Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 44

Văn bản gốc(Tây Tạng)

Trang 13 / 19 (50.000 ký tự/trang)
ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་

ཉིད་གང་ཞེ་ན། སྨྲས་པ་འདི་ལྟར་བཅོམ་ལྡན་འདས་ཀྱིས་གཙུག་ན་རིན་པོ་ཆེ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་
བར་དང་བྲལ་བས་མ་ཡིན། ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་བར་དང་བྲལ་བས་མ་ཡིན། དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དང་བྲལ་བས་མ་ཡིན་ཞེས་བྱ་བ་འདི་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་བྱའོ་ཞེས་
གསུངས་སོ། །ངེས་པའི་ཚིག་ནི་ཐམས་ཅད་ཀྱང་དེ་ཡིན་ལ། བུམ་པ་དང་། སྣམ་བུ་དང་། ཤིང་རྟ་ལ་སོགས་པ་ས་གསུམ་དུ་གཏོགས་པའི་རྣམ་པ་ཡང་ཡིན་པས་རྣམ་པ་ཐམས་ཅད་དོ། །དེ་དག་གི་ནང་ནས་གང་ཁྱད་པར་དུ་འཕགས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་ངོ་བོ་དང་། སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་མཆོག་སྟེ་དེ་དང་ལྡན་ཞིང་འབྱོར་པ་དེ་ནི་བདག་ཉིད་ཀྱིས་གནས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡིན་གྱི། ནམ་མཁའི་མེ་ཏོག་གམ་རི་བོང་གི་རྭ་ལ་སོགས་པའི་སྟོང་པ་ཉིད་མ་ཡིན་ཏེ། དེ་ནི་མེད་པའི་ངོ་བོ་ཉིད་
ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་མངོན་སུམ་དུ་བྱས་པར་མི་རུང་བར་སུན་ཕྱུང་བ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་གལ་ཏེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྟོང་པ་ཉིད་ལ་ཡང་འདི་ཉིད་དེ་ཁོ་ན་ཉིད་དང་། སྙིང་པོ་ལ་སོགས་པའི་རྣམ་པར་མངོན་པར་ཞེན་པར་འགྱུར་ན་དེའི་ཚེ་དེ་ཡང་ལྟ་བ་དམན་
པས་དམྱལ་བར་འགྲོ་བའི་རྒྱུར་འགྱུར་རོ། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས། སྟོང་ཉིད་ལྟ་བ་ཐམས་ཅད་ལས། །འབྱུང་བར་འགྱུར་བ་རྣམས་ཀྱིས་གསུངས། །གང་གི་སྟོང་པ་ཉིད་ལྟ་བ། །དེ་ནི་སྒྲུབ་ཏུ་མི་རུང་ངོ་། །སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་བར་འགྱུར། །
ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ཉེས་པར་བསྒྲུབས་པ་བཞིན། །ཞེས་གསུངས་སོ། །ཅི་རབ་ཏུ་གྲགས་པའི་འཇིག་རྟེན་རྣམས་ཀྱིས་ཁྱད་པར་མེད་པའི་སྟོང་པ་ཉིད་དེ། སངས་རྒྱས་ལ་སོགས་པའི་དངོས་པོ་རྣམས་ལས་ཐ་དད་པ་ཞིག་གམ། ཐ་མི་དད་པ་ཞིག་ཏུ་འགྱུར་གྲང་

ན། གལ་ཏེ་ཐ་དད་པ་ཡིན་པ་དེའི་ཚེ་སངས་རྒྱས་ལ་སོགས་པའི་དངོས་པོ་རྣམས་སྟོང་པ་ཉིད་དུ་མི་འགྱུར་ཏེ། དངོས་པོ་ལས་ཐ་དད་པའི་སྟོང་པ་ཉིད་ཀྱི་དངོས་པོའི་དོན་རང་བཞིན་དང་བཅས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་མ་ཡིན་པ་ཐམས་ཅད་སྟོང་པར་བྱེད་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་
ཡང་། དེ་ལ་ཡང་དག་ཡང་དག་མིན། །ངོ་བོ་ཉིད་ཀྱིས་གང་གནས་པ། །རང་བཞིན་གྱིས་ནི་གསོ་བྱ་མིན། །དེ་ཅི་གཞན་དུ་བསྒྱུར་ནུས་སམ། །ཞེས་གསུངས་སོ། །ཅི་སྟེ་ཐ་དད་པའི་སྟོང་པ་ཉིད་བསྒོམ་པའི་རིགས་པས་དངོས་པོ་ཐམས་ཅད་སྟོང་པར་བྱེད་ཅིང་ཉམས་པར་བྱེད་དོ་ཞེ་ན།
གལ་ཏེ་དེ་ལྟར་གྱུར་ན་དེའི་ཚེ་འདས་པའི་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་སྟོང་པ་ཉིད་བསྒོམ་པའི་རིགས་པ་མངོན་སུམ་དུ་མཛད་པ་དེའི་གནས་སྐབས་དེ་ཉིད་དུ་ཁམས་གསུམ་པའི་དངོས་པོ་རྣམས་མི་སྣང་བར་འགྱུར་གྱི་ཁྱད་པར་དུ་འཕགས་པའི་ངོ་བོ་ཉིད་སྣང་བ་ནི་མ་ཡིན་པར་འགྱུར་ན་ཇི་ལྟར་ཐ་
དད་པའི་སྟོང་པ་ཉིད་བསྒོམ་པའི་རིགས་པས་དེ་དག་སྟོང་པར་བྱེད་ཅིང་འཇིག་པའི་མཚན་ཉིད་དུ་ན། དེ་སྐད་དུ།འཇིག་རྟེན་སྣ་ཚོགས་གང་འདི་སྤང་བྱ་མིན། །སྐྱེས་བུ་ཀུན་རྟོག་ཆགས་པའང་སྤང་བྱ་སྟེ། །འཇིག་རྟེན་སྣ་ཚོགས་དེ་ལྟ་ཉིད་དུ་གནས། །དེ་ཕྱིར་མཁས་པས་སྤང་བྱ་འདི་སྤོང་བྱེད། །
ཅེས་གསུངས་སོ། །འོན་ཀྱང་སྟོང་པར་བྱེད་པ་ནི་བུམ་པ་འཇིག་པར་བྱེད་པའི་ཐོ་བ་ལྟར་དངོས་པོ་ཉིད་ཡིན་ལ་ཐ་དད་པའི་སྟོང་པ་ཉིད་ནམ་མཁར་གྱུར་པས་ནི་སྟོང་པར་བྱེད་པར་ཡང་མི་ནུས་ཏེ། ནམ་མཁའ་གཟུགས་ཅན་མ་ཡིན་པ་བསྒོམས་པས་ཀྱང་དངོས་པོ་རྣམས་འཇིག་པར་མ་མཐོང་ངོ་། །
ནམ་མཁའ་དང་དངོས་པོ་ཐམས་ཅད་འགལ་བ་ཡང་མེད་དེ་ལྷན་ཅིག་གནས་པར་མཐོང་བའི་ཕྱིར་རོ། །གལ་ཏེ་ཡང་ནམ་མཁའ་དངོས་པོ་རྣམས་འཇིག་པར་གྱུར་ན་དེའི་ཚེ་དངོས་པོ་འགའ་ཡང་སྣང་བར་མི་འགྱུར་ཏེ་འགལ་བའི་ཕྱིར་རོ། །ཇི་སྟེ་དངོས་པོ་ལས་སྟོང་པ་ཉིད་ཐ་མི་དད་པ་དེ་ལྟ་ན་ནི་
བདག་ཉིད་དང་སྟོང་པ་ཉིད་ཐ་མི་དད་པས་སྟོང་པ་ཉིད་ཡིན་པའི་ཕྱིར། གཞན་མ་ཡིན་པའི་དངོས་པོ་རྣམས་ཇི་ལྟ་ན་སྟོང་པ་ཉིད་དུ་བྱེད། དེ་སྐད་དུ། དངོས་ལས་སྟོང་ཉིད་གཞན་མ་ཡིན། །དེ་མ་གཏོགས་པར་དངོས་ཀྱང་མེད། །ཅེས་གསུངས་པ་དང་། གཞན་ཡང་གཟུགས་ལས་སྟོང་པ་

ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་སོགས་པའི་དངོས་པོ་ཐམས་ཅད་ལ་སྦྱར་རོ་ཞེས་གསུངས་སོ། །འོན་ཀྱང་དངོས་པོ་རྣམས་ལས་ཐ་དད་པའི་
དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་རྟོག་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཉིད་ལ་སྐུར་བར་འགྱུར་ཏེ། སངས་རྒྱས་ཉིད་ཀྱི་ཐ་དད་པའི་དངོས་པོ་ཉིད་ཀྱིས་ཐ་དད་པ་བཟློག་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་བཀས་
ཐ་མི་དད་པའི་སྟོང་པ་ཉིད་སྟོན་པའི་ཕྱིར་རོ། །དམ་པའི་ཆོས་ལ་ཡང་སྐུར་བར་འགྱུར་ཏེ། དེས་བསྟན་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་རབ་ཏུ་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དགེ་འདུན་ལ་ཡང་སྐུར་བར་འགྱུར་ཏེ། དགེ་འདུན་གྱི་ཆོས་ཐམས་ཅད་རང་བཞིན་མེད་པ་མངོན་སུམ་དུ་
མཛད་པའི་ཕྱིར་རོ། །དེ་བས་ན་དངོས་པོ་ཐམས་ཅད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཁོ་ན་དངོས་པོ་ཡིན་ནོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་། འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །འདི་ལས་སེམས་ཅན་གཞན་ཅིའང་མེད། །སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་
པའི་ཆོས་རྣམས་འབྱུང་བར་ཟད། །ཅེས་གསུངས་སོ། །ཅི་སྟེ་དངོས་པོ་ཐམས་ཅད་སྟོང་པའོ་ཞེས་བཤད་པས་ནི་དངོས་པོ་ཐམས་ཅད་མེད་པ་ཉིད་དོ་ཞེས་བསྟན་པར་འགྱུར་རོ་ཞེ་ན། དེ་སྐད་དུ་བསྟན་པ་མ་ཡིན་ཏེ། གང་གི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་དག་དང་། དངོས་པོ་ཐམས་ཅད་
མེད་པ་ཞེས་བྱ་བའི་ངག་འདི་ལ་སྟོང་པ་དང་མེད་པ་ཞེས་བྱ་བའི་སྒྲ་འདི་ནི་དོན་གཅིག་ཉིད་མ་ཡིན་ཏེ། འདི་ལྟར་གྲོང་ཁྱེར་འདི་ནི་མི་ཡོད་དམ་མེད་ཅེས་དྲིས་པ་ན་འགའ་ཞིག་ན་རེ་གྲོང་འདི་ན་མི་མེད་དོ་ཞེས་སྨྲ་སྟེ་མིས་སྟོང་པའི་ཁྱིམ་དང་། ཤིང་ལ་སོགས་པ་ཙམ་ཞིག་ཡིན་ནོ་ཞེས་པའི་དོན་ཏོ། །གཞན་
ཡང་ཅི་ནགས་ཀྱི་ཕྱོགས་འདི་ན་གྲོང་ཡོད་དམ་མེད་ཅེས་དྲིས་པས་ན་ནགས་ཀྱི་ཕྱོགས་འདི་ན་གྲོང་མེད་དོ་ཞེས་སྨྲ་སྟེ། མིས་སྟོང་པའི་གྲོང་ཁྱེར་ཙམ་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན། དངོས་པོ་སྟོང་པ་ལས་མེད་དོ་ཞེས་བྱ་བའི་སྒྲའི་དོན་ཐ་དད་དེ། དོན་གཅིག་པ་ཉིད་མ་

ཡིན་ནོ་ཟེར་ཏེ། བུམ་པ་སྟོང་པ་དང་། བུམ་པ་མེད་དོ་ཞེས་བྱ་བའི་སྒྲ་དང་འདྲ་སྟེ། བུམ་པ་སྟོང་པ་ཞེས་བྱ་བ་ནི་བུམ་པ་ན་ཆུ་ལ་སོགས་པ་མེད་པ་ཡིན་ལ། བུམ་པ་མེད་དོ་བྱ་བ་འདི་ནི་བུམ་པ་ཉིད་ཀྱང་མེད་དེ། ཆུ་ལ་སོགས་པས་སྟོང་པ་ཉིད་དུ་ག་ལ་འགྱུར། དེའི་ཕྱིར་རྟོག་པ་དང་ལྡན་པ་
རྣམས་སྒྲའི་དོན་ལ་རྨོངས་པར་མི་བྱའོ། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པ་སྟེ། །བདེན་གཉིས་ཡང་དག་བསྟེན་ནས་ནི། །སངས་རྒྱས་ཆོས་རྣམས་སྟོན་པར་མཛད། །ཅེས་བྱ་བའི་ཚིག་གི་དོན་དེ་དག་ཐམས་ཅད་ཀྱང་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས། ཡང་
དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་པ་ཡི། །སྟེང་དུ་འཛེག་པར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་བྱ་བ་དང་། དོན་དམ་བདེན་པ་ལ་གནས་ནས། །སྟོང་པ་མ་ཡིན་མི་སྟོང་མིན། །སྟོང་དང་མི་སྟོང་གཉིས་ཀའང་མིན། །སྟོང་དང་མི་སྟོང་གྲོལ་མིན་པར། །
རྒྱལ་བ་རྣམས་ནི་སྟོན་པར་མཛད། །ཅེས་གསུངས་སོ། །འོན་ཀྱང་བདེན་པ་གཉིས་སྟོན་པའང་འཇིག་རྟེན་ལ་ཐུགས་བརྩེ་བས་ཀུན་རྫོབ་ཉིད་དུ་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ལས་མ་གཏོགས་པ་དོན་དམ་པ་ཞེས་བྱ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། ཀུན་རྫོབ་བརྟག་ཅིང་དཔྱད་མི་བཟོད་
པ་ཁོ་ནའི་ངོ་བོ་ཉིད་དོན་དམ་པ་ཡིན་པས་དེ་ཡང་ཀུན་རྫོབ་ལས་ཐ་མི་དད་དོ། །དབྱེ་བ་ནི་རྣམ་པར་ཕྱེ་ན་གདུལ་བྱ་རྣམས་ཀྱིས་བདེ་བར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྣམ་པར་བརྟགས་པ་ཡིན་ནོ། །འདིས་དངོས་པོ་རྣམས་ལས་ཐ་དད་པའི་སྟོང་པ་ཉིད་ཡོད་པ་མ་ཡིན་ནོ་ཞེས་རབ་ཏུ་བསྟན་པ་ཡིན་
ནོ། །ད་ནི་ཤིན་ཏུ་བློ་ཆུང་བ་ཁ་ཅིག་འདི་སྐད་སྨྲ་སྟེ། དངོས་པོ་མཐོང་བའི་ཚེའམ་རང་གི་འདོད་པའི་ལྷ་བསྒོམ་པའི་ཚེ་འགའ་ཞིག་གིས་འགའ་ཞིག་གི་མིག་མཐོང་བར་འགྱུར་བའམ། བསྒོམ་པས་ལྷ་བསྒོམ་པའི་དུས་དེའི་ཚེ་རྣ་བ་མཐོང་བས་བསྒོམ་པར་མི་ནུས་ཏེ། དེའི་ཚེ་དེ་དག་མེད་
པའི་ཕྱིར་དང་། རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གང་གི་ཚེ་རྣ་བ་ཡིན་པ་དེའི་ཚེ་སྣ་མ་ཡིན། གང་གི་ཚེ་སྣ་ཡིན་པ་དེའི་ཚེ་རྒྱབ་དང་། ལག་པ་དང་། རྐང་པ་དང་། རྒྱུ་མ་དང་། རྐང་དང་། མཁལ་མ་ལ་སོགས་པ་མངོན་པའམ། བསྒོམ་པ་ཉིད་དུ་མི་ནུས་པས་ཡོངས་

