Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 42

Văn bản gốc(Tây Tạng)

Trang 2 / 15 (50.000 ký tự/trang)
ུར་ཀུམ་ཙནྡན་གྱིས་མཛེས་པ། །ཡང་ན་སེམས་
ཀྱིས་འདིར་ནི་རྣམ་པར་བསམ། །བདེ་བའི་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་བཅས། །སེམས་ཅན་ལ་བརྩེ་ཏིང་འཛིན་དང་པོར་བསྒོམ། །ཇི་སྲིད་པ་འདི་སངས་རྒྱས་མ་ལུས་གྱུར། །དེ་སྲིད་བདག་གིས་སྐྱིལ་ཀྲུང་གཞིག་མི་བྱ། །མ་ལུས་འགྲོ་ཚོགས་སངས་རྒྱས་རྣམ་བྱ་ཞེས། །དེ་ལྟར་སྨོན་ལམ་ཁྱད་འཕགས་
གདབ་པར་བྱ། །འགྲོ་བ་རྒྱུ་དང་མི་རྒྱུ་ཐམས་ཅད་དང་། །རང་ལུས་སྟོང་པ་ཉིད་དུ་བསྒོམ་བྱ་སྟེ། །རང་ལུས་ལྷ་ཡི་ངོ་བོ་འོད་གསལ་བ། །རང་གི་སེམས་ཙམ་ལས་བྱུང་བལྟ་བར་བྱ། །གང་ཡང་འདི་ལྟར་ཡི་གེ་ཨོཾ་དང་པོར། །སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ྅ཧཾ་གསང་སྔགས་རྒྱལ། །
མཐར་ཐུག་བརྗོད་ཅིང་འདིར་ཡང་དེ་འོག་ཏུ། །རང་གི་སྙིང་གར་ཨ་ལས་ཟླ་བ་བསྒོམ། །དེ་དཀྱིལ་འོད་ཟེར་ཚོགས་ནི་སེར་པོ་མཾ། །ཁམས་གསུམ་མུན་པའི་ཚོགས་ནི་འཇོམས་བྱེད་པ། །རྣམ་ཐར་རྣམ་གསུམ་གྱི་སྒོ་དག་པར་འགྱུར། །ཨོཾ་ཤཱུ་ནྱ་ཏཱ་ཞེས་དང་པོར་རྣམ་པར་ཐར། །གཞན་ནི་ཨ་
ནི་མིཏྟ་ཞེས་སུ་བཤད། །ཨོཾ་ཨ་པྲ་ཎི་དྷི་ཏཾ་སྒྲ་དེ་རྣམས། །འདིར་བདག་ཡེ་ཤེས་ལ་སོགས་ཞལ་གསུམ་འདོད། །དེས་ནི་ལྷ་མིའི་དག་པ་ཐོབ་གྱུར་ནས། །དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་། །སྣ་ཚོགས་གཞལ་ཡས་ཁང་བྱས་དབུས་གནས་པའི། །བླ་མ་མགོན་པོ་ནམ་
མཁའ་ལ་གནས་མཆོད། །སྙིང་པོའི་ས་བོན་གྱིས་སྤྲོས་འོད་ཟེར་ཚེགས། །ལས་བྱུང་གཟུགས་སོགས་དགུ་པོའི་བདག་ཉིད་དང་། །མེ་ཏོག་ལ་སོགས་ཕྱི་རོལ་རང་གི་མགོན། །འཇིག་རྟེན་འདས་དང་འཇིག་རྟེན་གྱིས་མཆོད་བསམ། །རྫོགས་སངས་འཁོར་ལོའི་སྤྱན་སྔར་ས་ལ་ནི། །པུས་
བཙུགས་དམན་པའི་སེམས་གྱིས་ཐལ་སྦྱར་བྱས། །དཀྱིལ་འཁོར་མགོན་པོ་མཆོད་པས་རབ་མཆོད་ཅིང་། །སྡིག་པ་བཤགས་པ་ལ་སོགས་བརྗོད་པར་བྱ། །བདག་གི་ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །ཆགས་དང་ཞེ་སྡང་རྣམ་པར་རྨོངས་པ་ཡིས། །སྲིད་པ་ཉམ་ང་རྣམས་སུ་སྡིག་བགྱིས་

པ། །དེས་ན་སྡིག་དེ་ཐམས་ཅད་རབ་ཏུ་བཤགས། །སྡིག་པ་བཤགས་པའོ། །སྔོན་ཆད་བྱས་པའི་སྡིག་པ་བཤགས་ནས་ཀྱང་། །སླར་ཡང་དེ་ལ་འཇུག་པར་མི་བགྱིད་ཅིང་། །བྱང་ཆུབ་སྙིང་པོ་ལ་གནས་གྱུར་གྱི་བར། །རྟག་ཏུ་བདག་གི་བསོད་ནམས་བློ་ལྡན་ཤོག །སྡོམ་པའོ། །
རྫོགས་སངས་རྒྱས་མགོན་བྱང་ཆུབ་སེམས་དཔའ་མཆོག །འཕགས་པ་གཞན་གྱིས་དགེ་བ་གང་བགྱིས་པ། །དེ་ལའང་བདག་ནི་བྱང་ཆུབ་འབྲས་ཐོབ་པར། །མ་ལུས་པ་ལ་བདག་ནི་རྗེས་ཡི་རང་། །རྗེས་སུ་ཡི་རང་བའོ། །ལེགས་པར་གསུངས་ཆུས་བྲན་པའི་བསོད་ནམས་ཀྱི། །མྱུག་ནི་
བདག་གིས་རིམ་ཐོབ་འཕེལ་བ་ཡིས། །འཁོར་བའི་གདུང་བས་བཅོམ་པའི་འགྲོ་རྣམས་ལ། །ཡང་དག་བྱང་ཆུབ་ཤིང་མཆོག་འབྲས་བཅས་འགྱུར། །ཡོངས་སུ་བསྔོ་བའོ། །རྫོགས་སངས་རིན་ཆེན་རང་གི་སེམས་གནས་དང་། །རྟོག་པའི་དྲ་བ་རབ་ཏུ་རྣམ་བྲལ་ཆོས། །ས་དབང་ཚོགས་
དང་བརྟུལ་ཞུགས་དབང་དགེ་འདུན། །རབ་ཏུ་དད་པས་རྟག་ཏུ་སྐྱབས་སུ་མཆི། །གསུམ་ལ་སྐྱབས་སུ་མཆི་བའོ། །སྡུག་བསྔལ་ཚོགས་ཀྱིས་བསྲེགས་པའི་སེམས་ཅན་ཀུན། །སྙིང་རྗེ་ལྡན་ལས་བྱུང་ཀུན་གཏོང་བ་ནི། །དམ་ཆོས་ཆུ་ཆར་རབ་བསྲེགས་འཇོམས་པ་ཡིས། །སངས་རྒྱས་
སྒྲུབ་ཅེས་རང་སེམས་བསྐྱེད་པར་བྱ། །བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །སྦྱིན་པ་ལ་སོགས་བྱ་བས་སྐབས་བྱས་ཏེ། །འདས་པའི་རྒྱལ་བའི་སྲས་རྣམས་ཀུན་གྱི་ལམ། །གཤེགས་དང་གཤེགས་འགྱུར་འཇིག་རྟེན་འདས་པ་ཡི། །དཔལ་འབྲས་ལམ་མཆོག་དེ་ལ་བརྟེན་པར་བགྱི། །ལམ་
ལ་བརྟེན་པའོ། །རྒྱལ་དང་བདག་ཉིད་ལས་སྐྱེས་དེ་རྣམས་ལ། །ཀུན་ནས་ཀུན་དུ་བདག་ཉིད་བདག་གིས་དབུལ། །སེམས་དཔའ་མཆོག་གིས་བདག་ཉིད་ཡོངས་གཟུང་བས། །དད་པས་ཁྱོད་ལ་འབངས་སུ་མཆི་བར་བགྱི། །བདག་ཉིད་དབུལ་བའོ། །གློ་བུར་ཉོན་མོངས་ཚོགས་ཆེན་གྱིས་
གདུངས་པ། །བསྐྱོད་པའི་སྐྱེ་བོ་མཐའ་མེད་དགྲོལ་བའི་ཕྱིར། །ཆོས་ཀྱི་བདུད་རྩི་སྔགས་རྣམས་བཤད་པ་རུ། །སྨན་མཆོག་མགོན་པོ་ལ་ནི་བདག་བསྐུལ་ལོ། །བསྐུལ་བའོ། །མཆོག་ཏུ་མི་དགེ་བསམ་པས་རབ་བཅོམ་པའི། །བདུད་ཀྱི་སྐྱེ་རྒ་ན་དང་འཆི་བ་ལས། །མྱ་ངན་འདས་བཞེད་

གྱུར་པ་སྤངས་ནས་སུ། །མགོན་མཆོག་བཞུགས་པར་བདག་ནི་གསོལ་བ་འདེབས། །གསོལ་བ་གདབ་པའོ། །ཚིགས་བཅད་རྫོགས་བྱས་ལེགས་ཞེས་བརྗོད་ནས་ནི། །ཐུབ་དབང་ཚོགས་རྣམས་དེ་ནས་མི་སྣང་གྱུར། །ཧཱུྃ་བསྒོམས་ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །
ནམ་མཁའ་ཨ་ཛ་ན་རིའི་མདོག་ལྡན་པ། །དེ་བྱུང་སྣ་ཚོགས་རྡོ་རྗེ་ཉི་དཀྱིལ་གནས། །དེ་ལས་གཙོ་བོའི་ས་བོན་འོད་ལྡན་པ། །དེ་ལས་སྣ་ཚོགས་རྡོ་རྗེའི་སྤྲིན་ཚོགས་ཀྱིས། །ཕྱོགས་རྣམས་ཐམས་ཅད་ཆར་གྱིས་ཡོངས་སུ་གང་། །དེ་ལས་ཕྱོགས་བརྒྱད་རྡོ་རྗེའི་རང་བཞིན་ཆར། །རང་འབབ་དེ་ཡིས་
དྲ་བར་སྤྲུལ་པར་དམིགས། །དེས་ནི་ས་བདུན་འོག་ལ་སོགས་འཕེལ་ནས། །སྲིད་པའི་རྩེ་མོའི་བར་དུ་མདའ་རྣམས་སོ། །སྟེང་གི་ས་བོན་གྱུར་པས་སྐད་ཅིག་ལ། །སྣ་ཚོགས་རྡོ་རྗེ་ཡི་ནི་བླ་རེ་བྱུང་། །འོད་ཟེར་དེ་ཚོགས་མདའ་དང་འདྲ་བ་ཡིས། །ནམ་མཁའ་ཁྱབ་པར་ཀུན་དུ་གདུགས་སུ་གྱུར། །ཡཾ་ལས་
བྱུང་བའི་རླུང་ནི་འོག་ཏུ་བསམ། །གཞུར་བྱས་འོད་སྔོན་རྒྱལ་མཚན་གྱིས་ནི་མཚན། །བྷཻ་རམ་བ་ཞེས་བྱ་བ་དུམ་བུ་མིན། །འགྲོ་བའི་སྙིང་པོ་འཛིན་འགྱུར་གཞག་པར་བྱ། །དབུས་སུ་གྲུ་གསུམ་འབར་བ་རབ་འབར་བ། །རཾ་གྱི་ས་བོན་ལས་བྱུང་ཕྱོགས་གཞུ་འདྲེན། །མཐོང་ནས་དེ་ཡི་དབུས་སུ་མཚམས་
བཅིང་བྱ། །བཾ་དཀར་ལས་བྱུང་བ་ཡི་བུམ་མཚན་ཆུ། །དེ་དབུས་ལཾ་ལས་བྱུང་བའི་མདོག་སེར་པོ། །ར་བའི་དོན་དུ་གྲུ་བཞི་དབང་གིའོ། །ཧཱུྃ་གིས་སྣ་ཚོགས་རྡོ་རྗེ་བྱས་ས་ཕྱོགས། །དེ་དབུས་ར་བར་རྣལ་འབྱོར་པ་ཡིས་བྱ། །འདི་ནི་ཞིང་རྣམས་རྣམ་པར་དག་པའོ། །བྷྲཱུཾ་སེར་ལས་བྱུང་འཁོར་ལོ་རྩིབས་བཅུ་
པའི། །རྩེ་མོའི་འོད་ཟེར་ཕྱོགས་བཅུར་སྤྲོ་བར་བྱ། །རྩིབས་རྣམས་ཐམས་ཅད་ཀྱི་ནི་ལྟེ་བའི་ཕྱོགས། །པཾ་བྱུང་པདྨའི་སྟེང་དུ་རཾ་སྐྱེས་ཉི། །ལེགས་གསུངས་རྒྱལ་བ་རྣམས་ཀྱི་སྐྱེད་བྱེད་ཡུམ། །བྷྲཱུཾ་བྱུང་ཡེ་ཤེས་རྣམས་ནི་གང་ཡིན་ཉིད། །སྡུག་བསྔལ་ལ་སོགས་བཅུ་གཅིག་རྣམས་ཀྱི་ཕྱིར། །ཉི་མ་
ཉི་མའི་སྟེང་དུ་ཧཱུྃ་དགོད་བྱ། །ཡེ་ཤེས་བཅུ་གཅིག་བཅས་འདིར་འཁོར་ལོ་ལ། །ཉི་མ་ལ་གནས་ཧཱུྃ་བྱུང་རྡོ་རྗེ་སྔོ། །ལྟེ་བའི་པདྨ་ཉིད་བྱུང་རྡོ་རྗེ་ལས། །དཔལ་ལྡན་རྡོ་རྗེ་ཧཱུྃ་མཛད་སྐུ་རུ་གྱུར། །ཡན་ལག་ཀུན་ནི་དབུ་མའི་ཞལ་དང་འདྲ། །གཡས་པ་དཀར་ཞིང་གཡོན་པའི་ཞལ་ཡང་དམར། །ཤིན་ཏུ་འཇིགས་

པའི་ཕྱག་དྲུག་འཇིགས་པའི་སྤྱན། །འཇིགས་པའི་བསྐལ་པའི་སྤྲིན་འདྲ་སྒྲ་སྒྲོགས་པ། །རིག་མ་ཀུན་དུ་བཟང་མོས་ཡང་དག་འཁྱུད། །ཕྱག་གཉིས་ཀྱིས་ནི་ཡན་ལག་ཡོངས་སུ་སྡོམ། །གཡས་གཉིས་རྡོ་རྗེ་རལ་གྲི་འཛིན་པ་དང་། །ཞགས་པ་ལྕགས་ཀྱུ་ལག་པ་གཡོན་གཉིས་འཛིན། །གཡས་
པས་ཨུ་མའི་ནུ་མའི་དཀྱིལ་མནན་ཅིང་། །གཡོན་པས་བདེ་འབྱུང་དྲེགས་པའི་མགོ་བོ་གནོན། །དེ་བཞིན་ཞབས་ཀྱི་གཡས་བརྐྱང་བཟློག་པ་ཡིས། །གནས་པའི་མགོན་པོ་སྐུ་ནི་རབ་ཏུ་སྒེག །རྩིབས་རེ་རེ་ལ་ཉི་མ་བཅུ་གནས་པའི། །ཧཱུྃ་བྱུང་མཚན་མ་འཛིན་པ་སྤྲོ་བར་བྱ། །བསྡུས་ནས་ཐོ་བ་
དབྱུག་པ་པདྨ་དང་། །རྡོ་རྗེ་དེ་རྣམས་དབང་སོགས་ཕྱོགས་གནས་བསྐྱེད། །བསྐོར་ཕྱོགས་སུ་ནི་ལྕགས་ཀྱུ་དབྱུག་པ་མདུང་། །རྡོ་རྗེ་མེ་ལ་སོགས་པའི་མཚམས་སུ་བསྐྱེད། །འཁོར་ལོ་དགྲ་སྟ་གཉིས་ནི་སྟེང་འོག་ཏུ། །སྐྱེད་པར་བྱེད་དེ་ཁྲོ་བོའི་ཞལ་ལྗང་དགོད། །གཤིན་རྗེ་མཐར་བྱེད་གཞན་གྱིས་
མི་ཐུབ་དང་། །རྟ་གདོང་བགེགས་ཀྱི་ཚོགས་ནི་རྣམ་པར་འཇོམས། །ཊཀྐི་དབྱིག་སྔོན་དང་ནི་སྟོབས་པོ་ཆེ། །ཁྲོ་བོ་མི་གཡོ་གཙུག་ཏོར་གནོད་མཛེས་རྒྱལ། །གཉིས་ནི་དཀར་པོ་རྟ་གདོང་དམར་པོ་སྟེ། །དེ་བཞིན་གཙུག་ཏོར་འཁོར་ལོས་སྒྱུར་སེར་པོ། །བདུན་པོ་གཞན་དག་ཀྱང་ནི་ཤིན་ཏུ་སྔོ། །ཀུན་
ཀྱང་ཉི་མའི་དཀྱིལ་གནས་རབ་ཏུ་གྲགས། །གཡས་པའི་པུས་མོའི་ཚིགས་ནི་ཤིན་ཏུ་བསྐུམས། །གཡོན་པའི་བརླ་དང་རྗེ་ངར་གཉིས་རབ་བརྐྱང་། །སྣ་ཚོགས་པདྨ་ཉི་མའི་སྟེང་དུ་གནས། །ཕྱོགས་དབང་ལུས་ནི་ཇི་ལྟ་བ་བཞིན་མནན། །བཻ་ཏ་ཛི་ཏཱི་ཁྲོ་གཉེར་རལ་པ་གཅིག །གྷ་ན་སྐུལ་བྱེད་སེར་བཟང་
མཆོག་ཆེན་པོ། །མུངྒ་ཞགས་པ་གཤིན་རྗེ་མཐར་བྱེད་སོགས། །དེ་རྣམས་བཅུ་པོ་མཉམ་དུ་ལྷ་མོ་བསྟེན། །འཁོར་ལོའི་གཙོ་དང་གཙུག་ཏོར་གནོད་མཛེས་དང་། །དེ་བཞིན་མི་གཡོ་འདོད་པའི་རྒྱལ་པོ་ལྔ། །སྨ་ར་མེད་ཅིང་དེ་རྣམས་ཅོད་པན་ལྡན། །ཡན་ལག་རིན་ཆེན་རྒྱན་རྣམས་ཀུན་གྱིས་བརྒྱན། །
ཤིན་ཏུ་མཛེས་པའི་འོད་སྔོན་གྱེན་དུ་འབྱུང་། །ཁྲོ་དང་བཅས་པར་བཞད་པའི་ཞལ་གསུམ་ནི། །མཆེ་བ་ཅུང་ཟད་གཙིགས་ཤིང་སྤྱན་རྣམས་དམར། །ཤིན་ཏུ་མིག་ཟླུམ་མི་གཡོ་བ་ལ་སོགས། །ཡངས་ལྟ་བརྡ་བསྟན་ཆོས་ཀུན་འཇིགས་མེད་པའོ། །གཤིན་རྗེ་མཐར་བྱེད་གཞན་གྱིས་མི་ཐུབ་པ། །

