Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 42

Văn bản gốc(Tây Tạng)

Trang 5 / 15 (50.000 ký tự/trang)
།སྲིན་ལག་ལ་ནི་ནོར་སྦྱིན་ཏེ། །ནོར་སྦྱིན་ཆེན་པོ་མཐེ་ཆུང་ལ། །མཐེ་བོར་པི་ཙི་ཀུཎྜ་ལི། །ཀི་ལི་མ་ལི་མཁྲིག་
མ་སྟེ། །སྒོ་དབང་སྤྱོད་པའི་དབང་པོ་དག །ལག་པའི་ངོས་ལ་རྣམ་པར་བསམ། །སྔགས་པས་གནོད་འཛིན་ཆུ་དབང་ནི། །ལག་པའི་དབུས་སུ་རྣམ་བཞག་སྟེ། །རང་རང་སྔགས་ཀྱིས་རིམ་བཞིན་བསམ། །དང་པོ་ཡི་གེ་ཨོཾ་དང་ནི། །རཏྣ་བཛྲ་རང་མིང་ལྡན། །བཞི་ཡི་མཐའ་དང་དེ་བཞིན་

དུ། །སྭཱ་ཧཱར་བཅས་པ་སྔགས་སུ་གྲགས། །རྡོ་རྗེ་བདུད་རྩི་ལག་པར་བསམ། །ཇི་ལྟར་སྤྱི་བོར་ཆོ་ག་བཞིན། །མཁས་པས་ཆུ་ཡི་སྦྱིན་བླུགས་བརྒྱ། །ཉིན་རེ་བཞིན་ནི་ལེགས་པར་དབུལ། །ཞེས་སོ། །དམར་དང་སེར་དང་སེར་པོ་དང་། །སྔོ་དང་དམར་དང་ལྗང་གུ་དང་། །སེར་པོ་
དག་དང་གསེར་མདོག་དང་། །དེ་དག་གིས་ནི་ཁ་དོག་བསྟན། །གཡས་ན་ལྕགས་ཀྱུ་ཞགས་པ་དང་ནེའུ་ལེ། གཡོན་བཱི་ཛ་པཱུ་ར་དང་རྡོ་རྗེ་ལྕགས་ཀྱུ་དང་། ནེའུ་ལེ་ཅན་གྱི་ལག་པ་སྟན་ལ་བརྟེན་པའོ། །དེ་ནས་བཟླས་པའི་སྔགས་ནི་ཇི་ལྟར་བཀོད་པ་ཉིད་དམ། ཡང་ན་ཛཾ་བྷ་ལ་སྭཱ་ཧཱ་ཞེས་
པའོ། །ཆུ་དབུལ་བའི་སྔགས་ནི་ཇི་ལྟར་བཏུས་པ་ཉིད་དམ་ཡང་ན་བཟླས་པའི་སྔགས་ཀྱི་མཇུག་ལ། དྷ་ནཾ་མེ་དེ་ཧི་སྭཱ་ཧཱ་ཞེས་པ་སྤེལ་བའམ། ཡང་ན་ཨོཾ་ཛླུཾ་ཙླུཾ་སྭཱ་ཧཱ་ཞེས་པའོ། །ཡང་ན་ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་དྷ་ནཾ་མེ་དེ་ཧི་སྭཱ་ཧཱ་ཞེས་པའོ། །ཆུ་དབུལ་བ་ན་ཡང་གཙོ་བོ་ལ་ཁྱོར་བའམ་སྙིམ་པ་བརྒྱ་
རྩ་བརྒྱད་དབུལ་ཞིང་གནོད་སྦྱིན་བརྒྱད་པོ་ལ་ཡང་སྙིམ་པ་རེ་རེའམ་གསུམ་གསུམ་མམ་བདུན་ཡན་ཆད་དབུལ་ལོ། །དབུལ་བ་ནི་ཏིང་ངེ་འཛིན་གྱིས་ཅི་བདེ་བར་རོ། །ཁ་ཟས་ཟ་བ་ན་ཡན་ལག་ལ་ལྷ་རྣམས་དགོད་དོ། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་པཱུརྞ་
བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་དྷ་ན་དཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜ་ལི་ནེ་སྭཱ་ཧཱ། ཨོཾ་ཀི་ལི་མཱ་ལི་ནེ་སྭཱ་ཧཱ། ཨོཾ་མུ་ཁེནྡྲཱ་ཡ་སྭཱ་ཧཱ། ཨོཾ་ཙ་རེནྡྲཱ་ཡ་སྭཱ་ཧཱ། ཐམས་ཅད་ཀྱི་སྭཱ་ཧཱའི་སྔོན་དུ་དྷ་ནཾ་མེ་དེ་ཧི་ཞེས་པ་སྤེལ་ལོ། །ཆུ་ཕུལ་ནས་འཁོར་ལོ་ལ་ཐིམ་པའམ་གཤེགས་སུ་གསོལ་
ལོ། །སྦྱོར་བ་འདིས་ཚེ་འདི་ཉིད་ལ་དབུལ་བ་འདོར་བ་དང་འབྱོར་པ་མི་ཟད་པ་འཐོབ་བོ། །སྦྱོར་བ་འདིར་དམན་པས་ཀྱང་སྲིད་པ་གཞན་ལ་འབྱོར་པ་མཐའ་མེད་པར་འགྱུར་རོ། །ལོངས་སྤྱོད་རྣམས་དཀོན་མཆོག་དང་ཕ་མ་དང་བླ་མ་དང་སྡུག་བསྔལ་བ་རྣམས་ལ་ཟད་པར་བྱ་བར་བསམ་ཞིང་
ཟད་པར་ཡང་བྱའོ། །གཞན་དུ་ན་འགྲུབ་པ་མེད་དོ། །ནན་ཏུར་དུ་བྱ་བར་རིགས་པས་ནན་ཏུར་དུ་བྱེད་ན་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ལ་གནས་པས་སྤྲ་ཚིལ་ལས་བྱས་པའི་མཚན་མ་རབ་ཏུ་འདྲ་བ་ལ་དུག་དང་ཚ་བ་གསུམ་དང་སྐེ་ཚེ་དང་ཚ་བའི་མར་ཁུ་དང་ཁྲག་གིས་བྱུགས་ལ་དེའི་སྔགས་ཟློས་

པས་དུར་ཁྲོད་ཀྱི་མེ་ལ་གདུངས་ན་ཞག་བདུན་གྱིས་མངོན་སུམ་དུ་ཅི་འདོད་པ་སྟེར་རོ། །དེ་ནས་བཟོད་པར་གསོལ་ལ་མཚན་མ་གནས་དབེན་པར་བཞག་སྟེ། རྫས་དང་དབྲལ་བར་བྱའོ། །ནན་ཏུར་གྱིས་སྒྲུབ་པའོ། །ད་ནི་མཉེས་པར་བྱ་བས་ཐབས་གཞན་
བཤད་པར་བྱའོ། །གསེར་དངུལ་ལམ་ཟངས་ལྕགས་ཀྱི་ཤོག་བུ་ལ་པདྨ་འདབ་མ་བརྒྱད་པ་གཉིས་བྱས་ལ། གཅིག་ལ་སྔ་མ་ལྟ་བུའི་ལྷ་དགུ་བྱ། །གཅིག་ལ་ལྷ་མོ་དགུ་བྲི་ཞིང་དེ་ནས་རབ་གནས་བྱས་ལ་དེ་གཉིས་ཁ་སྦྱར་བས་མཉེས་པར་བསམས་ལ་མར་དང་སྦྲང་རྩི་དང་ཀ་རས་དྲིལ་ལ་
ཟ་མ་ཏོག་སེར་པོས་བཀང་བའི་དབུས་སུ་སྩལ་ཏེ་མཎྜལ་ཁྲུ་བརྒྱད་པ། གྲུ་བཞི་པ་བྱི་དོར་ལེགས་པར་བྱས་ལ་མེ་ཏོག་སེར་པོ་བཀྲམ་པའི་དབུས་སུ་ཟ་མ་ཏོག་བཞག་ལ་དུས་གསུམ་དུ་མཆོད་པ་བྱ་བ་དང་བསྟོད་པ་དང་། བསྐོར་བ་དང་བཟླས་པ་བྱས་ན་དངོས་གྲུབ་ཆེན་པོ་བརྒྱད་ཀྱང་སྟེར་
ན་དངོས་གྲུབ་ཕལ་པ་ལྟ་ཅི་སྨོས། ནོར་རྒྱུན་མ་ནི་གསེར་མདོག་ལ་གཡས་མཆོག་སྦྱིན། གཡོན་འབྲས་ཀྱི་སྙེ་མ་འཛིན་པ། རྒྱན་མ་ལུས་པ་དང་ལྡན་ཞིང་རབ་ཏུ་མཛེས་པའི་ན་ཆུང་མའོ། །ཟླ་འོད་མ་དང་སྦྱིན་མ་དང་། །རབ་སྦྱིན་མ་དང་འཕགས་མ་དང་། །རབ་བཟང་མ་དང་