སུ་མ་རྫོགས་པའི་བུད་མེད་མཐོང་བའམ། ཡོངས་སུ་མ་རྫོགས་པའི་ལྷ་ཉིད་བསྒོམས་པས་ཡོངས་སུ་རྫོགས་པའི་བུད་མེད་མཐོང་བར་མི་ནུས་ལ། ཡོངས་སུ་རྫོགས་པའི་ལྷ་ཉིད་བསྒོམ་པར་ཡང་མི་འགྱུར་བའི་ཕྱིར་ལྷ་ཉིད་བསྒོམས་པས་མངོན་སུམ་དུ་བྱེད་པར་མི་ནུས་སོ། །
དེ་བས་ན་ལྷ་ཉིད་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྣམ་པ་ཐམས་ཅད་མཁྱེན་པའི་ངོ་བོ་འགྲུབ་པར་ཡང་མི་འགྱུར་རོ། །འོ་ན་གང་གིས་འགྲུབ་པ་ཡིན་ཞེ་ན། སྟོང་པ་ཉིད་འབའ་ཞིག་བསྒོམས་པས་འགྲུབ་པར་བྱེད་དམ་བསྒོམ་པ་མ་གཏོགས་པས་འགྲུབ་པར་བྱེད། ཁ་ཅིག་འདི་སྐད་དུ་
ཡང་། བསྒོམ་བྱ་གཟུངས་དང་སྔགས་བརྗོད་པ་དག་མེད། །དེ་ཀུན་འཁྲུལ་པའི་ཡིད་ཀྱི་རྣམ་པ་ཡིན། །སེམས་ནི་རྟོག་བཅས་མ་ཡིན་བསམ་པ་ཡིས། །འཁྲུལ་བར་མ་བྱེད་གཡེང་མེད་བདག་བདེར་མནོས། །ཞེས་སྨྲ་སྟེ། ཐོས་པ་དང་བསམ་པ་ལ་སོགས་པ་ལ་ལྟོས་པ་མེད་པར་ལྷན་
ཅིག་སྐྱེས་པའི་རྣལ་འབྱོར་མ་རྣམས་ལ་འདས་པ་ལ་སོགས་པའི་ཤེས་པ་འགྲུབ་པ་དང་འགྲོ་སྙམ་དུ་སེམས་ན་དེ་ནི་སྙིང་པོ་མ་ཡིན་ཏེ། སྟོང་པ་ཉིད་འབའ་ཞིག་ནི་གོང་དུ་སྨོས་པའི་རིགས་པས་བསལ་བ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་ནམ་མཁའི་རང་བཞིན་དུ་གྱུར་པའི་སྟོང་པ་ཉིད་འབའ་ཞིག་གིས་ནི་
དགོས་པ་ཅུང་ཞིག་ཀྱང་བསྒྲུབ་པར་ནུས་པ་མ་ཡིན་ཏེ། ས་བོན་ལས་མྱུ་གུ་བཞིན་དུ་ནམ་མཁའ་ལས་འབྲས་བུ་འགྲུབ་པ་མ་མཐོང་སྟེ། ནམ་མཁའ་ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །བསྒོམ་པ་མ་གཏོགས་པས་ཀྱང་ཕྱག་རྒྱ་ཆེན་པོ་འགྲུབ་པར་ཡང་མི་
འགྱུར་ཏེ། རྒྱུ་མེད་པ་ཉིད་ཀྱིས་དེ་དག་ཐམས་ཅད་སངས་རྒྱས་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་ཐམས་ཅད་ཀྱིས་འདས་པ་ལ་སོགས་པའི་ཤེས་པ་ཡང་སྐྱེ་བ་སྔོན་མར་གོམས་པ་བྱས་པ་ཡིན་གྱི་གཞན་དུ་ན་བུད་མེད་ཐམས་ཅད་ཁོ་ན་འདས་པ་ལ་སོགས་
པའི་ཤེས་པ་དང་ལྡན་པར་འགྱུར་རོ། །འོན་ཀྱང་གང་གི་ཚེ་འགྲོ་བ་རྣམས་ཤིན་ཏུ་མཛེས་མ་མགུ་བ་བསྐྱེད་པ་དང་ལྷན་ཅིག་དགའ་མགུར་རྩེ་བ་ཉམས་སུ་མྱོང་བའི་དུས་དེ་ན་གང་གི་ཚེ་ཁ་ལ་འོ་བྱས་པ་དེའི་ཚེ་ཡན་ལག་མཆོག་ལ་རེག་པ་མ་ཡིན་ཏེ་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཚེ་ཡན་ལག་མཆོག་

ལ་རེག་པར་གྱུར་པ་དེའི་ཚེ་ནུ་མ་གཉིས་ལ་རེག་པ་མ་ཡིན་ལ་དེ་བཞིན་དུ་ཡན་ལག་གཞན་དམིགས་པ་ལ་ཡང་བརྗོད་པར་བྱའོ། །མུན་པ་དག་ཏུ་དགའ་མའི་གཟུགས་དམིགས་པ་མེད་ན་ཡང་འཇིག་རྟེན་པ་འདི་སྐད་དུ། བདག་ཀྱང་མཚན་ཕྱེད་ན་གཟུགས་ལ་སོགས་པའི་ཡོན་ཏན་དང་ལྡན་
པའི་དགའ་མའི་ཡན་ལག་ཐམས་ཅད་ལ་ལོངས་སྤྱོད་པ་དང་ལྡན་ནོ་ཞེས་སྨྲའོ། །དེ་བཞིན་དུ་གང་གི་ཚེ་ཡིད་དུ་འོང་བའི་མིག་དང་། ཁ་ལ་སོགས་པ་མཐོང་བ་དེའི་ཚེ་རྒྱབ་ལ་སོགས་པ་མ་མཐོང་ཡང་འཇིག་རྟེན་ན་ཡང་དག་གིས་ཤིན་ཏུ་དགའ་མའི་རྣམ་པ་ཐམས་ཅད་མཐོང་ངོ་ཞེས་སྨྲའོ། །དེ་
བཞིན་དུ་གང་གི་ཚེ་ཁང་པ་བརྩིག་པ་ན་ཀ་བ་དང་པོ་བཙུགས་པའི་ཚེ་ཀ་བ་གཉིས་པ་དང་། གསུམ་པ་ལ་སོགས་པ་མེད་ཅིང་སྐད་ཅིག་མས་ཁང་པ་བརྩིགས་པ་མ་ཡིན་ཡང་འཇིག་རྟེན་པ་ཡང་དག་གིས་ཁང་པ་རྫོགས་པར་བྱས་པ་མཐོང་ངོ་ཞེས་སྨྲའོ། །དེ་བཞིན་དུ་བཟའ་བ་དང་བཅའ་བ་
ལ་སོགས་པ་བྱས་པ་ཡང་བརྗོད་པར་བྱའོ། །དེ་བས་ན་འདི་ལྟར་ཆུང་མ་ལ་སོགས་པ་ལ་ལོངས་སྤྱོད་པའི་ཚེ། ཡན་ལག་ཐམས་ཅད་ལ་ལོངས་སྤྱོད་པ་མེད་མོད་ཀྱི། འཇིག་རྟེན་ལ་ཡུལ་གྱི་བཟང་མོའི་ཡན་ལག་ཐམས་ཅད་ལ་མངོན་པར་ཞེན་པའི་སྒོ་ནས་བརྟེན་ཅིང་ཤིན་ཏུ་དགའ་བའི་བདེ་བ་
དམིགས་པའི་ཕྱིར། ཡང་དེ་དག་གི་སྐྱེས་བུའི་དོན་མཆོག་གི་ངོ་བོ་སྒྲུབ་པར་འགྱུར་བ་དེ་བཞིན་དུ། ལྷ་ཉིད་སྒོམ་པའི་དུས་ན་ལས་དང་པོ་པ་རྣམས་ཐམས་ཅད་ཀྱི་སྐད་ཅིག་གཅིག་ལ་ཡན་ལག་ཐམས་ཅད་མི་སྣང་ཡང་མངོན་པར་ཞེན་པས་དོན་བསྒྲུབས་ལ། བསྒོམ་པ་ཡོངས་སུ་རྫོགས་
པ་ན་དབང་པོའི་གཞུ་སྣང་བ་བཞིན་དུ་རང་རིག་པའི་ཡེ་ཤེས་ཀྱི་རང་བཞིན་ཡོངས་སུ་རྫོགས་པའི་ལྷ་ཉིད་མཐོང་བར་འགྱུར་རོ། །དེ་སྐད་དུ། དེ་ཕྱིར་ཡང་དག་ཡང་དག་མིན། །གང་དག་ཤིན་ཏུ་བསྒོམས་པ་ལས། །བསྒོམ་པའི་སྟོབས་ནི་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་
གསུངས་སོ། །གལ་ཏེ་བསྒོམས་པ་ན། ཡན་ལག་ཐམས་ཅད་མི་དམིགས་པ་དེའི་ཚེ། བསྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་བྱ་བའི་ཚད་མའི་འཁོར་ལོའི་གཙུག་གི་ནོར་བུ་སློབ་དཔོན་ཆོས་ཀྱི་གྲགས་པའི་བཀའ་ཡང་ཇི་ལྟར་

འཐད། དེ་བས་ན་བུད་མེད་གཟུགས་མཛེས་པ་མཐོང་བའི་དུས་ན། སྐད་ཅིག་དེ་ཉིད་ལ་རྒྱུ་མ་དང་། རུས་པ་དང་། རྐང་དང་རྩ་རྒྱུས་ལ་སོགས་པ་ལ་མ་དམིགས་ཀྱང་། འཇིག་རྟེན་པ་བུད་མེད་མཐོང་བ་དང་རེག་པ་ལ་སོགས་པར་རབ་ཏུ་འཇུག་སྟེ། དེ་དག་གི་
འདོད་པའི་འབྲས་བུ་བསྒྲུབ་པ་ཡང་རྫོགས་པར་འགྱུར་ལ། དེ་བཞིན་དུ་ལྷ་ཉིད་བསྒོམ་པ་ལ་སོགས་པ་ཡང་འགྱུར་རོ། །དེ་ལ་སྨྲས་པ་ཅི་ལྷའི་རྣམ་པ་གོང་བུ་དང་། རིལ་པོ་ལ་སོགས་པ་བརྫུན་པའི་ངོ་བོ་བསྒོམ་པའི་འབད་པས་ཅི་ཞིག་བྱེད། ཡིད་བཞིན་གྱི་ནོར་བུ་ལ་མཆོད་པ་ལས།
གླང་པོ་དང་རྟ་ལ་སོགས་པ་འབྱུང་བ་བཞིན་དུ། སྟོང་པ་ཉིད་འབའ་ཞིག་བསྒོམས་པ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་རྣམ་པ་ཐམས་ཅད་དུ་འགྲུབ་པར་འགྱུར་རོ་ཞེ་ན། ཀྱེ་མའོ་རྨོངས་པའི་བློ་ཅན་རྣམས་ཀྱི་སྟོང་པ་ཉིད་འབའ་ཞིག་ཏུ་རྨོངས་པ་ལ་བརྟན་པོ་ཉིད་རྒྱ་ཆེར་བསལ་བའི་ཕྱིར་རོ། །
བློ་གྲོས་དམན་པ་རྣམས་ཀྱི་ཚིག་ལ་གུས་པས་ཆོག་གོ། །ནམ་མཁའི་མེ་ཏོག་ལ་སོགས་པ་སྟོང་པ་ཉིད་དུ་བསྒོམ་པ་འདིས་མར་མེ་ལ་སོགས་པ་རྣམ་པར་འཇིག་པའི་མཚན་ཉིད་ཀྱི་སྟོང་པ་ཉིད་དང་། འོ་མ་ལ་སོགས་པ་འཐུང་བའི་དུས་ཀྱི་འོ་མ་ལ་སོགས་པར་མི་དམིགས་པའི་སྟོང་པ་ཉིད་
དང་། གཉིད་ལོག་པའི་གནས་སྐབས་ན་དངོས་པོ་ཐམས་ཅད་མི་དམིགས་པའི་སྟོང་པ་ཉིད་དང་། འཆི་བའི་དུས་ན་སེམས་ཅན་ཐམས་ཅད་མི་དམིགས་པའི་སྟོང་པ་ཉིད་ངེས་པར་གསལ་བར་རིག་པར་བྱ་སྟེ། སྟོང་པ་ཉིད་དེ་དག་གོང་དུ་སྨོས་པར་རིག་པས་དཔྱད་མི་བཟོད་ཅིང་། དེ་དག་
རྨོངས་པའི་བློ་ཅན་དག་གིས་རྟོགས་པ་ཙམ་གྱིས་སྦྱར་བ་ཉིད་ཡིན་པའི་ཕྱིར་རོ། །ཇི་སྟེ་ཡང་སྲིད་ཅེས་བྱ་བ་ཕུང་པོ་ལྔ་པོ་སྟོང་པ་ཉིད་ཀྱི་མེས་བསྲེགས་པར་གྱུར་ཞེས་བྱ་བའི་བཀའ་དང་། དེ་བཞིན་དུ་དངོས་པོ་ཐམས་ཅད་སྣང་བ་མེད་པ་ཉིད་དུ་བྱས་ནས། སེམས་ཙམ་ཡང་སྣང་བ་མེད་
པར་བལྟ་བར་བྱའོ་ཞེས་གསུངས་པ་དང་། དེ་བཞིན་དུ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་ང་རྒྱལ་བྱེད་པས་རི་རབ་དང་ཉི་མ་དང་ཟླ་བ་ལ་སོགས་པ་སྟོང་པ་ཉིད་དུ་བསྒོམ་པར་བྱའོ་ཞེས་གསུངས་པ་དང་། དེ་བཞིན་དུ། གསང་སྔགས་རང་བཞིན་དག་པ་བརྗོད་

ནས་ནི། །དངོས་ཀུན་མ་ལུས་ཀུན་ནས་སྟོང་སྒོམ་ཞིང་། །མཁས་པས་ཕྱི་ནང་བདག་གི་ལུས་ཉིད་ཀྱང་། །ཞེས་བྱ་བས་ཐམས་ཅད་དངོས་པོ་མེད་པ་སྟོང་པ་ཉིད་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི་ལུང་ཡིན་ལ། དེ་ཇི་ལྟར་སུན་འབྱིན་པར་བྱེད་ཅེ་ན། དེ་ལྟར་ནི་མ་ཡིན་ཏེ། ལུང་ནི་ཐམས་ཅད་
དུ་དངོས་པོ་མེད་པའི་རང་བཞིན་སྟོང་པ་ཉིད་ཁོ་ན་སྟོན་པར་བྱེད་དོ། །འདི་ལྟར་ཕུང་པོ་ལྔ་པོ་སྟོང་པ་ཉིད་ཀྱིས་མེས་བསྲེགས་པར་ཞེས་བྱ་བ་ལ། གཅིག་དང་དུ་མ་དང་བྲལ་བ་ནི། སྟོང་པ་ཉིད་ཀྱི་མེ་ཞེས་བྱ་བ་ཡིན་ལ། དེས་བསྲེགས་པ་ནི་རང་བཞིན་མེད་པར་བྱས་པ་ཡིན་གྱི། ཐལ་བར་གྱུར་པར་
བྱས་པ་ཡང་ནི་མ་ཡིན་ཏེ། ཡང་སྲིད་པ་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་སྣང་བ་མེད་པར་བྱས་ནས་ཞེས་བྱ་བ་ནི། གཅིག་དང་དུ་མ་དང་བྲལ་པའི་རང་བཞིན་མེད་པར་དཔྱད་པ་བྱས་པའི་སྒོ་ནས་ཇི་ལྟ་བ་བཞིན་དུ་སྣང་བ་མེད་པར་གྱུར་པ་ཡིན་ཏེ། དེ་ལྟར་བྱས་ནས་སེམས་ཙམ་ཡང་དེ་བཞིན་དུ་
བལྟ་བར་བྱའོ། །དེ་བཞིན་དུ་ལུང་གི་ཚིག་ཐམས་ཅད་ཤེས་པར་བྱ་སྟེ་ཤིན་ཏུ་སྤྲོས་པས་ཆོག་གོ། །ནམ་མཁའ་ལ་སོགས་པ་བསྒོམ་པའི་དུས་ན། ཤེས་པ་ཡོད་དམ་མེད་ཅེ་ན། །མེད་ཅེས་སུ་ཞིག་སྨྲ་བར་བྱེད། །གལ་ཏེ་ཤེས་པ་ཉིད་མེད་པ་དེ་ལྟ་ན་ཡང་། གང་ལ་ནམ་མཁའི་རྣམ་པར་
སྣང་བར་འགྱུར། གལ་ཏེ་ཡང་ནམ་མཁའི་རྣམ་པར་མི་སྣང་བ་དེ་ལྟ་ན་ནི་ཅི་ཞིག་སྒོམ་པར་བྱེད། དེ་བས་ན་ནམ་མཁའི་རྣམ་པའི་རྣམ་པར་རྟོག་པ་ཡོད་དོ། །དེ་བཞིན་དུ་རི་བོང་གི་རྭ་ལ་སོགས་པ་བསྒོམ་པ་ལ་ཡང་བརྗོད་པར་བྱའོ། །འོ་ན་ནམ་མཁའི་རྣམ་པའི་རྣམ་པར་ཤེས་པ་རྣམ་པར་ཆད་
པར་འགྱུར་རམ་མི་འགྱུར་ཞེ་ན། ཆད་པར་མི་འགྱུར་ཏེ། ཤེས་པའི་རྒྱུན་འཁོར་བ་ཇི་སྲིད་པར་རབ་ཏུ་འཇུག་པའི་ཕྱིར་རོ། །འོ་ན་ནམ་མཁའ་ལ་སོགས་པའི་རྣམ་པར་ཤེས་པ་རྣམ་པ་དང་བཅས་པ་ཞེའམ། རྣམ་པ་མེད་པ་ཞེས་བརྗོད་པར་བྱ། རྣམ་པ་དང་བཅས་པར་བརྗོད་པར་བྱའོ་ཞེ་ན། །
འོ་ན་སྔོན་པོ་ལ་སོགས་པའི་རྣམ་པ་མེད་པ་ཡིན་ནོ། ཇི་ལྟར་རྣམ་པ་དང་བཅས་པ་ཡིན། ནམ་མཁའ་ལ་སོགས་པའི་རྣམ་པ་ཁོ་ནས་རྣམ་པ་དང་བཅས་པ་ཡིན་ཏེ། མུན་པའི་རྣམ་པ་བཞིན་དུ་ནམ་མཁའི་རྣམ་པར་རྟོག་པ་ནི་སྔོ་བསངས་སུ་སྣང་ངོ་། །དེ་ལྟར་གྱུར་ན་ནི། རྣམ་པ་མེད་པའི་