དབྱིག་སྔོན་དང་ནི་དེ་བཞིན་རྟ་མགྲིན་དང་། །སྟོབས་པོ་ཆེ་དང་བགེགས་མཐར་བྱེད་བཅས་པའི། །དྲུག་པོ་མིག་སེར་གཞན་ཡང་ཤིན་ཏུ་དྲག །དྲག་པོར་བལྟ་བས་སྡང་བ་ཐམས་ཅད་འདུལ། །གསུས་པ་འཕྱང་ཞིང་ཐུང་ལ་མིག་ཀྱང་ཟླུམ། །ཤིན་ཏུ་ལྕེ་བསྐྱོད་ཁྲོ་གཉེར་འཇིགས་
ལ་དྲག །སྨིན་མ་གཡོ་ཞིང་སྤྱན་བགྲད་ཞལ་མཆེ་གཙིགས། །ཁྲོས་པས་རྣམ་འཇིགས་ཧ་ཧ་ཞེས་བཞད་པ། །སྨིན་མ་སྨ་ར་སེར་ཞིང་སྐྲ་སེར་སྐྱ། །ཅོད་པན་མེད་ཅིང་རུས་པ་སྦྲུལ་གྱིས་བརྒྱན། །རྐེད་པའི་ཕྱོགས་སུ་སྟག་གི་པགས་པ་མནབས། །སྐད་ཅིག་གིས་ནི་འགྲོ་བ་ཟ་མཐུར་ལྡན། །དྲག་
པོ་འདི་རྣམས་མགོན་པོའི་ཅོད་པན་ནི། །རིགས་ལྡན་དང་ནི་མཐའ་ཡས་མདོག་གནག་གྱུར། །འཇོག་པོ་ཞེས་ཀླུ་གསེར་གྱི་མདོག་འདྲ་བ། །དེ་བཞིན་དུ་ནི་རྣ་ཆ་དག་ཏུ་འགྱུར། །དེ་བཞིན་པདྨ་ཞེས་གསེར་བཙོ་མའི་མདོག །འདི་རྣམས་ཀྱིས་མཛེས་མགུལ་པའི་དོ་ཤལ་གྱུར། །སྟོབས་རྒྱུ་པདྨའི་རྩ་
བ་འདྲ་དཀར་བ། །ཐུགས་རྗེ་ལྡན་པ་རྣམས་ཀྱི་མཆོད་ཕྱིར་ཐོགས། །པདྨ་དམར་བ་འདྲ་བའི་ནོར་རྒྱས་བུ། །འོག་པག་དག་གི་རྒྱུ་རུ་བཅིང་བྱས་ཏེ། །དུང་དང་པདྨ་དམར་དང་དཀར་བ་གཉིས། །པད་འདྲ་པདྨའི་རྐང་གདུབ་གཉིས་སུ་བྱས། །གཡས་ཕྱོགས་སུ་ནི་འཁོར་ལོ་མྱུར་བར་འཁོར། །ཁྲོ་བོའི་
ཚོགས་དེ་རྣམས་ནི་མི་འགུལ་ལྟ། །རྩིབས་རྣོན་པོ་ཡིས་ཡོངས་བཅད་དུམ་བུ་ཡི། །ཉོན་མོངས་ས་ཕྱོགས་བདུད་རྣམས་སླར་མི་སྐྱེ། །དཀོན་མཆོག་གསུམ་ལ་འདི་རུ་སུན་འབྱིན་འགྱུར། །དེ་ལ་གཙོ་བོ་གནོད་མཛེས་ཀྱི་སྔགས་ཀྱིས། །ད་ནི་རྣམ་པར་བཟློག་ནས་ཕྱིར་ཕྱོགས་སུ། །ཁྲོ་བོའི་ཚོགས་དེ་
རྣམས་ནི་བསྐྱོད་པར་བྱས། །ཨོཾ་ཨཱཿཨུཥྞཱི་ཥ་བཛྲ་ཙཀྲ་བརྟི་སརྦ་ལོ་ཀ་ཀི་ལོ་ཀོཏྟ་ར་ཡནྟྲ། མནྟྲ་མཱུ་ལ་པྲ་ཡོ་གཱ་དཱི་ནཱི་མ་མ་ཀྲྀ་ཏེ་ཡེ་ན་ཀེ་ན་ཙི་ཏ་ཀྲྀཏྟཱནྟ་ནི། བྷིནྡ་བྷིནྡ། ཙྪིནྡ་ཙྪིནྡ། མུ་རུ་མུ་རུ། ཀུ་རུ་ཀུ་རུ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀཾ་པ་ཡ་ཀཾ་པ་ཡ། བིདྷྭནྶ་ཡ་བིདྷྭནྶ་
ཡ། ཤ་ཏ་ས་ཧ་སྲ། བི་ཙཱུརྞཱ་ཡ་བི་ཙཱུརྞཱ་ཡ། ཨུཥྞཱི་ཥ་བི་ཛ་ཡ་ཙཀྲ་བརྟི། བྷཱུཾ་ཧཱུྃ། དེ་ནས་ཇི་སྐད་བཤད་པའི་བསྒོམ་པ་ཡིས། །དགོངས་ཀ་ལན་གསུམ་སྔགས་འདི་བཟླས་པར་བྱ། །སྡང་བར་སེམས་པར་བྱེད་པ་དེ་ཡི་ནི། །དེ་ཉིད་ཀྱིས་གྲུབ་འགྱུར་ཏེ་ཐེ་ཚོམ་མེད། །གཤིན་རྗེ་མཐར་བྱེད་ལ་སོགས་

རང་སྤྲུལ་པ། །ཕྱོགས་བཅུར་གནས་པའི་དྲག་པོ་སྤྲོ་བར་བྱ། །དེ་རྣམས་ཀྱིས་ཀྱང་སྣ་ཚོགས་ཡོངས་ཁྱབ་པས། །བགེགས་དབང་རྣམས་ཀྱི་མགུལ་ནས་ཐག་པས་བཅིངས། །ཨོཾ་སུཾ་བྷའི་སྔགས་ནི་ཞལ་བཞི་པས། །ཕྱོགས་བཞི་དག་ཏུ་བརྗོད་ནས་བསྲུང་བར་བྱ། །ཡོངས་སུ་བསྲུངས་ནས་ཁྲོ་བོའི་
ཚོགས་སྤྲུལ་པས། །ཤིན་ཏུ་ཁྲོ་དང་བཅས་པའི་སྡང་མིག་གིས། །གཙོ་བོའི་རྡོ་རྗེ་ཐོ་བ་དབྱུག་སོགས་ཀྱིས། །རང་གི་ལུས་ཀུན་རབ་ཏུ་བརྡུང་བར་གྱུར། །མདུན་དུ་ཞགས་པས་དྲངས་ཤིང་བསྡམས་ནས་ནི། །སྣ་ཚོགས་ས་ལ་གདོང་ཡང་སྦྱར་བར་བྱས། །དེ་ནས་འོད་འབར་རྡོ་རྗེ་ཕུར་བུ་ཡིས། །དེ་སྟེང་
རང་གཟུགས་ཇི་ལྟ་བཞིན་དུ་སྤྲུལ། །བསྡུས་ནས་འཁོར་ལོའི་གཙོ་བོའི་བཀའ་ཐོབ་ནས། །ཁྲོ་དང་བཅས་པའི་གནོད་མཛེས་ལུས་ཀྱིས་ནི། །ལག་པ་གཡོན་པ་ཀུན་དུ་འོད་ལྡན་པས། །སྙིང་རྗེ་མེད་པར་ཁུ་ཚུར་གྱིས་བསྡམས་ཏེ། །བགེགས་ཚོགས་དེ་རྣམས་མགོན་པོས་བསྡུས་ནས་ནི། །ཕུར་
བུ་གདབ། ཨོཾ་གྷ་གྷ་གྷ་ཏ་གེ་ན་དང་། ཨོཾ་བཛྲ་ལ་སོགས་བཟླས་པའི་ཐོ་བ་ཡི། །ནམ་མཁའ་བསྡམས་ཤིང་ཁྲོ་དྲག་ལྟ་སྟངས་ཀྱིས། །ལག་པ་གཡས་པས་ཤིན་ཏུ་བརྡུང་བར་བྱ། །ཡོངས་སུ་བསྲུང་བའི་ཆོ་ག་རྫོགས་སོ།། །།དེ་ཉིད་གསུམ་གྱི་ས་བོན་དཀར་དམར་གནག །མགོ་
དང་ཞབས་སུ་ཧོ་སེར་གཉིས་དཀྱིལ་བཅུག །ནམ་མཁའི་ཕྱོགས་ནས་ནོར་བུ་བཞིན་ལྷུང་སྟེ། །ཁ་ཡི་ནང་ནས་ནང་དུ་རབ་ཏུ་ཞུགས། །དེ་ནས་སྙིང་རྗེ་ལྡན་པས་གཟུགས་བརྟག་པ། །དངོས་པོ་སྨིག་རྒྱུ་དབང་པོའི་གཞུ་རང་བཞིན། །བསྒོམས་ནས་བདག་མེད་རང་བཞིན་བསམས་ནས་ནི། །ཤཱུ་ནྱ་ལ་
སོགས་སྔགས་རྣམས་བརྗོད་པར་བྱ། །མ་རིག་པའོ། །སྐད་ཅིག་དེ་ལ་ཁ་ཡི་ནང་དུ་ཞུགས། །འཁོར་ལོ་འབྱུང་བས་ཟླ་བའི་གཟུགས་སུ་གྱུར། །དེ་དབུས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དམར། །ཟླ་ཧཱུྃ་རྡོ་རྗེ་ལས་བྱུང་ཀུན་དུ་བཟང་། །ཞལ་གསུམ་དེ་རྣམས་ཀྱི་ནི་ཉིས་འགྱུར་ཕྱག །ཞལ་ནི་གངས་རིའི་མདོག་འདྲ་
གནག་དང་དམར། །རྡོ་རྗེ་རལ་གཡས་ནོར་བུ་པདྨ་གཡོན། །ཕྱག་གཉིས་ཀྱིས་ནི་རང་གི་རིག་མ་འཁྱུད། །གཡས་པས་གཡས་མིན་བརླ་ཡི་རྒྱབ་མནན་ཅིང་། །གཡོན་པས་གཡས་པ་ཡོངས་སུ་མནན་པ་ཡིས། །སྣ་ཚོགས་པདྨ་ལ་ནི་སྐྱིལ་ཀྲུང་བཅིངས། །རྫོགས་སངས་རྒྱས་བཅས་འོད་

སྟོང་ཕྲེང་བ་འཕྲོ། །ཀུན་དུ་བཟང་ལས་བྱུང་བའི་ཆོས་ཀྱི་དབྱིངས། །རྡོ་རྗེ་གསུམ་སྟོང་དཀར་པོའི་གྲུ་གསུམ་སྟེ། །ཧཱུྃ་སེར་གྱིས་སྤྲུལ་ཟབ་མོ་དབུས་སུ་ནི། །པཾ་སེར་དེ་ལས་བྱུང་བའི་སྣ་ཚོགས་པད། །པད་སྟེང་ཁཾ་ལྗང་དེ་ལས་བྱུང་བ་ཡི། །སྣ་ཚོགས་རྡོ་རྗེ་ཕྱོགས་བཅུར་རིགས་འོད་
འགྱེད། །རྡོ་རྗེའི་སྟེང་བྱུང་ཟླ་བ་ལ་གནས་པའི། །བྷྲཱུྃ་བྱུང་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས། །རྟེན་འབྲེལ་ལས་ནི་ཀུན་དུ་བྱུང་བ་ཡི། །ཕྱག་གཡས་འཁོར་ལོ་རྩིབས་བརྒྱད་ཀྱིས་མཚན་པའི། །རིགས་བཅས་རྣམ་པར་སྣང་མཛད་བལྟ་བར་བྱ། །ཀུན་དུ་བཟང་པོའི་རང་གཟུགས་ཇི་ལྟ་བཞིན། །འདི་
ཡི་འོད་ཟེར་མཁའ་དབྱིངས་རྣམ་སྤྲོས་པས། །མནར་མེད་མེ་ཆེན་ལ་སོགས་རྣམ་པར་ཞི། །སེམས་ཅན་རྣམས་ཀྱི་འདོད་པ་ཕུན་ཚོགས་གྲུབ། །དེ་བསྡུས་བདག་ཉིད་ཟླ་བ་ས་བོན་ལ། །སྤྲོ་བསྡུ་ཡང་ཕྱས་ལས་བྱུང་སངས་རྒྱས་སྐུ། །སྣ་ཚོགས་རིགས་ཀྱི་བྱེ་བྲག་ཐ་དད་པའི། །རྒྱལ་བའི་སྐུ་ལས་བྱུང་བའི་སྣ་
ཚོགས་འོད། །མཐུ་ཡིས་དེ་ལ་དཀྱིལ་འཁོར་དག་ཏུ་གྱུར། །ཟུར་བཞི་པ་ལ་ཤིན་ཏུ་མཛེས་པར་བྱས། །དེ་ལ་སྒོ་རྣམས་དེ་བཞིན་རྟ་བབས་ཁྱམས། །ཟླ་བ་དྲ་ཕྱེད་རིན་ཆེན་མཛེས་རྣམས་དང་། །རླུང་གིས་བསྐྱོད་པའི་བ་དན་དྲིལ་བུ་དང་། །ཡེ་ཤེས་དམ་པ་བསོད་ནམས་ཚོགས་གཉིས་ཀྱི། །བཙོ་མའི་གསེར་
གྱི་རང་བཞིན་བུམ་པ་བཟང་། །མཛེས་པ་རྣམས་ཀྱིས་ནང་དང་ཕྱི་རོལ་བཞག །རྡོ་རྗེ་རྡོ་རྗེ་ཕྱེད་པ་རྩེ་ལྔས་བརྒྱན། །སྣ་ཚོགས་གཡེར་ཀ་དྲིལ་བུའི་སྒྲ་རྣམས་དང་། །མེ་ལོང་དང་བཅས་རྔ་ཡབ་རྣམས་ཀྱིས་བརྒྱན། །འཁོར་ལོ་རིན་ཆེན་ཆུ་སྐྱེས་རལ་གྲིས་མཚན། །ཀ་བ་བརྒྱད་ཅན་དེ་ནི་རྣམ་དགུ་ལྡན། །སྒོ་ཡི་
ཕྱོགས་གཉིས་ཀྱི་ནི་ཀ་བ་ནི། །རི་དགས་གཉིས་དབུས་ཆོས་ཀྱི་འཁོར་ལོའོ། །རྡོ་རྗེ་འཛིན་པས་འཁོར་ལོ་བྱས་ཤིང་ཟླུམ། །དེ་ཡི་ཕྱི་རོལ་ཀུན་དུ་འོད་ཚོགས་འཁྱིལ། །འདུ་བྱེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པའི་དཀྱིལ་འཁོར་རོ། །ཉི་ཤུར་གཅིག་གིས་མ་ཚང་དེ་རྣམས་
ཀྱི། །པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་གདན། །འགྲོ་བ་མ་ལུས་ཉེ་བར་འཁྲུལ་པས་ན། །རྣམ་པར་དག་པའི་པདྨའི་གདན་རྣམས་ཡིན། །རཾ་ལས་བྱུང་བའི་ཉི་མ་བདུན་དུ་གྱུར། །ཨོཾ་ལས་བྱུང་བའི་རྒྱས་པའི་ཟླ་བཅུ་གཉིས། །ཉོན་མོངས་ཐམས་ཅད་ངེས་པར་བསྲེག་པའི་ཕྱིར། །རྣམ་པར་དག་པའི་

