Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 44

Văn bản gốc(Tây Tạng)

Trang 11 / 19 (50.000 ký tự/trang)
་པའི་སྡོམ་ལྡན་པས། །ཇི་སྙེད་པ་ནི་ཀུན་དུ་སྤྱད། །དམ་ཚིག་མེད་གྱུར་བློ་ཡིས་ནི། །གསང་འདུས་དང་གཞན་ཤེས་པར་བྱ། །སངས་རྒྱས་
མཆོད་དང་འགྲོ་དོན་ནམ། །ལུས་ལས་འབྱུང་བ་མཐོང་བ་ན། །སྙིང་རྗེས་ནོན་པས་ལས་བྱ་བ། །སྔགས་རྒྱའི་བདག་ཉིད་ཅན་ཕན་བྱ། །དེ་ནས་གནས་སྐབས་ཐམས་ཅད་དུ། །རྒྱུན་མི་འཆད་པར་བདེ་བར་གཤེགས་པ་མ་ལུས་པ་ལ་མཆོད་པ་དང་འགྲོ་བའི་དོན་གྱི་བྱ་བ་ལ་ཞེན་ཅིང་ཤེས་རབ་དང་ཐབས་ཀྱི་རང་
བཞིན་དྲི་མ་མེད་པའི་ཏིང་ངེ་འཛིན་ལས་བྱུང་བའི་བདེ་བ་དམ་པས་ཁྱབ་པ་བརྟན་པ་དང་། གཡོ་བའི་དངོས་པོ་ཐམས་ཅད་ཀྱི་ཕྲ་རབ་རེ་རེའི་ངོ་བོ་རང་གི་འདོད་པའི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་དང་ཐ་མི་དད་པར་ཤེས་ཤིང་། དེ་ནས་མི་བདེན་པའི་རྟོག་པ་མ་ལུས་པ་མཉམ་པ་ཉིད་དུ་སྦྱོར་བས་བརྟག་
པའི་སེམས་ལ་ནག་པོའི་ལས་རྣམས་ལྟ་ག་ལ་ཡོད། དེ་ཡང་། དངོས་པོ་གཅིག་ལ་ཀུན་རྟོག་པ། །རྣམ་པ་སྣ་ཚོགས་སྣང་གྱུར་ཏེ། །གྲོལ་དང་སྡུག་བསྔལ་བདེ་བསྐྱེད་པའི། །ལས་ནི་མ་ལུས་འབྱུང་བར་འགྱུར། །དེ་བས་དགེ་དང་མི་དགེའི་ལས། །ལུས་ལ་སོགས་པའི་རྟག་
ལས་བྱུང་། །རྟོག་པ་ཀུན་ལས་ངེས་གྲོལ་བའི། །ཡེ་ཤེས་དེ་ལ་རྟོག་པ་ཅི། །ཞེས་བྱ་བ་སྨོས་པ་ཡིན་ནོ། །དམ་ཚིག་ལས་ཉམས་པ་ལ་དོན་ཡོད་པར་གྲུབ་པའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱ་བ་སྔོན་དུ་འགྲོ་བས་འཁོར་ལོ་དེ་ལ་ཞུགས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བའི་

ཁཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཟླ་བ་ལ་གནས་པའི་ཡི་གེ་ཁཾ་བསམས་ལ། དེའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་བསྐུལ་བ་སྔོན་དུ་འགྲོ་བས་བདག་ཉིད་སྣ་ཚོགས་པདྨ་འདབ་མ་དང་ཟླ་བ་ལ་གནས་ཏེ། གཟུང་བ་ལ་སོགས་པའི་
དངོས་པོ་རྣམས་ལས་དབེན་པར་རང་བཞིན་གྱིས་འོད་གསལ་བར་ལྷག་པར་མོས་ལ་སྔ་མ་བཞིན་དུ་དབང་བསྐུར་བར་བྱའོ། །བླ་མ་ལ་བརྙས་པ་ལ་སོགས་པའི་ཉེས་པ་རྣམས་ལ་ཡང་ཅི་ནུས་པར་མཆོད་པ་དང་སྦྱིན་པ་སྔོན་དུ་འགྲོ་བ་བྱ་བའི་བཤགས་པ་ལ་སོགས་པའི་སྔོན་དུ་འགྲོ་བས་
དམ་ཚིག་བླང་བར་བྱའོ། །འདི་ནི་དམ་ཚིག་གིས་གསོ་བའོ། །ཕྱིའི་ཁྲུས་བྱེད་པར་འདོད་ན་རང་གི་ལྷའི་སྦྱོར་བ་དང་ལྡན་པས་ཟླ་བ་ལ་གནས་ཏེ། དབང་བསྐུར་བའི་ཆོ་ག་ཉིད་ཀྱིས་ཁྲུས་བྱའོ། །ཐུན་མཚམས་གཞན་ལ་ཡང་སྔ་མ་བཞིན་དུ་མཆོད་པ་དང་སྡིག་པ་བཤགས་པ་ནས་བདུད་
རྩི་མྱང་བའི་མཐར་ཐུག་པའི་བར་རྫོགས་པར་བྱས་ནས། ཐིག་ལེ་དང་ཕྲ་མོ་བསྒོམ་པ་སྔོན་དུ་འགྲོ་བས་སྔགས་ཀྱི་བཟླས་པ་བྱས་ལ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་དཀྱིལ་འཁོར་གྱི་འཁོར་ལོ་ནང་དུ་ཆུད་པར་བྱས་ལ། སྙིང་རྗེ་དང་ཤེས་རབ་ཏུ་ལྡན་པས་ཉལ་བར་བྱའོ། །ལངས་པའི་
དུས་སུ་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱི་གླུས་བསྐུལ་ནས་ནང་པར་ལངས་ཏེ། ལས་དང་པོ་པས་སྔ་མ་བཞིན་དུ་ལེགས་པར་བཟླས་བརྗོད་བྱའོ། །དེ་ལྟར་ཉིན་རེ་བཞིན་ཐུན་བཞིའི་རིམ་གྱིས་སྡིག་པ་བཤགས་པ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བས་མཚན་མ་གཉིས་ཐོབ་པའི་བར་
ནི་ལས་དང་པོ་པའོ། །དེ་ནས་སྔགས་ཀྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་དག་པར་ལྡན་ཞིང་སྡིག་པ་བཤགས་པ་ལ་སོགས་པ་དང་བྲལ་བས་ཉེ་བར་སྒྲུབ་པ་ནས་བརྩམས་ཏེ། ཏིང་ངེ་འཛིན་གསུམ་བསྒོམས་པ་ལ་མཚན་མ་གསུམ་པོ་ཐོབ་པའི་བར་ནི་ཡེ་ཤེས་ཅུང་ཟད་ཙམ་ལ་དབང་ཐོབ་པའོ། །
དེ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་ཤིང་སྤྲོ་བ་དང་བསྡུ་བ་བྱེད་པ་མཚན་མ་བཞི་ཐོབ་པ་ནི་ཡེ་ཤེས་ལ་དབང་ཐོབ་པ་སྟེ། ཉིན་མཚན་དུ་མངོན་པར་སྦྱོར་བ་ཙམ་བསྟེན་པར་བྱའོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རེ་རེའི་ནང་དུ་ཆུད་པའི་འཁོར་ལོ་གསུམ་གྱི་གཟུགས་

བརྙན་གྱི་བདག་ཉིད་ཅན་གྱི་གཟུགས་སུ་བསྒོམ་པས་རྟག་ཏུ་སྣང་བའི་མཚན་མ་ཐོབ་པའི་རྣལ་འབྱོར་བ་ནི་ཡང་དག་པའི་ཡེ་ཤེས་ལ་དབང་ཐོབ་པ་ཞེས་བྱའོ། །དེ་ནས་སྔགས་གྲུབ་ཅིང་མཚན་མ་མང་པོ་ཐོབ་ནས། དེ་ཁོ་ན་ཉིད་གསུམ་ལ་མཆོད་པ་བྱས་ལ། རང་གི་སྔགས་མར་མེ་མཛད་བཟང་
པོས་བཤད་པའི་དཀྱིལ་འཁོར་ལ་གནས་པའི་ཆོ་གས་རྒྱུད་ལས་བཤད་པའི་མངོན་པར་འདོད་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ། །བགེགས་ཉེ་བར་ཞི་བའི་དོན་དུ་ནི་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བའི་བདག་ཉིད་ཅན་གྱི་འཁོར་ལོར་གནས་ཤིང་འོད་ཟེར་སྤྲོ་བ་སྔོན་དུ་འགྲོ་བས། ཆོས་ཐམས་ཅད་
ནམ་མཁའ་དང་འདྲ་བར་རང་བཞིན་གྱིས་འོད་གསལ་བར་ལྷག་པར་མོས་ལ། ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་བླང་བར་བྱ་སྟེ། གདུག་པའི་དགྲ་ནི་རྗེས་དྲན་བྱ། །ཞེས་བཤད་པ་ཡིན་ནོ། །གང་ཞིག་དབུས་ན་གནས་གྱུར་པ། །འཁོར་ལོ་དེ་ཡི་ཡིན་པར་འགྱུར། །དེ་བཞིན་གཤེགས་པར་བདག་
གྱུར་ན། །དེ་ཡི་གནས་སུ་མི་བསྐྱོད་བཞུགས། །གཞན་བདག་རང་བདག་གནས་སུ་སྟེ། །རང་ཉིད་ལ་ནི་རང་བདག་པོ། །འབྱིན་པ་སྔོན་འགྲོ་བྱེད་པ་ནི། །བློ་དང་ལྡན་པས་གཞུག་པར་བྱ། །རྣམ་པ་ཀུན་དུ་སྔོན་པོ་ནི། །གཡོན་མིན་ཞལ་མར་གཡས་མིན་པར། །ཡེ་ཤེས་ཞལ་སྔའི་རྗེས་འབྲང་
ནས། །གསང་འདུས་ལས་ནི་ཤེས་པར་བྱ། །དེ་ལྟར་བྱང་ཕྱོགས་ལམ་པའི་མཁས་པའི་ཞབས་བསྟེན་ནས། །ཡང་དག་ཐོབ་པ་དེ་ཉིད་བརྗེད་པས་འདིར་འཇིགས་ཏེ། །ངོ་ཚ་སྤངས་ནས་གསལ་བྱས་ང་རྒྱལ་གྱིས་མ་ཡིན། །དེས་འདིར་བློ་བཟངས་རིགས་ཚུལ་ཅན་གྱིས་བཟོད་པར་མཛོད། །
ཡེ་ཤེས་དམ་པའི་གཞུང་ལུགས་རང་གི་ཤེས་རབ་ཀྱིས། །ཅུང་ཟད་གསལ་བཤད་དགེ་བ་མཆོག་གྱུར་གང་བསགས་པ། །དེས་ནི་འགྲོ་ཀུན་གཉིས་མེད་ཟླ་བ་ལས་བྱུང་བའི། །འོད་ཟེར་བཟང་པོས་མུན་གསལ་ཐུགས་ཀྱི་མགོན་ཐོབ་ཤོག །དཔལ་ལྡན་མི་བསྐྱོད་རྡོ་རྗེ་སྒྲུབ་པའི་
ཐབས། སློབ་དཔོན་དཔལ་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། སཾ་ཀྵིཔྟ་སུ་བོ་དྷཾ་ཤྲཱི་

ས་མཱ་ཛ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པ་རྟོགས་སླ་ཞིང་མདོར་བསྡུས་པའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདས་དང་མ་བྱོན་ད་ལྟར་གྱི། །རྫོགས་སངས་རྒྱས་ཀྱི་ཡེ་ཤེས་སྐུ། །སྙིང་རྗེས་
འཁོར་བའི་སྲིད་གནས་པའི། །འཇམ་དཔལ་ལ་ནི་ཕྱག་འཚལ་ལོ། །འདིར་བསྒོམ་པ་ལ་དབང་བའི་སྔགས་པས་ནང་པར་སྔར་མཱ་མ་ཀཱི་ལ་སོགས་པའི་གླུ་ཡིས་བསྐུལ་བས་སད་པར་ལྷག་པར་མོས་པས་སྟན་ལས་ལངས་ཏེ། རང་གི་སྙིང་གའི་ཟླ་བ་ལ་སངས་རྒྱས་ཐམས་ཅད་ཀྱི་
ཡོན་ཏན་གྱི་ས་བོན་དུ་གྱུར་པ་གུར་གུམ་བཟང་པོ་ལྟ་བུ་ཅུང་ཞིག་དམར་བའི་མཾ་གྱི་ཡི་གེ་བལྟས་ནས། གདོང་དག་པ་ལ་སོགས་པ་བྱས་ཏེ། དེའི་རྗེས་ལ་ཡིད་དང་རྗེས་སུ་མཐུན་པའི་ས་ཕྱོགས་གང་ཞིག་ཏུ། ཉི་མ་དང་། ཟླ་བ་དང་། ཆུ་དང་། སྨན་དང་། དྲི་རྣམས་ཀྱིས་མཎྜལ་གྲུ་བཞི་བྱས་
ལ།མེ་ཏོག་སྣ་ཚོགས་པ་གཅལ་དུ་དགྲམ་མོ། །མེད་ན་ཐམས་ཅད་ཡིད་ཀྱིས་བྱས་ནས་དེ་ལ་ཇི་ལྟར་རྙེད་པའི་སྟན་བདེ་བ་ལ་ཉེ་བར་གནས་ནས། སྙིང་རྗེ་དང་བྱམས་པ་དང་བཏང་སྙོམས་རྣམས་ཇི་སྐད་དུ་གང་གསུངས་པའི་རང་བཞིན་མངོན་དུ་བྱས་ནས་སྙིང་རྗེའི་འོད་ཟེར་གྱིས་རེག་པས་བྱོན་
པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་ནམ། ནམ་མཁའི་ངོས་ཐམས་ཅད་ཁྱབ་པར་བལྟས་ནས། ས་བོན་དེའི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དགུ་ཡིས་མཆོད་པའི་ཡོ་བྱད་སྣ་ཚོགས་
པས་མཆོད་དེ། སྡིག་པ་བཤགས་ཤིང་སླར་ཡང་བསྡམ་པར་བྱའོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་། འཁོར་བ་ཇི་སྲིད་པར་སངས་རྒྱས་ཐམས་ཅད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་བ་དང་། བྱང་ཆུབ་ཏུ་སེམས་
བསྐྱེད་པ་དང་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་གྱིས་ལམ་ལ་བརྟེན་པ་དང་། མཆོད་པ་ལ་སོགས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་འཁོར་གསུམ་མི་དམིགས་པས་དཔལ་འཇམ་པའི་རྡོ་རྗེ་ཉིད་དུ་ཡོངས་སུ་བསྔོ་བར་བྱའོ། །དེའི་རྗེས་ལ་གཟུང་བ་དང་འཛིན་པ་ལ་སོགས་

