Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 44

Văn bản gốc(Tây Tạng)

Trang 12 / 19 (50.000 ký tự/trang)
་མ་སྤངས་པར་ཁྱོད་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་
བརྗོད་པས་དམ་ཚིག་གི་ཆུ་སྦྱིན་པར་བྱའོ། །དེ་ནས་སློབ་མས་འདི་ལྟར་བརྗོད་དུ་གཞུག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་ལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ་ཞེས་བྱའོ། །དེ་ནས་སློབ་མའི་སྙིང་གར་ལཾ་སེར་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྩེ་གསུམ་

ལས་མཚན་པའི་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་ལ་ཡི་གེ་ཧཱུྃ་གནས་པའོ། །སྤྱི་བོར་བཾ་ཡིག་ལས་སྐྱེས་པའི་བུམ་པས་མཚན་པའི་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་ལ་ཡི་གེ་ཧཿགནས་པའོ། །མགྲིན་པར་ཡཾ་ཡིག་ལས་སྐྱེས་བ་གཡོ་བའི་བ་དན་གཉིས་ཀྱིས་
མཚན་པའི་དུ་བའི་མདོག་ཅན་གཞུའི་རྣམ་པ་ལྟ་བུ་རླུང་གི་དཀྱིལ་འཁོར་ལ་ཡི་གེ་ཨཱཿགནས་པའོ། །རྐང་པའི་མཐིལ་དུ་རླུང་གི་དཀྱིལ་འཁོར་གྱིས་སྦར་བའི་གྲུ་གསུམ་པ་འོད་ཟེར་འཕྲོ་བའི་མེའི་དཀྱིལ་འཁོར་ལ་ཡི་གེ་ཛྷེཾཿགནས་པའི་འོད་ཟེར་དང་བཅས་པ་བསྒོམས་ཏེ། དྲེགས་པ་དང་བཅས་
པའི་དྲིལ་བུ་དཀྲོལ་ལ། ཨཱ་བེ་ཤ་ཡ་སྟྭཾ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཧཱུྃ་ཧཿཨཿཛྷཻཾཿཞེས་བརྗོད་ནས་ལྕེ་ལ་ཡི་གེ་ཨཱཿདམར་པོ་བསམས་ནས་འོད་དཔག་ཏུ་མེད་པའི་གཟུགས་སུ་བསྒོམ་པར་བྱའོ། །བབས་ནས་བུ་ཁྱོད་དགེ་དང་མི་དགེ་སྨོས་ཞེས་བྱ་བ་བརྗོད་དོ། །སྨྲ་བ་ཤེས་ནས་ཨོཾ་ཏིཥྛ་བཛྲ། ཞེས་བྱ་
བས་བརྟན་པར་བྱའོ། །ཁྱོད་ཀྱི་མིག་ལ་ཅི་སྣང་ཅི་མཐོང་ཞེས་དྲིས་ནས། དེ་ནས་དེ་ཡིས་བརྗོད་དེ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོ་མཐོང་ན། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་དངོས་གྲུབ་ཀྱི་སྣོད་དང་ལྡན་པར་བརྗོད་ནས་བདེན་པའི་བྱིན་གྱི་རླབས་
བརྗོད་པར་བྱ་སྟེ། དེ་ལྟར་དཀྱིལ་འཁོར་ཡང་དག་འདིར། །བདག་གིས་སློབ་མ་གཞུག་པ་ལ། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག །ལྷ་རྣམས་ཀྱི་ནི་རིགས་ཀྱི་རིམ། །ཇི་ལྟར་དངོས་གྲུབ་རིམ་པ་འདི། །གང་གི་རིགས་ཀྱི་སྣོད་ཡིན་ལ། །ཇི་ལྟར་བསོད་ནམས་མཐུ་ཡིས་ནི། །དཀྱིལ་
འཁོར་འདིར་ཡང་དེ་བཞིན་ཤོག །དེ་ནས་མེ་ཏོག་གི་ཕྲེང་བ་དེ། པྲ་ཏཱིཙྪ་བཛྲ་ཧོཿཞེས་བྱ་བ་འདི་ཡིས་དཀྱིལ་འཁོར་ལ་བསྒྱུར་བར་བྱའོ། །དེ་ནས་མེ་ཏོག་ལྷུང་བ་ལ། དམན་པ་དང་། འབྲིང་དང་། མཆོག་གི་དངོས་གྲུབ་མཚོན་པར་བྱའོ། །དེ་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི་དབུའི་སྤྱི་
གཙུག་གི་དཔྲལ་བར་བབས་ན་དེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ།།གལ་ཏེ་སྤྱན་ནམ་ཞལ་ལ་བབས་ན་དེ་སྔགས་ཀྱི་དངོས་གྲུབ་བོ། །ཡན་ལག་མཆོག་ལ་ནི་མཆོག་གོ། །ཡན་ལག་འབྲིང་ལ་ནི་འབྲིང་ངོ་། །སྨད་ཀྱི་ཆ་ལ་ནི་ཐ་མའོ། །གཟུགས་ལས་ཤིན་ཏུ་རིང་བར་

བབས་ན་ཕྲན་ཚེགས་སོ། །ཉེ་བ་ནི་དངོས་གྲུབ་མྱུར་དུ་འགྲུབ་པའོ། །ལྷ་རྣམས་ཀྱི་རང་གི་རེའུ་མིག་གི་གནས་ལ་རྣམ་པར་དཔྱད་པའི་ཕྱིར་ཤེས་པར་བྱའོ། །གལ་ཏེ་ལྷ་གཉིས་ཀྱི་དབུས་སུ་ལྷུང་ན། དེའི་ཚེ་མེ་ཏོག་གང་དང་ཉེ་བར་བབས་པ་དེའི་རིགས་ཡིན་ནོ། །དཀྱིལ་འཁོར་གྱི་ཕྱི་རོལ་
དུ་བབས་ན་ཕྲན་ཚེགས་ཀྱི་དངོས་གྲུབ་བོ། །གལ་ཏེ་དཀྱིལ་འཁོར་གྱི་མཚམས་ཀྱི་ཕྱི་རོལ་ལ་བབས་ན། དེའི་ཚེ་ཡང་བསྐྱུར་དུ་གཞུག་གོ། །ལན་གསུམ་དུ་བྱས་ཏེ་དེ་ལ་དེ་ཉིད་དུ་བབས་ན་དངོས་གྲུབ་མེད་དེ། ཕྱིའི་རྡོ་རྗེ་ར་བའི་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་མེད་དོ། །ནང་དུ་བབས་ན་ཤིན་ཏུ་
དཀའ་བས་སོ་ཞེས་བྱ་བ་ནི་མེ་ཏོག་བསྐྱུར་བའི་ཆོ་གའོ། །དེ་ནས་ཡང་མེ་ཏོག་ཕྲེང་བ་དེ་ཡང་བླངས་ནས། སློབ་མའི་སྤྱི་བོར་བཅིང་བར་བྱ་སྟེ། པྲ་ཏི་གྲྀཧྣ་སྟྭཾ་མི་མཾ་སཏྭ་མ་ཧཱ་བ་ལ། ཞེས་བྱ་བ་བརྗོད་དོ། །མིག་གཉིས་ལ་ཡི་གེ་ཨོཾ་བསམས་ནས། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་
འབྱེད་པ་ལ་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་བྱ་བ་བརྗོད་ནས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ་སྟེ། དབུས་སུ་རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ་ཤར་ལ་སོགས་པའི་ཕྱོགས་སུ་གཟུགས་ནི་
རྣམ་པར་སྣང་མཛད་དོ། །ཚོར་བ་ནི་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ནི་འོད་དཔག་ཏུ་མེད་པའོ། །འདུ་བྱེད་ནི་དོན་ཡོད་གྲུབ་པའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་སའི་ཁམས་ནི་སྤྱན་མའོ། །ཆུའི་ཁམས་ནི་མཱ་མ་ཀཱིའོ། །མེའི་ཁམས་ནི་གོས་དཀར་མོའོ། །རླུང་གི་ཁམས་
ནི་སྒྲོལ་མའོ། །ཕྱིའི་དཀྱིལ་འཁོར་གྱི་མེ་ལ་སོགས་པའི་མཚམས་བཞི་དང་ཤར་ཕྱོགས་ཀྱི་སྒོའི་མཚམས་རྣམས་སུ་གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་། རེག་བྱ་རྡོ་རྗེ་མ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའོ། །གཤིན་རྗེ་མཐར་བྱེད་དང་། པདྨ་མཐར་བྱེད་དང་།
ཤེས་རབ་མཐར་བྱེད་དང་། བགེགས་མཐར་བྱེད་རྣམས་ནི་ཤར་ལ་སོགས་པའི་སྒོར་གནས་པའོ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །ད་ནི་དབང་བསྐུར་བའི་ཆོ་ག་བརྗོད་པར་བྱ་སྟེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས། །མཆོད་ཆེན་ཇི་ལྟར་བྱིན་པ་ལྟར། །བདག་ཀྱང་བསྒྲལ་

བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་གསོལ། །ཞེས་བྱ་བས་གསོལ་བ་གདབ་པ་དང་ལྡན་པའི་སློབ་མ་མི་བསྐྱོད་པའི་གཟུགས་སུ་དམིགས་ནས། རང་རིག་སྐྱེས་བུའི་ཆུ་ཡིས་ནི། །ཀུན་དུ་བུམ་པའི་རྒྱན་རྣམས་ཀྱིས། །དབང་བསྐུར་རྡོ་རྗེ་ཅན་བསམས་ནས། །
རྡོ་རྗེ་ཐུགས་ནི་རབ་ཏུ་བསྒོམ། །རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་ཆུ་བླངས་ནས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་བ་གསུམ་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་བྷི་ཥིཉྩཱ་མི་སྟྭཾ། ཞེས་བྱ་བ་བརྗོད་ནས། སློབ་མ་འཁོར་
ལོས་སྒྱུར་བ་བཞིན་དུ་དབང་བསྐུར་བར་བྱའོ་ཞེས་བྱ་བ་ནི་ཆུའི་དབང་བསྐུར་བའི་ཆོ་ག་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ནས་གོང་དུ་བསྟན་པའི་རིམ་པས་གསེར་རམ་གོས་ལ་སོགས་པ་ལས་བྱས་པའི་དབུ་རྒྱན་རིན་ཆེན་འབྱུང་ལྡན་གྱི་སྦྱོར་བས་སློབ་མའི་མགོ་ལ་སྦྱིན་པར་བྱའོ། །ཨོཾ་སརྦྦ་
བུདྡྷ་ཙུ་ཌ་མཱ་ཎི་མ་ཧཱ་མ་གུ་ཏཾ་པྲ་ཏཱིཙྪ་བཛྲ་ཧོཿ། ནམ་མཁའི་ཁམས་ཀྱི་ཡོངས་སུ་གཏོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རིགས་ཀྱི་བདག་པོའི་གཟུགས་ཀྱི་དབུ་བརྒྱན་ལ་ཉེ་བར་གནས་པ་བསམ་པར་བྱའོ་ཞེས་བྱ་བ་ནི་དབུ་རྒྱན་གྱི་དབང་བསྐུར་བའི་ཆོ་ག་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །
དེ་ནས་རྡོ་རྗེ་རྩེ་ལྔ་པ་ཆེན་པོ་ལག་པས་སྙིང་གར་བཞག །སློབ་མ་འཇིག་རྟེན་དབང་འདྲ་ཞིང་། །རྡོ་རྗེ་སེམས་དཔའ་ཞེས་དབང་བསྐུར། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དངོས་གྲུབ་ཕྱིར་ན་རྡོ་རྗེ་ལོང་། །ཞེས་བྱ་བ་བརྗོད་
ལ། རྡོ་རྗེ་སྙིང་ག་ལ་སོགས་པར་གཏུགས་ནས། ལག་པ་གཡས་པར་རྡོ་རྗེ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེའི་དབང་གི་ཆོ་ག་སྟེ། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །དེ་ནས་དོན་ཡོད་གྲུབ་པའི་གཟུགས་སུ་དམིགས་ནས། ལག་པ་གཡོན་པས་དྲིལ་བུ་བྱིན་ལ་སློབ་མ་རྡོ་རྗེ་དྲིལ་བུ་དང་ལྡན་
པའི་ལག་པ་གཉིས་ཀྱིས་འཁྱུད་པའི་རྣམ་པ་ལྟར་བྱས་ནས། ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་མ་ཧཱ་ས་མ་ཡ་སྟྭཾ། ཞེས་བྱ་བ་ནི་དྲིལ་བུའི་དབང་གི་ཆོ་ག་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ནས། མིང་གི་དབང་བསྐུར་

བར་བྱ་སྟེ། མགོ་བོར་རྡོ་རྗེ་དྲིལ་བུ་བཞག་ནས། ཨོཾ་བཛྲ་སཏྭ་ཏྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏཿ། ཀྱེ་དཔལ་ཞེ་སྡང་རྡོ་རྗེ། ཀྱེ་དཔལ་གཏི་མུག་རྡོ་རྗེ། ཀྱེ་དཔལ་ང་རྒྱལ་རྡོ་རྗེ། ཀྱེ་དཔལ་འདོད་ཆགས་རྡོ་རྗེ། ཀྱེ་དཔལ་ཕྲག་དོག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་རིགས་དང་རྗེས་སུ་མཐུན་
པའི་ངོ་བོ་ཉིད་ཀྱིས་མིང་བྱའོ། །མི་བསྐྱོད་པ་ནི་དགྱེས་པའི་རྡོ་རྗེ་དང་། ལོངས་སྤྱོད་རྡོ་རྗེ་དང་། དགའ་བའི་རྡོ་རྗེ་དང་། སྒེག་པའི་རྡོ་རྗེ་དང་། རོལ་པའི་རྡོ་རྗེ་དང་། རང་བྱུང་རྡོ་རྗེ་དང་། ཞེ་སྡང་རྡོ་རྗེ་དང་། ཀྱཻ་རྡོ་རྗེ་དང་། སྙིང་རྗེ་སྟོབས་ཀྱི་རྡོ་རྗེ་དང་། ཐུགས་ཀྱི་རྡོ་རྗེ་ཞེས་བརྗོད་དོ། །རྣམ་པར་སྣང་
མཛད་ཀྱི་ནི་རྣམ་པར་སྣང་མཛད་རྡོ་རྗེ་དང་། གཏི་མུག་རྡོ་རྗེ་དང་། ཨོཾ་ཡིག་རྡོ་རྗེ་དང་། རྟག་པའི་རྡོ་རྗེ་དང་། དེ་བཞིན་གཤེགས་པའི་རྡོ་རྗེ་དང་། སྒྱུ་མའི་རྡོ་རྗེ་དང་། སངས་རྒྱས་རྡོ་རྗེ་དང་། སྐུའི་རྡོ་རྗེ་ཞེས་མངོན་པར་བརྗོད་དོ། །རིན་ཆེན་འབྱུང་ལྡན་གྱི་ནི་རིན་ཆེན་རྡོ་རྗེ་དང་། ཡིད་བཞིན་ནོར་
བུ་རྡོ་རྗེ་དང་། མཁའ་རྡོ་རྗེ་དང་། ནམ་མཁའ་རྡོ་རྗེ་དང་། མ་རྡོ་རྗེ་དང་། ཉི་མ་རྡོ་རྗེ་དང་། འོད་བྱེད་རྡོ་རྗེ་དང་། ང་རྒྱལ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །འོད་དཔག་མེད་ཀྱི་ནི་འདོད་ཆགས་རྡོ་རྗེ་དང་། སྤྱན་རས་གཟིགས་རྡོ་རྗེ་དང་། ཆོས་རྡོ་རྗེ་དང་། པདྨའི་རྡོ་རྗེ་དང་། ཤེས་རབ་མྱུ་གུ་
རྡོ་རྗེ་དང་། བདེ་བའི་མྱུ་གུ་རྡོ་རྗེ་དང་། སྙིང་རྗེ་མྱུ་གུ་རྡོ་རྗེ་དང་། པདྨའི་མྱུ་གུ་རྡོ་རྗེ་དང་། མཆོག་དགའི་རྡོ་རྗེ་དང་། དགའ་བདེའི་རྡོ་རྗེ་དང་། ངག་གི་རྡོ་རྗེ་ཞེས་བྱ་བར་བརྗོད་དོ། །དོན་ཡོད་གྲུབ་པའི་ནི། དོན་ཡོད་གྲུབ་པ་རྡོ་རྗེ་དང་། རྡོ་རྗེ་རྟ་མཆོག་དང་། དམ་ཚིག་རྡོ་རྗེ་དང་། ཕ་རོལ་ཏུ་ཕྱིན་
པའི་རྡོ་རྗེ་དང་། ལམ་གྱི་རྡོ་རྗེ་དང་། ཕྲག་དོག་རྡོ་རྗེ་ཞེས་བརྗོད་དོ། །རྡོ་རྗེ་སེམས་དཔའི་ནི། མཆོག་གི་དང་པོའི་རྡོ་རྗེ་དང་། མི་མཉམ་པའི་རྡོ་རྗེ་དང་། དགའ་བའི་རྡོ་རྗེ་དང་། དམ་ཚིག་རྡོ་རྗེ་དང་། རྣམ་པར་རྒྱལ་བའི་རྡོ་རྗེ་དང་། བདེ་བ་ཆེན་པོའི་རྡོ་རྗེ་དང་། མི་གཡོ་བའི་རྡོ་རྗེ་དང་། སེམས་
དཔའི་རྡོ་རྗེ་དང་། ཡན་ལག་མེད་པའི་རྡོ་རྗེ་དང་། ཡེ་ཤེས་རྡོ་རྗེ་དང་། ལྷན་ཅིག་སྐྱེས་པའི་རྡོ་རྗེ་དང་ཞེས་བྱ་བར་རབ་ཏུ་གྲགས་པའོ། །མི་བསྐྱོད་པའི་རིམ་གྱིས་བུད་མེད་རྣམས་ལ་ནི། བདག་མེད་རྡོ་རྗེ་དང་། ཕྱག་ན་རྡོ་རྗེ་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། འབྱུང་གནས་རྡོ་རྗེ་མ་དང་། རྡོ་རྗེ་མཱ་མ་ཀཱི་ཞེས་