ཤེས་པ་མེད་པ་ཉིད་དོ། །བདེན་ཏེ་རྣམ་པ་མེད་པའི་ཤེས་པ་ནི་ཡོད་པ་མ་ཡིན་ཏེ། རྨི་ལམ་ན་ཡང་རྣམ་པར་རིག་པ་ཡིན་ནོ། །ཡང་དག་པའི་ཤེས་པ་ཐོབ་པར་གྱུར་ནས། ཕྱིས་བདག་ཉིད་རིག་པར་འགྱུར་རོ་ཞེ་ན། མནའ་ཆུ་བཏུང་བ་མ་གཏོགས་པ་འདི་ལ་ཚད་མས་
བསྒྲུབ་པ་ཡོད་པ་མ་ཡིན་ཏེ། དེ་ལ་གཉིད་སྟུག་པོའི་ལོག་པའི་གནས་སྐབས་སམ། བརྒྱལ་བའམ་ཤི་བ་ལ་སོགས་པའི་གནས་སྐབས་ན། ཇི་ལྟར་ཤེས་པ་ཡོད་དེ། རང་རིག་པའི་དངོས་པོ་མེད་པའི་ཕྱིར་རོ། །དེས་ན་རང་རིག་པའི་ཡོད་པ་མ་ཡིན་ཏེ། ཤེས་པ་རང་རིག་པའི་རང་
བཞིན་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་མེད་པ་ཉིད་ཡིན་ན། ཤེས་པ་རང་རིག་པའི་རང་བཞིན་གཉིད་ལོག་པས་ནོན་པ་ལས་སད་པའི་གནས་སྐབས་སམ། འཇིག་རྟེན་ཕ་རོལ་དུ་སྐྱེས་པའི་གནས་སྐབས་སུ་ཁར་སང་གི་གནས་དང་ཟན་ལ་སོགས་པ་དྲན་པ་དང་། སྔོན་གྱི་སྐྱེ་བ་དྲན་པའི་གོ་རིམས་
ཇི་ལྟར་འཐད། དེ་བས་ན་སེམས་ལས་སེམས་གཞན་འབྱུང་བར་འགྱུར་བས། ཐམས་ཅད་དུ་རང་རིག་པའི་ཤེས་པ་ཡོད་པར་གྲུབ་སྟེ། རབ་ཏུ་སྤྲོས་པས་ཆོག་གོ། །ཡན་ལག་བཞི་པའི་རྣམ་པར་བཤད་པའོ། །དེ་ནི་ཇི་ལྟར་ལུས་ཀྱི་རྣམ་པ་མེད་པ་ན། སེམས་ཅན་གྱི་དོན་རྣམ་པ་
ཐམས་ཅད་དུ་མེད་པ་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མེད་པར་ཡང་སེམས་ཅན་གྱི་དོན་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པས་ཡན་ལག་ལྔ་པ་སྨོས་པ་ཡིན་ནོ། །སྙིང་རྗེས་ཡོངས་གང་ཞེས་བྱ་བ་ལ། སྙིང་རྗེའི་དངོས་པོ་ཉིད་ནི་སྙིང་རྗེ་ཉིད་དེ། དེ་ཡོངས་སུ་གང་བ་ནི་ཡོངས་སུ་རྫོགས་པའོ། །
དེ་གང་ཞེ་ན། བསྒྲུབ་པར་བྱ་བ་ཞེས་བྱ་བའི་རང་བཞིན་ནོ། །དེ་ཇི་ལྟ་བུའི་མཚན་ཉིད་ཅན་གྱི་སྙིང་རྗེ་ཆེན་པོ་ཞེས་བྱ་ཞེ་ན། སྡུག་བསྔལ་གྱི་རྒྱུ་ལས་ཡང་དག་པར་གདོན་པར་འདོད་པ་ནི་སྙིང་རྗེ་ཆེན་པོའོ། །དེ་ཡང་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང་།ཆོས་ལ་དམིགས་
པ་དང་། དམིགས་པ་མེད་པའོ། །དེ་ལ་སྡུག་བསྔལ་ལས་ཞེས་བྱ་བ་ནི་མངོན་སུམ་དུ་ཉམས་སུ་མྱོང་བར་གྱུར་པ་གླད་གཟེར་ལ་སོགས་པའི་མཚན་ཉིད་ལས་སོ། །སྡུག་བསྔལ་གྱི་རྒྱུ་ལས་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་བཅུ་ལ་སོགས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་

རྒྱུ་ཡིན་ལ། དེ་ལས་གདོན་པ་ནི་རབ་ཏུ་ཞི་བའི་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་རྣམ་པར་འཇོག་པའོ། །དེ་འདོད་པ་ཉིད་དེ་མངོན་པར་འདོད་པ་གང་ཡིན་པ་དེ་ནི་སྙིང་རྗེ་ཞེས་བྱའོ། །སྡུག་བསྔལ་རྣམ་པ་གསུམ་དང་ལྡན་པའི་ཕྱིར། ཡང་བཅོམ་ལྡན་འདས་ཀྱིས་དངོས་པོ་ཐམས་ཅད་སྡུག་བསྔལ་
དུ་གསུངས་སོ། །དེ་ལ་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ནི་ཇི་ལྟར་ཉམས་སུ་མྱོང་བར་གྱུར་པའི་མིག་ནད་ལ་སོགས་པའོ། །གཉིས་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ནི་ཇི་ལྟར་ཞིང་ལས་དང་། བཟོ་སྟོན་པ་དང་། ཚོང་གིས་ཁྱིམ་གྱི་བུ་སྨད་འཚོ་བར་བྱེད་པ་ལ་སོགས་པ་སྟེ། ཉེ་དུ་གསོ་
བར་བྱ་བའི་མཚན་ཉིད་ཀྱི་འདུ་བྱེད་ཐམས་ཅད་སྡུག་བསྔལ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གསུམ་པ་འགྱུར་བའི་སྡུག་བསྔལ་ཉིད་ནི་དཔེར་ན་དུག་ལ་སོགས་པའི་མཚན་ཉིད་དེ། དུག་མངར་བ་ཉིད་ཀྱི་ཕྱིར་དེའི་ཚེ་ཉིད་ན་སྡུག་བསྔལ་བ་མ་ཡིན་ལ། རྣམ་པར་འགྱུར་བས་སྡུག་བསྔལ་ཉིད་
དེ་དེ་མི་མཐུན་པར་ཡོངས་སུ་འགྱུར་བ་ནི་རྣམ་པར་འགྱུར་བ་ཞེས་བྱ་བ་མ་འོངས་པ་ན། འཆི་བ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པ་ལྟར་དང་། མི་དགེ་བ་བཅུ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོ་ཡང་རྣམ་པ་གསུམ་སྟེ། སེམས་ཅན་གྱི་ཚོགས་
མ་ལུས་པ་ལ་དམིགས་པས་ན། སེམས་ཅན་ལ་དམིགས་པ་སྟེ་དང་པོའོ། །དོན་དམ་པར་སེམས་ཅན་མེད་པའི་ཕྱིར་རོ། །ཁམས་གསུམ་པ་འདི་དག་སེམས་ཙམ་ཡིན་ཏེ། སེམས་ཅན་ཞེས་བྱ་བ་ལ་འགའ་ཞིག་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཙམ་ལ་དམིགས་པའི་ཕྱིར།
ཆོས་ལ་དམིགས་པ་སྟེ་གཉིས་པའོ། །ཆོས་ཐམས་ཅད་རྣམ་པར་དཔྱད་ན་དངོས་པོ་མེད་པ་ལ། དམིགས་པའི་སྒོ་ནས་དམིགས་པ་མེད་པ་ནི་གསུམ་པའོ། །དེ་ལ་སེམས་ཅན་ལ་དམིགས་པ་ནི་ལས་དང་པོ་པའིའོ། །ཆོས་ལ་དམིགས་པ་ནི་སར་ཆུད་པའི་བྱང་ཆུབ་སེམས་དཔའིའོ། །
དམིགས་པ་མེད་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིའོ། །གལ་ཏེ་སངས་རྒྱས་རྣམས་དམིགས་པ་མེད་པ་ཡིན་ན། ཇི་ལྟར་དམིགས་པ་མི་མངའ་བའི་ཕྱིར། ཇི་ལྟར་ན་སེམས་ཅན་རྣམས་ཀྱི་དོན་མཛད་པ་དང་། ཆོས་ཀྱི་དོན་མཛད་ཅེ་ན། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་དམིགས་པ་མེད་

ཀྱང་སེམས་ཅན་གྱི་དོན་བྱེད་པ་དེ་བཞིན་དུ་སངས་རྒྱས་རྣམས་ཀྱང་མཛད་དོ། །གལ་ཏེ་ཡིད་བཞིན་གྱི་ནོར་བུ་རྣམ་པར་མི་རྟོག་པ་དམིགས་པ་མེད་པ་བཞིན་དུ་སེམས་ཅན་གྱི་དོན་བྱེད་ན། དེའི་ཚེ་ཇི་ལྟར་སེམས་ཅན་དེ་དག་ཐམས་ཅད་ཀྱི་མ་ཡིན་ཞེ་ན། དེ་ནི་མ་ཡིན་
ཏེ་ཡིད་བཞིན་གྱི་ནོར་བུ་སྐལ་བ་ཇི་ལྟ་བ་བཞིན་སེམས་ཅན་གྱི་དོན་བྱེད་ཀྱི་དེ་དག་ཐམས་ཅད་ཀྱི་ནི་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སྐལ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་དོ། །དེ་སྐད་དུ། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །
ས་བོན་མི་རུང་མི་སྨིན་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་དེ་མི་མྱོང་། །དེ་བཞིན་དུ། ཐུབ་པ་རྩོལ་བ་མི་མངའ་ཡང་། །འཁོར་ལོ་འཁོར་བའི་ཚུལ་དུ་ནི། །ཇི་ལྟར་འདོད་བཞིན་རྩིག་སོགས་ལས། །ཆོས་སྟོན་པ་ཡང་འབྱུང་བར་འགྱུར། །དེ་བཞིན་དུ།
ཐུབ་ཀུན་རྟོག་པ་མི་མངའ་ཡང་། །དཔག་བསམ་གྱི་ནི་ཤིང་བཞིན་དུ། །སེམས་ཅན་གྱི་ནི་དོན་བསྒྲུབ་པ། །མི་རྟོག་ན་ཡང་མཛད་པར་འགྱུར། །ཞེས་གསུངས་སོ། །ཡིད་བཞིན་གྱི་ནོར་བུ་བེམས་པོའི་ངོ་བོ་མ་ཡིན་ནམ། ཇི་ལྟར་རྟོགས་པའི་རང་བཞིན་སངས་རྒྱས་དག་དང་མཚུངས་
ཤེ་ན་དེ་ལྟར་མ་ཡིན་ནོ། །རྣམ་པ་ཐམས་ཅད་ཀྱིས་མཚུངས་པ་ནི་མ་ཡིན་ཏེ། ཡིད་བཞིན་གྱི་ནོར་བུ་དམིགས་པ་མེད་པ་ཙམ་གྱི་སྒོ་ནས་དཔེ་ཉིད་ཡིན་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ནི་ཡོན་ཏན་མ་ལུས་པ་དང་ལྡན་པ་གཉིས་སུ་མེད་པ་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་ཡིད་
བཞིན་གྱི་ནོར་བུ་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །རྣམ་པར་སྤྲོས་པས་ཆོག་གོ། །ཡན་ལག་ལྔ་པའི་རྣམ་པར་བཤད་པའོ། །ད་ནི་རྒྱུན་མ་ཆད་པ་ཞེས་བྱ་བས་ཡན་ལག་དྲུག་པ་སྨོས་པ་ཡིན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་བཤད་པའི་ཡོན་ཏན་རྣམས་དང་ལྡན་པའི་རྒྱུད་ཉིད་རབ་ཏུ་
འཇུག་པ་ཉིད་ཀྱིས། མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཡིན་པའི་ཕྱིར་རྒྱུན་མི་འཆད་པ་ཉིད་ཡིན་གྱི། ལོངས་སྤྱོད་རྫོགས་པའི་སྐུ་ཡང་གནས་སྐབས་འགའ་ཞིག་ཏུ་རབ་ཏུ་འཇུག་པ་དང་ལྡོག་པའི་མཚན་ཉིད་བར་ཆད་དང་བཅས་པ་ཉིད་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་རྟག་ཏུ་

བཅོམ་ལྡན་འདས་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ཀྱི་གནས་སྐབས་ཡིན་པའི་ཕྱིར། ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་དུ་གདུལ་བྱ་རྣམས་ཀྱིས་རྟག་ཏུ་མཐོང་བ་ཐོབ་པར་འགྱུར་གྱི། བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ཚུལ་དུ་ལྡོག་པའི་ངོ་བོ་ཉིད་ཀྱིས་མ་ཡིན་པར་
འགྱུར་རོ་ཞེ་ན། དེ་ལྟ་ནི་མ་ཡིན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་རྒྱུན་མི་འཆད་པར་རབ་ཏུ་འཇུག་པ་ཉིད་ཡིན་ན་ཡང་། གདུལ་བྱའི་དབང་གིས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ངོ་བོར་སྣང་བ་འགལ་བ་མེད་དོ། །དཔེར་ན་གར་མཁན་གྱི་ལུས་དང་འདྲ་སྟེ། ཇི་ལྟར་དང་པོར་
ཟློས་གར་མཁན་གྱི་ལུས་ཀྱི་རྣམ་པ་ཉིད་དུ་སྣང་ལ། གླུའི་དུས་དང་རོལ་མོའི་གནས་སྐབས་དག་ཏུ་མཚན་སྣ་ཚོགས་པའི་ཆ་ལུགས་ཀྱི་དབང་གིས་ཁྱབ་འཇུག་དང་། ལྷ་ཆེན་པོ་དང་། ཚངས་པ་ལ་སོགས་པའི་གཟུགས་སུ་འཇིག་རྟེན་རྣམས་ལ་སྣང་སྟེ། དེའི་རང་གི་ངོ་བོ་ཉིད་ལ་
ཟློས་གར་མཁན་གྱི་ལུས་ཀྱི་ངོ་བོ་ཉིད་གནས་སྐབས་ཐམས་ཅད་དུ་ཡོད་པ་ཉིད་དོ་ཞེས་འཇིག་རྟེན་པ་རྣམས་ཐ་སྙད་དུ་འཇུག་གོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡང་རྟག་ཏུ་རྒྱུན་མི་འཆད་པར་བཞུགས་པ་མི་གནས་པའི་མྱ་ངན་ལས་འདས་
པའི་ངོ་བོ་སྟུག་པོ་བཀོད་པ་ན་བཞུགས་པ་ཡིན་ནོ། །དེ་སྐད་དུ། གཙང་མ་རིས་ཀྱི་སྟེང་གནས་པ། །གྲོང་ཁྱེར་རབ་དགའ་འོག་མིན་དུ། །རྫོགས་པའི་སངས་རྒྱས་དེར་འཚང་རྒྱ། །སྤྲུལ་པ་དག་ནི་འདིར་སངས་རྒྱས། །ཞེས་གསུངས་སོ། །ཡན་ལག་དྲུག་པའི་བཤད་པའོ། །
ད་ནི་འགོག་པ་མེད་ཅེས་བྱ་བས་ཡན་ལག་བདུན་པ་སྨོས་པ་ཡིན་ཏེ། འགོག་པ་ནི་ལོངས་སྤྱོད་རྫོགས་པའི་རྣམ་པར་ལྡོག་པ་དང་། རྣམ་པར་འཆད་པ་དང་། དུས་ཅུང་ཞིག་བཞུགས་ན་འཇིགས་པ་ཞེས་བྱ་བའི་བར་དུའོ། །འགོག་པ་དང་བྲལ་བར་གྱུར་པ་ནི་འགོག་པ་མེད་པའོ། །
དེ་ཡང་གང་ཞེ་ན། བསྒྲུབ་པར་བྱ་བ་ཞེས་བྱ་བའི་རང་བཞིན་ནོ། །སྙིང་རྗེས་གཞན་གྱི་དབང་དུ་གྱུར་པའི་ཕྱིར་དང་། སེམས་ཅན་གྱི་རྒྱུད་རྒྱུན་མི་འཆད་པའི་ཕྱིར་འཁོར་བ་ཇི་སྲིད་པར་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཡན་ལག་བདུན་པ་ཉེ་བར་བསྡུ་བའི་སྒོ་ནས། རང་གི་འདོད་པ་