པའི་རང་བཞིན་དང་བྲལ་བས་སྟོང་པའོ། །དོན་དམ་པའི་རྒྱུ་དང་འབྲས་བུའི་བདག་ཉིད་དངོས་པོ་དང་བྲལ་བས་ན་མཚན་མ་མེད་པའོ། །དངོས་སུ་ན་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་འགྲོ་བ་མ་ལུས་པ་ལ་སྨོན་པ་མེད་པའོ། །རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་དམ་པའི་འཇུག་
པ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་བརྟན་པར་བྱའོ། །དེ་ནས་སེམས་དེ་ཉིད་སྟོང་པ་ཉིད་ཨཾ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཡི་གེ་ཧཱུྃ་སྔོན་པོ་མགོ་གྱེན་དུ་བལྟས་
པའི་ལྟེ་བར་ཧཱུྃ་གིས་བྱིན་གྱིས་བརླབས་པ་བསྒོམས་ཏེ། དེ་ལས་འཕྲོས་པའི་རྡོ་རྗེ་ནས་ཀྱི་ཚད་ཙམ་རྣམས་ཀྱི་རྡོ་རྗེའི་རང་བཞིན་གྱི་ས་གཞིའོ། །དེའི་རང་བཞིན་གྱི་ར་བ་དང་གུར་ཡང་བསམ་པར་བྱའོ། །དེའི་ཕྱི་རོལ་ཀུན་དུ་རཾ་ལས་བྱུང་བའི་གྲུ་གསུམ་དམར་པོ་མེའི་དཀྱིལ་འཁོར་
རཾ་གྱིས་མཚན་པས་ཕྱོགས་བཅིང་བར་བྱའོ། །དེའི་ནང་དུ་ལཾ་སེར་པོ་ཡོངས་སུ་གྱུར་པ་ལས་ཟུར་བཞི་རྡོ་རྗེ་རྩེ་གསུམ་པས་མཚན་པའི་ཟུར་བཞི་པ་སེར་པོ་སའི་དཀྱིལ་འཁོར་གྱིས་མཚམས་བཅིང་ངོ་། །བཾ་དཀར་པོ་ལས་བྱུང་ཞིང་དབུས་སུ་བུམ་པས་མཚན་པའི་ཆུའི་དཀྱིལ་འཁོར་
དཀར་པོ་འབར་བའི་མེའི་གཟི་བརྗིད་ལྟ་བུའི་རྡོ་རྗེའི་གུར་གཡོགས་པར་བསམ་པར་བྱའོ། །དེའི་རྗེས་ལ་ར་བ་དང་གུར་གྱི་ནང་དུ་རྡོ་རྗེའི་ས་གཞི་ལ་མ་རེག་པའི་འཁོར་ལོ་རྩིབས་བཅུ་པ་སེར་པོ་འཁོར་ལོའི་རྩིབས་ལ་གནས་པའི་མི་གཡོ་བའི་ཁྲོ་བོ་བཅུའོ། །ལྟེ་བར་རྡོ་རྗེ་ཧཱུྃ་མཛད་གནས་པས་བགེགས་
སྐྲོད་པར་བྱེད་པར་བསམ་པར་བྱའོ། །དེ་ལ་སྔར་གསུངས་པའི་ཤར་གྱི་རྩིབས་ལ་གཤིན་རྗེ་གཤེད་ཁ་དོག་ནག་པོ་ཞལ་གཡས་གཡོན་གཉིས་དཀར་བ་དང་དམར་བའོ། །འདིར་ཡང་ཐམས་ཅད་ཀྱི་ཕྱག་གཙོ་བོ་གཉིས་རིག་མ་ལ་འཁྱུད་པའོ། །ཕྱག་ལྷག་མ་རྣམས་ཀྱིས་རྡོ་རྗེ་ཐོ་བ་དང་རལ་གྲི་
སྔོ་བསངས་དང་ནོར་བུ་ཆ་དགུ་པ་ལྗང་གུ་དང་། པདྨ་དམར་པོ་འདབ་མ་བརྒྱད་པ་རྣམས་འཛིན་པའོ། །ལྷོའི་རྩིབས་ལ་ཤེས་རབ་མཐར་བྱེད་ཁ་དོག་དཀར་པོ་གཡས་པ་དང་གཡོན་པའི་ཞལ་ནི་སྔོ་བ་དང་དམར་བའོ། །རྡོ་རྗེ་ལྕགས་ཀྱུ་དང་དབྱུག་པ་དཀར་པོ་དང་སྔར་གསུངས་པའི་གཟུགས་

ཅན་གྱི་རལ་གྲི་དང་ནོར་བུ་འཛིན་པའོ། །ནུབ་ཕྱོགས་ཀྱི་རྩིབས་ལ་པདྨ་མཐར་བྱེད་དམར་པོ། གཡས་དང་གཡོན་པའི་ཞལ་ནི་སྔོ་བ་དང་དཀར་བའོ། །པདྨ་དང་རལ་གྲི་དང་ནོར་བུ་དང་འཁོར་ལོ་རྩིབས་བརྒྱད་པ་འཛིན་པའོ། །བྱང་གི་ཕྱོགས་ཀྱི་རྩིབས་ལ་བགེགས་མཐར་བྱེད་
གཤིན་རྗེ་གཤེད་ལྟ་བུའོ། །ཁྲོ་བོའི་རྡོ་རྗེ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །མེའི་མཚམས་ཀྱི་རྩིབས་ལ་འདོད་པའི་རྒྱལ་པོ་ཡང་ཞལ་གཉིས་ཁ་དོག་དེ་དང་མཚུངས་པ་སྟེ། འོན་ཀྱང་རོལ་པའི་ཁྲོ་བོའོ། །ལྕགས་ཀྱུ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །བདེན་བྲལ་གྱི་རྩིབས་ལ་
དབྱུག་པ་སྔོན་པོ་གཤིན་རྗེ་གཤེད་དང་འདྲ་བ་སྟེ། དབྱུག་པ་སྔོན་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །རླུང་གི་མཚམས་ཀྱི་རྩིབས་ལ་སྟོབས་པོ་ཆེ་དང་མཚུངས་པ་སྟེ། རྩེ་གསུམ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །འདི་རྣམས་ལས་འདོད་པའི་རྒྱལ་པོ་མ་གཏོགས་པ་གཤིན་རྗེ་
གཤེད་ལ་སོགས་པ་དྲུག་ནི་གཙིགས་པའི་ཁྲོ་བོ་སྟེ་འཇིགས་པའི་རྣམ་པར་སྨིན་མ་གཡོ་ཞིང་ཁྲོ་གཉེར་དང་བཅས་པའི་ཀླུ་མཐའ་ཡས་སྔོན་པོས་གྱེན་དུ་བརྫེས་པའི་སྐྲ་སེར་པོ་བཅིངས་པའོ། །འཇོག་པོ་དཀར་པོས་རྣ་རྒྱན་བྱས་པའོ། །པདྨ་དཀར་པོས་དོ་ཤལ་བྱས་པ། ཀརྐོ་ཊ་ལྗང་གུས་སེ་རལ་
ཁར་བྱས་པ། རིགས་ལྡན་ཁྲོ་བོས་དཔུང་རྒྱན་བྱས་པ། དུང་སྐྱོང་སེར་པོས་གདུ་བུ་བྱས་པ། ནོར་རྒྱས་དཀར་པོས་སྐེ་རགས་བྱས་པ། པདྨ་དཀར་པོས་རྐང་གདུབ་བྱས་པ། སྤྱན་རྩ་དམར་ཞིང་ཟླུམ་ལ་འཁྱིལ་བ། སྨ་ར་སེར་ཞིང་ཞལ་གདངས་པ་ལྗགས་འདྲིལ་ཞིང་མཆེ་བ་གཙིགས་པ།
གད་མོ་ཆེན་མོ་ཅན་ཚད་ཐུང་ཞིང་གསུས་པ་འཕྱང་བ་དབང་ལྡན་གྱི་མཚམས་ཀྱི་རྩིབས་ལ་མི་གཡོ་བ་འདོད་པའི་རྒྱལ་པོ་དང་མཚུངས་པ་རལ་གྲི་དང་རྡོ་རྗེ་དང་ནོར་བུ་དང་པདྨ་འཛིན་པའོ། །སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་ཁ་དོག་སེར་པོ་གཡས་པ་དང་གཡོན་པའི་ཞལ་ནི་སྔོ་བ་དང་དཀར་བ་སྟེ། འཁོར་
ལོ་སེར་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །འཁོར་ལོ་འབར་བས་ཡོངས་སུ་བསྐོར་བའོ། །འོག་ཏུ་གནོད་མཛེས་འདོད་པའི་རྒྱལ་པོ་ལྟ་བུ་སྟེ། རྡོ་རྗེ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །འཁོར་ལོའི་ལྟེ་བ་ལ་དེ་དང་མཚུངས་པའི་ཧཱུྃ་མཛད་རྡོ་རྗེ་དང་རལ་གྲི་དང་ལྕགས་ཀྱུ་དང་ཞགས་པ་

འཛིན་པ་སྟེ། གཡོན་ངོས་སུ་དབང་ཕྱུག་ཆེན་པོ་ནི་གན་རྐྱལ་དུ་བསྒྱེལ་བའི་རྣ་བ་གཡོན་པ་ཞབས་གཡས་པས་མནན་པ། གཡས་ངོས་སུ་དེ་བཞིན་དུ་བསྒྱེལ་བའི་གཽ་རཱིའི་ནུ་མ་ཞབས་གཡོན་གྱིས་མནན་པའོ། །འདི་རྣམས་ཀྱང་འདོད་པའི་རྒྱལ་པོ་ལ་སོགས་ལྔ་ནི། རོལ་པའི་ཁྲོ་བོ་སྟེ་ཅུང་ཞིག་
མཆེ་བ་གཙིགས་པར་སྣང་བ། སྨ་ར་མེད་ཅིང་རིན་པོ་ཆེའི་ཅོད་པན་ཅན་རིན་པོ་ཆེ་སྣ་ཚོགས་ཀྱིས་ཀྱང་བརྒྱན་པ་གཤིན་རྗེ་གཤེད་ལ་སོགས་པ་འདི་རྣམས་ཐམས་ཅད་ཀྱང་པདྨ་དང་ཉི་མ་ལ་ཞབས་གཡས་པ་བསྐུམ་ཞིང་ཞབས་གཡོན་བརྐྱང་བས་གནས་པ། ཟླ་བའི་འོད་ཀྱི་དཀྱིལ་འཁོར་ཅན་ཁ་དོག་
དང་མཚུངས་པའི་ཞལ་དང་པོས་བཙུན་མོའི་མཆུ་འཇིབ་པ་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དང་། ཟད་པ་དང་། མི་སྐྱེ་བ་དང་། ཆོས་དང་། རྗེས་སུ་ཤེས་པ་དང་། ཀུན་རྫོབ་དང་ཡོངས་སུ་རྒྱལ་བ་ཤེས་པ་རྣམ་པར་དག་པའོ། །ཡང་རྡོ་རྗེ་ཧཱུྃ་མཛད་ནི་ཡེ་ཤེས་བཅུ་པོ་
འདི་རྣམས་རྣམ་པར་དག་པ་སྒྲ་ཇི་བཞིན་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ནས་རྡོ་རྗེ་སེམས་དཔའི་གཟུགས་ཅན་གྱི་རང་བཞིན་རྡོ་རྗེ་ཧཱུྃ་མཛད་ཡོངས་སུ་གྱུར་པ་ལས། སྟེང་ཡངས་ཤིང་འོག་ཕྲ་བ་སྐུ་དང་གསུང་དང་ཐུགས་རྣམ་པར་དག་པའི་གྲུ་གསུམ་པ་ནམ་མཁའི་རང་བཞིན་གྱི་དབུས་ན་གནས་པའི་སྣ་
ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་ཅན་སངས་རྒྱས་ཀྱི་ཚོགས་ཀྱི་འོད་ཟེར་འཕྲོ་བ། རི་བོང་ཅན་ལྟར་དཀར་བའི་ཆོས་འབྱུང་གི་ཕྱག་རྒྱ་བསྒོམ་པར་བྱའོ། །དེ་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྲུཾ་དཀར་པོ་ཡོངས་སུ་གྱུར་པ་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་རྣམ་པར་དག་པའི་
རྩིབས་བཅུ་གཉིས་པའི་འཁོར་ལོའི་ལྟེ་བ་ལ་ཟླ་བ་ལ་གནས་པའི་བྲུཾ་ལས་དེ་བཞིན་གཤེགས་པ་སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བས་འཁོར་ལོ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་རིག་མ་དང་བཅས་པའི་རྣམ་པར་སྣང་མཛད་ལས་བྱུང་བའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། རྟ་བབས་
བཞིས་བརྒྱན་པ་རིན་པོ་ཆེ་ལྔའི་རང་བཞིན་གྱི་རྩིབས་ཅན་ཇི་ལྟར་གནས་པའི་དེ་བཞིན་གཤེགས་པའི་ཁ་དོག་དང་རྗེས་སུ་མཐུན་པའི་ས་གཞི་དང་སྟེང་གཡོགས་ཤེལ་དག་པ་ཇི་ལྟ་བུའི་མཆོད་རྟེན་གྱིས་ཉེ་བར་བརྒྱན་པ། སྟེང་རྡོ་རྗེ་ཕྲེང་བས་ཡོངས་སུ་བསྐོར་བ་འཁོར་ལོ་ལ་སོགས་པས་མཚན་པའི་དཀར་པོ་