བརྗོད་དོ། །རྣམ་པར་སྣང་མཛད་ཀྱི་ནི། རྡོ་རྗེ་སྤྱན་མ་དང་། རྡོ་རྗེ་མཁའ་འགྲོ་མ་དང་། རྡོ་རྗེ་དཀར་མོ་དང་། རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་འཁྱུད་མ་ཞེས་བརྗོད་དོ། །རིན་ཆེན་འབྱུང་ལྡན་གྱི་ནི། རྡོ་རྗེ་སྒྲོལ་མ་དང་། རྡོ་རྗེ་དབུགས་འབྱིན་མ་དང་། རྡོ་རྗེ་འབར་མ་དང་། རྡོ་རྗེ་ཕྲེང་བ་
མ་ཞེས་བརྗོད་དོ། །འོད་དཔག་ཏུ་མེད་པ་ནི། འདོད་ཆགས་རྡོ་རྗེ་མ་དང་། རྡོ་རྗེ་གླུ་མ་དང་། ངོ་མཚར་བདེ་བའི་རྡོ་རྗེ་མ་དང་། རྡོ་རྗེ་བེ་ཏཱ་ལཱི་དང་། རྡོ་རྗེ་བློ་མ་དང་། རྡོ་རྗེ་བཞད་མ་དང་། པདྨ་རྡོ་རྗེ་མ་དང་། རྡོ་རྗེ་གོས་དཀར་མོ་ཞེས་བརྗོད་དོ། །དོན་ཡོད་གྲུབ་པའི་ནི། རྡོ་རྗེ་སྙིང་པོ་མ་དང་། རྡོ་རྗེ་སྒྱུ་མ་དང་།
རྡོ་རྗེ་ཐོ་བ་མོ་དང་། རྡོ་རྗེ་སྒྲོལ་མ་ཞེས་བརྗོད་དོ། །རྡོ་རྗེ་སེམས་དཔའི་ནི། རྡོ་རྗེ་རོལ་མ་དང་། རྡོ་རྗེ་མགྱོགས་མ་དང་། རྡོ་རྗེ་འདོད་མ་དང་། རྡོ་རྗེ་ཀང་ཀ་མ་དང་། རྡོ་རྗེ་ལྦུ་བ་མ་དང་། རྡོ་རྗེ་འཆར་མ་དང་། རྡོ་རྗེ་མཱ་མ་ཀཱི་ཞེས་བརྗོད་དོ། །མིང་གི་དབང་བསྐུར་བའི་ཆོ་ག་སྟེ། ཤིན་ཏུ་རྣམ་པར་
དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དབང་བསྐུར་བ་འདི་རྣམས་ཀྱིས་སྔགས་དང་རྒྱུད་ཉན་པ་དང་། འཆད་པ་དང་། སྔགས་སྒྲུབ་པ་ལ་དབང་བསྐུར་བར་འགྱུར་རོ། །དབང་ལྔ་པོ་ཉིད་ནི་རིག་པའི་དབང་ཞེས་བརྗོད་དོ། །རྣམ་པ་ཐམས་ཅད་དུ་སྤྱན་མ་ལ་སོགས་པའི་རིག་མའི་
བྱ་བ་འཇུག་པའི་ཕྱིར་རོ་ཞེས་བྱའོ། །དེ་ནས། ཀྱེ་རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །གང་གིས་ཁྱོད་ཀྱི་དྲིན་གྱིས་བདག །རང་དང་གཞན་དོན་ནུས་གྱུར་པའི། །སྙིང་རྗེའི་གཏེར་གྱིས་བདག་ལ་སྩོལ། །ཞེས་བྱ་བས་གསོལ་བ་བཏབ་པ་དང་ལྡན་པའི་སློབ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་
པ། གདུགས་དང་། རྒྱལ་མཚན་དང་། བླ་རེ་བླང་བར་བྱ་སྟེ། ཤར་སྒོར་སེང་གེའི་ཁྲི་ལ་སྣ་ཚོགས་ཀྱི་པདྨ་ལ་གནས་པའི་འདབ་མ་བརྒྱད་པའི་སྟེང་དུ། རྡོ་རྗེ་སེམས་དཔའི་གཟུགས་སུ་དམིགས་ནས་ཧཱུྃ་ཡིག་ལས་སྐྱེས་པའི་རྡོ་རྗེ་བསྒོམས་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །
རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན་དུ་བཟང་པོ་ཐམས་ཅད་བདག །རྡོ་རྗེ་སྙེམས་མ་གཙོ་བོའི་གཙོ། །མཆོག་གི་དང་པོ་སྐྱེས་བུ་བཅོམ་ལྡན་འདས། །ཞེས་བྱ་བ་དེ་ཉིད་ཀྱིས་རྡོ་རྗེ་འཛིན་དུ་གཞུག་གོ། །དེ་ནས་ཨ་ཡིག་ལས་སྐྱེས་པའི་དྲིལ་བུ་སྟེ། འདི་ནི་སངས་རྒྱས་ཐམས་ཅད་ནི། །ཤེས་རབ་

དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བྱ་བས་གཡོན་པའི་ལག་ཏུ་སྦྱིན་པར་བྱའོ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་པར་བྱས། །ངོ་བོ་ཉིད་དག་སེམས་དཔའ་མཆོག །སྲིད་པ་མཆོག་ཏུ་བྱེད་པར་
འགྱུར། །ཞེས་བྱ་བས་ཀྱང་སློབ་མས་དཀྲོལ་བར་བྱའོ། །དེ་ནས་ཕྱག་རྒྱའི་དམ་ཚིག་བརྗོད་པར་བྱ་སྟེ། ཡིད་ཀྱིས་སྐུ་ནི་སྟོན་པའི་ཕྱིར། །གང་གིས་ཐམས་ཅད་སྐུར་བསྟན་ལ། །དེ་ན་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་བྱ་བ་འདིས་རང་འདོད་པའི་ལྷའི་སྐུར་ཕྱག་རྒྱ་ཆེན་པོར་བྱིན་གྱིས་
བརླབས་ནས་འཁྱུད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་རང་གི་སྙིང་གའི་ས་བོན་ལས་བྱུང་བའི་ལྷའི་ཚོགས་ནམ་མཁའ་ལ་གནས་པས་དབང་བསྐུར་བར་བསམས་ནས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་ལས་བྱུང་བ་ནི། །སངས་
རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་བྱ་བ་དང་། ཕྱིར་མི་ལྡོག་པའི་དབང་བསྐུར་བའི་ཚིགས་བཅད་རྣམས་ཀྱིས་དབང་བསྐུར་བར་བྱའོ། །ཨོཾ་སུ་པྲ་ཏིཥྛ་ཏྭ་བཛྲེ། ཞེས་བརྗོད་དེ་ཞུ་བའི་ཞབས་ལ་མི་བསྐྱོད་པས་རྒྱས་བཏབ་པར་བསམ། ཇི་ལྟར་གསུངས་པ་ནི། ཤེས་རབ་བཅུ་དྲུག་ལོན་པ་
ལ། །ལག་པ་གཉིས་ཀྱིས་འཁྱུད་ནས་སུ། །རྡོ་རྗེ་དྲིལ་བུ་མཉམ་སྦྱར་བས། །སློབ་དཔོན་དབང་དུ་འདོད་པ་ཡིན། །དེ་ནས་མདོར་བསྡུས་པའི་དཀྱིལ་འཁོར་གྱི་དེ་ཉིད་དང་། དཀྱིལ་འཁོར་གྱི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། དཀྱིལ་འཁོར་པདྨ་ཉིད་དུ་བརྗོད། །ཡིད་ཀྱི་འཁོར་ལོ་
མཆོག་ཡིན་ཏེ། །ཡེ་ཤེས་ཞེས་བྱ་གཞལ་ཡས་ཁང་། །སེམས་ཀྱི་གཞལ་ཡས་མཐོན་པོ་སྟེ། །ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །ཞེས་བྱ་བ་ལ་སོགས་པའོ། །དེ་ནས་སློབ་མ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་དམིགས་ནས།
རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། །སེམས་ཅན་ཀུན་ལ་ཕན་དོན་དུ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་འདུལ་བ་སྣ་ཚོགས་ཀྱིས། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཆོས་ཀྱི་གནས་སུ་རྡོ་རྗེ་དང་། །རིན་པོ་ཆེ་དང་པདྨ་དང་། །ལས་ཀྱི་སྒྲ་རབ་ཏུ་གཞུག་པར་བྱས་

ལ་རིམ་གྱིས་ཚིགས་བཅད་ལྔས་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ནས་མི་བསྐྱོད་པའི་གཟུགས་སུ་དམིགས་ནས་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །ཕྱག་
ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་བྱ་བ་འདིས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་སྦྱིན་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧི་ཧཱུྃ། ཞེས་བྱ་བ་བརྗོད་ལ། སློབ་མ་རྡོ་རྗེའི་བརྟུལ་ཞུགས་འཛིན་དུ་གཞུག་གོ་ཞེས་བྱ་བ་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའོ། །དེ་ནས་བདག་
ཉིད་སངས་རྒྱས་ཀྱི་གཟུགས་སུ་བསྒོམས་ནས། གཡོན་པའི་ཁུ་ཚུར་གྱིས་སྙིང་གར་ཆོས་གོས་ཀྱི་སྣེ་བཟུང་ལ་ལག་པ་གཡས་པས་མཆོག་སྦྱིན་པའི་ཕྱག་རྒྱས་རང་གི་སློབ་མ་གང་གི་རིགས་ཡིན་པ་དེའི་གཟུགས་སུ་དམིགས་པར་བྱ་སྟེ། ཨོཾ་ཨེ་ཥོ་ཧཾ་ཏྭཾ་བྱཱ་ཀ་རོ་མི། བཛྲ་སཏྭ་ཏ་ཐཱ་ག་ཏ། བྷ་བ་
དུརྒ་ཏི་ཏོདྡྷྲི་ཏྱཱ། ཨ་ཏྱནྟ་བྷ་བ་ཤུངྔྷཱ་ཡ། ཀྱེ་ཆེ་གེ་མོ་རྡོ་རྗེ་ཏ་ཐཱ་ག་ཏཿསིདྡྷྱ་ས་མ་ཡ་སྠཱ་བྷུ་རྦྷུ་བ་སྭཿ། ཞེས་བྱ་བས་ལུང་བསྟན་པར་བྱ་སྟེ། འདི་ལྟར་འབྱུང་བའི་ཕྱག་རྒྱ་འདིས་གང་ལུང་བསྟན་པར་བྱས་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་
ལོ་པས་མགྲིན་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་ཏེ། འདི་འབྱུང་བའི་ཕྱག་རྒྱའི་མཐུ་དང་། སྔགས་འདིའི་སྟོབས་ཉིད་ཀྱིས་ཕྱིར་དད་པར་བྱའོ་ཞེས་སློབ་མ་ལ་བརྗོད་པར་བྱའོ་ཞེས་བྱ་བ་ནི་ལུང་བསྟན་པའོ། །དེ་ནས་ཨོཾ་མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ།
ཅེས་བྱ་བ་བརྗོད་ལ་དབུགས་དབྱུང་བ་སྦྱིན་པར་བྱའོ། །གསང་མཆོག་དཀྱིལ་འཁོར་དམ་པ་ནི། །མཐོང་བ་དང་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །ཁྱེད་རྣམས་དེ་རིང་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མིན་ཏེ། །སྲིད་པའི་
སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །གང་ཞིག་སྐྱེས་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་རྟོགས་མེད་པའི། །རྡོ་རྗེ་ཞེས་གང་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ཀྱང་གཏང་མི་བྱ། །དམ་པའི་ཆོས་ཀྱང་མི་སྤོང་ཞིང་། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་