ཉིད་ནི་ཡན་ལག་བདུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡན་ལག་བདུན་དུ་བཤད་པ་དེ་དག་དང་ལྡན་པའི་བསྒྲུབ་བྱ་སངས་རྒྱས་ཉིད་དང་། རྡོ་རྗེ་འཆང་ཉིད་ལ་སོགས་པ་བདེ་བ་ཆེན་པོའི་ངོ་བོ་གང་ཡིན་པ་བདག་འདོད་པ་སྟེ་བདུན་པའོ། །འདིར་ཞེས་བྱ་བ་ནི་
གསང་བ་འདུས་པའི་རྒྱུད་དུའོ། །བདག་ཉིད་གཅིག་པུ་འདོད་པ་མ་ཡིན་ཏེ། ཚད་མས་ཡོངས་བསྒོམས་བློ་ཡིས་སྔགས་པ་ཡང་ཡིན་ཏེ། མངོན་སུམ་ལ་སོགས་པའི་བློའི་ཚད་མས་ཡོངས་སུ་བསྒོམས་ཤིང་གོམས་པར་བྱ་བའི་བློ་གང་ལ་ཡོད་པ་དེ་ལ་ཚད་མས་ཡོངས་བསྒོམས་
བློ་ཅན་ཏེ། མཁས་པ་རྣམས་སོ། །དེ་དག་གིས་ཀྱང་སྔགས་ལ་རབ་ཏུ་བསྟོད་ཅིང་དེ་དག་ཀྱང་བཞེད་དེ་ཀུན་དུ་བཟང་པོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་བཞེད་གཞུང་ཡན་ལག་བདུན་དང་ལྡན་པའི་བསྒྲུབ་པ་བྱ་བ་བཞི་པ་ཡང་སྒྲུབ་
པའི་ཡན་ལག་བདུན་རྣམ་པར་དཀྲོལ་བ་སྟེ་ལེའུ་གཉིས་པའོ།། །།ཡན་ལག་བདུན་དང་ལྡན་པའི་བསྒྲུབ་བྱ་ཁྱོད་ཉིད་འདོད་པ་དང་མཁས་པ་གཞན་དག་གིས་བསྔགས་པ་ཡང་མ་ཡིན་ནམ། དེ་བཞིན་པའི་སྒྲས་བརྗོད་པ་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། སྨྲས་པ། དེ་ལྟར་སྒྲ་དང་ལྡན་
ཉིད་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་སྒྲ་དང་ལྡན་ཉིད་ཕྱིར། །ཞེས་བྱ་བ་ལ་སོགས་པ་རྒྱུ་རྣམ་པ་གསུམ་གྱི་ཡན་ལག་བདུན་དང་ལྡན་པའི་བསྒྲུབ་བྱ་ནི་བཞི་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །དེ་ལྟར་དེ་བཞིན་གཤེགས་པ་ཡང་། །ཞེས་བྱ་བའི་ངག་འདི་ལ་དེ་ལྟར་གྱི་
སྒྲས་ཤེས་རབ་ཡེ་ཤེས་ལྷར་མཚོན་པར་བྱེད་པ་ཉིད་ཡིན་ཏེ། དེ་ལྟར་ཞེས་བྱ་བའི་སྒྲས་བརྗོད་པར་བྱ་བ་ནི། དེ་ལྟར་སྒྲ་བརྗོད་པའོ། །དེ་ཡང་གང་ཞེ་ན། པདྨ་དང་རྡོ་རྗེ་ཀུན་ནས་རེག་པ་ལས་སྐྱེས་པ་ལུས་ཀྱི་བདེ་བ་གཅིག་པུའི་ངོ་བོ་དེ་དང་ལྡན་པ་ནི་བསྒྲུབ་པར་བྱ་བ་ཡན་ལག་བདུན་པའོ། །
དེའི་དངོས་པོ་ནི་དེའི་ངོ་བོ་ཉིད་དོ། །རྒྱུ་དེའི་ཕྱིར་རོ། །ངག་དེ་ཉིད་ལ་ཡང་གི་སྒྲ་ཡོད་པ་ཡིན་ཏེ། ཡང་གི་སྒྲ་དེའི་དོན་ནི་ཡང་གི་སྒྲའི་དོན་ཏོ། །སྦྱོར་བ་ནི་དེ་དང་ལྡན་པ་སྟེ། དེའི་ཕྱིར་ཡན་ལག་བདུན་དང་ལྡན་པའི་བསྒྲུབ་པར་བྱ་བ་ཉིད་དེ་ཡིན་ནོ། །ཡང་གི་སྒྲའི་དོན་ལ་དོན་གྱི་ཁྱད་པར་ཅི་

ཡོད་པ་མ་ཡིན་ནམ། འདི་ལ་ཁྱད་པར་ཞེས་བྱ་བ་ནི་གང་ཡིན། སྨྲས་པ། བདེ་བ་རྒྱ་ཆེ་བ་ཉིད་དང་། ཟག་པ་མེད་པ་ཉིད་དང་། གྱ་ནོམ་པ་ཉིད་དང་། རྒྱུན་མི་འཆད་པ་ཉིད་དང་། འཁོར་བ་ཇི་སྲིད་པར་གནས་པ་ཉིད་ལ་སོགས་པ་ནི་ཁྱད་པར་རོ། །དེ་ཡང་ཤེས་རབ་ཡེ་ཤེས་ཁྱད་པར་མེད་
པ་སྐད་ཅིག་མ་འདི་ལ་ནི་མི་སྲིད་པ། བསྒོམས་པས་མངོན་སུམ་དུ་གྱུར་པའི་སྐབས་ན་ནི་འགྱུར་བ་ཡིན་ནོ། །ཤེས་རབ་ཡེ་ཤེས་ནི་ལས་ཀྱི་ཕྱག་རྒྱའི་སྟོབས་ལས་བྱུང་བའི་སྐད་ཅིག་མ་ཙམ་ཟག་པ་དང་བཅས་པ་རྡོ་རྗེས་ཀུན་ནས་རེག་པའི་དུས་ཡིན་ན། ལས་ཀྱི་ཕྱག་རྒྱའི་ལུས་ལ་དམ་པར་
འཁྱུད་པའི་རྡུལ་ལ་སོགས་པ་དང་ལྡན་པ་སྡུག་བསྔལ་གྱིས་གྱ་ནོམ་པ་མ་ཡིན་པ་དང་། འཇིག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་སྐད་ཅིག་མ་ཡུན་ཐུང་བའི་དུས་སུ་གནས་པ་ཉིད་ཀྱི་ཕྱིར་རོ། །ནོར་བུ་ཙམ་ལ་གནས་པ་ཉིད་ཀྱིས་རྒྱ་ཆེ་བ་མ་ཡིན་ཏེ་ཡན་ལག་ཐམས་ཅད་ལ་མ་ཁྱབ་པའི་ཕྱིར་རོ། །
རྒྱུན་མི་འཆད་པར་གྱུར་པ་ཡང་མ་ཡིན་ཏེ་དེ་བཞིན་དུ་མི་སྣང་བའི་ཕྱིར་རོ། །འཁོར་བ་ཇི་སྲིད་པར་གནས་པར་གྱུར་པ་ཡང་མ་ཡིན་ཏེ། ལས་ཀྱི་ཕྱག་རྒྱའི་ཀུན་དུ་སྦྱོར་བ་མི་རྟག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཁྱད་པར་དེ་དག་ཤེས་རབ་ཡེ་ཤེས་ཀྱི་བདེ་བའི་ངོ་བོ་སྐད་ཅིག་ཙམ་གནས་པའི་
མཚན་ཉིད་ལ་མི་སྲིད་པ། དེ་ཉིད་མངོན་སུམ་དུ་གྱུར་པའི་གནས་སྐབས་མཚོན་པར་བྱ་བ་གང་ཡིན་པའི་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཡང་གི་སྒྲས་མཚོན་པར་བྱ་བ་ནི་བསྒྲུབ་པར་བྱ་བ་ཡན་ལག་བདུན་པའོ། །རྒྱུ་གསུམ་པ་ནི། དེ་བཞིན་སྒྲ་དོན་སྐྱེས་ཉིད་ཕྱིར། །ཞེས་བྱ་བ་
སྨོས་ཏེ། དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཤེས་རབ་ཡེ་ཤེས་ཏིང་ངེ་འཛིན་གསུམ་ལ་མཁས་པའི་ལས་ཀྱི་ཕྱག་རྒྱ་དང་ཐབས་ལ་སོགས་པ་ལས་སྐྱེས་པ་བཞིན་དུ། དེ་ལྟ་བུ་ཚོགས་པ་ཤེས་རབ་དང་ཐབས་དང་ལྡན་པ་ཡིན་པ་ལས་སྐྱེས་པ་དེ་བསྒྲུབ་པར་བྱ་བར་འགྱུར་རོ། །དེ་བཞིན་དུ་སྒྲ་དོན་
ལས་སྐྱེས་པ་གང་ཡིན་པ་དེ། དེ་བཞིན་སྒྲའི་དོན་སྐྱེས་ཉིད་དེ། དེའི་དངོས་པོ་ནི་དེ་ཉིད་ཡིན་པ་རྒྱུ་དེའི་ཕྱིར། ཡན་ལག་བདུན་དང་ལྡན་པའི་བསྒྲུབ་བྱ་དེ་བཞིན་ཉིད་དུ་བདག་འདོད་པ་ནི་ཡང་དག་པར་འདོད་ཀྱི། གཞན་དག་ནི་ཡན་ལག་གཉིས་པ་ལ་སོགས་པ་དང་བྲལ་བ་ཡིན་ནོ། །བཞི་པ་གཅིག་

པའི་ངོ་བོ་ཉིད་མ་ཡིན་ནམ། དེ་རྣམ་པ་བདུན་དུ་ཇི་ལྟར་རུང་ཞེ་ན། བདེན་ཏེ་སློབ་དཔོན་དུ་མའི་བསམ་པས་ཐ་དད་པའི་ཕྱིར། བཞི་པ་གཅིག་ཁོ་ན་ལ་དེ་དག་སོ་སོར་འདོད་པ་ཡིན་ནོ། །རྣམ་པ་བདུན་ཆར་ཡན་ལག་བདུན་དང་ལྡན་པ་མ་ཡིན་ནམ་ཞེ་ན། རྣམ་པ་བདུན་
པོ་ཉིད་ཡན་ལག་བདུན་དང་ལྡན་པ་མ་ཡིན་ལ། འོན་ཀྱང་རྣམ་པ་གཅིག་ཁོ་ན་ཡིན་ཏེ། ཇི་ལྟར་བཞི་པ་སྣང་བ་ལས་སྐུ་ནི་ནམ་མཁའ་དང་མཚུངས་ཞེས་བྱ་བས་རྣམ་པ་བཞི་པ་ཡིན་ནོ། །ཡན་ལག་བདུན་དང་ལྡན་པ་ཞེས་བྱ་བའི་རྒྱུས་དེ་ཉིད་བཞི་པ་མ་ཡིན་ནམ། དབང་བསྐུར་གྱི་སྒྲས་
བརྗོད་པ་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། སྨྲས་པ། ཇི་ལྟར་ཆུ་དང་ཅོད་པན་ལ་སོགས་པས་དྲི་མ་མེད་པར་བྱེད་པའི་ཕྱིར། དབང་བསྐུར་ཉིད་ཡིན་པ་དེ་བཞིན་དུ་ཡན་ལག་བདུན་དང་ལྡན་པའི་བསྒྲུབ་བྱས་ཀྱང་། རྣམ་པ་ཐམས་ཅད་དུ་དྲི་མ་མེད་པར་བྱེད་པའི་ཕྱིར། དབང་བསྐུར་བའི་ངོ་བོ་
ཉིད་ཡིན་ནོ། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས། དབང་བསྐུར་བ་ནི་གསུམ་དུ་དབྱེ། །བུམ་པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་ནི་གཉིས་པ་ཡིན། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །དེ་ལྟར་དེ་བཞིན་བཞི་པ་ཡང་། །རྒྱུད་འདི་ལས་ནི་རབ་ཏུ་བཤད། །ཅེས་བྱ་བ་འདིས་
དབང་བསྐུར་བ་རྣམ་པ་གསུམ་དུ་གསང་བ་འདུས་པའི་རྒྱུད་ལས་གསུངས་སོ། །དེ་ལ་ཇི་ལྟར་བཞི་པ་ཞེས་བྱ་ཞེ་ན། ཀྱེ་མའོ་བཤད་ཀྱང་རྨོངས་པ་རྣམས་ཀྱིས་རྟོགས་པར་མ་གྱུར་པ་ནི་དཀའོ། །འདི་ལྟར། དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་བྱ་བའི་སྒྲ་འདིས་མངོན་སུམ་དུ་ཐོས་པ་མ་
ཡིན་ནམ། མངོན་སུམ་དུ་ཐོས་པ་བདེན་ཏེ། འོན་ཀྱང་ཤེས་རབ་ཡེ་ཤེས་ཉིད་ལ་འདིར་བཞི་པའི་སྒྲར་བརྗོད་པ་ཡིན་ནོ། །ཅི་བཅོམ་ལྡན་འདས་ཀྱི་བཀའ་མི་སླུ་བ་མ་ཡིན་ནམ། གང་གིས་ཤེས་རབ་ཡེ་ཤེས་ཁོ་ན་བཞི་པ་ཡིན་ཞེས་གསུངས། བཅོམ་ལྡན་འདས་ཀྱི་བཀའ་སླུ་བ་ནི་མ་ཡིན་
ཏེ། དེ་ལྟ་ན་ཡང་མཁས་པ་སྙམ་སེམས་པ་བླ་མའི་མན་ངག་དང་བྲལ་བ་ཉིད་རྡོ་རྗེའི་ཚིག་ལ་སོགས་པས་ཁོང་དུ་ཆུད་པར་འདོད་པ་རྣམས་རྨོངས་པ་སྐྱེད་པའི་ཕྱིར། གསུམ་པ་ཁོ་ན་ལ་བཞི་པའི་སྒྲར་བསྟན་པ་ཡིན་ནོ་ཞེ་ན། སྙིང་རྗེ་ཆེན་པོ་དང་ལྡན་པ་མ་ཡིན་ནམ། ཇི་ལྟར་ན་སེམས་ཅན་ལ་

རྨོངས་པ་སྐྱེད་པའི་ཕྱིར་རམ། དཔེ་མཁྱུད་མཛད་པར་རིགས། ཇི་སྟེ་ཤེས་རབ་ཡེ་ཤེས་དེ་ཉིད་བསྒོམས་པས་མངོན་སུམ་དུ་བྱས་པར་གྱུར་པ་ལ་བཞི་པ་ཞེས་བྱའོ་ཞེ་ན། དེ་ལྟར་ན་མངོན་སུམ་དུ་བྱས་པ་དང་། མ་བྱས་པ་ཐ་དད་པའི་ཕྱིར་བཞི་པ་ཉིད་ཐོབ་པར་འགྱུར་རོ། །དབང་བསྐུར་རྣམ་
པ་གསུམ་དུ་དབྱེ། །ཞེས་བྱ་བས་དེའི་གནས་སྐབས་ཀྱི་ངག་འབྲེལ་པ་མ་ཡིན་ནམ། ཅི་སྟེ་བཅོམ་ལྡན་འདས་ཀྱི་དགོངས་པ་ཡང་བཞི་པ་ཉིད་ཐ་དད་པ་ཡིན་ན། གསུམ་དུ་དབྱེ་ཞེས་བྱ་བའི་བཀའ་འབྲེལ་བ་ཉིད་མེད་པ་ཐོབ་པར་འགྱུར་རོ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། དབང་བསྐུར་གང་
དག་བསྒོམས་པས་མངོན་སུམ་དུ་བྱས་པ་མེད་པ་དེར་དབྱེ་བ་རྣམ་པ་གསུམ་དུ་གསུངས་ལ། གང་བསྒོམས་པས་མངོན་སུམ་དུ་བྱ་བ་ཡོད་པ་དེར་བཞི་པ་ཡིན་པས་ཉེས་པ་མེད་དོ། །དེ་བས་བཤད་པའི་རིམ་པས་ཚད་མས་གྲུབ་པའི་བཞི་པོ་ཡོད་པ་ཡིན་ནོ། །ཅི་སྟེ་ཆུ་དང་ཅོད་པན་ལ་
སོགས་པའི་དབང་བསྐུར་བ་དགུ་པོ་འདི་དག་ལ། ཇི་ལྟར་ན། དབང་བསྐུར་གྱི་དབྱེ་བ་རྣམ་པ་གསུམ་དུ་བསྟན་ཞེ་ན། བདེན་ཏེ་འོན་ཀྱང་ཆུ་དང་ཅོད་པན་དང་། རྡོ་རྗེ་དང་བདག་པོ་དང་མིང་དང་སློབ་དཔོན་དུ་དབང་བསྐུར་བ་དྲུག་པོ་དེ་དག་ནི་གཅིག་ཏུ་བྱས་ནས། བུམ་པའི་དབང་ནི་དང་པོ་སྟེ། །
ཞེས་བསྟན་པ་ཡིན་ཏེ། ཐམས་ཅད་སྤྱན་ལ་སོགས་པས་ཡོངས་སུ་བཟུང་བའི་བུམ་པ་དག་གི་བྱ་བ་ཡིན་པའི་ཕྱིར་རོ། །གསང་བ་དག་ནི་ཤེས་རབ་དང་། །ཐབས་དང་འབྲེལ་པའི་པདྨ་དང་། རྡོ་རྗེ་དག་གིས་དབང་བསྐུར་བ་ནི་གཉིས་པའོ། །ཤེས་རབ་སྟེ་ལས་ཀྱི་ཕྱག་རྒྱ་ལས་དང་།
ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་ནི་ཤེས་རབ་ཡེ་ཤེས་ཏེ། ཐབས་ཀྱི་རྡོ་རྗེའི་ཆ་ལ་གནས་པ་དང་། ཤེས་རབ་ཀྱི་པདྨ་ལ་གནས་པ་ནི་གསུམ་པའོ། །དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་བྱ་བ་ནི། ཤེས་རབ་ཡེ་ཤེས་ཀྱིས་མཚོན་པར་བྱེད་པའི་ངོ་བོ་དེ་བསྒོམས་པས་ཁྱད་པར་དུ་འཕགས་པ་
མཚོན་པར་བྱ་བའི་ངོ་བོ་གསུངས་པ་ཁོ་ན་ལ་བཞི་པ་ཞེས་བྱའོ། །ད་ནི་བཞི་པ་སྣང་བ་ལས་སྨོས་པའི་རྡོ་རྗེ་ཞེས་བྱ་བའི་ཚིགས་སུ་བཅད་པས་སྐྱེ་བའི་རིམ་པ་བསྟན་པར་བྱ་སྟེ། དེ་ལ་རྡོ་རྗེ་ནི་རྡོ་རྗེའོ། །ས་བོན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་བརྡའོ། །དེ་འབབ་པ་ནི་འཛག་པ་སྟེ། སློབ་མའི་