དང་སེར་པོ་ལ་སོགས་པའི་ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན་པ་མཆོད་པའི་ལྷ་མོ་དང་ལྡན་པའི་ཁྱམས་བཞིས་ཡོངས་སུ་བསྐོར་བའི་རྩིག་པ་ལ་སོགས་པར་རབ་ཏུ་འཕྱང་བའི་དྲ་བ་དང་དྲ་བ་ཕྱེད་པ་དང་། མེ་ལོང་དང་ཟླ་བ་དང་ཉི་མ་དང་རྔ་ཡབ་དང་། ཕྲེང་བ་དང་བ་དན་རླུང་གིས་
བསྐྱོད་པས་གཡེར་ཀའི་སྒྲ་ཕྱོགས་ཀྱི་སྒོ་རྣམས་སུ་སྒྲོགས་པ་དང་ལྡན་པ་འདོད་པའི་ཡོན་ཏན་དང་རབ་ཏུ་ལྡན་པའི་མཆོད་པའི་ཡོ་བྱད་ལྔས་བརྒྱན་པའི་སྙིང་པོ་གཅིག་པ་ཡུ་བ་དང་བཅས་པ་སྣ་ཚོགས་པདྨ་བཅུ་དགུ་ལ་གནས་པའི་ཉི་མ་བདུན་དང་ཟླ་བ་བཅུ་གཉིས་ཀྱི་གདན་གནས་ཇི་ལྟ་བར་གནས་པ་
དང་ལྡན་པ་བུམ་པ་གང་བ་བརྒྱད་དང་། ཐུབ་པའི་ཚོགས་དཔག་ཏུ་མེད་པ་འཕྲོ་བ་དང་ལྡན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པའི་འོད་ཟེར་འཕྲོ་བ་དང་ལྡན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་ཕུང་པོ་གཞལ་ཡས་ཁང་བསམ་པར་བྱའོ། །དེའི་
དབུས་ཀྱི་གདན་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྫོགས་པར་བྱེད་པའི་དབྱངས་ཀྱི་ཡི་གེ་སུམ་ཅུ་རྩ་གཉིས་ལུགས་ལས་འབྱུང་བ་དང་བཟློག་པ་ལས་ཕྲེང་གཉིས་ཡོངས་སུ་གྱུར་པ་ལས། བླ་ན་མེད་པའི་ཤེས་རབ་ཀྱི་རང་བཞིན་ཟླ་བ་རྣམ་པར་བསམས་ནས། དེའི་སྟེང་དུ་སོ་དང་
མཆུ་ལས་བྱུང་བའི་བ་དང་ཀྵ་ཡོངས་སུ་སྤངས་ཏེ། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པར་བྱེད་པའི་ཀ་ལ་སོགས་པ་ཉིས་འགྱུར་གསལ་བྱེད་སུམ་ཅུ་རྩ་བཞི་ཕྲེང་གཉིས་ཀྱི་དབུས་སུ་གནས་པ། དབྱངས་ཀྱི་ཡི་གེ་བཅུ་དྲུག་ཡོངས་སུ་རྫོགས་པས་ཡི་གེ་བརྒྱད་ཅུ་ལས་བྱུང་བའི་སྙིང་རྗེ་ཆེན་
པོའི་རང་བཞིན་གྱི་ཟླ་བའི་དཀྱིལ་འཁོར་གཞན་བསམ་པར་བྱའོ། །འདི་གཉིས་ཀྱང་ཕན་ཚུན་སོ་སོར་སྣང་བས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །གཅིག་ཏུ་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་སྟེང་དུ་ཧཱུྃ་དཀར་པོ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པ་པདྨ་རཱ་ག་ལྟར་དམར་བ་དང་། དེའི་ལྟེ་བའི་ཟླ་བ་
ལ་གནས་པའི་ཡི་གེ་ཧཱུྃ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོ་ལས་འདས་པའི་ཡེ་ཤེས་ཀྱི་རང་བཞིན་བསམ་མོ། །དེ་ནས་ཡེ་ཤེས་དེ་དེ་བཞིན་གཤེགས་པ་སྤྲོས་པ་ལ་སོགས་པའི་རྗེས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་བྱ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་དུ་བྱས་ནས་སྐད་ཅིག་གིས་

ཟླ་བ་དང་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པ་ལས་རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་དག་པའི་ཞལ་གསུམ་པ་སྟེ། ལུས་དང་རྩ་བའི་ཞལ་ནི་དཀར་པོ། གཡས་པ་དང་གཡོན་པའི་ཞལ་ནི་སྔོན་པོ་དང་དམར་པོའོ། །ཕ་རོལ་ཕྱིན་པ་དྲུག་གི་རང་བཞིན་ནི་ཕྱག་དྲུག་གོ། །རྒྱན་སྣ་ཚོགས་ཀྱིས་
བརྒྱན་པ་ཕྱག་གཙོ་བོ་གཉིས་ཀྱིས་རང་དང་འདྲ་བའི་རིག་མ་ལ་འཁྱུད་ཅིང་ཞལ་གྱི་རོ་མྱང་བ་ལ་དགྱེས་པ་ལྷག་མ་བཞིས་རྡོ་རྗེ་དམར་པོ་དང་། རལ་གྲི་དང་ནོར་བུ་དང་པདྨ་འཛིན་པ་མི་བསྐྱོད་པའི་ཅོད་པན་ཅན། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་གནས་ལ་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་
རྣམ་པར་དག་པའི་རང་བཞིན་གྱི་ངོ་བོ་ཉིད་དཔལ་རྡོ་རྗེ་སེམས་དཔའ་དེའི་རང་བཞིན་ལས་གྲུབ་པར་བདག་ཉིད་བསྒོམ་པར་བྱའོ་ཞེས་པ་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའོ། །དེ་ནས་རྗེས་སུ་ཆགས་པས་འདུལ་བའི་སྐྱེ་བོ་རྗེས་སུ་གཟུང་བའི་ཕྱིར། སྒྱུ་མའི་བདེ་བའི་སྲས་སངས་རྒྱས་ཀྱི་ཚོགས་
བདག་ཉིད་ཀྱི་ལུས་ལ་བཅུག་པས་བདག་ཉིད་རྒྱས་པའི་ལྷ་མོས་མཉེས་པར་བྱས་ནས། ཡང་དེས་སྤྱན་མ་ལ་སོགས་པའི་ལྷ་མོ་དེ་ཕྱུང་བས་རང་དང་མཚུངས་པའི་ནང་དུ་བསྒོམས་ནས། བདག་ཉིད་མཉེས་ཤིང་གཉི་གའི་རྗེས་སུ་ཆགས་པར་བྱས་ནས། དེ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོའི་
དེ་བཞིན་གཤེགས་པ་རྣམས་བདག་ཉིད་ཀྱི་ལུས་ལ་ཞུགས་ཏེ། སྙིང་རྗེའི་ས་བོན་གྱི་འོད་ཟེར་གྱིས་རེག་པས་ཟླ་བ་གཞན་པའི་གཟུགས་སུ་གྱུར་ནས། རང་གི་རྡོ་རྗེའི་ལམ་ནས་རིག་མའི་པདྨར་ལྷུང་བར་བལྟས་ཏེ། སྐད་ཅིག་དེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་གཙོ་བྱས་པའི་རྟེན་དང་བརྟེན་
པའི་དཀྱིལ་འཁོར་བསམས་ཏེ། བློ་ཡིས་སྐྱེ་བོའི་ཚོགས་དབུགས་དབྱུང་བའི་ཕྱིར་དེར་གཞུག་པར་བྱའོ། །དེའི་རྗེས་ལ་སྙིང་རྗེའི་ས་བོན་ལས་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་རྣམས་ཞལ་དུ་ཞུ་བས་དེ་རྣམས་དབང་བསྐུར་བར་བྱའོ། །དེའི་རྗེས་ལ་དེའི་མཐུས་དེ་རྣམས་སའི་
སྙིང་པོ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་རྫོགས་པར་བལྟས་ནས། ཀྵཾ་ཛྲཱིཾ་ཁཾ་གཾ་ཥྐཾ་སཾ་གི་ས་བོན་རྣམས་ཀྱི་རིམ་པས་སའི་སྙིང་པོ་ཕྱག་ན་རྡོ་རྗེ་ནམ་མཁའི་སྙིང་པོ་འཇིག་རྟེན་དབང་ཕྱུག་སྒྲིབ་པ་རྣམ་པར་སེལ་བ་ཀུན་དུ་བཟང་པོ་རྣམས་སོ། །ཛཿཧཱུྃ་བཾ་ཧོཿཁཾ་རཾ་གྱི་ས་བོན་རྣམས་ཀྱིས།

གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་རྣམས་སོ། །ལཾ་མཱཾ་པཾ་ཏཱཾ་གི་ས་བོན་རྣམས་ཀྱིས་སྤྱན་མ་མཱ་མ་ཀཱི་གོས་དཀར་མོ་སྒྲོལ་མ་རྣམས་སོ། །བྲུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུྃ་ཞེས་བྱ་བས་རྣམ་པར་སྣང་མཛད་རིན་ཆེན་འབྱུང་ལྡན་འོད་དཔག་ཏུ་མེད་པ་དོན་ཡོད་གྲུབ་པ་མི་བསྐྱོད་པ་
རྣམས་བཏོན་ནས་ཐམས་ཅད་དེ་དང་དེའི་དོན་བྱེད་པར་དམིགས་ནས། དེ་ཉིད་གསུམ་གྱི་ས་བོན་བཏོན་པའི་གསང་བའི་དཀྱིལ་འཁོར་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཀྱི་གཞལ་ཡས་ཁང་ལ་ཞུགས་པར་བསམ་མོ། །དེའི་རྗེས་ལ་དཀྱིལ་འཁོར་དང་བཅས་པའི་འཇམ་པའི་རྡོ་རྗེ་དྲི་ཟའི་
སེམས་ཅན་གྱི་གཟུགས་ཅན་འདོད་ཆགས་ཆེན་པོའི་བདག་ཉིད་ཀྱི་ཞལ་དུ་ཞུགས་ནས་སྙིང་གར་ཞུ་སྟེ་རྡོ་རྗེ་ནས་བཏོན་ནས། རང་དང་མཚུངས་པའི་རིག་མའི་པདྨའི་ནང་དུ་ལྷུང་བས་དམར་ཞིང་འབར་བའི་ཁྲོ་བོ་གཉིས་ཀྱིས་བརྟེན་པའི་ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་ཡི་གེ་གསུམ་གྱི་རང་བཞིན་དུ་བལྟས་
ནས་འདོད་ཆགས་ཀྱི་མེས་བཞུ་སྟེ། དེ་དང་རེག་པས་བདག་ཉིད་དང་རིག་མ་དང་བཅས་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དབང་པོའི་གཞུ་དང་མཚུངས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བའི་དཀྱིལ་འཁོར་རྣམ་པར་བལྟ་བར་བྱའོ། །དེ་ནས་དེའི་འོད་ཟེར་གྱིས་བསྐུལ་བའི་དེ་བཞིན་གཤེགས་
པའི་འོད་ཟེར་ལས་བྱུང་བར་གྱུར་པའི་ཡུན་རིང་དུ་གོམས་པར་བྱས་པའི་མི་དམིགས་པའི་སྙིང་རྗེ་ཆེན་པོ་དང་། བྱམས་པ་ལ་སོགས་པའི་རང་བཞིན་གྱི་མཱ་མ་ཀཱི་དང་སྤྱན་མ་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་རང་རང་གི་གནས་ནས་གནས་པས་འདི་ལྟར་བསྐུལ་བར་བསམ་མོ། །སེམས་ཅན་
ཁམས་ན་གནས་པའི་དབང་ཕྱུག་ཁྱོད་ནི་རྡོ་རྗེ་ཐུགས། །དགའ་བའི་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེའི་
སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་ཏུ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེའི་

གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །སེམས་ཅན་འཇིག་རྟེན་དག་ནི་དོན་མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་དུ་བཟང་པོ་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེ་འདོད་པས་དམ་ཚིག་
མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་ཉིད་གཟིགས་པ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །ཅེས་བྱ་བའི་གླུའི་དོན་ཐོས་པས་སྒྲ་བརྙན་ལྟར་
བསམས་ནས། སྙིང་རྗེ་གཞན་གྱི་དབང་དུ་གྱུར་པས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་རྒུད་པ་ལྟར་བསམས་ཏེ། འགྲོ་བ་མ་ལུས་པ་སྒྱུ་མ་ལྟ་བུར་བལྟས་ནས། ཟླ་བ་ཞུ་བ་ལས་གྱུར་པའི་འོད་ཟེར་རབ་ཏུ་འཕྲོ་བའི་མཾ་གི་ཡི་གེའི་རང་བཞིན་དུ་གྱུར་ཏེ། དེ་ནས་དེ་ཡོངས་སུ་གྱུར་པའི་རལ་གྲིའི་ཡུ་བར་
གནས་པའི་ཟླ་བ་ལ་གནས་པའི་གསལ་བའི་མཾ་གི་ཡི་གེ་ལས་འཇམ་པའི་རྡོ་རྗེར་གྱུར་ཏེ་ཕྱུང་ནས་སེམས་ཅན་གྱི་དོན་བྱས་ནས། དེ་ཉིད་དུ་ཞུགས་ཏེ་རལ་གྲི་ལ་སོགས་པ་ཡོངས་སུ་གྱུར་པ་ལས་སྐུ་མདོག་དང་ཞལ་གཙོ་བོར་གུར་གུམ་གཞོན་ནུ་ལྟར་ཡིད་དུ་འོང་ཞིང་མཛེས་པ་གཡས་དང་
གཡོན་པའི་ཞལ་ནི་སྔོ་བ་དང་དཀར་བ་སྣ་ཚོགས་པའི་རྒྱན་གྱིས་ཡིད་དུ་འོང་ཞིང་རིན་པོ་ཆེའི་རང་བཞིན་གྱི་ཅོད་པན་ཅན། ཕྱག་དང་པོ་གཉིས་ཀྱིས་རང་དང་འདྲ་བའི་རིག་མ་ལ་འཁྱུད་པ་ཕྱག་ལྷག་མ་རྣམས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་རལ་གྲི་དང་མདའ་དང་ཨུཏྤལ་སྔོན་པོ་དང་གཞུ་འཛིན་པ། རྣམ་
པར་སྣང་མཛད་ལ་སོགས་པའི་སངས་རྒྱས་ཀྱི་ཚོགས་འཕྲོས་པས་ནམ་མཁའ་ཁྱབ་པ་དབུས་ཀྱི་ཟླ་བའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཉེ་བར་གནས་པའི་འཇམ་པའི་རྡོ་རྗེར་བདག་ཉིད་བསྒོམ་པར་བྱའོ། །དེའི་རྗེས་ལ་ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་བདག་ཉིད་ཆོས་ཀྱི་དབྱིངས་
ཀྱི་རང་བཞིན་མངོན་དུ་བྱས་ཏེ། བྱིན་གྱིས་བརླབས་པ་ནི་ཆུང་ངུའི་རྒྱུ་མཐུན་པའི་འབྲས་བུ་དང་ཆུང་ངུའི་གཉེན་པོའོ། །དེ་ནས་མིག་འབྲས་གཉིས་ཀྱི་ནང་དུ་ཟླ་བ་ལ་ཀྵིཾ་དཀར་པོ་ལས་སྐྱེས་པའི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བའི་གནས་ན་གནས་པའི་ཀྵིཾ་གི་འོད་ཟེར་ལས་བྱུང་བའི་སའི་སྙིང་པོའི་