ཉི་མ་བདུན་དུ་གྱུར། །བསོད་ནམས་ཀུན་གྱི་མྱུ་གུ་བསྐྱེད་པའི་ཕྱིར། །ཟླ་བའི་གདན་རྣམས་དག་ནི་བྱུང་བ་ཡིན། །དབུས་སུ་ཟླ་བ་དབང་པོའི་ཕྱོགས་སུའང་ཟླ། །ཡོངས་སུ་ལྷག་པའི་ཕྱོགས་སུའང་ཉི་མ་གསུམ། །ཟུར་བཞི་མཚམས་རྣམས་སུ་ཡང་ཟླ་བའོ། །རྡོ་རྗེ་ཕྲེང་བས་བསྐོར་བ་ཉེ་བར་མཛེས། །ཕྱི་
རོལ་ཟུར་བཞི་དང་ནི་མཚམས་རྣམས་དང་། །ཤར་གྱི་སྒོ་ཡི་གཡོན་དང་གཡས་གཉིས་སུ། །སོ་སོ་སོ་སོ་ཡི་ནི་ཟླ་བའི་གཟུགས། །སྒོ་རྣམས་དེ་ཉིད་དུ་ནི་ཉི་མ་བཞི། །དེ་བཞིན་དབུས་སུ་ཟླ་བའི་སྟེང་དུ་ནི། །ཟླ་བའི་དཀྱིལ་འཁོར་གཉིས་ནི་རྣམ་པར་བསྒོམ། །གཡོན་པ་ཟླ་འདིར་ཡི་གེ་བཅུ་དྲུག་
སོགས། །གཡས་པའི་ཟླ་གྱུར་ཀ་སོགས་ཧ་མཐར་ཐུག །ཟླ་བཅས་དེ་ལ་ཝ་ཡ་ལ་གསུམ་དང་། །ཨ་ཀ་པ་ཨོ་དེ་ལ་རབ་ཏུ་སྦྱར། །དེ་དག་རྣམས་ནི་ཉིས་འགྱུར་རྣམས་སུ་བྱ། །གང་འགྱུར་དེ་གཉིས་ཨཱ་ལི་ཀཱ་ལི་ཟླ། །ལུགས་སུ་བྱུང་དང་ལུགས་ལས་བཟློག་པར་བཤད། །དབྱངས་ཡིག་རྣམ་
དཀར་ཕྲེང་ནི་གཉིས་སུ་གྱུར། །ཕ་རོལ་གསལ་བྱེད་རྣམས་ནི་འདི་རུ་དམར། །དེ་གཉིས་དབུས་སུ་རཾ་ནི་རྣམ་པར་བསམ། །ཞུ་བས་གཉི་ག་གཅིག་གྱུར་འོད་ཀྱི་ཚོགས། །འོད་ཚོགས་ཧཱུྃ་བྱུང་ཧཱུྃ་ལས་རྡོ་རྗེ་དམར། །དེ་ཡི་དབུས་སུ་ཟླ་གྱུར་ས་བོན་སྟེང་། །ཟླ་ཧཱུྃ་རྡོ་རྗེ་ལས་བྱུང་ཟླ་དབུས་སུ། །ཡེ་ཤེས་རང་
བཞིན་ལས་བྱུང་རྫོགས་པར་གྱུར། །སྐུ་ལ་སུམ་ཅུ་རྩ་གཉིས་མཚན་འཆང་ཞིང་། །དཔེ་བྱད་བཟང་པོ་བརྒྱད་ཅུས་ཡང་དག་སྤྲས། །མེ་ལོང་ཡེ་ཤེས་ལ་སོགས་ནང་དུ་ནི། །སྔགས་རྣམས་ལྔ་པོ་འདི་དག་ལེགས་པར་སྦྱར། །ཨོཾ་སོགས་ཙི་ཏ་པྲ་ཏི་བྱ་དྷཾ་ཀ །དེ་སྲིད་མཐའ་མར་དེ་བཞིན་ལེགས་པར་
བརྗོད། །ཀུན་གཞི་རྣམ་པར་ཤེས་པ་གཞན་གྱུར་པ། །ཟླ་གཉིས་འདུས་གྱུར་པ་ཡི་རྣམ་སྣང་མཛད། །མེ་ལོང་ཡེ་ཤེས་རང་བཞིན་དེ་གཅིག་གོ། །ཉོན་མོངས་ཡིད་ཀྱི་རྣམ་ཤེས་གཞན་གྱུར་པ། །འོད་ཚོགས་གང་ཡིན་དེ་ཡང་རིན་ཆེན་འབྱུང་། །དེ་ནི་ཡེ་ཤེས་གཉིས་པ་མཉམ་ཉིད་གྱུར། །རྣམ་པར་
རྟོག་པའི་ཤེས་པ་གཞན་གྱུར་པ། །ཧཱུྃ་བྱུང་རྡོ་རྗེ་འཛིན་པ་འོད་དཔག་མེད། །སོ་སོར་རྟོག་པའི་ཡེ་ཤེས་འདི་གསུམ་པ། །འཇུག་པའི་རྣམ་པར་ཤེས་པ་གཞན་གྱུར་པ། །རྡོ་རྗེའི་དབུས་ཀྱི་ས་བོན་དོན་ཡོད་གྲུབ། །བྱ་བ་ནན་ཏན་གྲུབ་འདི་བཞི་པ་ཡིན། །རང་གི་རྣམ་པར་ཤེས་པ་གཞན་གྱུར་པ། །ཡེ་ཤེས་

རྣམ་བཞི་རང་བཞིན་གང་ཡིན་གཅིག །དེ་ནི་ཡེ་ཤེས་ལྔ་པར་འདི་རུ་བཤད། །སྤྲོ་དང་བསྡུ་བ་ཐམས་ཅད་ལས་བྱུང་བའི། །རྣམ་དག་གཉིས་མེད་ཆོས་དབྱིངས་རྡོ་རྗེ་སེམས། །ཞལ་གསུམ་དབུས་དང་ཡན་ལག་ཐམས་ཅད་དཀར། །གཡས་དང་གཡོན་པའི་ཞལ་གཉིས་སྔོ་
དང་དམར། །རྡོར་ལ་གཡས་ན་རིན་ཆེན་པདྨ་གཡོན། །ཕྱག་གཉིས་ཀྱིས་ནི་རིག་མ་འཁྱུད་པའོ། །ཉེས་པ་ཐམས་ཅད་འབིགས་པས་རྡོ་རྗེ་སྟེ། །ལས་དང་མ་རིག་ཀུན་གཅོད་ཕྱིར་རལ་གྲི། །འགྲོ་བ་ཐམས་ཅད་ཀྱི་ནི་བསམ་པ་རྣམས། །ཡོངས་སུ་རྫོགས་པའི་ཕྱིར་ནི་རིན་ཆེན་ནོ། །འདོད་ཆགས་དང་ནི་
ཞེ་སྡང་འདམ་ཀུན་གྱིས། །མ་གོས་པར་གྱུར་ཕྱིར་ནི་པདྨའོ། །འདི་ནི་རང་གི་དོན་ཕུན་སུམ་ཚོགས་པའོ། །སྲིད་གསུམ་འཇིག་རྟེན་དེ་ནི་ནང་གནས་ཤིང་། །དངོས་པོ་ཐམས་ཅད་རོ་གཅིག་ཆོས་ཀྱི་དབྱིངས། །རྟག་ཏུ་དེ་བཞིན་གཤེགས་པ་ཀུན་གྱི་ཡུམ། །མཚན་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །འདོད་
ཆགས་ལ་སོགས་ཀྱིས་གདུངས་ཆུས་ཁེངས་པའི། །འགྲོ་བ་ཆུ་བོ་བཞི་ཡིས་ཀུན་དུ་བདས། །ང་རྒྱལ་ལ་སོགས་དབའ་རླབས་ཕ་རོལ་ངོགས། །ཐག་རིང་ཀློང་དུ་ལས་ཀྱི་རླུང་གིས་ཤིན་ཏུ་བདས། །བྱམས་པ་ཕུན་སུམ་ཚོགས་པའོ། །སེམས་ཅན་འཁོར་བས་གདུངས་པ་མཐོང་ནས་ནི། །སྙིང་རྗེའི་
ཏིང་འཛིན་རྒྱ་ཆེན་བསྐྱེད་པར་བྱ། །ཐབས་དང་རིག་པ་དགྱེས་པའི་སྒྲ་རྣམས་ཀྱིས། །མཁའ་ལ་སངས་རྒྱས་སེམས་ཅན་དགྱེས་པ་བསྐྱེད། །འོད་ཟེར་དྲ་སྤྲོས་དྲངས་པའི་མགོན་པོ་རྣམས། །ཁ་ཡི་དྲ་བས་ནང་དུ་གཞུག་པར་བྱ། །ཞུ་གྱུར་རྡོ་རྗེ་ལམ་བྱུང་གསང་བྱུང་འགྱུར། །ཕྱི་ན་གནས་པའི་ལྷ་མོ་རྣམ་པ་དགུ། །
རིམ་བཞིན་སྤོས་དང་བདུག་པ་མར་མེ་དང་། །དྲི་དང་དེ་བཞིན་མེ་ལོང་ལ་སོགས་ལྔ། །མཆོད་པ་བྱ་ཕྱིར་ལག་ན་ཐོགས་པར་བལྟ། །ལྷ་མོ་རྣམས་དང་རང་ཉིད་རྡོ་རྗེ་སེམས། །དང་པོ་སྤྱན་ལ་སོགས་པ་སྤྲོ་བར་བྱ། །གཟུགས་ལ་སོགས་པ་ལྷ་མོ་ཀུན་ཀྱང་འབྱུང་། །སླར་བཅུག་ཐམས་ཅད་རྡོ་རྗེ་ལམ་ཕྱུང་ནས། །
པདྨའི་སྒོ་རུ་ངེས་པར་འབབ་འགྱུར་ཏེ། །གསང་བའི་ལྟེ་བའི་ཟླ་དབུས་གཞུག་པར་བྱ། །འོད་ཟེར་དེ་བྱུང་བཤད་པའི་དཀྱིལ་འཁོར་ཉིད། །བསྐྱེད་ནས་སྲིད་པ་གསུམ་ན་གནས་པ་ཡི། །སེམས་ཅན་གང་ཡིན་ཐམས་ཅད་གཞུག་པར་བྱ། །སྙིང་རྗེ་ཕུན་སུམ་ཚོགས་པའོ། །རྡོ་རྗེས་བཅོམ་ནས་པདྨ་ལེགས་ཕྱེ་བའི། །

དེ་ཡི་འོད་ཀྱིས་སངས་རྒྱས་སྤྱན་དྲངས་ནས། །ཁར་གཞུག་རྡོ་རྗེ་ལམ་ནི་བྱུང་གྱུར་པ། །རྒྱལ་བ་ལ་སོགས་ཟླ་བ་ཞུས་དབང་བསྐུར། །མིག་ལ་སོགས་པ་དྲུག་དང་གཟུགས་རྡོ་རྗེ། །སྤྱན་ལ་སོགས་དང་བདེ་བར་གཤེགས་པ་ལྔ། །དེ་བཞིན་གཞན་ཡང་ཁྲོ་བོ་བཞི་རྣམས་དང་། །དེ་དག་རྣམས་ནི་རང་གི་གཟུགས་
སུ་གྱུར། །དགའ་བ་ཕུན་སུམ་ཚོགས་པའོ། །སྟོང་གསུམ་ཆེན་པོའི་འཇིག་རྟེན་ཁམས་གནས་གྱུར། །ཕྱི་རོལ་སེམས་ཅན་གཞན་དག་དགའ་མེད་པ། །ཀྵིཾ་ལ་སོགས་པའི་ས་བོན་གྱིས་སྤྲོ་སྟེ། །དེ་རྣམས་ཐམས་ཅད་བྱང་ཆུབ་ལ་གཞོལ་བྱས། །གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །སེམས་ཅན་དོན་
དུ་སྨོན་ལམ་བྱས་གྱུར་པ། །གང་ཡིན་དེ་ནི་བདག་གིས་ཡོངས་སུ་བསྐྱང་། །འགྲོ་བ་མྱ་ངན་འདས་པར་འདུལ་དོན་ཕྱིར། །སྟོང་པ་ཉིད་དུ་རབ་བཞུགས་བཞེད་པར་གྱུར། །རྣམ་པར་ཤེས་པའོ། །བཏང་སྙོམས་ཡོངས་སུ་རྫོགས་པའོ། །ཨོཾ་དང་ཨཱཿཧཱུྃ་དཀར་ཞིང་དམར་དང་གནག །འོད་སེར་ཧོ་གཉིས་
ཀྱི་ནི་དབུས་གནས་པ། །ཁ་ཡི་ནང་བཞུགས་པདྨའི་དབུས་གནས་ཏེ། །མགོན་པོ་རིག་མ་གཉི་ག་ཞུ་བར་བྱས། །འདས་དང་མ་བྱོན་པ་དང་ད་ལྟར་གྱི། །སེམས་ཅན་དག་ཏུ་གྱུར་པ་གང་ཅུང་ཟད། །དེ་རྣམས་རྒྱུ་གང་གིས་ནི་ཡོངས་གྲོལ་བ། །མགོན་པོ་བཞུགས་པ་སྟོང་ཉིད་རབ་ཞུགས་གྱུར། །གང་རྣམས་
ཐོག་མ་མེད་པའི་དུས་དབུས་བསྒོམ། །ཐོག་མེད་དུས་མཐའ་ནས་ནི་མི་གཡོ་བའི། །ཚངས་པའི་གནས་བཞི་གཟུགས་ཀྱི་ལྷ་མོ་རྣམས། །རྡོ་རྗེ་ཐུགས་ཁྱོད་ལ་སོགས་པ་བཞི་ཡིས། །རང་གི་གླུ་རྣམས་ཀྱིས་ནི་ཡང་དག་བསྐུལ། །རྡོ་རྗེ་རྫོགས་ལ་སྟོང་ཉིད་ཡང་དག་སྤངས། །མཾ་བསམ་སྔ་མའི་དཀྱིལ་
འཁོར་བཞིན་དུ་གྱུར། །སྣ་ཚོགས་པདྨའི་འདབ་མའི་གདན་དབུས་སུ། །ཟླ་བ་བཅུ་གཉིས་དང་ནི་ཉི་མ་བདུན། །དེ་དབུས་པདྨ་ཟླ་བའི་གདན་དབུས་སུ། །མཾ་ལས་བྱུང་བའི་རལ་གྲི་རྣམ་པར་བསམ། །རལ་གྲིའི་སྟེང་དུ་ཡང་ནི་ཟླ་མཾ་སྟེ། །རལ་གྲི་ཟླ་མཾ་ལས་བྱུང་འཇམ་རྡོ་རྗེ། །མིང་དང་གཟུགས་སོ། །རལ་
གྲི་ཞལ་དང་རང་སྐུ་གུར་ཀུམ་མདོག། །གཡས་པ་སྔོ་ཞིང་གཡས་པ་མིན་པའང་དཀར། །རལ་གྲི་མདའ་དང་ཨུཏྤལ་གཞུ་བསྣམས་ཤིང་། །དེ་ཡི་ཕྱག་གཉིས་ཤེས་རབ་ཀུན་དུ་འཁྱུད། །ཤེས་རབ་རྣམ་དག་ངོ་བོ་རལ་གྲི་སྟེ། །ཆོས་རྣམས་འབིགས་པར་བྱེད་པ་ཉིད་ཀྱིས་ནི། །རྣམ་པར་དག་པའི་ཐབས་ཀྱི་ངོ་བོ་

མདའ། །སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པས་ན། །ཨུཏྤལ་སྔོན་པོ་ཉེས་ཀུན་གཉེན་པོ་དང་། །ཡོན་ཏན་ཐམས་ཅད་འཛིན་པར་བྱེད་པའི་གཞུ། །རྣམ་པ་སྣ་ཚོགས་མཆོག་རྣམས་ཀྱིས་བརྒྱན་ཅིང་། །ཡིད་དུ་འོང་བའི་རིན་ཆེན་མཆོག་གིས་བརྒྱན། །སངས་རྒྱས་
ལྔར་བྱས་བདག་ཉིད་ལུས་ལས་སྤྲོ། །རི་རབ་བཞིན་དུ་མི་གཡོ་དཔལ་གྱིས་མཛེས། །རང་གྲི་ས་བོན་དཀྱིལ་འཁོར་དབུས་སུ་མཾ། །ཡང་ན་གཞན་ཅི་འདོད་པའི་ཆོ་གས་མགོན། །དེ་ཉིད་ཀྱི་ནི་གནས་སུ་གྱུར་པ་སྟེ། །དཀྱིལ་འཁོར་དབང་པོ་དེ་ཡི་གཟུགས་འཛིན་འགྱུར། །གཟུང་བ་དང་ནི་འཛིན་
པའི་སེམས་ཉིད་མེད། །ཨོཾ་དྷརྨ་དྷཱ་ཏུ་ལ་སོགས་སྔགས་བརྗོད་ཅིང་། །བརྗོད་པ་ཙམ་གྱིས་རྫོགས་པར་གྱུར་པ་ནི། །དེ་འདིར་བསྙེན་པའི་ཡན་ལག་རྫོགས་བྱས་པའི། །མིག་གཉིས་ནང་དང་རྣ་བ་སྣ་དང་ལྕེ། །ཡན་ལག་དམ་པ་བྲང་དང་ཟླ་གནས་དྲུག །ཀྵིཾ་ཛྲཱྀཾ་དེ་བཞིན་ཁཾ་གཾ་དེ་ནས་ཡང་། །ཥྐཾ་སཾ་ཡི་གེ་
དྲུག་ཉིད་རྣམ་པར་བསྒོམ། །འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲི་དང་ནི་རྡོ་རྗེ་རིམ་བཞིན་དུ། །ཕྱག་མཚན་དེ་རྣམས་ཡང་དག་བྱུང་བ་དང་། །མཚན་མ་དེ་རྣམས་དབུས་སུ་ཟླ་ས་བོན། །ཕྱག་མཚན་ཟླ་བ་ས་བོན་བཅས་བྱུང་བའི། །ཡན་ལག་ས་བོན་དཀྱིལ་འཁོར་གྱིས་བརྒྱན་རིགས། །དྲུག་པོ་བརླ་
གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས། །ཟླ་བཅས་སྣ་ཚོགས་པདྨ་ཀུན་དུ་གནས། །ས་དབང་རྡོ་རྗེའི་དབང་པོ་ལག་ན་རིན། །འཇིག་རྟེན་དབང་ཕྱུག་སྒྲིབ་སེལ་ཀུན་དུ་བཟང་། །དཀར་དང་སྔོ་དང་དེ་བཞིན་སེར་དང་དམར། །ལྗང་དང་སྐྱ་དང་གཞན་ཡང་དེ་ལ་སོགས། །ས་ཡི་དབང་ཕྱུག་གཟུགས་ཀྱི་རྡོ་རྗེས་འཁྱུད། །རྡོ་རྗེ་
དབང་པོ་ཡང་ནི་སྒྲ་རྡོ་རྗེས། །ནམ་མཁའི་སྙིང་པོ་དྲི་ཡི་རྡོ་རྗེས་འཁྱུད། །འཇིག་རྟེན་དབང་ཕྱུག་ཀྱང་ནི་རོ་ཡིས་ཏེ། །སྒྲིབ་པ་རྣམ་པར་སེལ་བ་རེག་པས་འཁྱུད། །ཆོས་ཀྱིས་འཁྱུད་པ་ཡང་ནི་ཀུན་དུ་བཟང་། །དེ་རྣམས་བཅུ་གཉིས་ཕྱི་ནང་དབྱེ་བ་ལས། །སྐྱེ་མཆེད་དེ་རྣམས་རྣམ་པར་དག་པའོ། །གཟུགས་
རྡོར་ལ་སོགས་ལྷ་མོ་དེ་དག་རྣམས། །གང་ཡིན་ཕུན་ཚོགས་སྐྱེ་མཆེད་དཀྱིལ་འཁོར་གནས། །དེ་དག་རྣམས་ལ་འཁྱུད་གྱུར་དེ་བཞིན་དུ། །བཟློག་པས་གནས་ཚེ་ཐམས་ཅད་དེ་བཞིན་གྱུར། །དེ་བཞིན་རྟག་ཏུ་བསྒོམ་པ་བསྒོམ་བདག་ཉིད། །སྐད་ཅིག་ལ་ནི་མངོན་ཤེས་དྲུག་ཐོབ་འགྱུར། །ཕ་རོལ་ཕྱིན་