ཁའི་ནམ་མཁའི་སྒོ་ནས་སྙིང་ལ་རབ་ཏུ་ཞུགས་པའོ། །དེས་དག་པ་ནི་དྲི་མ་མེད་པར་བྱས་ནས། སློབ་མའི་སེམས་ཞིང་དུ་གྱུར་པ་འདི་ནི་གསང་བའི་དབང་སྟོན་པར་བྱེད་པའོ། །དག་པ་ཡང་དེ་ཉིད་ཡིན་པ་དེ་ནི་པདྨ་རྣམ་པར་དག་པའི་ཆོ་གས་སོ། །ཆུ་སྐྱེས་
ཡང་དེ་ཡིན་ཏེ། ཤེས་རབ་ཀྱི་ཆུ་ལས་སྐྱེས་པའོ། །དེ་ལས་འབྱུང་བ་ནི་སྐྱེས་པ་སྟེ། ཡེ་ཤེས་གང་ཡིན་པ་དེ་ཉིད་མྱུ་གུའི་ཚུལ་ཅན་གྱི་ངོ་བོ་ཉིད་ཡིན་པས་མྱུ་གུའོ། །ད་བསྒོམས་པའི་རིམ་གྱིས་བཞི་པའི་འབྲས་བུ་དང་མཐུན་པ་ཡང་དག་པར་འཕེལ་བར་འགྱུར་བ་དེ་ཉིད་དུ། ཆུ་
སྐྱེས་ཡང་དག་མྱུ་གུ་འབྱུང་སྐྱེས་ཤིང་། །ཞེས་བྱའོ། །དེས་ཡན་ལག་བདུན་དང་ལྡན་པ་བཞི་པ་ཁོ་ནའི་འབྲས་བུ་བསྒྲུབ་པར་བྱ་བ་ནི་འབྲས་བུའོ། །ཡོངས་གསལ་སྨིན་པར་འགྱུར་བ་ཡི། །ཞེས་བྱ་བ་ནི་རྣམ་པར་གསལ་བར་འགྱུར་བ་སྟེ། མངོན་སུམ་དུ་འགྱུར་ཞེས་བྱ་བའི་ཐ་
ཚིག་གོ། །བདག་གིས་རིམ་པ་འདིས་བཞི་པ་གསལ་བར་བྱས་པ་ལ། གསལ་དུ་ཟིན་དང་མན་ངག་དང་། མང་དུ་ཐོས་པ་དང་བྲལ་བས་མཁས་པ་སྟེ། ལྔ་རིག་པ་ལ་ཡང་སྦས་པ་སྟེ་རྟོགས་པར་དཀའ་བའོ། །གང་ཞིག་རྡོ་རྗེའི་རྩེ་མོའི་ཆ་ལ་གནས་པ་ལྷན་ཅིག་སྐྱེས་པའི་བདེ་བའི་ངོ་བོ་
ཙམ་བཞི་པར་གཞུང་བྱེད་པར་འདོད་དེ་བཞི་པ་སྣང་བ་ལས། རྡོ་རྗེའི་ས་བོན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམ་པར་བཤད་པ་ཉིད་ཀྱི་ཕྱིར་རོ་ཞེས་བདག་ཉིད་ཀྱི་རྣམ་པར་རྟོག་པ་སྨྲས་ཏེ། དེ་དག་བདག་གི་བསམ་པ་ཡང་དག་པར་མི་ཤེས་པ་ཡིན་ནོ། །རྡོ་རྗེའི་རྩེ་མོའི་ཆ་ལ་
གནས་པ་བདག་གིས་བཞི་པར་འདོད་པ་མ་ཡིན་ཏེ། ཡན་ལག་བདུན་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ཡིན་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་རྣམ་པར་མ་བཤད་ཅིང་བླ་མའི་མན་ངག་ལས་ཤེས་པར་བྱ་བ་ཡིན་ནོ་ཞེས་སྨྲས་ན། བླ་མའི་མན་ངག་མེད་པར་འདོད་པ། མཁས་པའོ་
སྙམ་སེམས་པའི་མཁས་པའི་དྲེགས་པ་བསལ་བའི་ཕྱིར་རོ། །འོན་ཀྱང་གཞན་དག་གི་འདོད་པ་ཡང་བསྟན་པ་ཡིན་ཏེ། དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཉིད་ཀྱི་ཕྱིར། སློབ་དཔོན་བདག་ཉིད་ཀྱི་རྣམ་པར་རྟོག་པས་བཞི་པ་དམ་པ་མ་ཡིན་དུ་

ཟིན་ཀྱང་། རྣམ་པ་སྣ་ཚོགས་སུ་རྣམ་པར་རྟོག་པར་འགྱུར་ཏེ། ཇི་ལྟར་ལས་ཀྱི་ཕྱག་རྒྱ་ལ་ཀུན་དུ་སྦྱོར་བའི་རྡོ་རྗེའི་རྩེ་མོའི་ཆ་ལ་གནས་པའི་བདེ་བ་གང་ཡིན་པ་དེ་ཤེས་རབ་ཡེ་ཤེས་ཏེ། གང་དེ་ལས་འཕོས་པའི་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་བཞི་པ་ཡིན་ནོ། །དེ་བཞིན་དུ་ཤེས་རབ་
ཡེ་ཤེས་ཀྱི་དེ་མ་ཐག་པ་བྱང་ཆུབ་ཀྱི་སེམས་ལྕེས་བཟུང་བ་གང་ཡིན་པ་དེ་བཞི་པ་ཡིན་ནོ། །དེ་བཞིན་དུ་དེ་མ་ཐག་པ་ཁོ་ན་སྟེ། ཤེས་རབ་གཞན་ལས་ལོངས་སྤྱོད་པ་གང་ཡིན་པ་དེ་བཞི་པ་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཡེ་ཤེས་ཀྱི་དེ་མ་ཐག་པ་ཁོ་ནར་བདུད་རྩི་ལྔ་དང་ཤ་ཆེན་ལྔས་ཆོས་
འབྱུང་བའི་ཕྱག་རྒྱར་བཅུག་པ་བཟའ་བ་གང་ཡིན་པ་དེ་བཞི་པ་ཡིན་ནོ། །དེ་བཞིན་དུ་དེ་མ་ཐག་པ་ཉིད་དུ་ཡང་ཤེས་རབ་དེ་ཉིད་ཀྱི་གང་ཤེས་པ་དེ་ནི་བཞི་པ་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཡེ་ཤེས་ཀྱི་མཐར་རྡོ་རྗེ་འཆང་གི་ངོ་བོར་དབུགས་དབྱུང་བ་ནི་བཞི་པའོ། །དེ་བཞིན་དུ་དེ་མ་ཐག་པ་
འདི་ཆགས་པ་དང་བྲལ་བའི་སེམས་ལས་འདས་པའི་མཐར་ལྷན་ཅིག་སྐྱེས་པའི་གནས་སྐབས་སུ་བཏང་སྙོམས་ཀྱི་ཤེས་པ་བསམ་གྱིས་མི་ཁྱབ་པའོ་ཞེས་རྟོགས་པ་ནི་བཞི་པའོ། །དེ་བཞིན་དུ་དེ་མ་ཐག་པ་ཉིད་དུ་ཁམས་གསུམ་པ་འདི་དག་ཐམས་ཅད་རང་རིག་པའི་རང་བཞིན་ནོ་ཞེས་རྟོག་
པ་དེ་བཞི་པ་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཡེ་ཤེས་ཀྱི་དེ་མ་ཐག་པ་ཉིད་དུ་ཁམས་གསུམ་པ་འདི་དག་ཐམས་ཅད་བརྫུན་པའི་ངོ་བོ་ཉིད་དོ་ཞེས་བྱ་བར་རྟོགས་པ་གང་ཡིན་པ་དེ་བཞི་པ་ཡིན་ནོ། །དེ་བཞིན་དུ་དེ་མ་ཐག་པ་ཉིད་དུ་སྣའི་བུ་གར་རླུང་ཞུགས་པ་དང་། འབྱུང་བ་དག་གི་བར་གང་
ཡིན་པ་དེ་བཞི་པ་ཡིན་ནོ། །དེ་བཞིན་དུ་དེ་མ་ཐག་པ་ཉིད་དུ་དབུགས་འགགས་པ་གོམས་པར་བྱེད་པ་དེ་བཞི་པ་ཡིན་ནོ། །དེ་བཞིན་དུ་དེ་མ་ཐག་པ་ཉིད་དུ་ལྕེའུ་ཆུང་གིས་རོ་བདུད་རྩི་བཏུང་བ་དེ་བཞི་པ་ཡིན་ནོ། །དེ་བཞིན་དུ་དེ་མ་ཐག་པ་ཉིད་དུ་བུད་མེད་ཀྱི་ལས་ཀྱི་ཕྱག་རྒྱ་དང་། རིག་པ་འཛིན་མ་
ལ་སོགས་པ་སྟོན་པ་གང་ཡིན་པ་དེ་བཞི་པ་ཡིན་ཏེ། དེ་སྐད་དུ། ལས་ཀྱི་ཕྱག་རྒྱ་ཁྲོ་རྒྱུན་ཅན། །ཐག་རིངས་ཡོངས་སུ་སྤང་བར་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་དེ་མ་ཐག་པ་ཉིད་དུ་ལས་ཀྱི་ཕྱག་རྒྱ་ཡོངས་སུ་སྤངས་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་པ་གང་ཡིན་པ་དེ་བཞི་པ་ཡིན་ནོ། །

དེ་བཞིན་དུ་དེ་མ་ཐག་པ་ཉིད་ཀྱི་ཕྱག་རྒྱ་ཡང་རྣམ་པར་སྤངས་ནས། སྟོང་པ་ཉིད་ཀྱི་ངོ་བོ་ཕྱག་རྒྱ་ཆེན་པོ་གཅིག་པུ་བསྒོམ་པ་གང་ཡིན་པ་དེ་བཞི་པ་ཡིན་ནོ། །དེ་བཞིན་དུ་དེ་མ་ཐག་པ་ཉིད་དུ་འདོད་པའི་ཡོན་ཏན་ལྔ་པོ་རྒྱུན་མི་འཆད་པ་བསྟེན་པ་གང་ཡིན་པ་དེ་བཞི་པ་
ཡིན་ནོ། །དེ་བཞིན་དུ་ཐིག་ལ་དང་ནཱ་ད་ལས་འདས་ནས་སྙིང་གར་བཞུགས་པར་བསམས་པ་དེ་ནི་བཞི་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རང་གི་རྣམ་པར་རྟོག་པའི་བཟོས་རྣམ་པར་བརྟགས་པ་རྣམ་པ་སྣ་ཚོགས་པ་དེ་དག་བཞི་པར་བདག་མི་འདོད་དེ། ཡན་ལག་བདུན་དང་བྲལ་བ་ཉིད་
ཀྱིས་སྙིང་པོ་མེད་པའི་ཕྱིར་རོ། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་བཞེད་གཞུང་ཡན་ལག་བདུན་དང་ལྡན་པའི་བསྒྲུབ་པར་བྱ་བ་བཞི་པ་ལས། བཞི་པ་སྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།ཇི་ལྟར་དཔེ་ཆུང་ངུ་བྲིས་པའི་རྣམ་པ་བདུན་པོ་གང་ཡིན་པ་དེ་དག་ཐམས་ཅད་
ཉིད་ཡན་ལག་བདུན་དང་ལྡན་པའམ། བཞི་པའི་མཚན་ཉིད་དང་ལྡན་པ་ཡིན་ནམ། འོན་ཏེ་འགའ་ཞིག་དང་ལྡན་ཞེ་ན། སྨྲས་པ། དེ་དག་ཐམས་ཅད་ཡན་ལག་བདུན་དང་ལྡན་པ་མ་ཡིན་ཏེ། འདི་ལྟར། དེ་ལ་དང་པོའི་རྣམ་པ་ནི། །ཞེས་བྱ་བ་ཡན་ལག་གཅིག་དང་བྲལ་བ་དང་། རྣམ་
པ་གཉིས་པ་ནི་ལོངས་སྤྱོད་རྫོགས་པ་དང་། ཁ་སྦྱར་དག་དང་བྲལ་བ་ཉིད་ཡིན་པའི་ཕྱིར་ཡན་ལག་གཉིས་དང་བྲལ་བ་དང་། རྣམ་པ་གསུམ་པ་ནི་འབྲས་བུའི་གནས་སྐབས་ན་རྣམ་པ་གཉིས་པ་དང་བྲལ་བར་ཡན་ལག་གཉིས་དང་བྲལ་བ་དང་། རྣམ་པ་བཞི་པ་ནི་ཡན་ལག་བདུན་པ་
རྫོགས་པ་དང་བྲལ་བ་ཡིན་ནོ། །རྣམ་པ་ལྔ་པ་ནི་འབྲས་བུའི་གནས་སྐབས་ལོངས་སྤྱོད་རྫོགས་པ་དང་ཁ་སྦྱར་དང་བདེ་བ་ཆེན་པོ་སྟེ། ཡན་ལག་གསུམ་དང་བྲལ་བ་དང་། རྣམ་པ་དྲུག་པ་ནི་རྒྱུན་མི་འཆད་པ་ཞེས་བྱ་བའི་ཡན་ལག་གཅིག་དང་བྲལ་བ་དང་། རྣམ་པ་བདུན་པ་ནི་འབྲས་བུའི་གནས་
སྐབས་ན་ཡན་ལག་ཐམས་ཅད་དང་བྲལ་བ་ཡིན་ནོ། །ད་ནི་བཞི་པའི་མཚན་ཉིད་དང་བྲལ་བ་དང་མ་བྲལ་བ་བསྟན་པར་བྱ་བ་ཡིན་པས། དེ་ལ་རྣམ་པ་དང་པོ། དེ་ལྟར་སྒྲས་བརྗོད་ལྡན་ཉིད་ཕྱིར། །ཞེས་བྱ་བའི་མཚན་ཉིད་དང་བྲལ་བ་ཡིན་ཏེ། ཤེས་རབ་ཡེ་ཤེས་དང་འདྲ་བའི་ངོ་བོ་ཉིད་