སྦས་མ་དང་། །ལྷ་མོ་དང་ནི་དབྱངས་ཅན་མ། །རང་རང་གི་གྲོགས་པོ་དང་མདོག་དང་ལག་ཆ་འདྲ་བའོ། །ནོར་ལྷ་བརྒྱད་ཆུང་མ་དང་བཅས་པ་ཕྱག་གཉིས་པར་ཡང་རུང་ངོ་། །ཨོཾ་བ་སུ་དྷཱ་རི་ཎྱཻ་དྷ་ནཾ་མེ་དེ་ཧི་སྭཱ་ཧཱ། ཨོཾ་ཙནྡྲ་ཀཱནྟྱཻ་སྭཱ་ཧཱ། ཨོཾ་དེ་བྱཻ་སྭཱ་ཧཱ། ཨོཾ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ། ཨོཾ་
ཨཱརྱཱ་ཡཻ་སྭཱ་ཧཱ། ཨོཾ་སུ་དཏྟཱ་ཡཻ་སྭཱ་ཧཱ། ཨོཾ་གུཔྟཱ་ཡཻ་སྭཱ་ཧཱ། ཨོཾ་དཏྟཱ་ཡཻ་སྭཱ་ཧཱ། ཨོཾ་ས་ར་སྭ་ཏྱཻ་སྭཱ་ཧཱ། སྒྲུབ་པ་ན་དྷ་ན་མེ་དེ་ཧི་ཞེས་སྤེལ་ལ་བཟླས་སོ། །རྗེ་བཙུན་ཛཾ་བྷ་ལའི་སྒྲུབ་པའི་ཐབས་སློབ་དཔོན་མི་བསྐྱོད་རྡོ་རྗེ་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་བྷ་དྲ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ། །གནོད་སྦྱིན་ཐམས་ཅད་ཛཾ་བྷ་ལ་བཞིན་ལ། གནོད་སྦྱིན་མོ་ཐམས་ཅད་ནོར་རྒྱུན་མ་བཞིན་ནོ་ཞེས་གསང་བའི་ཛཾ་བྷ་ལའི་སྒྲུབ་ཐབས་ལས་འབྱུང་ངོ་། །ཁ་དོག་སོ་སོ་ལས་ཞལ་གཅིག་

ཕྱག་གཉིས་པ་ཕྱག་གཡས་པ་ཐམས་ཅད་ལ་བཱི་ཛ་པཱུ་ར་དང་། གཡོན་ཐམས་ཅད་ནེའུ་ལེའོ་ཞེས་རྒྱ་ཆེ་བའི་སྒྲུབ་ཐབས་ལས་གསུངས་སོ།། ༄༅༅། །རྒྱ་གར་སྐད་དུ། གུ་ཧྱ་ཛཾ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། གསང་བའི་ཛཾ་བྷ་ལའི་སྒྲུབ་ཐབས། འཕགས་
པ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །དེ་ལ་ཐོག་མར་རེ་ཞིག་སྔགས་པས་གདོང་གི་གཙང་སྦྲ་ལ་སོགས་པ་བྱས་ནས། སྐྱེ་བོ་མེད་པའི་ས་ཕྱོགས་སུ་བདེ་བའི་སྟན་ལ་གནས་ཏེ། བདག་གིས་རྗེ་བཙུན་ཛཾ་བྷ་ལ་མཉེས་པར་བྱས་ལ་སེམས་ཅན་ཐམས་ཅད་མཆོག་གི་བདེ་བ་ལ་སྦྱར་བར་
བྱའོ་ཞེས་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཛཾ་གི་ཡི་གེ་སེར་པོ་བལྟས་ཏེ། དེའི་འོད་ཀྱིས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྗེ་བཙུན་ཛཾ་བྷ་ལ་མདུན་དུ་བསམས་ལ་ཡང་དག་པར་མཆོད་དེ་ཕྱག་བྱས་ཏེ། སྡིག་པ་བཤགས་
