱངས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྟ་བུའི་དེ་བཞིན་གཤེགས་པ་འོག་ནས་བཤད་པའི་སྐུ་མདོག་དང་ཞལ་དང་། ཕྱག་དང་། མཚན་མ་དང་ལྡན་པར་བྱས་ལ། པདྨ་དམར་ པོ་ཡི་གེ་ཧྲཱིཿས་མཚན་པ་དེ་ཉིད་དུ་བཅུག་ནས་པདྨ་དང་། ཟླ་བ་དང་ཡི་གེ་ཧྲཱིཿདེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གསུམ་པ། ཕྱག་དྲུག་པ། སྐུ་ཐམས་ཅད་དང་ཞལ་དང་པོ་དམར་བ། ཞལ་གཡས་བ་སྔོ་ཞིང་གཡོན་པ་ དཀར་བ། རྩ་བའི་ཕྱག་གཉིས་ཀྱིས་རང་དང་འདྲ་བའི་རིག་མ་ལ་འཁྱུད་པ། གཡས་ཀྱི་ཕྱག་གཉིས་པ་ན་པདྨ། གསུམ་པ་ན་རལ་གྲི་བསྣམས་པ། གཡོན་གྱི་ཕྱག་གཉིས་ན་རིན་པོ་ཆེ། གསུམ་པ་ན་འཁོར་ལོ་བསྣམས་པ། རལ་པ་དང་ཅོད་པན་དང་ལྡན་པར་བདག་ཉིད་རྣམ་པར་ བསམས་ལ། འཁོར་བ་དང་མྱ་ངན་ལས་འདས་པ་མི་གནས་པའི་དོན་དུ་སྔགས་འདི་བརྗོད་པར་བྱའོ། །ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། འདི་དག་རྒྱུ་མཐུན་པའི་འབྲས་བུ་དང་བསྙེན་པའི་ཡན་ལག་ཆུང་ངུ་ཡིན་ནོ། །དེའི་འོག་ཏུ་མིག་གཉིས་སུ་ཨ་ དཀར་པོ་ལས་ཟླ་བ་ལ་གནས་པའི་ཡི་གེ་ཀྵིཾ་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས། སའི་སྙིང་པོ་རིན་པོ་ཆེའི་ཅོད་པན་ཅན་ཞལ་དང་ཕྱག་དང་མཚན་མ་ལ་སོགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་འདྲ་བ་སྟེ་དེའི་འོག་མ་རྣམས་ལ་དེ་བཞིན་ནོ། །དེ་བཞིན་དུ་རྣ་བ་གཉིས་སུ་ཟླ་བ་ལ་ གནས་པའི་ཡི་གེ་ཛྲིཾ་སྔོན་པོ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་འོག་ནས་བཤད་པའི་མི་བསྐྱོད་པ་ལྟ་བུའོ། །སྣ་ལ་ཟླ་བ་ལ་གནས་པའི་ཡི་གེ་ཁཾ་སེར་པོ་དང་རིན་པོ་ཆེ་ལྗང་གུ་ཆ་དགུ་པ་ཡོངས་སུ་གྱུར་པ་ལས་ནམ་མཁའི་སྙིང་པོ་རིན་ཆེན་འབྱུང་ལྡན་ལྟ་བུའོ། །ལྕེ་ལ་ཟླ་བ་ལ་ གནས་པའི་གཾ་དམར་པོ་དང་པདྨ་དམར་པོ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་འོད་དཔག་ཏུ་མེད་པ་ལྟ་བུའོ། །ཐོད་པའི་ནང་དུ་ཟླ་བ་ལ་གནས་པའི་ཀྵཾ་ལྗང་གུ་དང་རལ་གྲི་ཡོངས་སུ་གྱུར་པ་ལས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དོན་ཡོད་པར་གྲུབ་པ་ལྟ་བུའོ། །ལྟེ་བར་ཟླ་བ་ལ་ གནས་པའི་ཡི་གེ་སཾ་དཀར་པོ་དང་རྡོ་རྗེ་དམར་པོ་ཡོངས་སུ་གྱུར་པ་ལས་སྔར་བཤད་པའི་རྡོ་རྗེ་སེམས་དཔའ་ལྟ་བུ་བསྒོམ་པར་བྱ་སྟེ། འདི་དག་ནི་རྣམ་པར་སྨིན་པའི་འབྲས་བུ་ཆུང་ངུ་དང་ཉེ་བར་སྒྲུབ་པ་ཆུང་ངུའོ། །དེ་ནས་ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གསུམ་བསྐྱེད་ པར་བྱ་བའི་དོན་དུ་ཐུགས་ཀྱི་གསང་བ་ལ་སོགས་པ་བྱིན་གྱིས་བརླབ་པ་འདི་ལྟར་བྱ་སྟེ། རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཟླ་བ་ལ་གནས་པའི་ཡི་གེ་ཧཱུྃ་བསམས་ལ། དེའི་འོད་ཟེར་གྱི་སྒོ་ལས་བྱུང་བའི་ཐུགས་རྡོ་རྗེའི་སྤྲུལ་པའི་ ཚོགས་རྣམས་ཀྱིས་འགྲོ་བ་རྣམས་ཐུགས་རྡོ་རྗེའི་རྣམ་པ་བསྐྱེད་པ། ཡང་སྙིང་གར་གནས་པའི་ཡི་གེ་ཧཱུྃ་དེ་ཉིད་དུ་བཅུག་ནས།ཡི་གེ་ཧཱུྃ་དང་ཟླ་བ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་ཞེ་སྡང་རྡོ་རྗེ་ལྟ་བུའི་རིན་པོ་ཆེའི་ཅོད་པན་ཅན་བསམས་ལ། དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་ ཡི་གེ་ཧཱུཾ་སྔོན་པོ་ལས་བྱུང་བའི་འོད་ཟེར་གྱི་སྒོ་རྣམས་ལས་ཐུགས་རྡོ་རྗེའི་ཚོགས་རྣམ་པར་སྤྲོས་ལ་དེའི་འོད་ཟེར་གྱིས་ཐོག་མ་མེད་པ་ནས་གྲུབ་པའི་དེ་བཞིན་གཤེགས་པ་ཐུགས་རྡོ་རྗེའི་ཚོགས་སྤྱན་དྲངས་ལ་ནམ་མཁའི་ཁམས་ཀུན་དུ་དགང་ངོ་། །དེ་ལས་ཧཱུྃ་དེ་ཉིད་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་ སོགས་པའི་ལྷ་མོ་རྣམས་ཀྱིས་ཡང་དག་པར་མཆོད་ལ། ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་གདབ་པར་བྱའོ། །དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། དེ་ནས་རང་གི་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེར་བྱིན་གྱིས་བརླབས་པར་ལྷག་པར་མོས་ ཤིང་། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བྱིན་གྱིས་བརླབ་པར་བྱའོ། །དེའི་སྟེང་ལྐོག་མའི་འོག་ཏུ་ཟླ་བ་ལ་གནས་པའི་པདྨ་དམར་པོའི་ལྟེ་བ་ལ་གནས་པའི་ཟླ་བ་ལ་ཡི་གེ་ཧྲཱིཿདམར་པོ་བསམས་ལ། དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ ཅད་བཀུག་ནས་ཡི་གེ་ཧྲཱིཿལས་གཟུགས་རྡོ་རྗེ་ལ་སོགས་པ་སྤྲོས་ཏེ། དེ་རྣམས་ཀྱིས་དེ་ཡང་དག་པར་མཆོད་ནས་ཡི་གེ་ཧྲཱིཿདེ་ཉིད་དུ་བཅུག་ལ་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཡེ་ཤེས་སེམས་དཔའ་བསམ་ཞིང་། དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་རང་གི་ས་བོན་བསྒོམ་པར་བྱའོ། །དེའི་ གོང་དུ་ལྐོག་མར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿདམར་པོ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་དེའི་དབུས་སུ་ཟླ་བ་ལ་གནས་པའི་ཡི་གེ་ཨཱཿབསམས་ལ། དེའི་འོད་ཟེར་འཕྲོས་པའི་སྒོ་ནས་བྱུང་བའི་དེ་བཞིན་གཤེགས་པ་གསུང་རྡོ་རྗེ་སྤྲུལ་པའི་ཚོགས་རྣམས་ཀྱིས་འགྲོ་བ་རྣམས་ གསུང་རྡོ་རྗེའི་རྣམ་པར་བསྐྱེད་ལ། ཡང་ལྐོག་མར་གནས་པའི་ཨཱཿདེ་ཉིད་དུ་བཅུག་ནས་ཡི་གེ་ཨཱཿདང་ཟླ་བ་དང་པདྨ་ཡོངས་སུ་གྱུར་པ་ལས། གསུང་རྡོ་རྗེ་འདོད་ཆགས་རྡོ་རྗེ་ལྟ་བུ་རིན་པོ་ཆེའི་ཅོད་པན་བསམས་ལ། དེའི་ལྐོག་མར་ཟླ་བ་ལ་གནས་པའི་ཨཱཿདམར་པོ་ལས་བྱུང་བའི་འོད་ ཟེར་གྱི་སྒོ་རྣམས་ལས་གསུང་རྡོ་རྗེའི་ཚོགས་རྣམས་སྤྲོས་ལ། དེའི་འོད་ཟེར་གྱིས་སྔོན་གྲུབ་པའི་སངས་རྒྱས་རྣམས་ཀྱིས་ནམ་མཁའི་གཏོས་བཀང་ལ་དེ་བཞིན་དུ་གཟུགས་རྡོ་རྗེ་མ་ལ་སོགས་པས་དེ་རྣམས་ཡང་དག་པར་མཆོད་དེ། རང་ཉིད་གསུང་རྡོ་རྗེར་བྱིན་ གྱིས་བརླབ་པའི་དོན་དུ་གསོལ་བ་གདབ་པར་བྱའོ། །ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་ གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །དེ་ནས་དེ་རྣམས་རང་གི་གསུང་རྡོ་རྗེར་བཅུག་ལ་འདི་ལྟར་ང་རྒྱལ་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ནས་མགོ་བོར་ཟླ་བ་ལ་གནས་པའི་འཁོར་ལོའི་ ལྟེ་བར་ཟླ་བ་ལ་གནས་པའི་ཡི་གེ་ཨོཾ་དཀར་པོ་བསམས་ལ། དེ་ལས་སྤྲོས་པའི་འོད་ཟེར་གྱི་སྒོ་ལས་བྱུང་བའི་དེ་བཞིན་གཤེགས་པ་སྐུ་རྡོ་རྗེ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེས་སྔ་མ་བཞིན་དུ་ནམ་མཁའི་གཏོས་གང་བར་བསམས་ལ། དེ་ནས་སྔ་མ་བཞིན་དུ་ གཟུགས་རྡོ་རྗེ་ལ་སོགས་པས་དེ་རྣམས་ཡང་དག་པར་མཆོད་དེ། མགོ་བོའི་ཡི་གེ་ཨོཾ་དུ་བཅུག་ལ་སྐུ་རྡོ་རྗེར་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་གདབ་པར་བྱའོ། །དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་ སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེས་བྱིན་གྱིས་ བརླབས་པས། རང་ཉིད་སྐུ་རྡོ་རྗེར་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། འདི་དག་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཆུང་ངུ་དང་སྒྲུབ་པ་ཆུང་ངུ་ཡིན་ནོ། །དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་ དེ་བཞིན་གཤེགས་པའི་ཚོགས་བཀུག་ལ། མདུན་གྱི་ནམ་མཁའི་ཕྱོགས་སུ་བཞུགས་པར་བསམས་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་མཛད་པ་ལྟར། །བདག་ཀྱང་རྟོག་པར་བྱ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་བྱ་བས་ དབང་བསྐུར་བར་གསོལ་བ་བཏབ་པའི་ཚིགས་སུ་བཅད་པས་དབང་བསྐུར་བར་གསོལ་བ་བཏབ་པའི་རྗེས་ཐོགས་ལ། དེ་བཞིན་གཤེགས་པའི་སྐུ་ལས་བྱུང་བའི་སྤྱན་ལ་སོགས་པའི་ལྷ་མོ་ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བའི་རིན་པོ་ཆེའི་བུམ་པ་བསྣམས་པ་རྣམས་ཀྱིས་ གཟུགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པ་དང་། རོལ་མོ་དང་བཀྲ་ཤིས་ཀྱི་གླུ་རྣམས་སྣ་ཚོགས་པའི་ཅ་ཅོ་འདོན་པས་བདག་ཉིད་ལ་དབང་བསྐུར་བར་བསམས་ལ། བྱང་ཆུབ་ཀྱི་སེམས་དེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་དབུའི་སྟེང་གི་ཅོད་ པན་ལ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བསམ་པར་བྱའོ། །འདི་ནི་དབང་གི་འབྲས་བུ་ཆུང་ངུ་དང་། སྒྲུབ་པ་ཆེན་པོའི་ཡན་ལག་ཆུང་ངུ་ཡིན་ནོ། །དེ་ནས་རང་དང་འདྲ་བའི་རིག་མ་ཡང་བདག་ཉིད་སྔར་བསྙེན་པ་ཆུང་ངུ་ལ་སོགས་པའི་རིམ་པས་མིག་ལ་སོགས་པ་བྱིན་གྱིས་ བརླབ་པ་དང་། ཐུགས་དང་གསུང་དང་སྐུ་རྡོ་རྗེར་བྱིན་གྱིས་བརླབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་བྱ་སྟེ། ཡན་ལག་བཞི་པ་བར་མ་རྫོགས་པར་བྱས་ནས་རིགས་ལྔ་དང་བསྲེ་བར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ནུ་མ་ཡན་ཆད་ནས་མགོ་བོའི་བར་ དུ་ཡི་གེ་ཨོཾ་དཀར་པོ་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་ཀྱི་ཕྲ་རབ་ཀྱི་རང་བཞིན་ནུ་མའི་འོག་ནས་ལྟེ་བ་ཡན་ཆད་དུ་ཡི་གེ་ཧཱུྃ་སྔོན་པོ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པའི་ཕྲ་རབ་ཀྱི་རང་བཞིན། ལྟེ་བའི་འོག་ནས་རྐེད་པའི་བར་དུ་ཡི་གེ་སྭཱ་སར་པོ་ཡོངས་སུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་ གྱི་ཕྲ་རབ་ཀྱི་རང་བཞིན། པདྨ་ནས་བརླ་གཉིས་སུ་ཡི་གེ་ཨཱཿདམར་པོ་ཡོངས་སུ་གྱུར་པ་ལས་འོད་དཔག་ཏུ་མེད་པའི་ཕྲ་རབ་ཀྱི་རང་བཞིན། པུས་མོ་གཉིས་ནས་བརྩམས་ཏེ། རྐང་མཐིལ་གཉིས་ཀྱི་མཐར་ཐུག་པར་ཡི་གེ་ཧཱ་ལྗང་གུ་ཡོངས་སུ་གྱུར་པ་ལས་དོན་ཡོད་པར་གྲུབ་པའི་རང་བཞིན་ ནོ། །དེ་ལྟར་རང་གི་རིག་མ་ལ་རིགས་ལྔ་དང་བསྲེ་བ་དམིགས་ལ། དེ་ནས་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་རང་གི་རྡོ་རྗེ། ཨོཾ་ཡོངས་སུ་གྱུར་པ་ལས་ནོར་བུ། བུ་གར་ཕཊ་ཀྱིས་བྱིན་གྱིས་བརླབས་ལ། རང་གི་རིག་མ་ལ་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་པདྨ། ཡི་གེ་ཨཱཿ ཡོངས་སུ་གྱུར་པ་ལས་ལྟེ་བར་བསམ་མོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་བདེ་བ་ལ་ཡང་དག་པར་ལོངས་སྤྱོད་པའི་མཆོད་པའི་དོན་དུ་རང་དང་འདྲ་བ་དང་ལྷན་ཅིག་དགའ་བ་ཙམ་པར་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ ཧཾ། འདི་དག་ནི་དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེའི་འོག་ཏུ་རབ་ཏུ་དགའ་བའི་སྒྲས་དེ་བཞིན་གཤེགས་པ་ལྔ་ཁར་བཅུག་ལ་འདོད་ཆགས་ཆེན་པོའི་མེས་ཞུ་བར་གྱུར་ནས་རྡོ་རྗེའི་ལམ་ནས་ཕྱུང་ལ། རང་དང་འདྲ་བའི་རིག་མའི་ཆུ་སྐྱེས་ཀྱི་ནང་དུ་བྱང་ཆུབ་ཀྱི་སེམས་ཞུ་བའི་དཀྱིལ་ འཁོར་ཡི་གེ་ཧྲཱིཿདམར་པོས་བྱིན་གྱིས་བརླབ་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་བདག་པོར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་པར་སྤྲུལ་ལ། བདག་དང་གཞན་གྱི་དོན་རྫོགས་པར་བྱ་བའི་ཕྱིར་ཕྱི་རོལ་དུ་སྤྲོ་བར་བྱ་སྟེ། ཨཱ་རོ་ལྀཀ་ ཅེས་པས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་དང་། ཞལ་དམར་པོ་དང་། སྔོན་པོ་དང་། དཀར་པོ་ཞལ་གསུམ་དང་ལྡན་པ། ཕྱག་དྲུག་པ་རྩ་བའི་ཕྱག་གཉིས་ཀྱིས་རང་དང་འདྲ་བ་ལ་འཁྱུད་པ། གཡས་ཀྱི་ཕྱག་གཉིས་པ་ན་པདྨ་དམར་པོ། གསུམ་པ་ན་རལ་གྲི་བསྣམས་པ། གཡོན་ གྱི་ཕྱག་གཉིས་པ་ན་རིན་པོ་ཆེ། གསུམ་པ་ན་འཁོར་ལོ་བསྣམས་པ་ཕྱུང་ལ་སྤྲོས་པས་འགྲོ་བ་རྣམས་གསུང་གི་རྡོ་རྗེའི་རྣམ་པར་བྱས་ནས། དེའི་སྐུར་བཅུག་ལ་དེ་ཡང་རང་གི་ལུས་ལ་དངོས་པོ་ཐམས་ཅད་ཀྱིས་གཞུག་པར་བྱའོ། །དེ་བཞིན་དུ་ཐམས་ཅད་དུ་ཡང་སྤྲོ་བ་དང་བསྡུ་བར་བྱའོ། །དེ་ ནས་ཛི་ན་ཛི་ཀ་ཅེས་བྱ་བས་རྣམ་པར་སྣང་མཛད་སྔ་མ་ལྟ་བུ་ཕྱུང་ལ་ཤར་ཕྱོགས་ཀྱི་ཟླ་བ་ལ་དགོད་པར་བྱའོ། །དེའི་འོག་ཏུ་རཏྣ་དྷྲྀཀ་ཅེས་བྱ་བས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ།ཞལ་གསུམ་སེར་པོ་དང་། སྔོན་པོ་དང་། དཀར་པོ་དང་ལྡན་པ་ཕྱག་དྲུག་པ་རྩ་བའི་ཕྱག་གཉིས་ ཀྱིས་རང་དང་འདྲ་བ་ལ་འཁྱུད་པ། གཡས་ཀྱི་ཕྱག་གཉིས་པ་ན་རིན་པོ་ཆེ་ལྗང་གུ། གསུམ་པ་ན་རལ་གྲི་བསྣམས་པ། གཡོན་གྱི་ཕྱག་གཉིས་པ་ན་འཁོར་ལོ། གསུམ་པ་ན་པདྨ་བསྣམས་པ། ལྷོ་ཕྱོགས་ཀྱི་ཉི་མའི་དཀྱིལ་འཁོར་ལ་གཞག་པར་བྱའོ། །དེ་ནས་བཛྲ་དྷྲྀཀ་ཅེས་ བྱ་བས་མི་བསྐྱོད་པ་སྐུ་མདོག་སྔོན་པོ།ཞལ་གསུམ་པ་སྔོ་བ་དང་། དཀར་བ་དང་། དམར་བ་ཕྱག་དྲུག་པ། རྩ་བའི་ཕྱག་གཉིས་ཀྱིས་རང་དང་འདྲ་བ་ལ་འཁྱུད་པ། གཡས་ཀྱི་ཕྱག་གཉིས་པ་ན་ཞི་བའི་རྡོ་རྗེ་ནག་པོ། གསུམ་པ་ན་རལ་གྲི་བསྣམས་པ། གཡོན་གྱི་ཕྱག་གཉིས་པ་ན་ ནོར་བུ། གསུམ་པ་ན་པདྨ་བསྣམས་པ། ནུབ་ཕྱོགས་ཀྱི་ཉི་མའི་དཀྱིལ་འཁོར་ལ་གཞག་པར་བྱའོ། །དེའི་འོག་ཏུ་པྲཛྙཱ་དྷྲྀཀ་ཅེས་བྱ་བས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་ཞལ་གསུམ་པ། ལྗང་གུ་དང་། སྔོན་པོ་དང་། དཀར་པོ་ཕྱག་དྲུག་པ་རྩ་བའི་ཕྱག་གཉིས་ཀྱིས་ཤེས་རབ་ མ་ལ་འཁྱུད་པ། ཕྱག་གཡས་པའི་གཉིས་པ་ན་རལ་གྲི།གསུམ་པ་ན་འཁོར་ལོ་བསྣམས་པ། ཕྱག་གཡོན་པའི་གཉིས་པ་ན་རིན་པོ་ཆེ། གསུམ་པ་ན་པདྨ་བསྣམས་པ། བྱང་ཕྱོགས་ཀྱི་ཉི་མའི་དཀྱིལ་འཁོར་ལ་གཞག་པར་བྱའོ། །དེ་བཞིན་གཤེགས་པ་བཞི་པོ་ནི་ཉི་མའི་ གདན་དང་ཉི་མའི་འོད་མངའ་བ། རལ་པ་དང་ཅོད་པན་ཅན་ཡིན་ལ། རྣམ་པར་སྣང་མཛད་ནི་ཟླ་བའི་གདན་དང་ཟླ་བའི་འོད་མངའ་བའོ། །དེ་ནས་མོ་ཧ་རཱ་ཏི་ཞེས་བྱ་བས་ལྷ་མོ་སྤྱན་ཞལ་དང་ཕྱག་ལ་སོགས་པ་རྣམ་པར་སྣང་མཛད་དང་འདྲ་བ་མེའི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་ལ་གཞག་ པར་བྱའོ། །དེ་ནས་དྭེ་ཥ་རཱ་ཏི་ཞེས་བྱ་བས་མཱ་མ་ཀཱི་ཞལ་དང་ཕྱག་ལ་སོགས་པ་མི་བསྐྱོད་པ་དང་འདྲ་བ་བདེན་བྲལ་གྱི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་ལ་གཞག་པར་བྱའོ། །དེ་ནས་རཱ་ག་ར་ཏི་ཞེས་བྱ་བས་ལྷ་མོ་གོས་དཀར་མོ་ཞལ་དང་ཕྱག་ལ་སོགས་པ་འོད་དཔག་ཏུ་མེད་པ་དང་ འདྲ་བ་རླུང་གི་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གཞག་པར་བྱའོ། །དེ་ནས་བཛྲ་རཱ་ཏི་ཞེས་བྱ་བས་སྒྲོལ་མ་ཞལ་དང་ཕྱག་ལ་སོགས་པ་རིན་ཆེན་འབྱུང་ལྡན་དང་འདྲ་བ་རྩ་བའི་ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ་ཕྱག་གཉིས་པ་ན་ཨུཏྤལ་སེར་པོ་ཁ་ཕྱེ་བ། གསུམ་པ་ན་རལ་གྲི་བསྣམས་ པ། གཡོན་པའི་ཕྱག་གཉིས་ན་རིན་པོ་ཆེ། གསུམ་པ་ན་འཁོར་ལོ་བསྣམས་པ། དབང་ལྡན་གྱི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་ལ་དགོད་པར་བྱའོ། །དེའི་འོག་ཏུ་ཨོཾ་ཨཱཿརཱུ་པ་བཛྲ་ཧཱུྃ། ཞེས་བྱ་བའི་ཡི་གེ་གསུམ་གྱི་བར་དུ་མིང་བཅུག་ལ། རེ་རེའི་སྔགས་ བརྗོད་ནས་གཟུགས་རྡོ་རྗེ་ལ་སོགས་པ་ནས་ཆོས་ཀྱི་དབྱིངས་རྡོ་རྗེའི་བར་གྱི་མཆོད་པའི་ལྷ་མོ་རྣམས་རིམ་བཞིན་དུ། གཟུགས་རྡོ་རྗེ་དང་། སྒྲ་རྡོ་རྗེ་དང་། དྲི་རྡོ་རྗེ་དང་། རོ་རྡོ་རྗེ་དང་། རེག་རྡོ་རྗེ་དང་། ཆོས་ཀྱི་དབྱིངས་རྡོ་རྗེ་གོ་རིམས་བཞིན་དུ་སྐུ་མདོག་དཀར་པ་དང་། སྔོ་བ་དང་། སེར་བ་དང་། དམར་བ་དང་། ལྗང་གུ་དང་། དཀར་པོ་ཕྱག་དྲུག་པ། རྩ་བའི་ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། ཕྱག་གཡས་པའི་གཉིས་པ་ན་མེ་ལོང་དང་། པི་ཝང་དང་། དྲིའི་དུང་ཕོར་དང་། རོའི་སྣོད་དང་། གོས་དང་། ཆོས་འབྱུང་བའི་མཚན་མ་བསྣམས་པ། ཕྱག་ལྷག་མ་རྣམས་ན་ རིམ་བཞིན་དུ་རལ་གྲི་དང་། ནོར་བུ་དང་། པདྨ་བསྣམས་པ། རྒྱན་དང་ན་བཟའ་ལ་སོགས་པས་བརྒྱན་པ་ཟླ་བའི་གདན་དང་ཟླ་བའི་འོད་མངའ་བ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ལེགས་པར་བཞུགས་པ། རིམ་པ་གཉིས་པའི་མེ་ལ་སོགས་པའི་མཚམས་རྣམས་དང་། ཤར་ཕྱོགས་ཀྱི་སྒོ་ ལོགས་གཉིས་སུ་ཟླ་བའི་དཀྱིལ་འཁོར་ལ་སྔ་མ་བཞིན་དུ་དགོད་པར་བྱའོ། །དེའི་འོག་ཏུ་ཡ་མཱནྟ་ཀྲྀཏ་ཅེས་བྱ་བས་གཤིན་རྗེ་གཤེད་སྐུ་མདོག་ནག་པོ་ཞལ་གསུམ་པ་ནག་པོ་དང་དཀར་པོ་དང་དམར་པོ། རྩ་བའི་ཕྱག་གཉིས་ཀྱིས་རང་དང་འདྲ་བལ་འཁྱུད་པ། ཕྱག་ལྷག་མ་རྣམས་ཀྱིས་རྡོ་རྗེ་ ཐོ་བ་དང་། རལ་གྲི་དང་། རིན་པོ་ཆེ་དང་། པདྨ་བསྣམས་པ། སྔ་མ་བཞིན་དུ་ཕྱུང་ལ་སྤྲོ་བ་ལ་སོགས་པ་བྱ་བ་སྔོན་དུ་འགྲོ་བས་ཤར་ཕྱོགས་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་ལ་གཞག་པར་བྱའོ། །དེ་བཞིན་དུ་པྲཛྙཱནྟ་ཀྲྀཏ་ཅེས་བྱ་བས་ཤེས་རབ་མཐར་བྱེད་སྐུ་མདོག་དམར་པོ་ཞལ་གསུམ། དཀར་པོ་དང་། སྔོན་པོ་དང་། དམར་པོ་ཕྱག་དྲུག་པ། རྩ་བའི་ཕྱག་གཉིས་ཀྱིས་རང་དང་འདྲ་བ་ལ་འཁྱུད་པ། ཕྱག་ལྷག་མ་རྣམས་ན་རྡོ་རྗེ་དབྱིག་པ་དཀར་པོ་དང་། རལ་གྲི་དང་། རིན་པོ་ཆེ་དང་པདྨ་བསྣམས་པ། སྔ་མ་བཞིན་དུ་སྤྲོ་བ་ལ་སོགས་པ་བྱས་ལ་ལྷོ་ཕྱོགས་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་ ལ་གཞག་པར་བྱའོ། །དེ་བཞིན་དུ་པདྨཱ་ནྟཀྲྀཏ་ཅེས་བྱ་བས་པདྨ་མཐར་བྱེད་སྐུ་མདོག་དམར་བ། ཞལ་གསུམ་པ་དམར་པོ་དང་། སྔོན་པོ་དང་། དཀར་པོ་མངའ་བ། ཕྱག་དྲུག་པ། རྩ་བའི་ཕྱག་གཉིས་ཀྱིས་རང་དང་འདྲ་བ་ལ་འཁྱུད་པ། ཕྱག་ལྷག་མ་རྣམས་ན་པདྨ་དམར་པོ་དང་། རལ་གྲི་དང་། འཁོར་ལོ་དང་། རིན་པོ་ཆེ་བསྣམས་པ་སྔ་མ་བཞིན་དུ་ཕྱུང་ལ། སྤྲོ་བ་ལ་སོགས་པ་བྱས་ནས། ནུབ་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་ལ་གཞག་པ་བྱའོ། །དེ་བཞིན་དུ་བིགྷྣཱནྟ་ཀྲྀཏ་ཅེས་བྱ་བས་བགེགས་མཐར་བྱེད་སྐུ་མདོག་ནག་པོ་ཞལ་གསུམ་ནག་པོ་དང་། དཀར་པོ་དང་། དམར་པོ་དང་། ཕྱག་དྲུག་པ། རྩ་བའི་ཕྱག་གཉིས་ཀྱིས་རང་དང་འདྲ་བ་ལ་འཁྱུད་པ། ལྷག་མ་རྣམས་ན་རྡོ་རྗེ་ནག་པོ་ཁ་གྱེས་པ་དང་། རལ་གྲི་དང་། རིན་པོ་ཆེ་དང་། པདྨ་བསྣམས་པ། སྔ་མ་བཞིན་དུ་ཕྱུང་ལ། སྤྲོ་བ་ལ་སོགས་པ་བྱས་ནས། བྱང་ཕྱོགས་ཀྱི་ཉི་མའི་དཀྱིལ་འཁོར་ལ་གཞག་པར་ བྱའོ། །ཁྲོ་བོ་ཐམས་ཅད་ཀྱང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། གསུས་པ་འཕྱང་བ། ཤིན་ཏུ་གདུག་པ། སྤྱན་དམར་ཞིང་ཟླུམ་པ། མིའུ་ཐུང་གི་གཟུགས་ཅན། སྟག་གི་པགས་པའི་ཤམ་ཐབས་ཅན། ཀླུ་ཆེན་པོ་རྣམས་ཀྱིས་བརྒྱན་པ། ཞལ་གྱི་མཆེ་བ་གཙིགས་པ། ལྗགས་ བསྐྱོད་ཅིང་འཇིགས་སུ་རུང་བ་ཉི་མའི་འོད་ཤས་ཆེར་འབར་བའོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་བསྐྱེད་ཅིང་བརྟན་པར་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའི་སྙིང་པོའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་མདུན་གྱི་ནམ་མཁའ་ལ་བསམས་ཏེ་རང་ གི་སྒོ་སྲུང་རྣམས་ཀྱིས་དེའི་བགེགས་བསྐྲད་ལ་ཡང་དག་པར་བསྲུངས་ཏེ། རང་གི་སྔགས་ཀྱིས་མཆོད་ཡོན་ཕུལ་ལ། གཟུགས་རྡོ་རྗེ་ལ་སོགས་པ་རྣམ་པར་སྤྲོས་ཏེ་ཡང་དག་པར་མཆོད་ནས། ཛཿཧཱུྃ་བཾ་ཧོཿཞེས་བྱ་བའི་ཡི་གེ་རྣམས་ཀྱིས་གོ་རིམས་ཇི་བཞིན་དུ་དགུག་པ་དང་། གཞུག་པ་དང་། དབང་དུ་བྱ་བ་དང་། མཉེས་པར་བྱ་བ་ནི། རྒྱུ་མཐུན་པའི་འབྲས་བུ་ཆེན་པོ་དང་། བསྙེན་པའི་ཡན་ལག་ཆེན་པོ་ཡིན་ནོ། །དེ་ཡང་སྔ་མ་བཞིན་དུ་མིག་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་བུ་ཆེན་པོ་དང་ཉེ་བར་སྒྲུབ་པ་ཆེན་པོ་ཡིན་ནོ། །དེ་ནས་སྔར་བཤད་པའི་རིམ་ པས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པར་བྱ་བ་ནི་སྒྲུབ་པ་ཆེན་པོ་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཆེན་པོ་ཡིན་ནོ། །དེ་ནས་དཀྱིལ་འཁོར་བ་ཐམས་ཅད་ཀྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་སྙིང་པོའི་འོད་ཀྱིས་དེ་བཞིན་གཤེགས་པ་རྣམས་བསྐུལ་ལ་བཀུག་ སྟེ། མདུན་གྱི་ནམ་མཁའ་ལ་བསམས་ནས། གཟུགས་རྡོ་རྗེ་ལ་སོགས་པས་ཡང་དག་པར་མཆོད་ལ་དབང་བསྐུར་བའི་དོན་དུ་གསོལ་བ་གདབ་བོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ལས་བྱུང་བའི་ལྷ་མོ་སྤྱན་མ་ལ་སོགས་པ་རྣམས་ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བའི་ རིན་པོ་ཆེའི་བུམ་པ་ཐོགས་པས་དབང་བསྐུར་བ་དང་། དཀྱིལ་འཁོར་བ་རྣམས་ཀྱི་དབུ་ལ་རང་གི་བདག་པོར་གྱུར་པ་བསམ་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུ་ལ་མི་བསྐྱོད་པའོ། །མི་བསྐྱོད་པའི་དབུ་ལ་ནི་རྡོ་རྗེ་སེམས་དཔའོ། །སྤྱན་དང་གཟུགས་རྡོ་རྗེ་དང་གཤིན་རྗེ་གཤེད་ ཀྱི་དབུ་ལ་ནི་རྣམ་པར་སྣང་མཛད་དོ། །མཱ་མ་ཀཱི་དང་སྒྲ་རྡོ་རྗེ་དང་ཆོས་ཀྱི་དབྱིངས་རྡོ་རྗེ་དང་ཤེས་རབ་མཐར་བྱེད་དང་བགེགས་མཐར་བྱེད་ཀྱི་དབུ་ལ་ནི་མི་བསྐྱོད་པའོ། །གོས་དཀར་མོ་དང་རོ་རྡོ་རྗེ་དང་རྟ་མགྲིན་གྱི་དབུ་ལ་ནི་འོད་དཔག་ཏུ་མེད་པའོ། །སྒྲོལ་མ་དང་རེག་རྡོ་རྗེའི་དབུ་ལ་ནི་དོན་ཡོད་གྲུབ་པའོ། །དྲི་རྡོ་རྗེའི་ དབུ་ལ་ནི་རིན་ཆེན་འབྱུང་ལྡན་ནོ། །སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོའི་དབུ་ལ་ནི་གོ་རིམས་བཞིན་དུ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་ མེད་པ་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་བསམ་པར་བྱའོ། །དཀྱིལ་འཁོར་གྱི་འཁོར་ལོའི་གཙོ་བོ་ལ་སོགས་པ་དཀྱིལ་འཁོར་པ་འདི་དག་ཐམས་ཅད་རིགས་ཀྱི་བདག་པོ་དང་བཅས་ཤིང་ཤེས་རབ་དང་ཐབས་ཀྱི་རང་བཞིན་དྲི་མ་མེད་པའི་མཆོག་ཏུ་བདེ་བ་དམ་པའི་ངོ་བོ་ཉིད་དུ་བསམ་པར་བྱའོ། ། དེ་ལྟར་ན་འདི་དག་ནི་སྒྲུབ་པ་ཆེན་པོའི་ཆེན་པོ་དང་དབང་གི་འབྲས་བུ་ཆེན་པོ་ཡིན་ནོ། །དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱི་ཚོགས་ཀྱིས་ནམ་མཁའི་ཁམས་ན་གནས་པའི་གཟུགས་ལ་སོགས་པའི་ཡུལ་ཐམས་ཅད་བདག་ཉིད་ཀྱི་རང་དང་འདྲ་བའི་རིག་མའི་སྙིང་གར་ཆོ་ག་བཞིན་ དུ་བཅུག་ལ་རང་དང་འདྲ་བའི་པདྨའི་ནང་དུ་ཞུ་བར་གྱུར་པ་བསམས་ནས། དེའི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོའི་ཚོགས་རྣམས་དང་། ཕྱིའི་མཆོད་པའི་ཚོགས་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་མཆོད་ལ། མཆོད་པ་དང་མཆོད་པ་བྱེད་པ་པོ་དབྱེར་མེད་ དུ་ང་རྒྱལ་བྱས་ནས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ནས་བདག་ཉིད་དཀྱིལ་འཁོར་པ་དང་བཅས་པ་ལ་འདི་ལྟར་བསྟོད་པར་བྱའོ། །རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁར་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། ། རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། ། རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །དཀྱིལ་འཁོར་མཆོག་གསུམ་ཡི་གེ་གསུམ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་ལོ། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རང་བཞིན་དག་པ་ལས་བྱུང་བ། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །དེ་ནས་བདུད་རྩི་མྱང་བའི་ཆོ་ག་འདི་ལྟར་ བྱ་སྟེ། མདུན་དུ་ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ་བསམས་ལ། དེའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་རབ་ཏུ་འབར་བའི་གཟུགས་ཅན་དམིགས་ལ། དེའི་སྟེང་དུ་ཨ་ཡོངས་སུ་གྱུར་པ་ལས་ ཐོད་པ་དེའི་ནང་དུ་བདུད་རྩི་ལྔ་བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུྃ། ཞེས་བྱ་བ་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱིས་བྱིན་གྱིས་བརླབས་པར་བསམས་ནས། དེའི་འོག་ཏུ་བསྲེག་པ་དང་འབར་བ་ལ་སོགས་པས་ཡང་དག་པར་སྦྱངས་ལ། ཨོཾ་གྱིས་བྱིན་གྱིས་བརླབས་པར་བསམས་ནས། དེའི་སྟེང་དུ་ཧཱུྃ་ལས་བྱུང་ བའི་རྡོ་རྗེ་བསམ་མོ། །དེ་ནས་ཡི་གེ་ཨོཾ་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ལ། བདུད་རྩི་ལྔ་པོ་དེ་ཉིད་ཀྱི་ནང་དུ་གཞུག་པར་བྱའོ། །དེ་ནས་བསྲེག་པ་དང་འབར་བས་ཡི་གེ་ཨོཾ་དང་རྡོ་རྗེ་དེ་ཉིད་དུ་ཞུ་བར་གྱུར་པར་བསམས་ལ། དེ་ལྟར་བསྐྱེད་ པའི་བདུད་རྩི་དེ་ལྕེ་ལ་ཡི་གེ་ཧཱུྃ་ལས་རྡོ་རྗེ་བཀོད་པའི་ལྕེ་བཟང་པོ་དང་། རོ་རྡོ་རྗེས་བསྟབས་པས་བདག་ཉིད་དང་། དཀྱིལ་འཁོར་པ་རྣམས་ཚིམ་པར་བྱའོ། །དེ་ལྟར་དཀྱིལ་འཁོར་འབྱིན་པ་ནས་བདུད་རྩི་མྱོང་བའི་བར་དུ་ནི། དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་ བའི་ཏིང་ངེ་འཛིན་ཡིན་ནོ། །སེམས་དབང་དུ་གྱུར་པ་ཐོབ་ན་ཞི་བ་ལ་སོགས་པའི་ལས་རྣམས་ཀྱིས་འགྲོ་བའི་དོན་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ཐིག་ལེ་རྣལ་འབྱོར་བསྒོམ་པར་བྱ་བ་ཡིན་པས་སེམས་བརྟན་པར་བྱ་བའི་དོན་དུ་ལས་ཀྱི་རྒྱལ་པོ་མཆོག་བསྒོམ་པར་བྱའོ། །དེ་བས་ ན་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཁམས་གསུམ་པོ་སྣང་བར་བྱས་ནས་རང་གི་ལྷའི་རྣམ་པར་བྱས་ལ་དཀྱིལ་འཁོར་གྱི་འཁོར་ལོར་གཞུག་པར་བྱའོ། །དཀྱིལ་འཁོར་གྱི་འཁོར་ལོ་ནི་བདག་ཉིད་ལ་གཞུག་གོ། །བདག་ནི་ཡེ་ཤེས་སེམས་དཔའ་ལ་ གཞུག་གོ། །ཡེ་ཤེས་སེམས་དཔའ་ནི་མཚན་མར་རོ། །མཚན་མ་ནི་ཙ་ན་ཀའི་ཚད་ཀྱི་ཐིག་ལེར་བཅུག་ལ།ཐིག་ལེའི་དབུས་སུ་བསྐྱེད་པའི་རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་སྐད་ཅིག་ཙམ་གྱིས་བསྒོམ་པར་བྱའོ། །འདིར་བསྙེན་པ་ལ་སོགས་པ་ནི་ཆེན་པོའི་སྒྲར་བརྗོད་དོ། ། ཙ་ན་ཀའི་འབྲས་བུའི་ཚད་ཙམ་དུ་དེ་ལྟར་བསྒོམས་ལ། ཡང་ཐིག་ལེའི་དབུས་སུ་ཆུད་པའི་འོད་ཟེར་གྱི་ཚོགས་སུ་སྣང་བ་ལས་ས་བོན་དུ་བསམ་མོ། །ས་བོན་གྱི་འོད་ཟེར་རྣམས་ལས་མཚན་མ་མཚན་མའི་འོད་ཟེར་རྣམས་ལས་ཡེ་ཤེས་སེམས་དཔར་བསམ་མོ། །ཡེ་ཤེས་སེམས་དཔའི་ འོད་ཟེར་སྤྲོས་པ་ལས། དཀྱིལ་འཁོར་གྱི་བདག་པོའི་བདག་ཉིད་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་བདག་པོའི་འོད་ཟེར་གྱི་སྣང་བ་ལས། དཀྱིལ་འཁོར་གྱི་འཁོར་ལོ་སྔ་མ་བཞིན་དུ་གནས་པར་བསམས་ལ། དཀྱིལ་འཁོར་གྱི་འཁོར་ལོ་དེ་ཀུན་དུ་སྤྲོས་པའི་འོད་ཟེར་རྣམས་ཀྱིས་ཁམས་ གསུམ་པ་མ་ལུས་པར་དེ་བཞིན་གཤེགས་པའི་ཚོགས་ཀྱིས་ཁྱབ་པར་བསྒོམས་ནས། ཡང་དེ་བཞིན་དུ་ཐིག་ལེའི་བར་དུ་བསྡུ་ཞིང་སླར་སྤྲོ་བ་དང་། སླར་ཡང་ཐིག་ལེའི་བར་དུ་བསྡུ་བ་དང་། དེ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ཇི་སྲིད་འདོད་ཀྱི་བར་དུ་བྱས་པ་ནི་ཐིག་ལེའི་རྣལ་འབྱོར་ རོ། །དེའི་འོག་ཏུ་ནམ་མཁའ་ལ་བཞུགས་པའི་རིགས་ལྔའི་དེ་བཞིན་གཤེགས་པ་རྣམས་བདག་ཉིད་ཀྱི་ཁར་བཅུག་སྟེ། བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་པ་ལས་རྡོ་རྗེའི་ལམ་ནས་ཕྱུང་སྟེ། སྔ་མ་བཞིན་དུ་རང་དང་འདྲ་བའི་པདྨའི་ལྟེ་བར་བྱང་ཆུབ་ཀྱི་སེམས་ཞུ་བའི་ཐིག་ལེར་བསམས་ལ་དེར་ ཡི་གེ་ཧྲཱིཿཡོངས་སུ་གྱུར་པ་ལས་པདྨ་ཙ་ན་ཀའི་འབྲས་བུའི་ཚད་ཙམ་དུ་བསྒོམས་ལ། པདྨའི་ལྟེ་བའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་པའི་རིམ་པས་སྐད་ཅིག་གིས་བསྒོམ་པར་བྱའོ། །འདིར་བསྙེན་པ་ལ་སོགས་པ་ནི་ཆེན་པོའི་སྒྲར་བརྗོད་དོ། །འདི་ལ་ཇི་སྲིད་དུ་སེམས་ བརྟན་པར་མ་གྱུར་པ་དེ་སྲིད་དུ་ཤིན་ཏུ་སྤྲོ་བར་མི་བྱའོ། །སེམས་བརྟན་པར་གྱུར་ནས་ནི་ཡང་དེ་བཞིན་གཤེགས་པ་རྣམས་དང་སྤྲོ་བ་དང་བསྡུ་བར་བྱ་བ་ནི་ཕྲ་མོའི་རྣལ་འབྱོར་རོ། །དེ་ནས་བསྒོམས་པས་སྐྱོ་ན། ཡི་གེ་དགུ་པོ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ཡོངས་སུ་བསྐོར་ ཏེ་གནས་པ་ལ་བཟླས་བརྗོད་བྱའོ། །ཨོཾ་ཨཱཿཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ། ཞེས་བྱ་བའི་སྔགས་ཟློས་ཤིང་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རེ་རེ་ཞིང་ངམ་ཐུགས་རྡོ་རྗེའི་བདག་ཉིད་ཅན་དང་ཡེ་ཤེས་སེམས་དཔའ་དང་དེའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དང་། ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་ལྔ་པོའི་ བདག་ཉིད་ཅན་བསམས་ལ། དེ་རེ་རེ་ཞིང་འབྱིན་པ་དང་འཇུག་པའི་རླུང་གིས་རིམ་གྱིས་སམ་ཅིག་ཅར་སྤྲོ་བ་དང་བསྡུ་བར་བྱ་ཞིང་། མྱུར་བ་དང་ངལ་ཆེས་པའི་ཉེས་པ་དང་བྲལ་བར་སྔགས་ཀྱི་དེ་ཁོ་ན་ཉིད་ལ་ལྷག་པར་མོས་པས། གསང་སྔགས་ཡི་གེ་དགུ་པོ་བཟླས་པར་བྱ་སྟེ་འདི་ནི་ བཟླས་པའི་ཆོ་གའོ། །དེ་ནས་བསྒོམ་པ་དང་བཟླས་པས་དུབ་པ་བསལ་བའི་དོན་དུ་ལྷ་མོའི་གླུས་བསྐུལ་ལ། སྤྱི་བོའི་སྟེང་དུ་མཐོ་གང་ཙམ་གྱི་ས་དཔགས་པར་ཟླ་བའི་དཀྱིལ་འཁོར་ལ། ཨོཾ་དཀར་པོ་གནས་པར་རྣམ་པར་བསམས་ལ། དེ་ལས་བདུད་རྩི་འབབ་པས་བདག་ཉིད་ཚིམ་ པར་བྱས་པར་བསྒོམ་པར་བྱ་སྟེ། འདི་ནི་བརྟན་པར་བྱ་བའི་ཆོ་གའོ། །དེ་ནས་ཡང་ངལ་བསོ་ལ་སྔགས་ཀྱི་དེ་ཁོ་ན་ཉིད་ལ་ལྷག་པར་མོས་པས་ཇི་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་གཤེགས་སུ་གསོལ་བར་འདོད་ན་རང་གི་ཡེ་ཤེས་སེམས་དཔའི་འོད་ཟེར་སྤྲོས་པས་དཀྱིལ་འཁོར་གྱི་ འཁོར་ལོ་དང་བཅས་པའི་ཕྱི་རོལ་དུ་སྤྲོས་ལ་མདུན་གྱི་ནམ་མཁའ་ལ་བསམས་ཏེ་མཆོད་པའི་སྤྲིན་སྤྲོས། དེས་བདག་ཉིད་དང་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་མཆོད་ནས། ཡེ་ཤེས་ཀྱི་དཀྱིལ་འཁོར་ཨོཾ་ཀྲྀ་ཏོ་བ་སརྦྦ་སཏྭཱརྠ། སིདྡྷི་མ་དཏྟཱ་ཡ་ནུ་ག །གཙྪ་ ཏྭཱཾ་བུདྡྷ་བི་ཥ་ཡཾ། ཕུན་ར་ག་མ་ན་ཡཙྪཿ། ཞེས་བྱ་བ་འདིས་གཤེགས་སུ་གསོལ་ལོ། །དེའི་སྤྲུལ་པ་རྣམས་བདག་ཉིད་ལ་བསྡུ་བར་བྱའོ། །དེ་ནས་བསོད་ནམས་ཡོངས་སུ་བསྔོ་བའི་ཕྱིར་འདི་ལྟར་སྨོན་ལམ་གདབ་པར་བྱ་སྟེ། རྡོ་རྗེ་འཆང་བ་ཆེན་པོའི་དཔལ། །སངས་རྒྱས་ཐམས་ཅད་ དགྱེས་པ་ནི། །དགེ་བ་འདི་ཡིས་ཐོབ་གྱུར་ནས། །འགྲོ་བས་ཀྱང་ནི་དེ་ཐོབ་ཤོག །ཕྱག་རྒྱ་ཆེན་པོའི་དོན་གྲུབ་ཕྱིར། །སྤྱོད་གང་སངས་རྒྱས་ཀྱིས་བསྔགས་པ། །འགྲོ་བའི་དོན་ནི་བྱ་བའི་ཕྱིར། །སྤྱོད་དེ་ཉིད་དང་བདག་ལྡན་ཤོག །དེ་བཞིན་གཤེགས་རྣམས་ཐབས་གང་གིས། ། ཐམས་ཅད་མཁྱེན་ཉིད་གོ་འཕང་བརྙེས། །དག་ཅིང་ཡན་ལག་ཀུན་རྫོགས་པ། །ཐབས་དེ་དང་ནི་བདག་ལྡན་ཤོག །སྒྲིབ་པ་ཐམས་ཅད་ཡོངས་ཟད་ཕྱིར། །སངས་རྒྱས་ཀྱིས་སྔགས་ཤེས་རབ་གང་། །རྣམ་ཀུན་མཁྱེན་ཉིད་ཀུན་བྱའི་ཕྱིར། །བདག་གིས་ཤེས་རབ་དེ་ཐོབ་ཤོག །རང་གི་ ལྷ་ཡི་སྦྱོར་བ་ཡིས། །རབ་མཉམ་གཞག་སྟེ་གནས་པར་བྱ། །རང་གི་དཀྱིལ་འཁོར་པ་ཚུལ་དུ། །ཁམས་གསུམ་པོ་ནི་བལྟ་བར་བྱ། །བཟའ་དང་བཏུང་བ་དུས་སུ་ནི། །སྐད་ཅིག་མ་ཡི་སྦྱོར་བ་ཡིས། །རང་གི་ལྷག་པའི་ལྷར་བསམས་ཏེ། །བཟའ་དང་བཅའ་སོགས་རྣམ་སྦྱངས་ ལ། །བདུད་རྩི་མྱང་བའི་ཆོ་ག་ཡང་། །རྡོ་རྗེ་ལྕེ་ཡི་སྦྱོར་བ་ཡིས། །རང་གི་ལྷག་ལྷག་གཙོ་བོར་གྱུར། །དཀྱིལ་འཁོར་སྙིང་གར་བསམས་ནས་སུ། །རང་སྔགས་བྱིན་བརླབས་རོ་ཡིས་ནི། །སྐུ་ཡི་རྡོ་རྗེ་སོགས་ཚིམ་བྱ། །མཆོད་པ་འདི་ཉིད་དམ་པ་སྟེ། །སངས་རྒྱས་ཀུན་གྱིས་ རབ་ཏུ་བསྔགས། །འདི་ཉིད་ནང་གི་སྦྱིན་སྲེག་ནི། །ཡིན་པར་གསང་འདུས་ལས་བཤད་དོ། །ཁྲུས་ཀྱི་དུས་སུ་སྤྱན་སོགས་ཀྱིས། །དབང་བསྐུར་ལྟ་བུར་རྣམ་པར་སྤྱད། །དྲན་པ་བརྗེད་སོགས་ཉེས་པ་ཡིས། །གལ་ཏེ་དམ་ཚིག་ཉམས་གྱུར་ན། །དེ་ཚེ་དམ་ཚིག་རྡོ་རྗེ་ཞེས། །བྱ་བ་རང་ གི་སྙིང་གར་བསྒོམ། །དེ་ཡི་ཐུགས་ཀར་ཡི་གེ་ཁཾ། །མཚན་མའི་དབུས་སུ་ཆུ་དབང་བསམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སོགས། །ཆོ་ག་ཇི་བཞིན་དགོད་པར་བྱ། །སྐུ་གསུང་ཐུགས་ཀྱི་དབུས་ཆུད་པའི། །དེ་ཡི་ས་བོན་ཁ་ནས་བཟླས། །དམ་ཚིག་ཉམས་པའི་ཉེས་པ་ནི། །སྦྱོང་ འདོད་དམ་ཚིག་རྡོ་རྗེ་ཡིས། །གསང་སྔགས་ཡོངས་སུ་བཟླས་ནས་ནི། །བསྒོམ་པའི་མཐར་ནི་གཤེགས་སུ་གསོལ། །ཉལ་བའི་དུས་སུ་རང་གི་ནི། །སྙིང་གར་དཀྱིལ་འཁོར་བསམ་པའམ། །ཡང་ན་སྟོང་ཉིད་བསྒོམས་ནས་ནི། །རྣལ་འབྱོར་པས་ནི་ཅི་བདེར་ཉལ། །གཉིད་སད་ པ་ཡི་དུས་སུ་ནི། །ལྷ་མོས་བསྐུལ་བ་དྲན་བྱས་ལ། །མལ་ནས་ལངས་ཏེ་རྣལ་འབྱོར་པས། །སྔ་མ་བཞིན་དུ་བསམ་གཏན་སྤྱད། །དཔལ་ལྡན་འདུས་པའི་རྗེས་འབྲངས་ཏེ། །འཕགས་པ་འཇིག་རྟེན་དབང་སྒྲུབ་ཐབས། །བྱང་ཆུབ་འོད་ཀྱི་ངོར་མཛད་དེ། །མར་མེ་མཛད་ཀྱིས་འདི་ བྱས་སོ། །སྒྲུབ་ཐབས་འདི་ནི་ལེགས་བྲིས་པ། །བདག་གིས་དག་བ་གང་ཐོབ་པ། །དེ་ཡིས་འགྲོ་བ་ཐམས་ཅད་ནི། །རྡོ་རྗེ་ཆོས་ཀྱི་གནས་ཐོབ་ཤོག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་པའི་ཐབས། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རིམ་པས་བསྒྲུབས་ པ། །སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་ཝ་ལོ་ཀ་ཏེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་སྒྲུབ་པའི་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །གང་ཐུགས་ཐུགས་རྗེའི་དབང་གྱུར་ཏེ། །རྟག་ཏུ་གཞན་གྱི་ དོན་མཛད་པ། །འཇིག་རྟེན་མགོན་ལ་ཕྱག་འཚལ་ཏེ། དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཅིང་། །དད་དང་སྙིང་རྗེར་ལྡན་པ་དང་། །བླ་མ་ལ་གུས་གཏོང་སེམས་ལྡན། །བདེན་པར་སྨྲ་ཞིང་བརྩོན་ལྡན་པས། །ཡིད་དང་རྗེས་སུ་མཐུན་གནས་ སུ། །བདེ་བའི་སྟན་ལ་འདུག་ནས་ཀྱང་། །སྔོན་དུ་བྱ་བ་རྣམས་བྱས་ལ། །འཇིག་རྟེན་མགོན་པོ་བསྒྲུབ་པར་བྱ། །དང་པོ་བདག་ཉིད་ཀྱི་སྙིང་གར་ཨ་ལས་རི་བོང་ཅན་བསམས་ལ། དེའི་སྟེང་དུ་ས་བོན་གྱི་ཡི་གེ་བསམས་ཏེ། དེ་ལས་འོད་འཕྲོས་པས་ འཇིག་རྟེན་མགོན་པོ་སྤྱན་དྲངས་ཏེ། ཕྱག་ལ་སོགས་པ་ཡན་ལག་བདུན་པ་བྱའོ། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱས་ལ་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །དེས་དངོས་པོ་ཐམས་ཅད་གཟུང་ བ་དང་འཛིན་པ་གཉིས་སུ་མེད་པ་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་རང་གི་སེམས་ཉིད་པཾ་ལས་པདྨ་འདབ་མ་བརྒྱད་པར་བསམས་ཏེ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་ཡང་ས་བོན་གྱི་ཡི་གེ་དེ་ཉིད་དོ། །དེ་ལས་འོད་འཕྲོས་འགྲོ་ བ་རྣམས་དག་པར་བྱས་ནས་དེ་ཉིད་དུ་བསྡུ་བར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་འཇིག་རྟེན་མགོན་པོ་སྐུ་མདོག་དམར་པོ། ཞལ་གསུམ་པ། དམར་པོ་དང་། དཀར་པོ་དང་། སྔོན་པོར་སྣང་བ་དང་། ཕྱག་དྲུག་པ་གཡས་གཡོན་དང་པོ་གཉིས་སྙོམས་པར་ འཇུག་པའི་ཕྱག་རྒྱ་ཅན། གཡས་ཀྱི་གཉིས་པ་དང་། གསུམ་པ་ན་པདྨ་དང་རལ་གྲི་བསྣམས་པ། གཡོན་གྱི་གཉིས་པ་དང་། གསུམ་པ་ན་རིན་པོ་ཆེ་དང་འཁོར་ལོ་བསྣམས་པའོ། །དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་དང་འདྲ་བའི་ཆ་ཕྲ་བའོ། །དེའི་ཐུགས་ཀར་ རི་བོང་ཅན་ལ་ས་བོན་གྱི་ཡི་གེའོ། །དེ་ལས་འོད་འཕྲོས་ཏེ། ཡེ་ཤེས་པ་རང་བཞིན་གྱི་གནས་ནས་སྤྱན་དྲངས་ལ་མཆོད་པ་བྱས་ལ། ཛཿཧཱུྃ་བཾ་ཧོཿ། ཞེས་བརྗོད་དེ། རང་ལ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། མཉེས་པར་བྱའོ། །དེ་ནས་ གནས་གསུམ་དུ་ཡི་གེ་གསུམ་བསམས་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བྱའོ། །ཡང་ས་བོན་ལས་འོད་འཕྲོས་ཏེ། སངས་རྒྱས་ལྔ་སྤྱན་དྲངས་ལ་མཆོད་པ་བྱས་ལ། མགོན་པོ་དེ་བཞིན་གཤེགས་ཀུན་གྱིས། །བདག་ལ་དབང་བསྐུར་མཛད་ དུ་གསོལ། །ཞེས་གསོལ་བ་གདབ་ཅིང་། དེས་དབང་བསྐུར་བར་བསམ་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པོ། དེ་ཉིད་རྣམ་པར་གསལ་བར་བསྒོམ་པར་བྱའོ། །ཡང་འབྱུང་བ་རླུང་ལས་གྲུབ་པའི་པདྨ་ཙ་ན་ཀའི་ཚད་ཙམ་སྟེང་གི་སྣའི་རྩེ་མོར་རེག་པའི་མཚན་མ་དང་། གཟུགས་ཀྱི་མཚན་མ་བྱུང་བའི་བར་དུ་བསྒོམ་པར་བྱའོ། །ཡང་ས་བོན་གྱི་ཡི་གེ་དེ་ལས་དེའི་སྐུ་རྣམས་སྤྲོ་ཞིང་བསྡུ་བར་བྱའོ། །དེ་ནས་སྤྲོ་བར་གྱུར་ན་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལ། ཨོཾ་ཨཱཿཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུཾ་ཧྲཱིསྭཱ་ཧཱ།ཞེས་བྱ་བ་གཡོན་སྐོར་དུ་བཀོད་དེ། མན་ ངག་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་ལྡང་བར་འདོད་ན་ཡེ་ཤེས་སེམས་དཔའ་ཕྱུང་ལ་མཆོད་པ་བྱས་ཏེ། གང་ཡང་བདག་བློ་གཏི་མུག་པས། །འདིར་ནི་བྱ་མིན་གང་བྱས་པ། །གང་ཡང་ལུས་ཅན་སྐྱབས་གྱུར་པ། །མགོན་པོ་ཁྱོད་ནི་བཟོད་པར་མཛོད། །ཅེས་ གསོལ་བ་གདབ་པར་བྱའོ། །རྟག་ཏུ་གཞན་གྱི་དོན་མཛད་པ། །འཇིག་རྟེན་དབང་ཕྱུག་གྲུབ་པ་ནི། །དགེ་བ་དེ་ཡིས་ཐོབ་གྱུར་ཅིག །འགྲོ་བས་ཀྱང་ནི་དེ་ཐོབ་ཤོག །ཅེས་བྱ་བས་སྨོན་ལམ་གདབ་པར་བྱའོ། །དེ་ནས། ཨོཾ་ཨཱཿཧཱུྃ་མུཿ། ཞེས་པས་གཤེགས་ སུ་གསོལ་ལོ། །འབྱུང་བ་ཐམས་ཅད་ལ་ཡང་བྱ། །མདུན་དུ་ཆོས་འབྱུང་པད་ཟླ་ཅན། །བསམས་ལ་ས་བོན་འོད་ཟེར་གྱིས། །འབྱུང་པོ་ཐམས་ཅད་བཀུག་ནས་ནི། །རང་འདོད་ལྷ་ཡི་རྣམ་པར་བྱ། །གཏོར་མ་སྦྱང་བའི་རིམ་པ་ནི། །ཡཾ་བྱུང་རླུང་ལས་རཾ་བྱུང་མེ། ། ཨ་ལས་བྱུང་བའི་པད་སྣོད་དུ། །མུ་བི་ར་ཤུ་མ་ལས་བྱུང་བ་ཡི། །རྡོ་རྗེ་ཆུ་སོགས་རྫས་རྣམས་བསང་། །སྦྱང་བ་ལ་སོགས་རྣམ་བྱས་ནས། །དེ་རུ་ཡི་གེ་ཧྲཱིཿབཀོད་དེ། །ཡེ་ཤེས་བདུད་རྩི་བཀུག་བྱས་ལ། །ཧཱུཾ་ལས་བྱུང་བའི་རྡོ་རྗེས་དཀྲུགས། །སྔགས་འདིས་བྱིན་གྱིས་ བརླབས་ཏེ་འབུལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨཱ་ཎཱཾ་ཨཱ་དྱ་ནུཏྤ་ནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ། ཅེས་ལན་བདུན་ནམ་གསུམ་བཟླས་ལ་དབུལ་བར་བྱའོ། །དེ་ནས་དེ་རྣམས་ཚིམ་པས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཐོབ་པར་བསམས་ལ། ཨོཾ་ཨཱཿཧཱུཾ་མུཿས་གཤེགས་ སུ་གསོལ་བར་བྱའོ། །ཟས་ལ་ཉེ་བར་སྤྱོད་དུས་སུ་སྔ་མའི་ཏིང་ངེ་འཛིན་དེ་ཉིད་ཀྱིས་ཁ་ཟས་སྔ་མ་བཞིན་སྦྱངས་ལ། སྙིང་གར་རང་གི་ལྷ་བསམས་ལ། །ནང་གི་སྦྱིན་སྲེག་བསམ་ལྡན་པས། །ཟས་ལ་ཉེ་བར་སྤྱད་པར་བྱ། །དེ་ནས་མཆོད་རྟེན་ལ་སོགས་ཀྱི། ། དགེ་བའི་ལས་ལ་འབད་པར་བྱ། །ཉལ་བའི་དུས་སུ་བདག་ཉིད་ཀྱི། །སྙིང་གའི་ས་བོན་དེ་ཉིད་དུ། །བརྟན་དང་གཡོ་བ་ཀུན་བསྡུས་ཏེ། །བདག་ཉིད་ཀྱང་ནི་དེར་བསྡུས་ལ། །སྟོང་ཉིད་ཏིང་འཛིན་ལ་གནས་བྱ། །ནང་པར་ལངས་ནས་སྔ་མ་བཞིན། །སྒྲུབ་པ་ལ་ནི་འཇུག་པར་བྱ། །ཁྲུས་ནི་རང་ལ་ དབང་བསྐུར་བསམ། །དཔལ་ལྡན་འདུས་པའི་རྗེས་འབྲངས་ཏེ། །འཇིག་རྟེན་དབང་པོ་སྒྲུབ་པའི་ཐབས། །མར་མེ་མཛད་དཔལ་ཡེ་ཤེས་ཀྱིས། །མན་ངག་མདོར་བསྡུས་འདིར་བཤད་ཡིན། །འཇིག་རྟེན་མགོན་པོ་སྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་ མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་སྟོ་ཏྲ། བོད་སྐད་དུ། དཔལ་གསང་བ་འདུས་པའི་བསྟོད་པ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཀུན་དུ་རྟོག་པ་མ་ལུས་སྤངས། །དྲི་མ་དང་བྲལ་བདག་ཉིད་ཅན། །ཀུན་བཟང་ཆོས་ དབྱིངས་ངོ་བོ་ཉིད། །མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བ་ལྟར་དཀར་བ། །འོད་ཟེར་བརྒྱ་ཕྲག་རྣམ་འགྱེད་པ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །རྣམ་སྣང་གཙོ་ལ་ཕྱག་འཚལ་ལོ། །ལྟ་ངན་རྟོག་པ་དང་བྲལ་ཞིང་། །སྐྱོན་མེད་མཁའ་ལྟར་རྣམ་པར་དག །མཉམ་ཉིད་ཡེ་ཤེས་ངོ་ བོ་ཉིད། །རིན་ཆེན་དབང་ལ་ཕྱག་འཚལ་ལོ། །དཔག་མེད་འོད་ཀྱི་མཁའ་ཀུན་ཁྱབ། །ཚད་མེད་ཡོན་ཏན་ཕྲེང་བ་ཡིས། །ཀུན་རྟོག་ཡེ་ཤེས་མཁྱེན་པ་ཡི། །འོད་དཔག་མེད་ལ་ཕྱག་འཚལ་ལོ། །འགྲོ་བའི་དོན་ནི་མཛད་པ་པོ། །ཇི་བཞིན་དུ་འབྱུང་འགྱུར་བ་ཡིས། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། ། དོན་ཡོད་གྲུབ་པ་དེ་ལ་འདུད། །ས་ལྟར་སེམས་ཅན་ཐམས་ཅད་ཀྱི། མཆོག་ཏུ་རྣམ་པར་འཛིན་སྤྱོད་པ། །ཐུགས་རྗེ་སྤྱོད་པ་གཡོ་བ་པོ། །ལྷ་མོ་སྤྱན་མར་ཕྱག་འཚལ་ལོ། །གང་གི་མཐུ་ཡིས་སེམས་ཅན་རྣམས། །ཉོན་མོངས་ཉིད་ནི་རབ་ཞི་བ། །ཆུ་ལྟར་ཕན་པ་དོན་ཆེན་གྱི། །མཱ་མ་ཀཱི་ལ་ཕྱག་འཚལ་ ལོ། །མེ་ལྟར་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཉིད་ནི་བསྲེག་པར་བརྩོན། །བྱ་བ་རྩེ་མོ་མཆོག་གྲུབ་པ། །ན་བཟའ་དཀར་མོར་ཕྱག་འཚལ་ལོ། །རླུང་ལྟར་ཀུན་ནས་ཉོན་མོངས་པའི། །རྩད་འབྱིན་འགྲོ་ལ་བདེ་བ་སྩོལ། །ཨུཏྤ་ལ་ཡི་སྤྱན་མངའ་བ། །སྒྲོལ་མ་ལ་ནི་ཕྱག་འཚལ་ ལོ། །གང་གི་གཟུགས་ནི་རྒྱ་ཆེ་ཞིང་། །རྣམ་པ་ཀུན་དུ་མི་འཕྲོ་བ། །བརྟགས་བྲལ་གཟུགས་ཀྱི་རྡོ་རྗེ་མ། །མཉམ་མེད་དེ་ལ་ཕྱག་འཚལ་ལོ། །གང་གི་མཐུ་ཡིས་སྒྲ་རྣམས་ཀྱི། །དེ་ཉིད་དམ་པ་གསུང་རྒྱས་ཤིང་། །རྣ་བའི་བདེ་བ་སྩོལ་མཛད་པ། །སྒྲ་རྡོ་རྗེ་ལ་ཕྱག་འཚལ་ ལོ། །གང་གི་ལོངས་སྤྱོད་ལྷུན་གྲུབ་པ། །སེམས་ཅན་མ་ལུས་ལ་སེམས་པའི། །བུང་བའི་སྒྲ་མཛད་རྡོ་རྗེ་དྲི། །མ་སྨད་དེ་ལ་ཕྱག་འཚལ་ལོ། །གང་གི་རང་རིག་བརྟན་དུ་མེད། །གཉིས་མེད་རོ་མྱང་སྟོབས་ཀྱིས་སུ། །སེམས་ཅན་བདེ་ལ་གནས་མཛད་པ། །རོ་རྡོ་རྗེ་ལ་ཕྱག་འཚལ་ ལོ། །ཇི་བཞིན་དུ་ནི་འབྱུང་འགྱུར་བའི། །རེ་བ་གང་ལ་སྲེད་མཐའ་རུ། །འགྲོ་གསུང་རྟག་ཏུ་དགའ་མཛད་པའི། །རེག་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ཕྱིར་ཀུན་ནས་ཉོན་མོངས་པ། །གཅོད་པའི་རྒྱུད་གྱུར་ཆོས་རྣམས་ཀྱིས། །ཀུན་ལ་རྟག་ཏུ་རྟོག་མཛད་པ། །བླ་མེད་ཆོས་ཀྱི་རྡོ་རྗེ་ འདུད། །གང་ཕྱིར་ཐེག་པ་ཆེན་པོ་ལ། །མི་རྣམས་དགའ་བ་སྐྱེད་མཛད་པ། །དད་པ་རྣམ་དག་ངོ་བོ་ཉིད། །གཤིན་རྗེ་གཤེད་པོར་ཕྱག་འཚལ་ལོ། །མཁས་པ་གང་གིས་སྟོབས་ཀྱིས་སུ། །བྱང་ཆུབ་ཚོགས་རྣམས་རྫོགས་མཛད་པ། །བརྩོན་འགྲུས་རྣམ་དག་ངོ་བོ་ཉིད། །ཤེས་ རབ་མཐར་བྱེད་ཕྱག་འཚལ་ལོ། །གང་གི་མཐུ་ཡིས་སེམས་ཅན་རྣམས། །དགེ་བ་བརྗེད་མེད་སྐྱེད་མཛད་པ། །དྲན་པ་རྣམ་དག་ངོ་བོ་ཉིད། །པདྨ་མཐར་བྱེད་ཕྱག་འཚལ་ལོ། །གང་གི་སྟོབས་ཀྱིས་སེམས་ཅན་རྣམས། །བགེགས་བྲལ་བདེ་ལ་གནས་མཛད་པ། །བསམ་གཏན་རྣམ་དག་ ངོ་བོ་ཉིད། །བགེགས་འཇོམས་མཛད་ལ་ཕྱག་འཚལ་ལོ། །དཔལ་གསང་བ་འདུས་པའི་བསྟོད་པ་སློབ་དཔོན་ཆེན་པོ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ།། །། ༄༅༅།།རྒྱ་གར་སྐད་དུ། ད་ཤ་ཏཏྟྭ། བོད་སྐད་དུ། དེ་ཁོ་ན་ཉིད་བཅུ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་ཡང་དག་ཇི་ལྟ་བར། །རབ་ཏུ་བརྟག་པར་སུ་ཡིས་ནུས། །རང་གི་ འཁོར་ལོ་གནས་བསྙེན་པ། །བྱས་ནས་དེ་འོག་དཀྱིལ་འཁོར་བྲི། །དཀྱིལ་འཁོར་ས་ནི་སྦྱང་བྱ་བ། །ཕྱི་རོལ་མཆོད་པའི་ཡོན་གྱིས་ཏེ། །དགོངས་ཀ་ནང་གིས་དག་པ། །བཏབ་ནས་ས་གཞི་ཡོངས་སུ་གཟུང་། །ལྷག་པར་གནས་པ་ཉིད་གཉིས་པ། །རབ་གནས་ཆོ་གས་བུམ་པ་དང་། མེ་ལོང་ཨ་རྒྷ་བླ་རེ་སོགས། །ལས་ནི་ཐམས་ཅད་པ་ཡི་སྣོད། །སྲོད་ལ་སློབ་མ་དམ་པ་དང་། །ས་དང་འཁོར་ལོ་གཙོ་སྐྱོབ་པ། །ཡེ་ཤེས་སྲད་བུ་སྦྱངས་ནས་ནི། །དེ་ནས་ཚོན་ཡང་དགྱེ་བྱ་སྟེ། །ཉིན་གསུམ་པ་ལ་མཚན་མ་ནི། །དགོད་པ་ལ་ སོགས་རྫོགས་པར་བལྟ། །དཀྱིལ་འཁོར་མཚན་མོ་བསྒྲུབ་བྱ་ཞིང་། །གསོལ་གདབ་ཕྱོགས་སྐྱོང་གཏོར་མ་སྦྱིན། །གདོང་གཡོགས་ལ་སོགས་ཆོ་ག་བཞིན། །སོ་སོར་རང་སྔགས་ལྡན་པ་ཡིས། །བླ་མ་བདག་པོ་བློ་ཡིས་ནི། །འཇུག་པར་སློབ་དཔོན་ཡང་ དག་བྱ། །ཆུ་དང་ཅོད་པན་རྡོ་རྗེ་བདག །མིང་དང་བུམ་པ་གསང་བ་དང་། །ཤེས་རབ་ཡེ་ཤེས་དབང་བསྐུར་བ། །ཡང་དག་བརྗོད་དེ་དེ་བཞིན་ཡང་། །བརྟུལ་ཞུགས་ལུང་བསྟན་དབུགས་དབྱུང་ལ། །རྗེས་གནང་མཐའ་ཡི་རིམ་པས་ཀྱང་། །དེ་ནས་ འདི་ལྟར་སློབ་མ་གཞུག །ཡོན་བླངས་ནས་ནི་དབང་བསྐུར་ཞིང་། །ཐོག་མ་དབུས་དང་མཐའ་མ་རུ། །སྦྱིན་སྲེག་བྱས་ནས་འཁོར་ལོ་གཤེགས། །གསང་བའི་ཚིག་ཅེས་བྱ་བ་ཡི། །བཅུ་པོ་འདི་དག་བླ་མས་ཀྱང་། །གཞན་དུ་མི་འགྱུར་སློབ་མ་ལ། ། མན་ངག་དག་ནི་བསྟན་པར་བྱ། །བསྲུང་དང་ཕྱིར་བཟློག་འཁོར་ལོ་དང་། །ཁ་སྦྱར་དབྱེ་དང་གཏོར་མ་དང་། །མ་དང་སྔགས་བཏུ་བཟླས་བརྗོད་དང་། །དྲག་པོ་དཀྱིལ་འཁོར་སྒྲུབ་པའོ། །སློབ་དཔོན་ལས་ནི་བྱས་པ་ཡིས། །བདག་གིས་དགེ་བ་གང་ ཐོབ་པས། །འཇིག་རྟེན་འགྲོ་དོན་གྱིས་བརྒྱན་ཞིང་། །དཔལ་ལྡན་གསང་འདུས་ལ་གནས་ཤོག །ཚིགས་སུ་བཅད་པ་བཅུ་པའོ། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །དེ་ལ་སོགས་པའི་ཡོན་ཏན་ལྡན། །སློབ་མའང་ཡོན་ཏན་དེ་ལྟ་བུ། །ཅུང་ཟད་དམན་ པས་གསོལ་བ་གདབ། །དེ་ནས་དཔལ་ལྡན་སྔགས་ཚུལ་བཤད། །ཐར་རྒྱལ་འབྲས་བུ་འདོད་པས་བྱ། །གཞན་དུ་བླ་མ་སློབ་མ་དང་། །ངེས་པར་ཉམས་པ་ཉིད་དུ་འགྱུར། །དེ་ལ་སློབ་དཔོན་ལ་སློབ་མས་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་ལན་ གཉིས་ལན་གསུམ་དུ་གསོལ་བ་བཏབ་ནས། དེའི་ཚེ་སེམས་ཅན་གྱི་ཁམས་འདི་དག་ཐམས་ཅད་བླ་ན་མེད་པའི་བདེ་བའི་གནས་ལ་བདག་གིས་དགོད་པར་བྱའོ་ཞེས་ལྷག་པའི་བསམ་པ་བསྐྱེད་ལ། །སློབ་མ་ལ་ཁྱོད་ཀྱིས་ཡོ་བྱད་ཐམས་ཅད་ཚོགས་ པར་བྱས་སམ་འོན་ཏེ་མ་བྱས་ཞེས་དྲི་བར་བྱའོ། །གལ་ཏེ་ཅུང་ཟད་ནི་ཚོགས་སོ། །ཅུང་ཟད་ནི་མ་ཚོགས་སོ་ཞེས་ཟེར་ན། དེའི་ཚེ་དེའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་གི་འོད་ཟེར་རྣམས་ཀྱིས་སྙིང་གར་གནས་པའི་ཀཾ་ལས་བྱུང་བའི་སྡིག་པ་ ཁ་དོག་གནག་པ་མི་སྡུག་པ་ཤ་ཟ་ལྟ་བུ་སྣའི་རྩེ་མོར་བྱུང་བ་དང་། ཧཱུཾ་དེ་ཡང་སྙིང་གར་ཕྱིན་ཏེ་བདུད་རྩི་ཐབ་སྦྱོར་གྱི་གཟུགས་སུ་གྱུར་ནས་བྱུང་སྟེ། ཨོཾ་ཨཱ་ན་མཿས་མནྟ་ཀཱ་ཡ་བཱཀ་ཙིཏྟ་བཛྲ་ཎཱཾ་ན་མོ་བཛྲ་ཀྲོ་དྷ་ཡ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཟ་རུ་ བཅུག་ནས་སློབ་མ་དེ་ཡང་སཾ་ལས་ཀུན་དུ་བཟང་པོའི་གཟུགས་སུ་བསྐྱེད་དེ་བདུད་རྩི་ཐབ་སྦྱོར་གྱི་ཕུར་བུས་དེའི་སེམས་ཀྱི་བགེགས་ལ་བཏབ་ནས་བགེགས་ཞི་བར་བྱ་བའི་ཕྱིར་བདུད་རྩི་ཐབ་སྦྱོར་གྱི་སྔགས་འདི་བཟླས་པར་སྦྱིན་པར་བྱའོ། །བདག་ཀྱང་སྔོན་དུ་བསྙེན་ པ་བྱ་བའི་ཕྱིར་ཏིང་ངེ་འཛིན་གསུམ་བསྐྱེད་དེ་ཐུན་བཞིར་བཟླས་པས་འཁོར་ལོ་ཅན་སྔགས་འབུམ་བཟླས་ཞེས་བྱ་བ་ལ་སོགས་པའི་གྲངས་བཟུང་བ་ལ་བཟླས་བརྗོད་བྱའོ། །ཡང་ན་ཕྲ་མོའི་རྣལ་འབྱོར་དང་། ཐིག་ལེའི་རྣལ་འབྱོར་ལ་གནས་པས་སེམས་ཀྱི་ སྦྱོང་པ་རྩེ་གཅིག་པས་བྱའོ། །སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པའི་ཕྱིར་ས་ཡོངས་སུ་བརྟག་པར་བྱ་སྟེ། གཙུག་ལག་ཁང་ངམ་མཆོད་རྟེན་དང་འདུ་ཁང་ལ་སོགས་པ་གནས་ཤེས་པ་རྣམས་སུ་མཆོད་ཡོན་དབུལ་ བ་ལ་སོགས་པའི་ཆོ་ག་ཇི་ལྟ་བས་བརྐོ་ཞིང་སླར་དགང་བ་ལ་སོགས་པའི་བཤད་པ་རྣམས་དེ་བཞིན་དུ་བྱ་སྟེ། དཀྱིལ་འཁོར་གྱི་ཁང་པ་བརྩིག་པར་བྱའོ། །ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མ་ནུས་ན། །ལག་པས་མནན་ཞིང་ཡི་གེ་གསུམ། ། སྔགས་བཟླས་སླར་ནི་བརྐོ་བར་བྱའོ། །ཁང་ཐོག་དང་ནི་རྡོ་ལེབ་དང་། །བ་ལང་ལྷས་དང་གཙུག་ལག་ཁང་། །མཆོད་རྟེན་དྲུང་དང་འབབ་ཆུའི་འགྲམ། །ས་གཞི་སྔར་ནི་ཡོངས་སྦྱངས་པས། །ཁུང་བུ་བཀང་བ་ལ་སོགས་པས། །སླར་ནི་སྦྱང་སོགས་བྱ་མི་ དགོས། །ཕྱིའི་ས་སྦྱང་བའི་ཆོ་གའོ། །མཚན་མོ་དེར་བདུད་རྩི་ཐབ་སྦྱོར་གྱི་འཁོར་ལོའི་སྦྱོར་བས་གནས་ཏེ་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པ་ནི་ནང་གི་ས་གཞི་ཡོངས་སུ་སྦྱོང་བའི་ཆོ་གའོ། །དེ་ནས་ཐིག་འདེབས་པའི་སྲད་བུས་ཐིག་བཏབ་ ལ། ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་ཁང་པའི་དབུས་སུ་འདུག་སྟེ། རྣལ་འབྱོར་པ་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་བསྒོམས་ལ་སྒོ་སྲུང་གི་རང་གི་སློབ་མ་བཞི་སློབ་དཔོན་དུ་བསྐོས་པས། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་ པ་ལ་སོགས་པ་ནས་ཁ་ལོས་སྒྱུར་བ་ལ་ཐུག་པའི་ཚིགས་སུ་བཅད་པ་རེ་རེ་འདོན་དུ་གཞུག་པར་བྱའོ། །དེ་ནས་སློབ་དཔོན་གྱིས་སྤྲུལ་པའི་འཁོར་ལོ་ཡིད་ཀྱིས་ནམ་མཁའ་ལ་བཏེག་ལ། རང་གི་ལྷ་ཁྲོ་བོའི་སྦྱོར་བ་བསྒྱིངས་པ་དང་བཅས་པའི་རྡོ་རྗེ་འགྲོས་ཀྱིས་གར་བྱེད་ཅིང་ ལྷ་ལ་སོགས་པ་ཞེས་པ་ནས་གདོན་མི་ཟ་བ་ལ་ཐུག་པ་བརྗོད་པར་བྱ་སྟེ། བགེགས་མེད་པར་བྱ་བའི་ཕྱིར་ཕུར་བུས་བཏབ་ལ་རྡོ་རྗེ་ར་བའི་ཕྱི་རོལ་དུ་དབང་ཆེན་དང་མེའི་དཀྱིལ་འཁོར་དག་གིས་ཕྱོགས་དང་མཚམས་བཅིང་བ་བྱས་ནས་མཉམ་པར་བཞག་པས་དེ་ཉིད་དུ་ཉལ་ བར་བྱའོ། །དང་པོ་ཡོངས་སུ་གཟུང་བའི་ཆོ་གའོ།། །།ཉི་མ་གཉིས་པ་ལ་བུམ་པ་བཅུ་དགུ་ལ་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བ་དང་ཉི་མ་ལ་རང་གི་འཁོར་ལོ་ཇི་ལྟ་བ་བཞིན་དུ་ལྷ་བཅུ་དགུའི་མཚན་མ་རྣམས་བྲིས་པའི་དཀྱིལ་འཁོར་དང་རྗེས་སུ་མཐུན་པར་ བྲི་བར་བྱའོ། །དེ་ཡང་སྤྱན་གྱི་ནི་མིག་གོ། །མཱ་མ་ཀཱིའི་ནི་རྡོ་རྗེ་སྔོན་པོའོ། །བུམ་པ་བཅུ་བྱེད་ན་རྣམ་པར་རྒྱལ་བའི་བུམ་པའི་ཁའི་སྟེང་དུ་གཙོ་བོའི་མཚན་མ་དང་ངོས་བཞིར་དེ་བཞིན་གཤེགས་པ་བཞིའི་མཚན་མ་དང་གཟུགས་རྡོ་རྗེ་ལ་སོགས་གཞན་གཅིག་ལའོ། ། ལྷག་མ་བརྒྱད་ལ་སྤྱན་ལ་སོགས་པ་དང་གཤིན་རྗེ་གཤེད་ལ་སོགས་པའི་མཚན་མ་དགོད་པའོ། །བུམ་པ་ལྔ་བྱེད་ན་སྤྱན་ལ་སོགས་པ་ལྷ་མོ་བཞིའི་མཚན་མ་རྣམས་བུམ་པ་གཅིག་ལ་བྲི། །གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་ཀྱི་ མཚན་མ་གཅིག་ལ་བྲི། བདུད་རྩི་ཐབ་སྦྱོར་གྱི་མཚན་མ་ལས་ཐམས་ཅད་པའི་བུམ་པ་ལ་བྲི། བུམ་པ་ལྷག་མ་གཉིས་ལ་ནི་སྔ་མ་བཞིན་དུའོ། །དེ་བཞིན་གཤེགས་པ་བདུན་གྱི་མཚན་མ་རྡོ་རྗེ་བྲི་སྟེ། རིགས་མི་ཤེས་པ་རྣམས་ཀྱི་ཡང་དེ་བཞིན་ནོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷ་མོ་གཉིས་སུ་མེད་པ་ལས་གླེགས་བམ་གྱིས་ཕྱེས་ནས་ཐུགས་ཀྱི་ནང་དུ་འདུས་པ་ཡིན་ནོ། །མཆོད་རྟེན་ནི་འཁོར་ལོ་སྟེ། དེ་བཞིན་གཤེགས་པའི་རིགས་ཡིན་པའི་ཕྱིར་རོ། །གླེགས་ བམ་གཞན་དག་ནི་པདྨའི་མཚན་མ་སྟེ། གསུང་རྡོ་རྗེའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་ཀུན་ནས་འཁོར་བར་བཞག་ལ་དེ་རྣམས་སུ་མཆོད་ཡོན་གྱི་སྣོད་ལས་སྤོས་ཆུ་ཅུང་ཟད་བཅུག་ནས་རང་རང་གི་འཁོར་ལོ་བསམས་ལ་མཆོད་པ་ལྔས་མཆོད་དེ། རང་རང་གི་ས་ བོན་ཡི་གེ་གསུམ་གྱི་ནང་དུ་བཅུག་སྟེ། འཁོར་ལོའི་དབང་པོ་རྣམ་པར་རྒྱལ་བ་ལ་བཟླས་པར་བྱའོ། །ལས་ཐམས་ཅད་པ་ལ་རིག་པའི་བདག་པོ་དང་། རིགས་ཀྱི་སྙིང་པོ་དང་། རིགས་ཀྱི་རིག་མ་རྣམས་ཀྱིས་བཟླས་པར་བྱའོ། །དཔལ་ཧེ་རུ་ཀའི་རིགས་ཀྱི་བདག་པོ་ནི་མི་ བསྐྱོད་བའོ། །རིགས་ཀྱི་སྙིང་པོ་ནི་ཧཱུཾ་ཡིག་གོ། །རིགས་ཀྱི་རིག་མ་ནི་མཱ་མ་ཀཱིའོ། །བཛྲ་དྷྲྀཀ་ཅེས་བྱ་བའི་སྔགས་ཡི་གེ་གསུམ་གྱི་ནང་དུ་བཅུག་པ་དང་། ཧཱུཾ་ཞེས་བྱ་བའི་སྔགས་ཡི་གེ་གསུམ་གྱི་ནང་དུ་བཅུག་པ་དང་། མཱ་མ་ཀཱིའི་སྔགས་ ཡི་གེ་གསུམ་གྱི་ནང་དུ་བཅུག་པ་ནི་རིགས་ཀྱི་བདག་པོ་དང་། རིགས་ཀྱི་སྙིང་པོ་དང་རིགས་ཀྱི་རིག་མ་རྣམས་ཀྱི་ལས་ཐམས་ཅད་པའི་བུམ་པ་ལ་བཟླས་པར་བྱའོ། །བཟླས་བརྗོད་བྱས་ནས་སྣོད་གཅིག་ཏུ་ཡང་མཆོད་ཡོན་སྩོལ་བ་བླ་ན་ཡོད་པ་དང་བཅས་པའི་ཕྱི་ རོལ་མཆོད་པ་དང་། རབ་གནས་ཀྱི་ཆོ་གར་བཤད་པའི་རིམ་པས་བུམ་པ་ལེག་པར་གནས་པ་དང་མེ་ལོང་ལ་སོགས་པའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པོ། །ཉེ་བར་མཁོ་བ་ལྷག་པར་གནས་པའི་ཆོ་གའོ། །དགོངས་ཀའི་དུས་སུ་ཡང་དཀྱིལ་འཁོར་གྱི་ཁང་ པའི་སྔ་ཁང་ངམ་ཁྱམས་སུ་སློབ་དཔོན་འདུག་སྟེ། མདུན་དུ་འདུག་པའི་སློབ་མ་ཕྲེང་བ་ཐོགས་པ་དགེ་བསྙེན་མ་ཡིན་པ་ལ་དགེ་བསྙེན་གྱི་སྡོམ་པ་བྱིན་ནས་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ནི་ཞེས་བྱ་བ་ནས་འབྲས་བུ་རྒྱས་ཞེས་བྱ་བའི་བར་དུ་བཤད་པར་ བྱའོ། །དེ་ནས་དེ་རང་གི་ལུས་སུ་བཅུག་སྟེ་རང་གི་རྡོ་རྗེའི་ལམ་ནས་ཕྱུང་ནས་རང་གི་ཤེས་རབ་ཀྱི་ཆུ་སྐྱེས་ཀྱི་ནང་དུ་དེ་བཅུག་ལ་འགྲོ་བའི་ལུས་བཞིན་དུ་དབང་བཀུར་ཏེ། སའི་སྙིང་པོ་ལ་སོགས་པ་བཞིན་དུ་ཕྱུང་ནས་དགའ་ཆེན་ཞེས་བྱ་བ་ནས་འཇུག་པར་འཚལ་ ཞེས་བྱ་བའི་བར་དུ་ལན་གསུམ་འདོན་དུ་གཞུག་གོ། །སློབ་དཔོན་གྱིས་ཀྱང་ཁྱོད་ནི་ཚུལ་ཆེན་ཞེས་བྱ་བ་ནས། བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བྱ་བ་ལ་སོགས་པའི་བར་གྱིས་ཚིག་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར། ལན་གསུམ་བརྗོད་པས་གཟེངས་བསྟོད་ལ། གང་ཞིག་ཐོག་མེད་ཅེས་བྱ་བ་ནས་ད་ནི་གནས་པར་བགྱི་ཞེས་བྱ་བ་ལ་སོགས་པའི་བར་དུ་བརྗོད་པར་བྱའོ། །དེ་ནས་བསྙེན་པ་ལ་སོགས་པའི་ཡན་ལག་དང་ལྡན་པས་ལྷར་བསྐྱེད་པ་ཕྱི་རོལ་གྱི་དྲི་ལ་སོགས་པས་ཀྱང་མཆོད་ནས་ཐལ་མོ་དེ་རྣམས་ལ་སོ་ཤིང་སྦྱིན་ པར་བྱའོ། །དེས་ཀྱང་མཆོད་ནས་མདུན་དུ་བའི་ལྕི་བས་བྱུགས་པའི་གྲུ་བཞི་པའི་ས་ལ་ལྟོས་པ་མེད་པར་དོར་བར་བྱའོ། །དེ་ནས་ཧཱུཾ་ལས་བསྐྱེད་པའི་ཆུ་དེ་ཉིད་བཟླས་ལ་འཐོར་འཐུང་བྱ་བའི་ཕྱིར་སྦྱིན་པར་བྱའོ། །ཨོཾ་ཧྲཱིཿཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བཏབ་ པའི་སྐྱོར་ཆུ་ལན་གསུམ་འཐུང་དུ་བཅུག་ལ་བོས་ནས་མདུན་དུ་བཞག་སྟེ། སྲད་བུ་སུམ་བསྒྲིལ་མདུད་པ་གསུམ་དང་ལྡན་པ་དཔུང་པ་གཡས་པར་བཅིངས་ལ། ཧཱུཾ་ལས་བསྐྱེད་པའི་ཀུ་ཤ་སར་པ་མ་ཉམས་པ་གཅིག་ནི་སྔས་བྱ་བའི་ཕྱིར་སྦྱིན། གཉིས་པ་ཡང་ཧཱུཾ་ལས་ བསྐྱེད་དེ་འོག་ཏུ་སྟན་དུ་གདིང་བའི་ཕྱིར་བྱིན་ལ་བདུད་རྩི་ཐབ་སྦྱོར་གྱིས་ཡང་དག་པར་བསྲུངས་ཏེ་ཆོས་བསྟན་པས་གཟེངས་བསྟོད་པའི་ཕྱིར་འཇིག་རྟེན་དུ་ནི་ཞེས་བྱ་བ་ལ་སོགས་པ་ནས། དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་བྱ་བའི་བར་གྱི་ཚིགས་སུ་ བཅད་པ་བརྗོད་ལ་ནང་པར་ང་ལ་རྨི་ལམ་སྨྲོས་ཤིག་ཅེས་བསྒོ་སྟེ། ཁང་པ་གཞན་དུ་སེང་གེའི་ཉལ་ཐབས་ཀྱིས་ཉལ་དུ་གཞུག་གོ། །སློབ་དཔོན་དོན་དུ་གཉེར་བའི་སློབ་མ་ལ་ནི། ཐུབ་པ་ཉི་མ་མ་ལུས་པ། །ཞེས་བྱ་བ་ནས། མཆོད་པའི་ལས་ཀྱང་ཅི་ནུས་བྱ། །ཞེས་བྱ་ བའི་བར་དུ་འཁོར་ལོ་ཕྱིར་མི་ལྡོག་པའི་དབང་བསྐུར་བའི་སྡོམ་པ་བྱིན་ལ། ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །ཞེས་བརྗོད་ལ་དེ་ལ་ཁྱད་པར་གྱི་སྡོམ་པ་བསྒྲགས་ཤིང་དེ་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་གོ། །སློབ་མ་ལྷག་པར་གནས་པའི་ཆོ་ གའོ། །དེ་ནས་བླ་མ་དེ་ལས་གཞན་པའི་སློབ་དཔོན་བཞི་དང་བཅས་པར་དཀྱིལ་འཁོར་གྱི་ཁང་པར་ཞུགས་ལ་ཕྱོགས་སུ་ཕུར་བུས་ཡང་དག་པར་གདབ་སྟེ། རྡོ་རྗེ་ར་བའི་ཕྱི་རོལ་དུ་དབང་ཆེན་དང་མེའི་དཀྱིལ་འཁོར་གཉིས་ཀྱིས་ཕྱོགས་མཚམས་བཅིང་བ་བྱས་ལ་འདི་ ལས་བཤད་པའི་སའི་ལྷ་མོ་རྣམས་མཆོད་ལ། སྐྱོབ་པ་སངས་རྒྱས་ཞེས་བྱ་བ་ནས་དཀྱིལ་འཁོར་བྲི་ཞེས་བྱ་བའི་བར་གྱིས་གསོལ་བ་གདབ་པའོ། །སའི་ལྷ་མོ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ནམ་མཁའ་ན་གནས་པའི་དཀྱིལ་འཁོར་ཡིད་ཀྱིས་ བཀུག་ལ་བདུད་རྩི་ལྔའི་དཀྱིལ་འཁོར་བཅུ་དགུ་ལ་རང་རང་ཇི་ལྟ་བ་བཞིན་དུ་བཅུག་སྟེ། ཡང་དག་པར་མཆོད་ནས་ནི་མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བསྟོད་ཅིང་བདུད་རྩི་ལྔ་བསྟབས་ཏེ། པུས་མོ་གཡས་པའི་ ལྷ་ང་ས་ལ་བཙུགས་ནས་སྤོས་ཁང་ཐོགས་ལ་བཅོམ་ལྡན་ཞེས་བྱ་བ་ནས་མཛད་དུ་གསོལ་ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་ལན་གསུམ་བརྗོད་པ་འདིས་ནི་འཁོར་ལོའི་གཙོ་བོ་དང་སངས་རྒྱས་ཐམས་ཅད་ལྷག་པར་གནས་པར་བྱའོ། །དཀྱིལ་འཁོར་གྱི་ལྷ་ ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ཇི་སྐད་དུ་བཤད་པའི་སྣོད་ལྔ་ལ་གཞག་པའི་ཁ་དོག་སྣ་ལྔ་པའི་སྲད་བུ་ལ། རྟག་པ་ལ་སོགས་པའི་འཁོར་ལོའི་གཙོ་བོ་རྣམས་བཀོད་དེ། རང་གི་ཕྱོགས་ན་བཞུགས་པའི་རྟག་པ་ལ་སོགས་པའི་སྙིང་པོར་གྱུར་པ་དེ་ཁ་དོག་རྣམས་ དང་ལྡན་པའི་འོད་ཟེར་སྲད་བུར་བསམས་ཏེ། ཨོཾ་ཨཱཿཔཉྩ་ཤཱ་ཤྭ་ཏ་སུ་ཏྲཾ་སཱ་ཙཀྲ་སུ་ཏྲ་ནཱ་ཡ་ཧཱུཾ། ཞེས་བརྗོད་པས་འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གནས་སུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་སོགས་པ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལྟར་ གསོལ་བ་གདབ་པས། མཉེས་པ་དེ་རྣམས་གཞུག་པའི་སྲད་བུ་ལ་རྫི་མ་མྱུར་བར་འདེགས་ཤིང་མིག་འགུལ་བའི་འབར་བའི་ལྟ་བས་བཀུག་སྟེ། ལྔ་པོ་འདི་ལྟར་གཅིག་ཏུ་བྱས་ནས་བསྒྲིལ་བར་བྱའོ། །ཨོཾ་ཨཱཿཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦྦ་དྷརྨཱ་ཧཱུཾ། ཨོཾ་ཨ་སྥ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨྨ་ཧཱུཾ། ཨོཾ་ཨཱཿཨཱ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཧཱུཾ། ཞེས་བརྗོད་དེ། དེ་ནས་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བས་རྡོ་རྗེ་དྲིལ་བུ་ཐོགས་པའི་སློབ་མ་སྲད་བུ་མཐའ་ནས་འཛིན་པ་དང་བཅས་པས་སློབ་དཔོན་རྡོ་རྗེ་ཐོགས་ལ་ཡེ་ཤེས་ཀྱི་སྲད་ བུ་གཡོན་པའི་ཁུ་ཚུར་གྱིས་བཟུང་སྟེ། ཛཿཞེས་ལན་གསུམ་བརྗོད་ལ་སློབ་མ་ལ་བཏང་ནས། ཛཿཛཿཛཿཞེས་བརྗོད་ཅིང་སློབ་མ་ཡང་འགྲོ་བར་བྱའོ། །སློབ་དཔོན་ནུབ་ཕྱོགས་ཀྱི་སྒོར་ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ་ཚངས་པའི་ཐིག་གདབ་པར་བྱའོ། ། དེ་ནས་ཡང་གཡས་ཕྱོགས་སུ་བསྐོར་ནས་ལྷོ་ཕྱོགས་ཀྱི་སྒོར་སོང་སྟེ་བྱང་དུ་བལྟས་ཏེ་འདུག་ལ། ཚངས་པའི་ཐིག་གཉིས་གདབ་པར་བྱའོ། །དེ་བཞིན་དུ་དེ་ཉིད་དུ་ཤར་ལྷོ་མཚམས་སུ་སོང་སྟེ། བྱང་ཕྱོགས་སུ་ཁ་བལྟས་ཏེ་འདུག་ལ་ཤར་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། ། དེ་ནས་དེ་བཞིན་དུ་བྱང་ཕྱོགས་སུ་སོང་སྟེ་ལྷོ་ཕྱོགས་སུ་བལྟས་ནས་འདུག་ལ་ནུབ་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ་བཞིན་དུ་དེ་ཉིད་ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ། བྱང་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་དེ་བཞིན་དུ་ཤར་ལྷོ་མཚམས་སུ་སོང་སྟེ། ནུབ་ཕྱོགས་སུ་བལྟས་ནས་འདུག་ལ་ལྷོ་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་དེ་ཉིད་དུ་འདུག་སྟེ་ནུབ་བྱང་ཕྱོགས་སུ་བལྟས་ལ་མཚམས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་དེ་བཞིན་དུ་སོང་སྟེ་ལྷོ་ནུབ་མཚམས་སུ་འདུག་ལ་བྱང་ཤར་མཚམས་སུ་བལྟས་ལ་མཚམས་ཀྱི་ ཐིག་གདབ་པར་བྱའོ། །སློབ་མ་ཡང་བསྐོར་ཕྱོགས་སུ་སོང་སྟེ། དེ་ཡང་དེར་སློབ་དཔོན་ལ་མངོན་དུ་ཕྱོགས་ནས་གདབ་པར་བྱའོ། །འདི་ནི་ཡེ་ཤེས་ཀྱི་སྲད་བུ་མངོན་པར་འདུ་བྱ་བ་དང་གདབ་པའོ། །དེ་བཞིན་དུ་ཚོན་རྩི་ལྔ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་ མཛད་ལ་སོགས་པ་ཡེ་ཤེས་ཀྱི་ཚོན་གང་ཡིན་པ་དེ་བཞིན་དུ་བཀུག་སྟེ། གཟི་བྱིན་བསྐྱེད་ལ་སློབ་དཔོན་ནང་དུ་གནས་ནས་ཤར་དུ་བལྟས་ཏེ། བྱང་ཤར་མཚམས་ནས་བརྩམས་ཏེ། གཡས་སུ་བསྐོར་ཞིང་སོ་སོར་ཚོན་རྩི་དགྱེ་བར་བྱའོ། །དེའི་འོག་ཏུ་གཞན་དག་ ནི་སློབ་མ་སློབ་དཔོན་བཞི་དང་བཅས་ཏེ་དགྱེ་བར་བྱའོ། །ཉི་མ་གསུམ་པ་ལ་ཚོན་རྩི་དགྱེ་བ་དང་མཚན་མ་དགོད་པ་ལ་སོགས་པ་ལེགས་པར་རྫོགས་པ་དང་། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་ཞུགས་ལ་བསྐོར་བ་བྱ་སྟེ། བལྟས་ལ་མ་ཚང་བ་དང་ལྷག་མའི་ཉེས་པ་བསྐང་ བའི་ཕྱིར་ཞི་བའམ་རྒྱས་པའི་སྦྱིན་སྲེག་བྱའོ། །བུམ་པ་རྣམས་ཀྱང་འཁོར་ལོའི་ཕྱི་རོལ་གྱི་མཚམས་སུ་བཞག་ལ་རྣམ་པར་རྒྱལ་བའི་བུམ་པ་ཤར་ཕྱོགས་ཀྱི་སྒོ་དང་ཉེ་བའི་གནས་ཀྱི་ཆ་སྒོའི་ཕྱི་རོལ་དུ་གཞག་གོ་ཞེས་ཟེར་རོ། །ལ་ལ་ནི་ལྷོ་ཕྱོགས་ཀྱི་སྒོའི་ཕྱི་ རོལ་དུ་གཞག་གོ་ཞེས་ཟེར་རོ། །གཞན་དག་ནི་ཁྲིའི་སྟེང་དུ་རྣམ་པར་རྒྱལ་བའི་བུམ་པ་བདག་པོའི་གཡས་དང་བདུད་རྩི་ལྔའི་སྣོད་དབུས་སུ་གཞག་གོ་ཞེས་ཟེར་རོ། །འཇུག་པར་འདོད་པས་ཀུ་ཤའི་ཆུན་པོ་དང་བཅས་པའི་བདུད་རྩི་ཐབ་སྦྱོར་གྱི་བུམ་ པ་དཀྱིལ་འཁོར་གྱི་ཁང་པའི་ཤར་གྱི་ཕྱོགས་སུ་གཞག་ཅིང་སློབ་དཔོན་གྱི་སྟན་ཡང་བཏིང་ལ་དགོངས་ཀའི་དུས་སུ་དཀྱིལ་འཁོར་བསྒྲུབས་ལ། བླ་ན་ཡོད་པ་དང་བཅས་པའི་མཆོད་པས་མཆོད་ལ། མགོན་པོ་དངོས་གྲུབ་ཐམས་ཅད་ཀྱིས་ཕྱི་རོལ་འགྲོ་བ་ སེམས་ཅན་ཐམས་ཅད་ཀྱི་དོན་མཛོད་ཅིག་ཅེས་གསོལ་བ་གདབ་པར་བྱའོ། །དེ་ནས་ཕྱིར་བྱུང་ལ་འདི་ལས་བཤད་པའི་གཏོར་མ་ཆོ་ག་བཞིན་དུ་བྱིན་གྱིས་བརླབས་ཏེ། དེའི་འོག་ཏུ་སློབ་མ་འཇུག་པའི་ཆོ་ག་བཞིན་དུ་སློབ་དཔོན་ཞུགས་ལ་སོ་སོར་ཕྱག་བྱ་སྟེ། དབང་བསྐུར་བ་ལ་སོགས་པ་ཡིད་ཀྱིས་བླངས་ནས་རང་གི་བདག་པོའི་བདག་ཉིད་ཀྱི་སློབ་དཔོན་དུ་གྱུར་པ་ལས་ཐམས་ཅད་བྱེད་པར་མོས་པར་བྱའོ། །འཁོར་ལོའི་དེ་ཁོ་ན་ཉིད་ཀྱང་ཆོས་ཉིད་ཀྱི་གཟུགས་བརྙན་བཞིན་དུ་ཤེས་པར་བྱས་ལ། ནམ་མཁའ་ལས་བྱུང་ཞེས་ བྱ་བ་ནས་དྲི་མ་མེད་མཐོང་ཤོག་ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ནས་སློབ་མ་སྐལ་བ་ཆེན་པོའི་ཆ་ལུགས་དང་ལྡན་པ་ལ་ཕྱི་རོལ་དུ་གདོང་གཡོགས་དམར་པོས་གདོང་བཀབ་སྟེ། ཐལ་མོས་མེ་ཏོག་དཀར་པོ་གཅིག་ཐོགས་ལ་སྐྱེས་བུའི་རིག་པས་ ཁྲིད་ལ་ཡོལ་བ་གཉིས་ཀྱི་བར་དུ་ཐེམ་པ་ལ་བཞག་སྟེ། བླ་མས་ཧཱུཾ་གིས་ཡོལ་བའི་ཕྱོགས་གཅིག་བཏེག་ནས་ཀུ་ཤའི་ཆུན་པོས་བསང་གཏོར་བྱས་ལ་སྡུག་པ་ཁྱོད་སུ་ཡིན་ཞེས་དྲི་བར་བྱའོ། །དེས་ཀྱང་བདག་ནི་སྐལ་བ་བཟང་པོ་ཞེས་སྨྲ་བ་དང་ཡང་དག་པར་མཆོད་ ལ་དཀྱིལ་འཁོར་གྱི་ཁང་པར་བཅུག་སྟེ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡ་མི་ཞེས་བྱ་བ་དང་། བྱང་ཆུབ་ཀྱི་སེམས་དམ་པ་བསྐྱེད་ལ་དེའི་སྙིང་གར་ས་བོན་ལས་རྡོ་རྗེ་བསྐྱེད་ལ། ཨོཾ་སུ་ར་ཏ་ས་མ་ཡ་སྟྭཾ། ཞེས་བྱ་བ་ནས་མ་དད་པར་མི་བྱའོ་ཞེས་བྱ་བའི་བར་དུ་བརྗོད་ཅིང་། ཛཿཧཱུཾ་ཞེས་བྱ་བ་གཉིས་ཀྱིས་ཡིད་ཀྱིས་བཀུག་ལ་དེར་གཞུག་སྟེ། དཀྱིལ་འཁོར་གྱི་ཆོ་གར་བཤད་པའི་ཡི་གེ་ལྔ་པོ་ཨ་ཁཾ་བཱི་ར་ཧཱུཾ་ཞེས་བརྗོད་དེ། འཇུག་པའི་སྒོའི་སྟན་གྱི་སྟེང་དུ་བཞག་ལ་རྣམ་པར་སྣང་མཛད་དང་གཤིན་རྗེ་གཤེད་ཀྱི་བར་དུ་བཞག་ནས་དེང་ཁྱོད་ཅེས་ བྱ་བ་ནས་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བྱ་བའི་བར་དུ་བརྗོད་ལ་དེའི་སྙིང་གར་རྡོ་རྗེ་བཞག་ནས། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེ་ནས་བདུད་རྩི་ལྔ་དུང་ཆོས་ལས་མཐེ་བོ་སྲིན་ ལག་དེའི་ཁར་མངོན་དུ་བྱིན་ལ། འདི་ནི་ཞེས་བྱ་བ་ནས་ཋ་ཞེས་བྱ་བའི་བར་དུ་བརྗོད་དེ། འཐུང་དུ་བཅུག་ལ་སློབ་མའི་དམ་བཅའ་བ་བརྟན་པར་བྱ་བའི་ཕྱིར་དེང་ཕྱིན་ཆད་ཅེས་བྱ་བ་ནས་གྱུར་ཏ་རེ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་སྨྲར་བཅུག་ལ་སློབ་མ་རླུང་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་ལ་བཞག་སྟེ། ཧ་ཨ་ཧཱུཾ་ཞེས་བྱ་བའི་སྐུ་གསུང་ཐུགས་ཀྱི་སྙིང་པོ་བཀོད་པ་དང་། རྐང་པ་གཉིས་ཀྱི་འོག་ཏུ་ཛྷཻཾ་ ཞེས་བྱ་བ་རླུང་དང་མེའི་དཀྱིལ་འཁོར་བསམས་ལ། ཨཱ་བེ་ཤ་ཡ་ནས་ཛྷཻཾ་ཞེས་བྱ་བའི་བར་དུ་དྲིལ་བུ་དཀྲོལ་ཞིང་ལན་གསུམ་བརྗོད་པར་བྱའོ། །སྒོ་སྲུང་གི་སློབ་མ་བཞིས་ཀྱང་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་དེའི་ལྕེ་ལ་ཨ་དམར་པོ་དང་འོད་དཔག་ཏུ་མེད་པར་ བསམས་ཏེ་བབས་པར་གྱུར་པ་དང་། བྲུ་ཧི་བཛྲ་ཤུ་བྷ་ཨ་ཤུ་བྷ་དྲི་བ་དང་བབས་པ་བརྟན་པར་བྱ་བའི་ཕྱིར། ཏིཥྛ་བཛྲ་ཞེས་བརྗོད་པས་ཉེ་བར་བསྡུ་བ་ནི་དབབ་པའི་ཆོ་གའོ། །དེ་ནས་པྲ་ཏཱིཙྪ་བཛྲ་ཧོཿ། ཞེས་འདོན་དུ་བཅུག་ལ་དེའི་ལག་པ་ན་གནས་པའི་མེ་ཏོག་དཀྱིལ་ འཁོར་དུ་འདོར་བཅུག་ནས་མེ་ཏོག་དེ་གང་གི་རིགས་སུ་བབས་པར་ཤེས་པར་བྱ་སྟེ། བླངས་ནས་དེའི་མགོ་ལ་བཅིངས་ལ་པྲ་ཏི་གྲྀཧྞ་སྟྭཾ་མི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བརྗོད་པར་བྱས་ནས་རྒྱུད་གཞན་ལས་བཤད་པའི་ཕྲེང་བའི་དབང་བསྐུར་བར་བྱའོ། །དེ་ནས་དེའི་མིག་གཉིས་ ལ་ཨོཾ་བསམས་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་དེ། གདོང་གཡོགས་པ་ཀྲོལ་ཏེ་དཀྱིལ་འཁོར་གྱི་བདག