དྲུག་རྫོགས་པའི་རྣལ་འབྱོར་པར། །གྱུར་ཏེ་ཉེ་བ་ཡི་ནི་སྒྲུབ་པ་རྫོགས། །རེག་པའོ། །རྡོ་རྗེ་གསུམ་རྫོགས་ངེས་པར་གནས་དོན་དུ། །ཟླ་གསུམ་སྙིང་ག་ལྐོག་མ་མགོ་བོར་ཡང་། །བྲང་དང་ལྐོག་མའི་བར་དུ་བཞི་པ་དགོད། །སྣ་ཚོགས་པདྨ་རྒྱས་པའི་དབུས་གནས་པའི། །ཧཱུྃ་གི་རྡོ་རྗེ་ལས་
བྱུང་ཐུགས་རྡོ་རྗེ། །ཨ་ནི་པདྨ་ལས་བྱུང་ཁྱད་འཕགས་ངག །ཨོཾ་གྱི་འཁོར་ལོ་ཡིས་ནི་སྐུ་རྡོ་རྗེ། །མཾ་གྱི་རལ་གྲི་ལས་བྱུང་འཇམ་རྡོ་རྗེ། །ཆོས་དང་ལོངས་སྤྱོད་རྫོགས་པ་སྤྲུལ་པ་ཡི། །སྐུ་གསུམ་རྣམ་པར་གྲོལ་བའི་བདག་ཉིད་དེ། །དེས་དབྱིངས་ཡེ་ཤེས་རང་བཞིན་བཞི་པའོ། །སྔོན་པོ་དམར་པོ་དང་
ནི་དཀར་དང་སེར། །དཔལ་ལྡན་ཐུགས་ཀྱི་རྡོ་རྗེའི་ཕྱག་རྒྱ་ཆེ། །ངག་གི་རྡོ་རྗེའི་སྐུ་འཁྱུད་ཆོས་ཕྱག་རྒྱ། །དམ་པའི་སྐུ་ཡི་རྡོ་རྗེ་ལས་ཕྱག་རྒྱ། །འཇམ་དབྱངས་ཉིད་འཁྱུད་དམ་ཚིག་ཕྱག་རྒྱའོ། །དེ་རྣམས་བཞི་པོ་ཟླ་བའི་འོད་ཀྱིས་བརྒྱན། །རྡོ་རྗེའི་སྐྱིལ་ཀྲུང་གིས་ཀྱང་ཤིན་ཏུ་གནས། །ཕྱག་རྒྱ་རྣམས་ཀྱི་
སོ་སོའི་དབུས་སུ་ནི། །འདི་ལྟར་བསྒོམ་པར་བྱ་ཞེས་ལ་ལ་འཆད། །དེ་རྣམས་ཀྱི་ནི་དབུས་སུ་འདི་ལྟ་ཡང་། །རཾ་བཾ་ཡཾ་ལཾ་ལ་སོགས་ཡི་གེ་དགོད་པར་བྱ། །འདི་རྣམས་བཞི་པོ་རྫོགས་པར་གྱུར་པ་དང་། །མེ་ཆུ་རླུང་དང་དབང་གི་དཀྱིལ་འཁོར་རྣམས། །དམར་པོ་གྲུ་གསུམ་དཀར་ཞིང་ཟླུམ་པ་དང་། །གཞུ་
འོད་སྔོན་པོ་སེར་པོ་གྲུ་བཞི་པའོ། །མདུང་དང་བུམ་པ་བ་དན་རྡོ་རྗེ་ཡིས། །གོ་རིམས་ཇི་བཞིན་དེ་རྣམས་མཆན་པར་འདོད། །དཀྱིལ་འཁོར་དེ་ཡི་དབུས་སུ་རང་ས་བོན། །དམར་བ་ཕྱག་མཚན་ཟླ་གནས་ཉིས་འགྱུར་བྱ། །མདོག་དང་ཕྱག་མཚན་རྣམས་དང་གདན་ལ་སོགས། །ཐུགས་རྡོ་རྗེ་དང་འདྲ་བར་དེ་
རྫོགས་བྱ། །རིག་མ་སྤངས་ཤིང་ཕྱག་གཉིས་ཞལ་གཅིག་སྟེ། །ཅོད་པན་མཚོན་ཆ་རྒྱན་མེད་དེ་རྣམས་ནི། །སྔར་གསུངས་དཀྱིལ་འཁོར་རྣམས་ཀྱི་དབུས་སུ་ནི། །རྣམ་པར་བསྒོམ་པར་བྱ་ཞེས་གཞན་རྣམས་འཆད། །སེམས་ཀྱི་འོད་ཟེར་ཚོགས་ལས་རང་བྱུང་བའི། །ཤེས་རབ་ཡན་ལག་གིས་འཁྱུད་གསལ་
བའི་ཐུགས། །རྒྱལ་བའི་དབང་པོའི་ཞིང་རྣམས་ཡང་དག་མཆོད། །རང་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ། །དཔལ་ལྡན་རྡོ་རྗེ་འཆང་ཞེས་ཐུགས་བརྗོད་དེ། །ཆོས་ཀྱི་གསུང་ལམ་ཞེས་བཤད་གསུང་བརྗོད་དེ། །དེ་བཞིན་དཔལ་ལྡན་རྡོ་རྗེ་འཆང་སྐུ་སྟེ། །དེ་ལྟར་སྔགས་བརྗོད་འདི་ནི་

སྒྲུབ་ཡན་ལག །སྔགས་སྤངས་བརྗོད་དེ་སེམས་ཀྱིས་དབང་བསྐུར་ཏེ། །དཔལ་ལྡན་ཡེ་ཤེས་སེམས་དཔའ་རྟག་ཏུ་བསྐུལ། །གང་ཕྱིར་འདི་ནི་རྡོ་རྗེ་འཛིན་རྒྱུད་གསུངས། །ཤེས་རབ་རྣོ་ཅན་དེ་རྣམས་ཀྱིས་རབ་སྒྲུབ། །ཚོར་བའོ། །བདག་གིས་བདག་སྙིང་ཡེ་ཤེས་འོད་ཚོགས་
ཀྱིས། །མཁའ་བཞུགས་རྒྱལ་བ་མ་ལུས་ཡང་དག་བསྐུལ། །དེ་ཡི་ལུས་ནང་བྱུང་བའི་འོད་ཟེར་ལས། །གཟུགས་སོགས་རྡོ་རྗེ་རང་བྱུང་གཞན་ཡང་ནི། །དཔལ་ལྡན་མཱ་མ་ཀཱི་དང་གོས་དཀར་ཅན། །སྒྲོལ་མ་ཞེས་བྱ་ལྷ་མོ་དེ་རྣམས་ནི། །རྔ་ཡི་སྒྲ་ལྡན་རྣམས་ཀྱི་སྒྲ་སྒྲོགས་ཤིང་། །བྱུག་པ་ལ་སོགས་
མེ་ཏོག་ཕྲེང་ཐོགས་ཤིང་། །གསེར་གྱི་བུམ་པ་ཡེ་ཤེས་ཆུས་གང་བ། །བཀྲ་ཤིས་བུམ་པ་ལག་ཐོགས་ཀླུ་རྣམས་ཀྱིས། །རང་གཙོ་ཅོད་པན་ཐོགས་ཤིང་མཁའ་དཀྱིལ་གནས། །མཆོག་ཏུ་དབང་བསྐུར་བར་ནི་དབབ་པར་བྱ། །བབ་འགྱུར་དེ་ཉིད་ལས་ནི་བྱུང་བ་ཡི། །མི་བསྐྱོད་རྡོ་རྗེ་ཅོད་པན་དག་ཏུ་
གནས། །མཐོང་ན་ཤིན་ཏུ་སེམས་ནི་རྣམ་དག་པར། །གྱུར་པ་དེ་ཉིད་སྒྲུབ་པ་ཆེན་པོའོ། །སྲིད་པའོ། །རིག་མ་མཚན་མཆོག་ཡོན་ཏན་ཀུན་ལྡན་པ། །རང་གི་ས་བོན་ལས་བྱུང་ཀུན་དུ་རྟོག །དཀྱིལ་འཁོར་མངོན་སུམ་དུ་ནི་རབ་ཏུ་གཞག །དེ་ལ་བསྙེན་པ་ལ་སོགས་དེས་བྱས་བདག །ས་སྙིང་ལ་
སོགས་རྣམས་ཀྱིས་གང་བར་བལྟ། །སྐུ་ལ་སོགས་པའི་ཡི་གེ་གསུམ་གྱི་ལུས། །དེ་འདིར་ཆོས་ལ་སྦྱར་བར་གྱུར་པ་ཡིས། །གློ་བུར་ལས་བྱུང་ལུས་ནི་ཀུན་དུ་དགང་། །མགོ་སྙིང་ལྟེ་བ་རྐེད་པ་བརླ་གཉིས་སུ། །ཨོཾ་ཧཱུྃ་སྭཱ་ཨཱཿཧཱ་ཞེས་གོ་རིམས་བཞིན། །དེ་རྣམས་མདོག་ནི་བྱེ་བྲག་ཤེས་ནས་ནི། །
རྣམ་དགོད་རིགས་ལྔ་རུ་ནི་རབ་ཏུ་བྱ། །ཨ་ལས་བྱུང་བའི་གསང་བའི་ལྟེ་བར་ནི། །ཧཱུྃ་ལས་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི། །ནོར་བུ་ཨོཾ་དང་རང་གི་རྡོ་རྗེ་ཧཱུྃ། །སྦུབས་གཉིས་སུ་ནི་ཡི་གེ་ཕཊ་བསྒོམ་བྱ། །དེ་འོག་ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས། །ཨ་ནུ་རཱ་ག་ན་འཁྱུད་གཉིས་སུ་བྱ། །ལེན་པའོ། །དེ་ནས་སྔར་བཤད་དབང་
བསྐུར་ཤེས་བྱས་ནས། །རིག་དང་ལྷན་ཅིག་འདི་རུ་དགའ་བར་བྱ། །སྲིད་པའོ། །དང་པོར་བསྙེན་པའི་ཡན་ལག་དེ་ནས་ཉེར་སྒྲུབ་པ། །བསྒྲུབ་པའི་ཡན་ལག་ཆེན་པོ་ལ་སོགས་ཀྱང་། །རྟུལ་པོ་ལ་སོགས་སྦྱོར་བྱས་སོ་སོར་ནི། །འགྱུར་ཏེ་བཞི་རུ་ཡང་ནི་བཤད་པར་གྲགས། །རྟུལ་སོགས་རྒྱུ་

མཐུན་རྣམ་སྨིན་སྐྱེས་བུ་བྱེད། །དབང་གི་འབྲས་བུ་རྣམ་པ་བཞི་རུ་བཞག །བསྙེན་པའི་ཡན་ལག་ནས་བརྩམས་བྱ་བ་ནས། །ཐབས་ལས་བྱུང་བའི་བྱ་བ་རྣམ་པ་བཞི། །ཤེས་རབ་ཀྱིས་འགྱུར་དེ་བཞིན་ཆོ་ག་རྣམས། །བསྙེན་པའི་ཡན་ལག་ལ་སོགས་དབང་བསྐུར་མཐའ། །རྒྱུ་མཐུན་ལ་སོགས་བཅས་པ་དབུས་
ཀྱི་མིང་། །ཡན་ལག་བཞིར་འགྱུར་དང་པོའི་སྦྱོར་བའོ། །སྙིང་གའི་ཟླ་དབུས་གནས་པའི་སྔགས་འོད་ཀྱི། །རྒྱལ་བའི་དབང་པོའི་སྐུ་ལ་མ་ལུས་གཞུག །བདེ་བ་ཆེན་པོ་ལས་བྱུང་བྱང་ཆུབ་སེམས། །ཧཱུྃ་རྡོར་ལས་བྱུང་དཀྱིལ་འཁོར་དཀྱིལ་དབང་དགོད། །སྐྱེ་བའོ། །དྭེ་ཥ་ར་ཏཱི་ར་བཅས་པའི་ཐུགས་རྡོ་རྗེ། །
ཨིནྡྲ་ནཱི་ལ་བཅས་བྱས་ལུས་འཆང་ཞིང་། །ཞེ་སྡང་ངོ་བོ་སྣ་ཚོགས་པདྨ་ལ། །བཞུགས་པའི་བཛྲ་དྷྲྀཀ་ནི་ཟླ་དབུས་སུ། །རྒ་ཤིའོ། །བྷྲཱུྃ་འཁོར་ལས་ནི་ཛི་ན་ཛིཀ་གཙོ་བོ། །རྣམ་པར་སྣང་མཛད་གཏི་མུག་འདྲ་རང་བཞིན། །ཟླ་བ་བྱེ་བ་ཡི་ནི་འོད་གསལ་བ། །ཤར་ཕྱོགས་ཟླ་དབུས་མོ་ཧ་ར་ཏཱིར་བཅས། །ཨཱཾ་
གི་རིན་ཆེན་ལས་བྱུང་གསེར་བཙོའི་འོད། །རིན་དབང་མགོན་པོ་བཛྲ་ར་ཏཱིར་བཅས། །ང་རྒྱལ་གཙོ་བོ་རཏྣ་དྷྲྀཀ་ཅེས་པ། །འདི་གདན་ཉི་མའི་སྟེང་བཞུགས་ལྷོ་ཕྱོགས་སུ། །ཛྲཱྀཾ་གི་པདྨ་ལས་བྱུང་མཚལ་མདོག་འོད། །འདོད་ཆགས་ལ་བཞུགས་མགོན་པོ་འོད་དཔག་མེད། །རཱ་ག་ར་ཏཱིས་དམ་འཁྱུད་ཨཱ་རོ་
ལྀཀ །ཉི་མའི་གདན་ལ་བཞུགས་འགྱུར་ནུབ་ཕྱོགས་སུ། །ཁཾ་གི་རལ་གྲི་ལས་བྱུང་མདོག་མཆོག་ལྗང་། །ཕྲག་དོག་རང་བཞིན་དེ་ཡང་དོན་ཡོད་གྲུབ། །ནུ་མ་གཉིས་བསྟེན་བཛྲ་ར་ཏཱིར་བཅས། །པྲཛྙཱ་དྷྲྀཀ་ཅེས་བྱང་ཕྱོགས་ཉི་དབུས་སུ། །ཡེ་ཤེས་ལྔ་ཕུང་རྣམ་པར་དག་པའོ། །ལམ་གྱི་འཁོར་ལོ་ལས་
བྱུང་མཚམས་སུ་ནི། །རྣམ་པར་སྣང་མཛད་མདོག་འདྲ་ཟླ་དཀྱིལ་ནས། །སྒེག་པའི་ཆ་བྱད་རྒྱལ་ལ་རབ་ཏུ་ཆགས། །མོ་ཧ་ར་ཏི་གང་ཡིན་དེ་ཉིད་སྤྱན། །མཾ་གྱི་ཨུཏྤལ་དམར་མོའི་ཕྱག་མཚན་བྱུང་། །མི་བསྐྱོད་པ་འདྲ་གཤིན་རྗེའི་ཕྱོགས་ཟླ་དབུས། །རྟག་ཏུ་དང་པོའི་སངས་རྒྱས་ཐབས་ཅིག་སྦྱོར། །
དྭེ་ཥ་ར་ཏི་མཱ་མ་ཀཱི་གཞན་མིན། །པཾ་གྱི་པདྨ་ལས་བྱུང་ཟླ་དབུས་སུ། །སྣང་བ་མཐའ་ཡས་མདོག་འདྲ་རླུང་གི་ཕྱོགས། །པདྨའི་མགོན་པོ་ཡིས་ནི་ཀུན་དུ་འཁྱུད། །གོས་དཀར་གང་ཡིན་རཱ་ག་ར་ཏཱིའང་དེ། །ཏཱཾ་གི་ཨུཏྤལ་གསེར་ལས་བྱུང་གྱུར་པ། །རིན་དབང་འོད་འདྲ་བཛྲ་ར་ཏཱི་སྒྲོལ། །དབང་ལྡན་