པ་ལ་སོགས་པ་བྱས་ཏེ། འཇིགས་པས་སྡིག་པ་ཐམས་ཅད་བཤགས་པར་བྱ། །དགའ་བས་འགྲོ་བའི་དགེ་ལ་རྗེས་ཡི་རང་། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །རྫོགས་པའི་བྱང་ཆུབ་སེམས་ནི་རྣམ་པར་གཟུང་། །དེའི་རྗེས་སུ་བྱམས་པ་དང་སྙིང་རྗེ་དང་དགའ་བ་
དང་བཏང་སྙོམས་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པའི་སྔགས་ཀྱིས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེའི་རྗེས་སུ་སྨོན་ལམ་གྱི་ཤུགས་ཀྱིས་ནཾ་ཁཾ་བཾ་ལཾ་གི་ས་བོན་ལས་སྐྱེས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བ་ལ་ཛཾ་སེར་པོ་
ལས་སྐྱེས་པའི་བཅོམ་ལྡན་འདས་ཛཾ་བྷ་ལ་བསྒོམ་པར་བྱ་སྟེ། རྒྱན་ཐམས་ཅད་འཛིན་པ་གསེར་གྱི་ཁ་དོག་ཅན། ལྟོ་བ་འཕྱང་བ། གཡོན་པ་དང་གཡས་པའི་ཕྱག་དག་གིས་སྲེ་མོ་དང་ས་བོན་གང་བ་འཛིན་པ། རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ཨུཏྤ་ལའི་ཕྲེང་བ་འཛིན་པའོ། །ཤར་ལ་
སོགས་པའི་འདབ་མ་རྣམས་སུ་ནོར་བུ་བཟང་པོ་དང་། གང་བ་བཟང་པོ་དང་། ནོར་སྦྱིན་དང་། རྣམ་ཐོས་རྣམས་སོ། །མེ་ལ་སོགས་པའི་འདབ་མ་རྣམས་ལ་རྣ་རྒྱན་ཀོར་སླེབ་དང་། རོལ་པ་འཁྱིལ་པ་དང་། རྩེན་པའི་ཕྲེང་བ་དང་། གྲོང་གི་དབང་ཕྱུག་དང་། དེ་བཞིན་དུ་སྤྱོད་

པའི་དབང་ཕྱུག་སྟེ་བཤད་པའི་རིམ་པས་དེར་དེ་ལྟར་ནོར་རྒྱུན་མ་དང་། ཟླ་མཛེས་མ་དང་། སྦྱིན་མ་དང་། ལེགས་སྦྱིན་མ་དང་། འཕགས་མ་དང་། ལེགས་བཟངས་མ་དང་། སྦས་མ་དང་། ལྷ་མོ་དང་། དབྱངས་ཅན་མ་སྟེ། གནོད་སྦྱིན་མོ་
འདི་དག་རྣམས་བསམ་པར་བྱའོ། །ནོར་རྒྱུན་མ་དང་ཛཾ་བྷ་ལ་ལྷན་ཅིག་ཏུའོ། །གནོད་སྦྱིན་མ་ཐམས་ཅད་ནོར་རྒྱུན་མ་བཞིན་ནོ། །གནོད་སྦྱིན་ཐམས་ཅད་ཛཾ་བྷ་ལ་བཞིན་ནོ། །འདི་ལྟར་བསམས་ཏེ་སྔགས་བཟླས་པར་བྱ་སྟེ་དེ་ལ་གནོད་སྦྱིན་རྣམས་ཀྱི་ནི། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ནཾ་