རྨོངས་པ་ཡིས། །དེ་ཡིས་བྱས་ནས་བཤགས་པར་བྱ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །ནམ་ཡང་གཏང་བར་མི་བྱའོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་མི་སྤོང་ཞིང་། །དཀའ་ཐུབ་ཀྱིས་ཀྱང་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བ་
བཟུང་། །འདི་ནི་མ་འོངས་རྫོགས་སངས་རྒྱས། །དེ་རིང་དཀྱིལ་འཁོར་སློབ་དཔོན་དང་། །སྔགས་དང་རྒྱུད་ནི་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་འདོད། །སེམས་ཅན་རྣམས་ནི་གཟུང་དོན་དུ། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་
ག་བཞིན། །འབད་པ་ཡིས་ནི་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བྱ་བ་ནི་དབུགས་དབྱུང་བ་སྦྱིན་པའོ། །རྗེས་སུ་གནང་བ་ལ་སོགས་པ་བཞི་པོ་འདི་རྣམས་ནི། རིག་པའི་དབང་རྣམ་པ་ལྔའི་རྗེས་སུའམ། སློབ་དཔོན་གྱི་དབང་གི་རྗེས་སུ་སྦྱིན་པར་བྱའོ། །སློབ་དཔོན་གྱི་དབང་ཉིད་
ནི་ཕྱིར་མི་ལྡོག་པའི་དབང་ཞེས་བརྗོད་པར་བྱའོ། །དབང་ལྔ་དང་། སློབ་དཔོན་གྱི་དབང་ལ་ནི་བུམ་པའི་དབང་ཞེས་བརྗོད་དེ། ཐམས་ཅད་བུམ་པའི་བྱ་བ་འཇུག་པའི་ཕྱིར་རོ། །དབང་དྲུག་པོ་འདི་ནི་རྒྱུད་ཐམས་ཅད་དང་མི་འགལ་བའོ། །རྡོ་རྗེ་སློབ་དཔོན་གྱི་དབང་ཞེས་བྱ་བ་ནི་ལུས་རྡོ་རྗེ་རྣམ་
པར་དག་པའོ། །དེའི་རྗེས་སུ་དབེན་པའི་ས་ཕྱོགས་སུ་ཡོལ་བ་ལ་སོགས་པ་བྱས་ལ་རང་གི་ཡིད་དུ་སྡུག་པའི་གཟུགས་དང་། ལང་ཚོས་བརྒྱན་པའི་དམ་ཚིག་དང་སྡོམ་པའི་སྣོད་དང་ལྡན་པའི་ཤེས་རབ་གསང་བའི་དབང་གི་དོན་དུ་སློབ་མ་བླ་མ་ལ་དབུལ་བར་བྱས་ནས་གྲོལ་བའི་གནས་སྐབས་
སུ་གསོལ་བ་གདབ་པར་བྱ་སྟེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བྱིན་པ་ལྟར། །བདག་ཀྱང་བསྒྲལ་བའི་དོན་གྱི་ཕྱིར། །ནམ་མཁའ་རྡོ་རྗེ་བདག་ལ་སྩོལ། །བླ་མས་ཀྱང་ཏིང་ངེ་འཛིན་གསུམ་མངོན་དུ་བྱས་ནས། རང་རིག་པར་བྱ་ཞིང་ནམ་མཁའི་ཁམས་སུ་སྤྲོ་བར་བྱ་སྟེ།
ཤེས་རབ་ཀྱི་པདྨ་ནས་བླངས་ལ། །ཤེས་རབ་གདོང་ཡང་བཅིང་བྱ་ཞིང་། །དེ་བཞིན་ཐབས་ཀྱི་གདོང་ཡང་ངོ་། །མཐེབ་ཆེན་དང་སྲིན་ལག་གཉིས་ཀྱིས་སློབ་མའི་ཁར་སྦྱིན་པར་བྱའོ། །དེས་ཀྱང་ཨ་ཧོ་སུ་ཁཾ་ཞེས་བརྗོད་པས་ལོངས་སྤྱོད་དུ་གཞུག་པར་བྱ་སྟེ། རྣམ་པར་སྣང་མཛད་ཀྱི་བདག་ཉིད་

དུ་བྱས་པའོ། །དེ་ཉིད་ཀྱང་ལངས་ལ་འདི་ཁོ་ན་ལྟར་སྦྱིན་པར་བྱའོ་ཞེས་བྱ་བ་ནི་གསང་བའི་དབང་གིས་ངག་རྡོ་རྗེ་རྣམ་པར་དག་པར་བྱེད་པའོ་ཞེས་བྱ་བ་འདི་ནི་གསང་བའི་དབང་གི་ཆོ་གའོ། །དེ་ནས་ཕྱག་རྒྱ་གཅིག་ཏུ་འདོད་པ་དེ་ཉིད་ཀྱིས་སམ། གཞན་ཕྱག་རྒྱ་ཐ་དད་དུ་འདོད་
ཀྱང་རུང་སྟེ། སོ་སོར་རང་གིས་རིག་པར་བྱ་བ་ཆོས་ཀྱི་སྐུ་རབ་ཏུ་རྟོགས་པར་བྱ་བའི་དོན་དུ་སྔོན་དུ་བསྟན་པའི་ཚིགས་བཅད་ཀྱིས་གསོལ་བ་བཏབ་པ་དང་ལྡན་པའི་སློབ་མ་ལ། དེའི་ལག་པ་དེའི་ལག་པར་རབ་ཏུ་བཞག་ནས། དེ་བཞིན་གཤེགས་པ་ཐམས་ཅད་དཔང་པོར་བྱས་ལ། སྤྱི་བོར་རྡོ་རྗེ་མཉམ་
པར་བཞག་སྟེ། བླ་མ་རྡོ་རྗེས་འདི་བརྗོད་པར་བྱ་སྟེ། འདི་ནི་ཁྱོད་ཀྱིས་གཟུང་བའི་མཆོག །བརྟན་པར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བཟང་ཡང་དག་མྱོང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་ཉིད། །འགྲོ་གསུམ་འདི་ཡང་
དག་མི་འགྱུར། །དེ་ཕྱིར་འདི་དང་མི་འབྲལ་ཞིང་། །ཁྱོད་ཀྱིས་ནམ་ཡང་མི་བཏང་ངོ་། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་གིས་འདའ་བྱེད་ན། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བྱ་བ་བརྗོད་ནས་སྦྱིན་པར་བྱའོ། །དེས་ཀྱང་
གུར་གུམ་དང་། ཙནྡན་གྱིས་བྱུགས་ལ་མེ་ཏོག་དྲི་ཞིམ་པོའི་ཕྲེང་བས་བརྒྱན་ནས། གོས་མེད་པར་རང་གི་པདྨ་གསལ་བར་བསྟན་ལ། འདི་སྐད་བརྗོད་པར་བྱ་སྟེ། བུ་ཁྱོད་ཀྱང་ནི་འདོད་དམ་ཅི། །དྲི་ཆེན་དྲི་ཆུ་སོགས་བཟའ་ཞིང་། །ཤ་ཁྲག་ཁུ་བ་དེ་བཞིན་དུ། །དེ་བཞིན་གཞན་ཡང་བུད་མེད་གུས། །
བྷ་གའི་པདྨའོ་བྱེད་པ། །བུ་ཁྱོད་སྨྲོས་ཤིག་ཅི་བདེ་བར། །ཞེས་བརྗོད་དོ། །དེས་ཀྱང་། ལྷ་མོ་ཅི་ཕྱིར་བདག་མི་འདོད། །ཁྲག་དང་ཁུ་བ་སོགས་ཟ་ཞིང་། །བུད་མེད་རྣམས་ལ་རྟག་གུས་བགྱིད། །བྷ་ག་ལ་ཡང་འོ་བགྱིད་དོ། །ཞེས་བརྗོད་པར་བྱའོ། །དེ་ནས་དགའ་ཞིང་དགྱེས་པས་རྣམ་
པར་ལྟ་བར་བྱེད་ཅིང་། བདག་གི་ཡིད་དུ་འོང་བ་བཞིན་དུ་མངོན་པར་བལྟ་ཞིང་ཙོག་ཙོག་པོར་འདུག་སྟེ། རང་གི་ཆུ་སྐྱེས་གསལ་བར་བྱས་ནས། འདི་སྐད་བརྗོད་པར་བྱ་སྟེ། ཨ་ཧོ་བདག་གི་པདྨ་འདི། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ལ། །གང་ཞིག་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་

ན་བདག་གནས་སོ། །ཇི་ལྟར་པདྨའི་དགོས་པ་གྱིས། །ཡང་དག་སངས་རྒྱས་མཉེས་བྱེད་སྩོགས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་ལ་ནི་ཡང་དག་བཞུགས། །བྷཉྫ་མོཀྵ་ཧོཿ། ཞེས་བརྗོད་པར་བྱའོ། །དེ་རང་རང་གི་ལྷག་པའི་ལྷའི་རྣལ་འབྱོར་གྱི་བདག་ཉིད་ཅན་དེའི་ཡང་སྤྱི་བོ་དང་། སྙིང་
ག་དང་། ལྟེ་བ་དང་། གསང་བ་དང་། བརླ་གཉིས་ལ་རིམ་པ་ཇི་ལྟ་བས། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བྱ་བས་རིགས་ལྔའི་ཚོགས་དང་ལྡན་པར་བྱས་ནས། དེ་ནས་ཡི་གེ་ཧཱུྃ་ལས། པདྨ་དང་། རྡོ་རྗེའོ། །ཡི་གེ་ཨཱཿདང་ཨོཾ་གཉིས་ལས་ཟེ་འབྲུ་དང་ནོར་བུའོ། །བུ་གར་ཕཊ་སེར་པོ་བཀོད་ལ། རྡོ་རྗེ་
དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཡོན་མའི་ཆར་གནས་པ་ལ། སོར་མོས་ཅུང་ཞིག་བསྐུལ་བར་བྱ། །ཕྱི་རོལ་བླ་མས་འདི་ཤེས་ནས། །དེ་ནས་ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ།ཞེས་བརྗོད་ནས་དགའ་བ་བརྩམ་པར་བྱའོ། །པདྨར་རྡོ་རྗེ་བཅུག་ནས་ནི། །བྱང་ཆུབ་སེམས་
ནི་གཏོང་མི་བྱ། །དགའ་བ་དེ་ནི་བསྐྱོད་ནས་སུ། །སེམས་ནི་གང་བར་བསྒོམ་པར་བྱ། །ཇི་སྲིད་རྣལ་འབྱོར་པ་ཡིས་ནི། །བྱང་ཆུབ་སེམས་ནི་ཕྱིར་མི་གཏོང་། །དེ་རྙེད་རྒྱུན་མི་འཆད་པར་འཐོབ། །དགའ་བའི་བདེ་བ་སྨོས་ཅི་དགོས། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པའི། །བྱང་ཆུབ་
སེམས་ནི་ལྟུང་གྱུར་ན། །དངོས་གྲུབ་མཆོག་ལྟ་ག་ལ་ཡོད། །ནམ་མཁའི་ཁམས་དང་རྡོ་རྗེར་སྦྱོར། །རེག་པས་ངོ་མཚར་ཆེར་གྱུར་པའི། །གལ་ཏེ་བདེ་བ་སྐྱེ་བར་འགྱུར། །མཆོག་གི་དགའ་བར་བྱེད་པ་པོ། །དགའ་བྲལ་དགའ་བའི་དབུས་དག་ཏུ། །མཚོན་ཞིང་ལྟོས་ལ་བསྟན་པར་
གྱིས། །པདྨའི་ནམ་མཁར་རྡོ་རྗེ་ནོར་བུས་མནན་པ་ལ། །རྡོ་རྗེ་སྐྱིལ་ཀྲུང་སེམས་ཀྱིས་ནི། །ནོར་བུའི་ནང་དུ་བལྟ་བར་བྱ། །གང་ཞིག་ཡེ་ཤེས་སྐྱེས་གྱུར་པ། །ཡེ་ཤེས་དེ་གཟུགས་ཤིན་ཏུ་དུལ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་
སོ། །རྣལ་འབྱོར་གང་གིས་ཡེ་ཤེས་མཐོང་། །བདེ་བ་གནས་ཤིང་མི་འབྱུང་བའོ། །ཐུན་ནམ་ཡང་ན་ཉིན་གཅིག་གམ། །ཟླ་བ་ཟླ་ཕྱེད་ལོ་སྐོར་རམ། །བསྐལ་པའམ་བསྐལ་པ་བརྒྱ་སྟོང་དུ། །ཡེ་ཤེས་མངོན་སྦྱོར་གནས་པར་འགྱུར། །སློབ་མ་སྙོམས་འཇུག་མཐོང་ན་ནི། །བླ་

མའི་སྙིང་ག་ལས་བྱུང་བའི། །གཏི་མུག་དགའ་སོགས་བཞི་རྣམས་ནི། །དེ་ཡི་སྙིང་གར་གཞུག་པར་བྱ། །སློབ་མས་གཟུང་ཞིང་རྟོགས་ནས་ནི། །པདྨའི་ཁོངས་སུ་སྤྲོ་བར་བྱ། །དེ་ནས་ལྕེ་ཡིས་སེམས་དེ་ནི། །བྱང་ཆུབ་སྔོན་འགྲོ་བླང་བར་བྱ། །ཞེས་བྱ་བ་ནི་
ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའོ། །དེ་ནས་ཇི་ལྟར་བསྟན་པའི་ཆོ་གས་དངོས་གྲུབ་ཤེས་རབ་ཡེ་ཤེས་ཀྱི་དབང་བླངས་པ་དེ་ཉིད་ལ། བཞི་པ་མངོན་པར་བརྗོད་པའི་དབང་རིན་པོ་ཆེ་འབྲས་བུར་གྱུར་པ་བརྗོད་པར་བྱ་སྟེ། གཞན་དུ་ན་དམ་ཚིག་ཉམས་པའི་འཇིགས་པས་སོ། །ཇི་ལྟར་རྒྱུད་
ལས། དབང་བསྐུར་མ་ཐོབ་རྣལ་འབྱོར་པས། །རྣལ་འབྱོར་ཉིད་དུ་མངོན་འདོད་ན། །མཁའ་ལ་ཁུ་ཚུར་བརྡེག་པ་དང་། །སྨིག་རྒྱུའི་ཆུ་ནི་འཐུང་བའོ། །དེའི་ཕྱིར་ཇི་ལྟར་བསྟན་པ་ཡི། །ཆོ་གས་དབང་བསྐུར་སྦྱིན་པར་བྱ། །སློབ་མ་མོས་པའི་བསམ་པ་རབ་བལྟས་ནས། །ཟབ་ཅིང་
རྒྱ་ཆེའི་ཚུལ་ལ་ལྷག་མོས་ན། །དབང་བསྐུར་རིན་ཆེན་ཚིག་གིས་སྦྱིན་པར་བྱ། །གཞན་ལ་ནི་མ་ཡིན་ནོ་ཞེས་བྱའོ། །རྒྱ་ཆེ་བ་ལ་ལྷག་པར་མོས་པ་དག །ལྷག་པར་མོས་པ་མ་ཡིན་པ་ཇི་ལྟར་ཤེས་ཤེ་ན། དེ་ལ་གསུངས་པ་ནི། དུ་བ་ལས་ནི་མེར་ཤེས་ཏེ། །ཆུ་སྐྱར་ལས་ནི་ཆུར་ཤེས་སོ། །བྱང་
ཆུབ་སེམས་དཔའ་བློ་ལྡན་ལ། །རིགས་ནི་མཚན་མ་རྣམས་ལས་ཤེས། །རབ་དགའ་ཞལ་ནི་པདྨ་ནི། །རབ་ཏུ་རྒྱས་ཤིང་ལུས་སྤུ་ལྡང་། །དེ་ཉིད་ཀྱིས་མཁས་མཐོང་ནས་ནི། །དམ་པའི་སློབ་མ་གཟུང་བར་བྱ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ། དབང་ནི་རྣམ་པ་གསུམ་
དག་ཏུ། །རྒྱུད་འདི་ལས་ནི་རབ་ཏུ་གྲགས། །སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བྱའོ། །དེ་ལ། དགོད་དང་བལྟས་དང་ལག་བཅངས་དང་། །དེ་ཡང་གཉིས་ཀྱིས་གཉིས་སྤྲད་འཁྱུད། །དགའ་དང་མཆོག་དགའ་ཉིད་དང་ནི། །བྲལ་བ་ལྷན་ཅིག་
སྐྱེས་དེ་བཞིན། །སྣ་ཚོགས་རྣམ་པར་སྨིན་པ་དང་། །རྣམ་པར་ཉེད་དང་མཚན་ཉིད་བྲལ། །ཐམས་ཅད་དབང་གི་རྗེས་རིམ་དུ། །ཤེས་རབ་ཡན་ལག་འདུས་སྐྱེས་རྟོགས། །ཡང་གསུངས་པ། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་

ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །དེ་ལ། དགོད་པ་དག་པ་སློབ་དཔོན་ཏེ། །བལྟས་ལ་དེ་བཞིན་གསང་བའོ། །ལག་བཅངས་ཤེས་རབ་ཡེ་ཤེས་དང་། །བཞི་པ་གཉིས་ཀྱིས་གཉིས་སྤྲོད་པའོ། །དགའ་བ་བདེ་བ་ཅུང་ཟད་བདེ། །མཆོག་ཏུ་དགའ་བ་བདེ་བས་ལྷག །དགའ་
བྲལ་དགའ་བ་ཆགས་བྲལ་ཏེ། །ལྷག་མ་ལྷན་ཅིག་སྐྱེས་དགའོ། །དང་པོ་རེག་པར་འདོད་པ་སྟེ། །གཉིས་པ་བདེ་བར་འདོད་པའོ། །གསུམ་པ་ཆགས་དང་བྲལ་བའི་ཕྱིར། །དེས་ནི་བཞི་པ་བསྒོམ་པར་བྱ། །དགའ་བ་དང་པོ་སྣ་ཚོགས་ཏེ། །མཆོག་ཏུ་དགའ་བ་རྣམ་པར་སྨིན། །དགའ་
བྲལ་དགའ་བ་སྣ་ཚོགས་དགའ། །ལྷན་ཅིག་སྐྱེས་དགའ་མཚན་ཉིད་བྲལ། །སྣ་ཚོགས་སྣ་ཚོགས་ཉིད་བརྗོད་པ། །འོ་དང་འཁྱུད་པ་ལ་སོགས་པའོ། །རྣམ་སྨིན་དེ་ལས་བཟློག་པ་སྟེ། །བདེ་བའི་ཡེ་ཤེས་ཟ་བའོ། །རྣམ་སྨིན་རྣམ་པར་རྟོག་པ་སྟེ། །བདེ་བ་བདག་གིས་མྱོང་ཞེས་
པའོ། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །འདོད་ཆགས་འདོད་ཆགས་མིན་པ་སྤངས། །ཞེས་བྱའོ། །དེ་ཉིད་གསུངས་པ། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །གསུམ་པོ་རྣམ་པར་སྤངས་པ་ཉིད། །ལྷན་སྐྱེས་ཡང་དག་བྱང་ཆུབ་
བརྗོད། །འདི་ཉིད་ཀྱི་དོན་བཅོམ་ལྡན་འདས་ཀྱིས་དཔལ་གསང་བ་འདུས་པ་ལས་གསུངས་པ་སྟེ། བསྒྲུབ་བྱ་སྒྲུབ་བྱེད་ཡང་དག་སྦྱོར། །གང་དེ་བསྙེན་པ་ཞེས་བརྗོད་དོ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཉེ་བར་བསྙེན་པ་ཞེས་བརྗོད་ཅིང་། །བསྐྱོད་པ་རང་བཞིན་སྒྲུབ་པ་སྟེ། །ཧཱུྃ་ཕཊ་ཡི་གེར་
ལྡན་པའོ། །རང་བཞིན་བདེ་བ་དམ་པ་ཞི། །སྒྲུབ་པ་ཆེན་པོར་བརྗོད་པར་བྱ། །བསྒྲུབ་བྱ་ནི་ཤེས་རབ་བོ། །སྒྲུབ་བྱེད་ནི་ཐབས་སོ། །དེ་གཉིས་ཡོངས་སུ་སྦྱོར་བ་ནི་བསྙེན་པའོ། །པདྨར་རྡོ་རྗེ་གཞུག་པ་ནི་ཉེ་བར་སྒྲུབ་པའོ། །བསྐྱོད་པ་ནི་སྒྲུབ་པ་སྟེ། རང་བཞིན་བདེ་བ་དམ་པ་ཞི། །སྒྲུབ་པ་
ཆེན་པོ་བརྗོད་པར་བྱ། །བསྒྲུབ་བྱ་དང་སྒྲུབ་པ་སྦྱོར་བས་རྡོ་རྗེ་དང་པདྨར་གཞུག་པའི་བར་ནི་དགའ་བའོ། །ཤིན་ཏུ་བསྐྱོད་པ་ལས་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ནི་མཆོག་ཏུ་དགའ་བའོ། །ཕྱིར་བྱུང་བ་ནི་དགའ་བྲལ་ལོ། །གང་གི་ཚེ་དེ་གཉིས་ཀྱི་དབུས་སུ་དམ་པའི་བདེ་བ་ཞི་བར་གྱུར་

པ་དེའི་ཚེ། ལྷན་ཅིག་སྐྱེས་པའི་དགའ་བ་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་གསུངས་པ། ཐོག་མ་ཐ་མ་དབུས་མེད་ཅིང་། །སྲིད་དང་མྱ་ངན་འདས་པ་མིན། །འདི་དེ་མཆོག་གི་བདེ་ཆེན་པོ། །རང་དང་གཞན་ཡང་མི་དམིགས་སོ། །མཆོག་ཏུ་དགའ་བའི་
སྲིད་པར་བརྗོད། །དགའ་བྲལ་དགའ་བས་མྱ་ངན་འདས། །དབུས་སུ་དགའ་བ་ཙམ་ཉིད་ནི། །འདི་རྣམས་སྤངས་པ་ལྷན་ཅིག་སྐྱེས། །སྣ་ཚོགས་ཉིད་སྤངས་སྐད་ཅིག་ལ། །མཆོག་ཏུ་དགའ་བ་ཡང་དག་ཐོབ། །སྟོན་པས་བཀའ་སྩལ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་ཡང་
དག་གཟུང་། །ཇི་སྙེད་བྱང་ཆུབ་བར་དུ་ནི། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ་དེ་ལྟར་ཡིན་ན་རྣམ་པ་གསུམ་གྱི་བྱེ་བྲག་ཇི་ལྟར་གསུངས་ཤེ་ན། རྒྱུ་དང་འབྲས་བུ་དབྱེར་མེད་ཅིང་། །སྔོན་མ་གསུམ་དུ་རབ་ཏུ་གྲགས། །དགའ་བྲལ་དགའ་བའི་དབུས་ཉིད་
དུ། །ཞི་བའི་རྣམ་པར་གསལ་ཕྱིར་རོ། །དེ་གཉིས་དབུས་སུ་ཇི་ལྟར་གསལ་བ་ཡིན་ཞེ་ན། མཆོག་མཐའ་དགའ་བྲལ་དབུས་ཉིད་ཀྱི། །སྟོང་ལས་སྟོང་ཉིད་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །སྟོང་ལས་སྟོང་ཉིད་གང་ཡིན་ཞེས། །ཐོག་མ་ཐ་མ་མེད་ཞི་བ། །དངོས་
དང་དངོས་མེད་བདག་ཉིད་གཙོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་དྲན། །ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །འདི་ནི་ཐབས་གང་གིས་ཇི་ལྟར་སྐྱེད་པར་བྱེད་ཅེ་ན། དཀྱིལ་འཁོར་འཁོར་ལོ་སོགས་ཐབས་དང་། བདག་བྱིན་བརླབ་པའི་རིམ་པ་
ཡིས། །ཞེས་བྱ་བ་རྒྱས་པར་འདིར་བདག་གིས་མ་བཀྲོལ་ཏེ། ཅིའི་ཕྱིར་ཞེ་ན། ཡེ་ཤེས་འདི་ནི་རང་རིག་པ། །ངག་གི་སྤྱོད་ཡུལ་ལས་འདས་ཤིང་། །རང་བྱིན་བརླབ་པའི་རིམ་པ་འདི། །ཀུན་མཁྱེན་ཡེ་ཤེས་དེ་བདག་ཉིད། །གཞན་ཡང་གསུངས་པ། གཞན་གྱིས་བརྗོད་མིན་ལྷན་
ཅིག་སྐྱེས། །གང་དུ་བཙལ་ཡང་མི་རྙེད་པ། །བླ་མ་བརྒྱུད་པའི་རིམ་བསྟེན་དང་། །རང་གི་བསོད་ནམས་ཀྱིས་རྟོགས་སོ། །བླ་མའི་ཞབས་ཀྱི་དྲིན་གྱིས་དང་། །བསོད་ནམས་ཆེན་པོ་ལྡན་རྣམས་རང་། །ཡེ་ཤེས་སྐད་ཅིག་གིས་བསྐྱེད་འགྱུར། །ངག་གི་སྤྱོད་ཡུལ་ལས་འདས་པའོ། །དེ་

བཞིན་དུ་གསུངས་པ། བདེ་ཆེན་རྒྱལ་པོ་གཅིག་པུ་རྒྱལ་བ་སྟེ། རྒྱུ་འབྲས་རྟག་ཏུ་འགྲོ་བ་རྣམས་ལ་འཆར། །གང་ཡང་རྗོད་པར་བྱེད་པའི་དུས་ན་ནི། །ཐམས་ཅད་མཁྱེན་པ་ངག་གིས་འཕོངས་པར་འགྱུར། །ས་ར་ཧ་ཡིས་གང་གསུངས་པ། །བླ་མས་ངག་གིས་མི་བརྗོད་ཅིང་། །སློབ་མས་ཀྱང་ནི་གོ་
བ་མིན། །འགྲོ་ཀུན་ལྷན་ཅིག་སྐྱེས་པའི་བདུད་རྩིའི་བཅུད། །གང་ལ་བཟླ་ཞིང་ཅི་ནི་བཟླ་བར་བྱ། །བློ་ཡི་སྤྱོད་ཡུལ་མ་ཡིན་ཕྱིར། །ངག་གིས་བརྗོད་པར་མི་ནུས་སོ། །བླ་མས་གསུངས་པ་དངོས་པོ་འཇུག་པས་རིང་སྤྱད་དོ། །དེ་ནི་རིམ་གྱིས་སྙིང་རྗེ་ལ་སོགས་ཡོན་ཏན་ལྡན། །དད་ལྡན་དེ་ཡི་
སྙིང་ལ་རང་ཉིད་སྐྱེ་བར་འགྱུར། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཚན་ཉིད་ཇི་ལྟར་ཡིན་ཞེ་ན། དབང་པོ་ཉིད་ནི་ལྡོག་གྱུར་ཞིང་། །ཡིད་ནི་ནང་དུ་ཆུད་པ་དང་། །སེམས་དཔའ་ཉམས་པ་རབ་སྣང་ཞིང་། །ལུས་ནི་དམ་པའི་བདེ་བ་མྱོང་། །དབང་པོའི་ཚོགས་ནི་ནང་དུ་ནུབ་འགྱུར་ཞིང་། །རྣམ་རྟོག་
ཉམས་པས་སྲིད་པའི་ས་བོན་མི་འཐོབ་པ། །དགའ་བའི་འོད་ཀྱིས་རང་བཞིན་འདི་ཉིད་ནི། །ནམ་མཁའ་དང་མཉམ་ངོ་མཚར་བསིལ་ཞིང་ཞིམ། །གང་ལ་དབང་པོ་ཞུ་འགྱུར་ཞིང་། །རང་གི་བདག་ཉིད་ཉམས་འགྱུར་བ། །དེ་ནི་ལྷན་ཅིག་སྐྱེས་དགའ་སྟེ། །གསལ་བར་བླ་མའི་ཞབས་ལ་དྲིས། །དེ་ཉིད་
ཀྱི་ཕྱིར་གསུངས་པ། དུས་མཉམ་དག་ཏུ་ཡུལ་དང་དབང་པོ་རྣམ་གཉིས་ནི། །གང་ཞིག་སྐྱེས་ཤིང་ནུབ་པ་དེ་ལ་ཕྱག་འཚལ་ལོ། །གང་ཡང་མངོན་དགའ་རྒྱལ་བ་མཛེས་པའི་སྐུ་གཅིག་པོ། །མཁས་པ་རྣམས་ཀྱི་སྙིང་ལ་གསལ་ཞིང་སད་པར་འདུག །དེའི་ཕྱིར་རྣམ་པར་རྟོག་པ་ཐམས་ཅད་རབ་བཅོམ་
ཞིང་། །གང་འདིར་བློ་ཡིས་དམ་པའི་བདེ་འདོད་པ། །དེ་ཡང་བྱ་བ་བྱས་པའི་མཁས་པ་སྟེ། །གཞན་ནི་རྐང་གཉིས་པ་ཡི་ཕྱུགས་ཡིན་ནོ། །ཞེས་བྱའོ། །རྒྱས་པར་བརྗོད་པ་རེ་ཞིག་དེས་ཆོག་གོ། །དེའི་ཕྱིར་བླ་མ་དམ་པ་ཡང་དག་པར་མཉེས་པར་བྱས་ནས། དམ་པའི་སློབ་མས་སྐུ་གསུམ་དུ་ནང་དུ་རྟོགས་
པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་རང་རིག་པར་བྱའོ་ཞེས་བྱ་བ་ནི་དམ་པའི་དབང་པོ་ཐོབ་པའོ། །བྱ་བ་བྱས་ནས་འདི་བརྗོད་པར་བྱ་སྟེ། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གཙོ་འབྲས་བུ་དང་ལྡན་ཡིན། །དི་རིང་སངས་རྒྱས་རིགས་སུ་སྐྱེས། །བདག་ནི་དི་རིང་སངས་རྒྱས་སྲས། །དེ་བཞིན་

གཤེགས་གསུངས་ཡོན་ཏན་འདི། །བླ་མ་དེ་ལ་དབུལ་བར་བྱ། །སྣ་ཚོགས་རྒྱན་དང་གོས་ལ་སོགས། །ཁྱད་པར་དུ་ཡང་རང་གི་ལུས། །ཞེས་བྱའོ། །དེ་ནས་སྦྱིན་སྲེག་བྱ་ཞིང་གཏོར་མ་བྱིན་ནས། ཚོགས་ཀྱི་འཁོར་ལོ་རབ་ཏུ་བྱ། །དགེ་འདུན་སྟོན་མོ་བྱས་ནས་ནི། །
སྡུག་བསྔལ་སྐྱབས་མེད་ཚིམ་པར་བྱ། །དབང་བསྐུར་བ་ཡི་ཆོ་ག་མདོར་བསྡུས་བྱས་པ་ལས། །གང་གིས་བསོད་ནམས་དཔག་མེད་ཐོབ་པར་གྱུར་པ་སྟེ། །དེ་ཡིས་གཉིས་མེད་བསམ་མི་ཁྱབ་པ་བདེ་ཆེན་བདག །རང་བྱུང་རྡོ་རྗེ་འཛིན་པ་སྐྱེ་འགྲོས་ཐོབ་པར་ཤོག །མདོར་བསྡུས་པའི་དབང་གི་
རབ་ཏུ་བྱེད་པ། །སློབ་དཔོན་མཁས་པ་ཆེན་པོ་དཔལ་དགའ་བའི་རྡོ་རྗེས་མཛད་པ་རྫོགས་སོ།། །།གཞུང་ཚད་ནི་ཚིགས་བཅད་སུམ་བརྒྱ་སྟེ་བམ་པོ་གཅིག་གོ། །ཐོ་ལིང་གི་གཙུག་ལག་ཁང་དུ་རྗེ་མངའ་བདག་བཙན་པོ་རྩེ་ལྡེ་བཙན་གྱི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་
མཁས་པ་ཆེན་པོ་དཔལ་མར་མེ་མཛད་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སཾ་ཀྵིཔྟཱ་བྷི་ཥེ་ཀ་གུ་ཧྱ་སཱ་མཱ་ཛི་ཀ །བོད་སྐད་དུ། འདུས་པའི་དབང་བསྐུར་བ་མདོར་བསྡུས་པ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་
གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཆུ་དང་ཅོད་པན་རྡོ་རྗེ་དང་ནི་དྲིལ་བུ་མིང་། །རིགས་གསུམ་དང་ལྡན་སྐལ་ལྡན་སློབ་དཔོན་གསང་བ་མཆོག །དབང་བསྐུར་དམ་པ་དགུ་པོ་གང་ཞིག་བསོད་ནམས་དཔག་མེད་ཀྱིས། །སྲིད་པ་དག་པར་
སྐྱེད་མཛད་སྒྲོལ་མ་དེ་ལ་ཕྱག་འཚལ་ལོ། །རྩོད་པའི་དུས་དང་ཕྲད་པས་ཡིད་གཞུངས་རྣམ་ཞན་ཅིང་། །འགྲོ་བ་ཤིན་ཏུ་བསྡུས་པར་འདོད་ཅིང་ནན་ཏན་མེད། །དེས་ན་དབང་རིམ་རྒྱས་པ་སྤངས་པའི་དབང་བསྐུར་མདོར་བསྡུས་འདི། །ངག་གི་དབང་ཕྱུག་གྲགས་པ་ཡིས་ནི་བརྗོད་པར་བྱ། །མུ་སྟེགས་ལ་མིན་
རྨོངས་ལ་མིན། །རྟོག་གེ་སྐམ་པོ་དག་ལ་མིན། །ཉན་ཐོས་ལ་མིན་མ་ནིང་དང་། །རྒན་པོ་བྱིས་པ་ལ་ཡང་མིན། །རྒྱལ་པོ་ལ་མིན་བུ་ལ་མིན། །དད་པ་མེད་པ་ལ་མིན་པའི། །བདུན་དང་བརྒྱད་པ་ལ་སྦྱིན་པ། །བསྟན་ལ་ཕན་པ་འདོགས་པ་ཉིད། །དེ་ལ་རེ་ཞིག་ཇི་ལྟ་བ་བཞིན་དུ་དབང་