དཀྱིལ་འཁོར་གྱིས། འགྲོ་བའི་དོན་བྱས་ནས་ས་བོན་ལ་ཞུགས་ཏེ་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་སའི་སྙིང་པོ་རིན་པོ་ཆེའི་ཅོད་པན་ཅན་འཆད་པར་འགྱུར་བའི་རྣམ་པར་སྣང་མཛད་དང་མཚུངས་པ། ལྷའི་མིག་གིས་མངོན་པར་ཤེས་པའི་ངོ་བོ་ཉིད་བསྒོམ་པར་བྱའོ། །
དེ་བཞིན་དུ་རྣ་བ་གཉིས་ལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཛྲཱིཾ་སྔོན་པོ་ལས་བྱུང་བའི་རྡོ་རྗེ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པའི་ངོ་བོ་ཕྱག་ན་རྡོ་རྗེ་ལྟ་བུ་རྣ་བའི་མངོན་པར་ཤེས་པའི་རྣམ་པར་དག་པའོ། །སྣ་ལ་ཁཾ་སེར་པོ་དང་རིན་པོ་ཆེ་ལ་སོགས་པ་ལས་སྐྱེས་པའི་ནམ་མཁའི་
སྙིང་པོ་རིན་ཆེན་འབྱུང་ལྡན་དང་མཚུངས་པའི་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པའི་རང་བཞིན་ནོ། །ལྕེ་ལ་གཾ་དམར་པོ་དང་པདྨ་འདབ་མ་བརྒྱད་པ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་འོད་དཔག་ཏུ་མེད་པ་དང་མཚུངས་པའི་འཇིག་རྟེན་དབང་ཕྱུག་སྔོན་གྱི་གནས་རྗེས་སུ་དྲན་པའི་
མངོན་པར་ཤེས་པའི་རང་བཞིན་ནོ། །དཔྲལ་བར་ཥྐཾ་ལྗང་གུ་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པ་ལྟ་བུའི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་རྫུ་འཕྲུལ་གྱི་རྐང་པ་མངོན་པར་ཤེས་པའི་རང་བཞིན་ནོ། །ནུ་མ་གཉིས་ཀྱི་སྟེང་དུ་མགྲིན་པའི་འོག་ཏུ་སཾ་དཀར་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་
སེམས་དཔའ་ལྟ་བུའི་ཀུན་དུ་བཟང་པོ་ཟག་པ་ཟད་པའི་མངོན་པར་ཤེས་པའི་རང་བཞིན་ནོ། །ཡང་འདི་རྣམས་ཀྱི་སྙིང་གར་ཟླ་བ་ལ་གནས་པའི་རང་རང་གི་མཚན་མའི་དབུས་ཀྱི་ཟླ་བར་གནས་པའི་ཇི་ལྟ་བུའི་ས་བོན་རྣམས་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཀུན་མཁྱེན་པའི་རང་བཞིན་ཆུང་ངུའི་རྣམ་
པར་སྨིན་པའི་འབྲས་བུ་དང་། ཆུང་ངུའི་ཉེ་བར་སྒྲུབ་པའོ། །དེ་ནས་ནུ་མ་གཉིས་ཀྱི་འོག་རང་གི་སྙིང་གའི་ཟླ་བ་ལ་ཧཱུྃ་གིས་བསྐྱེད་པའི་རྡོ་རྗེའི་ལྟེ་བར་ཟླ་བ་ལ་གནས་པའི་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ཕྲ་མོ་ཧཱུྃ་གིས་བྱིན་གྱིས་བརླབས་པ་བསམས་ཏེ། དེའི་འོད་ཟེར་ལས་དེ་བཞིན་གཤེགས་པ་སྤྲོ་བ་ལ་
སོགས་པ་སྔོན་དུ་འགྲོ་བ་ལས་རྡོ་རྗེ་ཕྲ་མོ་ལ་སོགས་པ་ལས་སྐྱེས་པའི་སྙིང་གའི་ཟླ་བའི་མཚན་མའི་ལྟེ་བ་ལ་ཆོས་སྐུ་རྣམ་པར་དག་པ་ཕྱག་རྒྱ་ཆེན་པོའི་ངོ་བོ་ཕྱག་ན་རྡོ་རྗེ་དང་མཚུངས་པ་དེའི་སྙིང་གར་ཡང་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་སྤྲོས་པ་ཐུགས་རྡོ་རྗེ་དང་། གདོད་མ་ནས་གྲུབ་

པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ནམ་མཁའི་ཁམས་གང་བར་བསམས་ཏེ། དེ་རྣམས་ཧཱུྃ་གི་འོད་ཟེར་ལས་འཕྲོས་པ་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པ་རྣམ་པ་སྣ་ཚོགས་པ་སྔོན་དུ་འགྲོ་བས། རང་དང་འདྲ་བའི་རིག་མའི་ནང་དུ་ཞུགས་པས་རྗེས་སུ་ཆགས་པའི་
བདག་ཉིད་ཀྱིས་ཐུགས་བྱིན་གྱིས་བརླབ་པར་བྱ་སྟེ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་བྱ་བ་ནི་བདག་ཉིད་ཀྱི་སྤྲུལ་པ་ལའོ། །ཕྱོགས་བཅུར་བཞུགས་པའི་སངས་
རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་རླབས་གོ་འཕང་ནི། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་པ་ནི་ཐོག་མ་ནས་གྲུབ་པའི་དེ་བཞིན་གཤེགས་པའི་ཐུགས་ཀ་ན་གནས་པ་རྣམས་ཏེ། གསོལ་བ་བཏབ་པས་བདག་ཉིད་ཀྱི་ཐུགས་རྡོ་རྗེའི་ནང་དུ་ཞུགས་
པར་བལྟའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་བྱིན་གྱིས་བརླབ་ཅིང་བརྟན་པར་བྱའོ། །དེ་བཞིན་དུ་ནུ་མ་གཉིས་ཀྱི་བར་དུ་རང་གི་ས་བོན་ལ་སོགས་པ་ལས་སྐྱེས་པའི་རལ་གྲིའི་ཡུ་བ་ལ་གནས་པའི་ཟླ་བ་ལ་གསོལ་བ་བཏབ་པར་བསམས་པས་དམ་ཚིག་སེམས་དཔའ་
ལྟ་བུའི་ཡེ་ཤེས་སེམས་དཔའ་དམ་ཚིག་གི་ཕྱག་རྒྱའི་རང་བཞིན་བསྒོམ་པར་བྱའོ། །མགྲིན་པར་སྔ་མ་བཞིན་དུ་ཨཱཿལས་སྐྱེས་པའི་པདྨ་ཕྲ་མོ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་དག་པ་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་འཇིག་རྟེན་དབང་ཕྱུག་ལྟ་བུའི་གསུང་རྡོ་རྗེ་
བསམས་ཏེ། མཆོད་པ་དང་གསོལ་བ་བཏབ་པ་སྔོན་དུ་འགྲོ་བས་བྱིན་གྱིས་བརླབ་པར་བྱའོ། །ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་རླབས་གོ་འཕང་ནི། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་
རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་རླབས་གོ་འཕང་ནི། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེའི་རྗེས་ལ་དེ་བཞིན་དུ་སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་ལས་བསྐྱེད་པའི་འཁོར་ལོ་རྩིབས་བརྒྱད་པ་ལ་ཟླ་

བ་ལ་གནས་པའི་ཨོཾ་ལས་བསྐྱེད་པའི་འཁོར་ལོ་ཕྲ་མོའི་ལྟེ་བར་ཟླ་བ་ལ་གནས་པའི་ཨོཾ་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས་སྤྲུལ་པའི་སྐུ་རྣམ་པར་དག་པ་ལས་ཀྱི་ཕྱག་རྒྱའི་རང་བཞིན་སའི་སྙིང་པོ་ལྟ་བུའི་རྡོ་རྗེ་བལྟ་སྟེ། སྔར་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དཔལ་
ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་རླབས་གོ་འཕང་ནི། །རྡོ་རྗེ་སྐུ་ཡིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་རླབས་གོ་འཕང་ནི། །རྡོ་རྗེ་སྐུ་ཡིས་མཛད་
དུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཐུགས་རྡོ་རྗེ་ལ་སོགས་པ་འདི་རྣམས་རང་རང་གི་མཚན་ཉིད་ལྟེ་བ་ལ་གནས་པའི་ཕྱག་རྒྱ་བཞིའི་རང་བཞིན་གྱི་ཡི་གེ་བཞིའི་རྒྱས་བཏབ་པས་མཚན་ཉིད་དང་བྲལ་བ་རང་བཞིན་མེད་པར་བསྒོམ་པར་བྱའོ་ཞེས་པ་ནི། ཆུང་ངུའི་སྐྱེས་
བུའི་བྱེད་པའི་འབྲས་བུ་དང་ཆུང་ངུའི་སྒྲུབ་པའོ། །དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་རེག་པས་དེ་བཞིན་གཤེགས་པའི་ཚོགས་ཀྱི་འོད་ཟེར་ལས་བྱུང་བའི་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ལག་པས་བཟུང་བའི་རང་གི་རིགས་རྣམ་པར་དག་པའི་ཁ་དོག་སྟེ།
དེའི་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་དག་པའི་རིན་པོ་ཆེའི་བུམ་པས་གཟུགས་རྡོ་རྗེ་ལ་སོགས་པའི་རོལ་མོ་སྣ་ཚོགས་པ་དང་། མཆོད་པ་དང་བཀྲ་ཤིས་ཀྱི་གླུ་ལ་སོགས་པ་སྔོན་དུ་འགྲོ་བས། བདག་ཉིད་ལ་དབང་བསྐུར་བ་ལས། བདག་ཉིད་ཀྱི་ཅོད་པན་ལ་བྱང་ཆུབ་ཀྱི་སེམས་ཀྱི་ལྷག་མ་
ལས་མི་བསྐྱོད་པ་བསྒོམ་པར་བྱའོ་ཞེས་པ་ནི་ཆུང་ངུའི་དྲི་མ་མེད་པའི་འབྲས་བུ་དང་། ཆུང་ངུའི་སྒྲུབ་པ་ཆེན་པོའོ། །དེའི་རྗེས་ལ་ལྷན་ཅིག་སྐྱེས་པའི་རང་དང་མཚུངས་པའི་ཁ་དོག་དང་། ཕྱག་ལ་ལྟ་བའི་འབྲིང་གི་རྒྱུ་མཐུན་པའི་འབྲས་བུ་དང་། འབྲིང་གི་གཉེན་པོའོ། །སྔར་བཞིན་དུ་དེའི་མིག་ལ་
སོགས་པ་བྱིན་གྱིས་བརླབས་པ་ནི་འབྲིང་གི་རྣམ་པར་སྨིན་པའི་འབྲས་བུ་དང་། འབྲིང་གི་ཉེ་བར་སྒྲུབ་པའི་འབྲས་བུའོ། །གསོལ་བ་བཏབ་པ་མེད་པར་ཐུགས་དང་གསུང་དང་སྐུ་བྱིན་གྱིས་བརླབས་པ་ནི་འབྲིང་གི་སྐྱེས་བུ་བྱེད་པའི་འབྲས་བུ་དང་། འབྲིང་གི་སྒྲུབ་པ་ཆེན་པོའོ། །སྔར་བཞིན་དུ་ཡེ་ཤེས་

སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་བསྐུལ་བ་ལ་སོགས་པའི་སྒོ་ནས་དབང་བསྐུར་བ་ལ་སོགས་པ་དྲི་མ་མེད་པའི་འབྲས་བུ་དང་། འབྲིང་གི་སྒྲུབ་པ་ཆེན་པོའོ། །དེ་ནས་དེའི་སྤྱི་བོ་ནས་སྙིང་ག་ལ་ཐུག་པའི་བར་ཟླ་བའི་དཀྱིལ་འཁོར་ལ་གནས་
པའི་ཨོཾ་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་ཀྱི་རྡུལ་ཕྲ་རབ་ཀྱི་ངོ་བོ། སྙིང་ག་ནས་ལྟེ་བ་ལ་ཐུག་པར་ཉི་མ་ལ་གནས་པའི་ཧཱུྃ་དང་རྡོ་རྗེ་ལས་སྐྱེས་པ་མི་བསྐྱོད་པའི་རྡུལ་ཕྲ་རབ་ཀྱི་རང་བཞིན་ནོ། །ལྟེ་བ་ནས་གསང་བ་ལ་ཐུག་པར་ཉི་མ་ལ་གནས་པའི་སྭཱ་དང་རིན་པོ་ཆེ་
ཡོངས་སུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་གྱི་རྡུལ་ཕྲ་རབ་ཀྱི་རང་བཞིན་ནོ། །གསང་བ་ནས་པུས་མོ་ལ་ཐུག་པར་ཉི་མ་ལ་གནས་པའི་ཨཱཿདང་པདྨ་ལས་སྐྱེས་པའི་འོད་དཔག་ཏུ་མེད་པའི་རྡུལ་ཕྲ་རབ་ཀྱི་རང་བཞིན་ནོ། །པུས་མོ་ནས་རྐང་པའི་མཐིལ་ལ་ཐུག་པར་ཉི་མ་ལ་གནས་པའི་ཧཱ་དང་།
རལ་གྲི་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པའི་རྡུལ་ཕྲ་རབ་ཀྱི་རང་བཞིན་ཅན། རྩ་བའི་ཁ་དོག་མ་ཉམས་པར་བསྒོམ་པར་བྱའོ། །དེ་ནས་དེའི་པདྨ་ཧཱུྃ་ཡོངས་སུ་གྱུར་པ་ལས། པདྨ་དམར་པོ་འདབ་མ་བརྒྱད་པ་ལ་ཨ་ལས་ཟེ་འབྲུ་སྣ་ཚོགས་ཅན་གྱི་གསང་བའོ། །བདག་ཉིད་ཀྱི་ཧཱུྃ་
ཡོངས་སུ་གྱུར་པ་ལས་རང་བཞིན་ཁ་དོག་ཅན་གྱི་རྡོ་རྗེ་རྩེ་མོ་གཅིག་པ་ཨོཾ་ལས་སྐྱེས་པའི་ནོར་བུ་དམར་པོ་ཅན་གྱི་བུ་གར་བྱང་ཆུབ་ཀྱི་སེམས་གནས་པར་བྱ་བའི་ཕྱིར་ཕཊ་སེར་པོ་བསམས་ཏེ། གཉིས་པའི་ལུས་ལ་དེ་བཞིན་གཤེགས་པ་ཐམས་ཅད་བློས་བཅུག་ལ་རྡུལ་ཕྲ་རབ་སོ་སོ་ལ་དཀྱིལ་
འཁོར་གྱི་འཁོར་ལོའི་བདག་ཉིད་དུ་ལྷག་པར་བསམ་པར་བྱ་སྟེ། མཐར་ཚད་མེད་ཅིང་བླ་ན་མེད་པའི་བདེ་བ་ཆེན་པོའི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པའི་བསམ་པས་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པར་བསམས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ།
ཞེས་པས་ང་རྒྱལ་བྱའོ་ཞེས་པ་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ནོ། །དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བའི་རལ་གྲིའི་ཡུ་བར་གནས་པའི་མཾ་གི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པའི་ཚོགས་ཞལ་ནས་བཅུག་སྟེ། ཞུ་བར་གྱུར་ནས་བདག་ཉིད་ཀྱི་རྡོ་རྗེ་ནས་བཏོན་ཏེ་ལྷ་མོའི་