འབྲས་བུའི་གནས་སྐབས་ན་མེད་པའི་ཕྱིར་རོ། །མཚན་ཉིད་ལྷག་མ་གཉིས་ནི་ཡོད་པ་ཉིད་དོ། །རྣམ་པ་གཉིས་པ་ན། དེ་བཞིན་སྒྲ་དོན་སྐྱེས་ཉིད་ཕྱིར། །ཞེས་བྱ་བའི་མཚན་ཉིད་དང་བྲལ་བ་ཡིན་ཏེ། ལྷ་ཉིད་ལ་ལྟོས་པ་མེད་པའི་བདེ་བ་འབའ་ཞིག་ཙམ་བསྒོམ་པའི་ཕྱིར་རོ། །མཚན་ཉིད་
ལྷག་མ་གཉིས་ནི་ཡོད་དོ། །རྣམ་པ་གསུམ་པ་ནི་འབྲས་བུའི་གནས་སྐབས་ན། དེ་བཞིན་སྒྲ་དོན་སྐྱེས་པའི་ཕྱིར། །ཞེས་བྱ་བའི་མཚན་ཉིད་དང་བྲལ་བ་ཡིན་ལ་ལྷག་མ་ནི་ཡོད་དོ། །རྣམ་པ་བཞི་པ་ནི་མཚན་ཉིད་གསུམ་པོ་དང་ལྡན་པ་ཡིན་ནོ། །རྣམ་པ་ལྔ་པ་ནི་འབྲས་བུའི་གནས་
སྐབས་ན། དེ་ལྟར་སྒྲས་བརྗོད་ལྡན་ཉིད་ཕྱིར། །ཞེས་བྱ་བ་དང་། དེ་བཞིན་སྒྲ་དོན་སྐྱེས་ཉིད་ཕྱིར། །ཞེས་བྱ་བའི་མཚན་ཉིད་དག་དང་བྲལ་བའོ། །རྣམ་པ་དྲུག་པ་ནི་ཡང་གི་སྒྲའི་ཕྱོགས་གཅིག་དང་བྲལ་བ་ཡིན་ཏེ། ཡང་གི་སྒྲའི་དོན་ནི་ཟག་པ་མེད་པ་ཉིད་དང་། གྱ་ནོམ་པ་ཉིད་དང་། ཆེ་བ་ཉིད་
དང་། འཁོར་བ་ཇི་སྲིད་པར་བཞུགས་པ་ཉིད་ཅེས་བྱ་བའི་ཁྱད་པར་རྣམས་ཡིན་ལ། དེའི་ཕྱོགས་གཅིག་རྒྱུན་མི་འཆད་པ་ཉིད་རྣམ་པ་དྲུག་པ་ལ་མེད་དེ་བར་དུ་རྒྱུན་ཆད་པའི་ཕྱིར་རོ། །རྣམ་པ་བདུན་པའི་བཞི་པའི་མཚན་ཉིད་གསུམ་ཀ་དང་བྲལ་བ་ཡིན་པའི་ཕྱིར་རོ། །འདིར་ཡང་ཡན་ལག་དང་
བྲལ་བ་དང་། མཚན་ཉིད་དང་བྲལ་བའི་རྣམ་པ་ཡང་དེ་དག་གི་འདོད་པས་བསྒོམས་པར་འགྱུར་ཏེ། རིག་པ་མེད་པར་རང་དབང་དང་འདོད་པས་འཇུག་པ་དག་ནི་སངས་རྒྱས་ཀྱིས་བཟློག་པར་ཡང་མི་སྤྱོད་དོ། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་བཞེད་གཞུང་ཡན་ལག་བདུན་
དང་ལྡན་པའི་བསྒྲུབ་པར་བྱ་བ་བཞི་པ་ལས། རྣམ་པ་བདུན་པོ་དང་མཚན་ཉིད་དང་བྲལ་མ་བྲལ་སྤྱོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ལྟར་ཡན་ལག་བདུན་དང་ལྡན་པའི་བསྒྲུབ་བྱ་འཇམ་པའི་རྡོ་རྗེ་ལ་སོགས་པའི་ངོ་བོ་འབའ་ཞིག་ཙམ་ཞིག་བསྒོམ་པར་བྱའམ་འཁོར་ལོ་ཅན་བསྒོམ་པར་
བྱ་བ་ལ། ཤེས་རབ་ཀྱིས་གཏན་ལ་ཕབ་པ་ལ་དད་པ་ཆེན་པོ་བྱས་ནས་བསྒོམ་པར་འདོད་པས་རབ་ཏུ་འབད་པར་བྱ་སྟེ། དེ་སྐད་དུ། དད་པ་ཉིད་ཀྱིས་ཆོས་རྣམས་བསྟེན། །ཤེས་རབ་ལྡན་ཕྱིར་དེ་ཉིད་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །འདི་ཡི་སྔོན་འགྲོ་དད་པ་ཡིན། །སྔོན་དུ་

འགྲོ་བའི་རིགས་པ་འདིས། །དད་པ་ཐེག་པ་མཆོག་ཡིན་ཏེ། །དེ་ཕྱིར་བློ་ཅན་འགྲོ་བ་ཡིས། །དད་པ་རྗེས་སུ་བསྟེན་པར་བྱ། །དད་པ་མེད་པའི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །མེ་ཡིས་ཚིག་པའི་ས་བོན་ལས། །ལྗང་བུ་སྔོན་པོ་མི་སྐྱེ་ལྟར། །
ཞེས་གསུངས་སོ། །དེ་ལ་ཡིད་དང་འཐད་པའི་གནས་འགའ་ཞིག་ཏུ་འདུག་སྟེ། ཡེ་ཤེས་ཞབས་ཀྱི་ཀུན་དུ་བཟང་པོའི་སྒྲུབ་ཐབས་ལས་སྨོས་པའི་ཁ་གདོང་ལ་སོགས་པ་ཡོངས་སུ་དག་པ་སྔོན་དུ་སོང་བ་དང་། སྡིག་པ་བཤགས་པ་ལ་སོགས་པ་དང་།བསྐྱེད་པའི་རིམ་པའི་ཡན་ལག་བཞི་
བསྙེན་པ་ལ་སོགས་པ་སྔོན་དུ་སོང་བའི་ཇི་སྲིད་ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་མཐར་ཐུག་པ་མ་ཚང་བ་མེད་པའི་ནན་ཏན་གྱི་ཆོ་གས་ཇི་སྲིད་དུ་མངོན་སུམ་དུ་གྱུར་པ་དེ་སྲིད་དུ་དུས་གསུམ་མམ། དུས་བཞིའམ། དུས་དྲུག་ཏུ་བསྒོམ་པར་བྱའོ། །ཅུང་ཞིག་ན་མཚན་མ་རྙེད་པར་
གྱུར་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་བསྐྱེད་པའི་རིམ་པ་ལ་ལྟོས་པ་མེད་པར་སྐད་ཅིག་ཉིད་ལ་བསྒོམ་པར་བྱ་སྟེ། དེ་སྐད་དུ། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྤྲོ་དང་བསྡུ་བ་མཛད་པའོ། །ཞེས་པའི་སྐད་ཅིག་གིས་བསྒྲུབས་པའི། །རྣལ་འབྱོར་རྫོགས་པ་དག་ཏུ་
བཤད། །དེ་བཞིན་དུ། དེ་ལྟར་རྟོགས་ནས་སྙིང་རྗེར་ལྡན་པ་དང་། །ཡེ་ཤེས་བསམ་ཡས་སྐད་ཅིག་གིས་བསྒྲུབས་པ། །དཔལ་ལྡན་ཀུན་དུ་བཟང་པོའི་རང་བཞིན་གྱིས། །ངོ་བོ་སུ་ཞིག་ངེས་པར་སྒོམ་མི་བྱེད། །ཅེས་གསུངས་སོ། །དེ་ཉིད་ཡུན་རིང་པོར་གུས་པ་དང་བཅས་པ་
རྒྱུན་མ་ཆད་པར་བསྒོམས་པར་གྱུར་ན། ཚེ་དེ་ཉིད་ལ་ཟླ་བ་དྲུག་ལ་སོགས་པས་མངོན་སུམ་དུ་གྱུར་པ་ཐེ་ཚོམ་མི་བྱའོ། །དེ་སྐད་དུ་ཡང་། ཚོགས་གཉིས་དག་ནི་རྫོགས་པ་ལས། །བྱང་ཆུབ་རྒྱུ་མཚན་ཡོད་མ་ཡིན། །ཚེ་འདི་ཉིད་ལ་སངས་རྒྱས་ཉིད། །འགྱུར་བ་གང་གིས་ཟློག་པར་
བྱེད། །དེ་བཞིན་དུ། ཀྱེ་མའོ་རྨོངས་ཉིད་ཀྱེ་མའོ་སྙོམ་ལས་ཅན། །མཛེས་པའི་དོན་ཡོད་ཀྱེ་མ་སྐྱེ་བོ་འདི། །རང་སེམས་ཙམ་དང་འབྲེལ་པའི་སངས་རྒྱས་ཉིད། །མདུན་ན་གནས་ཀྱང་གང་ཞིག་བསྟེན་མི་བྱེད། །ཅེས་གསུངས་སོ། །ཁྱིམ་ནོར་བུ་སོགས་སྡུག་བསྔལ་སྐད་ཅིག་

མ། །ཡང་འདི་མི་དགེ་བ་ཞེས་ཤེས་བྱས་ནས། །བསོད་སྙོམས་གཅིག་པུ་ཙམ་གྱིས་འཚོ་བྱ་བ། །ནགས་རི་རྒལ་དཀའ་བསྟེན་ལ་བསམ་གཏན་གྱིས། །མི་ལུས་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་བརྟུལ་ཏེ་སྒྲུབ། །ཤུགས་དྲག་རླུང་གིས་བསྐྱོད་པའི་མར་མེ་
ལྟར། །ཚེ་ནི་སྐད་ཅིག་གནས་པའི་གདེང་ཡོད་མིན། །བདག་གིས་སང་ནི་འདི་བྱ་གནང་ནི་འདི་དང་འདི་དག་བྱ། །བསམ་པ་དོན་མེད་རྙེད་འགྱུར་སྲིད་པ་མི་བརྟན་མི་རྟག་སྟེ། །འགྲོ་བ་བྱ་བ་མཐར་མ་ཕྱུང་བས་ཡུལ་གྱི་ཆུར་ལྷུང་སྟེ། །ཆུ་སྲིན་ཁར་མཚུངས་འཆི་བའི་སྒོར་ནི་རབ་ཏུ་ཞུགས་པར་
གྱུར། །གང་ཞིག་བསམས་ཏེ་བྱར་བརྩམས་ན། །དེ་ལས་གཞན་དུ་མི་བསམ་སྟེ། །དེར་གཏད་པ་ཡི་སེམས་པ་ཡིས། །དེ་ཉིད་རེ་ཞིག་བསྒྲུབ་པར་བྱ། །རྟ་བདུན་གྱིས་དྲངས་འཁོར་ལོ་གཅིག་པའི་ཤིང་རྟར་ཞུགས་ནས་ནི། །ལམ་ཡང་དམིགས་པར་མ་གྱུར་ཁ་ལོས་སྒྱུར་བ་དག་ཀྱང་རྐང་
པ་མེད། །ཉི་མའི་བདག་ཉིད་ཉིན་རེ་མཐར་མེད་ནམ་མཁའི་མཐར་ཡང་འགྲོ་ཞིང་བསྐོར། །སྐྱེས་བུ་ཡིད་བརྟན་གྱུར་པས་མཐར་ཐུག་ཕན་བྱེད་བྱ་བ་ཅིས་མི་སྒྲུབ། །འཇིག་རྟེན་མ་ལུས་པ་དག་བསྲེག་བྱ་ཞེས། །གལ་ཏེ་འབད་ཀྱང་གྲུབ་པར་མི་འགྱུར་བཞིན། །ཤིན་ཏུ་བརྟུན་པས་མཉམ་
མེད་ལས་བྱེད་པ། །སྙན་མིན་སྨད་པའི་ལས་ཡིན་ཡིད་བརྟེན་དག་གིས་མིན། །ས་གཞི་ཉི་མས་གདུངས་པའི་སྟེང་གི་སྨིག་རྒྱུ་ལ་ནི་རི་དྭགས་གང་། །སྐོམ་པས་གདུངས་པར་གྱུར་པ་ཆུ་ཚོལ་བྱེད་པས་ལུས་དུབ་ཀྱང་མི་ལྡོག །དེ་ཉིད་ཤེས་པར་མ་གྱུར་པས་ན་ཆུ་གཞན་དག་ཀྱང་ཚོལ་མི་བྱེད། །
གནས་མིན་པ་ལ་ཆགས་པར་གྱུར་པའང་འབྲས་བུ་བགེགས་ཀྱང་བྱེད། །ཅེས་བྱ་བ་ནི་བསྒོམ་པའི་དོན་ལ་རབ་ཏུ་སྤྲོ་བ་བསྐྱེད་པའོ། །དེ་ལྟར་བདེ་གཤེགས་བསྟན་པ་རྒྱ་མཚོ་བློ་ཡི་སྲུབ་ཤིང་གིས་བསྲུབས་ནས། །ལྷ་ཡི་ཚོགས་ཀྱིས་བདུད་རྩི་བཞིན་དུ་བདག་གིས་བསོད་ནམས་གང་ཐོབ་པ། །
དེས་ནི་སྲིད་གསུམ་སྐྱེ་བོ་མཐའ་དག་མ་ལུས་པ་ཡིས་ཡན་ལག་བདུན། །རྟོགས་པར་གྱུར་ནས་དོན་དམ་ཉིད་ནི་མྱུར་དུ་ཐོབ་འགྱུར་ཤོག །དཔལ་ལྡན་གསང་བ་འདུས་པ་ལས། །དྲི་མེད་དང་མཆོག་མཐར་ཕྱིན་པས། །ངག་གི་དབང་ཕྱུག་དེ་ཡིས་འདི། །བྱས་པས་བློ་ངན་འཇིག་གྱུར་ཅིག །

སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་བཞེད་གཞུང་ཡན་ལག་བདུན་དང་ལྡན་པའི་བསྒྲུབ་པར་བྱ་བ་བཞི་པ་ལས། བསྒོམ་པ་ལ་སྤྲོ་བ་བསྐྱེད་པའི་ལེའུ་ཞེས་བྱ་བ་སྟེ་ལྔ་པའོ།། །།ཡན་ལག་བདུན་དང་ལྡན་པའི་བསྒྲུབ་པར་བྱ་བའི་ཚིགས་སུ་བཅད་པ་གཉིས་
ཀྱི་བཤད་པ་རྫོགས་སོ།། །།གཞུང་འདི་མཁས་པ་རྣམས་ཀྱིས་ནི། །ལེགས་པར་རྣམ་པར་བརྩི་བྱས་ནས། །བརྒྱ་ཕྲག་རྣམ་པ་བཞི་དག་དང་། །ཉི་ཤུ་རྩ་ལྔར་ཡང་དག་ལྡན། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་ཡན་ལག་བདུན་དང་ལྡན་པའི་བཞི་པ་རྫོགས་
སོ།། །།ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་དཔེ་ལས་ཞུ་གཏུགས་གཡར་ཁྲལ་འཚལ་བ་ལགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏཏྟྭཱ་རཏྣ་ཨཱ་ལོ་ཀ། བོད་སྐད་དུ། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་
ལ་ཕྱག་འཚལ་ལོ། །དཔེ་མེད་བདེ་བའི་ངོ་བོ་དཔལ་གྱི་གནས་གྱུར་གནས་འདྲེན་པ། །དཔེ་མེད་ལྷ་མོ་བཅུ་ཡི་ངོ་བོ་རིག་དང་རིག་པར་བཅས། །སྲིད་པ་གསུམ་ཕན་བདེ་བ་ཐོབ་མཛད་འགྱུར་མིན་འགྱུར་བ་མེད། །ཇི་སྲིད་རེ་བ་སྣང་བར་ཕྱག་ན་པདྨ་རྒྱལ་གྱུར་ཅིག །དཔལ་ལྡན་
སྔགས་ཀྱི་གཞུང་ལུགས་མཛེས་པའི་དབང་བཞིའི་ངོ་བོ་དག །རབ་ཏུ་གསལ་བའི་སྒྲས་སྟོང་གྱུར་པས་གང་གིས་མི་ཤེས་ཤིང་། །དུ་མའི་མན་ངག་བདུན་གྱི་དབྱེ་བའི་ཚོགས་ཀྱིས་ཡོངས་འཁྲུགས་པ། །དེ་དག་རྣམས་ཀྱིས་གསལ་བར་རྟོགས་པར་བྱ་ཕྱིར་འབད་པས་བྱ། །དེ་ཉིད་
བསྒྲུབ་བྱའི་ངོ་བོར་རིག་པ་ལ། །མུ་སྟེགས་མ་ལུས་བློ་རྣམས་རྣམ་པར་འཁྲུལ། །དེ་ལས་རིག་བྱེད་མཐར་ནི་སྨྲ་བ་ཡི། །སྐྱེ་བོ་རྣམས་ནི་དེ་ཉིད་མཆོག་ཅེས་སྨྲ། །དགའ་བའི་ངོ་བོ་རང་རིག་མི་གཡོ་ཞིང་། །བསྒྲུབ་བྱར་འདོད་པ་རིག་བྱེད་མཐའ་ཅན་པའོ། །ཉན་ཐོས་རང་རྒྱལ་བཅས་པ་
གཟུགས་ལ་སོགས། །ཕུང་པོ་དག་དང་བྲལ་བ་བསྒྲུབ་བྱར་འདོད། །རྣམ་པས་སྟོང་པ་ནམ་མཁའ་ཟླ་བའི་ངོ་བོ་ཉིད། །སོ་སོར་རང་རིག་སྙིང་རྗེའི་རང་བཞིན་ཅན། །མཛེས་པའི་མཚན་རྣམས་ཀྱིས་བརྒྱན་དོན་མཛད་པ། །སྦྱིན་ལ་སོགས་པའི་རྒྱུ་མཐུན་བདེ་བྲལ་བ། །སྦྱིན་སོགས་ཕ་རོལ་