བསྐུར་ཞིང་རྗེས་སུ་གནང་བ་ཐོབ་པ་རིག་སྔགས་བཟླས་པའི་སྔགས་པས། སྔོན་ལ་སློབ་མའི་སྣོད་བརྟག་སྟེ། དད་པ་དང་ཐོས་པ་ལ་སོགས་པ་ཡོངས་སུ་སྦྱངས་པ་དོན་དུ་གཉེར་ཞིང་ལེགས་པར་བརྟགས་པའི་སྐལ་བ་དང་ལྡན་པའི་སློབ་མ་དག་ལ་དབང་བསྐུར་བ་ལ་སོགས་པས་གཟུང་བར་འདོད་
པས། དཀྱིལ་འཁོར་ལ་སོགས་པའི་གནས་ནི་རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པ་ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བའི་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར་ཆོ་ག་ཇི་ལྟ་བ་བཞིན་དུ་བྲིས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་རམ། མཚན་ཉིད་དང་ལྡན་པའི་རས་རིས་ལ་སོགས་པའི་དཀྱིལ་
འཁོར་རམ། མངོན་སུམ་དུ་བྱས་པའི་དཀྱིལ་འཁོར་དུ་མེ་ཏོག་དང་། བདུག་སྤོས་དང་། ལྷ་བཤོས་ལ་སོགས་པ་རྣམས་ཀྱིས་མཆོད་པ་དང་རང་གི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་རང་ཉིད་སློབ་མ་འཇུག་པའི་རིམ་པས་ཞུགས་ལ། ཡོལ་བའི་ཕྱི་རོལ་དུ་ཡོན་དབུལ་བ་དབང་བསྐུར་
བའི་སྐལ་བ་ཅན་ཅིག་གིས་སློབ་མ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ལ། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་པ་འདིས་མེ་ཏོག་གི་ཕྲེང་བ་བཟུང་ལ་གདོང་གཡོགས་བཅིངས་ཏེ། བགེགས་མཐར་བྱེད་ཀྱི་སྔགས་བཟླས་པའི་བུམ་པའི་ཆུས་བསང་གཏོར་བྱས་ལ། དཀྱིལ་འཁོར་དུ་གཞུག་
པའི་དོན་དུ་ཀྱེ་བདེ་བ་དགའ་བ་ཁྱོད་སུ་ཡིན་ཞེས་དྲི་བར་བྱའོ། །དེས་ཀྱང་བདེ་ཆེན་བདག་ནི་སྐལ་བ་བཟང་པོ་ཞེས་བརྗོད་པར་བྱའོ། །དེ་མ་ཐག་ཏུ། ཨོཾ་སརྦྦ་ཡོ་ག་ཙིཏྟཾ་ཨུཏྤཱ་ད་ཡཱ་མི། ཞེས་པ་འདིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ནས་རྡོ་རྗེ་དང་བཅས་པའི་རྡོ་རྗེ་ཨོཾ་སུ་ར་ཏེ་ས་མ་ཡ་
སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་པ་འདིས་སྙིང་གར་རྡོ་རྗེ་གཞག་པར་བྱའོ། །དེ་ནས་སྔར་སྨྲས་པའི་ཡི་གེ་ལྔ་པོས་ཡོལ་བའི་ནང་དུ་བཅུག་ལ་འདི་སྐད་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་འདི་བསྐྱེད་པར་བྱ་ཡིས།
ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་སྨྲ་བར་མ་བྱེད་ཅིག །སྨྲས་ན་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། དེ་ནས་རྡོ་རྗེ་མགོ་བོར་བཞག་ནས་འདི་སྐད་ཅེས་བརྗོད་

པར་བྱའོ། །འདི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཁྱོད་ཀྱིས་འདི་འགའ་ཞིག་ལ་སྨྲས་ན་སྤྱི་བོ་འགེམས་པར་འགྱུར་རོ། །རྡོ་རྗེ་སེམས་རང་དེང་ཁྱོད། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །
ཞེས་པ་འདིས་མནའ་བསྒགས་ལ། ཙནྡན་དང་གུར་གུམ་ལ་སོགས་པ་བསྲེས་པའི་ཆུ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ། ཞེས་པའི་སྔགས་ལན་བདུན་བཟླས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་
རྩིའི་ཆུ་འཐུང་ཤིག །ཅེས་བརྗོད་ཅིང་བླུད་པར་བྱ། དེ་ནས་འདི་དག་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་གྱིས་ཤིག་བསྒོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །ཡ་ང་བ་མ་སྤངས་པར་ཁྱོད་དུས་བྱས་
ནས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏ་རེ། དེ་དག་ནི་དམ་ཚིག་གི་ཆུ་སྦྱིན་པའོ། །དེ་ནས་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པར་གསུངས་པའི་དབབ་པའི་ཆོ་གས་དབབ་པར་བྱའོ། །དེ་ནས་བདེན་པའི་བྱིན་རླབས་ཀྱིས། །དེ་ལྟར་བདག་གི་དཀྱིལ་འཁོར་དུ། །སློབ་མ་འདི་ནི་ལེགས་
བཅུག་ནས། །བསོད་ནམས་ཇི་ལྟ་དེ་བཞིན་ཤོག །ལྷ་རྣམས་རིགས་ཀྱི་རིམ་པ་དག །འདི་ཡིས་དངོས་གྲུབ་ཇི་འདྲར་འགྱུར། །རིགས་གང་གིས་ནི་སྣོད་འགྱུར་དང་། །བསོད་ནམས་མཐུ་དག་ཅི་འདྲ་བ། །དེ་འདྲ་དཀྱིལ་འཁོར་འདི་རུ་ཤོག །ཅེས་དེ་ལྟར་བྱས་ནས། ཁྱོད་ཀྱི་མིག་
གིས་ཅི་འདྲ་བ་དག་སྣང་ཞེས་དྲི་བར་བྱའོ། །དེ་ནས་དེ་བརྗོད་པའི་དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོར་སྣང་བ་རྣམས་ཀྱིས། ཞི་བ་དང་རྒྱས་པ་དང་དབང་དུ་བྱ་བ་དང་དྲག་ཤུལ་སྤྱོད་པའི་དངོས་གྲུབ་ཀྱི་སྐལ་བ་ཅན་རྣམས་སུ་གོ་རིམས་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །དེ་ནས་དེས་བཟུང་བའི་མེ་
ཏོག་གི་ཕྲེང་བ་དེ་དཀྱིལ་འཁོར་དུ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་བྱ་བ་འདིས་དོར་བར་བྱའོ། །དེ་ནས་མེ་ཏོག་དོར་བ་ལས་དམན་པ་དང་མཆོག་ལ་སོགས་པའི་དངོས་གྲུབ་མཚོན་པར་བྱའོ། །དེ་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི་དབུའམ་མཛོད་སྤུའམ་གཙུག་ཏོར་ལ་ལྷུང་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་བོ། །

གལ་ཏེ་སྤྱན་ནམ་ཞལ་ལྷུང་ན་སྔགས་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །ཡན་ལག་མཆོག་ལ་ནི་མཆོག་གོ། །ཡན་ལག་བར་པ་ལ་ནི་འབྲིང་ངོ། །སྨད་ཀྱི་ཆ་ལ་ནི་ཐ་མའོ། །གཟུགས་ལས་ཡུན་རིང་བས་ན་ཤིན་ཏུ་ཡུན་རིང་བའོ། །ཉེ་བ་ལ་ནི་མྱུར་དུ་དངོས་གྲུབ་བོ། །ལྷ་རྣམས་ཀྱི་རང་གི་གནས་ཀྱི་ལེ་ཚེ་
ལ་སོགས་པར་བཅས་པར་ཤེས་པར་བྱའོ། །ལྷ་གཉིས་ཀྱི་བར་དུ་གལ་ཏེ་ལྷུང་ན་དེའི་ཚེ་མེ་ཏོག་དེ་གང་ལ་ཉེ་བ་དེའི་རིགས་ཡིན་ནོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་ལྷུང་ན་ནི་དངོས་གྲུབ་ཕྲན་ཚེགས་སུ་འགྱུར་རོ། །གལ་ཏེ་རི་མོ་ལ་ལྷུང་ན་དེ་ཚེ་སླར་ཡང་དོར་བར་བྱ་སྟེ། ལན་གསུམ་བྱས་ཀྱང་དེ་ཉིད་དུ་
ལྷུང་ན་དངོས་གྲུབ་མེད་དོ། །ཕྱི་རོལ་གྱི་རྡོ་རྗེ་ར་བའི་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་མེད་དོ། །སྙིང་པོ་ལ་་ལྷུང་ན་ནི་ཕྲན་ཚེགས་སོ། །དེ་དག་ནི་མེ་ཏོག་དོར་བའོ། །དེ་ནས་དོར་བའི་ཕྲེང་བ་དེ་སླར་ཡང་བླངས་ནས་སློབ་མའི་སྤྱི་བོར་བཅིངས་ནས་པྲ་ཏི་གྲྀཧྞ་ཏྭ་མི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བརྗོད་དོ། །ཨོཾ་བཛྲ་སཏྭ་ཡ་
ཏརྱ་ཙཀྵུ་ཏ་གྷ་ཊ་ཏད་སྥ་ར་ཎ་ཨུཏྒྷ་ཊ་ཨ་ཏི་སརྦྦ་ཀྵོ། བཛྲ་ཙཀྵུར་ནུཏྟ་རཾ། ཞེས་བརྗོད་ཅིང་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་སོ་སོའི་མིང་བརྗོད་ལ། སྔོན་དུ་འགྲོ་བས་སྒོ་སྐྱོང་ནས་བརྩམས་ནས་བདག་པོའི་མཐར་ཐུག་པར་བསྟན་པར་བྱའོ། །དེ་དག་ནི་དཀྱིལ་འཁོར་
དུ་གཞུག་པའི་ཆོ་གའོ། །དེ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་སླད་དུ། །ནམ་མཁའ་རྡོ་རྗེ་དེང་བདག་སྩོལ། །ཞེས་བྱ་བས་གསོལ་བ་བཏབ་ལ། བུམ་པ་བཟུང་བའི་སྤྱན་མ་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་བར་
བྱ་སྟེ། དབང་བསྐུར་བ་ནི་རྡོ་རྗེ་ཆེ། ། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང་། ། སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་བརྗོད་ནས་བདུད་རྩི་འཁྱིལ་པ་བཟླས་པའི་བུམ་པ་ནས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩཱ་མི། ཞེས་བརྗོད་ལ་
གདོང་བཀྲུ། སློབ་མ་འཁོར་ལོས་སྒྱུར་བ་བཞིན་དུ་དབང་བསྐུར་བར་བྱའོ། །དེ་དག་ནི་ཆུའི་དབང་བསྐུར་བའི་ཆོ་གའོ། །དེ་ནས་རང་གི་ལྷ་དང་ལྷན་ཅིག་པའི་གསེར་དང་རས་ལ་སོགས་པ་ལས་བྱས་པའི་ཅོད་པན་སློབ་མའི་མགོ་བོར་སྔར་སྨྲས་པའི་རིམ་པས་ལེགས་པར་བཞག་ལ། ནམ་མཁའི་

དཀྱིལ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་གཟུགས་ཀྱིས་ཅོད་པན་ལ་བཞུགས་པར་བསམ་པར་བྱའོ། །དེ་དག་ནི་ཅོད་པན་གྱི་དབང་བསྐུར་བའི་ཆོ་གའོ། །དེ་ནས་རྡོ་རྗེ་བླངས་ལ། སངས་རྒྱས་རྣམས་ཀྱིས་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་
བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང་། །ཞེས་གདོན་ཞིང་རྡོ་རྗེ་སྙིང་ག་ལ་སོགས་པར་རེག་ནས་རྡོ་རྗེ་ལག་པ་གཡས་སུ་སྦྱིན་པར་བྱའོ། །དེ་དག་ནི་རྡོ་རྗེའི་དབང་བསྐུར་བའི་ཆོ་གའོ། །དེ་ནས་ལག་པ་གཡོན་པར་དྲིལ་བུ་བྱིན་ལ་
རྡོ་རྗེ་དང་དྲིལ་བུར་ལྡན་པའི་སློབ་མའི་ལག་པ་གཉིས་ཀྱིས་འཁྱུད་པའི་ཚུལ་དུ་བཅུག་ལ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་གདོན་པར་བྱའོ། །དྲིལ་བུའི་དབང་བསྐུར་བ་ནི་བདག་པོའི་དབང་བསྐུར་བ་ཞེས་བརྗོད་དོ། །དེ་དག་ནི་དྲིལ་བུའི་དབང་བསྐུར་བའི་ཆོ་གའོ། །
དེའི་རྗེས་ལ་རྡོ་རྗེ་དང་དྲིལ་བུ་སློབ་མའི་སྤྱི་བོར་བཟུང་ལ། ཨོཾ་བཛྲ་སཏྭ་ཏྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ན་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་རིགས་དང་མཐུན་པའི་མིང་དག་གདགས་སོ། །དབང་བསྐུར་བ་དེ་དག་གིས་ནི་སྔགས་དང་རྒྱུད་ཉན་པ་དང་འཆད་པ་དང་སྔགས་སྒྲུབ་པ་ལ་དབང་བསྐུར་བྱ་བར་
འགྱུར་རོ། །དབང་བསྐུར་བ་ལྔ་པོ་དེ་ཉིད་ནི་རིག་པའི་དབང་བསྐུར་བ་ཞེས་བརྗོད་དོ། །ཐམས་ཅད་དུ་སྤྱན་མ་ལ་སོགས་པའི་རིགས་རྣམས་ཀྱི་བྱ་བ་ཡོད་པའི་ཕྱིར་རོ། །དེ་དག་ནི་མིང་གི་དབང་བསྐུར་བའི་ཆོ་གའོ། །དེའི་རྗེས་ལ་རིག་པའི་དབང་བསྐུར་བ་བླངས་ཤིང་སློབ་དཔོན་གྱི་སྡོམ་པ་བླངས་
པ་ལ། རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །གང་གིས་ཁྱོད་ཀྱི་དྲིན་གྱིས་དག །བདག་དང་གཞན་དོན་ནུས་འགྱུར་བ། །བརྩེ་བའི་གཏེར་གྱིས་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་པར་གྱུར་པའི་སློབ་མ་ལ་བསམ་གཏན་གྱི་སྤྱན་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་ནས་དམ་ཚིག་གསུམ་
འཛིན་དུ་གཞུག་གོ། །དེ་ལ་དམ་ཚིག་གསུམ་ནི་འདི་ཡིན་ཏེ། ཧཱུྃ་གི་ཡི་གེ་རྡོ་རྗེར་བསམས་ནས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དམ་པ་དང་པོའི་སྐྱེས་