ཕྱོགས་སུ་ཟླ་བ་ལ་གནས་ཤིང་། །དོན་ཡོད་རྡོ་རྗེའི་ཡན་ལག་གིས་འཁྱུད་བྱས། །འབྱུང་བ་ཆེན་པོ་བཞི་རྣམ་པར་དག་པའོ། །ཕྱི་རོལ་བྱུང་ནས་མེ་ཡི་ཕྱོགས་སུ་ནི། །སྐོར་ཕྱོགས་དེ་ཉིད་ཀྱི་ནི་ནང་དུའང་། །ཟླ་བ་དྲུག་དབུས་རང་གི་ཕྱག་མཚན་རྒྱུ། །འོད་ལྡན་ཡི་གེ་དྲུག་པོ་མཐོང་ནས་
ནི། །མཚམས་དེ་རྣམས་སུ་ཛཿཧཱུྃ་བཾ་ཧོཿདང་། །ཁཾ་རཾ་ཤར་གྱི་སྒོ་གྱུར་ཕྱོགས་གཉིས་སུ། །མེ་ལོང་པི་ཝང་དཀར་པོ་དྲི་དུང་ཆོས། །རོ་ཡི་སྣོད་དང་སྣ་ཚོགས་གོས་མཁའ་དབྱིངས། །ས་བོན་བསམ་པའི་མཚན་མ་དེ་མཐོང་ནས། །གཟུགས་རྡོ་རྗེ་སོགས་ལྷ་མོ་དེ་རྣམས་དྲུག །དེ་རྣམས་ས་བོན་ལ་སོགས་
མདོག་འདྲ་ཞིང་། །ལུས་ལ་རྟག་ཏུ་དེ་ཉིད་གསུམ་བསམ་བྱ། །ཕ་རོལ་ཕྱིན་དྲུག་རྣམ་པར་དག་པའོ། །རཾ་ཧཱུྃ་ཉི་མའི་དཀྱིལ་འཁོར་དབུས་གནས་པ། །ཧཱུྃ་གི་ས་བོན་མཚན་བྱུང་ཁྲོ་བོའི་གཟུགས། །ཇི་སྐད་བཤད་པའི་ཁྲོ་བོའི་ཚོགས་ནང་གནས། །བསྒོམ་བྱ་དེ་རྣམས་རྟག་ཏུ་གཡས་བརྐྱང་བཟློག །མྱ་ངན་
འདས་སྲིད་རྣམ་དག་གཡས་བརྐྱང་བའོ། །གཤིན་རྗེ་མཐར་བྱེད་དབང་པོ་ཞེས་བྱའི་སྒོར། །ཤེས་རབ་མཐར་བྱེད་ཉི་མ་ལ་སྐྱེས་ཕྱོགས། །པདྨ་མཐར་བྱེད་ཀླུ་ཡི་གཙོ་བོའི་ཕྱོགས། །བགེགས་མཐར་བྱེད་པ་རྣམ་ཐོས་ཕྱོགས་ན་གནས། །དད་པ་ལ་སོགས་པ་བཞི་རྣམ་པར་དག་པའོ། །གཤིན་རྗེ་མཐར་བྱེད་དེ་
ཡི་བེ་ཏཱ་ལླཱི། །ཤེས་རབ་མཐར་བྱེད་གཞན་གྱིས་མི་ཐུབ་མ། །པདྨ་མཐར་བྱེད་ལྷན་ཅིག་ཁྲོ་གཉེར་ཅན། །བགེགས་མཐར་བྱེད་པ་རལ་པ་གཅིག་མར་དམིགས། །མ་ལུས་འཁོར་ལོ་སྣ་ཚོགས་པདྨ་ལ། །ཉི་ཟླའི་དབུས་སུ་ཇི་ལྟ་བ་བཞིན་བཞུགས། །ཞི་བའི་གཟུགས་ཅན་གང་ཡིན་འདིར་ལྷ་རྣམས། །དེ་རྣམས་
ཐམས་ཅད་རྡོ་རྗེའི་སྐྱིལ་ཀྲུང་གྱུར། །ཏིང་འཛིན་ཆེན་པོ་ཐོབ་པས་ཤིན་ཏུ་ཞི། །བདུད་རྣམས་བཞི་ལས་མཆོག་ཏུ་རྒྱལ་གྱུར་པས། །རྣམ་པར་དག་པའི་རྡོ་རྗེ་སྐྱིལ་ཀྲུང་ངོ་། །སངས་རྒྱས་སོགས་གཞན་ལྷ་མོ་རྣམས་བཅས་པ། །དགྱེས་པའི་བརྩོན་འགྲུས་རྩོམ་པ་རྣམ་པར་སྦྱར། །དབུས་ན་གནས་པའི་དཀྱིལ་
འཁོར་གཙོ་བོ་ཡི། །ཞལ་འདི་རྣམས་ཀྱི་ཞལ་ནི་ངེས་པར་ལྟ། །རིགས་རྣམས་དང་པོའི་རིགས་ནི་རྡོ་རྗེའི་རིགས། །དེ་བཞིན་གཤེགས་དང་རིན་ཆེན་རིགས་གསུམ་པ། །དེ་ནས་པདྨའི་རིགས་ནི་བཞི་པ་སྟེ། །སྣ་ཚོགས་རིགས་ནི་ལ་ལར་ལས་ཀྱི་རིགས། །སྔོན་པོ་ལ་སོགས་གང་ཡིན་མདོག་ལྔ་ཡང་། །དེ་

མདོག་ཐ་དད་པས་ནི་རིགས་རྣམས་ལྔ། །སེམས་ཅན་བསམ་པ་ཐ་དད་མདོག་ཐ་དད། །རིགས་ལས་རང་བྱུང་སངས་རྒྱས་རྣམས་ཀྱི་སྐུ། །དེ་རྣམས་ཡན་ལག་མཆོག་རྣམས་གསུམ་གྱིས་བརྒྱན། །སྐུ་གསུང་ཐུགས་ནི་རྣམ་དག་ཞལ་གསུམ་པའོ། །སྔོན་པོ་དཀར་པོ་གཉིས་ཀྱི་གཡོན་པ་དམར། །གཡས་པ་
གཉིས་མདོག་རྣམ་པར་ཟློག་པའོ། །སེར་པོ་དང་ནི་དམར་པོ་ལྗང་གུའི་སྐུ། །གཡས་མིན་དང་ནི་གཡས་པ་དཀར་དང་སྔོ། །རིགས་ཀྱི་ལྷ་མོ་འདི་དག་རྣམས་ཀྱི་ནི། །ཞལ་གྱི་མདོག་རྣམས་ཀྱང་ནི་སོ་སོར་གྱུར། །དེ་རྣམས་ཕྱག་དྲུག་དང་ནི་ཡང་དག་ལྡན། །གཙོ་བོའི་ཕྱག་གཉིས་ཀྱིས་ནི་མཚོན་ཆ་སྤངས། །
ལག་པ་གཉིས་ཀྱིས་རྡོ་རྗེ་ཁུ་ཚུར་ནི། །སོ་སོ་སོ་སོར་ངེས་བཅིངས་དེ་འོག་ཏུ། །མཐེའུ་ཆུང་རྩེ་མོ་ལྕགས་ཀྱུའི་གཟུགས་ཀྱིས་ནི། །ལག་པ་གཉིས་ཀྱི་མཁྲིག་མ་གཉིས་ནི་སྦྱར། །གནས་ལྡན་གང་ཡིན་ལ་ནི་ཕྱི་རོལ་གྱིས། །དེ་ཡི་ཕང་དབུས་འདུག་འགྱུར་དེས་མགུལ་ཕྱོགས། །གཡོན་པའི་ནང་
དུ་ལག་གཉིས་ཕྱི་རོལ་གྱུར། །གཅིག་ལ་གཅིག་འཁྱུད་ཕྱག་རྒྱ་བཅིང་བར་བྱ། །ཕ་རོལ་ཕྱིན་དྲུག་རྣམ་དག་ཕྱག་དྲུག་པོ། །བཀྟེ་ནེ་བཀྟྭཾ་བ་རི་ཙུམྦ་མན། །དནྟེ་ཤྭ་ན་ཏཾ་པ་རི་གྷི་ཤ་མ་ན། །ཐབས་དང་རིག་པའི་ཡན་ལག་མི་ཕྱེད་པར། །དཀྱིལ་འཁོར་འཁོར་ལོའི་རྒྱལ་པོའི་རྣམ་པར་བསྒོམ། །
ངོ་བོ་ཉིད་ཀྱིས་རྣམ་དག་འཁྱུད་པའོ། །གང་ཡང་ཕྱག་མཚན་མཆོག་ལས་བྱུང་གང་ཡིན། །མཚན་མ་མཆོག་དེ་ལག་པ་གཡས་སུ་སྟེ། །ཕྱག་གསུམ་ཐམས་ཅད་ལ་ནི་རལ་གྲིའོ། །རལ་གྲི་ལས་བྱུང་འཁོར་ལོ་འཛིན་འགྱུར་ཏེ། །རིན་ཆེན་རིགས་ཀྱི་གཡོན་པ་པདྨར་གྱུར། །དེ་བཞིན་པདྨ་རིགས་ཀྱི་
རིན་ཆེན་ཏེ། །འདི་གཉིས་ཀྱི་ནི་གསུམ་དར་འཁོར་ལོར་གྱུར། །གཞན་རྣམས་ཀུན་གྱི་ལག་པ་ནོར་བུ་པད། །དེ་བཞིན་གཤེགས་པ་རྣམ་པར་དག་པ་དང་། །ཤེས་རབ་ཕ་རོལ་རྣམ་དག་ཕྱག་མཚན་ནོ། །རྒྱལ་བ་ལྔ་པོ་རྣམས་ཀྱི་རལ་པའི་ཚོགས། །འདིར་ནི་དེ་རྣམས་བྱེ་བྲག་གཅིག་ཡོད་འགྱུར། །
ཞི་བ་རྣམས་ནི་རིན་འབར་ཅོད་པན་ཐོགས། །ཁྲོ་བོ་རྣམས་ནི་སྦྲུལ་གྱིས་སྐུ་བརྒྱན་ཅིང་། །དཔུང་པ་ལག་ངར་རྐེད་པ་རྐང་པ་དག །མགྲིན་པ་དང་ནི་རྣ་བ་མགོར་ཐོགས་པ། །འོད་ལྡན་ནོར་བུས་སྤྲས་པ་གསེར་གྱིས་བཅིངས། །ཇི་ལྟ་ཇི་ལྟར་ཡན་ལག་རྒྱན་གྱིས་བརྒྱན། །ཐབས་ཀྱིས་གྱུར་པ་གང་ཡིན་

ཤེས་རབ་ཀྱི། །ཕྱག་དང་མདོག་དང་མཚོན་ཆ་གོས་འབྱུང་བ། །གནས་དང་གནས་པ་ཉིད་ཀྱིས་གང་དང་གང་། །དེ་རྣམས་ཀྱང་ནི་སར་གྱུར་ས་ཡིར་གྱུར། །དཀྱིལ་འཁོར་འདི་ནི་གསང་འགྱུར་རྣམ་པར་བསམ། །བྱུང་ནས་དེ་ཡང་གོ་རིམས་ཇི་ལྟ་བཞིན། །ཡིད་གསུམ་བཛྲ་
དྷྲྀཀ་སོགས་སྔགས་རྣམས་ཀྱིས། །དམ་ཚིག་ལ་སོགས་པ་དང་ཐབས་ཅིག་བྱ། །མི་བསྐྱོད་རྡོ་རྗེ་སྙིང་གར་ཐུགས་རྡོ་རྗེ། །རབ་ཞུགས་ནམ་མཁའ་དང་མཉམ་ངོ་བོ་ཉིད། །རྣམ་པར་སྣང་མཛད་ལ་སོགས་གཞན་རྣམས་ཀྱང་། །གསང་བའི་ནང་བཤད་གང་ཡིན་ཕྱོགས་རྣམས་སུའོ། །དེ་དབུས་
སྔགས་ཀྱི་འོད་ཟེར་རྣམས་བྱུང་ནས། །གཤིན་རྗེ་མཐར་བྱེད་ལྟར་གྱུར་ནམ་མཁར་གནས། །རྡོ་རྗེ་ལྕགས་ཀྱུས་འཁོར་ལོ་དྲངས་ནས་ནི། །དེ་ནས་མདུན་གྱི་དཀྱིལ་འཁོར་དག་ཏུ་བྱ། །རྫོགས་ནས་ཡོན་ཁྱབ་མཆོག་བཀང་པདྨའི་སྣོད། །ལག་པ་གཉིས་ཀྱིས་ཀུན་དུ་བཟུང་ནས་ཀྱང་། །དེ་ནས་ལག་པ་གཡོན་
པས་བ་དན་གཟུང་། །ལག་པ་གཡས་པ་ཡི་ནི་ཙནྡན་མཛེས། །མེ་ཏོག་ཆུ་སོགས་ཀྱིས་མཛེས་བདུད་རྩི་ལྔ། །རང་གི་སྙིང་སོགས་བཟླས་པའི་མཆོད་པ་འབུལ། །གཤིན་རྗེ་མཐར་བྱེད་ལ་སོགས་ཐམས་ཅད་ཀྱང་། །ཛཿཞེས་ལྷག་པར་སྨྲ་ཞིང་སྲུང་བར་བྱེད། །དེ་བཞིན་ཁྲོ་གཞན་རང་གི་ལས་ཀྱི་མཐའ། །
ཛཿཧཱུཾ་བཾ་ཧོཿབཅས་པའི་སྒྲ་སྒྲོགས་ཤིང་། །གཞན་གྱིས་མི་ཐུབ་པདྨ་བགེགས་མཐར་བྱེད། །རབ་བཞུགས་བཅིངས་པ་དང་ནི་དགྱེས་པར་བྱེད། །ཞེས་པའི་བར་གྱུར་འདི་ལྟར་ལྷག་བསྙེན་པ། །ལྷག་པའི་རྒྱུ་མཐུན་འབྲས་བུ་དང་ལྷན་ཅིག །དེ་ནས་ཐམས་ཅད་ཀུན་དུ་དགྱེས་པ་དང་། །མིག་ལ་སོགས་
པའི་ཡན་ལག་བྱིན་གྱིས་བརླབ། །སྐུ་སོགས་ཚིག་གསུམ་གྱིས་ནི་བྱིན་བརླབས་ཏེ། །དབང་བསྐུར་བྱས་པའི་དུས་ཀྱི་ཐ་མར་གནས། །དེ་རྣམས་རིམ་གྱིས་གནས་པའི་བར་དུ་ནི། །ལྷག་པའི་འབྲས་བུ་གསུམ་བཅས་ཡན་ལག་གོ། །རང་གི་སེམས་ལས་ཀུན་འབྱུང་འོད་ཆེན་འཕྲོས། །ནམ་མཁའི་
རྒྱལ་དང་རིག་མ་ཀུན་ནས་དྲངས། །ནམ་མཁའ་ཁྱབ་པར་གདན་ལ་བཞུགས་པར་གྱུར། །རང་གི་བདག་པོ་བཅིངས་ནས་ཅོད་པན་བཅིངས། །གཤིན་རྗེ་མཐར་བྱེད་པད་མཐར་རྡོ་རྗེ་གཞན། །ཁྲོ་བོ་བགེགས་དགྲ་རང་གི་དཀྱིལ་འཁོར་གནས། །ང་རྒྱལ་བཞི་པོ་སེམས་བདག་འཇམ་དབྱངས་བཅས། །ཀུན་

དུ་བཟང་དང་ཕྱག་ན་རྡོ་རྗེ་དང་། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཆོས་དབྱིངས་དང་། །དཔལ་ལྡན་དྭེ་ཥ་རར་བཅས་སྒྲ་རྡོ་རྗེ། །འདི་རྣམས་ཅོད་པན་རྡོ་རྗེ་མི་བསྐྱོད་པ། །མི་བསྐྱོད་རྡོ་རྗེའི་སྟེང་དུ་རྡོ་རྗེ་སེམས། །ས་སྙིང་སྐུ་དབང་དང་ནི་གཟུགས་རྡོ་རྗེ། །གཤིན་རྗེ་མཐར་བྱེད་མོ་ཧ་ར་ཏཱི་རྣམས། །འདི་རྣམས་
ཀྱི་ནི་སྤྱི་བོར་རྣམ་སྣང་བཞུགས། །མཁའ་སྙིང་དྲི་ཡི་སྟེང་དུ་རིན་ཆེན་ཏོག །ངག་རྡོར་འཇིག་རྟེན་དབང་ཕྱུག་དྲི་དང་རོ། །པད་མཐར་ཕྱིན་རྣམས་ཅོད་པན་འོད་དཔག་མེད། །རེག་རྡོར་སྒྲིབ་སེལ་བཛྲ་ར་ཏཱི་རྣམས། །སྤྱི་བོར་ཡང་ནི་དོན་ཡོད་གྲུབ་པ་བཞུགས། །རང་གི་ས་བོན་པདྨའི་ནང་གནས་པའི། །འོད་
ཀྱིས་ཀྱང་ནི་ཕྱག་རྒྱ་ལྔ་དྲངས་ནས། །ཁ་ཡི་ནང་ཞུགས་གསང་བའི་དབུས་གནས་ཏེ། །ཞུ་ནས་དེ་ལས་གཟུགས་ལ་སོགས་པར་གྱུར། །སྐུ་རྡོར་ལ་སོགས་མཚན་མ་དེ་ལྷ་མོ། །མེ་ལོང་སོགས་གང་ཡིན་དེ་ལས་བྱུང་སྤྲོས། །གཞན་ཡང་ཕྱི་རོལ་མེ་ཏོག་བདུག་སྤོས་སོགས། །དེ་རྣམས་ནམ་མཁའ་
ལ་ནི་གདུགས་བཞིན་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་དང་། པཱུ་ཛ་ལ་སོགས་སྒྲ་ཡི་སྔགས་བརྗོད་ཅིང་། །མི་བསྐྱོད་རྡོ་རྗེ་ལ་སོགས་ཚིགས་བཅད་ལྔ། །བརྗོད་ནས་དེ་ནས་མདུན་དུ་རྣམ་བསམ་པ། །ཡཾ་ལས་བྱུང་བའི་འོད་སྔོན་གཞུར་བྱས་ཉིད། །རྒྱལ་མཚན་གྱིས་མཚན་རླུང་གི་དཀྱིལ་འཁོར་ལ། །
དེ་ནས་རཾ་བྱུང་ཤིན་ཏུ་མདོག་དམར་བའི། །གྲུ་གསུམ་གྱེན་གནས་མེ་ཡི་ཚོགས་ཀྱིས་མནན། །དེ་ནས་མེ་ཡི་སྟེང་དུ་འོད་དམར་ཨོཾ། །དེ་ལས་བྱུང་བའི་པདྨའི་སྣོད་མཆོག་བསམ། །རྣམ་པ་བཅོ་ལྔའི་རྫས་ཀྱིས་ཡོངས་གང་བའི། །བདུད་རྩི་ལྔ་ལ་ས་བོན་ལྔ་རྣམས་ཀྱིས། །ཨོཾ་ཧཱུྃ་ཟླ་བ་གཉིས་ནི་
མཁའ་དཀྱིལ་གནས། །ཞུགས་ནས་དེ་ཡི་ནང་དུ་ལྷུང་བར་གྱུར། །སྐོལ་བས་ཨོཾ་ནི་ཚུར་གྱུར་ཀུན་དུ་བལྟ། །ཧཱུྃ་གི་ས་བོན་ལས་བྱུང་རྡོ་རྗེ་ནང་། །རྡོ་རྗེས་དཀྲུགས་པར་རྣམ་པར་ཞུ་གྱུར་པ། །ཡི་གེ་ཧཱུྃ་བཟླས་ཡེ་ཤེས་བདུད་རྩིར་གྱུར། །དེ་ལས་གཞན་པ་ཡི་ནི་སྣོད་རྣམས་ཀུན། །ཐམས་ཅད་རང་གི་ལག་
ན་ཐོགས་པར་སྤྲོ། །ལྕེ་ཡི་རྩེ་མོར་ཧཱུྃ་བྱུང་རྡོ་རྗེ་དཀར། །སྙིང་ལ་གནས་པའི་དཀྱིལ་འཁོར་འཁོར་ལོ་རྒྱལ། །ཐམས་ཅད་ཀུན་དུ་ཚིམ་པར་བསམ་པར་བྱ། །དཀྱིལ་འཁོར་དམ་པའི་མཆོག་འགྱུར་ཏིང་འཛིན་ཏོ། །གང་ཡང་འཇམ་དབྱངས་རྡོ་རྗེ་ཐུགས་ཀ་ཡི། །སེམས་དཔའི་སྙིང་པོ་ལས་བྱུང་འཇམ་