མེ་དེ་ཧི་དེ་ཧི་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་པཱུརྞྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་དྷ་ན་དཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜི་ལི་ནེ་སྭཱ་ཧཱ། ཨོཾ་ཀི་ལི་མཱ་ལི་ནེ་སྭཱ་ཧཱ། ཨོཾ་མུ་ཁེནྡྲཱ་ཡ་སྭཱ་ཧཱ། ཨོཾ་ཙ་རེནྡྲཱ་ཡ་སྭཱ་ཧཱ། དེ་ནས་གནོད་སྦྱིན་མོ་རྣམས་ཀྱི་སྔགས་ནི། ཨོཾ་བ་སུ་དྷ་རི་ཎྱཻ་སྭཱ་ཧཱ།
ཨོཾ་ཙནྡྲ་ཀཱནྟྱཻ་སྭཱ་ཧཱ། ཨོཾ་དཏྟཱ་ཡཻ་སྭཱ་ཧཱ། ཨོཾ་སུ་དཏྟྱཻ་སྭཱ་ཧཱ། ཨོཾ་ཨཱརྱཱ་ཡཻ་སྭཱ་ཧཱ། ཨོཾ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ། ཨོཾ་གུཔྟཱ་ཡཻ་སྭཱ་ཧཱ། ཨོཾ་དེ་བྱཻ་སྭཱ་ཧཱ། ཨོཾ་ས་ར་སྭ་ཏྱཻ་སྭཱ་ཧཱ། འདི་ལྟ་བུ་ཐུན་གསུམ་དུ་བཟླས་པས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་སྟེར་བ་ལ་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྟེར་རོ། །
ཐོ་རངས་བྱ་རོག་མི་གྲག་པར་ཆུའི་དབུས་སུ་བཟླས་ན་ནོར་འཛད་པ་མེད་ཅིང་འཕེལ་བར་འགྱུར་རོ། །དེ་ནས་གསེར་ལ་སོགས་པའི་འདབ་མ་ལ་ནོར་རྒྱུན་མ་དང་། གནོད་སྦྱིན་མོ་ལྷན་ཅིག་པ་དང་། འདབ་མ་གཉིས་པ་ལ་བཅོམ་ལྡན་འདས་ཛཾ་བྷ་ལ་ལ་གནོད་སྦྱིན་གྱིས་ཡོངས་སུ་བསྐོར་བ་བྲིས་
ནས་མར་དང་སྦྲང་རྩི་དང་ཀ་རས་སྦྱར་ཏེ། རབ་གནས་ལེགས་པར་བྱས་ལ་མཉེས་པར་བྱས་ན་གྲུབ་པ་ཆེན་པོ་བརྒྱད་སྟེར་རོ། །ཞོ་དང་བུ་རམ་དང་བཅས་པའི་ཟན་དང་ཤ་དང་། ཆང་སྤངས་པའི་གཏོར་མ་བཟླས་པའི་སྔགས་ཀྱིས་རྒྱུན་དུ་སྦྱིན་ནོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་
ཞབས་ཀྱིས་མཛད་པ། གསང་བའི་ཛཾ་བྷ་ལའི་སྒྲུབ་ཐབས་རྫོགས་སོ།། །།མཁས་པ་ཆེན་པོ་ཛ་ཡ་སེ་ནའི་ཞལ་སྔ་ནས་དང་། བཙུན་པ་དྷརྨ་ཡོན་ཏན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བིསྟ་ར་ཛཾ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། རྒྱ་ཆེ་བའི་ཛཾ་བྷ་