པདྨའི་ནང་དུ་བལྟ་བར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་ཡི་གེ་མཾ་གྱི་ས་བོན་ལས་དེ་བཞིན་གཤེགས་པ་སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བ་ལས་གཞལ་ཡས་ཁང་ན་གནས་པའི་ལྷ་བཅུ་དགུའི་བདག་ཉིད་ཅན་གྱི་མི་བསྐྱོད་པ་གཙོ་བོར་གྱུར་པ་དཀྱིལ་འཁོར་གྱི་འཁོར་ལོ་
ཁ་དོག་ལ་སོགས་པ་དེ་ཉིད་དུ་གསལ་བར་བྱས་ནས། རིམ་པས་རེ་རེ་ནས་རང་རང་གི་སྔགས་བརྗོད་པས་དབྱུང་བར་བྱའོ། །དེ་ལ་མི་བསྐྱོད་པ་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ལུས་དང་རྩ་བའི་ཞལ་སྔོན་པོ་མཆེ་བ་ཅུང་
ཞིག་གཙིགས་པ། གཡས་པ་དང་གཡོན་པའི་ཞལ་ནི་དཀར་བ་དང་དམར་བའོ། །རིམ་པ་བཞིན་དུ་ཕྱག་བཞི་ན་རྡོ་རྗེ་སྔོན་པོ་དང་། རལ་གྲི་དང་། ནོར་བུ་དང་པདྨ་འཛིན་པ་བཛྲ་དྷྲྀཀ་ཅེས་པས་བསྐུལ་ཞིང་བཏོན་ཏེ། ཅི་ལྟར་རིགས་པའི་དཔག་ཏུ་མེད་པའི་སྤྲུལ་པས་འགྲོ་བའི་དོན་བྱས་
ནས་བསྡུས་ཏེ། བདག་ཉིད་ལ་ཞུགས་པར་བསམ་མོ། །ཛི་ན་ཛིཀ་ཅེས་པས་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའི་ཁ་དོག་དང་ཞལ་ལ་སོགས་པ་དང་ལྡན་པའི་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་དང་། རལ་གྲི་དང་ནོར་བུ་དང་པདྨ་
འཛིན་པ་རང་གིས་གདུལ་བར་བྱ་བ་བཏུལ་ནས། སླར་འོངས་ཏེ་སྔར་གྱི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཞུགས་སོ། །རཏྣ་དྷྲྀཀ་ཅེས་བྱ་བས་ཚོར་བའི་ཕུང་པོ་རྣམ་པར་དག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་གཙོ་བོ་དང་མཚུངས་པའི་ཁ་དོག་རིན་པོ་ཆེ་ཆ་དགུ་དང་རལ་གྲི་དང་འཁོར་
ལོ་དང་པདྨ་འཛིན་པ་སྔར་བཞིན་དུ་ལྷོ་ཕྱོགས་སུ་པདྨ་དང་ཉི་མའི་གདན་ལ་བཞུགས་སོ། །ཨཱ་རོ་ལྀཀ་ཅེས་པས་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ལུས་ཐམས་ཅད་དང་རྩ་བའི་ཞལ་དམར་པོ། །གཡས་པ་དང་གཡོན་པའི་ཞལ་ནི་སྔོ་བ་དང་དཀར་
བའོ། །པདྨ་འདབ་མ་བརྒྱད་པ་རལ་གྲི་དང་ནོར་བུ་དང་འཁོར་ལོ་འཛིན་པ་སྔར་བཞིན་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལའོ། །པྲཛྙཱ་དྷྲྀཀ་ཅེས་པས་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ལུས་ཐམས་ཅད་དང་རྩ་བའི་ཞལ་ལྗང་གུ། གཡས་དང་གཡོན་

སྔོ་བ་དང་དཀར་བའི་དོན་ཡོད་གྲུབ་པ་ཕྱག་ན་རལ་གྲི་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་འཛིན་པ། བྱང་དུ་སྔར་བཞིན་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལའོ། །འདི་རྣམས་ཐམས་ཅད་ཀྱང་མཛེས་པའི་རལ་པའི་ཅོད་པན་ཅན། རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་ཕྱག་གཉིས་ཀྱིས་འཁྱུད་པའི་
རིན་པོ་ཆེ་སྣ་ཚོགས་ཀྱི་ཅོད་པན་ཅན། རྒྱན་སྣ་ཚོགས་ཀྱིས་མཛེས་པའི་རང་དང་མཚུངས་པའི་རིག་མའི་མཆུའི་རོ་མྱང་བའོ། །མོ་ཧ་ར་ཏཱི་ཞེས་བྱ་བས་སའི་ཁམས་རྣམ་པར་དག་པ་བྱམས་པའི་རང་བཞིན་རྣམ་པར་སྣང་མཛད་ཀྱི་རིག་མ་དང་མཚུངས་པའི་སྤྱན། སྔར་བཞིན་དུ་མེའི་མཚམས་
སུའོ། །དྭེ་ཥ་ར་ཏཱི་ཞེས་པས་ཆུའི་ཁམས་རྣམ་པར་དག་པའི་སྙིང་རྗེ་ཆེན་པོའི་རང་བཞིན་མི་བསྐྱོད་པའི་རིག་མའི་གཟུགས་ཅན། ཨུཏྤལ་དམར་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའི་མཱ་མ་ཀཱི་དེ་བཞིན་དུ་བདེན་བྲལ་དུའོ། །རཱ་ག་ར་ཏཱི་ཞེས་བྱ་བས་མེའི་ཁམས་རྣམ་པར་དག་
པ་དགའ་བ་ཆེན་པོའི་རང་བཞིན་འོད་དཔག་ཏུ་མེད་པའི་རིག་མ་དང་འདྲ་བའི་གོས་དཀར་མོ་དེ་བཞིན་དུ་རླུང་གི་མཚམས་སུའོ། །བཛྲ་ར་ཏཱི་ཞེས་བྱ་བས་རླུང་གི་ཁམས་རྣམ་པར་དག་པ་བཏང་སྙོམས་ཆེན་པོའི་རང་བཞིན། ལུས་ཐམས་ཅད་དང་རྩ་བའི་ཞལ་སེར་པོ་གཡས་དང་གཞན་མའི་
ཞལ་ནི་སྔོ་བ་དང་དཀར་བ། ཨུཏྤལ་སེར་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའི་སྒྲོལ་མ་སྔར་བཞིན་དུ་དབང་ལྡན་གྱི་མཚམས་སུའོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡུལ་གྱི་གཟུགས་རྣམ་པར་དག་པ་མེ་ལོང་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པ་སྤྱན་མ་ལྟ་བུའི་
གཟུགས་རྡོ་རྗེ་མ་ཕྱིའི་འཕར་མའི་མེའི་མཚམས་སུའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སྒྲ་རྣམ་པར་དག་པའི་པི་ཝང་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པ་མཱ་མ་ཀཱི་དང་མཚུངས་པ་སྒྲ་རྡོ་རྗེ་མ་བདེན་བྲལ་གྱི་མཚམས་སུའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དྲི་རྣམ་པར་དག་
པའི་དྲིའི་དུང་ཆོས་སེར་པོ་དང་། རལ་གྲི་དང་འཁོར་ལོ་དང་པདྨ་འཛིན་པ་རིན་ཆེན་འབྱུང་ལྡན་གྱི་རིག་མ་དང་མཚུངས་པའི་དྲི་རྡོ་རྗེ་མ་རླུང་གི་མཚམས་སུའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རོ་རྣམ་པར་དག་པ་རོས་གང་བའི་ལྷུང་བཟེད་དམར་པོ་དང་། རལ་གྲི་དང་ནོར་བུ་དང་འཁོར་ལོ་

འཛིན་པ་གོས་དཀར་མོ་དང་མཚུངས་པ་རོ་རྡོ་རྗེ་མ་དབང་ལྡན་གྱི་མཚམས་སུའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རེག་རྣམ་པར་དག་པ་ན་བཟའ་སྣ་ཚོགས་དང་། རལ་གྲི་དང་ནོར་བུ་དང་པདྨ་འཛིན་པ་དོན་ཡོད་གྲུབ་པའི་རིག་མ་དང་མཚུངས་པའི་རེག་བྱ་རྡོ་རྗེ་
མ་སྔར་བཞིན་དུ་བྱང་ཕྱོགས་སུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཆོས་འབྱུང་གི་ཕྱག་རྒྱ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པ་རྡོ་རྗེ་སེམས་དཔའི་རིག་མ་དང་མཚུངས་པ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་སྔར་བཞིན་དུ་ལྷོའི་སྒོའི་ངོས་སུའོ། །དྲུག་པོ་འདི་རྣམས་
ཀྱང་ཨོཾ་ཨཱཿཧཱུྃ་ཞེས་བྱ་བ་དེ་ཉིད་གསུམ་གྱིས་བཏོན་ལ། གཟུགས་ལ་སོགས་པ་དྲུག་པོ་འདི་རྣམས་ཀྱང་རང་དང་འདྲ་བའི་ཐབས་ལ་འཁྱུད་པ་ཞལ་གྱི་རོ་མྱང་བར་འདོད་པའི་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བསྒོམ་པར་བྱའོ། །ཡ་
མཱནྟ་ཀྲྀཏ་ཅེས་བྱ་བས་གཤིན་རྗེ་གཤེད་དད་པའི་རང་བཞིན་སྔར་གསུངས་པའི་ཁ་དོག་དང་ལྡན་པ་ཤར་ཕྱོགས་ཀྱི་སྒོ་རུའོ། །དེ་བཞིན་དུ་པྲཛྙཱནྟ་ཀྲྀཏ་ཅེས་བྱ་བས་བརྩོན་འགྲུས་ཀྱི་རང་བཞིན་ཤེས་རབ་མཐར་བྱེད་ལྷོ་ཕྱོགས་ཀྱི་སྒོ་རུའོ། །པདྨཱནྟ་ཀྲྀཏ་ཅེས་བྱ་བས་དྲན་པའི་རང་བཞིན་པདྨ་
མཐར་བྱེད་ནུབ་ཕྱོགས་ཀྱི་སྒོ་རུའོ། །བིགྷྣཱནྟ་ཀྲྀཏ་ཅེས་བྱ་བས་ཏིང་ངེ་འཛིན་གྱི་རང་བཞིན་བདུད་རྩི་འཁྱིལ་པ་བྱང་ཕྱོགས་ཀྱི་སྒོ་རུའོ། །ནང་གི་གཞལ་ཡས་ཁང་དེ་ཉིད་གསུམ་གྱིས་བཏོན་ལ་ཕྱིའི་གཞལ་ཡས་ཁང་ལ་བསྟིམ་པར་བྱའོ། །སྒོ་སྐྱོང་བ་འདི་རྣམས་ཐམས་ཅད་ཀྱང་སྣ་ཚོགས་
པདྨ་དང་ཉི་མའི་གདན་ལ་གཡོན་བརྐྱང་བས་གནས་པ་ཉི་མའི་འོད་ཀྱི་དཀྱིལ་འཁོར་ཅན་ནོ། །གཞན་ནི་རང་རང་གི་གདན་གྱི་འོད་ཀྱི་དཀྱིལ་འཁོར་ཅན་ནོ། །ཐམས་ཅད་ཀྱང་དཀྱིལ་འཁོར་པ་དང་དཀྱིལ་འཁོར་གྱི་བདག་པོ་ལ་མངོན་པར་ཕྱོགས་པར་བསྒོམ་པར་བྱའོ་ཞེས་པས་ཡོངས་སུ་
རྫོགས་པའི་དཀྱིལ་འཁོར་ལ་བལྟས་ནས་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་བཀུག་པའི་གདོད་མ་ནས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་གྱི་རྡོ་རྗེ་གུར་གྱི་སྟེང་དུ་བལྟས་ཏེ། གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བ་ཅིག་སྤྲོས་པས་དེ་དང་