རལ་གྲི། །མཾ་ལས་བྱུང་བའི་སེམས་ཀྱི་མེ་བསྒོམས་ཏེ། །རྡོ་རྗེ་གསུམ་སྐུ་དང་ཡང་མཉམ་པོར་བྱུང་། །དེ་རྣམས་སྙིང་གནས་རང་མཚན་ས་བོན་ལས། །བྱུང་ནས་ཡེ་ཤེས་འོད་ཟེར་རབ་གསལ་བའི། །འོད་ཀྱིས་མ་ལུས་སྣ་ཚོགས་ཀུན་དུ་གང་། །ཡེ་ཤེས་བདུད་རྩི་རྒྱུན་གྱི་རྗེས་
སོང་ནས། །འཇིག་རྟེན་ཁམས་རྣམས་ཐམས་ཅད་བསྒྲལ་ནས་ཀྱང་། །རྣལ་འབྱོར་བདུད་རྩི་གཞན་དང་གཞན་བསྡུས་ནས། །འོག་ཏུ་གདོང་བལྟས་ནས་ནི་དེ་བྱུང་བས། །སྐད་ཅིག་གིས་ནི་འཇིག་རྟེན་གསུམ་བཅས་རྒྱལ། །མ་ལུས་སྣ་ཚོགས་སངས་རྒྱས་ཉིད་བྱས་ནས། །འོངས་ནས་སྤྱི་བོའི་ནང་དུ་རབ་ཏུ་
ཞུགས། །ལུས་ཀུན་ཚིམ་པར་ཀུན་དུ་གྱུར་ནས་ནི། །ཐང་ཅིག་དེ་ལ་ཡང་བའི་རང་བཞིན་གྱུར། །དེ་ཉིད་གསུམ་མཆོད་ཆོ་ག་བཞིན་དུ་བྱ། །མཾ་གྱི་ནང་དུ་རབ་ཞུགས་རྣམ་པར་བལྟ། །མཾ་ལས་བྱུང་གྱུར་རལ་གྲི་དབུས་སུ་ནི། །ཟླ་གནས་ཙ་ན་ཀ་ཙམ་ཐིག་ལེར་གནས། །དེ་དབུས་དཀྱིལ་འཁོར་དཀྱིལ་འཁོར་གྱི་
དབང་པོ། །ཉི་ཤུར་གཅིག་གིས་མ་ཚང་དེ་རྣམས་དག །གང་དང་གང་གིས་སྐྱོ་མེད་དེ་བསྒོམས་ཏེ། །མངོན་སུམ་བྱས་ནས་ཐིག་ལེའི་སྦྱོར་བའོ། །རང་ལྷའི་ས་བོན་ལས་བྱུང་འོད་འཕྲོས་པས། །ཕྱི་རོལ་གྱི་ནི་དེ་བཞིན་གཤེགས་པ་རྣམས། །ཆོས་འབྱུང་ཞེས་བྱའི་སྣ་ཡི་རྩེ་མོར་ཞུགས། །ཡང་དག་བྱང་ཆུབ་
སེམས་བྱུང་འཇམ་རལ་གྱི། །ཡང་ན་འཁོར་ལོ་པདྨ་རྡོ་རྗེའམ། །ནས་ཀྱི་ཚད་དམ་ཟླ་བའི་དབུས་སུ་ནི། །དེ་ཡི་སྟེང་དུ་མཾ་བྱུང་མདོག་ལྔ་པའི། །ཡུངས་ཀར་ཚད་ཙམ་རིན་ཆེན་ཟུར་བརྒྱད་པ། །རིན་ཆེན་དབུས་སུ་རཾ་བྱས་འཁོར་ལོ་ཉིད། །གང་ཡིན་དེ་གྱུར་རྣལ་འབྱོར་ཤེས་མཆོག་གིས། །རྡོ་རྗེ་སོགས་
མཚན་དེ་བཞིན་གཤེགས་རྣམས་ཀྱི། །དེ་རྣམས་ཉིན་དང་མཚན་མ་སྤྲོ་བར་བྱ། །མཚན་མ་བརྟན་པོར་བྱས་པས་བརྟགས་ན་ནི། །འོད་ཟེར་དུ་བའི་འོད་དང་དེ་བཞིན་གཞན། །མེ་ཁྱེར་འོད་དང་སྣང་བ་ཆེན་པོ་སྟེ། །རིམ་གྱིས་མཐར་ཐུག་ཕྲ་མོའི་སྦྱོར་བའོ། །རྔུབ་པ་དང་ནི་གནས་དང་རིང་དུ་གྱུར། །སྡུད་
དང་གང་པ་དང་ནི་འཛིན་པ་རྣམས། །འོང་བ་དང་ནི་རྗེས་དྲན་སྔོན་གྲུབ་རྣམས། །སྲོག་མ་བསྡམས་པར་གྱུར་པ་གང་ཡིན་དགེ། །ཨོཾ་དང་དབུགས་དེ་མཉམ་དུ་ནང་དུ་ཞུགས། །ཨཱཿཡི་སྔགས་དང་ཐབས་ཅིག་དབུས་ན་གནས། །ཧཱུྃ་གི་མཐར་ནི་རང་གི་སྒྲ་དང་ལྡན། །བཟླས་པ་རྐན་དང་མཆུ་སྦྱར་སྤང་བར་བྱ། །

དེ་ཉིད་ས་བོན་ལས་འདིར་སངས་རྒྱས་སྤྲོ། །འོད་ཟེར་ཚོགས་དེ་ནམ་མཁར་སོང་ནས་ཀྱང་། །དེ་ནས་བྱུང་བའི་ལྷ་མོ་དེ་རྣམས་ཀྱིས། །དམ་ཚིག་ཅེས་བྱའི་འཁོར་ལ་མཆོད་པར་བྱེད། །ཐམས་ཅད་ཀུན་དུ་འཁྱུད་པར་གྱུར་པ་དང་། །དགའ་བ་དག་གིས་སངས་རྒྱས་རྣམས་འཁྱུད་འགྱུར། །དེ་ནས་རང་
བྱས་སྙིང་གའི་སེམས་རྡོ་རྗེ། །སྐད་ཅིག་དེ་ལ་ཐུབ་དབང་ཞུགས་པར་བལྟ། །གལ་ཏེ་བསྒོམས་དང་བཟླས་པས་སྐྱོ་གྱུར་ན། །རང་གི་སྙིང་གའི་དེ་ཉིད་རྣམ་བསྒོམས་པས། །རིག་མའི་ཚོགས་འོངས་ནས་ནི་གླུ་ཡི་སྒྲས། །དེ་དང་དེ་ཡིས་འཁོར་ལོ་མཆོག་སད་བྱས། །མགོ་བོ་སྤགས་པའི་མཐོ་གང་
ཙམ་དུ་ནི། །མ་ལུས་ཡོངས་སུ་རྫོགས་པའི་ཟླ་བ་དགོད། །བདུད་རྩི་ལྔ་རྣམས་ཨོཾ་དང་ལྡན་པ་ནི། །ཞུ་བས་སྐད་ཅིག་དེ་ལ་རང་ལུས་བབ། །བསམ་བྱ་གངས་ཆུ་བསིལ་འདྲ་བབ་གྱུར་པས། །མ་ལུས་སྐྱོ་བ་རྣམ་པར་བསལ་བར་བྱ། །དེ་ནས་ཐང་ཅིག་དེ་ཡིས་ངལ་སོས་ནས། །སླར་ཡང་དེ་ཡི་གསང་
སྔགས་བཟླས་བརྗོད་བྱ། །གོང་དུ་བཤད་པའི་དབང་བསྐུར་མཆོད་པ་དང་། །བསྟོད་པ་ལ་སོགས་སྨོན་ལམ་མཐར་ཐུག་བརྗོད། །བྱས་ནས་གང་དག་གང་རིགས་རབ་འབྱུང་བའི། །དེ་ནི་དེ་དང་དེ་ཡི་སྙིང་གར་གཞུག །དེ་ཉིད་གསུམ་ཚིག་གིས་ནི་བྱིན་བརླབ་བྱ། །གནས་ནས་ཐོགས་མེད་ཡེ་ཤེས་གཉིས་
མེད་ཚུལ། །དེ་ལ་གཤེགས་གསོལ་གླེང་གཞི་དེ་རྣམས་ནི། །ལས་རྒྱལ་མཆོག་ཅེས་བྱ་བའི་ཏིང་འཛིན་ནོ། །དེ་ལས་ལངས་ནས་ཏིང་འཛིན་སྦྱོར་བ་ཡིས། །བདག་ཉིད་ཆེན་པོར་རང་ལྷའི་རྣམ་པ་གཟུང་། །སྣང་བ་ཙམ་དུ་ཡུལ་དེ་མཐོང་ནས་ནི། །སྐུ་སོགས་རྡོ་རྗེ་བདག་ཉིད་དངོས་རྣམས་དག །རང་
གི་ས་བོན་ལས་བྱུང་ཡོངས་རྫོགས་པའི། །འཁོར་ལོ་རང་གི་སྙིང་གར་ཞུགས་པར་བསམ། །རཾ་ལས་བྱུང་བའི་མེ་ཡང་བསྒོམ་པར་བྱ། །ཟན་ཟར་གྱུར་པའི་ཚེ་ན་འདི་སྐད་གསུངས། །སྔར་བཤད་རླུང་དང་མེ་དང་དགོང་དབུས་སུ། །རྡོ་རྗེ་ལ་སོགས་ཆོ་ག་བཞིན་བྱས་ནས། །སྐུ་སོགས་ལྷ་རྣམས་ཀུན་དུ་
ཚིམ་པར་བྱ། །ནང་གི་བདག་ཉིད་ཀྱིས་ནི་སྦྱིན་སྲེག་ལས། །མཐར་ཐུག་པར་ཡང་སེམས་ཀྱི་བྱ་བ་སྟེ། །ཕུང་པོ་ལ་སོགས་བུད་ཤིང་ཀུན་དང་ལྡན། །ཡེ་ཤེས་མེ་འབར་བ་ཡིས་ཕུང་པོ་ནི། །བསྲེགས་པ་གང་ཡིན་དེ་ནི་བླ་མེད་བཤད། །མ་ལུས་འདོད་པ་ཡི་ནི་ཆོ་ག་ཉིད། །དེ་ཡིས་རང་གི་ལྷ་ཡི་རྣམ་

པར་བསྒོམ་པར་བྱ། །རང་དང་གཞན་ལུས་ལ་ཡང་ཀུན་དུ་མཆོད། །སངས་རྒྱས་རྣམས་བསྟེན་དམ་ཚིག་ཤིན་ཏུ་ཐོབ། །རྗེས་སུ་མཐུན་པའི་འགྲོ་བའི་དོན་བྱས་ཤིང་། །དེ་བཞིན་གཤེགས་རྣམས་ཀུན་དུ་མཆོད་པར་བསམ། །སེམས་ནི་གཅིག་ཏུ་མཉམ་པར་གཞག་གྱུར་པས། །
ལུས་ལ་སོགས་པའི་ལས་རྣམས་རྟག་ཏུ་བྱ། །གང་ཡང་ལུས་དང་ངག་དང་ཡིད་ཀྱི་ལས། །དགའ་བས་ཐམས་ཅད་ཉིན་མཚན་རབ་བྱེད་པ། །དེ་ཡི་སྔགས་དང་ཕྱག་རྒྱ་རབ་བརྟགས་པར། །སངས་རྒྱས་མཆོག་རྣམས་ཀྱིས་ནི་རབ་ཏུ་གསུངས། །ཇི་ལྟར་དངོས་པོ་གཅིག་ལ་རྣམ་པར་རྟོག །དཔག་མེད་
འབྱུང་འགྱུར་བུད་མེད་མཐོང་བ་ལས། །ཁྱི་དང་འདོད་པ་ཅན་དང་རབ་བྱུང་གསུམ། །བདེ་དང་སྡུག་བསྔལ་རྣམ་པར་གྲོལ་བའི་སེམས། །ལུས་ལ་སོགས་པའི་དགེ་དང་མི་དགེའི་ལས། །གང་ཕྱིར་དེ་ནི་སེམས་ཀྱི་དབང་གིས་གསུངས། །དེ་བས་རྟག་ཏུ་རྣམ་རྟོག་དྲ་གཅོད་པའི། །སེམས་ནི་ནག་པོའི་ལས་
སུ་མི་འགྱུར་རོ། །དམ་ཚིག་ཉམས་པས་ཁཾ་ལས་བྱུང་བ་ཡི། །སྙིང་གར་སྣ་ཚོགས་རྡོ་རྗེ་ཡིས་བཀོད་པ། །ཁཾ་ལས་བྱུང་བའི་རལ་གྲི་དེ་ཉིད་སྟེང་། །ས་བོན་འདི་ལས་བྱུང་བའི་དོན་ཡོད་གྲུབ། །སྣ་ཚོགས་པདྨའི་གདན་ལ་བཞུགས་པ་ཡི། །གོང་གི་གོ་རིམས་ཉིད་བཞིན་ཐམས་ཅད་བྱ། །མྱུར་དུ་
དབང་བསྐུར་བས་ནི་ཉེས་ཀུན་དང་། །འགྲོ་བ་རང་བཞིན་གྱིས་ནི་དག་པར་བལྟ། །ཕྱི་རོལ་ཁྲུས་ལའང་ཆོ་ག་འདིས་བྱའོ། །གང་ཞིག་ཐུན་མཚམས་ཉམས་པར་གྱུར་པ་ཡིས། །དེས་ཀྱང་ཆོ་ག་འདི་ནི་བྱ་བ་སྟེ། །ཇི་ལྟ་བ་བཞིན་ཉེས་པ་གསུམ་འབྱུང་གསུངས། །གང་ཡང་སྣ་ཚོགས་པདྨའི་དབུས་
གནས་པའི། །ཧཱུྃ་ལས་བྱུང་བ་ཡི་ནི་བགེགས་མཐར་བྱེད། །བདུད་རྩི་ཞེས་བྱ་འཁོར་ལོ་དབང་བསྐུར་བས། །འབད་པས་བགེགས་རྣམས་ཐམས་ཅད་གཞོམ་བྱ་སྟེ། །དེ་ལྟར་ཏིང་འཛིན་གསུམ་པོ་བསྒོམ་བདག་ཉིད། །གང་བསྒོམས་པས་ནི་ཤིན་ཏུ་སྐྱོ་གྱུར་ནས། །འཁོར་ལོ་རང་སྙིང་ནང་ཞུགས་རྣམ་
པར་བསམ། །རྣལ་འབྱོར་ལྡན་པས་རིག་མར་ལྡན་པར་ཉལ། །རྣལ་འབྱོར་གཉིད་ལོག་ལྡང་བའི་དུས་སུ་ནི། །ལྷ་མོའི་ཚོགས་ཀྱིས་བླངས་པའི་གླུ་ཡི་སྒྲས། །མྱུར་བར་ཀུན་དུ་ལངས་ནས་ཡང་བྱས་ཏེ། །སྔར་བཤད་པ་ཡི་མཉམ་པར་གཞག་པར་བྱ། །དངོས་གྲུབ་མཚན་མ་ཉེ་བར་བརྟགས་ནས་ནི། །

ཁང་བཟངས་ངོས་གཉིས་ནས་ནི་འཛེག་པ་དང་། །དག་པའི་གཙུག་ལག་ཁང་དང་སངས་རྒྱས་སྐུ། །རྨི་ལམ་གཞོན་ནུ་མ་དང་རྒྱལ་པོ་མཐོང་། །དེ་ཉིད་གསུམ་གྱི་ཆོ་ག་བཞིན་མཆོད་ནས། །དངོས་གྲུབ་འདོད་པ་ཡིས་ནི་དཀྱིལ་འཁོར་བྱ། །རིག་པ་འཛིན་དང་རི་ལུ་མིག་སྨན་དང་། །བཅུད་ཀྱིས་ལེན་
པའམ་ཕྱག་རྒྱ་ཆེ་ལ་སོགས། །རྟ་དང་གསེར་དང་རིན་ཆེན་ས་གཞི་འགྲོ། །ཁྲག་དང་བུ་དང་བུ་མོ་དུ་མ་བྱིན། །བསྐལ་པ་གྲངས་མེད་གསུམ་ལ་སོགས་པ་ཡིས། །འདི་རུ་ལ་ལས་སངས་རྒྱས་ཐོབ་པར་འགྱུར། །གང་ཡང་བདེ་བ་ཆེན་པོའི་ཏིང་ངེ་འཛིན། །ཐམས་ཅད་བསྒོམས་པས་བདེ་བར་
ཉེར་བསྒོམས་ནས། །དེ་སྟེང་སྡིག་པ་ཀུན་ལས་རྣམ་གྲོལ་ནས། །སྐད་ཅིག་གིས་ཏེ་རྡོ་རྗེ་འཛིན་པར་འགྱུར། །བདག་གིས་མན་ངག་བརྩམས་འདི་རབ་དད་པས། །བླ་མའི་ཞལ་གྱི་པདྨ་ལས་རྙེད་དེ། །མཁས་པ་རྣམས་ཀྱིས་འདི་ལ་ལྟད་མོ་གྱིས། །འགྲོ་བ་ཀུན་ལ་ཕན་ཕྱིར་བདག་གིས་བྱས། །ཇི་ལྟར་
ལོག་པའི་བརྫུན་གྱིས་བྱས་པ་ཡིས། །ཕ་ཡི་དྲུང་ནས་ཅུང་ཟད་རྙེད་པ་ལྟར། །དེ་བཞིན་བདག་གིས་བསོད་ནམས་ཅུང་ཟད་རྙེད། །དེ་ནས་འཇིག་རྟེན་འཇམ་པའི་རྡོ་རྗེར་ཤོག །དཔལ་ལྡན་ཨུ་རྒྱན་ཡུལ་དུ་བརྟེན་སྐྱེས་ཤིང་། །དཔག་མེད་རྒྱུད་དོན་མ་ལུས་རབ་མཁྱེན་པ། །དཔལ་ལྡན་རྣམ་པར་དུལ་ཞིའི་
ཞལ་སྔ་ནས། །དེ་ཡིས་དབང་བསྐུར་སློབ་མའི་གཙོ་བོ་མཆོག །དེ་ལས་སིན་དྷཱུའི་ངོས་སུ་དེ་སྐྱེས་ཤིང་། །རྣམ་ཐོས་བསྟི་གནས་ཞེས་བཤད་རྒྱལ་བཞུགས་ནས། །ཤཱཀྱའི་བཤེས་གཉེན་བདག་ཉིད་སངས་རྒྱས་ཤིང་། །དེ་ཡིས་ཡོངས་བཀྲོལ་ཞལ་གྱི་མན་ངག་གོ། །དཔལ་ལྡན་ཨུ་རྒྱན་
ཡུལ་ནས་བྱུང་བའི་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་ཀྱི་སྒྲུབ་ཐབས་ཀྱི་མན་ངག་རྫོགས་སོ།། །།ལོ་ཙཱ་བ་དགེ་སློང་ཁྱུང་ཝེར་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ས་མནྟ་བྷ་དྲ་ནཱ་མ་སཱ་དྷ་ནཾ།
བོད་སྐད་དུ། ཀུན་དུ་བཟང་པོ་ཞེས་བྱ་བའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་མི་ཤེས་ཀུན་སྤངས་དྲི་མེད་གཟི་བརྗིད་ལྡན། །དཔག་མེད་རིགས་ཀྱི་སྤྲུལ་པ་རྣམས་ཀྱིས་རབ་བརྒྱན་ཅིང་། །ཤེས་རབ་ཡན་ལག་འདུས་པས་འབར་ཞིང་རྣམ་མཛེས་