བུའོ་ཞེས་བྱ་བ་དེ་ཁོ་ན་ཉིད་རྡོ་རྗེ་གཟུང་ངོ་། །དེ་དག་ནི་རྡོ་རྗེའི་དམ་ཚིག་གོ། །དེ་མ་ཐག་ཏུ་ཡི་གེ་ཨ་ལས་སྐྱེས་པའི་དྲིལ་བུ་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞིང་། །ཅེས་
པ་འདིས་སློབ་མའི་ལག་ཏུ་སྦྱིན་ནོ། །སྲིད་པ་རང་བཞིན་གྱིས་ནི་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ནི་བྱེད་པར་འགྱུར། །ཞེས་བྱ་བ་འདིས་སློབ་མས་ཀྱང་དཀྲོལ་བར་བྱའོ། །དེ་དག་ནི་དྲིལ་བུའི་དམ་ཚིག་གོ། །དེའི་
རྗེས་ལ། ཡིད་ཀྱིས་ལུས་ནི་བརྟན་བྱའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་བྱར་གསུངས། །གང་གིས་ལུས་ཀུན་བརྟགས་པས་ན། །དེས་ན་ཕྱག་རྒྱ་རབ་ཏུ་བསྒྲགས། །ཞེས་བྱ་བ་འདིས་རང་གི་འདོད་པའི་ལྷའི་ལུས་ཀྱིས་བདག་ཉིད་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱའོ། །དེ་དག་ནི་
ཕྱག་རྒྱའི་དམ་ཚིག་གོ། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི་དཀྱིལ་འཁོར་གྱི་རྣམ་པར་དག་པའི་མཚན་ཉིད་དང་། ལྷའི་དེ་ཁོ་ནས་ནི་ལྷའི་རྣམ་པར་དག་པའི་མཚན་ཉིད་དང་། སློབ་དཔོན་གྱི་ལས་ནི་དཀྱིལ་འཁོར་གྱི་སྒྲུབ་པ་སྔོན་དུ་འགྲོ་བ་སྟེ། དེར་སློབ་དཔོན་གྱི་འཇུག་པའི་བྱ་བའི་
མཚན་ཉིད་དོ་ཞེས་སེམས་ཤིང་འདི་གསུམ་བསྟན་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་དམིགས་པའི་སློབ་མ་ལ་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། སེམས་ཅན་ཀུན་ལ་ཕན་དོན་དུ། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་འདུལ་བ་སྣ་ཚོགས་པ། །ཆོས་
ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་ཆོས་ཀྱི་གནས་སུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་སྒྲ་བཅུག་ལ་རིམ་པ་བཞིན་དུ་ཚིགས་སུ་བཅད་པ་ལྔས་བྱ་སྟེ། དེ་དག་ནི་རྗེས་སུ་གནང་བའི་སྦྱིན་པའོ། །དེ་ནས། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་
ཀྱང་ནི་རྟག་ཏུ་གཟུང་། །ཕྱག་ན་རྡོ་རྗེས་བརྟུལ་ཞུགས་བརྟན། །ཞེས་པས་རྡོ་རྗེ་སྦྱིན་ཏེ། སརྦྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷཱ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧཾ་ཧཱུྃ། ཞེས་བརྗོད་དུ་གཞུག་ཅིང་སློབ་མ་རྡོ་རྗེ་བརྟུལ་ཞུགས་འཛིན་དུ་གཞུག་གོ། །དེ་དག་ནི་རྡོ་རྗེ་སྦྱིན་པའོ། །དེའི་རྗེས་ལ་སངས་

རྒྱས་ཀྱི་གཟུགས་སུ་བདག་ཉིད་བསམས་ནས། སྙིང་གར་ཁུ་ཚུར་གཡོན་པས་ཆོས་གོས་ཀྱི་གྲྭ་ནས་འཛིན་པའི་ཚུལ་དུ་བྱས་ལ། །གཡས་པ་མཆོག་སྦྱིན་པས། ཨོཾ་འདིར་ནི་ངས་ཁྱོད་ལུང་བསྟན་ཡིན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་
གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་ཆེ་གེ་མོ་ཞེས་བྱ་བ་དེ་བཞིན་གཤེགས་པའི། སིདྡྷི་ས་མ་ཡ་སྟྭཾ་བྷུརྦྷུ་བ་སྭཿ། ཞེས་བྱ་བས་ལུང་བསྟན་ཏེ། གང་ལ་འཕགས་པའི་ཕྱག་རྒྱ་འདིས་ལུང་སྟོན་པར་བྱེད་ན། དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་སེམས་
དཔའི་འཁོར་གྱི་དཀྱིལ་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། འཕགས་པ་ཕྱག་རྒྱ་ཆེན་པོ་འདིའི་མཐུ་དང་གསང་སྔགས་ཀྱི་སྟོབས་ཀྱིས་སོ་ཞེས་དད་པར་བྱའོ། །དེ་དག་ནི་ལུང་བསྟན་པའོ། །དེ་ནས་གསང་བ་བརྗོད་
པར་བྱ་སྟེ། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ཆགས་བྲལ་བྱ་བར། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །མ་ཧཱ་ས་མ་ཡ་ཧཱ་ན་ཧཱུྃ་ཕཊ། དེ་ནས། མཆོག་གསང་དཀྱིལ་འཁོར་དམ་པ་ནི། །མཐོང་བ་དང་ནི་ཞུགས་པ་ཡིས། །སྡིག་
པ་ཀུན་ལས་ངེས་གྲོལ་བར། །ཁྱོད་ནི་དེ་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མིན་ཏེ། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །སྲིད་པའི་སྡུག་བསྔལ་རྣམས་ལས་འདས། །བྱང་ཆུབ་སེམས་ནི་བཏང་མི་བྱ། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་དང་། །གང་ཞིག་
སྐྱེས་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའོ། །དམ་པའི་ཆོས་ནི་མི་སྨད་ཅིང་། །ནམ་ཡང་སྤང་བར་མི་བྱ་སྟེ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ནི་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ནམ་ཡང་སྤང་བར་མི་བྱའོ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །
དེ་ནི་སངས་རྒྱས་ཀུན་དང་མཚུངས། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བར་བདེ་བ་བཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །དེ་རིང་རྡོ་རྗེ་སློབ་དཔོན་ཏེ། །སྔགས་དང་རྒྱུད་ནི་འཛིན་པ་ཁྱོད། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། །

ལྷ་རྣམས་ཀྱིས་ནི་བཞེད་པ་ཡིན། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །འབད་པ་ཡིས་ནི་བྲི་བྱ་ཞིང་། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །དེ་དག་ནི་དབུགས་དབྱུང་བའོ། །རྗེས་སུ་གནང་བ་ལ་སོགས་པ་བཞི་པོ་འདི་དག་རྣམས་ནི། དབང་
བསྐུར་བ་ལྔའི་དེ་མ་ཐག་ཏུའམ། བཞི་པའི་དབང་བསྐུར་བའི་དེ་མ་ཐག་ཏུ་བརྗོད་པར་བྱའོ། །སློབ་དཔོན་གྱི་དབང་བསྐུར་བ་ཉིད་ལ་ནི་ཕྱིར་མི་ལྡོག་པའི་དབང་བསྐུར་བ་ཞེས་བརྗོད་དོ། །དབང་བསྐུར་བ་ལྔ་དང་སློབ་དཔོན་གྱི་དབང་བསྐུར་བ་ནི་བུམ་པའི་དབང་ཡིན་ཏེ། ཐམས་ཅད་དུ་བུམ་པའི་བྱེད་པ་ཡོད་
པས་སོ། །དབང་བསྐུར་བ་དྲུག་པོ་བྱ་བ་ནི་རྒྱུད་ཐམས་ཅད་དུ་ཡང་འགལ་བ་མེད་དེ་འཇམ་དཔལ་གྱི་རྒྱུད་ལ་སོགས་པ་རྣམས་སུ་བསྟན་པའི་ཕྱིར་རོ། །དེ་དག་ནི་སློབ་དཔོན་གྱི་དབང་བསྐུར་བའི་ཆོ་གའོ། །དེ་ནས་ཡོལ་བ་ལ་སོགས་པ་དབེན་པར་བྱས་པའི་ཕྱོགས་སུ་སློབ་མས་རང་གི་སེམས་དང་
འཐད་པའི་གཟུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དམ་ཚིག་དང་སྡོམ་པ་དང་ཏིང་ངེ་འཛིན་གསུམ་ལ་མཁས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཤིན་ཏུ་དད་པ་སྙིང་རྗེའི་བདག་ཉིད་ཅན་གྱི་ཤེས་རབ་གསང་བའི་དབང་བསྐུར་བའི་དོན་དུ་བླ་མ་ལ་ཕུལ་ལ། བྱང་ཆུབ་རྡོ་རྗེ་ཞེས་པ་ལ་སོགས་
པས་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་ཏིང་ངེ་འཛིན་གསུམ་མངོན་སུམ་དུ་བྱས་ཤིང་དེ་བཞིན་ཉིད་ཀྱི་པདྨའི་ནང་དུ་སྦྱོར་བས་བསྐྱོད་པའི་རྡོ་རྗེ་ནོར་བུའི་ནང་དུ་ཆུད་པ་རང་གིས་རིག་པར་བྱས་ནས། སེམས་ཀྱང་ནམ་མཁའི་ཁམས་སུ་མ་ལྷུང་བ་ཉིད་དུ་མཚོ་སྐྱེས་ནས་རྡོ་རྗེ་བཏོན་ནས་སྲིན་ལག་
དང་མཐེ་བོ་དག་གིས་སློབ་མའི་མིག་དང་ལག་པའི་སྤྱོད་ཡུལ་མ་ཡིན་པར་དེ་ཁའི་ནི་ཆུ་སྐྱེས་ཀྱི་ནམ་མཁར་སྦྱིན་པར་བྱའོ། །དེས་ཀྱང་ཨ་ཧོ་མ་ཧཱ་སུ་ཁ། ཞེས་བརྗོད་དེ་དྲངས་ནས་ལོངས་སྤྱོད་ཅིང་ལོངས་སྤྱོད་ཀྱི་སྦུ་གུར་གཞུག་པར་བྱའོ། །དེ་ཉིད་ཀྱིས་ཀྱང་ལངས་ལ་རང་གི་ཁྱད་པར་གྱི་ནང་ནས་
ཁྱད་པར་དུ་འཕགས་ཏེ་མེ་ཏོག་གི་བཅུད་ཀྱི་ཐིགས་པ་གོས་དང་བྲལ་ཞིང་སྒེག་པ་དང་བཅས་པས་དེའི་ནམ་མཁར་གཞུག་པར་བྱའོ། །དེ་ནི་ཤེས་རབ་དང་ཐབས་ཀྱི་གསང་བ་དག་གི་དབང་བསྐུར་བའི་ཆོ་གའོ། །དེ་ནས་དེ་བཞིན་ཉིད་གཅིག་ཏུ་འདོད་ན་དེ་ཉིད་ཀྱིས་སོ། །ཐ་དད་པར་འདོད་ན་གཞན་གྱིས་ཏེ། རང་རིག་

པའི་ཡེ་ཤེས་མངོན་སུམ་དུ་བྱེད་པའི་གནས་སྐབས་སུ་སྔར་སྨྲས་པའི་ཚིགས་སུ་བཅད་པས་གསོལ་བ་བཏབ་པར་གྱུར་པའི་སློབ་མ་དེའི་ལག་པ་བཞག་ལ། ཉམས་དགའ་གཟུངས་འདི་ཁྱོད་ཀྱིས་ནི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བསྔགས། །འཁོར་བའི་རིམ་པའི་སྦྱོར་
བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འདི་ནི་འགྲོ་བ་གསུམ་ན་དག །དེ་བས་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་འགའ་ཞིག་འདའ་བྱེད་ན། །
དེ་ལ་དངོས་གྲུབ་མཆོག་ནི་མེད། །ཅེས་བརྗོད་དེ་གཏང་བར་བྱའོ། །དེ་ཡང་ཙནྡན་དང་གུར་གུམ་ལ་སོགས་པ་བྱུགས་པ་ཤིན་ཏུ་དྲི་ཞིམ་པ་ལ་སོགས་པའི་མེ་ཏོག་གི་ཕྲེང་བས་སྟེང་དུ་བརྒྱན་པ་གོས་མེད་པར་ཆུ་སྐྱེས་མཛེས་པ་གསལ་བར་སྟོན་པར་བྱེད་ཅིང་སློབ་མ་ལ་འདི་སྐད་སྨྲ་བར་བྱ་སྟེ། བུ་ཁྱོད་བདེན་
པར་སྨྲའམ་ཅི། །བཤང་གཅི་ལ་སོགས་བཟའ་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་ཤ །དེ་བཞིན་མཆོག་ཏུ་བུད་མེད་གུས། །བྷ་གའི་པདྨར་འོ་བྱེད་པ། །བུ་ཡིས་ཇི་ལྟར་བདེ་བར་སྨྲོས། །ཞེས་བརྗོད་དོ། །དེས་ཀྱང་། ཁྲག་དང་ཁུ་བ་སོགས་ཟ་དང་། །རྟག་ཏུ་བུད་མེད་གུས་བྱས་དང་། །བྷ་
ག་ཉིད་ལ་འོ་བགྱིད་པར། །ལྷ་མོ་ཅི་སྟེ་བདག་མི་སྤྲོ། །ཞེས་སྨྲ་བར་བགྱིའོ། །དེ་དགའ་ཞིང་བྱམས་པ་དང་ལྡན་པས་སྒྲུབ་པ་པོ་ལ་བདག་པོ་བཞིན་དུ་རྣམ་པར་ལྟ་ཞིང་། ཙོག་ཙོག་པོར་ཆུ་སྐྱེས་བསྟན་ནས་འདི་སྐད་ཅེས་སྨྲ་བར་བྱའོ། །ཨེ་མའོ་ང་ཡི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །
གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་དུ་ང་གནས་སོ། །རྫོགས་སངས་མཉེས་པར་བྱ་ལ་སོགས། །ཇི་ལྟའི་བྱ་བ་པདྨར་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རབ་ཏུ་གནས། །ཨུད་ཕུ་ལ་ལ་བྷ་མ་ཛི་ཛྭ་ལ། ལ་སོགས་པས་བྱེད་པ་ལེགས་པར་གདགས་པས། ཇི་
སྲིད་རྣལ་འབྱོར་བྱང་ཆུབ་སེམས། །གདོད་པ་རུ་ནི་མི་བྱེད་པས། །དེ་སྲིད་རྒྱུན་མི་ཆད་པ་ཡི། །དགའ་སྐྱེས་བདེ་བ་ཅི་ཡང་ཐོབ། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པའི། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་བ་ལ། །མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་

