Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 42
Văn bản gốc(Tây Tạng)
Trang 13 / 15 (50.000 ký tự/trang)
་བྱ་ཞེ་ན། ད་ནི་སྒྲུབ་པའི་ཐབས་འདིའི་དགོས་པ་བསྟན་པའི་ཕྱིར། དལ་འབྱོར་འདི་ནི་ཤིན་ཏུ་གཡོ་བ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་དལ་བའི་འབྱོར་པ་ནི་དལ་འབྱོར་ཏེ། དམྱལ་བ་ ལ་སོགས་པ་མི་ཁོམ་པ་བརྒྱད་ལས་ངེས་པར་གྲོལ་བའོ། །དེ་ཡང་མི་ཁོམ་པ་བརྒྱད་ནི། ལོག་པར་ལྟ་བ་དང་། དམྱལ་བ་དང་། ཡི་དགས་དང་། དུད་འགྲོར་སྐྱེ་བ་དང་། སངས་རྒྱས་ཀྱི་བཀའ་མི་ཐོས་པ་དང་། ཡུལ་མཐའ་ཁོབ་ཀྱི་སྐྱེ་བོར་སྐྱེས་པ་དང་། དབང་ པོ་བླུན་ཞིང་ལྐུགས་པར་གྱུར་པ་དང་། ལྷ་ཚེ་རིང་པོར་སྐྱེས་པ་ཞེས་བྱ་བ་མི་ཁོམ་པ་བརྒྱད་པོ་སྟེ་དེ་དག་མེད་པའོ། །དེ་ཉིད་ནི་འདིར་མི་བརྟན་པར་གྱུར་པས་ན་ཤིན་ཏུ་གཡོ་བ་སྟེ། མི་རྟག་པ་ཉིད་ཀྱིས་ན། བདག་ཅག་རྣམས་ནི་མི་བརྟན་པར་གནས་པའི་ངོ་བོ་ཉིད་དོ་ཞེས་གཞུང་ དུ་བྱས་པ་ཡིན་ནོ། །འཇིག་རྟེན་སྐྱེ་བོ་དམ་པ་ཕྲད་རྙེད་དཀའ། །ཞེས་བྱ་བ་ལ། འཇིག་རྟེན་ན་སྐྱེ་བོ་དམ་པ་ནི། དགེ་བའི་བཤེས་གཉེན་དང་། དཔལ་གསང་བ་འདུས་པ་ཡང་དག་པར་ཉེ་བར་སྟོན་པར་བྱེད་པ་རྣམས་ཏེ། དེ་དང་ཕྲད་པ་ནི་སྐྱེ་བོ་དམ་པ་དང་ཕྲད་པ་ སྟེ། དེ་ཡང་འཇིག་རྟེན་ན་ཤིན་དུ་རྙེད་པར་དཀའ་བ་སྟེ་ཤིན་ཏུ་ཡང་དཀའ་བས་རྙེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །འབྱུང་འགྱུར་ཡང་ནི་མི་འབྱུང་སྟེ། །ཨུ་དུམྺ་རའི་མེ་ ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་འབྱུང་། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །གང་གིས་འགྲོ་དོན་མཉམ་མེད་པ། །མྱ་ངན་མི་འདའ་བྱེད་པར་ནུས། །དེ་བས་ཀྱང་ནི་རྙེད་པར་དཀའ། །ཞེས་གསུངས་ཏེ། སྔགས་ཀྱི་ཚུལ་འབྱུང་བ་རྙེད་པར་དཀའ་བས་ ན། དེ་སྟོན་པར་བྱེད་པའི་བླ་མ་རྣམས་ཀྱང་རྙེད་པར་དཀའ་བར་སྟོན་ཏོ། །དེ་བས་ཤེས་རབ་ཐབས་ལ་གཞོལ་བ་ཡིས། །ཡིད་ལ་བྱེད་པའི་མཆོག་དེ་བསྒྲུབ་པར་བྱ། །ཞེས་བྱ་བ་ལ། གང་གི་ཕྱིར། དལ་འབྱོར་འདི་ནི་ཤིན་ཏུ་གཡོ་བ་དང་། །འཇིག་རྟེན་སྐྱེ་བོ་དམ་ པ་ཕྲད་རྙེད་དཀའ། །ཞེས་བྱ་བ་ཡིན་པས། དེ་བས་ན། མདོར་ན་ཤེས་རབ་དང་ཐབས་ལ་གཞོལ་བར་བྱེད་པའི་མཆོག་འདི་ནི་བསྒྲུབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཤེས་རབ་ནི་ཆོས་ཐམས་ཅད་བདག་མེད་པའི་མཚན་ཉིད་དོ། །ཐབས་ནི་ཐུགས་རྗེ་ཆེན་པོའི་མཚན་ ཉིད་དོ། །དེ་དག་ལ་གཞོལ་བ་ནི་དེར་ལྷག་པར་གཞོལ་བ་སྟེ། ཤེས་རབ་དང་ཐབས་སུ་སོན་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་བུའི་ཡིད་ལ་བྱེད་ཅིང་སེམས་དཔའི་མཆོག་དེ་ལེགས་པར་བསྒྲུབ་པར་བྱའོ། །དེ་ཡང་མདོར་ན་ཤེས་རབ་དང་ཐབས་ལ་རབ་ཏུ་གཞོལ་བའི་སེམས་ ཀྱི་བྱ་བ་ནི་སྒྲུབ་པའི་ཐབས་འདིའི་དགོས་པ་ཡིན་ནོ། །དེ་ལ་སྔགས་པ་སྙིང་རྗེའི་སྟོབས་ཀྱིས་ནི། །ཞེས་བྱ་བ་ནས། བློ་དང་ལྡན་པར་རབ་བསྔགས་མཉེས་པར་བྱ། །ཞེས་བྱ་བའི་བར་གྱིས་སྒྲུབ་པ་པོའི་ཕུན་སུམ་ཚོགས་པ་གསུངས་པ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་ ཚིག་གི་ཁ་བསྐང་བའོ། །སྔགས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཡིད་ལ་བྱེད་པས་ངན་འགྲོ་བ་ཐམས་ཅད་ལས་སྐྱོབ་པས་ན་སྔགས་ཏེ། དེ་གང་ལ་ཡོད་པ་དེ་ནི་སྔགས་པའོ། །སྙིང་རྗེའི་སྟོབས་ཀྱིས་ནི། བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པ་དང་། །ཞེས་བྱ་བ་ལ། སྙིང་རྗེ་ནི་འགྲོ་བ་མ་ལུས་པ་སྡུག་བསྔལ་དང་བྲལ་བར་འདོད་པའོ། །དེའི་སྟོབས་ནི་དེའི་ནུས་པ་སྟེ། དེས་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གྱུར་པའོ། །གཏོང་བ་ལ་སོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །ཞེས་བྱ་ བ་ལ། གཏོང་བ་ལ་སོགས་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའོ། །དེ་ཉིད་ནི་སངས་རྒྱས་རྣམས་ཀྱི་རྒྱུར་གྱུར་པ་ཡིན་པས་ན་ཡོན་ཏན་ཏེ། སློབ་ཅིང་གོམས་པར་བྱ་བ་ཡིན་པས་ན་གཏོང་བ་ལ་སོགས་པ་ནི་ཡོན་ཏན་ཡིན་ལ། དེ་ཉིད་ཀྱི་རྒྱན་གང་ལ་ཡོད་པ་དེ་ ནི། གཏོང་བ་ལ་སོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །ཞེས་བྱའོ། །ཟབ་མོའི་ཚུལ་དག་ལ་ནི་ལྷག་པར་མོས། །ཞེས་བྱ་བ་ལ། ཟབ་མོའི་ཚུལ་ནི་སྔགས་ཀྱི་ཚུལ་ཏེ་དེ་ལ་ལྷག་པར་མོས་པ་ནི་དེ་ལ་མངོན་པར་དད་པའོ། །དཔལ་ལྡན་འདུས་པའི་ཞེས་ བྱ་བ་ལ་སོགས་པ་ལ་བླ་ན་མེད་པ་བསྒྲུབ་པས་ནི། བླ་ན་མེད་པའི་དཀྱིལ་འཁོར་ལས་གསུངས་པའི་ཆོ་ག་ཉིད་ཀྱི་དབང་བཀུར་བར་འོས་པ་ཡིན་པས་ན་དབང་བསྐུར་བ་ཕུན་སུམ་ཚོགས་པ་གསུངས་པ་ཡིན་ཏེ། དབང་བསྐུར་བ་གསུམ་པོ་ཕུན་སུམ་ཚོགས་པ་དང་ལྡན་པ། ཆོ་ གས་ཐོབ་ཅིང་རྗེས་སུ་གནང་བའོ། །ཡང་ན། དཔལ་ལྡན་འདུས་པའི་དཀྱིལ་འཁོར་ཆོ་ག་ཡིས། །རང་གི་དབང་བསྐུར་ཕུན་སུམ་ཚོགས་ལྡན་པ། །ཞེས་བྱ་བ་ནི། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་མན་ངག་གི་དཀྱིལ་འཁོར་གྱི་ཆོ་ག་གང་ཡིན་པ་དེས་ལེགས་ པར་དབང་བསྐུར་བ་སྟེ། དེའི་ཕུན་སུམ་ཚོགས་པ་ནི་རང་གི་དབང་བསྐུར་བ་ཕུན་སུམ་ཚོགས་པའོ། །དེ་དང་ལྡན་པ་ནི་ཉེ་བར་ལྡན་པའོ། །ཆོ་ག་བཞིན་དུ་རྗེས་གནང་ཐོབ་པའི་ཞེས་བྱ་བ་ལ། ཆོ་ག་ནི་ཆོ་གའི་རིམ་པ་སྟེ། གང་གི་ཆོ་ག་བཞིན་དུ་རྗེས་སུ་གནང་ བ་ཐོབ་པར་གྱུར་པ་དེ་ནི་ཆོ་ག་བཞིན་དུ་རྗེས་སུ་གནང་བ་ཐོབ་པ་སྟེ། ཆུ་དང་། ཅོད་པན་ལ་སོགས་པའི་རིམ་གྱིས་རྗེས་སུ་གནང་བའི་བར་དུ་ཐོབ་པའོ། །བློ་དང་ལྡན་པས་རང་སྔགས་མཉེས་པར་བྱ། །ཞེས་བྱ་བ་ལ། བློ་དང་ལྡན་པ་ནི་ བློ་གྲོས་དང་ལྡན་པ་སྟེ། སྒྱུ་མ་ལྟ་བུའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པས་ན་མཁས་པའོ། །དེ་ཡང་རང་གི་གསང་སྔགས་བླ་མའི་མན་ངག་གི་རིམ་པས་ཇི་ལྟ་བ་བཞིན་དུ་བསྒོམ་པ་ཞེས་པའོ། །རང་སྔགས་ནི་རང་གི་མཉེས་པར་བྱ་བའི་ལྷའི་གསང་སྔགས་སོ། ། དེའི་མཉེས་པར་བྱ་བ་ནི་བསྒོམ་པ་ལ་སོགས་པ་སྟེ། དེ་དག་གིས་ནི་སྒྲུབ་པ་པོའི་ཕུན་སུམ་ཚོགས་པ་བཤད་པར་མཛད་པ་ཡིན་ནོ། །ད་ནི་གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། ལ་ལར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལ་ལར་ཞེས་བྱ་བ་ནི་མིང་མ་བསྟན་ པར་འོག་ནས་བཤད་པའི་ཡོན་ཏན་དང་ལྡན་པའི་རི་བོར་བཅོམ་ལྡན་འདས་འཇམ་པའི་དབྱངས་ཞེས་བྱ་བ་རབ་ཏུ་བསྒྲུབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དྲི་མེད་ཆུ་ནི་ཕུན་ཚོགས་ཤིང་། །ཤིང་མཆོག་མཛེས་པས་རྣམ་བརྒྱན་པའི། །ཞེས་བྱ་བ་ལ། དྲི་མ་མེད་ པ་ཡང་ཡིན་ལ། ཆུ་ཡང་ཡིན་པས་ན་དྲི་མེད་ཆུ་སྟེ། དེ་རྣམས་ཀྱི་ཕུན་སུམ་ཚོགས་པ་ནི་དྲི་མ་མེད་པའི་ཆུ་ཕུན་སུམ་ཚོགས་པའོ། །ཤིང་རྣམས་ཀྱི་མཆོག་ནི་ཤིང་མཆོག་སྟེ། པ་ན་ས་དང་ཨ་མྲ་ལ་སོགས་པའོ། །དེ་རྣམས་ཀྱིས་མཛེས་པ་ནི། ཕྲེང་གིས་རྣམ་ པར་བརྒྱན་པ་སྟེ། །དེ་བས་ན། དྲི་མེད་ཆུ་ནི་ཕུན་ཚོགས་ཤིང་། །ཤིང་མཆོག་མཛེས་པས་རྣམ་བརྒྱན་པའི། །ཞེས་པའོ། །རི་བོའི་ཕྱོགས་གཅིག་ཏུ་ཞེས་བྱ་བ་ལ་དྲི་མ་མེད་པའི་ཆུ་ཕུན་སུམ་ཚོགས་པ་དང་། ཤིང་གི་མཆོག་རྣམས་ཀྱིས་མཛེས་པར་བྱས་པ་ དག་གིས་རྣམ་པར་བརྒྱན་ཞིང་ཡིད་དུ་འོང་བར་བྱས་པའི་རི་བོའི་ཕྱོགས་གཅིག་ཏུ་བཅོམ་ལྡན་འདས་འཇམ་པའི་དབྱངས་ཏེ། འཇམ་ཞིང་མཉེན་པའི་དབྱངས་དང་ལྡན་པ་ཞེས་བྱ་བར་གྲགས་པ་གང་ཡིན་པ་དེ་བསྒྲུབ་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། འདི་ལྟར་འོག་ནས་ བཤད་པའི་རིམ་པས་རབ་ཏུ་བསྒྲུབ་པར་བྱ་ཞིང་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱིས་མངོན་སུམ་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གནས་ཕུན་སུམ་ཚོགས་པ་བཤད་ནས། ད་ནི་ཆོ་ག་གང་གིས་བཅོམ་ལྡན་འདས་མངོན་སུམ་དུ་བྱ་བའི་ཆོ་ག་དེ་བསྟན་པར་བྱ་ བའི་ཕྱིར། དང་པོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་ཞེས་བྱ་བ་ནི། མཚན་མོའི་བརྒྱད་ཆ་ཐུན་ཕྱེད་དུ་ཇི་ལྟ་བར་གྱུར་པའམ། ཡང་ན་དང་པོར་ཏེ་བསམ་གཏན་གྱི་ཐོག་མར་སྙིང་གར་ཟླ་བའི་དབུས་སུ་མཱཾ་རྣམ་པར་བཀོད་ཅིང་མཱཾ་བསམས་ལ། གདོང་ ལ་སོགས་པ་དག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ནང་པར་ཞེས་བྱ་བ་ནི་ནང་པར་གྱི་ཐུན་མཚམས་སོ། །ནང་པར་ཞེས་བྱ་བའི་ཉེ་བར་མཚོན་པས་ཉི་མ་ཕྱེད་ལ་སོགས་པའི་ཐུན་མཚམས་རྣམས་སུ་ཡང་དེ་བཞིན་དུ་བྱའོ། །ཁྱད་པར་ཇི་ལྟ་བུའི་མཱཾ་རྣམ་པར་དགོད་ཅེ་ན། དྲི་ མེད་འོད་ཟེར་རབ་ཏུ་འཕྲོ་བའི་ཞེས་བྱ་བར་གསུངས་ཏེ། གང་ལས་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་དེ་ནི་དྲི་མེད་འོད་ཟེར་རབ་ཏུ་འཕྲོ་བའི་མཱཾ་མོ། །དེ་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་ཅེས་མིང་དུ་གྲགས་པ་གང་ཡིན་པ་དེའི་མཱཾ་དེ་ལ་ནི་དེ་ཉིད་ཅེས་པའོ། །ཇི་ལྟ་བུར་གྱུར་ པས་གདོང་ལ་སོགས་པ་ཡང་དག་པར་བྱ་ཞེ་ན་བརྩེར་ལྡན་པས་ཞེས་བྱ་བ་གསུངས་ཏེ། གང་ཡང་སྔར་སྙིང་རྗེའི་སྟོབས་ཀྱིས་ནི་ཞེས་གསུངས་མོད་ཀྱི་འོན་ཀྱང་ཡང་གསུངས་པ་ནི་འདི་གཙོ་བོ་ཡིན་པར་བསྟན་པའི་ཕྱིར་ཏེ། འགྲོ་བ་མ་ལུས་གདོན་པའི་སེམས་སུ་ བྱའོ་ཞེས་བྱ་བའི་དོན་ཏོ། །སྙིང་བརྩེ་བ་དང་ལྡན་པ་ནི་སྡུག་བསྔལ་གཞོམ་པའི་ཕྱིར་ཐབས་རྣམས་ལ་མངོན་པར་སྦྱོར་ཏེ། ལྐོག་ཏུ་གྱུར་པའི་ཐབས་ལས་བྱུང་བ་དེའི་རྒྱུས་དེ་བཤད་པ་ནི་དཀའ་བ་ཡིན་ནོ་ཞེས་བྱ་བའི་ཚུལ་ལོ། །སྒོ་ལ་སོགས་པ་ཡང་དག་དག་པར་བྱ། ། ཞེས་བྱ་བ་ལ། སྒོ་ནི་རྣམ་པར་ཐར་པའི་སྒོ་གསུམ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་མཚན་ཉིད་ཅན་ནོ། །དེ་ལ་སོགས་པ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་གང་ཡིན་པ་དེ་དག་ནི་སྒོ་ལ་སོགས་པ་ཡིན་ལ། དེ་ཉིད་ཡང་དག་པར་ དག་པ་ནི་སྒོ་ལ་སོགས་པ་ཡང་དག་དག་པ་སྟེ། དང་པོའི་སྦྱོར་བ་ལ་སོགས་པའི་དངོས་པོར་གྱུར་པར་བྱས་ནས་དེ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཙནྡན་བཟང་པོ་ཞེས་བྱ་བ་ལ་སོགས་པ་ལ། ཙནྡན་བཟང་པོ་ལ་སོགས་པས་བྱུགས་པའི་བསམ་གཏན་གྱི་གནས་ སུ་ནང་ཚང་ཅན་ལ་སོགས་པའི་སྟན་ལ་འདུག་སྟེ། སངས་རྒྱས་རྣམས་དམིགས་ནས་མཆོད་པ་སྔོན་དུ་འགྲོ་བའི་སྡིག་པ་བཤགས་པ་ལ་སོགས་པ་བྱའོ་ཞེས་བྱ་བར་སྦྱར་རོ། །ཙནྡན་བཟང་པོ་ལ་སོགས་ཀྱིས་བྱུགས་ཤིང་། །ཞེས་བྱ་བ་ནི་ཙནྡན་བཟང་ པོ་ལ་སོགས་པས་བསྒོས་པའོ། །དྲི་ཞིམ་མེ་ཏོག་གཅལ་བཀྲམ་མཆོག་གི་ཆའི། །ཞེས་བྱ་བ་ནི་ཤིན་ཏུ་དྲི་ཞིམ་པའི་མེ་ཏོག་རྣམས་གཅལ་དུ་བཀྲམ་པའི་བསམ་གཏན་གྱི་གནས་གང་ཡིན་པ་དེ་ནི་དྲི་ཞིམ་མེ་ཏོག་གཅལ་དུ་བཀྲམ་པ་སྟེ། དེ་དེས་མཆོག་ ཅེས་བྱ་བ་དམ་པར་འགྱུར་བའི་ཕྱོགས་གང་ཡིན་པ་དེ་ནི་མཆོག་གི་ཆ་སྟེ། དྲི་ཞིམ་པའི་མེ་ཏོག་གི་གཅལ་བཀྲམ་པ་ཡང་ཡིན་ལ། མཆོག་གི་ཆ་ཡང་ཡིན་པས་ན་དྲི་ཞིམ་མེ་ཏོག་གཅལ་བཀྲམ་མཆོག་གི་ཆ་སྟེ། བསམ་གཏན་གྱི་གནས་དེར་བདེ་བའི་སྟན་ ལ་འདུག་ནས་དུས་གསུམ་དུ་བཞུགས་པའི་སངས་རྒྱས་རྣམས་དམིགས་པར་བྱ་སྟེ། དུས་གསུམ་གྱི་སངས་རྒྱས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བཞུགས་པ་སྟེ་དེ་རྣམས་དམིགས་ཤིང་འདི་ལ་བྱས་ནས་སོ། །སྣ་ཚོགས་མཆོད་པའི་སྤྲིན་རྣམས་ནི། ། དང་པོར་སྤྲོ་སོགས་ཞེས་བྱ་བ་ལ་སྣ་ཚོགས་མཆོད་པ་ནི་ཡི་གེ་མཾ་གྱི་འོད་ཟེར་ལས་སྤྲུལ་པའི་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས་སོ། །དེ་རྣམས་ཀྱི་སྤྲིན་ནི་ཚོགས་ཏེ། དེ་རྣམས་དང་པོར་སྤྲོ་བའོ། །དེ་ལ་སོགས་པ་ནི་གང་བསྟོད་པ་ལ་སོགས་པ་སྟེ། དེ་ལྟ་བུའི་སྣ་ ཚོགས་པའི་མཆོད་པའི་སྤྲིན་རྣམས་དང་པོར་སྤྲོས་ཏེ། དེ་ཉིད་དང་པོར་བྱས་པའི་སྡིག་པ་བཤགས་པ་ལ་སོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བློ་ལྡན་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པ་སྟེ། བཤགས་པར་བྱ་བ་དང་བཤགས་པ་པོ་དང་བཤགས་པ་མི་ དམིགས་པའི་དོན་ཏེ། དེ་དག་ཀྱང་འོག་ནས་བཤད་པའི་རིམ་པས་བྱ་ཞིང་ཉམས་སུ་བླང་བའོ། །དགེ་བ་རྣམས་ནི་འཕེལ་བར་བྱ་བའི་ཕྱིར། །ཞེས་བྱ་བ་ནི་བསོད་ནམས་མངོན་པར་འཕེལ་བར་བྱ་བའི་ཕྱིར་རོ། །སྡིག་པ་དག་ནི་བཤགས་པ་ལ་སོགས་བྱ། །ཞེས་བྱ་ བ་ནི་སྡིག་པ་རྣམས་ཇི་ལྟ་བ་བཞིན་དུ་བཤགས་པར་བྱའོ། །ད་ནི་ཇི་ལྟར་སྡིག་པ་བཤགས་པ་ལ་སོགས་པ་བྱ་བ་དེ་བསྟན་པར་བྱ་བའི་ཕྱིར་རོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲིད་པའི་ཆུ་ཀླུང་ནི་སྲིད་པའི་རྒྱུན་ཏེ། དེར་མ་ལུས་པའི་ཀུན་དུ་རྟོག་པ་དག་ གིས་ཀུན་དུ་བསགས་པའི་རྙོག་པ་གང་ཡིན་པ་དེ་རྣམས་ཆོ་ག་བཞིན་དུ་བཤགས་པར་བགྱིའོ་ཞེས་བྱ་བར་སྦྱར་རོ། །མ་ལུས་པ་ཡང་ཡིན་ལ་ཀུན་དུ་རྟོག་པ་ཡང་ཡིན་པས་ན་མ་ལུས་ཀུན་རྟོག་སྟེ། བདག་དང་བདག་གི་ལ་སོགས་པའི་ཀུན་དུ་རྟོག་པ་འདོད་ཆགས་ལ་ སོགས་པའི་ཉོན་མོངས་པ་རྣམས་ཀྱི་རྒྱུར་གྱུར་པའོ། །དེས་ན་དེ་དག་གིས་བསགས་ཤིང་ཉེ་བར་བསྡུས་པས་ན་མ་ལུས་ཀུན་རྟོག་གིས་བསགས་ཞེས་བྱའོ། །གང་དུ་ཞེ་ན། ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །ཞེས་བྱ་བ་སྨོས་ཏེ། སྲིད་པའི་ཆུ་ཀླུང་གང་ཡིན་པ་འདི་ལ་ནི་ཐོག་མ་ ཡོད་པ་མ་ཡིན་པས་ན་ཐོག་མེད་དེ། དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འཁོར་བ་ལ་ནི་ཐོག་མ་མེད་དེ། དེའི་སྔོན་གྱི་མཐའ་མི་ཤེས་སོ་ཞེས་གསུངས་པའི་ཕྱིར་རོ། །ཐུགས་རྗེ་ཆེར་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། ། ཞེས་བྱ་བ་ལ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་རྣམས་ཀྱི་སྤྱན་སྔར་ཏེ། མདུན་དུ་སྔར་བཤད་པའི་མཚན་ཉིད་ཅན་གྱི་རྙོག་པ་དེ་དག་ནི་ཆོ་ག་བཞིན་དུ་ཞེས་བྱ་བ་བཤགས་པར་བྱ་བ་དང་བཤགས་པ་པོ་དང་། བཤགས་པ་མི་དམིགས་པའི་ཚུལ་གྱིས་ཐམས་ ཅད་དེ་མ་ལུས་པ་བཤགས་པར་བགྱིའོ་ཞེས་པའོ། །སོགས་པའི་སྒྲས་བསྟན་པའི་བསོད་ནམས་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་བརྗོད་པར་བྱ་བའི་ཕྱིར། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །དེ་ དག་ཀུན་ལ་ཡང་དག་ཡི་རང་ཞིང་། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །ཞེས་བྱ་བ་གསུངས་ཏེ། དེ་ལ་རྫོགས་པའི་སངས་རྒྱས་ནི་དཀྱིལ་འཁོར་གྱི་བདག་པོའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་དཀྱིལ་འཁོར་པའི་ལྷ་རྣམས་སོ། །འཕགས་པ་ནི་ཕ་རོལ་ ཏུ་ཕྱིན་པའི་ཚུལ་གྱིས་སངས་རྒྱས་པ་རྣམས་སོ། །གཞན་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་སོ། །ཡང་ན་རྫོགས་པའི་སངས་རྒྱས་ནི་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དོ། །བྱང་ཆུབ་སེམས་དཔའ་ནི་ས་བཅུ་ལ་རབ་ཏུ་བཞུགས་པ་ རྣམས་སོ། །འཕགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་སོ། །གཞན་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མངོན་པར་དད་པའི་སེམས་ཅན་རྣམས་ཏེ། དེ་རྣམས་ཀྱིས་དགེ་བ་གང་ཞིག་མཛད་པ་དེ་དག་མ་ལུས་པ་ཀུན་ལ་ཡང་དག་པར་སངས་རྒྱས་ཀྱིས་རྗེས་ སུ་ཡི་རང་བས་རྗེས་སུ་ཡི་རང་བར་བགྱིའོ་ཞེས་སྨོས་པའོ། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །ཞེས་བྱ་བ་ལ་འདིར་ཡང་ཡང་དག་པའི་སྒྲ་དང་སྦྱར་བར་བྱ་སྟེ། ཡང་དག་ཅིང་ཕྱིན་ཅི་མ་ལོག་པའི་ཡོངས་སུ་བསྔོ་བས་སངས་རྒྱས་རྣམས་ཀྱིས་རྗེས་སུ་གནང་བས་ ཡོངས་སུ་བསྔོ་བར་བགྱིའོ་ཞེས་བྱ་བའི་དོན་ཏོ། །ད་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བསྟན་པར་བྱ་བའི་ཕྱིར་ཡིད་ཀྱི་རོལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་བུའི་བདེ་ བར་གཤེགས་པ་རྣམས་ཤེ་ན། ཡིད་ཀྱི་རོལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་ཀྱང་ཡིན་ལ་རོལ་པ་ཡང་ཡིན་པས་ན་ཡིད་ཀྱི་རོལ་པ་སྟེ། ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་ལ་ནི་ཡིད་ཀྱི་རོལ་པ་ཞེས་བྱའོ། །ཡིད་ཀྱི་རོལ་ པ་དེ་ཉིད་ནི་དྲི་མེད་ཟླ་བ་སྟེ། དྲི་མ་མེད་པའི་ཟླ་བ་དང་ཆོས་མཐུན་པས་ན་དྲི་མེད་ཟླ་འདྲ་སྟེ། ཇི་ལྟར་དྲི་མ་མེད་པའི་ཟླ་བ་ནི་འགྲོ་བ་མ་ལུས་པ་ཚིམ་པར་བྱེད་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་ཀྱང་དེ་དང་འདྲ་བའི་ཕྱིར་ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲ་ཞེས་པ་ལ། དེས་བསྒྲུབས་པ་ནི་ བསྐྱེད་པ་ཡིན་པས་ན། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས། །ཞེས་བྱའོ། །སྙིང་རྗེ་དམ་པ་ནི་ཐུགས་རྗེ་ཆེན་པོ་སྟེ། དེ་མཐའ་ཡས་ཤིང་ཚད་མེད་པའོ། །དེ་ཉིད་ནི་ཐབས་སུ་གྱུར་པ་ཡང་ཡིན་པས་ན་སྙིང་རྗེ་དམ་པ་མཐའ་ཡས་པའི་ཐབས་ཞེས་བྱ་སྟེ། སྙིང་རྗེ་ དམ་པའི་ཐབས་དང་ལྡན་པས་བདག་དང་གཞན་གྱི་དོན་དུ་གྱུར་པའི་ཕྱིར་ཏེ། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས་པ་ཡང་ཡིན་ལ། སྙིང་རྗེ་དམ་པ་མཐའ་ཡས་པའི་ཐབས་ཀྱང་ཡིན་པས་ན། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས། །སྙིང་རྗེ་དམ་པ་མཐའ་ཡས་ པ་ཡི་ཐབས། །ཞེས་བྱ་བ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །རང་གི་ཡིད་ལ་གནས་པར་གྱུར་པ་ཡིན། །ཞེས་བྱ་བ་ནི་བདག་ཉིད་ཀྱི་ཡིད་ལ་གནས་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་རང་གི་ཡིད་ལ་གནས་པའོ། །ཇི་ལྟ་བུ་ཞེ་ན། རྣལ་ འབྱོར་པའི་ཡིད་ལ་གནས་པ་སྟེ། རང་གི་སེམས་ལས་གཞན་ཡོད་པ་མ་ཡིན་པས་རང་གི་ཡིད་སེམས་སོ་སོར་སྣང་བ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་པའི་བར་དུ་སྟེ། ཉན་ཐོས་ཀྱི་ཐེག་པ་ལྟར་ཇི་སྲིད་འཚོ་བའི་བར་དུ་ནི་མ་ ཡིན་པའོ། །རྟོག་པ་མ་ལུས་པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང་། །ཞེས་བྱ་བ་གསུངས་ཏེ། གཟུང་བ་དང་འཛིན་པ་དང་བདག་ དང་བདག་གི་ལ་སོགས་པ་ཡང་དག་པ་མ་ཡིན་པས་བསྐྱེད་པའི་རང་བཞིན་ཅན་གྱི་མཚན་ཉིད་དང་ལྡན་པའི་ཀུན་དུ་རྟོག་པ་གང་ཡིན་པ་འདི་ལ་མེད་ཅིང་ངེས་པར་གྲོལ་ལ་རྣམ་པར་སྤངས་པས་ན། རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང་། །ཞེས་བྱ་སྟེ། གཉིས་སུ་མེད་པའི་ ཡེ་ཤེས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་གཞན་ཡང་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། སེམས་དཔའ་དམ་པ་ཀུན་གྱི་ཕུན་ཚོགས་གཞི། །ཞེས་བྱ་བ་གསུངས་ཏེ། སེམས་དཔའ་ཡང་ཡིན་ལ་དམ་པ་ཡང་ཡིན་པས་སེམས་དཔའ་དམ་པ་སྟེ། བྱང་ཆུབ་སེམས་ དཔའ་ཆེན་པོ་རྣམས་སོ། །དེ་རྣམས་ཀྱི་ཡང་དག་པའི་ཕུན་སུམ་ཚོགས་པ་མ་ལུས་པ་སངས་རྒྱས་ཉིད་ཀྱི་མཐར་ཐུག་པའི་བར་གྱི་ཕུན་སུམ་ཚོགས་པའི་གཞི་ཡིན་པས་ན། སེམས་དཔའ་དམ་པ་ཀུན་གྱི་ཕུན་སུམ་ཚོགས་པའི་གཞི་ཞེས་བྱའོ། །སེམས་དཔའ་དམ་པ་ ཀུན་གྱི་ཕུན་སུམ་ཚོགས་པའི་གཞི་གང་ཡིན་པ་དེ་ནི། དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད། །ཅེས་ཀྱང་བྱ་སྟེ། དངོས་པོ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དངོས་པོ་ཐམས་ཅད་དེ། དེ་རྣམས་ལ་རོ་གཅིག་པའི་ངོ་བོ་ཉིད་ནི་རྣམ་པ་གཅིག་ པའི་རང་བཞིན་ཏེ། སྟོང་པ་ཉིད་ཀྱི་མཚན་ཉིད་ཅན། །ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་། དོན་དམ་དེ་ནི་ཐ་དད་མ་ཡིན་ཏེ། །ཀུན་དུ་རོ་གཅིག་མཚན་ཉིད་སངས་རྒྱས་གསུངས། །དེ་ལ་གང་དག་ཐ་དད་ཀུན་རྟོག་པ། །དེ་དག་ང་ རྒྱལ་གནས་པ་རྨོངས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འཆིང་བ་རྣམས་ལས་ཞེས་བྱ་བ་ལ་སོགས་པ་ལ། བརྟུལ་ཞུགས་ཅན་གྱི་དབང་པོའི་ཚོགས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། འཆིང་བ་རྣམས་ལས་ཡང་དག་ གྲོལ་འགྱུར་ཞིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ལ་སོགས་པའི་མཚན་ཉིད་ཅན་གང་གིས་འདི་ལ་འཆིང་བར་གྱུར་པ་རྣམས་ལས་ཡང་དག་ཅིང་ཕྱིན་ཅི་མ་ལོག་པའི་རྣམ་པ་གྲོལ་ཞིང་ཐར་པར་གྱུར་པ་དེ་ནི། འཆིང་བ་རྣམས་ལས་ཡང་དག་ གྲོལ་འགྱུར་ཞིང་། །ཞེས་བྱའོ། །ཡང་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། སྙིང་རྗེ་མཆོག་གིས་བསྐྲུན་པའི་དཔལ་དང་ལྡན། །ཞེས་བྱ་བ་གསུངས་ཏེ། སྙིང་རྗེ་མཆོག་ནི་ཐུགས་རྗེ་ཆེན་པོ་སྟེ། དེ་ལ་དམིགས་པས་བསྐྲུན་པའི་དཔལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ དང་ལྡན་པའི་སེམས་དཔའ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་ཡང་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། རབ་ཏུ་དགའ་སོགས་ས་ལ་རབ་ཞུགས་པ། །ཞེས་བྱ་བ་གསུངས་ཏེ། རབ་ཏུ་དགའ་བ་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་སྟེ། དེ་ཉིད་ལ་སོགས་པ་ ནི་དྲི་མ་མེད་པ་ལ་སོགས་པ་གང་ཡིན་པ་དེ་ནི་རབ་ཏུ་དགའ་སོགས་སོ། །དེ་རྣམས་ལ་རབ་ཏུ་ཞུགས་པས་ན། རབ་ཏུ་དགའ་སོགས་ས་ལ་རབ་ཞུགས་པ། །ཞེས་བྱའོ། །བརྟུལ་ཞུགས་ཞེས་བྱ་བ་ནི་ཐེག་པ་དམན་པ་ལ་ཞུགས་པ་རྣམས་ཏེ། དེ་རྣམས་ཀྱི་ནང་ན་འདི་ནི་ཕུལ་ དུ་བྱུང་བ་ཡིན་པས་ན་བརྟུལ་ཞུགས་དབང་པོའོ། །དེ་རྣམས་ཀྱི་ཚོགས་ནི་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཉིད་བཟུང་སྟེ། བླ་ན་མེད་པའི་རྣལ་འབྱོར་པ་རྣམས་ལ་ནི་གཞན་དག་སྐྱོབ་པའི་རྒྱུ་མེད་པའི་ཕྱིར་རོ། །ད་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་བསྟན་པར་བྱ་བའི་ཕྱིར་བསམ་དང་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་བྱང་ཆུབ་ཏུ་བསྐྱེད་པར་བགྱིའོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཅི་ལྟ་བུ་ཞིག་ཅེ་ན། སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག་འབྱིན། །ཞེས་བྱ་བ་གསུངས་ཏེ། སྒྲིབ་པ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་སྒྲིབ་པ་ཀུན་ཏེ། ཤེས་ བྱའི་སྒྲིབ་པ་ལ་སོགས་པ་སྒྲིབ་པ་ཐམས་ཅད་དོ། །དེ་རྣམས་ཀྱི་བག་ཆགས་ནི་སྒྲིབ་པ་ཀུན་གྱི་བག་ཆགས་ཏེ། ཡིད་ལ་དེ་དང་འདྲ་བའི་རྣམ་པར་ཤེས་པ་སྐྱེད་པར་ནུས་པའོ། །དེ་འབྱིན་པའི་ངང་ཚུལ་གང་ལ་ཡོད་པའི་སེམས་དེ་ནི། སྒྲིབ་པ་ཀུན་གྱི་བག་ཆགས་ཡང་ དག་འབྱིན། །ཞེས་བྱ་སྟེ། དེ་བསྐྱེད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གཞན་ཡང་ཁྱད་པར་ཇི་ལྟ་བུ་ཞེ་ན། ལྷག་པར་མོས་པས་རྣམ་པར་བརྒྱན་པའི་ཞེས་བྱ་བ་གསུངས་ཏེ། ལྷག་པར་མོས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་འདོད་པ་ལ་ལྷག་པར་མོས་ པའོ། །དེ་ཉིད་ཀྱིས་བརྒྱན་པའི་སེམས་གང་ཡིན་པ་དེ་ནི་ལྷག་པར་མོས་པས་རྣམ་པར་བརྒྱན་པའོ། །འདིའི་དགོས་པ་ནི་གཡེང་བའི་སེམས་ཀྱིས་སམ། གཞན་གྱི་ངོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་ཡིན་གྱི། གཞན་དུ་ན་ཡེ་ཤེས་མངོན་པར་འདོད་པའོ། །དེ་ཇི་ ལྟར་བསྐྱེད་པར་བྱ་ཞེ་ན། བསམ་དང་རྣམ་པར་སྨིན་པ་དག་གྱུར་པས། །ཞེས་བྱ་བ་གསུངས་ཏེ། དེ་ལ་བསམ་པ་དག་པ་ནི་འགྲོ་བ་མ་ལུས་པ་གདོན་པའི་སེམས་སོ། །རྣམ་པར་སྨིན་པ་དག་ནི་སེམས་དེ་ཉིད་ལས་ཕྱིས་ཀྱང་ཕྱིར་མི་ལྡོག་ཅིང་། དེ་ཉིད་ཀྱིས་འགྲོ་བའི་དོན་ གྱི་བྱ་བ་བྱེད་པའི་སྨོན་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ལམ་གང་གིས་སྨོན་ལམ་འགྲུབ་པར་འགྱུར་བའི་ལམ་དེ་ལ་གནས་པར་བྱ་བའི་ཕྱིར། བདེར་གཤེགས་སྲས་བཅས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་ བར་གཤེགས་པ་སྲས་དང་བཅས་པའི་ལམ་གཅིག་པུ་ལ་གནས་པར་བགྱིའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་བདེ་བར་གཤེགས་པ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །དེའི་སྲས་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། སྲས་དང་བཅས་པར་ བཞུགས་པས་ན་སྲས་བཅས་སོ། །དེ་རྣམས་ཀྱི་ལམ་གཅིག་པུ་ནི་བདེ་བར་གཤེགས་པ་སྲས་དང་བཅས་པའི་ལམ་གཉིས་པ་མེད་པ་གང་ཡིན་པ་དེ་ལ་གནས་པར་བྱའོ་ཞེས་པའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སྦྱིན་སོགས་རྣམ་བཅུ་དཀར་པོའི་ཡོན་ཏན་ཚུལ། །ཞེས་བྱ་བ་ གསུངས་ཏེ། སྦྱིན་པ་ལ་སོགས་པ་ནས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་རྣམ་པ་བཅུ་ནི་སྦྱིན་སོགས་རྣམ་བཅུའོ། །དེ་ཉིད་ནི་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་མ་ལུས་པ་དང་བྲལ་བས་ན་དཀར་པོའི་ཡོན་ཏན་ནོ། །དེ་ཉིད་ནི་ཚུལ་ཏེ་རང་བཞིན་གང་ལ་ཡོད་པ་དེ་ནི། སྦྱིན་སོགས་རྣམ་བཅུ་དཀར་པོའི་ཡོན་ཏན་ཚུལ། །ཞེས་བྱའོ། །ལམ་དེ་ལ་ཇི་ལྟར་གནས་པར་བྱ་ཞེ་ན། རྫོགས་སངས་རྒྱས་བདག་མ་ལུས་ངོ་བོའི་བློས། །ཞེས་བྱ་བ་གསུངས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བདག་ཉིད་ནི་རྫོགས་སངས་རྒྱས་བདག་ སྟེ། རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་ནོ། །དེ་ཉིད་ནི་མ་ལུས་པ་སྟེ། ལྷག་མ་ལུས་པ་མེད་པའི་ངོ་བོ་ཉིད་ཀྱི་ལམ་གང་ཡིན་པ་དེ་ནི་རྫོགས་སངས་རྒྱས་བདག་མ་ལུས་ངོ་བོའོ། །དེའི་བློ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་ བུས་གནས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་བསྟན་པར་བྱ་བའི་ཕྱིར་སྙིང་རྗེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་རྗེས་འཇིག་རྟེན་མ་ལུས་པ་ལ་དམིགས་ནས་བྱང་ཆུབ་ཀྱི་སེམས་མཉམ་པ་ཉིད་རྣམ་པར་བསྒོམས་ནས་སྔགས་པས་སྔགས་ ལ་ལྷག་པར་དབང་དུ་བྱེད་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སངས་རྒྱས་ཉིད་བསྒྲུབ་པ་ལ་ནི་སྙིང་རྗེ་གཙོ་བོ་ཉིད་དུ་བསྟན་པ་དང་ཡང་དེ་རྒྱུ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། སྙིང་རྗེས་ཞེས་བྱ་བ་གསུངས་སོ། །འཇིག་རྟེན་འདི་ནི་ཞེས་བྱ་བ་ནི་རང་གི་སེམས་སྣང་བ་ཙམ་དུ་ ཟད་པའི་ཕྱིར་རང་རིག་པའི་མངོན་སུམ་དུ་གྱུར་པ་སྟེ། དེ་ཡང་གང་འཇིག་རྟེན་ཞེས་བརྟགས་པ་འདི་ནི་རང་བཞིན་གྱིས་འོད་གསལ་བ་ཡིན་ཏེ། འཇིག་རྟེན་ཐམས་ཅད་རང་གི་སེམས་དེ་ཉིད་དེ་ལྟར་སྣང་བ་ལས་ལོགས་ཤིག་ན་མེད་མོད་ཀྱི། དེ་ལྟར་ན་ཡང་བདག་དང་བདག་གི་ལ་ སོགས་པའི་ལྟ་བའི་དྲ་བ་དྲུག་ཅུ་རྩ་བཞིས་བཅིངས་པས། ཉ་དང་བྱ་ལ་སོགས་པ་བཞིན་དུ་འགྲོ་བ་རྣམས་ནི་རང་དབང་མེད་པའི་ཚུལ་ཅན་ཡིན་ཏེ། དེ་བས་ན་དེ་རྣམས་ལ་སྙིང་རྗེ་འཇུག་པར་འགྱུར་རོ། །ཡང་ན་སྙིང་རྗེ་སྟེ་ཐུགས་རྗེ་ཆེན་པོས་ཁམས་གསུམ་པར་གཏོགས་ པའི་འཇིག་རྟེན་འདི་དག་མ་ལུས་པ་ནི་ལྟ་བའི་དྲ་བས་བཅིངས་ལ་ཞེས་བྱ་སྟེ། ལྟ་བ་ཉིད་ནི་དྲ་བ་ཡིན་པས་ན་ལྟ་བའི་དྲ་བ་སྟེ། བདག་དང་བདག་གི་ལ་སོགས་པའི་རྣམ་པར་རྟོག་པའི་བློའོ། །དེས་བཅིངས་པ་ནི་བསྡམས་པའོ། །ཡང་དག་བྱང་ཆུབ་སེམས་ནི་མཉམ་ མེད་པ། །ཞེས་བྱ་བ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་ཡིན་པའི་ཕྱིར་རོ། །འོག་ནས་བཤད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་ནི་ཡང་དག་བྱང་ཆུབ་ཀྱི་སེམས་ཏེ། དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་ པའི་ཕྱིར་མཉམ་པ་མེད་པའོ། །སྔགས་པས་ཆོ་ག་འདིས་ནི་བསྒོམ་པར་བྱ། །ཞེས་བྱ་བ་ནི། འོག་ནས་བཤད་པའི་རིམ་པའི་ཆོ་ག་གང་ཡིན་པས་བྱང་ཆུབ་ཀྱི་སེམས་རྣམ་པར་བསྒོམ་པར་བྱའོ། །ཆོ་ག་དེ་ཉིད་བསྟན་པར་བྱ་བའི་ཕྱིར་ངོ་བོ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། དངོས་པོ་མ་ལུས་པ་ནི་སྟོང་པ་ཉིད་དོ་ཞེས་བྱ་བར་སྦྱར་ཏེ་སྟོང་པ་ཉིད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །སྟོང་པ་ཞེས་བྱ་བ་ལ་སོགས་པ་ལ་ཅིའི་ཕྱིར་སྟོང་པ་ཞེས་བྱ་ཞེ་ན། ངོ་བོ་ཉིད་དང་བྲལ་ཕྱིར་ཞེས་བྱ་བ་གསུངས་ཏེ། བྱིས་པ་རྣམས་ཀྱིས་ བརྟགས་པའི་གཟུང་བ་དང་འཛིན་པའི་རྣམ་པར་བྲལ་བ་ཡིན་གྱི། རྣམ་པ་ཐམས་ཅད་དུ་རང་བཞིན་གྱིས་སྟོང་པ་ནི་མ་ཡིན་ཏེ། གཞན་དུ་ན་དངོས་པོ་ཞེས་བྱ་བ་དང་འགལ་བའི་ཕྱིར་རོ། །དེ་ལྟ་ན་ཡང་དོན་འདིར་བྱ་བ་ལ་དངོས་པོ་ཞེས་བྱའོ་ཞེ་ན། གང་ཞིག་རྣམ་པ་ཐམས་ ཅད་དུ་མེད་པ་དེ་ལ་ནི་དོན་གྱི་བྱ་བ་འགའ་ཡང་མེད་པའི་ཕྱིར་རོ། །དེ་བཞིན་རྒྱུ་དང་བྲལ་བས་ཞེས་བྱ་བ་ནི་གཞན་གྱིས་ཡོངས་སུ་བརྟགས་པའི་དབང་ཕྱུག་ལ་སོགས་པའི་རྒྱུ་དང་བྲལ་བ་ཡིན་གྱི་རང་གི་མཚན་ཉིད་དང་བྲལ་བ་ནི་མ་ཡིན་ནོ། །ཡང་ན་རང་རིག་ པའི་མངོན་སུམ་གྱི་ཚད་མ་འབའ་ཞིག་ཡིན་གྱི། རྒྱུ་རྒྱུར་མེད་པར་གྱུར་པ་ནི་མི་གཟུང་སྟེ། ཡོད་པ་མ་ཡིན་པ་དག་ཀྱང་རྒྱུ་དང་བྲལ་བའི་ཕྱིར་རོ། །ཡང་ན་རྒྱུ་དང་བྲལ་བས་དེ་བཞིན་དུ་མཚན་མ་མེད་པ་ཡང་ཡིན་ཏེ། རྒྱུ་ནི་གཞན་གྱིས་ཡོངས་སུ་བརྟགས་པ་སྟེ། དེའི་ རྒྱུ་དང་དབང་ཕྱུག་ལ་སོགས་པ་དང་བྲལ་ཞིང་མེད་པས་དངོས་པོ་རྣམས་མཚན་མ་མེད་པ་སྟེ་མཚན་མ་ཡོད་པ་མ་ཡིན་པའོ། །རྟོག་པ་དང་བྲལ་བའི་ཕྱིར་སྨོན་པ་ལས་ངེས་པར་གྲོལ་བའོ་ཞེས་བྱ་བར་སྦྱར་ཏེ། རྟོག་པ་ནི་བརྟགས་པ་སྟེ། འདི་ནི་ལྷའི་འགྲོ་བའམ། ཀླུའི་འགྲོ་བའམ། འདིར་ནི་སྡུག་བསྔལ་བ་དང་། བདེ་བ་རྗེས་སུ་མྱོང་བར་འགྱུར། །ཞེས་བྱ་བའི་རྣམ་པ་དེ་ལྟ་བུའི་རྟོག་པ་རྣམས་དང་བྲལ་ཞིང་མེད་པས་སྨོན་པ་ལས་ངེས་པར་གྲོལ་བ་སྟེ། འགྲོ་བ་དེ་དང་དེར་གཟུགས་དང་ལོངས་སྤྱོད་དང་དབང་ཕྱུག་ལ་སོགས་པ་འདོད་ པའི་རྣམ་པ་ནི་སྨོན་པ་ཡིན་ལ། དེ་ལས་ངེས་པར་གྲོལ་བ་ནི་བྲལ་བ་སྟེ། བདེན་པའི་དངོས་པོ་ལ་བརྟག་པར་བྱ་བ་ཡིན་ན་བདེན་པའི་དངོས་པོ་དེའི་རྟོག་པ་དང་བྲལ་བས་སྟོང་པ་ཉིད་དུ་བལྟ་བར་བྱའོ། །ཡང་ན། །རྟོག་པ་རྣམས་དང་བྲལ་བའི་ཕྱིར། །ཞེས་བྱ་བ་ནི་སྨོན་པ་པོ་ དང་སྨོན་ལམ་དང་། སྨོན་པར་བྱ་བ་འདི་ལྟ་བུའོ་ཞེས་བྱ་བའི་རྟོག་པ་དང་བྲལ་བས་རྟོག་པ་མེད་པ་སྟེ། སྨོན་པ་ཞེས་བྱ་བ་ནི་རྫས་ཀྱི་བྱེ་བྲག་ཙམ་དུ་ཟད་ཀྱི་དོན་དམ་པར་ནི་སྟོང་པ་ཉིད་ཁོ་ནའི་ནང་དུ་འདུས་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་བསྒོམ་པ་འདི་བརྟན་པར་བྱ་བའི་ཕྱིར་ སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི། ཨོཾ་ཤྲཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་གསུངས་པ་ཡིན་ཏེ། ཨོཾ་ཞེས་བྱ་བ་ནི་ཐོག་མར་གྱུར་པ་དང་། མི་འཇིགས་པ་དང་། དཔལ་དང་ལྡན་པ་ནི་ཡི་གེ་ཨོཾ་སྟེ། ཨོཾ་ཞེས་བྱ་བ་ནི་ཁས་ལེན་པ་སྟེ། སྟོང་པ་ཉིད་དོ། ། དེ་ཉིད་ནི་མི་ཕྱེད་པས་ན་རྡོ་རྗེའོ། །དེ་ཉིད་ནི་རང་བཞིན་ཏེ། དེའི་ངོ་བོ་ཉིད་ནི་བདག་ཡིན་གྱི། སྟོང་པ་ཉིད་ནི་གཞན་མ་ཡིན་ལ་སྟོང་པ་ཉིད་ལས་ཀྱང་བདག་གཞན་མ་ཡིན་ནོ་ཞེས་བྱ་བའོ། །དེ་འོག་ཅེས་བྱ་བ་ལ་སོགས་པ་ལ། དེའི་འོག་ཏུ་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་བྱིན་གྱིས་ བརླབས་པའི་རྗེས་ཐོགས་ལ། ཆོས་འབྱུང་བ་ཞེས་བྱ་བའི་ཕྱག་རྒྱ་བསྒོམ་པར་བྱའོ་ཞེས་པར་སྦྱར་རོ། །གང་དུ་བསྒོམ་པར་བྱ་ཞེ་ན། འདི་རྗེ་བཙུན་གྱིས་བཅུ་གཅིག་པ་ལས་བཤད་པས་ཧཱུཾ་གིས་རྡོ་རྗེར་བྱས་པ་ཞེས་བྱ་བ་གསུངས་ཏེ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཕྲ་རབ་ཀྱི་རང་བཞིན་གྱི་བདག་ཉིད་ཅན་ནམ། སྣ་ཚོགས་རྡོ་རྗེའི་རང་བཞིན་ཉིད་དོ། །ཀུན་དུ་བཟང་ལས་བྱུང་བར་ཞེས་བྱ་བ་ནི་སྲུང་བའི་འཁོར་ལོ་ལ་གནས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའི་ཞེས་བྱ་བས་ནི་སྲུང་བའི་འཁོར་ལོ་ཉེ་བར་སྟོན་ཏེ་ བདུད་དང་བགེགས་ལ་སོགས་པ་བཟློག་པའི་ཕྱིར། དེ་ནས་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ལས་རྡོ་རྗེའི་རང་བཞིན་ཅན་གྱི་ས་གཞི་བསམ་པར་བྱ་སྟེ། ཕྲ་རབ་རེ་རེའི་མཐར་སྣ་ཚོགས་རྡོ་རྗེའི་གཟུགས་སུ་བསྒོམ་པར་བྱ་ལ། དེའི་ངོས་ཀྱི་འོད་ཟེར་རྣམས་ ལས་ངོས་བཞིར་རྡོ་རྗེའི་ར་བ་དང་སྟེང་གི་འོད་ཟེར་རྣམས་ལས་རྡོ་རྗེའི་བླ་རེ་བསམ་པར་བྱའོ། །དེ་ལྟ་ན་ཡང་གལ་ཏེ་རང་གི་རྣམ་པར་རྟོག་པའི་སྟོབས་ཀྱིས་བགེགས་ཀྱི་དོགས་པ་འབྱུང་བར་འགྱུར་ན། དེའི་ཚེ་རྡོ་རྗེ་བླ་རེའི་ཕྱི་རོལ་དུ་ལཾ་ལས་དབང་ཆེན་གྱི་དཀྱིལ་འཁོར་ཟུར་བཞི་ པ་མཚམས་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ་ཁ་དོག་སེར་པོ་བསམ་པར་བྱའོ། །དེའི་ཕྱི་རོལ་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་བ་དན་གྱིས་མཚན་པ་སྔོན་པོ་བསམ་པར་བྱའོ། །དེའི་ཕྱི་རོལ་དུ་རཾ་ལས་བྱུང་བ་མེའི་དཀྱིལ་འཁོར་གྲུ་གསུམ་པ་འབར་བ་འཕྲོ་བར་ སྣང་བ་བསམ་པར་བྱ་སྟེ། འདི་ནི་སྤྱིའི་སྲུང་བའི་འཁོར་ལོའོ། །ཧཱུཾ་གིས་རྡོ་རྗེར་བྱས་པའི་སར། །ཞེས་བྱ་བ་ནི་བགེགས་མ་ལུས་པ་ཉེ་བར་ཞི་བའི་རྒྱུར་གྱུར་པའི་ཡི་གེ་ཧཱུཾ་ལས་ས་གཞི་རྡོ་རྗེར་བྱས་པའོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། ཀུན་དུ་བཟང་ལས་བྱུང་ བར་ཞེས་བྱ་བར་གསུངས་ཏེ་ཀུན་དུ་བཟང་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། འོག་ནས་བཤད་པའི་སྐུ་མདོག་དང་། ཕྱག་མཚན་དང་། དབྱིབས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱ་ལ། ཀུན་དུ་བཟང་པོ་དེ་ལས་བྱུང་བ་ནི་སྐྱེས་པ་གང་ ཡིན་པ་དེ་ལ་ཀུན་དུ་བཟང་ལས་བྱུང་བ་ཞེས་བྱའོ། །ཇི་ལྟ་བུའི་གཟུགས་ཅན་ཞེ་ན། སྟོན་ཀའི་ཟླ་བ་ལྟ་བུར་རབ་དཀར་བ། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་སྟོན་ཀའི་ཟླ་བ་ནི་རྡུལ་དང་ཁུག་རྣའི་སྐྱོན་ཐམས་ཅད་དང་བྲལ་བས་ཤིན་ཏུ་མཛེས་ཏེ། དེ་བཞིན་དུ་ཁ་དོག་ དཀར་པོའོ། །གཞན་ཡང་ཁྱད་པར་ཇི་ལྟ་བུ་ཞེ་ན། མཐའ་ཡས་ཕྱོགས་ན་གནས་པའི་སྣ་ཚོགས་འོད། །ཅེས་བྱ་བ་གསུངས་ཏེ། མཐའ་ཡས་པ་ཡང་ཡིན་ལ། ཕྱོགས་ཀྱང་ཡིན་པས་ན་མཐའ་ཡས་ཕྱོགས་ཏེ། དེ་ན་གནས་པའི་ངང་ཚུལ་གང་ཡིན་པ་དེ་ ནི་མཐའ་ཡས་ཕྱོགས་ན་གནས་པ་ཞེས་བྱའོ། །སྣ་ཚོགས་ནི་ཁ་དོག་དུ་མའོ། །འོད་ནི་འོད་ཟེར་གང་ཡིན་པ་སྟེ། དེ་དང་ལྡན་པའི་ཆོས་འབྱུང་བའི་ཕྱག་རྒྱ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གྲུ་གསུམ་གྱེན་དུ་གནས་པ་ཞེས་བྱ་བ་ནི་གྱེན་ཀར་གནས་ཤིང་སྐྱེ་གནས་ཀྱི་ གཟུགས་ཅན་ནོ། །གཞན་ཡང་ཁྱད་པར་ཇི་ལྟ་བུ་ཞེ་ན། ནང་གི་ནམ་མཁའི་རང་གི་ངོ་བོ་རྡོ་རྗེ་འཛིན། །ཞེས་བྱ་བ་གསུངས་ཏེ། ནང་ཞེས་བྱ་བ་ནང་ན་ནམ་མཁའི་རང་གི་ངོ་བོ་ཞེས་བྱ་བ་ནི་ཁོང་སྟོང་སྟེ། དེ་ཉིད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་ན་རྡོ་རྗེ་སྟེ་དེ་འཛིན་ པས་ན་ནང་གི་ནི་ནམ་མཁའི་རང་གི་ངོ་བོ་རྡོ་རྗེ་འཛིན་ཞེས་བྱའོ། །དབུས་གནས་པ། པདྨ་དེ་ནི་སྣ་ཚོགས་རྡོ་རྗེ་མཛེས། །ཞེས་བྱ་བ་སྟེ། དབུས་ན་གནས་པ་ཡང་དེ་ཉིད་ཡིན་ལ་པདྨ་ཡང་དེ་ཉིད་ཡིན་པས་དབུས་གནས་པདྨ་སྟེ། ཆོས་འབྱུང་བའི་ཕྱག་རྒྱའི་དབུས་ ན་གནས་པ་སྣ་ཚོགས་པའི་འདབ་མ་ཅན་གྱི་པདྨའོ། །དེར་སྣ་ཚོགས་རྡོ་རྗེས་མཛེས་པ་ནི་དེས་བརྒྱན་ཞིང་མཛེས་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བྷྲཱུཾ་གྱི་ཞེས་བྱ་བ་ལ་ཆོས་འབྱུང་བའི་ཕྱག་རྒྱ་དེས་རིན་པོ་ཆེ་མ་ལུས་པས་རྣམ་པར་སྤྲས་པའི་གཞལ་ཡས་ཁང་བརྩེགས་ མ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །བྷྲཱུཾ་གྱི་འཁོར་ལོ་ལས་བྱུང་རིག་བཅས་པའི། །རྣམ་པར་སྣང་མཛད་ཡན་ལག་ལས་ནི་ཡང་དག་འབྱུང་། །ཞེས་བྱ་བ་གསུངས་ཏེ། ཡི་གེ་བྷྲཱུཾ་ལས་འཁོར་ལོར་གྱུར་པ་ནི་བྷྲཱུཾ་གྱི་འཁོར་ལོའོ། །དེ་ལ་བྱུང་བར་གྱུར་པ་གང་ཡིན་པ་ དེ་ནི་བྷྲཱུཾ་གྱི་འཁོར་ལོ་ལས་བྱུང་བའོ། །རིག་པ་དང་བཅས་པ་ནི་རང་གི་ཤེས་རབ་སོ་སོར་སྣང་བའི་ཡུམ་དང་བཅས་པར་བཞུགས་པ་ནི་རིག་བཅས་ཞེས་བྱའོ། །རིག་པ་དང་བཅས་པ་ཡང་ཡིན་ལ་རྣམ་པར་སྣང་མཛད་ཀྱང་ཡིན་པས་རིག་པ་དང་བཅས་པའི་རྣམ་པར་སྣང་ མཛད་ཅེས་བྱའོ། །བྷྲཱུཾ་གྱི་འཁོར་ལོ་ལས་བྱུང་བ་ཡང་ཡིན་ལ། རིག་པ་དང་བཅས་པའི་རྣམ་པར་སྣང་མཛད་ཀྱང་ཡིན་པས་ན། བྷྲཱུཾ་གྱི་འཁོར་ལོ་ལས་བྱུང་རིག་བཅས་པའི། །རྣམ་པར་སྣང་མཛད་ཅེས་བྱ་སྟེ། དེའི་ཡན་ལག་ལས་བྱུང་བ་ནི་དེ་དག་གིས་བསྐྱེད་ པ་སྟེ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཁྱད་པར་ཇི་ལྟ་བུ་ཞེ་ན། ཐུབ་དབང་འོད་ཀྱི་དཀྱིལ་འཁོར་སྣ་ཚོགས་པའི། །ཟེར་གྱིས་ཕྱོགས་ཚོགས་མ་ལུས་ཀུན་དུ་ཁྱབ། །ཅེས་བྱ་བ་གསུངས་ཏེ། ཐུབ་པའི་དབང་པོ་ཡང་ཡིན་ལ་འོད་ཀྱང་ཡིན་པས་ཐུབ་དབང་འོད་དེ། དེ་ རྣམས་ཀྱི་དཀྱིལ་འཁོར་ནི་ཚོགས་སོ། །དེའི་སྣ་ཚོགས་པའི་འོད་ཟེར་ནི་འོད་ཟེར་དུ་མ་སྟེ། དེས་ཕྱོགས་ཀྱི་ཚོགས་མ་ལུས་པ་ཀུན་དུ་ཁྱབ་པའི་གཞལ་ཡས་ཁང་བརྩེགས་མ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །མི་མཉམ་པ་དག་མེད་ཕྱིར་ཟུར་བཞིར་མཉམ། །ཞེས་བྱ་ བ་ནི་ཆོས་ཉིད་ཀྱིས་སངས་རྒྱས་པ་དང་སངས་མ་རྒྱས་པ་དག་ཀུན་དུ་མཉམ་པའོ། །དྲན་དང་དབང་པོ་བཞི་ཡི་སྒོ་བཞི་མཆོག་རྣམས་ཡིན། །ཞེས་བྱ་བ་ལ་དྲན་པ་རྣམས་དང་། དབང་པོ་རྣམས་ནི་དྲན་དང་དབང་པོ་སྟེ། དེ་ལ་དྲན་པ་ནི་ལུས་དྲན་པ་ཉེ་བར་གཞག་པ་ལ་ སོགས་པའོ། །དབང་པོ་ནི་དད་པའི་དབང་པོ་ལ་སོགས་པ་སྟེ། བཞི་པོ་དེ་རྣམས་ནི་སྒོ་རྣམས་ཡིན་ནོ། །མཆོག་ནི་དམ་པའོ། །བསམ་གཏན་བཞི་པོ་དག་གི་རྟ་བབས་དང་། །ཞེས་བྱ་བ་ལ་བསམ་གཏན་ནི་བསམ་གཏན་དང་པོ་ལ་སོགས་པའི་མཚན་ཉིད་ཅན་གང་ ཡིན་པ་སྟེ། དེ་ཉིད་ནི་རྟ་བབས་ཡིན་པས་ན་དེ་ལ་དེ་སྐད་ཅེས་བྱའོ། །ཏིང་འཛིན་ཁ་ཁྱེར་གྱིས་ནི་ཀུན་ནས་བསྐོར། །ཞེས་བྱ་བ་ལ། ཏིང་ངེ་འཛིན་ནི་དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་ལ་སོགས་པའོ། །དེ་ཉིད་ནི་ཁྱམས་ཡིན་པས་ཏིང་ངེ་ འཛིན་ཁ་ཁྱེར་ཏེ། དེ་རྣམས་ཀྱིས་ཀུན་ནས་ཡོངས་སུ་བསྐོར་བའོ། །ཁ་ཁྱེར་དེར་ལེགས་བརྟེན་པའི་མཆོད་པ་ནི། །དམ་པ་འཛིན་པ་གཟུངས་ཀྱི་ཚོགས་རྣམས་ཡིན། །ཞེས་བྱ་བ་ལ། སྔར་བཤད་པའི་ཁ་ཁྱེར་དེར་རམ། དཀྱིལ་འཁོར་གྱི་འཁོར་ལོའི་ཁ་ཁྱེར་ དེར་ཏེ། ཁ་ཁྱེར་དེར་ཡང་དག་པར་བརྟེན་པ་ནི་ཁ་ཁྱེར་དེ་ལ་གནས་པའོ། །མཆོད་པ་དམ་པ་ལ་ནི་མིག་ཡོར་ཙམ་གྱི་གར་དང་གླུ་ལ་སོགས་པའི་མཆོད་པ་རྣམས་ཏེ། དེ་འཛིན་པ་ནི་དེ་དག་ཐོགས་པས་ན་མཆོད་པ་དམ་པ་འཛིན་པའོ། །མཆོད་པ་ཐོགས་པ་ཡང་ཡིན་ལ། ཚིག་དང་དོན་དང་སྤོབས་པ་དང་། །ངེས་པའི་ཚིག་གི་གཟུངས་ཀྱང་ཡིན་པས་ན་མཆོད་པ་ནི། དམ་པ་འཛིན་པ་ལ་གཟུངས་ཀྱི་ཚོགས་རྣམས་ཡིན་ཞེས་བྱ་བ་སྟེ། དེ་རྣམས་གཞལ་ཡས་ཁང་གང་དུ་འཚོགས་པ་དེ་ལ་དེ་སྐད་ཅེས་བྱའོ། །སྣ་ཚོགས་རྒྱན་རྣམས་ ཀུན་གྱིས་རྣམ་སྤྲས་པ། །ཞེས་བྱ་བ་ལ། སྣ་ཚོགས་པའི་རྒྱན་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་སྣ་ཚོགས་རྒྱན་རྣམས་ཀུན་ཏེ་གདུ་བུ་དང་དཔུང་རྒྱན་ལ་སོགས་པ་ཐམས་ཅད་དོ། །དེས་རྣམ་པར་སྤྲས་པ་ནི་མཛེས་པར་བྱས་པའོ། །འདིར་རྣམ་པར་དག་པ་བསྟན་པའི་ ཕྱིར་གང་ཕྱིར། འགྲོ་བའི་བསམ་ཀུན་རྫོགས་མཛད་པའོ། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་འགྲོ་བའི་བསམ་པ་ཀུན་ཏེ། འདོད་པ་རྣམ་པ་སྣ་ཚོགས་པའི་བདེ་བའི་ཡོ་བྱད་མངོན་པར་འདོད་པ་དེ་རྫོགས་པར་མཛད་པས་ན་བསམ་པ་ཀུན་རྫོགས་མཛད་པ་སྟེ། རྒྱུ་ དེས་ན་སྣ་ཚོགས་པའི་རྒྱན་རྣམས་ཀུན་གྱིས་རྣམ་པར་སྤྲས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གཞན་ཡང་དེའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར་རླུང་གིས་བསྐྱོད་པའི་བ་དན་ཕྲེང་བ་དང་། དྲིལ་བུ་སྒྲ་སྒྲོགས་ཕྱོགས་སྒོ་ཀུན་ཁྱབ་པ། །ཞེས་བྱ་བ་གསུངས་ཏེ། རླུང་གིས་ བསྐྱོད་པ་ནི་རླུང་གིས་ཉེ་བར་བསྐྱོད་ཅིང་བཏེག་པའོ། །བ་དན་གྱི་ཕྲེང་བ་ནི་བ་དན་ཕྲེང་དུ་གནས་པ་སྟེ། རླུང་གིས་བསྐྱོད་པ་ཡང་ཡིན་ལ། བ་དན་གྱི་ཕྲེང་བ་ཡང་ཡིན་པས་ན། རླུང་གིས་བསྐྱོད་པས་བ་དན་གྱི་ཕྲེང་བའོ། །དེ་ལ་བཏགས་པའི་དྲིལ་བུ་དེའི་སྒྲ་ནི་དྲིལ་བུའི་ སྒྲ་སྟེ། དེའི་སྒྲ་སྒྲོགས་པའི་སྒྲ་དང་ལྡན་པ་ཕྱོགས་ཀྱི་སྒོ་ཀུན་ན་ཡོད་པར་ཁྱབ་པའི་གཞལ་ཡས་ཁང་བརྩེགས་མ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་ཡང་རྣམ་པར་དག་པ་བསྟན་པའི་ཕྱིར། །གང་ཕྱིར་དམ་ཆོས་གསུང་རབ་ཡན་ལག་དགུ། །གདུལ་བྱ་ཐམས་ ཅད་ལ་ནི་བསྐྱོད་པའོ། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དམ་པའི་ཆོས་གསུང་རབ་ཡན་ལག་དགུ་པོ་དེ་གདུལ་བྱ་སྟེ་འགྲོ་བའི་དོན་གྱི་བྱ་བ་གདུལ་བར་གྱུར་པ་རྣམས་ལ་དེ་བསྐྱོད་ཅིང་འགྲོ་བ་རྣམས་ལ་རྒྱ་ཆེར་བསྟན་པས་ཀུན་དུ་སོན་ལ། དེའི་ངོ་བོ་ཉིད་དུ་བྱས་ པའི་རྒྱུ་དེས་ན་རླུང་གིས་བསྐྱོད་པའི་བ་དན་གྱི་ཕྲེང་བ་དང་། དྲིལ་བུའི་སྒྲ་སྒྲོགས་པས་ཕྱོགས་ཀུན་ཁྱབ་པ་ཡིན་ནོ། །མེ་ལོང་དྲ་བ་དྲ་ཕྱེད་མེ་ཏོག་གི། །ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་མཉམ་པ་མེད། །ཅེས་བྱ་བ་ལ། མེ་ལོང་དང་དྲ་བ་དང་དྲ་བ་ཕྱེད་པ་དང་། མེ་ཏོག་དང་མེ་ཏོག་ གི་ཕྲེང་བ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་བརྒྱན་པས་ན། མེ་ལོང་དྲ་བ་དྲ་ཕྱེད་མེ་ཏོག་གི། །ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་ཞེས་བྱ་སྟེ། དེ་རྣམས་ཀྱི་མཉམ་པ་མེད་པ་ནི་ཟླ་མེད་པ་སྟེ། མཚུངས་པའི་གཟུགས་བརྙན་དུ་གྱུར་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་འདི་ལྟ་བུར་ གྱུར་པ་ཡིན་ཞེ་ན། ཡེ་ཤེས་མེ་ལོང་དྲི་མེད་བྱང་ཆུབ་ཀྱི། །ཡན་ལག་དྲི་ནི་མེ་ཏོག་ཕུན་སུམ་ཚོགས། །ཞེས་བྱ་བ་གསུངས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཉིད་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི་མེ་ལོང་སྟེ། དེ་ནི་གཟུགས་བརྙན་གྱི་ངོ་བོ་ཉིད་དུ་ཆོས་ཐམས་ ཅད་སྟོན་པའི་ཕྱིར་རོ། །རྟག་ཏུ་དྲི་མ་མེད་པ་ཡང་ཡིན་ལ། བྱང་ཆུབ་ཀྱི་ཡན་ལག་ཀྱང་ཡིན་པས། དྲི་མེད་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་སྟེ། དེ་ཉིད་དྲི་དང་ལྡན་པའི་མེ་ཏོག་རྣམས་སོ། །དེ་ལྟར་ན་ཡེ་ཤེས་ཀྱི་མེ་ལོང་དང་། རྟག་ཏུ་དྲི་མ་མེད་པའི་བྱང་ཆུབ་ཀྱི་ཡན་ལག་གི་ མེ་ཏོག་ནི། ཡེ་ཤེས་མེ་ལོང་དྲི་མེད་བྱང་ཆུབ་ཀྱི། །ཡན་ལག་དྲི་ནི་མེ་ཏོག་ཕུན་སུམ་ཚོགས། །ཞེས་བྱ་སྟེ། དེ་རྣམས་ཀྱི་ཕུན་སུམ་ཚོགས་པ་ནི་དེ་རྣམས་ཀྱི་རྒྱུར་གྱུར་པ་སྟེ། རྒྱུ་དེས་ན་དྲ་བ་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་ཁྱད་པར་དུ་འཕགས་པར་ བལྟ་བར་བྱའོ། །ཀ་བ་བཟང་པོ་བརྒྱད་ཀྱིས་ཉེར་མཛེས་པ། །ཞེས་བྱ་བ་ལ། ཀ་བ་བརྒྱད་ནི་འཁོར་ལོ་ལ་སོགས་པའི་ཀ་བ་སྟེ། དེ་རྣམས་ཀྱིས་མཛེས་པ་ནི་བརྒྱན་པའོ། །བཟང་པོ་ནི་གྲགས་པ་ཐོབ་པའོ། །དེ་གང་གི་ཕྱིར་ཞེ་ན། རྣམ་ཐར་བརྒྱད་པོ་རྣམ་པར་ དག་པ་ཡིན། །ཞེས་བྱ་བ་གསུངས་ཏེ། རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་རྣམས་ལ་བལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ཞེས་བྱ་བ་ནས་འགོག་པའི་སྙོམས་པར་འཇུག་པའི་བར་དུའོ། །དེ་ཉིད་རྣམ་པར་དག་པས་དེ་འདྲ་བ་ཡིན་པར་བལྟ་ བར་བྱའོ། །རྡོ་རྗེའི་ཐིག་དང་ཡང་དག་ལྡན་པ་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཕྲེང་བས་བསྐོར་བའོ། །གང་གི་ཕྱིར་ཞེ་ན། རྡོ་རྗེ་ཐེག་ཆོས་འཁོར་ལོ་རབ་བསྐོར་བའོ། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཐེག་པ་ནི་གསང་སྔགས་ཀྱི་ཐེག་པ་སྟེ། དེས་ཆོས་ཀྱི་འཁོར་ལོ་རབ་ཏུ་ བསྐོར་བའི་ཕྱིར་རོ། །གཟུགས་སོགས་ཡུལ་རྣམས་ཞེས་བྱ་བ་ནི་གཟུགས་དང་སྒྲ་ལ་སོགས་པའོ། །དེ་རྣམས་ཀྱི་རྣམ་པར་དག་པ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའོ། །དེས་ན། བླ་མེད་མཐའ་ཡས་འདོད་པའི་ཡོན་ཏན་ལྔ། །ཞེས་བྱ་བ་ལ་བླ་ན་མེད་པ་ནི་ གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ཚུལ་ཅན་ནོ། །མཐའ་ཡས་པ་ནི་ཚད་མེད་པ་སྟེ། དེ་ལྟ་བུའི་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་གཞལ་ཡས་ཁང་བརྩེགས་མ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མཆོད་པ་ལྔ་ནི་མེ་ཏོག་དང་བདུག་སྤོས་དང་མར་མེ་དང་ བྱུག་པ་དང་ལྷ་བཤོས་ཀྱི་ཚུལ་ཏེ། དེ་རྣམས་ཀྱིས་བརྒྱན་པ་ཡང་ཡིན་ནོ། །དེའི་རྣམ་པར་དག་པ་ནི། ཆོས་དབྱིངས་རྣམ་པར་དག་པའི་རྒྱུ་མཐུན་ཡིན། །ཞེས་བྱ་བ་སྟེ། མཆོད་པ་རྣམ་པ་ལྔས་བརྒྱན་པའི་རྣམ་པར་དག་པ་ནི་དམ་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཚུལ་ཅན་ཏེ། དམ་པའི་ཆོས་ནི་སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པའོ། །དེ་རྣམས་ཀྱི་དབྱིངས་ནི་རིགས་ཡིན་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་སེམས་སོ། །དེའི་རྒྱུ་མཐུན་པ་ནི་འབྲས་ བུར་གྱུར་པས་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ལ། སྣ་ཚོགས་པ་ཡང་ཡིན་ལ། པདྨའི་འདབ་མ་ཡང་ཡིན་པས་ན་སྣ་ཚོགས་པདྨའི་འདབ་མ་སྟེ། དེ་རྣམས་ལ་ཉི་མ་དང་ཟླ་བ་ཅི་རིགས་པར་ལེགས་པར་གནས་པ་ནི། སྣ་ཚོགས་པདྨའི་འདབ་ མར་ལེགས་གནས་པར། །ཉི་ཟླ་ཞེས་བྱ་བ་སྟེ། དེ་རྣམས་ཀྱི་མགོན་དང་བཅས་པ་ནི་གང་དུ་ལྷ་རྣམས་ཀྱི་བཞུགས་གནས་དང་བཅས་པའི་གཞལ་ཡས་ཁང་བརྩེགས་མ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དབུས་དང་ཤར་གྱི་གནས་སུ་ནི་སྣ་ཚོགས་པདྨའི་འདབ་མ་ ལ་ཟླ་བའི་གདན་ལ་གནས་པའི་མགོན་དང་བཅས་པར་བལྟ་བར་བྱའོ། །ལྷོ་ལ་སོགས་པའི་གནས་གསུམ་དུ་ནི་སྣ་ཚོགས་པདྨའི་འདབ་མ་ལ་ཉི་མའི་གདན་ལ་གནས་པའི་མགོན་དང་བཅས་པར་བལྟ་བར་བྱའོ། །སྤྱན་ལ་སོགས་པ་དང་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ ཀྱི་གནས་སུ་ནི་སྣ་ཚོགས་པདྨའི་འདབ་མ་ལ། ཟླ་བ་ལེགས་པར་གནས་པའི་མགོན་དང་བཅས་པར་བལྟ་བར་བྱའོ། །ཁྲོ་བོ་རྣམས་ཀྱི་ནི་སྣ་ཚོགས་པདྨའི་འདབ་མ་ལ་ཉི་མའི་མགོན་དང་བཅས་པར་བལྟ་བར་བྱའོ། །རིན་ཆེན་མ་ལུས་པ་ཡིས་རྣམ་སྤྲས་པ། །ཞེས་བྱ་བ་ལ་ རིན་ཆེན་མ་ལུས་པ་ནི་ཨིནྡྲ་ནཱི་ལ་ལ་སོགས་པ་སྟེ་རིན་པོ་ཆེ་དེ་དག་གིས་རྣམ་པར་སྤྲས་པ་ནི་དེ་ལས་བསྒྲུབས་པ་ཡིན་ཏེ། དེ་ལྟ་བུའི་ཆོས་འབྱུང་བ་གང་ཡིན་པ་དེ་ནི་ཆོས་འབྱུང་བའི་ཕྱག་རྒྱ་དེར་རབ་ཏུ་བསྒྲུབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །བཅུ་དྲུག་ཆ་དང་ཞེས་བྱ་བ་ལ་ སོགས་པ་ལ། དབུས་མའི་གདན་གྱི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་རྒྱས་པ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། བཅུ་དྲུག་ཆ་དང་ཚོགས་ལས་བྱུང་བའི་ཞེས་བྱ་བ་གསུངས་ཏེ། བཅུ་དྲུག་ཆ་ནི་ཨ་ལ་སོགས་པའོ། །ཚོགས་ནི་ཀཱ་ ལ་སོགས་པ་སྟེ། བཅུ་དྲུག་ཆ་དང་ཚོགས་ནི་བཅུ་དྲུག་ཆ་དང་ཚོགས་ཏེ། དེ་རྣམས་ལས་བྱུང་ཞིང་སྐྱེས་པ་གང་ཡིན་པ་དེ་ནི་བཅུ་དྲུག་ཆ་དང་ཚོགས་ལས་བྱུང་བའི་ཞེས་བྱའོ། །འོད་ཟེར་དཔག་ཏུ་མེད་པའི་ཚོགས་ལྡན་པ། །ཞེས་བྱ་བ་ལ། འོད་ ཟེར་ནི་འོད་ཀྱི་ཟེར་དུ་འཕྲོས་པའི་ཚོགས་སོ། །དཔག་ཏུ་མེད་པ་ནི་ཚད་མེད་པ་སྟེ། འོད་ཀྱི་ཚོགས་དཔག་ཏུ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཇི་ལྟར་བསམ་ཞེ་ན། ཆོ་ག་བཞིན་དུ་ཞེས་བྱ་བ་གསུངས་ཏེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམ་པར་ དག་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམ་པར་དག་པའོ་ཞེས་བྱ་བའི་དོན་ཏོ། །དཔལ་མཆོག་དང་པོ་ཞེས་བྱ་བ་ལ་སོགས་པ་ནི་ཟླ་བའི་དཀྱིལ་འཁོར་གཉིས་པ་འདིར་རྡོ་རྗེ་བཟང་པོ་བསམས་ལ། དེའི་ང་རྒྱལ་དང་ལྡན་པར་གྱུར་པར་བྱའོ་ཞེས་བྱ་བར་སྦྱར་རོ། ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། དཔལ་མཆོག་དང་པོའི་ངོ་བོ་སྙིང་པོ་ལས་བྱུང་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་མཆོག་དང་པོ་ནི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའོ། །དེའི་སྙིང་པོ་ནི་ཡི་གེ་ཧཱུཾ་སྟེ། དེ་ལས་ཡང་དག་པར་བྱུང་བས་ན། དཔལ་མཆོག་དང་པོའི་སྙིང་པོ་ལས་བྱུང་བའི་ཞེས་བྱའོ། །ནོར་བུ་དམར་འདྲ་ལ་ཞེས་བྱ་བ་ནི་རིན་པོ་ཆེ་དམར་པོ་སྟེ། དེ་ཉིད་དང་འདྲ་ཞིང་གཟུགས་བརྙན་དུ་གྱུར་པ་གང་ཡིན་པ་དེར་གྱུར་པ་ནི་ནོར་བུ་དམར་འདྲ་ལ་ཞེས་བྱ་སྟེ། པདྨ་རཱ་ག་འདྲ་བ་ཞེས་བྱ་བའི་དོན་ཏོ། །དེ་ ཉིད་ཀྱི་ཁྱད་པར་བསྟན་པའི་ཕྱིར། དཔག་མེད་ཐུབ་པའི་འོད་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔག་ཏུ་མེད་པ་ཡང་ཡིན་ལ། ཐུབ་པའི་དབང་པོ་ཡང་ཡིན་པས་ན་དཔག་མེད་ཐུབ་པའོ། །དཔག་ཏུ་མེད་པའི་ཐུབ་པ་དེ་རྣམས་ཀྱི་འོད་ཀྱི་ཚོགས་རྣམ་པར་ འཕྲོ་བས་ན། དཔག་མེད་ཐུབ་པའི་འོད་ཚོགས་རྣམས་འཕྲོ་བ། །ཞེས་བྱ་སྟེ། དེ་རྣམས་ཀྱི་ཕྱོགས་ཀྱི་སྒོ་མཐའ་ཡས་པ་ཁྱབ་པར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཕྱོགས་ཀྱི་སྒོ་ཀུན་ནས་ཐམས་ཅད་དུ་འདི་འདྲ་བར་གྱུར་པའི་རྡོ་རྗེ་བཟང་པོ་བསམ་པའོ། ། དང་པོའི་སྙིང་པོ་མགོན་བཅས་བསྒོམས་ནས་ནི། །ཞེས་བྱ་བ་ནི་དང་པོའི་སྙིང་པོ་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་སྙིང་པོ་ཡི་གེ་ཧཱུཾ་གི་མགོན་དང་བཅས་པའོ། །ང་རྒྱལ་དོན་ལྡན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དེའི་ང་རྒྱལ་ནི་ང་རྒྱལ་སྟེ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་ བདག་ཉིད་ཅན་གྱི་རྣལ་འབྱོར་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མཐའ་ཡས་པའི་སྤྲུལ་པ་རྣམས་ཀྱིས་འགྲོ་བ་མཆོག་གི་དོན་རྣམས་བྱས་ནས་རྒྱལ་བ་སྐྱེད་པར་བྱེད་པ་ཉིད་ཀྱི་སྐུ་རུ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་མཐའ་ཡས་པ་ཡང་ཡིན་ལ་སྤྲུལ་པ་ ཡང་ཡིན་པས་ན་མཐའ་ཡས་སྤྲུལ་པ་སྟེ། རྡོ་རྗེ་འཛིན་པ་དེ་ལྟ་བུ་དེ་རྣམས་ཀྱིས་འགྲོ་བ་མཆོག་གི་དོན་རྣམས་བྱས་ཤིང་བསྒྲུབས་པར་གྱུར་པ་སྟེ། གང་གིས་ཡང་དག་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཅན་དུ་འདི་དག་གྱུར་པ་ནི་འགྲོ་བ་མཆོག་གི་དོན་རྣམས་ བྱས་གྱུར་ཅིང་། ཞེས་བྱ་བ་སྟེ། རྣལ་འབྱོར་པའོ། །རྒྱལ་བ་སྐྱེད་པར་བྱེད་པ་ཉིད་ཀྱི་སྐུ་ཇི་ལྟར་བསམ་པར་བྱ་ཞེ་ན། ཐུབ་མཆོག་ཕྲ་རབ་ལས་བསྒྲུབས་མཚུངས་མེད་པ། །ཞེས་བྱ་བ་གསུངས་ཏེ། ཐུབ་པ་མཆོག་ཉིད་ཀྱི་ཕྲ་རབ་ནི་ཐུབ་མཆོག་ཕྲ་རབ་སྟེ། དེ་ ལས་བསྒྲུབས་པ་ནི་སྐྱེད་པའོ། །དེ་ཡང་སོ་སོ་སྐྱེ་བོ་རྣམས་ཀྱི་ལུས་ནི་འབྱུང་བ་ཆེན་པོ་བཞིའི་ཕྲ་རབ་ལས་ཡོངས་སུ་བསྒྲུབས་པ་ཡིན་པར་གྲགས་ལ། བཅོམ་ལྡན་འདས་ཀྱི་སྐུ་ནི་ཐུབ་པ་མཆོག་གི་རང་བཞིན་གྱི་ཕྲ་རབ་ལས་རྣམ་པར་བསྒྲུབས་པ་ཡིན་པས་ན་འདི་ནི་ ཐུབ་མཆོག་ཕྲ་རབ་ལས་བསྒྲུབས་པའོ། །མཚུངས་པ་མེད་པ་ནི་མཉམ་པ་མེད་པའོ། །གཞན་ཡང་དེའི་ཁྱད་པར་བསྟན་པའི་ཕྱིར། ཟླ་བ་རྒྱས་འདྲར་དཀར་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་བ་གང་བ་བཞིན་དུ་དཀར་བའི་འོད་ཀྱི་མདངས་དང་ལྡན་ པ་གང་ཡིན་པ་དེ་ནི། ཟླ་བ་རྒྱས་འདྲར་དཀར་བའི་མདངས་ལྡན་ཞིང་། །ཞེས་བྱའོ། །གང་གི་གཡས་པ་དང་གཡོན་པའི་ཞལ་སྔོ་བ་དང་དམར་བ་མངའ་བ་དེ་ནི། གཡས་དང་གཡོན་གྱི་ཞལ་ནི་སྔོ་དང་དམར། །ཞེས་བྱ་སྟེ། ཞལ་དབུས་མ་ཟླ་བ་རྒྱས་པ་དང་འདྲ་ བར་དཀར་བའི་མདངས་དང་ལྡན་པ་ཡིན་ལ་གཡས་དང་གཡོན་གྱི་ཞལ་ནི་སྔོ་དང་དམར་བ་ཡིན་པས་དེ་སྐད་ཅེས་བྱའོ་ཞེས་མཚམས་སྦྱར་བར་བྱའོ། །སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། སྣ་ཚོགས་པའི་རྒྱན་ཏེ་གདུ་བུ་ལ་སོགས་པའི་ རྒྱན་རྣམས་ཕྱག་གཉིས་པོ་གང་འབར་བར་གྱུར་པ་དེ་ནི། སྣ་ཚོགས་རྒྱན་རྣམས་འབར་བའི་ཕྱག་གཉིས་ཀྱིས། །ཞེས་བྱ་སྟེ། སྣ་ཚོགས་པའི་རྒྱན་རྣམས་འབར་བ་ཡང་ཡིན་ལ་ཕྱག་གཉིས་ཀྱང་ཡིན་པས། སྣ་ཚོགས་རྒྱན་རྣམས་འབར་བའི་ཕྱག་གཉིས་ཀྱིས། ། ཞེས་བྱ་སྟེ། དེས་རིག་པ་དམ་པ་འཁྱུད་པར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་ཡང་ཁྱད་པར་ཇི་ལྟ་བུ་ཞེ་ན། ལྷག་མའི་ཕྱག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལས་ལྷག་མའི་ཕྱག་སྟེ། དེ་དག་གི་ལྷག་མ་རྣམས་ཀྱིས་རྡོ་རྗེ་ དང་། རལ་གྲི་དང་། རིན་པོ་ཆེ་དང་། པདྨ་དག་བསྣམས་པར་མཛད་པ་དག་གང་ཡིན་པ་དེ་ནི་ལྷག་མའི་ཕྱག་གིས་རྡོ་རྗེ་རལ་གྲི་དང་པདྨ་རིན་ཆེན་བསྣམས་པ་ཞེས་བྱའོ། །ཟུང་གཉིས་མཛེས་ཞེས་བྱ་བ་ནི་ཕྱག་ལྷག་མ་ཟུང་གཉིས་པོ་དག་ན་རྡོ་རྗེ་དང་། རལ་གྲི་དང་། པདྨ་དང་། ནོར་བུ་བསྣམས་པས་མཛེས་པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་དེ་དག་གི་ཁྱད་པར་བསྟན་པའི་ཕྱིར། ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་གྱི་ཁོངས་ནི་ཁམས་གསུམ་གྱི་ནམ་མཁའ་སྟེ། དེ་རྣམ་པར་བརྒྱན་པས་ན་ ཁམས་གསུམ་ཁོངས་ནི་རྣམ་པར་བརྒྱན་པའི་ཞེས་བྱའོ། །ཐུབ་པའི་འོད་ཚོགས་ནི་ཐུབ་པའི་འོད་ཟེར་ཏེ་དེ་རྣམས་ཀྱི་ཚོགས་སོ། །དུ་མ་ནི་རྣམ་པ་སྣ་ཚོགས་པ་སྟེ། དེ་རྣམ་པར་འགྱེད་པས་ན། ཐུབ་པའི་འོད་ཚོགས་དུ་མ་རྣམ་པར་འགྱེད། །ཅེས་བྱའོ། །རྣམ་ པར་ཐར་པའི་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་ཐར་པའི་སྒོ་གསུམ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་མཚན་ཉིད་དོ། །དེ་ཉིད་ནི་རྣམ་པར་དག་པ་ཡིན་ལ། དེས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཏེ། ཤེས་རབ་དང་ཐབས་གཉིས་སུ་ མེད་པའི་མཚན་ཉིད་ཅན་དེའི་བདག་ཏུ་བསམ་མོ་ཞེས་བྱ་བར་སྦྱར་རོ། །སྙིང་རྗེ་མཆོག་ནི་ཐུགས་རྗེ་ཆེན་པོའི་མཚན་ཉིད་ཅན་གང་ཡིན་པ་དེ་ལ་སྙིང་རྗེ་མཆོག་ཅེས་བཤད་དོ། །དེ་ནི་མ་ལུས་པའི་འགྲོ་བ་འདི་དག་ནི་གཅིག་ཏུ་དེ་ཁོ་ན་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ མཚན་ཉིད་ཅན་ནོ་ཞེས་བྱ་བས་ནི། མ་ལུས་འགྲོ་བའི་དེ་ཉིད་གཅིག་པུ་ཉིད། །ཅེས་བྱ་སྟེ། དེ་ནི་རྒྱལ་བ་རྣམས་ཀྱི་སྐྱེད་པ་པོ་ཡིན་པས། རྒྱལ་བ་སྐྱེད་བྱེད་དེ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྟེ། བཅོམ་ལྡན་འདས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་སྐུ་ནི་རང་གི་ངོ་བོ་ཉིད་དེ། དེ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། མཆོག་ཏུ་རྗེས་ཆགས་ཞེས་བྱ་བ་ནི། མཆོག་ཏུ་དགའ་བའི་བདེ་བ་སྟེ། དེའི་ཕུན་སུམ་ཚོགས་པ་ཡིན་ ལ། དེས་གདུལ་བྱའི་འཇིག་རྟེན་ཐམས་ཅད་དེ། ཁམས་གསུམ་པར་གཏོགས་པ་རྣམས་དམིགས་ལ། རྒྱལ་བའི་ཚོགས་རྣམས་མ་ལུས་པ་གཞུག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དགའ་བའི་སྒྱུ་མའི་སྒྲ་ཡིས་ཞེས་བྱ་བ་ལ་དགའ་བ་ནི་རབ་ཏུ་དགའ་བ་སྟེ་རྡོ་རྗེ་ པདྨ་སྒྱུ་མ་ལྟ་བུར་སོ་སོར་སྣང་བ་ཙམ་གྱི་སྒྲ་ནི་དགའ་བའི་སྒྱུ་མའི་སྒྲ་སྟེ། དེས་ནང་གི་ལུས་ཀྱི་དབུས་སུ་རྒྱལ་བའི་ཚོགས་རྣམས་ཞེས་བྱ་བ་རྒྱལ་བའི་ཚོགས་རྣམས་མ་ལུས་པ་སྟེ། ལྷག་མ་མེད་པར་ཞུགས་པར་བྱའོ། །དེ་ནི་སྤྱན་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་བའི་ཚོགས་དེ་ནི་སྤྱན་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཕྱུང་ནས། རིག་མ་དེ་དག་ཐམས་ཅད་རང་གི་རིག་མའི་ནང་དུ་ཆུད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་སྤྱན་ལ་སོགས་པའི་ལྷ་མོ་དང་གཟུགས་རྡོ་རྗེ་ལ་སོགས་པ་མ་ལུས་པ་ཡུལ་ཡིན་ན། སྤྱན་ལ་སོགས་ པའི་ལྷ་མོ་དང་གཟུགས་ལ་སོགས་པ་མ་ལུས་ཡུལ་གྱིས་ཞེས་བྱ་སྟེ། དེ་རྣམས་ཀྱི་རང་བཞིན་གྱིས་ཕྱུང་ཞིང་བཏོན་ནས་རིག་མ་ཐམས་ཅད་དེ། སྤྱན་ལ་སོགས་པ་དང་། གཟུགས་ལ་སོགས་པའི་ལྷ་མོ་དགུ་པོ་རང་གི་རིག་མ་ཞེས་བྱ་བ། རང་གི་སོ་སོར་སྣང་བའི་ རིག་མ་དེའི་ནང་དུ་ཆུད་པར་བྱའོ། །དེའི་པདྨ་ཞེས་བྱ་བ་ལ་སོགས་པ་ལ། དེའི་པདྨ་ནི་དེ་ཉིད་ཀྱི་པདྨའོ། །དེའི་ལྟེ་བ་ནི་དབུས་ཀྱི་ལྟེ་བ་སྟེ། དེའི་ནང་དུ་ཞེས་བྱ་བ་དབུས་སུ་དཀྱིལ་འཁོར་བསམས་ནས་འགྲོ་བའི་ཚོགས་དེར་གཞུག་པར་བྱའོ་ཞེས་བྱ་ བར་སྦྱར་རོ། །དཀྱིལ་འཁོར་ཁྱད་པར་ཅན་ཇི་ལྟ་བུ་ཞེ་ན། དྲི་མེད་ཟླ་ཟེར་ལས་བྱུང་ཞེས་བྱ་བ་གསུངས་ཏེ་དྲི་མ་མེད་པའི་ཟླ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་ཉིད་ནི་འོད་ཟེར་དང་ཆོས་མཐུན་པས་འོད་ཟེར་རོ། །དེ་ལས་བྱུང་བ་ནི་སྐྱེས་པའོ། །བསམ་པ་ནི་བསྒོམ་པ་སྟེ། དཀྱིལ་འཁོར་དེར་བློ་ཡིས་འགྲོ་བའི་ཚོགས་རྣམས་ཏེ། སེམས་ཅན་ཐམས་ཅད་རབ་ཏུ་གཞུག་པར་བྱའོ། །གསང་བའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ཟླ་བ་ཞུ་བའི་གཟུགས་སུ་གྱུར་པ་ནི། གང་དེ་ལྟར་གྱུར་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྒྱལ་བའི་ཚོགས་ ཟླ་བ་ཞུ་བའི་གཟུགས་སུ་གྱུར་པ་དེས་འགྲོ་བའི་ཚོགས་དེ་རྣམས་དབང་བསྐུར་བར་བྱའོ་ཞེས་བྱ་བར་སྦྱར་རོ། །གསང་བ་ཡང་ཡིན་ལ་རྡོ་རྗེ་དམ་པ་ཡང་ཡིན་པས་གསང་བའི་རྡོ་རྗེ་སྟེ། དེའི་དབུས་སུ་རྣམ་པར་སྣང་མཛད་ལ་སོགས་པ་རྒྱལ་བའི་ཚོགས་རྣམས་གཞུག་ པར་བྱ་སྟེ། རང་གི་ལུས་ལ་བཅུག་ནས། ཟླ་བ་ཞུ་བའི་གཟུགས་སུ་གྱུར་པ་དང་། །ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་སུ་གྱུར་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རྒྱལ་བའི་ཚོགས་ཀྱིས་དབང་བསྐུར་ཞིང་དེ་རྣམས་ཕྱིས་རྗེས་སུ་གཞུག་པར་བྱའོ། །ད་ནི་དབང་བསྐུར་ བ་རྣམས་ཀྱི་མིག་ལ་སོགས་པ་རྣམ་པར་དག་པ་བསྟན་པར་བྱ་བའི་ཕྱིར། སའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་སའི་སྙིང་པོ་ལ་སོགས་པ་ས་བོན་རྣམས་ལས་བྱུང་ཞིང་བཏོན་ནས། བྱིན་གྱིས་བརླབ་པའི་བར་ བྱའོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཀྱང་དབྱུང་བར་བྱའོ་ཞེས་བྱ་བར་སྦྱར་བ་དང་། དེ་བཞིན་དུ་སྤྱན་ལ་སོགས་པར་གྲགས་པ་རྣམས་ཀྱང་ས་བོན་རྣམས་ལས་དབྱུང་བར་བྱའོ་ཞེས་བྱ་བར་སྦྱར་བ་དང་། དེ་བཞིན་དུ་རྣམ་པར་ སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་རང་གི་ས་བོན་རྣམས་ལས་འབྱུང་ཞིང་གདོན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། གཟུགས་དང་ཞེས་བྱ་བ་ལ་སོགས་པ་སྟེ་གཟུགས་ནི་གཟུགས་ཀྱི་ཕུང་པོའོ། །ཚོར་བ་ནི་ཚོར་བའི་ཕུང་ པོའོ། །འདུ་ཤེས་ནི་འདུ་ཤེས་ཀྱི་ཕུང་པོའོ། །འདུ་བྱེད་ནི་འདུ་བྱེད་ཀྱི་ཕུང་པོའོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། དེ་དག་ཏུ་བཤད་པ་ནི་དེ་དག་གི་ངོ་བོ་ཉིད་དུ་གསུངས་པ་སྟེ། དེ་ཡང་ལུང་ལས། ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་ རྒྱས་ལྔར་ནི་རབ་ཏུ་བཤད། །ཅེས་གསུངས་པའི་ཕྱིར་རོ། །དེ་རྗེས་ཞེས་བྱ་བ་ནི་དབང་བསྐུར་བའི་རྗེས་ཐོགས་ལའོ། །ས་བོན་གྱིས་ནི་དབྱུང་བར་བྱ། །ཞེས་པ་ནི་འོག་ནས་བཤད་པའི་ས་བོན་རྣམས་ཀྱིས་དབྱུང་བར་བྱའོ། །དེ་རྣམས་ཀྱི་ས་བོན་རྣམས་གང་ཡིན་ ཞེ་ན། ཀྵིཾ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ནི་འོག་ན་བཤད་མ་ཐག་པའི་ལྷ་རྣམས་དང་རིམ་བཞིན་དུ་སྦྱར་བར་བལྟ་བར་བྱའོ། །མིག་ལ་སོགས་པ་ཞེས་པ་ནི་མིག་ལ་སོགས་པའི་ངོ་བོ་ཉིད་ནི་སའི་སྙིང་པོ་ལ་སོགས་པ་ཉིད་དོ། །གཟུགས་ལ་སོགས་པ་ ཡུལ་གྱི་ངོ་བོ་ཉིད་ནི་གཟུགས་རྡོ་རྗེ་ལ་སོགས་པའོ། །འབྱུང་བ་ཆེན་པོ་བཞིའི་ངོ་བོ་ཉིད་ནི་སྤྱན་ལ་སོགས་པར་བཤད་པ་ཉིད་དོ། །རྟག་པ་ལ་སོགས་པའི་འོ་ཞེས་བྱ་བ་ལ་རྟག་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ། དེ་ལ་སོགས་པ་གང་ཡིན་པ་དེ་ནི་རྟག་པ་ལ་ སོགས་པའི་ཞེས་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ལ་འོད་ལྡན་ཧོཿདང་སྤེལ་བ་ཞེས་བྱ་བ་ནི། འོད་དང་ལྡན་པ་ཡང་ཡིན་ལ། ཧོཿཡང་ཡིན་པས་ན་འོད་ལྡན་ཧོཿསྟེ། དེ་དག་དང་སྤེལ་བ་ནི་དབུས་སུ་ཆུད་པར་བྱས་པ་དེ་ལ་འོད་ལྡན་ཧོཿདང་སྤེལ་བ་ཞེས་བྱའོ། ། ཆོ་ག་བཞིན་ཞེས་བྱ་བ་ནི་གཉིས་པོ་དག་གིས་སོ། །པདྨའི་ནང་ན་གནས་པ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་ལྷ་མོའི་པདྨའི་ནང་དུ་བཞུགས་པའོ། །མཉམ་པ་མེད་པ་ཤེས་རབ་ཆགས་པས་ཞུ་བར་བྱས་པར་ཞེས་བྱ་བ་ལ་ཤེས་རབ་ནི་རྡོ་རྗེ་སེམས་དཔའི་ལྷ་མོ་སྟེ། དེའི་ ཆགས་པ་ནི་ཤེས་རབ་ཆགས་པའོ། །དེ་ཡང་ཕྱིན་ཅི་མ་ལོག་པའི་བློས་རྟོགས་ཤིང་ཆུད་པའི་ཚུལ་ལོ། །མངལ་ནས་སྐྱེ་བའི་རིམ་པ་ལ་ལྟོས་ནས་འདི་སྐད་དུ་བཤད་པ་ཡིན་ཏེ། མཉམ་པ་མེད་པ་ཡང་ཡིན་ལ། ཤེས་རབ་ཀྱང་ཡིན་པས་མཉམ་ མེད་ཤེས་རབ་ཆགས་པ་སྟེ། དེས་ཞུ་བར་བྱས་པའི་ཡི་གེའི་བདག་ཉིད་ཅན་གྱི་སེམས་སུ་རྣལ་འབྱོར་པ་བདག་ཉིད་བསམས་ཏེ། ཞུ་བར་གྱུར་པའི་སེམས་དེའི་འོད་ཀྱི་མཐུ་སྟེ། ནུས་པས་གཉི་ག་ཡང་སྟེ། རྡོ་རྗེ་སེམས་དཔའ་དང་དེའི་སོ་སོར་སྣང་བའི་རིག་ པ་དག་ཟླ་བའི་རྣམ་པར་ཞུ་བར་བྱས་པར་མཐོང་བ་དང་། འོག་ནས་བཤད་པའི་མཱ་མ་ཀཱི་ལ་སོགས་པས་གླུའི་སྒྲས་བསྐུལ་བར་བསམ་པར་བྱའོ། །སེམས་ཅན་ཁམས་ན་ཞེས་བྱ་བ་ལ་བཅོམ་ལྡན་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒོ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ ཤེས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་དུ་གྱུར་པས་རྡོ་རྗེ་ཐུགས་ཞེས་བོས་པ་སྟེ། ཀྱེ་རྡོ་རྗེའི་ཐུགས་མི་ཕྱེད་པའི་ཐུགས་དང་ལྡན་པ་ཁྱོད་བདག་ལ་དགྱེས་པར་མཛད་དུ་གསོལ་ཞེས་བྱ་བར་སྦྱར་རོ། །སེམས་ཅན་ཁམས་ན་གནས་པའི་དབང་ཕྱུག་ཅེས་བྱ་བ་ནི། གཙོ་ བོར་གྱུར་པས་བསྐྱབ་ཏུ་གསོལ། །ཞེས་པའོ། །གང་གིས་ཤེ་ན། དགའ་བའི་ཡིད་འོང་དོན་ཆེན་འདོད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བ་ནི་མཆོག་ཏུ་དགའ་སྟེ་དགའ་བའོ། །ཡིད་འོང་ནི་ཡིད་རབ་ཏུ་ཚིམ་པར་བྱེད་པའོ། །དོན་ཆེན་ནི་བླ་ན་ མེད་པ་ཆེན་པོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་དོན་གང་ཡིན་པ་དེ་ནི་དོན་ཆེན་ནོ། །འདོད་པ་ནི་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་སྟེ། དེ་རྣམས་ཀྱིས་བདག་ལ་བསྐྱབ་ཏུ་གསོལ་ཞེས་བྱ་བ་ནི་བདག་ལ་དགྱེས་པར་མཛད་དུ་གསོལ་ ཞེས་བྱའོ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཞེས་བྱ་བ་ནི། གལ་ཏེ་བདག་གསོན་པར་བཞེད་ན། བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་ཉིད་དུ་འབྱུང་བ་ཆེན་པོ་རྣམ་པར་དག་པའི་གཟུགས་སུ་མ་མཛད་ནས། མཱ་མ་ཀཱི་ལ་ སོགས་པའི་ལྷ་མོ་རྣམས་མི་སྲིད་པར་གྱུར་པས་སོ། །སེམས་ཅན་ཡབ་ཆེན་གཉེན་མཆོག་ཅེས་བྱ་བ་ནི། ཀྱེ་སེམས་ཅན་རྣམས་སྐྱེད་པར་མཛད་པ་ཆེན་པོ་གཉེན་གྱི་མཆོག་ཅེས་བོད་པའོ། །ད་ནི་རང་གི་རིགས་ཀྱི་བདག་པོའི་སྒོ་ནས་སྤྱན་ལ་སོགས་པའི་ལྷ་མོ། རྡོ་ རྗེ་སྐུ་ཁྱོད་ཅེས་བྱ་བ་ལ་སོགས་པས་སྐུལ་བར་བྱེད་དོ། །བཅོམ་ལྡན་འདས་སྐུ་རྡོ་རྗེ་སྐུའི་སྒོ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པས་རྡོ་རྗེ་སྐུ་ཁྱོད་ཅེས་བོས་པ་སྟེ། ཀྱེ་རྡོ་རྗེའི་སྐུ་ཁྱོད་བདག་ལ་དགྱེས་པར་མཛད་དུ་གསོལ། །ཞེས་བྱ་བར་སྦྱར་རོ། །བཀའི་ འཁོར་ལོ་ཞེས་བྱ་བ་ནི་བཀའ་ཉིད་ཀྱི་འཁོར་ལོ་གང་ལ་མངའ་བ་དེ་ནི་བཀའི་འཁོར་ལོ་སྟེ། བཀའི་འཁོར་ལོས་སྒྱུར་བ་ཞེས་བྱ་བའི་བར་དུའོ། །སེམས་ཅན་ཀུན་ལ་ཕན་པར་མཛད་པ་ནི་ཚིམ་པར་མཛད་པའོ། །སངས་རྒྱས་ཉིད་ཀྱི་དོན་དང་བྱང་ཆུབ་དང་། དོན་དམ་པ་ནི་ཡེ་ཤེས་ཀྱི་མཚན་ཉིད་དེ། སངས་རྒྱས་པའི་དོན་དུ་བྱང་ཆུབ་དོན་དམ་ཕན་པར་རྗེས་སུ་གཟིགས་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི། སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་ཕན་པར་གཟིགས། །ཞེས་བྱའོ། །མགོན་པོ་གལ་ཏེ་དེ་རིང་བདག་ ནི་གསོན་པར་མཆིས་བཞེད་ན། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །འདོད་ཆགས་ནི་མཆོག་ཏུ་དགའ་བའི་བདེ་བ་ཡིན་ལ། འདོད་ཆགས་དམ་ཚིག་ནི་འདོད་ཆགས་ཉིད་དམ་ཚིག་ཏུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བདག་ཅེས་བྱ་བ་ནི་ བདག་འདི་འདྲ་བ་ལའོ། །དགྱེས་པར་མཛད་དུ་གསོལ་ཞེས་བྱ་བ་ནི་མཆོག་ཏུ་དགྱེས་པར་མཛད་དུ་གསོལ་ཞེས་པའོ། །ད་ནི་ཁྱོད་ནི་རྡོ་རྗེ་གསུང་སྟེ་ཞེས་བྱ་བ་ལ་སོགས་པས། ན་བཟའ་དཀར་མོ་རང་གི་རིགས་ཀྱི་བདག་པོའི་སྒོ་ནས་ཡང་དག་པར་སྐུལ་བར་བྱེད་དེ། ཁྱོད་ ནི་རྡོ་རྗེ་གསུང་སྟེ་ཞེས་བྱ་བ་ནི། གསུང་རྡོ་རྗེའི་སྒོ་ནས་བཅོམ་ལྡན་འདས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པས་རྡོ་རྗེ་གསུང་ཁྱོད་ཅེས་བོད་པ་སྟེ། ཀྱེ་རྡོ་རྗེའི་གསུང་ཁྱོད་བདག་ལ་དགྱེས་པར་མཛད་དུ་གསོལ། །ཞེས་བྱ་བར་སྦྱར་རོ། །སེམས་ཅན་ཐམས་ཅད་ལ་ ཕན་ཞིང་ཐུགས་བརྩེ་བའི་ངང་ཚུལ་གང་ཡིན་པ་དེ་ནི་ཀུན་ལ་ཕན་ཞིང་ཐུགས་བརྩེ་བའོ། །འཇིག་རྟེན་དག་གི་དོན་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་དོ། །དགོས་པ་ནི་འཇིག་རྟེན་པའི་བདེ་བ་ཕུན་སུམ་ཚོགས་པའི་མཚན་ཉིད་ཅན་ཏེ། དེ་མཛད་པ་ལ་རྟག་ཏུ་ཡང་དག་པར་བརྩོན་པར་མཛད་པས་ན། འཇིག་རྟེན་དག་གི་དོན་དང་དགོས་པ་མཛད་ལ་རབ་ཏུ་བརྩོན་ཞེས་བྱའོ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །དགའ་བ་ནི་མཆོག་ ཏུ་དགའ་བའི་བདེ་བའོ། །དེ་ཉིད་ནི་སྤྱོད་པ་སྟེ། བྱང་ཆུབ་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི་དགའ་བའི་སྤྱོད་པ་ཞེས་བྱའོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ནི། ཀུན་ནས་བཟང་ཞིང་དགེ་བ་མངའ་བས་ན་ཀུན་དུ་བཟང་པོའོ། །ད་ནི་ཁྱོད་ནི་རྡོ་རྗེ་འདོད་པ་ཞེས་བྱ་བ་ལ་སོགས་པས་ སྒྲོལ་མ་རང་གི་རིགས་ཀྱི་སྒོ་ནས་སྐུལ་བར་བྱེད་དེ། རྡོ་རྗེ་འདོད་པ་ཞེས་བྱ་བ་ནི་ཀུན་ནས་བཟང་ཞིང་རྡོ་རྗེར་གྱུར་ཅིང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པའི་འདོད་པའི་ཡོན་ཏན་ལྔ་པོ་གང་ཡིན་པ་དེ་ནི་རྡོ་རྗེའི་འདོད་པ་སྟེ། དེ་ལ་འདི་ལྟར་བོད་པ་ནི་ཀྱེ་རྡོ་རྗེ་འདོད་པ་ ཁྱོད་བདག་ལ་དགྱེས་པར་མཛོད་ཅིག་ཅེས་བྱ་བར་སྦྱར་རོ། །དམ་ཚིག་ནི་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེ་ཉིད་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ན་དམ་ཚིག་མཆོག་གོ། །ཕན་དོན་ཆེ་ཞེས་བྱ་བ་ནི། ཕན་པ་ རྒྱ་ཆེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་དོན་གང་ལས་བྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རིགས་ཏེ། དེ་ལ་ཐིག་ལེར་གྱུར་པས་ན་ མཆོག་གོ། །མཉམ་པ་ནི་ཆོས་ཐམས་ཅད་བདག་མེད་པས་སྟོང་པ་ཉིད་ཀྱི་རྗེས་སུ་ཐུགས་བརྩེ་བ་གང་ཡིན་པ་དེ་ནི་མཉམ་པ་ཉིད་ཐུགས་བརྩེ་བའོ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཞེས་བྱ་བ་ནི་སྔར་བཤད་པར་ཟད་དོ། །ཡོན་ ཏན་རིན་ཆེན་མང་པོའི་གཏེར་གྱུར་ཅེས་བྱ་བ་ནི། ཡོན་ཏན་རིན་ཆེན་མང་པོའི་ངོ་བོ་ཉིད་ཀྱི་འབྱུང་གནས་སུ་གྱུར་པའོ། །གླུ་ཡི་ངོ་རུ་བྱས་པས་ན། །ཞེས་བྱ་བ་ནི་བཤད་མ་ཐག་པའི་གླུའི་ངོར་བྱས་པའོ། །ཆོས་ཀུན་སྒྱུ་མ་ལྟ་བུར་ཡང་དག་རིག །ཅེས་བྱ་བ་ནི་འཁོར་བ་ དང་མྱ་ངན་ལས་འདས་པ་སྒྱུ་མ་དང་མཚུངས་པར་བསྒྲུབས་པ་སྟེ། གང་འདི་མྱ་ངན་ལས་འདས་པ་སྟེ། ཡང་རྣམ་པར་དཔྱད་ན་དངོས་པོ་མེད་པ་ཡིན་ལ། འཁོར་བ་ཡང་དེ་དང་མཚུངས་པའི་ཕྱིར། སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་སྦྱོར་ བའི་དོན་ཏོ། །སྣང་བའི་འོད་ཟེར་གྱི་ནི་དཀྱིལ་འཁོར་ཅན། །རང་གི་སྔགས་ཀྱི་ལུས་སུ་རང་ཉིད་གྱུར། །ཅེས་བྱ་བ་ལ། སྣང་བའི་འོད་ཟེར་ཞེས་བྱ་བ་ནི་སྣང་བ་དང་ལྡན་པའི་འོད་ཟེར་ཅན་ཡིན་ལ། དེ་རྣམས་ཀྱི་དཀྱིལ་འཁོར་ནི་ཚོགས་ཏེ། དེ་གང་ལ་ཡོད་ པའི་རང་གི་སྔགས་སུ་གྱུར་པ་དེ་ནི། སྣང་བའི་འོད་ཟེར་གྱིས་བརྒྱན་པའི་རང་གི་སྔགས་ཀྱི་ལུས་སུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རང་ཉིད་གྱུར་ཅེས་བྱ་བ་ནི། དེ་ལྟ་བུར་རྣལ་འབྱོར་པ་བདག་ཉིད་གྱུར་པ་སྟེ། ཞུ་བ་ལས་ཡོངས་སུ་གྱུར་པའི་ཡི་གེ་མཾ་ ལས་གྱུར་པའི་རལ་གྲིའི་ཆང་གཟུངས་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་འདུག་པའི་ཡི་གེ་མཾ་དུ་གནས་པའི་གཟུགས་སུ་རང་ཉིད་དུ་གྱུར་ཅེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ལ་སོགས་པ་ལ། རང་གི་སྔགས་ཀྱི་ལུས་མཾ་གྱི་བདག་ཉིད་ཅན་གང་ཡིན་པ་དེར་རང་གི་ ལྷའི་རྣམ་པར་སྤྲུལ་པའི་ཐུབ་པའི་དབང་པོ་ཞུགས་པ་དང་། དཔལ་འཇམ་པའི་རྡོ་རྗེར་གྱུར་ཏོ་ཞེས་བྱ་བར་སྦྱར་རོ། །འདིར་མན་ངག་ནི་ཡི་གེ་མཾ་གྱི་འོད་ཟེར་ལས་བྱུང་བའི་འཇམ་པའི་རྡོ་རྗེ་ལྟ་བུར་མཾ་གྱི་ནང་དུ་བཅུག་ལ། དེ་ཡོངས་སུ་གྱུར་པ་ལས་འཇམ་པའི་ རྡོ་རྗེའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱ་བ་ཡིན་ནོ། །དཔལ་ལྡན་ཞེས་བྱ་བ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའོ། །འཇམ་པའི་རྡོ་རྗེ་ཞེས་བྱར་འགྱུར། །ཞེས་བྱ་བ་ནི། འོག་ནས་བཤད་པའི་ཚུལ་ཅན་གྱི་འཇམ་པའི་རྡོ་རྗེར་གྱུར་པའོ། །གུར་ ཀུམ་བཟང་པོའི་མདོག་ཅན་ཞེས་བྱ་བ་ནི། གུར་ཀུམ་བཟང་པོ་ལྟ་བུར་དམར་བའི་མདོག་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཡས་དང་གཡོན་པའི་ཞལ་ནི་སྔོ་དང་དཀར་བའི་མདོག་ཅེས་བྱ་བ་ལ་གཡས་པའི་ཞལ་དང་གཡོན་པའི་ཞལ་ནི་ གཡས་དང་གཡོན་པའི་ཞལ་ཏེ་དེ་ནི་སྔོ་དང་དཀར་བའི་མདོག་ཅན་དུ་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྣ་ཚོགས་རྒྱན་ཞེས་བྱ་བ་ནི་གདུ་བུ་དང་དཔུང་རྒྱན་ལ་སོགས་པ་སྟེ། དེ་དག་གིས་བརྒྱན་པས་ན། སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན་པའི་ཞེས་བྱའོ། ། ཕྱག་གཉིས་ཤེས་རབ་དམ་པ་ལ་འཁྱུད་པ་དང་ཞེས་བྱ་བ་ནི། རང་རིག་པའི་ཤེས་རབ་དང་མི་འབྲལ་བའི་ངང་ཚུལ་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྣ་ཚོགས་པའི་རྒྱན་གྱིས་རྣམ་པར་བརྒྱན་པ་ཡང་ཡིན་ལ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ་ ཡིན་ནོ། །ཞེས་མཚམས་སྦྱར་བར་བྱའོ། །མདངས་ལྡན་ཞེས་བྱ་བ་ནི། རལ་གྲི་དང་མདའ་མདངས་དང་ལྡན་པ་བསྣམས་པའོ། །གཞན་ཡང་ཨུཏྤལ་སྔོན་པོ་དང་། གཞུ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །མཐའ་ཡས་པ་ནི་ཚད་མེད་པའོ། །འོད་ ནི་འོད་ཟེར་རོ། །མ་ལུས་རིགས་རྣམས་འཕྲོ་བས་རྣམ་བརྒྱན་ཞིང་། །ཞེས་བྱ་བ་ལ། མ་ལུས་པའི་རིགས་རྣམས་རྣམ་པར་འཕྲོ་བའི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་རྣམ་པར་འཕྲོ་བ་སྟེ། དེས་ནམ་མཁའི་ཁམས་མ་ལུས་པའི་དཀྱིལ་འཁོར་བརྒྱན་པ་ གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐྱོབ་པ་ཞེས་བྱ་བ་ནི་སྐྱོབ་པར་མཛད་པ་སྟེ། ལྟ་བ་བཟང་པོའི་ལམ་སྟོན་པ་སྟེ། འདི་ལ་མངའ་བས་ན་སྐྱོབ་པའོ། །དངོས་རྣམས་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་ཐམས་ཅད་ནི་དངོས་པོའམ་ངོ་བོ་ཉིད་མེད་པ་སྟེ། གཟུང་བ་ཞེས་བྱ་བ་ནི་ཕྱིའི་དངོས་པོ་རྣམས་དང་། འཛིན་པ་ཞེས་བྱ་བ་རྣམ་པར་ཤེས་པ་ནང་ན་ཡོངས་སུ་གསལ་བའི་རང་བཞིན་ཅན་ཏེ། དེ་དག་དང་བྲལ་བ་ནི་མེད་པའོ། །དེ་ལྟར་ན་དངོས་པོ་མ་ལུས་པ་དངོས་པོ་མེད་ཅིང་ངོ་བོ་ཉིད་མེད་པར་ཤེས་ནས་བྱིན་གྱིས་ བརླབ་པ་སྟེ་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་བྱང་བ་ལ་མངོན་པར་ཞེན་པ་ནི། མེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་བྱང་བ་ནི་མྱ་ངན་ལས་འདས་པའོ། །དེ་ལ་མངོན་པར་ཞེན་པ་ནི། ཀུན་ དུ་ཆགས་པ་སྟེ་དེ་མེད་པ་ནི་བྲལ་བའོ། །དེའི་དོན་དུ་བྱིན་གྱིས་བརླབ་པ་ནི་འོག་ནས་བཤད་པའི་ཨོཾ་ཞེས་བྱ་བ་ལ་སོགས་པའོ། །འདི་དག་ནི་བསྙེན་པ་ཞེས་བྱ་བའི་ཡན་ལག་སྟེ། འདིའི་འབྲས་བུ་ནི་རྒྱུ་མཐུན་པ་ཆུང་ངུ་ཞེས་བྱའོ། །དེ་འོག་ཅེས་བྱ་བ་ལ་སོགས་པ་ ལ། དེའི་འོག་ཏུ་སྟེ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་རྗེས་ཐོགས་ལའོ། །མིག་ལ་སོགས་པ་སའི་སྙིང་པོ་ལ་སོགས་པས་བཀང་ནས་ཐུགས་རྡོ་རྗེ་ལ་སོགས་པ་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །སའི་སྙིང་པོ་ལ་སོགས་པ་ཁྱད་པར་ཇི་ལྟ་བུ་ཞིག་གིས་ཤེ་ན། རང་སྙིང་ས་བོན་འོད་རྣམས་ཀྱིས། །ཞེས་བྱ་བ་གསུངས་ཏེ། རང་ཞེས་བྱ་བ་བདག་ཉིད་ཀྱི་སྟེ། སྙིང་པོ་སྔར་བཤད་པའི་ཀྵིཾ་ཞེས་བྱ་བ་ལ་སོགས་པའི་གཟུགས་ཅན་ཡིན་པར་བལྟ་བར་བྱ་སྟེ། དེ་ཉིད་ཀྵིཾ་ལ་སོགས་པའི་ས་བོན་རྣམས་ཀྱི་གཟུགས་ཅན་སའི་སྙིང་པོ་ ལ་སོགས་པས་ཞེས་བྱ་བའི་དོན་ཏོ། །ཇི་བཞིན་བཀང་ནས་ཞེས་བྱ་བ་ནི། བདག་ཉིད་ཀྱི་ས་བོན་གང་དང་གང་ཡིན་པ་དེ་དང་དེས་དེ་བཞིན་དུ་ཡང་དག་པར་དགང་ངོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཉེ་བར་བསྒྲུབ་པའི་ཡན་ལག་བཤད་པ་ཡིན་ཏེ། དེའི་འབྲས་བུ་ནི་ རྣམ་པར་སྨིན་པ་ཆུང་ངུ་ཞེས་བྱའོ། །དྲི་མེད་རང་སྙིང་ཟླ་བའི་ཞེས་བྱ་བ་ལ་སོགས་པ་ལ་དྲི་མ་མེད་པ་ཡང་ཡིན་ལ་རང་གི་སྙིང་གའི་ཟླ་བ་ཡང་ཡིན་པས་དྲི་མེད་རང་སྙིང་ཟླ་བ་སྟེ། དེར་རྡོ་རྗེའི་ལྟེ་བའི་དབུས་ན་གནས་པའི་ཧཱུཾ་ལས་རང་གི་མཚན་མ་ལས་བྱུང་བའི་ཐུགས་རྡོ་རྗེ་ བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཁ་དང་མགོ་བོ་གཉིས་ནི་ཁ་དང་མགོ་བོ་སྟེ། དེ་གཉིས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་པདྨ་དང་འཁོར་ལོ་བསམས་ལ། དེ་དག་གི་ལྟེ་བའི་དབུས་ཀྱི་ཆ་དེར་རིམ་པ་ཇི་ལྟ་བ་བཞིན་དུ་ཨཱཿདང་ཨོཾ་གཉིས་ལས་གསུང་གི་རྡོ་རྗེ་དང་། སྐུའི་རྡོ་རྗེ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེའི་སྙིང་པོའི་འོད་ཟེར་ཞེས་བྱ་བ་ལ་སོགས་པ་ལ། འདིར་མན་ངག་ནི་ཐུགས་རྡོ་རྗེ་ལ་སོགས་པའི་ཐུགས་ཀར་ཟླ་བ་ལ་གནས་པའི་རྡོ་རྗེ་དང་པདྨ་དང་འཁོར་ལོ་ལ་རིམ་པ་ཇི་ལྟ་བ་བཞིན་དུ། ཡི་ གེ་ཧཱུཾ་དང་ཨཱཿདང་ཨོཾ་བསམ་པར་བལྟ་བར་བྱའོ། །དེའི་སྙིང་པོའི་འོད་ཟེར་ཚོགས་རྣམས་ཀྱིས་ཞེས་བྱ་བ་ལ་ཐུགས་རྡོ་རྗེ་ལ་སོགས་པ་དེ་རྣམས་ཀྱི་སྙིང་པོ་གང་དག་ཡོད་པ་དེ་ནི་དེའི་སྙིང་པོ་སྟེ། དེའི་སྙིང་གར་གནས་པའི་ཟླ་བ་ལ་འདུག་པའི་རྡོ་རྗེ་དང་པདྨ་དང་ འཁོར་ལོ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ། ཡི་གེ་ཧཱུཾ་ལ་སོགས་པ་གནས་པར་བལྟ་བར་བྱ་སྟེ། དེ་རྣམས་ཀྱི་འོད་ཟེར་ནི་དེའི་སྙིང་པོའི་འོད་ཟེར་རོ། །དེའི་ཚོགས་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུ་སྟེ། རྒྱལ་བའི་དབང་པོ་རྣམས་ཀྱིས་དེའི་འོད་ཟེར་ལས་བྱུང་ བའི་གཟུགས་རྡོ་རྗེ་ལ་སོགས་པའི་མཆོད་པའི་ལྷ་མོའི་སྒོ་ནས་ཕྱོགས་བཅུ་ན་བཞུགས་པའི་ཐུགས་རྡོ་རྗེ་ལ་སོགས་པ་ཡང་དག་པར་མཆོད་ནས། དེའི་འོག་ཏུ་ཕྱི་དང་ནང་ན་གནས་པ་བྱིན་གྱིས་བརླབ་པར་བྱའོ། །ཁྱད་པར་ཇི་ལྟ་བུས་ཡང་དག་པར་མཆོད་པར་བྱ་ཞེ་ན། ཤེས་ རབ་དམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་དམ་པ་འདུས་པའི་འོད་རྣམས་ཀྱིས། །ཞེས་བྱ་བ་ལ་ཤེས་རབ་དམ་པ་ནི་རང་གི་སོ་སོར་སྣང་བའི་ཤེས་རབ་བོ། །དེའི་འདུས་པ་ནི་ཡང་དག་པར་སྦྱོར་བ་སྟེ། དེས་སྣང་བའི་ངང་ཚུལ་ཅན་གང་ལ་ཡོད་པ་དེ་ནི་ཤེས་ རབ་དམ་པ་འདུས་པའི་འོད་རྣམས་ཏེ། དེ་རྣམས་ཀྱིས་ཀུན་ནས་ཞེས་བྱ་བ་དངོས་པོ་ཐམས་ཅད་ཀྱིས་རྒྱལ་བའི་དབང་པོ་ཞེས་བྱ་བ། ཐུགས་རྡོ་རྗེ་ལ་སོགས་པ་ཡང་དག་པར་མཆོད་ནས། འོག་ནས་བཤད་པའི་རིམ་པས་ཐུགས་རྡོ་རྗེ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱའོ། ། དཔལ་ལྡན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