པ། །འཇམ་དཔལ་གང་དེ་མཆོད་ཕྱིར་དེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་འདུས་པའི་གཞུང་ལུགས་བཤེས་གཉེན་ནི། །དམ་པ་ཡིས་ནི་བསྐུལ་ཕྱིར་སྤྲོ་བྱས་ཏེ། །འགྲོ་བ་མ་ལུས་དོན་ནི་ཕུན་ཚོགས་པའི། །རྒྱུར་གྱུར་ཆོ་ག་བདག་གིས་བཤད་པར་བྱ། །དལ་འབྱོར་འདི་ནི་ཤིན་ཏུ་
གཡོ་བ་དང་། །འཇིག་རྟེན་སྐྱེ་བོ་དམ་པ་ཕྲད་རྙེད་དཀའ། །དེ་བས་ཤེས་རབ་ཐབས་ལ་གཞོལ་བ་ཡི། །ཡིད་ལ་བྱེད་པའི་མཆོག་དེ་བསྒྲུབ་པར་བྱ། །དེ་ལ་སྔགས་པ་སྙིང་རྗེའི་སྟོབས་ཀྱིས་ནི། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པ་དང་། །གཏོང་བ་ལ་སོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །ཟབ་མོའི་
ཚུལ་དག་ལ་ནི་ལྷག་པར་མོས། །དཔལ་ལྡན་འདུས་པའི་དཀྱིལ་འཁོར་ཆོ་ག་ཡིས། །རང་གི་དབང་བསྐུར་ཕུན་སུམ་ཚོགས་ལྡན་ཞིང་། །ཆོ་ག་བཞིན་དུ་རྗེས་གནང་ཐོབ་པ་ཡི། །བློ་དང་ལྡན་པས་རང་སྔགས་མཉེས་པར་བྱ། །ལ་ལ་དྲི་མེད་ཆུ་ནི་ཕུན་ཚོགས་ཤིང་། །ཤིང་མཆོག་མཛེས་པས་རྣམ་པར་བརྒྱན་པ་ཡི། །
རི་བོའི་ཕྱོགས་གཅིག་ཏུ་ནི་བཅོམ་ལྡན་འདས། །འཇམ་དབྱངས་ཞེས་བྱ་དེ་ལྟར་རབ་བསྒྲུབ་བྱ། །དང་པོར་ནང་པར་སྙིང་གའི་ཟླ་དབུས་སུ། །དྲི་མེད་འོད་ཟེར་རབ་ཏུ་འཕྲོ་བའི་མཾ། །དེ་ཉིད་ཅེས་བྱ་རྣམ་བཀོད་བརྩེར་ལྡན་པས། །སྒོ་ལ་སོགས་པ་ཡང་དག་དག་པར་བྱ། །ཙནྡན་བཟང་པོ་ལ་སོགས་ཀྱིས་བྱུགས་ཤིང་། །
དྲི་ཞིམ་མེ་ཏོག་གཅལ་བཀྲམ་མཆོག་གི་ཆར། །བསམ་གཏན་གནས་སུ་བདེ་བའི་སྟན་ལ་ནི། །གནས་ནས་དུས་གསུམ་བཞུགས་པའི་སངས་རྒྱས་རྣམས། །དམིགས་ཏེ་སྣ་ཚོགས་མཆོད་པའི་སྤྲིན་རྣམས་ནི། །དང་པོར་སྤྲོ་སོགས་བློ་ལྡན་གྱིས་བྱ་ཞིང་། །དགེ་བ་རྣམས་ནི་འཕེལ་བར་བྱ་བའི་ཕྱིར། །
སྡིག་པ་དག་ནི་བཤགས་པ་ལ་སོགས་བྱ། །གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་གཞན་
གྱིས་དགེ་བ་གང་མཛད་པ། །དེ་དག་ཀུན་ལ་ཡང་དག་ཡི་རང་ཞིང་། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས། །སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་ཐབས། །རང་གི་ཡིད་ལ་གནས་པར་གྱུར་པ་ཡི། །བདེ་གཤེགས་རྣམས་ལ་རྟག་ཏུ་སྐྱབས་སུ་མཆི། །རྟོག་པ་

མ་ལུས་པ་ལས་ངེས་གྲོལ་ཞིང་། །སེམས་དཔའ་དམ་པ་ཀུན་གྱི་ཕུན་ཚོགས་གཞི། །དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད། །དམ་པའི་ཆོས་ལ་རྟག་པར་སྐྱབས་སུ་མཆི། །འཆིང་བ་རྣམས་ལས་ཡང་དག་གྲོལ་གྱུར་ཅིང་། །སྙིང་རྗེ་མཆོག་གིས་བསྐྲུན་པའི་དཔལ་དང་ལྡན། །རབ་ཏུ་དགའ་
སོགས་ས་ལ་རབ་བཞུགས་པ། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་སུ་མཆི། །བསམ་དང་རྣམ་པར་སྨིན་པ་དག་གྱུར་པས། །སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག་འབྱིན། །ལྷག་པར་མོས་པས་རྣམ་པར་བརྒྱན་པ་ཡི། །སེམས་ནི་བྱང་ཆུབ་དམ་པ་བསྐྱེད་པར་བགྱི། །བདེ་གཤེགས་སྲས་
བཅས་རྣམས་ཀྱི་ལམ་གཅིག་པུ། །སྦྱིན་སོགས་རྣམ་བཅུ་དཀར་པོའི་ཡོན་ཏན་ཚུལ། །རྫོགས་སངས་རྒྱས་དག་མ་ལུས་ངོ་བོའི་བློས། །ཡང་དག་ཉིད་དུ་ད་ནི་གནས་པར་བགྱི། །སྙིང་རྗེས་འཇིག་རྟེན་འདི་ནི་མ་ལུས་པ། །ལྟ་བའི་དྲ་བས་བཅིངས་ལ་དམིགས་ནས་ནི། །ཡང་དག་བྱང་ཆུབ་སེམས་ནི་
མཉམ་མེད་པ། །སྔགས་པས་ཆོ་གས་དེ་ལྟར་བསྒོམ་པར་བྱ། །ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ། །རང་བཞིན་རྒྱུ་དང་བྲལ་བས་མཚན་མ་མེད། །རྟོག་པ་རྣམས་དང་བྲལ་ཕྱིར་དངོས་པོ་ནི། །མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་འོག་ཧཱུྃ་གིས་
རྡོ་རྗེར་བྱས་པའི་སར། །ཀུན་དུ་བཟང་ལས་བྱུང་བར་བསམ་པ་ནི། །སྟོན་ཀའི་ཟླ་བ་ལྟ་བུར་རབ་དཀར་བ། །མཐའ་ཡས་ཕྱོགས་གནས་སྣ་ཚོགས་འོད་དང་ལྡན། །གྲུ་གསུམ་གྱེན་དུ་གནས་པའི་ནང་གི་ནི། །ནམ་མཁའ་རང་གི་ངོ་བོ་རྡོ་རྗེ་འཛིན། །ཆོས་འབྱུང་ཞེས་བྱ་ཕྱག་རྒྱའི་དབུས་གནས་པ། །པདྨ་
སྣ་ཚོགས་རྡོ་རྗེ་མཛེས་པ་དེར། །བྷྲཱུཾ་གྱི་འཁོར་ལོ་ལས་བྱུང་རིག་བཅས་པའི། །རྣམ་སྣང་མཛད་ཡན་ལག་ལས་ཡང་དག་བྱུང་། །ཐུབ་དབང་འོད་ཀྱི་དཀྱིལ་འཁོར་སྣ་ཚོགས་པའི། །ཟེར་གྱིས་ཕྱོགས་ཚོགས་མ་ལུས་ཀུན་དུ་ཁྱབ། །མི་མཉམ་པ་དག་མེད་ཕྱིར་ཟུར་བཞི་མཉམ། །དྲན་དང་དབང་པོའི་
མཆོག་གི་སྒོ་རྣམས་ཡིན། །བསམ་གཏན་བཞི་པོ་དག་གི་རྟ་བབས་དང་། །ཏིང་འཛིན་ཁ་ཁྱེར་གྱིས་ནི་ཀུན་དུ་བསྐོར། །ཁ་ཁྱེར་དེ་ལ་བརྟེན་པའི་མཆོད་པ་ནི། །དམ་པ་འཛིན་པ་གཟུངས་ཀྱི་ཚོགས་རྣམས་ཡིན། །སྣ་ཚོགས་རྒྱན་རྣམས་ཀུན་གྱིས་རྣམ་སྤྲས་པ། །གང་ཕྱིར་འགྲོ་བསམ་ཀུན་རྫོགས་མཛད་

པ་ཡི། །རླུང་གིས་བསྐྱོད་པའི་བ་དན་ཕྲེང་བ་དང་། །དྲིལ་བུ་སྒྲ་སྒྲོགས་ཕྱོགས་སྒོ་ཀུན་ཁྱབ་པ། །གང་ཕྱིར་དམ་ཆོས་གསུང་རབ་ཡན་ལག་དགུ། །གདུལ་བྱ་ཐམས་ཅད་ལ་ནི་སྐྱོབ་པ་པོ། །མེ་ལོང་དྲ་བ་དྲ་ཕྱེད་མེ་ཏོག་གི །ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་མཉམ་པ་མེད། །ཡེ་
ཤེས་མེ་ལོང་དྲི་མེད་བྱང་ཆུབ་ཀྱི། །ཡན་ལག་དྲི་ནི་མེ་ཏོག་ཕུན་སུམ་ཚོགས། །ཀ་བ་བཟང་པོ་བརྒྱད་ཀྱིས་ཉེར་མཛེས་པ། །རྣམ་ཐར་བརྒྱད་པོ་རྣམ་པར་དག་པ་ཡིན། །རྡོ་རྗེའི་ཐིག་དང་ཡང་དག་ལྡན་པ་ནི། །རྡོ་རྗེ་ཐེག་ཆོས་འཁོར་ལོ་རབ་བསྐོར་བའོ། །བླ་མེད་མཐའ་ཡས་འདོད་པའི་ཡོན་ཏན་ལྔ། །གཟུགས་
སོགས་ཡུལ་རྣམས་རྣམ་པར་དག་པ་ཡིན། །མཆོད་པ་ལྔ་ཡིས་རྣམ་པར་བརྒྱན་པ་ནི། །ཆོས་དབྱིངས་རྣམ་པར་དག་པའི་རྒྱུ་མཐུན་ཡིན། །སྣ་ཚོགས་པདྨའི་འདབ་མར་ལེགས་གནས་པའི། །ཉི་ཟླ་མགོན་བཅས་ལྷ་ཡི་གནས་རྣམས་དང་། །རིན་ཆེན་མ་ལུས་པ་ཡི་རྣམ་སྤྲས་པ། །གཞལ་ཡས་ཁང་པ་
དེར་ནི་བསམ་པར་བྱ། །བཅུ་དྲུག་ཆ་དང་ཚོགས་ལས་བྱུང་བ་ཡི། །ཟླ་བའི་དཀྱིལ་འཁོར་དག་ནི་དབུས་ཉིད་དུ། །འོད་ཟེར་དཔག་ཏུ་མེད་པའི་ཚོགས་ལྡན་པ། །དབུས་མའི་གདན་ལ་ཆོ་ག་བཞིན་དུ་བསམ། །དཔལ་མཆོག་དང་པོའི་སྙིང་པོ་ལས་བྱུང་བའི། །རྡོ་རྗེ་བཟང་འདིར་ནོར་བུ་དམར་འདྲ་ལ། །དཔག་
མེད་ཐུབ་པའི་འོད་ཚོགས་རྣམ་འཕྲོ་བ། །ཕྱོགས་སྒོ་མཐའ་ཡས་ཁྱད་པར་རབ་བསྒྲུབ་པ། །དང་པོའི་སྙིང་པོ་མཆོག་བཅས་བསྒོམས་ནས་ནི། །ང་རྒྱལ་དེ་ལྟར་མཐའ་ཡས་སྤྲུལ་པ་ཡིས། །འགྲོ་བ་མཆོག་གི་དོན་རྣམས་བྱས་གྱུར་ཅིང་། །ཐུབ་མཆོག་ཕྲ་རབ་ལས་བསྒྲུབས་མཚུངས་མེད་པ། །ཟླ་བ་རྒྱས་
འདྲར་དཀར་བའི་མདངས་ལྡན་ཞིང་། །གཡས་དང་གཡོན་པའི་ཞལ་ནི་སྔོ་དང་དམར། །སྣ་ཚོགས་རྒྱན་རྣམས་འབར་བའི་ཕྱག་གཉིས་ཀྱིས། །རིག་མ་དམ་པར་འཁྱུད་པར་མཛད་པའོ། །ལྷག་མའི་ཕྱག་གིས་རྡོ་རྗེ་རལ་གྲི་དང་། །པདྨ་རིན་ཆེན་བསྣམས་པས་ཟུང་གཉིས་མཛེས། །ཁམས་གསུམ་
ཁོང་ནི་རྣམ་པར་བརྒྱན་པ་ཡིས། །ཐུབ་པའི་འོད་ཚོགས་དུ་མ་རྣམ་པར་འགྱེད། །རྣམ་པར་ཐར་པའི་སྒོ་གསུམ་རྣམ་དག་པས། །ཤེས་རབ་ཐབས་ཀྱི་བདག་ཉིད་སྙིང་རྗེ་མཆོག །མ་ལུས་འགྲོ་བའི་དེ་ཉིད་གཅིག་པུ་ཉིད། །རྒྱལ་བ་སྐྱེད་བྱེད་ཉིད་ཀྱི་སྐུ་རུ་བསམ། །མཆོག་ཏུ་རྗེས་ཆགས་ཕུན་ཚོགས་

དཔག་མེད་ཀྱིས། །འདུལ་བའི་འཇིག་རྟེན་ཐམས་ཅད་དམིགས་ནས་ནི། །དགའ་བའི་སྒྱུ་མའི་སྒྲ་ཡིས་དེ་རྣམས་དང་། །རྒྱལ་བའི་ཚོགས་རྣམས་མ་ལུས་གཞུག་པར་བྱ། །དེ་ནི་སྤྱན་ལ་སོགས་པའི་ལྷ་མོ་དང་། །གཟུགས་སོགས་མ་ལུས་ཡུལ་གྱི་རང་བཞིན་དུ། །ཕྱུང་ནས་རིག་མ་དེ་དག་ཐམས་ཅད་ནི། །
རང་གི་རིག་མའི་ནང་དུ་ཆུད་པར་བྱ། །དེ་ཡི་པདྨའི་ལྟེ་བའི་ནང་དུ་ནི། །དཀྱིལ་འཁོར་དྲི་མེད་ཟླ་ཟེར་ལས་བྱུང་བར། །བསམས་ནས་བློ་ཡིས་འགྲོ་བའི་ཚོགས་རྣམས་ནི། །མ་ལུས་དེ་ནི་རབ་ཏུ་གཞུག་པར་བྱ། །གསང་བའི་རྡོ་རྗེ་དམ་པའི་དབུས་སུ་ནི། །རྣམ་སྣང་ལ་སོགས་རྒྱལ་བའི་ཚོགས་བཞུགས་ཏེ། །
ཟླ་བ་ཞུ་བའི་གཟུགས་སུ་གྱུར་པ་དང་། །དེས་ནི་དེ་རྣམས་དེ་འོག་དབང་བསྐུར་བྱ། །ས་ཡི་སྙིང་པོ་ཕྱག་ན་རྡོ་རྗེ་དང་། །མཁའ་སྙིང་འཇིག་རྟེན་དབང་ཕྱུག་སྒྲིབ་སེལ་བཅས། །དཔལ་ལྡན་ཀུན་དུ་བཟང་པོ་ཞེས་བྱ་བས། །དེ་དག་མིག་ལ་སོགས་པ་གྲངས་བཞིན་ནོ། །གཟུགས་དང་སྒྲ་དང་དྲི་དང་རོ་དག་དང་། །
རེག་བྱ་དང་ནི་ཆོས་དབྱིངས་རྡོ་རྗེ་དང་། །ས་དང་ཆུ་དང་མེ་དང་རླུང་རྣམས་ནི། །ངོ་བོ་ཉིད་གྱུར་སྤྱན་ལ་སོགས་པར་གྲགས། །གཟུགས་དང་ཚོར་བ་དེ་བཞིན་འདུ་ཤེས་དང་། །འདུ་བྱེད་དང་ནི་རྣམ་པར་ཤེས་བཤད་པ། །རྣམ་པར་སྣང་མཛད་ལ་སོགས་བདེ་གཤེགས་ཏེ། །དེ་རྗེས་ས་བོན་གྱིས་ནི་དབྱུང་བར་བྱ། །ཀྵིཾ་
ཛྲཱིཾ་ཁཾ་གཾ་ཥྐཾ་སཾ་ཞེས་བཤད་པ། །འདི་དག་མིག་ལ་སོགས་པ་རྣམས་ཀྱི་མིང་། །ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཞེས་བཤད་པ། །དེ་དག་གཟུགས་ཀྱི་རྡོ་རྗེ་ལ་སོགས་པ། །ལཾ་མཱཾ་པཾ་ཏཱཾ་ཞེས་བྱ་བཞིར་བཤད་པ། །དེ་དག་སྤྱན་ལ་སོགས་པ་རྣམས་ཀྱི་ཡིན། །བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུྃ་ཞེས་བྱ་བ་འདི། །རིམ་པ་ཇི་བཞིན་རྟག་པ་ལ་སོགས་
པའི་འོ། །ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་སེམས་ཉིད་ནི། །འོད་ལྡན་ཧོཿདང་སྤེལ་བ་ཆོ་ག་བཞིན། །པདྨའི་ནང་དུ་ཞུགས་པ་མཉམ་མེད་པ། །ཤེས་རབ་ཆགས་པས་ཞུ་བར་བྱས་པར་བསམ། །དེ་ཡི་འོད་ཀྱི་མཐུ་ཡིས་གཉིས་ཀ་ཡང་། །ཟླ་བ་ཞུ་བར་བྱས་པར་མཐོང་བ་དང་། །སྤྱན་ལ་སོགས་པའི་ལྷ་མོ་
རྣམས་ཀྱིས་ནི། །གླུ་ཡི་སྒྲ་ཡིས་བསྐུལ་བར་བྱས་པར་བསམ། །སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་

གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་
པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དོན་དང་དགོས་པ་མཛད་ལ་རབ་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །དགའ་བའི་སྤྱོད་པ་ཀུན་དུ་བཟང་པོ་བདག་ལ་དགྱེས་པར་མཛད་དུ་གསོལ། །
ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་ཐུགས་བརྩེ་བ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །དེ་ལྟའི་གླུ་ཡི་ངོ་རུ་བྱས་པས་ན། །ཆོས་
ཀུན་སྒྱུ་མ་ལྟ་བུར་ཡང་དག་རིག །སྣང་བའི་འོད་ཟེར་གྱི་ནི་དཀྱིལ་འཁོར་ཅན། །རང་གི་སྔགས་ཀྱིས་ལུས་སུ་རང་ཉིད་གྱུར། །དེ་ཡི་འོད་ཟེར་མ་ལུས་པ་རྣམས་ཀྱིས། །རང་ལྷ་དང་མཚུངས་སྤྲུལ་པའི་ཐུབ་དབང་པོས། །དཔག་ཏུ་མེད་པའི་ཡིད་ཀྱིས་བཅུག་པ་ལས། །དཔལ་ལྡན་འཇམ་པའི་རྡོ་རྗེ་ཞེས་བྱར་གྱུར། །
གུར་གུམ་བཟང་པོའི་མདོག་ལྟར་དམར་བ་ལ། །གཡས་དང་གཡོན་པའི་ཞལ་ནི་སྔོ་དང་དཀར། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན་པ་ཡི། །ཕྱག་གཉིས་ཤེས་རབ་དམ་པར་འཁྱུད་པ་དང་། །མདངས་ལྡན་རལ་གྲི་དང་ནི་མདའ་ཉིད་དང་། །ཨུཏྤལ་སྔོན་གཞུ་མཐའ་ཡས་འོད་ལྡན་བསྣམས། །མ་
ལུས་རིགས་རྣམས་འཕྲོ་བས་རྣམ་བརྒྱན་ཅིང་། །སྐྱོབ་པ་ནམ་མཁའ་མ་ལུས་དཀྱིལ་འཁོར་ཡིན། །དངོས་རྣམས་ཐམས་ཅད་གཟུང་དང་འཛིན་པ་དང་། །བྲལ་བས་དངོས་པོ་མེད་པ་ཉིད་དུ་ཤེས། །རྣམ་པར་བྱང་ལ་མངོན་པར་ཞེན་པ་ནི། །མེད་པས་བྱིན་གྱིས་བརླབས་པ་འདི་ཉིད་བྱ། །ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་
ཝ་ཨཱཏྨ་ཀོ྅ཧཾ། དེ་འོག་ས་སྙིང་ས་བོན་འོད་རྣམས་ཀྱིས། །རང་གི་མིག་སོགས་ས་སྙིང་ལ་སོགས་པས། །ཇི་བཞིན་བཀང་ནས་དྲི་མེད་རང་ཟླ་ཡིས། །རྡོ་རྗེ་ལྟེ་བའི་དབུས་གནས་ཡི་གེ་ཧཱུྃ། །ཐུགས་ཀྱི་རྡོ་རྗེའི་དེ་བཞིན་ཁ་དང་ནི། །མགོ་པོར་པདྨ་འཁོར་ལོ་ལ་གནས་པའི། །ཨཱཿདང་ཨོཾ་ནི་གསུང་གི་

རྡོ་རྗེ་དང་། །སྐུ་ཡི་རྡོ་རྗེ་ཉིད་དུ་བསམ་པར་བྱ། །དེ་ཡི་ཐུགས་ཀའི་འོད་ཀྱི་ཚོགས་རྣམས་དང་། །ཤེས་རབ་དམ་པར་གནས་པའི་འོད་རྣམས་ཀྱིས། །ཀུན་ནས་རྒྱལ་བའི་དབང་པོ་མཆོད་ནས་ནི། །ཐུགས་ཀྱི་རྡོ་རྗེ་ལ་སོགས་བྱིན་གྱིས་བརླབ། །དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་
པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་
ཀོ྅ཧཾ། །ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །
རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་
བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ནམ་མཁའ་ལྟ་བུའི་ངོ་བོར་རྡོ་རྗེ་གསུམ། །མཚན་ཉིད་དག་དང་བྲལ་བར་དམིགས་ནས་ནི། །ཕྱོགས་བཅུར་ཀུན་དུ་བཞུགས་པའི་ཐུབ་པའི་ཚོགས། །སྙིང་
བོའི་འོད་ཟེར་རྣམས་ཀྱིས་ཡང་དག་བསྐུལ། །ཐུབ་པའི་མཆོག་གི་འོད་ཟེར་ལས་བྱུང་བའི། །རིག་པའི་ཚོགས་རྣམས་ཕྱག་ན་བུམ་བསྣམས་ཏེ། །ཡེ་ཤེས་ཆུ་ཡིས་མངོན་པར་དབང་བསྐུར་བས། །རང་གི་རིགས་ཀྱི་གཙོས་བརྒྱན་ཅོད་པན་གྱུར། །དེ་བཞིན་རང་གི་ལྷ་འདྲ་རང་སྙིང་པོས། །སྤྲུལ་པའི་རིག་པ་
ཉིད་ནི་ཡང་དག་བལྟ། །མིག་ལ་སོགས་པ་དགང་ཞིང་ཡི་གེ་གསུམ། །རྣམ་པར་བཀོད་པས་ལུས་ནི་འོད་དང་ལྡན། །དེ་ཉིད་ཤེས་པས་མགོ་དང་སྙིང་ག་དང་། །ལྟེ་བ་གསང་བ་དེ་བཞིན་བརླ་གཉིས་སོགས། །ཨོཾ་ཧཱུྃ་སྭཱ་ཨཱཿཧཱ་ཞེས་གྲགས་པ་རྣམས། །དེ་ནི་སྐུ་ཐུགས་རྡོ་རྗེ་བཟང་རིགས་སོགས། །ལྔ་པོ་

རྣམས་ཀྱིས་ཡན་ལག་བྱིན་བརླབས་ཏེ། །འོད་ཀྱི་ཕྲེང་བ་དམ་པས་འགྲོ་གསུམ་ཁྱབ། །ཨཱཿཡིས་སྣ་ཚོགས་པདྨའི་ལྟེ་བ་བྱ། །ཧཱུྃ་གིས་འདབ་མ་བརྒྱད་པ་རྣམ་པར་སྤྲུལ། །ཤེས་རབ་དམ་པའི་རྒྱུ་མཐུན་ངོ་བོ་ཉིད། །ཐབས་དང་བཅས་པར་འབྱུང་བའི་རང་གི་ལུས། །དེ་ཡིས་
བདེ་གཤེགས་རྗེས་སུ་མཉེས་བྱ་ཞེས། །སྔགས་པས་དགའ་བ་ཀུན་དུ་བརྩམ་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཐུགས་ཀའི་ཟླ་བའི་སྔགས་ཀྱི་འོད་རྣམས་ཀྱིས། །མ་ལུས་སངས་རྒྱས་ཚོགས་རྣམས་བཅུག་ནས་ནི། །ཧཱུྃ་གི་རྡོ་རྗེ་ལས་བྱུང་དྲི་མ་མེད་པ་ཡི། །ཡིད་ཚུལ་
དམ་པའི་ཆུ་སྐྱེས་ལ་གནས་པ། །རང་གི་སྙིང་པོ་ལས་བྱུང་མ་ལུས་པའི། །རང་གི་དཀྱིལ་འཁོར་པ་ཡི་གཟུགས་བསམས་ལ། །ཆོ་ག་འདི་ཡིས་སེམས་ནི་བརྟན་པོ་དང་། །འཇིག་རྟེན་རྣམས་ལ་ཕན་ཕྱིར་ཡང་དག་དབྱུང་། །བཛྲ་དྷྲྀཀ་ཅེས་བྱ་དང་ཐུགས་རྡོ་རྗེ། །སྐྱེ་བོ་དམ་པའི་དོན་མཛད་ཡང་དག་
བསྐུལ། །ནོར་བུ་སྔོན་པོའི་འོད་འདྲར་ཡང་དག་འབར། །གཡས་དང་གཡོན་པའི་ཞལ་ནི་དཀར་དང་དམར། །དམ་པ་དང་པོ་ལྟ་བུའི་ཕྱག་དང་ལྡན། །ཁ་དོག་དཔག་ཏུ་མེད་པའི་འོད་ཚོགས་མངའ། །བློ་དང་ལྡན་པས་ལེགས་བསྡུས་བདག་ཉིད་ཀྱི། །དངོས་པོ་ཐམས་ཅད་ཀྱིས་ནི་ཞུགས་པར་བྱ། །ཛི་ན་ཛིཀ་
ཅེས་བྱ་བ་སྐུ་རྡོ་རྗེ། །རྡོ་རྗེ་འཛིན་འདྲའི་སྐུ་མདོག་ཞལ་གྱིས་མཛེས། །འཁོར་ལོ་ལ་སོགས་ཕྱག་མཚན་རྣམས་དེ་བཞིན། །ཤར་གྱི་པདྨར་ཟླ་བའི་དབུས་སུ་བསམ། །རཏྣ་དྷྲྀཀ་ཅེས་བྱ་བ་འདི་ཡིས་ནི། །ལྷོ་རུ་རིན་ཆེན་འབྱུང་ཞལ་གཞོན་ནུ་འདྲ། །བཙོ་མའི་གསེར་གྱི་མདངས་དང་འདྲ་བ་ལ། །ཕྱག་དྲུག་
མརྒད་རིན་ཆེན་ལ་སོགས་བསྣམས། །ཨཱ་རོ་ལྀཀ་འོད་དཔག་མེད་པདྨ་ནི། །རཱ་ག་ལྟར་དམར་ཞལ་གཉིས་དེ་དང་འདྲ། །འོད་ཟེར་འབར་ཞིང་ཕྱག་ན་པདྨ་སོགས། །མཚན་མ་བསྣམས་པ་ནུབ་ཏུ་བསམ་པར་བྱ། །པྲཛྙཱ་དྷྲྀཀ་ཅེས་བྱ་བས་དོན་ཡོད་གྲུབ། །རིན་ཆེན་མརྒད་ལྟ་བུའི་མདོག་ལྡན་ཞིང་། །
སྔ་མ་ལྟ་བུའི་ཞལ་སོགས་ཕུན་ཚོགས་མངའ། །རལ་གྲི་ལ་སོགས་བསྣམས་པ་བྱང་དུ་བསམ། །རལ་པ་ཅོད་པན་མཛེས་དང་སྣ་ཚོགས་པའི། །རིན་ཆེན་མཆོག་གི་འོད་ཟེར་འབར་བས་བརྒྱན། །རིག་མའི་མགོན་དང་རབ་ཏུ་བཅས་པའི་སྐུ། །ཐམས་ཅད་ཉི་མའི་དཀྱིལ་འཁོར་དག་ལ་བསམ། །མོ་

ཧ་ར་ཏཱི་ཞེས་པས་ལྷ་མོ་སྤྱན། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ལ་གནས་པ། །མཆོག་ཏུ་སྒེག་ཅིང་སྐུ་ཡི་རྡོ་རྗེ་འདྲ། །མེ་ཡི་ཕྱོགས་ཉིད་དུ་ནི་བསམ་པར་བྱ། །དྭེ་ཥ་ར་ཏཱི་ཞེས་པ་དགའ་བ་ཆེ། །དགའ་ཆེན་མཆོག་འདོད་མཱ་མ་ཀཱི་ཞེས་པ། །ཞལ་མཛེས་ཕྱག་རྣམས་ཐུགས་ཀྱི་གཙོ་འདྲ་བ། །རྣམ་པར་
སྒེག་པ་བདེན་བྲལ་མཚམས་སུ་བསམ། །རཱ་ག་ར་ཏཱི་ཞེས་བྱའི་ཡུམ་མཆོག་ནི། །གོས་དཀར་ཡོན་ཏན་རིན་ཆེན་མཐའ་ཡས་པ། །དྲི་མེད་སྐུ་ནི་གསུང་གི་དབང་ཕྱུག་འདྲ། །རླུང་གི་ཕྱོགས་སུ་རྣམ་པར་བསམ་པར་བྱ། །བཛྲ་ར་ཏཱིས་རབ་བསྐུལ་སྒྲོལ་མ་ནི། །དྲི་མེད་རིན་ཆེན་འོད་ཀྱི་ཕྲེང་བ་ཡིས། །ཕྱོགས་
ཀྱི་ཆོགས་ཁེབས་རང་གི་ངོ་བོ་ནི། །རིན་ཆེན་དབང་འདྲ་དབང་ལྡན་ཕྱོགས་སུ་བསམ། །ལྷ་མོ་འདི་རྣམས་ངེས་པའི་ཕྱག་མཚན་ནི། །འཁོར་ལོ་བཟང་དང་ཨུཏྤལ་དམར་པོ་དང་། །པདྨ་ཨུཏྤལ་གསེར་མདོག་རིམ་བཞིན་བསམ། །ལྷག་མ་རྣམས་ནི་བདག་པོ་ཇི་བཞིན་འདོད། །དེ་ཉིད་གསུམ་གྱིས་
གཟུགས་ཀྱི་རྡོ་རྗེ་སོགས། །ལྷ་མོ་རྣམས་ནི་སྐུ་ལ་སོགས་འདྲ་བར། །དཀྱིལ་འཁོར་གྱི་ནི་མཚམས་གྱུར་བཞི་པོ་དང་། །རྩ་བའི་སྒོ་ཡི་ངོས་གཉིས་དག་ཏུ་བསམ། །ཡ་མཱནྟ་ཀྲྀཏ་ཅེས་བྱས་གཤིན་རྗེ་གཤེད། །མཐའ་ཡས་འཇིགས་འོད་ཕྱོགས་ཀུན་ཁྱབ་དང་ལྡན། །དུས་མཐའ་མི་བཟད་སྤྲིན་
གྱི་དཀྱིལ་འཁོར་མདོག །ཐུགས་ཀྱི་རྒྱལ་པོ་དག་དང་སྐུ་མཚུངས་པ། །དྲག་པོའི་རིགས་འོད་དཔག་མེད་རྣམ་འཕྲོ་བས། །གཤིན་རྗེ་མཐར་མཛད་ཤིན་ཏུ་གདུག་པ་ཡི། །སྦྲུལ་གྱིས་ལུས་ཀྱི་ཡན་ལག་རྣམ་བརྒྱན་པ། །དཔལ་ལྡན་ཤར་གྱི་སྒོར་ནི་བསམ་པར་བྱ། །པྲཛྙཱནྟ་ཀྲྀཏ་ཅེས་བྱས་བླ་མེད་
འོད། །དྲག་ཅིང་ཕྱག་སོགས་སྐུ་ཡི་རྡོ་རྗེ་འདྲ། །གཞན་གྱིས་མི་ཐུབ་ཅེས་བྱ་གཏུམ་པོ་ནི། །ལྷོ་ཕྱོགས་ཀྱི་ནི་སྒོ་རུ་བསམ་པར་བྱ། །པདྨཱནྟ་ཀྲྀཏ་ཅེས་བྱས་ཕྱོགས་རྣམས་ཀྱི། །འཁོར་ལོའི་འོད་ཀྱིས་མངོན་པར་ཁེབས་བྱེད་པ། །འོད་མདངས་འཇིག་དུས་མེ་འདྲར་འཇིགས་པར་ལྡན། །ཕྱག་ལ་
སོགས་པར་གསུང་གི་རྡོ་རྗེ་འདྲ། །གདུག་པ་དུ་མ་རྣམ་གནོན་འཇིགས་པའི་ཞལ། །ཐུབ་དབང་ཧ་ཧ་ཞེས་ནི་བཞད་པ་ཡིས། །རི་བོར་བཅས་པ་སྒྱེལ་བས་སྐྲག་མཛད་པ། །རྟ་མགྲིན་དེ་བཞིན་ནུབ་ཀྱི་ཕྱོགས་སུ་བསམ། །བིགྷྣཱནྟ་ཀྲྀཏ་ཅེས་བྱས་དཔའ་བོ་ནི། །དུས་མཐའི་མེ་ལྟར་དྲག་པོ་བདུད་རྩི་

འཁྱིལ། །འཕགས་པའི་ཞལ་སོགས་མི་བསྐྱོད་དང་མཚུངས་པ། །དེ་བཞིན་བྱང་གི་སྒོ་རུ་བསམ་པར་བྱ། །རྣམ་པར་སྣང་མཛད་ཐུགས་གཙོ་འོད་དཔག་མེད། །ཐུགས་ཀྱི་དབང་པོ་རིམ་བཞིན་ཅོད་པན་ཡིན། །ཐ
Luận tạng Tây Tạng (Tengyur) — Tập 42 | Tra cứu Kinh điển | Tàng Kinh Việt