དབྱིངས་རྡོ་རྗེ་མཉམ་སྦྱོར་དང་། །རེག་ལས་རྨད་བྱུང་ཆེན་པོ་ཡི། །བདེ་བ་སྐྱེས་པ་གང་ཡིན་པ། །མཆོག་ཏུ་དགའ་བ་བྱེད་པའོ། །དགའ་བྲལ་དགའ་བ་བདག་དབུས་སུ། །མཚན་བྱ་བརྟགས་ལ་བརྟན་པར་གྱིས། །པདྨའི་ནམ་མཁར་རྡོ་རྗེ་དང་། །ལྟེ་བ་དག་ནི་གནོན་ནས་སུ། །རྡོ་རྗེ་
སྐྱིལ་མོ་ཀྲུང་ལ་སེམས། །ནོར་བུའི་ནང་དུ་སོན་པ་ལྟ། །ཡེ་ཤེས་སྐྱེ་བ་གང་ཡིན་ཏེ། །ཤིན་ཏུ་ཡེ་ཤེས་ངོ་བོ་ཡིན། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་སུ་མེད་པ་སྟེ། །གང་ཚེ་རྣལ་འབྱོར་ཡེ་ཤེས་མཐོང་། །བདེ་བར་འགྱུར་བ་བདེ་བར་གནས། །ཐུན་ནམ་
ཡང་ན་ཉི་མ་གཅིག །ཟླ་ཕྱེད་ཟླ་བ་ཁྱུད་སྐོར་དང་། །བསྐལ་པའམ་བསྐལ་པ་སྟོང་ཕྲག་ཏུ། །ཡེ་ཤེས་མངོན་པར་སྦྱོར་བས་གནས། །དེ་ལྟར་བརྟགས་ལ་ཇི་ལྟར་ནུས་པས་བཟུང་བ་ལ་བཏང་སྟེ་ཆུ་སྐྱེས་ལྕེ་ཉིད་ཀྱིས་རྗེས་སུ་བླངས་ཏེ། དེ་ཁོ་ན་མཐོང་བས་བྱང་ཆུབ་ཀྱི་སེམས་དམ་ཚིག་གི་ངོ་
བོ་གཟུང་བར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་གའོ། །དེའི་རྗེས་ལ་དབང་བསྐུར་བ་བདུན་འཐོབ་ཅིང་ཤེས་རབ་ཡེ་ཤེས་མངོན་སུམ་དུ་བླངས་པ་ཉིད་མ་རྙེད་ན་ཡང་ཚིག་གིས་སྨྲས་ལ་དབང་རིན་པོ་ཆེ་སློབ་དཔོན་གྱི་མན་ངག་ལས་ཡེ་ཤེས་ཀྱི་དབང་སྦྱིན་པ་དེ་ལ་བཞི་པ་མངོན་
པར་བརྗོད་པ་དབང་བསྐུར་བའི་རིན་པོ་ཆེ་བླ་མའི་མན་ངག་གིས་རྟོགས་པར་བྱ་བའི་ངོ་བོ་སྦྱིན་པར་བྱའོ། །དེ་ནི། སློབ་མའི་མོས་པ་ཡིད་ཀྱིས་ཡོངས་བརྟགས་ལ། །ཇི་སྐད་གསུངས་པའི་ཆོ་གས་གསང་བྱིན་ནས། །རྒྱ་ཆེ་ཟབ་པའི་ཚུལ་ལ་མོས་པ་ན། །དབང་བསྐུར་རིན་ཆེན་ཚིག་ཉིད་སྦྱིན་པར་བྱ། །
ཞེས་གསུངས་སོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དངོས་སུ་མ་ཐོབ་པ་ལ་སླར་ཡང་ཚིག་ཙམ་གྱིས་དབང་བསྐུར་བ་སྦྱིན་པར་མི་བྱ་སྟེ། དམ་ཚིག་ཉམས་པས་འཇིགས་པའི་ཕྱིར་རོ། །འོ་ན་གལ་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དངོས་སུ་མ་ཐོབ་པ་ལ་ཚིག་ཙམ་གྱི་དབང་བསྐུར་བ་
བཀག་ན། ཇི་ལྟར་ན་དགེ་སློང་རྣམས་རྗེས་སུ་གཟུང་བར་བྱ་ཞེ་ན། དགེ་སློང་རྣམས་རྗེས་སུ་གཟུང་བར་མི་བྱ་སྟེ། དེ་དག་ལ་ནི་འདིར་དབང་མེད་པའི་ཕྱིར། དེ་ལྟར་ཡང་། གང་ཡང་དགེ་སློང་དངོས་དགའ་དང་། །གང་ཡང་རྟོག་གེ་ལ་དགའི་མི། །གང་ཡང་རྒན་པོའི་དངོས་གནས་པ། །དེ་

ལ་དེ་ཉིད་བསྟན་མི་བྱ། །ཞེས་གསུངས་སོ། །འོ་ན་ཇི་ལྟར་ན། སོ་སོར་འབྲང་མ་ཆེན་མོ་ལ་སོགས་པར་གསུངས་པ། དགེ་སློང་རྡོ་རྗེ་འཛིན་པས་བྱ། །བདུད་ལ་བསྡིགས་པ་ལ་བརྩོན་པ། །ཞེས་བྱ་བ་ལ་སོགས་པ་ནི་གསུངས་པ་ཉིད་དོ་ཞེ་ན།འོན་ཀྱང་དགེ་སློང་འགའ་ཞིག་
གཅིག་ཏུ་ངེས་པར་གྲགས་པའི་དཀའ་ཐུབ་ཅན་ཉན་ཐོས་ཀྱི་ཐེག་པ་ལྟ་བ་གཅིག་པ་སྟེ། དེ་ལ་ནི་སྔགས་དང་ཕྱག་རྒྱ་ལ་སོགས་པའི་དབང་བསྐུར་བ་དབང་མེད་པ་ཉིད་དོ། །ཡང་གང་ཞིག་ཉན་ཐོས་ཀྱི་སྡོམ་པ་དང་ཐེག་པ་ཆེན་པོར་སེམས་བསྐྱེད་པ་དང་ལྡན་པ་སྟེ། དེ་ལ་སྔགས་དང་ཕྱག་རྒྱ་ལ་སོགས་པ་ལ་དབང་
ཡོད་དེ། དེ་ཡང་གསང་བའི་དབང་བསྐུར་བ་ལ་སོགས་པ་མེད་དོ། །ཡང་གང་ཞིག་ཉན་ཐོས་ཀྱི་སྡོམ་པ་དང་སྔགས་ཀྱི་ཚུལ་ལ་ཡང་སེམས་བསྐྱེད་པ་དང་ལྡན་པ་སྟེ། དེ་ལ་ནི་ཐམས་ཅད་དུ་དབང་བསྐུར་བ་ལ་སོགས་པའི་དབང་ཡོད་པ་སྟེ་དེ་ཉིད་ནི་རྡོ་རྗེ་འཛིན་པས་བདུད་ལ་བསྡིགས་པ་ལ་སོགས་པ་
བྱའོ། །འོ་ན་དེ་ལྟར་ན་ཡང་ཇི་ལྟར་ན་དགེ་སློང་གི་སྡོམ་པ་མི་ཉམས་པར་འགྱུར་རམ་ཞེ་ན། མི་འགྱུར་ཏེ། འདི་ལྟར་དགེ་སློང་གི་སྡོམ་པ་མ་བཏང་བར། ཕྱི་ནང་གསང་བའི་ཐེག་པ་གསུམ། །སྡོམ་པ་སོ་སོར་གཟུང་བར་བགྱི། །ཞེས་བྱ་བ་ལ་སོགས་པ་གང་གི་ཚེ། སྡོམ་པ་གཞན་དང་མི་འགལ་
ཞིང་། །ལྷག་པ་ཡང་སོ་སོར་འཛིན་པ་ཡིན་ན་དེའི་ཚེ་ཇི་ལྟར་སྡོམ་པ་ཉམས། ཅི་སྟེ་མི་འགལ་ཞིང་ལྷག་པའི་སྡོམ་པ་མ་ཉམས་པར་ཡིན་དུ་བཅུག་ན་དགེ་སློང་གི་སྡོམ་པ་ལ་དབང་པོ་གཉིས་སྙོམས་པར་འཇུག་པར་བྱེད་པ་ཇི་ལྟར་མི་ཉམས་ཤེ་ན། དེ་ལྟར་ན་ཡང་མི་ཉམས་ཏེ། འདུལ་བ་ལ་སོགས་པར་
བཀག་པ་སྤྱོད་པ་ནི་ཉམས་པར་བསྟན་གྱི་ཡང་མ་བཀག་པར་སྤྱོད་པ་ལ་ནི་མ་ཡིན་ནོ། །ཁམས་གསུམ་པར་གྱུར་པའི་མི་དང་ལྷ་ལ་སོགས་པའི་མཛེས་མ་རྣམས་ལ་ཟག་པ་དང་བཅས་པའི་མངོན་པར་ཞེན་པ་མྱོང་བའི་མཚན་ཉིད་འདོད་ཆགས་བྱང་བར་བྱེད་པ་དེ་དག་འདུལ་བ་ལ་སོགས་པར་བཀག་གི །ཡང་
ཁམས་གསུམ་པ་ལས་འདས་པའི་ལུས་ཅན་རྣམ་པར་རིག་པ་ཙམ་དུ་ངོ་བོ་གཅིག་པའི་འཇམ་པའི་རྡོ་རྗེ་ལ་སོགས་པ་རང་སྣང་བའི་ངོ་བོ་རྣམས་ནི་མ་ཡིན་ནོ། །གཞན་དུ་ན་རྨི་ལམ་དུ་ཉེ་བར་དམིགས་པ་དང་། རྟོག་པའི་ཡུལ་གྱི་རང་བཞིན་གྱི་ངོ་བོ་རྣམས་ལ་ཡང་སྡོམ་པ་ཉམས་པར་འགྱུར་རོ། །ཅི་སྟེ་དེ་དག་ལ་

ཡང་བདག་གིས་ལེགས་པར་བྱས་སོ། །བདག་གིས་རབ་ཏུ་གྱུར་ཏོ་ཞེས་རབ་ཏུ་རྗེས་སུ་ཡི་རང་བར་བྱེད་པ་ཉོན་མོངས་པ་ཅན་གྱི་སེམས་ལ་ནི་ལྟུང་བར་གྱུར་པ་ཉིད་དོ་ཞེ་ན། ལྟུང་བ་ཙམ་དུ་གྱུར་པ་ནི་བདེན་ན་ཡང་སྡོམ་པ་ཉམས་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལ་སྨོད་པའི་སེམས་སུ་བྱེད་ན་དེའི་ཚེ་ནི་
ལྟུང་བ་ཙམ་དུ་ཡང་མི་འགྱུར་རོ། །དེ་ཡང་། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །བདག་ཉིད་སྨོད་པར་བྱེད་པ་ཡང་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ན་ཇི་ལྟར་རྨི་ལམ་ན་ཉེ་བར་མ་དམིགས་པ་ཀུན་བརྟགས་པའི་བུད་མེད་རྣམས་མོས་པ་ཉིད་འཇུག་པའི་ཚོར་བ་སྲེད་པ་ལ་ཡང་སྡོམ་པ་
ཉམས་པ་མེད་ལ་སྨོད་པ་ནི་ལྟུང་བ་ཙམ་དུ་ཡང་མི་འགྱུར་བ་དེ་བཞིན་དུ་ཁམས་གསུམ་པ་ལས་འདས་པའི་འཇམ་པའི་རྡོ་རྗེ་ལ་སོགས་པའི་རང་གི་ངོ་བོ་ཤེས་རབ་སེམས་ཙམ་གྱི་རང་གི་ངོ་བོ་རྣམས་ལ་ཡོངས་སུ་དག་པ་མངོན་པར་མ་ཞེན་པའི་མཚན་ཉིད་འདོད་ཆགས་ཆེན་པོ་མངོན་དུ་བྱེད་པ་དེ་མི་
དམིགས་པ་སྟོང་པ་ཉིད་བསྒོམས་པས་སྨོད་པ་ཉིད་ལ་དགེ་སློང་གི་དངོས་པོ་ཉམས་པ་མེད་ཅིང་ལྟུང་བ་ཙམ་དུ་ཡང་མི་འགྱུར་རོ་ཞེས་འདོད་པར་བྱའོ། །འོ་ན་སེམས་ཙམ་དུ་ངོ་བོ་གཅིག་པའི་འཇམ་པའི་རྡོ་རྗེ་ལ་སོགས་པའི་རང་གི་ངོ་བོ་ཤེས་རབ་ལ་རིགས་པ་འདི་ཡོད་ན་ཕྱི་རོལ་གྱི་ལས་ཀྱི་ཕྱག་རྒྱ་
འདུལ་བར་བཀག་པ་ལ་རིགས་པ་འདི་ཇི་ལྟར་ཡིན་ཞེ་ན་བརྗོད་པར་བྱ་སྟེ། ཅི་འདིར་ཁྱེད་ཀྱིས་གཟུགས་ལ་སོགས་པ་རང་གི་སེམས་སྣང་བ་ཙམ་དུ་ལུས་གཅིག་པ་ཉིད་ཀྱི་གྲགས་པ་ཙམ་ཡང་མ་ཐོས་སམ་གང་གིས་ནི་རྗོད་བྱེད་དེ་དེ་བཞིན་ནོ། །དེ་ལྟར་ནི་ཁྱེད་འདྲ་བ་ལ་ནི་རྣམ་པར་རིག་པ་ཙམ་གྱི་ངོ་བོ་
དེ་ཁོ་ན་གོ་བར་བྱེད་པའམ་བརྫུན་པའི་ངོ་བོར་སྣང་བ་ཙམ་ཉིད་ཀྱི་གོ་བར་བྱེད་པ་དག་གིས་གསང་སྔགས་ཀྱི་ཚུལ་ལ་དབང་ཡོད་པ་མ་ཡིན་ནོ། །གཟུགས་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་སེམས་སྣང་བ་ཙམ་དུ་གོ་བ་ལ་རང་གི་བུད་མེད་དུ་སྣང་བ་དང་ཐ་མི་དད་པར་འཇམ་པའི་རྡོ་རྗེ་ལ་སོགས་པ་
རང་སྣང་བའི་ངོ་བོར་ཡོངས་སུ་གྱུར་པའི་ལས་ཀྱི་ཕྱག་རྒྱ་སྒྱུ་མ་ལྟ་བུ་དེས་རྣམ་པར་སྦྱངས་པ་ལ་དབང་བསྐུར་བ་ཁ་ན་མ་ཐོ་བ་མེད་པ་ཐོབ་པ་ལ་ཡང་དགེ་སློང་རྣམས་ཀྱི་སྡོམ་པ་ཞིག་པའི་ཉེས་པར་མི་འགྱུར་རོ། །དེ་དག་ནི་བཞི་པའི་དབང་གི་ཆོ་གའོ། །དབང་བསྐུར་མདོར་བསྡུས་བརྗོད་པ་ལས་ནི་