ཕྱིན་དྲུག་ཚུལ་གནས་པ། །དཀའ་བཅས་སྐུ་ནི་མཛེས་པའི་མཚན་གྱིས་བརྒྱན། །ས་བཅུར་བཞུགས་པས་ཡང་དག་ལོངས་སྤྱོད་པ། །འགྲོ་དོན་མཛད་པ་བསྒྲུབ་བྱར་རབ་ཏུ་སྨྲ། །སྦྱིན་སོགས་ཡོན་ཏན་མ་ལུས་ཡོངས་རྫོགས་པ། །རྫོགས་སངས་མཛད་པ་མ་ལུས་མཛད་ནས་ནི། །གང་
ཞིག་ཡང་དག་མཐའ་ནི་མངོན་མཛད་པ། །འགོག་པའི་ངོ་བོ་བསྒྲུབ་བྱ་ཡང་དག་ཡོད། །ཉིད་མཚུངས་ལྷ་མོས་འཁྱུད་ཅིང་འགྲོ་བ་ཡི། །དོན་མཛད་བདེ་སྡུག་ཉིད་བྲལ་ངོ་བོ་ཉིད། །སྐུ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །རྟོག་པ་དང་བྲལ་བསྒྲུབ་བྱར་རབ་ཏུ་འཆད། །དང་པོ་ཉིད་ནས་ལྷ་ཡི་
རྣམ་པ་དག །ཁྱད་པར་གྱིས་སྟོང་བདེ་བ་ཡང་དག་བསྒོམ། །གསལ་འགྱུར་བདེ་ཆེན་འགྲོ་བའི་དོན་མཛད་པ། །ཡིད་བཞིན་ནོར་བུར་གྲགས་པ་ཁ་ཅིག་སྨྲ། །རང་བདག་བདེ་བའི་ངོ་བོ་མངོན་བྱས་ནས། །ཕྱིས་བཏང་བདེ་བ་ཙམ་ཞིག་འབྲས་འགྱུར་བའོ། །དག་པ་མངོན་སུམ་བྱེད་པར་ནུས་
མེད་ནས། །དེ་ཕྱིར་བདག་པོའི་རྣམ་པ་བསྒོམ་པ་ཡིན། །སྐུ་ནི་ནམ་མཁའ་དང་མཚུངས་ཡན་ལག་མཚན་གྱིས་བརྒྱན། །དཔེ་མེད་བདེ་བས་གང་བ་ཉིད་དང་མཚུངས་པར་འདུས་པ་དང་། །ཐུབ་པའི་དབང་པོ་འཕྲོ་བས་སེམས་ཅན་རྣམས་ཀྱི་དོན་མཛད་པ། །ཆད་པས་སྟོང་པ་བསྒྲུབ་བྱ་ཉིད་དུ་
གཞན་དག་རབ་ཏུ་སྨྲ། །རང་བདག་བདེ་བའི་ངོ་བོ་མངོན་བྱས་ནས། །བཏང་སྙོམས་ངོ་བོ་ཡེ་ཤེས་ཙམ་འབྲས་བུ། །འཁོར་བ་སྲིད་ཞུགས་སེམས་ཅན་དོན་མཛད་པ། །ཡིད་བཞིན་ནོར་གྲགས་གཅིག་ཏུ་ཞི་གྱུར་པའོ། །དཀྱིལ་འཁོར་བདེ་གང་མངོན་སུམ་བྱས་ནས་ནི། །ཕྱིས་ནི་དེ་རང་འདོད་
པས་ངེས་ལྡོག་པ། །སེམས་ཅན་དོན་ཡང་ཡོད་དེ་འདིར་མེད་མིན། །གང་ཕྱིར་ངེས་པར་ལྡོག་ལས་རབ་ཏུ་བྱུང་། །དེ་རྣམས་ལས་འདོད་ངོ་བོ་གསལ་བྱས་ལ། །ཕྱིར་ནི་འགོག་པས་འབྲས་བུ་ཁ་ཅིག་སྨྲ། །གང་ཕྱིར་འགོག་པའི་ངོ་བོ་ཐ་དད་མིན། །དེ་ཕྱིར་ཐ་དད་ཕྱོགས་ཀྱིའམ་ཐ་དད་མེད། །
ཤེས་རབ་ཡེ་ཤེས་ཕྱིས་ནི་བྱང་ཆུབ་སེམས། །རོ་མྱང་དབང་བཞིར་འཆད་པ་དེ་མཆོག་མིན། །གང་ཕྱིར་བསྒོམ་སོགས་ཀུན་སྩོལ་དོན་མེད་པ། །ཐོབ་འགྱུར་དེ་འབྲས་རབ་ཏུ་མི་རུང་ཕྱིར། །ཤེས་རབ་ཡེ་ཤེས་ཕྱིར་ནི་དགའ་བའི་རོ། །མྱོང་རྙེད་དབང་བསྐུར་བཞིར་སྨྲ་དེ་དམན་ཏེ། །གང་ཕྱིར་

བསྒོམ་སོགས་ཀུན་ལ་རབ་ཏུ་སྩོལ། །སངས་རྒྱས་ཀྱིས་གསུངས་འབྲས་མེད་རབ་ཐལ་འགྱུར། །རྡོ་རྗེའི་ས་བོན་དྲི་མེད་དགའ་འབབ་པ། །དག་པའི་ཆུ་སྐྱེས་ཡང་དག་མྱུ་གུ་འབྱུང་རྒྱས་ཤིང་། །བཞི་པའི་འབྲུ་ནི་ཡོངས་གསལ་སྨིན་འགྱུར་བའི། །བཞི་པ་དག་
ནི་མཁས་པ་རྣམས་ལ་སྦས། །གསལ་བྱེད་བདུད་རྩི་ལྔ་དང་ཐིག་ལེ་ཟླ་བ་དང་། །སྨིན་དབུས་ཐིག་ལེ་ལས་བྱུང་དཀྱིལ་འཁོར་དང་། །རླུང་གི་རང་བཞིན་ལྕེའུ་ཆུང་སོགས་དེ་ཉིད། །ངོ་བོ་མིན་པ་བདག་ཉིད་ཀྱིས་རྟག་ཏུ། །རྨི་ལམ་མིག་འཕྲུལ་གཟུགས་བརྙན་སྒྱུ་མ་དང་། །སྨིག་རྒྱུ་དྲི་མའི་
གྲོང་ཁྱེར་ཆུ་ཟླ་དང་། །གཞན་གྱི་སྒྲ་ཡིས་མངོན་པར་བརྗོད་པ་ཡིས། །འདིར་བཤད་བསྒྲུབ་བྱ་གཞན་ལ་ཡོད་མ་ཡིན། །ཟབ་མོ་སྟོང་ཉིད་སོ་སོར་སྣང་བ་ཙམ། །ཞི་བ་ཤིན་ཏུ་ཕྲ་བ་སྒྲས་བརྗོད་མིན། །གོས་མེད་དངོས་བྲལ་དྲི་མེད་ལ་སོགས་དང་། །གཞན་སྒྲུབ་ཡོད་པ་འཁྲུལ་པར་མི་
བྱའོ། །རྣམ་པ་བདུན་པོ་བཀོད་པའི་ངོ་བོ་དག་ལས་ནམ་མཁའ་མ་ལུས་པའི། །སློབ་དབྱིངས་ཁྱབ་པར་བྱེད་པའི་བསོད་ནམས་གང་ཞིག་བདག་གིས་ཐོབ་གྱུར་པ། །དེས་ནི་འཇིག་རྟེན་འདི་དག་དཔེ་མེད་པ་ཡི་རིག་མས་འཁྱུད་པར་འགྱུར་བ་ཡི། །མཛེས་པའི་སྐུ་ལས་རྒྱལ་
བའི་སྤྲུལ་པ་དག་གིས་འགྲོ་བའི་དོན་བྱེད་ཤོག །དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏཏྟྭཱ་རཏྣ་ཨཱ་ལོ་ཀ་བྱཱ་ཁྱཱ་ན། བོད་སྐད་དུ། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་རྣམ་པར་བཤད་
པ། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །འོད་དཔག་མེད་པ་རིན་ཆེན་གྱིས། །འོད་ཀྱིས་སྤྱི་གཙུག་མཛེས་པ་ཡི། །འཇིག་རྟེན་དབང་ལ་ཕྱག་འཚལ་ལོ། །བཞི་པའི་སྣང་བར་རབ་བཤད་བྱ། །དཔེ་མེད་ཅེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱག་ན་པདྨ་བསྣམས་
པ་དེ་ནི་ཕྱག་ན་པདྨ་སྟེ། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ཡིན་ལ། དེ་རྒྱལ་བར་གྱུར་ཅིག་ཅེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཞིག་དང་ལྡན་ཞེ་ན། དཔེ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེ་མེད་པ་ནི་ཤིན་ཏུ་གྱ་ནོམ་པ་ཉིད་དང་། རྒྱ་ཆེ་བ་ཉིད་དང་། འཁོར་བའི་མཐའི་

བར་དུ་གནས་པའི་མཚན་ཉིད་ཀྱི་ཆོས་དང་ལྡན་པ་སྟེ། གཞན་དག་ལ་དེ་མེད་པའི་ཕྱིར་རོ། །གང་གིས་རང་བཞིན་བདེ་བ་ཉིད་ཀྱི་ངོ་བོ་དཔེ་དང་བྲལ་བར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་ཡང་ཁྱད་པར་ཇི་ལྟ་བུ་ཞིག་དང་ལྡན་ཞེ་ན། དཔལ་དེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་
མཚན་ཉིད་ཡིན་ལ། དེའི་གནས་ནི་གཞིར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་སྐུའི་ངོ་བོ་ཉིད་ཀྱིས་ཀུན་དུ་འགྲོ་བ་ཉིད་ཡིན་པའི་ཕྱིར། སོ་སོར་ངེས་པའི་གནས་མེད་པས་ན་གནས་མེད་པའོ། །ཡང་ཁྱད་པར་ཅི་འདྲ་ཞེ་ན། དཔེ་མེད་རྣམས་ཏེ། གཟུགས་མཆོག་ཏུ་
གྱུར་པ་དང་། ན་ཚོད་དང་། སྒེག་པ་ལ་སོགས་པའི་ཉམས་དང་སྙིང་རྗེ་ཆེན་པོ་ལ་སོགས་པ་དང་ལྡན་པ་ཉིད་ཀྱིས་ན་དཔེ་མེད་པ་སྟེ། དཔེ་ལས་འདས་པའི་གཟུགས་རྡོ་རྗེ་ལ་སོགས་པ་ནས། སྒྲོལ་མའི་མཐར་ཐུག་པའི་ལྷ་མོ་བཅུའི་ངོ་བོ་རིག་མའི་འཁོར་གྱིས་བསྐོར་བ་གང་ལ་ཡོད་པ་དེ་
ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་རང་གི་འོད་ཀྱིས་རིག་པ་སྟེ། ཤེས་རབ་དང་ལྷན་ཅིག་འཇུག་པའི་ཕྱིར་རིག་པ་དང་བཅས་པའོ། །སྲིད་པ་གསུམ་ནི་འཇིག་རྟེན་གསུམ་ན་གནས་པའི་སྐྱེ་བོའོ། །གང་ལ་ཕན་པ་ནི་མ་འོངས་པའི་ཕན་པ་སྟེ། སངས་རྒྱས་ཉིད་ལ་སོགས་པའོ། །དེ་ལ་བདེ་
བ་ནི་འཕྲལ་གྱི་ཕན་པ་སྟེ། འཁོར་ལོས་སྒྱུར་བ་ཉིད་ལ་སོགས་པའོ། །དེ་ཐོབ་པ་ནི་རྙེད་པ་སྟེ་མངོན་དུ་བྱས་པའོ། །དེ་དག་སྒྲུབ་པར་མཛད་པོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཉིད་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་རྙེད་པས་རྣམ་པ་
གཞན་དུ་མི་འགྱུར་བའི་ཕྱིར་འགྱུར་བ་མེད་པ་ཡིན་ཏེ་དེ་ལྟ་བུའི་ཁྱད་པར་ཅན་གྱི་བཅོམ་ལྡན་འདས་རྒྱལ་བར་གྱུར་ཅིག་ཅེས་བྱ་བའོ། །དུས་ཇི་སྲིད་དུ་ཞེ་ན། ཇི་སྲིད་རེ་བ་སྣང་བར་ཞེས་བྱ་བ་སྨོས་ཏེ། རེ་བའི་ངོ་བོའི་སྒྲས་ནི་ཕྱོགས་བཅུ་ནམ་མཁའི་རང་བཞིན་པའམ། ཡང་ན་རེ་བ་སྟེ། སེམས་ཅན་
ཐམས་ཅད་སྲིད་པའི་ལོངས་སྤྱོད་ལ་སྲེག་པའོ། །རེ་བ་དེ་སྣང་བ་ནི་གསལ་བ་དང་། རབ་ཏུ་འཇུག་པ་དང་། རབ་ཏུ་སྐྱེ་བའི་བར་དུ་སྟེ། དེ་སྲིད་དུ་བཅོམ་ལྡན་འདས་རྒྱལ་བར་གྱུར་པ་ནི་ཁྱབ་འཇུག་དང་། ལྷ་ཆེན་པོ་དང་། ཚངས་པ་ལ་སོགས་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པར་གྱུར་

ཅིག་ཅེས་བྱ་བའི་དོན་ཏོ། །དེ་ལ་དཔེ་མེད་བདེ་བའི་ངོ་བོ་ཞེས་བྱ་བ་འདིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །དཔལ་གྱི་གནས་འགྱུར་ཞེས་བྱ་བ་ནི་དེའི་ཐབས་ཡིན་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ནི་དཔལ་གྱི་སྒྲས་མངོན་པར་བརྗོད་པའི་ཕྱིར་
རོ། །སྲིད་པ་གསུམ་ན་ཕན་དང་བདེ་བ་ཐོབ་པར་མཛད། །ཅེས་བྱ་བ་འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །དཔེ་མེད་ལྷ་མོ་བཅུ་ཡི་ངོ་བོ་རིག་དང་རིག་མར་བཅས། །ཞེས་བྱ་བ་འདིས་ནི་དེའི་ཐབས་ཡིན་ཏེ། ལྷ་མོ་བཅུ་དང་དམ་པའི་སྐུ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་
བྱད་བཟང་པོ་བརྒྱད་ཅུའི་རྣམ་པས་སྟོང་ན། གཞན་གྱི་དོན་ཕུན་སུམ་ཚོགས་པ་རྣམ་པ་ཐམས་ཅད་དུ་མཛད་པའི་མཐུ་མི་མངའ་བའི་ཕྱིར་རོ། །དཔལ་ལྡན་སྔགས་ཀྱི་གཞུང་ལུགས་ཤེས། །ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཀྱི་གཞུང་ལུགས་ཞེས་བྱ་བའི་སྒྲས་ནི། རྣལ་འབྱོར་གྱི་
རྒྱུད་སྤྱིར་རྗོད་པར་བྱེད་པ་ཡིན་དུ་ཟིན་ཀྱང་ཤུགས་ཀྱིས་དཔལ་གསང་བ་འདུས་པ་ཡོངས་སུ་གཟུང་བར་བྱ་སྟེ། གཞན་དག་ལ་བཞི་པའི་དོན་མི་སྲིད་པའི་ཕྱིར་རོ། །ལྷག་མ་ནི་གོ་སླའོ། །དུ་མའི་མན་ངག་ཅེས་བྱ་བ་ལ་སོགས་པ་ལ། འདས་པ་དང་མ་འོངས་པ་དང་། ད་ལྟར་གྱི་སློབ་དཔོན་དུ་
མའི་མན་ངག་གི་ཚོགས་ཡང་དག་པར་བསྡུས་པའི་མདུན་གྱི་དབྱེ་བས་ཡོངས་སུ་དཀྲུགས་པ་ནི། རྣམ་པར་དཀྲུགས་པས་རྣམ་པ་ཐམས་ཅད་ལ་རྣམ་པར་ཁྱབ་པ་སྟེ། དེས་བསྒྲུབ་པར་བྱ་བ་དཀྲུགས་པའོ། །གསལ་བར་རྟོགས་པར་བྱ་བའི་ཕྱིར། །ཞེས་བྱ་བ་ནི་བདེ་བར་གནས་པར་
ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བསྒྲུབ་བྱའི་ཞེས་བྱ་བ་ལ་སོགས་པ་ལ། མུ་སྟེགས་ཅན་གང་ལ་ཀུན་ནས་འཁྲུལ་པ་སྟེ། རྣམ་པར་འཁྲུལ་པའི་བློ་ཤེས་རབ་ཀྱི་བྱེ་བྲག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མུ་སྟེགས་ཅན་དེ་དག་ཐམས་ཅད་བདག་དང་བདག་
གིར་འཛིན་པའི་ལིང་ཏོག་གིས་བློའི་མིག་ཁེབས་པར་གྱུར་པས། དེ་ཁོ་ན་ཉིད་འདི་ཞེས་སམ། བསྒྲུབ་པར་བྱ་བ་ནི་འདི་ཞེས་དེ་ཁོ་ན་ཉིད་དང་། བསྒྲུབ་པར་བྱ་བ་དེའི་རང་གི་ངོ་བོ་གང་ཡིན་པ་རིག་ཅིང་ཁོང་དུ་ཆུད་པར་བྱ་བ་དེ་དག་ལ་འཁྲུལ་པའོ། །ལྷག་མ་ནི་གོ་སླའོ། །དེ་ཁོ་ན་ཉིད་