ལྷན་ཅིག་འོངས་པའི་བགེགས་རྣམས་བསྐྲད་ཅིང་མངོན་པར་བསྲུངས་ཏེ། རང་གི་སྔགས་བཟླས་པའི་ཟླ་བ་དང་མེ་ཏོག་ལ་སོགས་པའི་མཆོད་ཡོན་ཕུལ་ནས། ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་ཨཱ་ཀཪྵ་ཛཿཧཱུཾ། ཞེས་བྱ་བས་གཤིན་རྗེ་གཤེད་ཀྱིས་བཀུག་སྟེ། ཨོཾ་ཨཱཿཔྲཛྙཱནྟ་ཀྲྀཏ་པྲ་བེ་ཤཱ་ཡ་ཧཱུྃ་ཧཱུྃ། ཞེས་
བྱ་བས་ཤེས་རབ་མཐར་བྱེད་ཀྱིས་བཅུག་ནས། ཨོཾ་ཨཱཿཔདྨཱནྟ་ཀྲྀཏ་བནྡྷ་ཡ་བཾ་ཧཱུྃ། ཞེས་པས་པདྨ་མཐར་བྱེད་ཀྱིས་བཅིངས་ཏེ། ཨོཾ་ཨཱཿ་བི་གྷྣཱནྟ་ཀྲྀཏ་ཏོ་ཥ་ཡ་ཧོཿཧཱུྃ། ཞེས་པས་བགེགས་མཐར་བྱེད་ཀྱིས་མཉེས་པར་བྱའོ་ཞེས་བྱ་བ་ནི་རབ་ཀྱི་རྒྱུ་མཐུན་པའི་འབྲས་བུ་དང་རབ་ཀྱི་བསྙེན་པའོ། །
དཀྱིལ་འཁོར་བ་སོ་སོའི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་རབ་ཀྱི་རྣམ་པར་སྨིན་པའི་འབྲས་བུ་དང་། རབ་ཀྱི་ཉེ་བར་སྒྲུབ་པའོ། །གསོལ་བ་བཏབ་པའི་ཚིགས་སུ་བཅད་པ་དང་བྱིན་གྱིས་བརླབ་པའི་སྔགས་བརྗོད་པ་སྤངས་པའི་ཐུགས་ལ་སོགས་པ་བྱིན་གྱིས་བརླབས་པ་ནི་རབ་ཀྱི་སྐྱེས་བུས་
བྱེད་པའི་འབྲས་བུ་དང་རབ་ཀྱི་སྒྲུབ་པའོ། །སྔར་བཞིན་དུ་ཡང་དབང་བསྐུར་བ་ནི་རབ་ཀྱི་དྲི་མ་མེད་པའི་འབྲས་བུ་དང་རབ་ཀྱི་སྒྲུབ་པ་ཆེན་པོའོ། །དེ་ལ་མི་བསྐྱོད་པའི་ཅོད་པན་ལ་རྡོ་རྗེ་སེམས་དཔའོ། །ཡང་རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་
དང་ཐུགས་རྡོ་རྗེ་དང་མཱ་མ་ཀཱི་དང་ཕྱག་ན་རྡོ་རྗེ་དང་སྒྲ་རྡོ་རྗེ་མ་དང་ཤེས་རབ་མཐར་བྱེད་ལ་སོགས་པ་ཁྲོ་བོ་རྣམས་ཀྱི་མི་བསྐྱོད་པའོ། །སྤྱན་དང་སྐུ་རྡོ་རྗེ་དང་སའི་སྙིང་པོ་དང་གཟུགས་རྡོ་རྗེ་མ་དང་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཀྱི་རྣམ་པར་སྣང་མཛད་དོ། །ནམ་མཁའི་སྙིང་པོ་དང་། དྲི་རྡོ་རྗེ་མའི་རིན་
ཆེན་དབང་ངོ་། །གསུང་རྡོ་རྗེ་དང་གོས་དཀར་མོ་དང་འཇིག་རྟེན་དབང་ཕྱུག་དང་རོ་རྡོ་རྗེ་མ་དང་པདྨ་མཐར་བྱེད་རྣམས་ཀྱི་འོད་དཔག་ཏུ་མེད་པའོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་རེག་རྡོ་རྗེ་མ་རྣམས་ཀྱི་དོན་ཡོད་གྲུབ་པའོ། །ཀུན་དུ་བཟང་པོ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དག་ནི་རྡོ་རྗེ་སེམས་
དཔའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་འདོད་པའི་ཡོན་ཏན་ལྔ་བཀུག་ནས་སྙིང་གར་ཞུགས་ཏེ།ཟླ་བ་ཞུ་བའི་གཟུགས་སུ་གྱུར་ནས་རྡོ་རྗེ་ནས་བྱུང་ཞིང་པདྨར་སོང་བར་བལྟས་ཏེ། དེ་ལས་རིག་མའི་བ་སྤུའི་བུ་ག་ནས་བྱུང་བའི་འོད་ཟེར་ཚོགས་ཀྱི་སྒོ་ནས་བྱུང་ཞིང་སྤྲུལ་པས་མཆོད་

པའི་ཡོ་བྱད་སྣ་ཚོགས་ལ་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་གཞལ་ཡས་ཁང་གི་འོད་ལས་བྱུང་བའི་ཁྱད་པར་དུ་འཕགས་པའི་གཟུགས་ལ་སོགས་པ་རྣམས་ཀྱིས་ཀྱང་བདག་ཉིད་དཀྱིལ་འཁོར་དང་བཅས་པ་ལ་མཆོད་པར་བྱ་སྟེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་
སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་ལྷག་པར་མོས་པར་བྱའོ། །དེའི་རྗེས་ལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ཀྱི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་
པོ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མེད་མཁའ། །རང་བཞིན་རྣམ་དག་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་འོད་དཔག་མེད་རྒྱལ་པོ། །མི་རྟོག་རྡོ་རྗེ་ནམ་
མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པའི་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །ཅེས་བྱ་བས་གཞལ་ཡས་ཁང་
ན་གནས་པའི་ཀ་བ་དང་བུམ་པ་རྣམས་བདག་ཉིད་ལ་བསྟོད་པ་བྱེད་པར་བསམ་པར་བྱའོ། །དེ་ནས་མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་མཐའ་གཉིས་ན་གཡོ་བའི་བ་དན་སྔོན་པོས་མཚན་པ་གཞུའི་རྣམ་པའི་སྟེང་དུ་རཾ་ལས་སྐྱེས་པའི་རཾ་དམར་པོས་མཚན་པ་གྲུ་གསུམ་མེའི་དཀྱིལ་
འཁོར་གྱི་སྟེང་དུ་རིན་པོ་ཆེའི་སྒྱེད་པུ་ལ་གནས་པ། ཨ་དཀར་པོ་ལས་སྐྱེས་པའི་པདྨའི་སྣོད་ཀྱི་ནང་དུ་གནས་པ། བི་ར་ཤུ་མ་མུ་ཞེས་པའི་མིང་ཅན་གྱི་བདུད་རྩི་ལྔ་དང་རིམ་པས་བྲུཾ་ཨཱྃ་ཛྲཱིཾ་ཁཾ་ཧཱུྃ་གིས་བྱིན་གྱིས་བརླབ་པ་དེ་བཞིན་དུ་གོ་ཀུ་ད་ཧ་ན་ཡང་བསམས་ཏེ། དེའི་ཁ་ཆོད་ལྟ་བུའི་ཟླ་བའི་
དཀྱིལ་འཁོར་ལ་གནས་པའི་ཧཱུྃ་ལས་སྐྱེས་པའི་ལྟེ་བར་དེ་དང་ལྡན་པ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བལྟས་ནས། བྲུཾ་ལ་སོགས་པའི་འོད་ཟེར་ནི་རྣམ་པར་བཞུ་སྟེ། དེ་ཉིད་ཀྱི་ནང་དུ་ཞུགས་པར་བསམས་ནས། རླུང་གིས་སྦར་བའི་མེ་སྦར་བས་བསྲོ་ཞིང་ཞུ་བས་བླ་ན་མེད་པའི་རོའི་རང་བཞིན་དུ་ལྷག་པར་མོས་

པར་བྱས་ཏེ། དེ་རུ་རྣམ་པར་བཀོད་པའི་རབ་ཏུ་གསལ་བའི་ཨོཾ་དཀར་པོའི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བདུད་རྩི་རྣམས་བཅུག་ནས་དེ་ཉིད་གསུམ་གྱིས་ལན་མང་དུ་བསྔགས་ཏེ། དེ་ཡིས་རང་རང་གི་ལྕེའི་རྩེ་མོ་ལ་གནས་པའི་ཧཱུྃ་ལས་སྐྱེས་པའི་ལྟེ་བར་དེས་
བྱིན་གྱིས་བརླབས་པ་ནས་ཀྱི་ཚད་ཙམ་རྡོ་རྗེ་དཀར་པོའི་སྦུ་གུས་དྲངས་པས་བདག་ཉིད་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ཡོངས་སུ་གྱུར་པ་ལས་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་དང་། དཀྱིལ་འཁོར་པ་རྣམས་རང་རང་གི་དབུ་རྒྱན་ལ་རིགས་ཀྱི་བདག་པོ་བསམས་ཏེ་ཚིམ་པར་བྱའོ་
ཞེས་པ་ནི། དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ནོ། །དེ་ནས་སེམས་དབང་དུ་བྱ་བའི་ཕྱིར་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་བསྒོམ་པར་བྱའོ། །དེ་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མའི་ལྟེ་བར་གནས་པའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་དེ་བཞིན་
གཤེགས་པ་རྣམས་ཀྱིས་འགྲོ་བ་མ་ལུས་པ་སངས་རྒྱས་སུ་བྱས་ནས་དེའི་ནང་དུ་ཞུགས་ཏེ་དེའི་ས་བོན་ཡོངས་སུ་གྱུར་པས་སྲན་མའི་ཚད་ཙམ་གྱི་ཐིག་ལེའི་ནང་དུ་འཕྲོ་བའི་རྟེན་དང་བརྟེན་པའི་བདག་ཉིད་ཀྱི་འཁོར་ལོ་ལྟར་རྒྱུ་མཐུན་པ་དང་བསྙེན་པ་ལ་སོགས་པ་མོས་པ་བརྟན་པར་བྱ་སྟེ། དེའི་འོད་ཟེར་
གྱི་ཕྲེང་བས་རང་གི་རྟེན་རལ་གྲི་དང་ཡེ་ཤེས་སེམས་དཔའ་ལ་སོགས་པ་དང་། སའི་སྙིང་པོ་ལ་སོགས་པ་རིམ་གྱིས་སྣང་བར་བྱས་ཤིང་། འཇིག་རྟེན་གསུམ་མ་ལུས་པར་སྣང་བར་བྱས་ཏེ་ཡང་དང་ཡང་དུ་དེ་ཉིད་དུ་ཐིམ་པར་བྱའོ་ཞེས་བྱ་བ་ནི་ཐིག་ལེའི་རྣལ་འབྱོར་རོ། །དེའི་རྗེས་ལ་དེ་བཞིན་
གཤེགས་པའི་ཚོགས་ཞལ་དུ་བཅུག་སྟེ། ཞུ་ནས་ཞུ་བའི་ཐིག་ལེ་ཡོངས་སུ་གྱུར་པ་ལས་ནས་ཀྱི་ཚད་ཙམ་གྱི་རལ་གྲི་དང་རང་གི་རིག་པའི་པདྨའི་སྣ་རྩེར་བལྟས་ཏེ། དེའི་ཡུ་བར་ཟླ་བ་ལ་གནས་པའི་ཡི་གེ་མཾ་ཡོངས་སུ་གྱུར་པ་ལས་ཉུངས་ཀར་གྱི་ཚད་ཙམ་དུ་ཕྲ་བའི་རིན་པོ་ཆེ་ཁ་དོག་ལྔ་པའི་
དབུས་སུ་རྟེན་དང་བརྟེན་པའི་རང་བཞིན་བདག་ཉིད་འཁོར་ལོ་ཆུང་ངུ་དང་། འབྲིང་དང་། རབ་ཀྱི་རྒྱུ་མཐུན་པའི་འབྲས་བུ་དང་། བསྙེན་པ་ལ་སོགས་པའི་ཡན་ལག་བཞི་དང་ལྡན་པར་མོས་པས་སེམས་དབང་དུ་བྱ་བའི་ཕྱིར་བསྒོམ་པར་བྱའོ། །དེ་ནས་སྨིག་རྒྱུ་དང་། དུ་བ་དང་། མཁའ་སྣང་དང་། མར་

མེ་དང་ནམ་མཁའི་རྣམ་པ་རྣམས་ལས་གང་ཡང་རུང་བའི་མཚན་མ་ཐོབ་ནས། སེམས་བརྟན་པར་ཁོང་དུ་ཆུད་པས་རང་གིས་རིག་པའི་བདག་ཉིད་དེའི་འོད་ལས་བྱུང་བའི་འཇམ་པའི་རྡོ་རྗེ་ལ་སོགས་པའམ། དེའི་མཚན་མ་རལ་གྲི་ལ་སོགས་པ་རྣམས་སྤྲོ་བ་དང་བསྡུ་བའི་
རིམ་པ་རིམ་གྱིས་བྱའོ་ཞེས་བྱ་བ་ནི་ཕྲ་མོའི་རྣལ་འབྱོར་རོ། །དེ་ནས་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེ་དང་། ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མའི་ལྟེ་བ་རྣམས་ལ་ཟླ་བ་ལ་གནས་པའི་ཨོཾ་དང་ཨཱཿདང་མཾ་དང་ཧཱུྃ་གི་ཡི་གེ་རྣམས་བལྟ་སྟེ། མྱུར་བ་ལ་སོགས་པའི་སྐྱོན་དང་བྲལ་བ་
བརྗོད་པས། ཨོཾ་ལ་སོགས་པའི་ས་བོན་ལས་རང་གི་ཇི་ལྟ་བའམ། ཅིག་ཅར་དུ་སྐུ་རྡོ་རྗེ་ལ་སོགས་པ་རྣམས་དང་། མཾ་ལས་དེ་བཞིན་གཤེགས་པ་ལྔ་སྲོག་གི་རླུང་གིས་སྤྲོས་ཏེ། ཡན་ལག་བཞི་དང་ལྡན་པ་ཉིད་དུ་ལྷག་པར་མོས་པས་ཐུགས་ལ་སོགས་པ་བྱིན་གྱིས་བརླབས་པ་ལྟ་བུར་
གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པས་ཡོངས་སུ་མཉེས་ཏེ། རྩོལ་བའི་རླུང་གིས་རྟེན་དེ་ཉིད་ལྷག་པར་མོས་པས་ཡང་དག་པར་བསྡུས་པར་བལྟས་ཏེ། ཇི་སྲིད་སྐྱོ་བའི་བར་དུ་བཟླས་སོ་ཞེས་བྱ་བ་ནི་བཟླས་པའོ། །ངལ་ན་མཐོ་གང་ཙམ་གྱིས་སྤགས་པར་སྤྱི་བོའི་སྟེང་དུ་ཟླ་
བའི་དཀྱིལ་འཁོར་ལ་གནས་པ་ལྷན་ཅིག་ཏུ་གྲུབ་པའི་བདུད་རྩི་ལྔ་ཨོཾ་དཀར་པོས་བྱིན་གྱིས་བརླབས་པས་བདུད་རྩི་འཛག་པར་བསམས་ཏེ། དེ་ནས་སྲོག་དང་རྩོལ་བས་བཀུག་པའི་བདུད་རྩིའི་རྒྱུན་སྐུ་རྡོ་རྗེ་ལ་སོགས་པ་དབབ་པར་བྱའོ་ཞེས་པས་ཚིམ་ཞིང་ངལ་སོས་ནས། སླར་ཡང་ཐིག་ལེ་ལ་
སོགས་པ་བསྒོམ་པ་སྔོན་དུ་འགྲོ་བས་བཟླས་པར་བྱའོ། །གཤེགས་སུ་གསོལ་བར་འདོད་ན་ཡང་སྔར་བཞིན་དུ་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱས་ནས། ཨོཾ་ལ་སོགས་པའི་ཡི་གེ་གསུམ་ལ་རིགས་ཇི་ལྟ་བུའི་དཀྱིལ་འཁོར་རྣམས་བསྡུས་ཏེ། ཡི་གེ་གསུམ་པོ་དེ་ཡང་གཉིས་
སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང་། །ཀུན་དུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་གི་ཡང་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་ཡོངས་སུ་

བསྔོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་ལྟར། །བདག་གི་དགེ་བའི་རྩ་བ་འདི་དག་ཀྱང་། །བཟང་པོ་སྤྱོད་ཕྱིར་ཡོངས་སུ་བསྔོ་བར་བགྱི། །ཞེས་པས་ཏིང་ངེ་འཛིན་གསུམ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཐམས་ཅད་ཀྱང་
ཡོངས་སུ་བསྔོས་ནས། ལངས་ཏེ་འཇམ་པའི་རྡོ་རྗེའི་ང་རྒྱལ་གྱིས་གནས་པར་བྱའོ། །འགྲོ་བ་ཐམས་ཅད་དེའི་རྣམ་པའི་རྡོ་རྗེ་སེམས་དཔའི་རང་བཞིན་དུའོ། །ཇི་ལྟར་རིག་པའི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོའམ། གཟུགས་རྡོ་རྗེ་མ་ལ་སོགས་པའི་རང་བཞིན་དུ་བསམས་ཏེ་གནས་
པར་བྱའོ། །ལུས་ལ་སོགས་པའི་བྱ་བ་ཡང་རྗེས་སུ་མཐུན་པའི་འགྲོ་བའི་དོན་དུ་ཡོངས་སུ་བསྔོ་བར་བྱའོ། །བདག་དང་གཞན་ཡང་འཇམ་པའི་རྡོ་རྗེ་ཉིད་དུ་ལྷག་པར་མོས་པས་ཇི་ལྟར་རྙེད་པའི་འདོད་པའི་ཡོན་ཏན་ལྔས་ཡོངས་སུ་མཉེས་པར་བྱའོ། །ཕྱིའི་མཆོད་པ་བྱེད་པར་འདོད་པས་ཀྱང་
ཙནྡན་ལ་སོགས་པས་བྱུགས་པའི་དཀྱིལ་འཁོར་དང་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་བཀུག་པའི་འཇམ་པའི་རྡོ་རྗེའི་འཁོར་ལོའི་རྣལ་འབྱོར་ཇི་ལྟ་བར་བྱས་ཏེ། དེ་ཉིད་གསུམ་གྱིས་བརྟེན་པའི་རྩ་བའི་སྔགས་ཀྱི་གཟུགས་ཀྱིས་དང་། སྒོ་སྲུང་བ་བཞི་རང་རང་གི་འབྱིན་པའི་སྔགས་ཀྱི་རང་
བཞིན་དེ་ཉིད་གསུམ་གྱིས་བརྟན་པའི་སྔགས་ཀྱིས་མེ་ཏོག་ལ་སོགས་པ་དང་མཆོད་ཡོན་ལ་སོགས་པའི་སྦྱིན་པ་སྔོན་དུ་འགྲོ་བས་མཆོད་པ་བྱའོ། །ཁྲུས་བྱེད་པས་ཀྱང་དབང་བསྐུར་བའི་ཆོ་གས་སོ། །ཟས་ཟ་བར་འདོད་པས་ཀྱང་ཁ་ཟས་བདུད་རྩི་རྣམ་པ་ལྔ་དང་སྒྲོན་མ་རྣམ་པ་ལྔའི་རྣམ་
པར་ལྷག་པར་མོས་ཤིང་སྔར་བཞིན་དུ་སྙིང་གར་འཁོར་ལོའི་བདག་པོ་བསྐྱེད་ནས་ཅོད་པན་ལ་རིགས་ཀྱི་བདག་པོའོ། །ལྕེ་ལ་སྔར་བཞིན་དུ་རྡོ་རྗེ་དཀར་པོ་རྣམ་པར་བསམས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ཚིམ་པར་བྱ་བའི་བསམ་པས་བཟའ་བར་བྱའོ། །ཐུན་མཚམས་གཞན་ལ་ཡང་
སྔར་བཞིན་དུ་ཏིང་ངེ་འཛིན་གསུམ་སྐད་ཅིག་གིས་མངོན་དུ་བྱས་ནས་ཐིག་ལེ་དང་ཕྲ་མོའི་བསྒོམ་པ་སྔོན་དུ་འགྲོ་བས་གནས་པར་བྱའོ། །དགོངས་ཀྱི་ཐུན་མཚམས་སུ་ཡང་ཏིང་ངེ་འཛིན་གསུམ་ཡོངས་སུ་རྫོགས་ཤིང་ཉལ་བར་འདོད་པས་ཡེ་ཤེས་སེམས་དཔའི་ཐུགས་ཀར་འཁོར་ལོ་བསྡུས་

ནས་ཤེས་རབ་དང་སྙིང་རྗེར་ལྡན་པས་ཉལ་བར་བྱའོ། །དེ་བཞིན་དུ་ཉི་མ་གཞན་ཐམས་ཅད་ཏིང་ངེ་འཛིན་གཉིས་སུ་མེད་པའི་རང་བཞིན་ལ་མཚན་མ་དང་། ས་བོན་དང་ལྷ་རྣམས་ཇི་ལྟར་རིགས་པར་ལྷག་པར་མོས་པར་བྱའོ། །དམ་ཚིག་ཉམས་ན་དོན་ཡོད་གྲུབ་པ་ཇི་
ལྟ་བའི་རྣལ་འབྱོར་དང་ལྡན་པས་ཡེ་ཤེས་སེམས་དཔའི་སྙིང་གའི་ཟླ་བ་ལ་ཁཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ནང་ན་གནས་པའི་ཁཾ་གི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་བསྐུལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྣ་ཚོགས་པདྨའི་ཟླ་བར་གནས་པའི་བདག་ཉིད་ལ་སྔར་བཞིན་དུ་
དབང་བསྐུར་བར་བྱའོ། །བླ་མ་ལ་བརྙས་པ་ལ་སོགས་པའི་ཉེས་པ་ལ་ནི་སྟོན་མོ་སྔོན་དུ་འགྲོ་བས་འབྱོར་པ་ཇི་ལྟ་བས་བླ་མ་ལ་ཡོན་ཆེན་པོ་ཕུལ་ཏེ། བཤགས་པ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་གཟུང་བར་བྱའོ་ཞེས་པ་ནི་དམ་ཚིག་གསོ་བའོ། །དེ་ལྟར་གུས་པ་དང་བཅས་ཤིང་རྒྱུན་མི་
འཆད་པར་ཡུན་རིང་དུ་གོམས་པ་ལས་དངོས་གྲུབ་ཀྱི་མཚན་མ་ལན་བདུན་ཐོབ་ནས་སྔར་གསུངས་པའི་འཁོར་ལོར་གནས་པས་སྔར་བཞིན་དུ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་མཆོད་ནས། བཟང་པོའི་ཞབས་ཀྱིས་གསུངས་པའི་ཆོ་གས་མངོན་པར་འདོད་པའི་རལ་གྲི་ལ་སོགས་པའི་དངོས་གྲུབ་
བསྒྲུབ་པར་བྱའོ། །ཉེ་བར་འོངས་པའི་བགེགས་ཞི་བར་བྱ་བའི་ཕྱིར་བདུད་རྩི་འཁྱིལ་པའི་འཁོར་ལོར་གནས་ཏེ་དེའི་སྔགས་མང་དུ་བཟླས་པར་བྱའོ། །འདི་ཡི་དབུས་སུ་གནས་འགྱུར་གང་། །འཁོར་ལོའང་དེ་ཡི་ཡིན་པར་འདོད། །རྟོག་པ་ལ་སོགས་དབུས་གནས་པ། །མི་བསྐྱོད་དེ་ཡི་
གནས་སུ་གནས། །བྱང་ཆུབ་སེམས་དཔའ་གཙོ་ཡིན་ན། །རང་རིག་བདག་པོ་རང་ལ་འཇུག །གཞན་ཡང་ཞལ་གཡོན་སྔོན་པོ་མིན། །གཡས་པ་དམར་པོ་མ་ཡིན་ནོ། །ཞེས་པའོ། །འཇམ་པའི་རྡོ་རྗེའི་སྒྲུབ་པའི་ཐབས། །འདུས་ཤིང་རྟོགས་སླ་མངོན་བརྗོད་པས། །སྐྱེ་བར་ལེགས་བྱས་ཇི་
སྙེད་པ། །དེས་ནི་འགྲོ་བ་དེ་མཚུངས་ཤོག །འདུས་ཤིང་རྟོགས་སླ་བའི་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས། དཔལ་མཁས་པ་ཆེན་པོ་སུ་ན་ཡ་ཤྲཱི་མི་ཏྲ་པཎྜི་ཏས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར་གྱིས་བསྒྱུར་ཅིང་ཞུས་པའོ།། །།

༄༅༅། །རྒྱ་གར་སྐད་དུ། ཨ་བྷི་ཥེ་ཀ་པྲ་ཀྲི་ཡཾ། བོད་སྐད་དུ། དབང་གི་རབ་ཏུ་བྱེད་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐོག་མཐའ་མེད་ཅིང་རྟག་ཏུ་གྲུབ། །ཐུབ་པ་བདེ་བ་ཆེན་པོའི་སྐུ། །ལྷན་ཅིག་སྐྱེས་དགའ་ཕྱག་འཚལ་ནས། །དབང་གི་ཆོ་
ག་གསལ་བཤད་བྱ། །དེ་ལ་ཇི་ལྟ་བ་བཞིན་དུ་དབང་བསྐུར་ཞིང་རྗེས་སུ་གནང་བ་ཐོབ་ལ། ཏིང་ངེ་འཛིན་གསུམ་ལ་མཁས་པ། རིག་པ་བཟླས་པའི་རྣལ་འབྱོར་པས། རང་གི་སློབ་མ་ལེགས་པར་བརྟགས་ལ། རྗེས་སུ་གཟུང་བར་འདོད་པས། རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་ཉེ་བར་
འཚེ་བ་ཐམས་ཅད་དང་བྲལ་བའི་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར་ཆོ་ག་ཇི་ལྟ་བ་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བའམ་རས་རིས་ཀྱི་དཀྱིལ་འཁོར་ལ་མཆོད་པ་རྣམ་པ་ལྔས་མཆོད་དེ། དགོངས་ཀའི་དུས་སུ་བུམ་པ་ལྷག་པར་གནས་པ་བྱའོ། །རང་རང་གི་མཚན་མས་བརྒྱན་པ་བཅུ་
དགུའམ། དགུའམ། ལྔའམ། གཅིག་གོ། །དེ་ལ་མི་བསྐྱོད་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའོ། །རྣམ་པར་སྣང་མཛད་ཀྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའོ། །རིན་ཆེན་འབྱུང་ལྡན་གྱི་ནོར་བུ་ལྗང་གུའོ། །འོད་དཔག་ཏུ་མེད་པའི་པདྨ་དམར་པོའོ། །དོན་ཡོད་གྲུབ་པའི་རལ་གྲི་ལྗང་གུའོ། །སྤྱན་
མའི་འབྲས་བུ་ནག་པོའི་མིག་དཀར་པོ་གཉིས་སོ། །མཱ་མ་ཀཱི་འི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའོ། །གོས་དཀར་མོའི་པདྨ་དམར་པོའོ། །སྒྲོལ་མའི་ཨུཏྤལ་སྔོན་པོའོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་རྣམས་ཀྱི་མེ་ལོང་དཀར་པོ་དང་། དྲི་ཟའི་པི་
ཝང་སྔོན་པོ་དང་། དུང་དཀར་སེར་དང་། རོའི་སྣོད་དམར་པོའམ། ཁ་དོག་སྣ་ཚོགས་པའི་གོས་དང་། ཆོས་འབྱུང་དཀར་པོ་རྣམས་རིམ་བཞིན་དུ་དགོད་པར་བྱའོ། །གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་རྣམས་ཀྱི་རྡོ་རྗེ་ཐོ་བ་སྔོན་པོ་
དང་། རྡོ་རྗེ་དབྱུག་པ་དཀར་པོ་དང་། པདྨ་དམར་པོ་དང་། རྡོ་རྗེ་སྔོན་པོ་ཁ་བྱེ་བ་རྣམས་སོ། །ལས་ཐམས་ཅད་པའི་བུམ་པ་ནི། བདུད་རྩི་འཁྱིལ་པའམ། རྡོ་རྗེ་སེམས་དཔའོ། །སྣ་ཚོགས་པའི་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་རྣམ་པར་སྣང་མཛད་ཀྱི་དང་ལྷ་མོ་བཅུ་རྣམས་ཀྱི་མཚན་མ་བྲི་

བར་བྱའོ། །གཞན་རྣམས་ཀྱི་ཉི་མའི་དཀྱིལ་འཁོར་ལའོ། །དེའི་ནང་ནས་རྣམ་པར་རྒྱལ་བའི་བུམ་པ་ཤིན་ཏུ་ཆེ་བ་ནག་ནོག་དང་མི་གཙང་བ་མེད་པ། ལྟོ་བ་འཕྱང་བ། སྐེ་བ་རིང་བ། མཚན་མ་ལེགས་པར་བྲིས་ལ་གོས་ལེགས་པ་གཉིས་ཀྱིས་སྐེ་བ་དཀྲིས་པ། ཨ་མྲའི་
ཡལ་ག་ལ་སོགས་པས་བརྒྱན་པ། གསེར་དང་། དངུལ་དང་། མུ་མེན་དང་། མུ་ཏིག་དང་། བྱི་རུའོ། །ནས་དང་། གྲོ་དང་། འབྲས་ཀྱི་སོ་བ་དང་། ཏིལ་དང་། མོན་སྲན་གྲེའུའོ། །བྲྀ་ཧ་ཏི་དང་། ཀཎྜ་ཀཱ་རི་དང་། རྣམ་པར་རྒྱལ་བ་དཀར་པོ་དང་། དཎྜོཏྤ་ལ་དཀར་པོ་དང་། ཧ་ས་དེ་
བའོ། །རིན་པོ་ཆེ་སྣ་ལྔ་དང་། འབྲུ་སྣ་ལྔ་དང་། སྨན་སྣ་ལྔ་ལྟོ་བའི་ནང་དུ་རབ་ཏུ་བཅུག་ནས། དྲི་ཞིམ་པོའི་ཆུས་ཡོངས་སུ་གང་བར་བྱའོ། །དེའི་སྟེང་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ནས། ཨརྒྷ་དང་། ཞབས་བསིལ་ལ་སོགས་པ་ཕུལ་ཏེ། ཡེ་ཤེས་ཀྱི་བདུད་རྩི་ཞུ་བའི་གཟུགས་
བློ་ཡིས་བཅུག་ནས། དེའི་རྗེས་སུ་མེ་ཏོག་གི་ཕྲེང་བས་བརྒྱན་པའི་རྡོ་རྗེ་སྟེང་དུ་ཡང་དག་པར་བཞག་སྟེ། རང་གི་ལྷག་པའི་ལྷའི་སྔགས་བརྒྱ་རྩ་བརྒྱད་དམ། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མངོན་པར་བསྔགས་པར་བྱའོ། །བུམ་པ་གཞན་རྣམས་ཀྱང་ཇི་ལྟར་རིགས་པར་དཀྱིལ་འཁོར་
གྱི་འཁོར་ལོའི་སྔགས་ཀྱིས་བྱའོ། །མེ་ཏོག་དང་བདུག་པ་ལ་སོགས་པས་ཡང་དག་པར་མཆོད་དེ། གཏོར་མ་བྱིན་ནས་བསྟོད་པ་བྱ་བ་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་བསྟོད། །
རྣམ་པར་སྣང་མཛད་དགའ་ཆེན་པོ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་གནས། །སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་
མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་ཐོབ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་དོན་ཡོད་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་པ། །རང་བཞིན་དག་པ་ཡང་དག་གྱུར། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །

ཅེས་བྱ་བ་བརྗོད་དེ་དྲིལ་བུ་དཀྲོལ་བར་བྱའོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེའི་འོག་ཏུ་དཀྱིལ་འཁོར་བྱས་པའི་སློབ་མ་རྣམས་མེ་ཏོག་གི་ཕྲེང་བ་བཟུང་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། སྔགས་ཀྱི་སྣོད་དུ་རུང་བ་རྣམས་ལ་འདི་བསྒྲག་པར་བྱ་སྟེ། ཁ་ཅིག་གསང་
སྔགས་གྲུབ་དོན་གཉེར། །དཀྱིལ་འཁོར་འདིར་ནི་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་མཆོག་དོན་གཉེར། །འཇིག་རྟེན་མཆོག་དོན་གཉེར་བ་ཡིས། །དད་པ་མང་དུ་བྱེད་པ་ཡི། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིར་འབྲས་བུ་འདོད་
མི་བྱ། །ཚེ་འདིར་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་ཐོབ་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་ནས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །སློབ་མ་དེ་རྣམས་བློ་ཡིས་རང་གི་ལུས་ལ་བཅུག་ནས། རྡོ་རྗེའི་ལམ་ནས་ཕྱུང་ནས། རང་འོད་ཀྱི་རིག་མའི་པདྨ་ལ་གནས་པར་
བསམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བའི་ངོ་བོས་དབང་བསྐུར་ནས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་སྟེ། འཇུག་པའི་དོན་དུ་གསོལ་བ་གདབ་པར་བྱའོ། །ཁྱོད་ནི་སྟོན་པ་དཔལ་ཆེན་པོ། །མཱ་མ་ཀཱི་དང་བདག་སྦྱོར་བའི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་ཆེན་པོའི་
ཚུལ་བསྟན་པ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་བྱའོ། །སློབ་
མ་གཅིག་གཅོ་བོར་བྱས་ནས། བུ་ཁྱོད་ཚུར་ཤོག་ཐེག་ཆེན་གྱི། །ཆོ་ག་སྔགས་ཀྱི་སྤྱོད་པའི་ཚུལ། །ཁྱེད་ལ་ཡང་དག་བཤད་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་སྔགས་ཀྱི་མཐུ་སྟོབས་
ཀྱིས། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་སོགས་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །སྟོབས་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་མཐུན་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་

ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་པར་བྱས་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་བྱ་བས་
གསུམ་ལ་སྐྱབས་སུ་འགྲོ་བ་ལན་གསུམ་བརྗོད་པར་བྱའོ། །སློབ་མ་དེ་རྣམས་ལ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ། ཞེས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུང་བ་བྱས་ལ། དེ་རྣམས་ཀྱི་སྙིང་ག་དང་། མགྲིན་པ་དང་། སྤྱི་བོར་ཟླ་བ་ལ་གནས་པའི་རྡོ་རྗེ་དང་། པདྨ་དང་། འཁོར་ལོའི་ལྟེ་བ་ལ་
ཧཱུྃ་ཨཱཿཨོཾ་རྣམ་པར་བསམ་པར་བྱའོ། །སློབ་དཔོན་ཡང་ལངས་ཏེ། གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་བཟུང་བས། སློབ་མ་རྣམས་ཀྱི་སྙིང་ག་དང་། མགྲིན་པ་དང་། སྤྱི་བོར་རྡོ་རྗེ་ཡང་དག་པར་གཏུགས་ཏེ། ཧཱུྃ་ཨཱཿཨོཾ་ཞེས་བྱ་བ་བརྗོད་ནས་སོ། །མེ་ཏོག་ནི་སྤྱི་བོར་རོ། །བདུག་སྤོས་དང་
མར་མེ་ནི་མདུན་དུའོ། །དེ་བཞིན་དུ་དྲི་ནི་སྙིང་གར་སྦྱིན་པར་བྱའོ། །དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མངོན་པར་བཟླས་པའི་སོ་ཤིང་གས་པ་མེད་པ། རྨ་མེད་པ། ཨ་ཤྭཏྠ་ལ་སོགས་པ་སོར་བཅུ་གཉིས་ཀྱི་ཚད་རྩེ་མོར་མེ་ཏོག་གི་ཕྲེང་བས་དཀྲིས་པ་སློབ་མ་རྣམས་ལ་སྦྱིན་པར་བྱའོ། །
དེ་རྣམས་ཀྱིས་ཀྱང་ཤར་ཕྱོགས་སུ་ཁ་བལྟས་པའམ། བྱང་ཕྱོགས་སུ་ཁ་བལྟས་པས་བཅའ་སྟེ། ཕྱུགས་ཀྱི་ཀོ་བ་ཙམ་བྱུགས་པའི་ས་ལ་བསྐྱུར་བར་བྱའོ། །དེ་ལ་ཞི་བ་ལ་སོགས་པའི་ལས་བསྟན་པར་བྱ་སྟེ། གང་ཡང་སྔོན་དུ་ཁ་བལྟས་ལྷུང་། །མཆོག་གི་དངོས་གྲུབ་དེར་ཤེས་
བྱ། །དེ་བཞིན་ཤར་དུ་རྩེ་མོ་བལྟས། །དངོས་གྲུབ་འབྲིང་དུ་རབ་ཏུ་གྲགས། །དེ་བཞིན་བྱང་དུ་ཁ་བལྟས་པས། །བྱོལ་སོང་དངོས་གྲུབ་འཇིག་རྟེན་འདོད། །གལ་ཏེ་ལྷོ་རུ་མངོན་ཕྱོགས་པ། །ཤིན་ཏུ་ནག་པོར་དེ་ནས་འགྱུར། །ནུབ་ཏུ་མངོན་པར་ཁ་བལྟས་པས། །ཕྲ་མོའི་དངོས་
གྲུབ་དེ་ནས་ཤེས། །དེ་ནས་སོ་ཤིང་བསྐྱུར་བ་ལས། །གལ་ཏེ་འོག་ཏུ་ཁ་བལྟས་ལྟུང་། །དེ་ནི་ས་འོག་དངོས་གྲུབ་འགྱུར། །ངེས་པར་ཐེ་ཚོམ་མེད་པའོ། །དེ་ནས་སློབ་དཔོན་གྱིས་ཁ་བཤལ་བ་ཆུ་ཁྱོར་བ་གསུམ་བླུད་པར་བྱ་སྟེ། ཨོཾ་ཧྲཱིཿབི་ཤུདྡྷཿསརྦྦ་དྷརྨྨ་པཱ་པཾ་ནི་ཤྩ་སཾ་ཤོ་དྷ་ཡ། སརྦྦ་

བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུྃ། ཞེས་བྱ་བའི་སྔགས་ཀྱིས་ཁ་བཤལ་བར་བྱའོ། །ཡང་དེ་རྣམས་འདུག་ཏུ་བཅུག་ནས། ཀུ་ཤ་ལ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མངོན་པར་བཟླས་ཏེ་དེ་རྣམས་ལ་སྟན་དང་སྔས་སུ་བྱིན་ནས། དེ་ཉིད་ཀྱི་སྔགས་ཀྱིས་མངོན་པར་བཟླས་པ། སྐུད་པ་སུམ་སྒྲིལ་
བྱས་ཏེ། མདུད་པ་གསུམ་བྱས་པ་བསྲུང་བའི་དོན་དུ་སློབ་མ་རྣམས་ཀྱི་དཔུང་པ་གཡས་པ་ལ་བཅིངས་ཏེ། ཆོས་བཤད་པས་སྤྲོ་བ་བསྐྱེད་པར་བྱའོ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ནས་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་
འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་བ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་ནས་འབྱང་བར་
འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེང་བདག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་
ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ནི་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པའོ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་
བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་བྱ་བ་ལ་སོགས་པའི་ཆོས་བཤད་ཅིང་བསྒྲགས་ནས། །དེ་རྣམས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ཡང་དག་པར་བསྲུངས་ལ། སྡོམ་པའི་བྱེ་བྲག་གཟུང་བར་བྱའོ། །
ཕྱིར་མི་ལྡོག་པའི་འཁོར་ལོའི་དབང་། །བྱིན་ནས་མགོན་པོ་བདག་ལ་གསུངས། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ལས་རྣམས་དང་། །སངས་རྒྱས་རྣམས་ཀྱི་དམ་ཚིག་དང་། །གསང་བའི་སྡོམ་པ་བླ་ན་མེད། །སེམས་ཅན་རྣམས་ཀྱི་དོན་བྱེད་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་

འགྱུར། །ཞེས་བྱའོ། །སློབ་མ་དེ་རྣམས་ཀུ་ཤའི་སྟན་ལ་ཉལ་དུ་བཅུག་སྟེ། རྨི་ལམ་ལ་ཅི་མཐོང་བ་ང་ལ་ཟློས་ཤིག་ཅེས་བྱའོ། །སློབ་མ་ལྷག་པར་གནས་པའི་ཆོ་གའོ། །ཡང་དཀྱིལ་འཁོར་གྱི་ཁང་པར་སློབ་དཔོན་ཞུགས་ནས་བསྲུང་བའི་དོན་དུ་བདུད་རྩི་
འཁྱིལ་པའི་སྔགས་བཟླས་པར་བྱའོ། །གཏོར་མ་ཡང་བྱིན་ནས། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ། ཞེས་བྱ་བའི་སྔགས་ཀྱིས་ནང་པར་སྔ་བར་ཕྱིར་བྱུང་ནས་སློབ་མ་དེ་རྣམས་བོས་ཏེ། དེ་རྣམས་ཀྱི་རྨི་ལམ་དགེ་བའམ། མི་དགེ་བ་དྲིས་ནས། གལ་ཏེ་རྨི་ལམ་མི་དགེ་ན་བདུད་རྩི་འཁྱིལ་པའི་སྔགས་
ཀྱིས་བསྲུང་བར་བྱའོ། །དེ་ནས་བྲིས་སྐུ་ལ་སོགས་པའི་དཀྱིལ་འཁོར་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས། རང་གི་ལྷའི་རྣལ་འབྱོར་སྔོན་དུ་སོང་བས། རང་ཉིད་ཀྱིས་སློབ་མ་འཇུག་པའི་ཆོ་གས་ཞུགས་ནས། དེ་ནས་འོག་ནས་འབྱུང་བ་བཞིན་དུ་རྗེས་སུ་གནང་བའི་དབང་གི་བར་བཅོམ་ལྡན་འདས་གཙོ་བོ་
ལ་བློ་ཡིས་འཐོབ་པར་བྱའོ། །དེ་ནས་སློབ་མ་རྣམས་གཞུག་པར་བྱ་བའི་དོན་དུ་བདེན་པའི་བྱིན་གྱི་རླབས་གསོལ་བར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །དེ་
བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་ལྟ་བུ་སློབ་མས་ནི། །གསལ་ཤིང་སྡིག་མེད་མཐོང་བར་ཤོག །ཅེས་བྱ་བས་བདེན་པའི་བྱིན་གྱི་རླབས་གསོལ་ནས། །ཡོལ་བ་ལས་ཕྱི་རོལ་དུ་ཡོན་བྱིན་པའི་སློབ་མ་དབང་བསྐུར་བ་ནི་སྣོད་དུ་བྱ་
བའི་ཕྱིར། །རྣམ་པར་སྣང་མཛད་ཀྱི་གཟུགས་སུ་ཉེ་བར་དམིགས་ལ། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་བྱ་བའི་སྔགས་ཀྱིས་མེ་ཏོག་གི་ཕྲེང་བ་བཟུང་བ་གདོང་གཡོགས་ཀྱིས་དཀྲིས་པ་བུམ་པའི་ཆུས་གཏོར་བ་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་དྲི་བར་བྱའོ། །ཀྱེ་ཁྱོད་གང་ལ་དགའ་ཞེས་བྱ། བདེ་བ་
ཆེན་པོ་བདག་ནི་སྐལ་བ་བཟང་པོ་ལ་ཞེས་བྱའོ། །སློབ་མའི་སྙིང་གར་རྡོ་རྗེ་བཞག་ནས། ཨོཾ་སརྦྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བྱ་བ་འདིས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་

བརླབ་པར་འགྱུར་རོ། །ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་བརྗོད་པར་མི་བྱ་ཞིང་མི་དད་པར་ཡང་མི་བྱའོ། །ཧཱུྃ་ཛཿཧཱུྃ་ཞེས་བྱ་བ་འདིས་བཀུག་སྟེ་ཡོལ་བའི་ནང་དུ་བཅུག་ནས་དཀྱིལ་འཁོར་གྱི་ཤར་གྱི་སྒོར་ཡང་དག་
པར་བཞག་སྟེ། འདི་སྐད་དུ་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེའི་ཕྱིར་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱའོ། །ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་
ལྟ་སྨོས་ཀྱང་ཅི་དགོས་ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་བརྗོད་པར་མ་བྱེད་ཅིག་དམ་ཚིག་ཉམས་པར་གྱུར་ཏ་རེ། ཡང་སློབ་མའི་སྤྱི་བོར་རྡོ་རྗེ་གཞག་ལ་བརྗོད་པར་བྱ་སྟེ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ལ་ལར་ཁྱོད་འདི་སྨྲ། །ཁྱོད་ནི་སྤྱི་བོ་འགས་པར་བྱེད། །
མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་གཞག་ལ་བརྗོད་པར་བྱ་སྟེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །འདིས་མནའ་བསྒགས་ནས་བདུད་རྩི་རྣམ་པ་ལྔ་པདྨའི་སྣོད་ལ་གནས་པའི་
ཡི་གེ་གསུམ་གྱིས་བརླབས་ལ། ཨོཾ་བཛྲ་ཨ་མྲྀ་ཏོ་ད་ཡ་ཧཱུྃ་ཋཿཞེས་བྱ་བ་འདིས་ལན་བདུན་བཟླས་པ་བྱས་ནས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ལས་འདས་ན་བསྲེག་པར་འགྱུར། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩི་ཆུ་འཐུངས་ཤིག །ཅེས་བརྗོད་ལ་བླུད་པར་
བྱའོ། །དེ་ནས་འདི་བརྗོད་པར་བྱ་སྟེ། དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཡང་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