བདག་ལས་སྐྱེས་པ་ཡི། །དུང་ཟླ་ཀུནྡ་ཀུ་མུ་ད་དང་ཆུ་སྐྱེས་འོད་མཚུངས་པའི། །བསོད་ནམས་གང་ཡིན་མཁའ་དང་མཚུངས་པ་དེས་ནི་འགྲོ་བའི་ཚོགས། །ཤེས་རབ་པདྨ་ལས་བྱུང་རྡོ་རྗེ་འཆང་གི་རང་བཞིན་ཤོག །གསང་བ་འདུས་པའི་དབང་བསྐུར་བའི་ཆོ་ག་མདོར་
བསྡུས་པ་རྫོགས་སོ།། །།འདི་ནི་པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པས་མཛད་པ། བལ་པོའི་པཎྜི་ཏ་སུ་མ་ཏི་ཀཱིརྟིའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར་གྱི་ཞལ་སྔ་ནས་དང་། མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་པའོ།། །།
༄༅༅། །རྒྱ་གར་སྐད་དུ། སཔྟ་ཨངྒ་། བོད་སྐད་དུ། ཡན་ལག་བདུན་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ལུས་ཅན་གཡོ་བ་མི་མངའ་སྐུ་ནི་བདེ་བས་ཀུན་ནས་གང་། །ནམ་མཁའ་དང་མཚུངས་ཤིན་ཏུ་ཁྱད་པར་འཕགས་པའི་སྙིང་རྗེར་ལྡན། །རྒྱུན་མི་
འཆད་པའི་སྐུ་སྟེ་ཀུན་ནས་ཆད་པས་རྣམ་པར་སྟོང་། །ཡན་ལག་བདུན་ལྡན་ཐུབ་པའི་དབང་པོ་དེ་ལ་རབ་ཏུ་འདུད། །འཇིག་རྟེན་དབང་ཕྱུག་ཕྱག་བྱས་ནས། །ཕྱག་རྒྱ་ཆེན་པོར་རབ་རྟོགས་ཕྱིར། །དཔེ་ཆུང་རིམ་པས་ཡན་ལག་བདུན། །བཞི་པའི་དོན་དག་རྣམ་དབྱེ་བྱ། །ལོངས་སྤྱོད་རྫོགས་
དང་ཁ་སྦྱར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་པ་འགོག་པ་མེད། །ཡན་ལག་བདུན་ལྡན་དོན་དང་ལྡན་པ་བསྒྲུབ་བྱ་འདིར། །བདག་འདོད་ཚད་མས་ཡོངས་བསྒོམས་བློ་ཅན་གྱིས་ཀྱང་བསྔགས། །དེ་ལྟར་སྒྲ་དང་ལྡན་ཉིད་ཕྱིར། །ཡང་གི་སྒྲ་དོན་ལྡན་ཕྱིར་དང་། །དེ་
བཞིན་སྒྲ་དོན་སྐྱེས་ཉིད་ཕྱིར། །བཞི་པ་དེ་བཞིན་ཉིད་བདག་འདོད། །ཅེས་བྱ་བའི་ཚིགས་བཅད་གཉིས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་སྟོན་པར་བྱེད་པ་སྟེ། ཕྱག་རྒྱ་ཆེན་པོར་ཁོ་ན་དབང་བསྐུར་བ་བཞི་པ་ཡིན་ནོ། །དེ་ལ། འཇིག་རྟེན་དབང་ཕྱུག་ཕྱག་བྱས་ནས། །ཞེས་བྱ་བ་ནི་
བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་བའོ། །ཕྱག་རྒྱ་ཆེན་པོར་རབ་རྟོགས་ཕྱིར། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་དབང་བསྐུར་བཞི་པ་ཁོང་དུ་ཆུད་པར་བྱ་བའི་དོན་ཏོ། །དཔེ་ཆུང་རིམ་པས་ཞེས་བྱ་བ་ནི་ཚད་ཆུང་བའི་གཟུགས་ལ་དཔེ་ཆུང་ཞེས་བྱ་སྟེ། མཐོ་གང་གི་ཚད་དམ།

ཁྲུ་གང་གི་ཚད་ཀྱི་དཔེ་ཆུང་བའོ། །དེ་ལ་རིམ་པས་ཞེས་བྱ་བ་ནི་བྲི་བའི་རིམ་པ་སྟེ། མཐར་གྱིས་ཞེས་བྱ་བའི་བར་དུའོ། །ཡན་ལག་བདུན་གྱིས་ཞེས་བྱ་བ་ནི་བཞི་པའི་དོན་ཉིད་ཡན་ལག་བདུན་གྱིས་མཚོན་པར་བྱེད་པའོ། །ཡང་དག་པར་རྣམ་པར་དབྱེ་བ་ནི་བྱེ་བྲག་གིས་ཁོང་དུ་ཆུད་པར་བྱའོ། །དེ་
ལ་རི་མོ་མཁན་མཁས་པས་དཔེ་ཆུང་བྱ་བ་ཡིན་པས་དང་པོ་འོག་ལོགས་སུ་དབང་བསྐུར་དྲུག་པོ་སྟོན་པར་བྱེད་པའི་བུམ་པ་ཁ་དོག་སེར་པོ་བྲི་བར་བྱའོ། །དེའི་སྟེང་དུ་གསང་བའི་དབང་བསྐུར་སྟོན་པར་བྱེད་པའི་རྡོ་རྗེ་ཁ་དོག་དམར་པོ་བྲི་བར་བྱའོ། །དེའི་སྟེང་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་
བསྐུར་སྟོན་པར་བྱེད་པའི་ཆོས་འབྱུང་སྐྱ་རེངས་དཀར་པོའི་མདོག་ཅན་བྲི་བར་བྱའོ། །ཆོས་འབྱུང་གི་སྟེང་དུ་སྡོང་བུ་བདུན་དང་ལྡན་པའི་པདྨའི་གདན། དེ་དག་ལ་ཡང་བཞི་པ་སྣང་བ་ཉིད་ལས། ཉིད་མཚུངས་ལྷ་མོས་འཁྱུད་དང་ཞེས་བྱ་བ་ལ་སོགས་ཚིགས་སུ་བཅད་པ་བདུན་སྨོས་ལ། རྣམ་པ་
བདུན་བྲི་བར་བྱ་སྟེ། དེ་ལ་དང་པོའི་པདྨ་ལ་སྐུ་རྡོ་རྗེ་ལ་སོགས་པ་འདོད་པའི་དབང་གིས་ཉིད་དང་མཚུངས་པའི་ལྷ་མོས་འཁྱུད་པ་ཁ་དོག་དཀར་པོ་ལ་སོགས་པ་གསང་བ་འདུས་པའི་རིམ་པ་ལྟར་བྲི་བར་བྱའོ། །པདྨ་གཉིས་པ་ལ་བདེ་བ་ཆེན་པོའི་ཡེ་ཤེས་རིན་པོ་ཆེ་པདྨ་རཱ་གའི་རྩེ་མོ་ལྟ་བུ་དང་། པདྨ་
གསུམ་པའི་པདྨ་ཅིག་ཤོས་ཀྱི་སྟེང་དུ་བདེ་བ་ཆེན་པོ་ཉིད་པདྨ་རཱ་གའི་རྩེ་མོ་ལྟ་བུ་དང་། པདྨ་བཞི་པའི་སྟེང་དུ་གསུང་རྡོ་རྗེ་ལ་སོགས་པ་ཁ་དོག་དམར་པོ་ལ་སོགས་པ་འདོད་པས་བྲི་བར་བྱའོ། །པདྨ་ལྔ་པའི་པདྨ་གཉིས་པའི་སྟེང་དུ་བཏང་སྙོམས་ཀྱི་ཡེ་ཤེས་ཁ་དོག་དམར་པོ་དང་པདྨ་དྲུག་
པ་ལ་ཐུགས་རྡོ་རྗེ་ལ་སོགས་པ་ཁ་དོག་ནག་པོ་ལ་སོགས་པ་དང་། པདྨ་བདུན་པའི་པདྨ་གཉིས་པའི་སྟེང་དུ་འགག་པ་སྟོན་པར་བྱེད་པའི་ཐིག་ལེ་ཁ་དོག་ནག་པོ་བྲི་བར་བྱའོ། །སྟེང་གི་ཕྱོགས་སུ་དཀར་བྱང་ལ་ཚིགས་བཅད་གཉིས་པ་ལོངས་སྤྱོད་རྫོགས་དང་ཞེས་བྱ་བ་ལ་སོགས་པའི་
ཚིགས་སུ་བཅད་པ་གཉིས་བྲི་བར་བྱའོ། །སློབ་དཔོན་མཁས་པ་ངག་གི་དབང་ཕྱུག་གྲགས་པའི་བཞེད་གཞུང་ཡན་ལག་བདུན་དང་ལྡན་པའི་བསྒྲུབ་པར་བྱ་བ་བཞི་པ་ལས་དཔེ་ཆུང་བྲི་བའི་རིམ་པ་སྟེ་ལེའུ་དང་པོའོ།། །།ད་ནི་ཡན་ལག་བདུན་སོ་སོར་བཤད་པ་ཡིན་པས། ལོངས་

སྤྱོད་རྫོགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་སྤྲས་པའི་རང་བཞིན་གྱི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་སྨོས་པས་ཆོས་ཀྱི་སྐུ་དང་སྤྲུལ་པའི་སྐུ་ཡང་
བཟུང་བ་ཡིན་ཏེ། སྐུ་གསུམ་ལ་ཐ་དད་པ་ཉིད་མི་མངའ་བའི་ཕྱིར་རོ། །ཆོས་ཀྱི་སྐུ་ནི་རྣམ་པ་གཉིས་ཏེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་དང་དེ་བཞིན་ཉིད་ཀྱི་མཚན་ཉིད་དོ། །སྤྲུལ་པའི་སྐུ་ཡང་རྣམ་པ་གཉིས་ཏེ། ལོངས་སྤྱོད་རྫོགས་
པའི་སྐུ་ཉིད་གདུལ་བྱའི་དབང་གིས་ཚངས་པ་དང་དྲག་པོ་ལ་སོགས་པ་རྣམ་པ་སྣ་ཚོགས་སུ་སྣང་བའི་མཚན་ཉིད་དང་། ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྲོས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྣ་ཚོགས་པ་འབྱུང་བ་ནི་སྤྲུལ་པའི་མཚན་ཉིད་དོ། །དེ་ལྟར་ཡན་ལག་དང་པོ་བཤད་
ནས་གཉིས་པ་ཁ་སྦྱར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་སྦྱར་གྱི་སྒྲས་ནི་ཉིད་དང་མཚུངས་པའི་ལྷ་མོ་དང་སྙོམས་པར་ཞུགས་པ་ཡིན་ཏེ། ཁ་སྦྱར་སྤངས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཙམ་ཞིག་ཉེ་བར་བཟུང་ན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་གསུངས་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང་
མཚུངས་པར་འགྱུར་བས་དེ་རྣམ་པར་སྤྱོད་པའི་དོན་དུ་ཁ་སྦྱར་སྨོས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །དངོས་པོ་ཐམས་ཅད་རྣམ་པར་སྒོམ། །ཞེས་བྱ་བའི་གཞུང་མེད་ལ། དཔལ་གསང་བ་འདུས་པ་ལ་ནི་ཡོད་པའི་ཕྱིར་རོ། །དཔལ་གསང་
བ་འདུས་པ་ལ་ཡང་ཁ་སྦྱོར་གྱི་སྤྱི་དགོས་མ་ཡིན་ནམ། ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པ་དགའ་བའི་ངོ་བོ་ཙམ་གྱིས་སེམས་ཅན་གྱི་དོན་ཐམས་ཅད་གྲུབ་པའི་ཕྱིར་རོ་ཞེ་ན། དེ་ལྟ་ནི་མ་ཡིན་ཏེ། འདོད་ཁམས་ཀྱི་སེམས་ཅན་ལྷག་པར་ཆགས་པས་སྤྱོད་པ་རྣམས་རྗེས་སུ་གཟུང་བར་བྱ་བའི་
ཕྱིར་བཅོམ་ལྡན་འདས་ཀྱིས་འདུས་པའི་སྙོམས་པར་འཇུག་པ་བསྟན་པར་མཛད་པ་ཡིན་ཏེ། དཔང་པོ་གཉིས་ཀྱི་སྦྱོར་བས་ཀྱང་ཆགས་པའི་བདེ་བ་ཆེན་པོ་རྣམ་པར་དག་པ་ལ་རྒྱ་ཆེར་ལོངས་སྤྱོད་པའི་སྒོ་ནས་སངས་རྒྱས་ཉིད་བསྒྲུབ་པར་བྱ་བའི་དོན་ཏོ། །ཁ་སྦྱོར་ཡོད་ན་ཡང་སྒྱུ་མ་མཁན་གྱི་སྤྲུལ་

པའི་སྐྱེས་པ་དང་བུད་མེད་ཀྱི་ཁ་སྦྱོར་ལས་བདེ་བ་ཆེན་པོར་མི་འགྱུར་ལ། འདི་ལ་ནི་ཡོད་པའི་ཕྱིར་བདེ་ཆེན་ཞེས་བྱ་བས་ཡན་ལག་གསུམ་པ་སྨོས་ཏེ། དེ་ལ་ལུས་ཀྱི་བདེ་བ་ཉམས་སུ་མྱོང་བ་ལ་ནི་བདེ་བ་ཞེས་བྱ་ཞིང་། སེམས་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་ལ་ནི་ཡིད་བདེ་བ་ཞེས་བྱ་སྟེ། བདེ་
བ་དེ་ཡང་གྲོག་སྦུར་ལ་སོགས་པ་སེམས་ཅན་གྱི་ཚོགས་མ་ལུས་པས་ཤིན་ཏུ་འདོད་པར་བྱ་བ་ཡིན་ནོ། །ཆེན་པོ་ཞེས་བྱ་བ་ནི། ཤིན་ཏུ་རྒྱ་ཆེ་བ་ཉིད་དང་། ཟག་པ་མེད་པ་ཉིད་དང་། གྱ་ནོམ་པ་ཉིད་དང་། འཁོར་བ་ཇི་སྲིད་པར་གནས་པ་ཉིད་ལ་སོགས་པའི་བྱེ་བྲག་དང་ལྡན་པས་ཆེ་བ་ཉིད་ཡིན་
པའི་ཕྱིར་བདེ་བ་ཆེན་པོ་ཞེས་བྱའོ། །ཕྱག་རྒྱ་ཆེན་པོའི་རང་བཞིན་སངས་རྒྱས་ཉིད་ཀྱང་རང་བཞིན་མེད་པར་བསྒྲུབ་པར་བྱ་བ་ཡིན་པས་ཡན་ལག་བཞི་པ་སྨོས་ཏེ། རང་བཞིན་མེད་པ་ཞེས་བྱ་བ་ནི་རང་བཞིན་གང་ལ་མེད་ཅིང་རང་བཞིན་གང་ལ་སྤངས་པ་དེ་ཉིད་རང་བཞིན་མེད་པ་སྟེ།
གཅིག་དང་དུ་མ་ལ་སོགས་པའི་རང་བཞིན་གྱིས་སྟོང་ཞིང་བརྫུན་པ་ཡིན་ཏེ། དྲི་ཟའི་གྲོང་ཁྱེར་དང་ཆུ་ཟླ་ལྟ་བུའོ། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས། སངས་རྒྱས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ནི།
སྒྱུ་མ་ལྟ་བུ་དང་ཐ་མི་དད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ན་ཡང་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་སྨྲའོ་ཞེས་གསུངས་སོ། །རང་བཞིན་མེད་པ་ཞེས་བྱ་བ་འདི་ཅི་
ཞིག་ཡིན། ཇི་སྐད་དུ་བཤད་པའི་སངས་རྒྱས་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཁོ་ན་རང་བཞིན་མེད་པ་ཉིད་ཡིན་ལ། དེ་ཉིད་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་བདག་མེད་པ་ཉིད་དང་། ཆོས་ཟབ་པ་ཉིད་དང་། ཆོས་
མཉམ་པ་ཉིད་དང་། ཆོས་ངེས་པ་ཉིད་དང་།ཆོས་དེ་ཁོ་ན་ཉིད་དང་། ཆོས་ཉིད་དང་། དོན་དམ་པ་དང་། བླ་ན་མེད་པའི་བྱང་ཆུབ་དང་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པའི་སྒྲ་དེ་དང་དེ་དག་གིས་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་འདིར་རྣམ་པ་