དང་བསྒྲུབ་པར་བྱ་བ་དག་ནི་བླང་བར་བྱ་བ་ཉིད་དུ་ངོ་བོ་གཅིག་པ་མ་ཡིན་ནམ། ཅིའི་ཕྱིར་དེ་ཁོ་ན་ཉིད་དང་། བསྒྲུབ་པར་བྱ་བ་ཞེས་དབྱེ་བ་བསྟན་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། དེ་ཁོ་ན་ཉིད་ནི་བླང་བར་བྱ་བ་ཉིད་ཡིན་ཡང་བདེ་བ་དང་སྡུག་བསྔལ་དང་། བཏང་སྙོམས་ལ་སོགས་པ་སོ་སོར་
སྣང་བའི་ཚོགས་མ་ལུས་པ་ལ་ཤེས་བྱ་ཙམ་དུ་ཁྱབ་པར་བྱེད་པ་ཡིན་ལ། བསྒྲུབ་པར་བྱ་བ་ཡང་མངོན་པར་འདོད་པར་བྱ་བ་མ་ཡིན་པ་ལས་བཟློག་པར་འདོད་པའི་མཚན་ཉིད་ཀྱིས་བླང་བར་བྱ་བ་ཉིད་ཡིན་ཀྱང་། སྲོག་ཆགས་ཐམས་ཅད་ཀྱིས་གདོན་མི་ཟ་བར་བསྒྲུབ་པར་བྱ་བ་མ་ཡིན་པ་
ལས་བཟློག་པ། བསྒྲུབ་པར་བྱ་བའི་འབྲས་བུ་ཉིད་དུ་མངོན་པར་འདོད་པའི་ཕྱིར་ཉེས་པ་མེད་དོ། །དེ་ལ་རེ་ཞིག་རིག་བྱེད་ཀྱི་མཐར་སྨྲ་བའི་མངོན་པར་འདོད་པའི་བསྒྲུབ་པར་བྱ་བ་ནི་དགའ་བའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དགའ་བའི་ངོ་བོ་ནི་རྟག་ཏུ་བདེ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །
རང་རིག་པ་ནི་གསལ་བའི་ངོ་བོ་ཉིད་ཡིན་གྱིས་བདག་ཉིད་རབ་ཏུ་སྣང་བ་ཉིད་ཀྱི་ཕྱིར་རོ། །མི་གཡོ་བ་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཀྱིས་བསྐྱོད་པར་མི་ནུས་པའི་ཕྱིར་རོ། །ཞི་བ་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པས་སྟོང་པ་ཉིད་དུ་ཡོངས་སུ་བརྟགས་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུ་བསྒྲུབ་
པར་བྱ་བ་ལ་བདུན་པ་ལ་ནི་འདོད་པར་གྱུར་པའོ། །གང་ཉན་ཐོས་དང་བཅས་པ་འཇུག་པའི་རང་རྒྱལ་བ་ནི་བསེ་རུ་ལྟ་བུ་སྟེ། གཅིག་པུ་རྒྱུ་བ་དང་། ཚོགས་ཀྱིས་སྤྱོད་པའི་རང་སངས་རྒྱས་དག་བསྒྲུབ་བྱར་འདོད་དོ། །ཅི་འདྲ་བ་ཞིག་ཅེ་ན། གཟུགས་ལ་སོགས་པའི་ཕུང་པོ་དང་བྲལ་བའོ། །གཟུགས་དང་། ཚོར་བ་དང་། འདུ་
ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་མཚན་ཉིད་དག་གི་ཕུང་པོ་རྣམས་ནི་སྤུངས་པ་སྟེ་བྲལ་བ་དང་རྣམ་པར་ཆད་པ་དང་འགགས་པར་གྱུར་པ་ཞེས་བྱ་བའི་བར་དུའོ། །འདི་སྐད་བསྟན་པར་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཕུང་པོ་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་
མེད་པའི་དབྱེ་བས་མྱ་ངན་ལས་འདས་པ་ཐ་དད་ཀྱང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཁོ་ན་མངོན་སུམ་དུ་བྱ་བའི་ཕྱིར་བསྒྲུབ་པར་བྱ་བར་ཞུགས་པ་ཡིན་ནོ། །ད་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་སྨྲ་བ་དག་ལ་མངོན་པར་འདོད་པའི་བསྒྲུབ་པར་བྱ་བ་རྣམ་པ་བཞི་བསྟན་པའི་ཕྱིར། རྣམ་པ་སྟོང་པ་ཞེས་བྱ་བ་

ལ་སོགས་པ་སྨོས་ཏེ། རྣམ་པ་ནི་སྔོན་པོ་དང་། སེར་པོ་དང་། བདེ་བ་དང་སྡུག་བསྔལ་ལ་སོགས་པ་སྣ་ཚོགས་པའི་རྣམ་པའོ། །དེས་སྟོང་པ་སྟེ་རྣམ་པ་མེད་པའོ། །རྣམ་པ་མེད་པ་དེ་ཉིད་ཀྱི་ཕྱིར་ནམ་མཁའ་ལྟ་བུའོ། །གང་གི་རང་བཞིན་ཟླ་བ་དང་འདྲ་བར་འོད་གསལ་
བའི་ངོ་བོ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སོ་སོར་རང་རིག་པ་གཅིག་པུའི་ངོ་བོ་རིག་པའོ། །འདིར་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དག་ལས་འགྲོ་བ་མ་ལུས་པ་གདོན་པར་འདོད་པའི་སྙིང་རྗེའི་རང་བཞིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་དུ་བཤད་པར་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་ཉེ་
བར་སྟོན་པའི་སྒྲས་བརྗོད་པར་བྱ། སྔོན་པོ་དང་། སེར་པོ་ལ་སོགས་པའི་རྣམ་པ་སྣ་ཚོགས་པས་སྟོང་ཞིང་སྣང་བ་མེད་ལ། དྲི་མ་མེད་པ་ནམ་མཁའ་ལྟ་བུར་དག་པ་འགྲོ་བ་མ་ལུས་པའི་དོན་བྱེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་སོ་སོར་རང་གིས་རིག་པའི་བསྒྲུབ་པར་བྱ་བ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་
ཚུལ་གྱིས་བསྒྲུབ་པར་བྱ་བ་དང་པོའོ། །མཛེས་པ་ཡང་དེ་ཉིད་ཡིན་ལ། མཚན་ཡང་དེ་ཉིད་ཡིན་པས་ན་མཛེས་པའི་མཚན་སུམ་ཅུ་རྩ་གཉིས་ཞེས་བྱ་སྟེ། དེས་བརྒྱན་པའོ། །དོན་ནི་སྐྱེ་བོ་རྣམས་ཀྱིས་དགོངས་པ་སྟེ། དེ་མཛད་པའི་ངང་ཚུལ་ཅན་གྱི་རང་བཞིན་གང་ལ་ཡོད་པ་དེ་ནི་དོན་མཛད་པའོ། །
སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་རྒྱུ་མཐུན་པ་དེ་ནི། རང་གི་མཐའི་སྟོབས་ཀྱིས་འདྲ་བའི་འབྲས་བུའོ། །སྡུག་བསྔལ་སྔར་སྤངས་པ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཡང་སྔོན་དུ་བྱས་པའི་གནས་སྐབས་ན་མེད་པའི་ཕྱིར་བཏང་སྙོམས་ཀྱི་ངོ་བོ་ཉིད་ཀྱི་བདེ་བ་ཉིད་མེད་པ་ནི་བདེ་བྲལ་བའོ། །འདི་སྐད་དུ་
བསྟན་པར་འགྱུར་ཏེ། མཚན་སུམ་ཅུ་རྩ་གཉིས་འཛིན་ཅིང་དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་སྤྲས་པའི་སྐུས། འགྲོ་བ་མ་ལུས་པའི་དོན་མཛད་པ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གོམས་པར་མཛད་པའི་སྟོབས་ཀྱིས་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་ཉིད་བདེ་བ་དང་། སྡུག་
བསྔལ་སྤངས་པའི་བཏང་སྙོམས་ཀྱི་ངོ་བོ་ཉིད་ནི་བསྒྲུབ་པར་བྱ་བ་གཉིས་པ་ཡིན་ནོ། །དགའ་བཅས་ཞེས་བྱ་བ་ལ་སོགས་པ་ལ། དགའ་བ་དང་ལྷན་ཅིག་འཇུག་པའི་ཕྱིར་དེ་དག་དགའ་བ་དང་བཅས་པ་ཡིན་ལ། མཛེས་པའི་མཚན་རྣམས་ཀྱིས་བརྒྱན་པའི་སྐུ་ཡང་ཡིན་པས་སོ། །ཡང་དག་ལོངས་སྤྱོད་པ་

ནི། ཆོས་བསྟན་པའི་སྒོ་ནས་ཉེ་བར་ལོངས་སྤྱོད་པར་གྱུར་པའོ། །སུ་ཞིག་གིས་ཤེ་ན། ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཏེ། ས་ལྷག་མ་རྣམས་ན་གནས་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར། ས་བཅུ་བརྙེས་པ་སྤྱན་རས་གཟིགས་དང་འཇམ་དཔལ་ལ་སོགས་པ་རྣམས་ཀྱིས་ལོངས་སྤྱོད་པར་བྱ་བ་
མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ལྷག་མ་ནི་གོ་སླའོ། །འདི་སྐད་དུ་བཤད་པར་འགྱུར་ཏེ། གནས་གཙང་མའི་སྟེང་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཕོ་བྲང་སྟུག་པོ་བཀོད་པ་ཞེས་བྱ་བ་ན་ཇི་ལྟར་བཅོམ་ལྡན་འདས་དགའ་བའི་ངོ་བོ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཅན། སྤྲུལ་པའི་
སྐུའི་སྒོ་ནས་འགྲོ་བ་མ་ལུས་པའི་དོན་ཡང་དག་པར་སྒྲུབ་པར་མཛད་པ་ཉན་ཐོས་དང་རང་སངས་རྒྱས་དང་། ས་དགུའི་དབང་ཕྱུག་རྣམས་ཀྱིས་ཀྱང་མི་མཐོང་བའི་སྐུ་ཅན། ས་བཅུའི་དབང་ཕྱུག་མཆོག་ཏུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཁོ་ནས་ཆོས་གསན་པའི་སྒོ་ནས་ཉེ་བར་ལོངས་སྤྱད་པར་བྱ་བ་
འཁོར་བ་ཇི་སྲིད་ནས་བཞུགས་ཏེ། དེ་ལྟ་བུའི་བསྒྲུབ་པར་བྱ་བ་གསུམ་པ་ཡིན་ནོ། །སྦྱིན་སོགས་ཞེས་བྱ་བ་ལ་སོགས་པ་ལ་ཡོན་ཏན་འདུ་བྱེད་གོམས་པར་བྱེད་པའི་ཕྱིར། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡོན་ཏན་ཡིན་ལ་དེ་དག་ཡང་དག་པར་རྫོགས་པ་སྟེ། ཡོངས་སུ་རྫོགས་པར་བྱས་
ནས། གང་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ངེས་པར་མཛད་པར་བྱ་བ་མ་ལུས་པ་དེ་ཡང་མཛད་ནས། ཡང་དག་པའི་མཐའ་སྟེ་གང་སེམས་དང་སེམས་ལས་བྱུང་བ་འགོག་པའི་བདག་ཉིད་སྟོང་པའི་མཚན་ཉིད་མངོན་སུམ་དུ་མཛད་པའོ། །དེ་ཡང་བསྒྲུབ་བྱར་ཡོད་པ་ཡིན་ནོ་ཞེས་ཕ་རོལ་ཏུ་ཕྱིན་པའི་
ཚུལ་ལ་གནས་པ་དག་དེ་སྐད་སྨྲ་བ་བསྒྲུབ་པར་བྱ་བ་བཞི་པ་ཡིན་ནོ། །ད་ནི་སྔགས་ཀྱི་ཚུལ་དུ་བཤད་པའི་བསྒྲུབ་པར་བྱ་བ་རྣམ་པ་བདུན་བསྟན་པའི་ཕྱིར། ཉིད་མཚུངས་ལྷ་མོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉིད་དང་མཚུངས་པའི་ལྷ་མོས་འཁྱུད་པའི་ངང་ཚུལ་ཅན་གྱི་རང་བཞིན་གང་ལ་མངའ་
བ་དེ་ནི། ཉིད་མཚུངས་ལྷ་མོས་འཁྱུད་པ་ཅན་ནོ། །རྟོག་པ་དང་བྲལ་བ་ནི་རྟོག་པ་མེད་ཅིང་སྤངས་པ་སྟེ། རྣམ་པར་མི་རྟོག་པ་ཞེས་བྱ་བའི་བར་དུའོ། །གཞན་ནི་གོ་སླའོ། །འདིའི་དོན་ནི་འདི་ཡིན་ཏེ། ཡང་དག་པར་འཁྱུད་པ་སྟེ། ཉིད་དང་མཚུངས་པའི་ལྷ་མོས་འཁྱུད་པ་ཅན། འགྲོ་བ་མ་ལུས་པའི་

དོན་མཛད་པའི་སྐུ་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་རྣམ་པར་བརྒྱན་པ་བཏང་སྙོམས་ཀྱི་ངོ་བོ་ཉིད་དུ་འཁོར་བ་ཇི་སྲིད་དུ་བཞུགས་པ་མངོན་དུ་བྱ་བ་ཡིན་ནོ་ཞེས་བྱ་བ་བསྒྲུབ་པར་བྱ་བ་དང་པོའོ། །དང་པོ་ཉིད་ནས་ཞེས་བྱ་བ་ལ་སོགས་པ་ལ་ལྷའི་རྣམ་པའི་ཁྱད་པར་ཏེ། བདག་ཉིད་ཀྱིས་
འདོད་པའི་ལྷའི་རྣམ་པས་སྟོང་པ་དང་། རྣམ་པ་མེད་པ་ཞེས་བྱ་བའི་བར་དུའོ། །དང་པོ་ཉིད་ནས་ཞེས་བྱ་བ་ནི། ཐོག་མ་ཉིད་ནས་བཤད་མ་ཐག་པའི་ལྷའི་རྣམ་པ་ཉིད་ལ་ལྟོས་པ་མེད་པར་བདེ་བ་ཡང་དག་པར་བསྒོམ་པར་བྱ་བ་རྣམ་པར་བསྒོམས་པས་མངོན་སུམ་དུ་བྱ་བ་གསལ་བ་མ་ཡིན་པ་གསལ་བར་
བྱས་པར་གྱུར་པའི་བདེ་བ་ཆེན་པོ་ཞེས་བྱ་བར་འགྱུར་རོ། །དེ་ཡང་འགྲོ་དོན་མཛད་པ་ནི་ཡིད་བཞིན་གྱི་ནོར་བུ་དང་མཚུངས་པའི་ཚུལ་དུའོ། །འདི་སྐད་བཤད་པར་འགྱུར་ཏེ། བཤད་མ་ཐག་པ་ཉིད་ཀྱི་སྔགས་དང་ཕྱག་རྒྱ་དང་ལྷའི་རྣམ་པ་ཉིད་སྤངས་ཏེ། བདེ་བ་འབའ་ཞིག་ཙམ་བསྒོམས་པས་གསལ་བར་
བྱས་ལ་བདེ་བ་ཆེན་པོ་ཞེས་བྱ། ཡིད་བཞིན་གྱི་ནོར་བུ་བཞིན་དུ་འགྲོ་བ་མ་ལུས་པའི་དོན་མཛད་པ་སྒྱུ་མ་ལྟ་བུའི་འཁོར་བ་ཇི་སྲིད་པར་བཞུགས་པ་ནི་བསྒྲུབ་པར་བྱ་བ་གཉིས་པའོ། །རང་བདག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ་རང་གི་བདག་པོ་ནི་རང་གི་འདོད་པའི་ལྷ་ཉིད་དོ། །བདེ་བའི་ངོ་བོ་ཉིད་ནི་བདེ་བ་གཅིག་
པུའི་རང་བཞིན་ནོ། །མངོན་བྱས་པ་ནི་ཀུན་ནས་མངོན་སུམ་དུ་བྱས་པ་ཡིན་ནོ། །ཕྱིས་ལྷའི་རྣམ་པ་ཉིད་ཡོངས་སུ་བཏང་ནས་སྒྲུབ་པའི་འབྲས་བུ་བདེ་བ་ཙམ་ལ་གནས་པར་གྱུར་པའོ། །གལ་ཏེ་མངོན་སུམ་དུ་བྱས་ནས་ཀྱང་ལྷའི་རྣམ་པའི་ངོ་བོ་ཉིད་གཏང་བར་བྱ་བ་ཡིན་པ་དེ་ལྟ་ན་ནི། དང་པོ་ཉིད་ཅིའི་ཕྱིར་
རྣམ་པར་སྒོམ་པར་བྱེད་དེ། བསྒྲུབ་པར་བྱ་བ་གཉིས་པ་བཞིན་དུ་བདེ་བ་ཙམ་ཉིད་ཅི་སྟེ་བསྒོམ་པར་བྱ་བ་མ་ཡིན་ནམ་ངལ་བ་དོན་མེད་པས་ཅི་ཞིག་བྱ་ཞེ་ན། དག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དག་པ་འབའ་ཞིག་ལྷའི་རྣམ་པ་དང་། རྣམ་པར་བྲལ་བའི་བདེ་བ་ཙམ་ཁོ་ན་མངོན་སུམ་དུ་བྱེད་མི་ནུས་ཏེ། རྣམ་
པ་དང་བྲལ་བའི་བདེ་བ་འབའ་ཞིག་མི་དམིགས་པའི་ཕྱིར་རོ། །རྒྱུ་དེའི་ཕྱིར་རང་