ལའི་སྒྲུབ་པའི་ཐབས། ནོར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྔོན་བཞིན་དུ་ཐམས་ཅད་བྱས་ལ། སྟོང་པ་ཉིད་བསྒོམས་པའི་རྗེས་སུ་ཅུང་ཟད་དམར་བའི་ཟླ་བའི་དཀྱིལ་འཁོར་གནོད་སྦྱིན་གྱི་ཤིང་ལྟ་བུའི་སྟེང་དུ་པདྨ་འདབ་མ་བརྒྱད་པའི་རྣམ་པའོ། །དེའི་དབུས་སུ་བཾ་གྱི་ས་བོན་ལས་
ནོར་རྒྱུན་མ་སྐུ་མདོག་སེར་མོ་འབྲས་ཀྱི་སྙེ་མ་དང་མཆོག་སྦྱིན་མཛད་པ། རྒྱན་ཐམས་ཅད་ཀྱིས་ཀླུབས་པ་མོ། གནོད་སྦྱིན་མོ་བརྒྱད་ཀྱིས་བསྐོར་བ་འདི་ལྟ་སྟེ། ཟླ་འབྲས། སྦྱིན་མ། ལེགས་སྦྱིན་མ། འཕགས་མ་རྣམས་ནི་ཕྱོགས་ཀྱིའོ། །ལེགས་བཟངས་མ། སྦས་
མ། ལྷ་མོ་དང་། དབྱངས་ཅན་མ་རྣམས་མཚམས་ཀྱི་ཟེར་ཏེ་འདི་དག་གོ། །བཟང་མོ་དང་། ཤིན་ཏུ་བཟང་མོ་དང་། མཛེས་མ་དང་། སྦས་མ་དང་། ཤིན་ཏུ་སྦས་མ་དང་། དབྱངས་ཅན་མ་དང་། འཕགས་མ་དང་། ཟླ་མཛེས་མའོ། །འདི་རྣམས་ཀྱིས་ཡོངས་
སུ་བསྐོར་བའི་ལྷ་མོ་ཆེན་མོ་དེའི་བྷ་གའི་དབུས་སུ་ཛཾ་གི་ཡི་གེ་ལས་སྐྱེས་པའི་ཛཾ་བྷ་ལ་ནོར་རྒྱུན་མ་ལ་འཁྱུད་ཅིང་ཁ་སྦྱར་བ་ལས་བྱང་ཆུབ་ཀྱི་སེམས་རྣམ་པར་འཐོན་པ་ལས་སྐྱེས་པའི་རིན་པོ་ཆེའི་ཚོགས་ཀྱི་ཕྱག་རྒྱ་ཅན་རབ་ཏུ་གསལ་བར་བསྒོམ་པར་བྱ་སྟེ། འཛག་པའི་ཚུལ་དུ་བཅོམ་ལྡན་
འདས་ཀྱི་ཤར་ལ་སོགས་པའི་ཕྱོགས་སུ་ནོར་བུ་བཟང་པོ་སྐུ་མདོག་སྔོན་པོའོ། །ལྷོར་གང་བ་བཟང་པོ་སེར་པོ། ནུབ་ཏུ་ནོར་སྦྱིན་དམར་པོ། བྱང་དུ་རྣམ་ཐོས་སྲས་སེར་པོ། མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་གྲྭ་རྣམས་སུ་རྣ་རྒྱན་ཀོར་སླེབ་སྔོན་པོ། རྩེན་པའི་ཕྲེང་བ་
དམར་པོ། གྲོང་གི་དབང་ཕྱུག་ལྗང་གུ། གསེར་གྱི་མདོག་ཅན་གྱི་སྤྱོད་པའི་དབང་ཕྱུག་སྟེ། ཟུར་ཕུད་ལྔ་པ་ཅན་གཡས་པའི་ཕྱག་ན་ས་བོན་བཱི་ཛ་པཱུ་ར་གང་བ་དང་། གཡོན་པའི་ཕྱག་ན་རིན་པོ་ཆེའི་ཆར་འབེབས་པའི་སྲེ་མོ་འཛིན་པ། སངས་རྒྱས་ལྔའི་དབུ་རྒྱན་ཅན། དེ་བཞིན་
གཤེགས་པ་ལྔ་འཕྲོ་བ། དེ་དག་གིས་ཀྱང་རིན་པོ་ཆེའི་ཆར་འབེབས་པར་བསམ། ཞབས་ཀྱི་འོག་ནས་དུང་གི་འགྲོ་བ་དང་། པདྨའི་ཚོགས་ཀྱི་གཏེར་དང་། རིན་པོ་ཆེ་ལ་སོགས་པའི་ཆར་ཁྱིམ་དུ་ཞབས་ཀྱིས་འབེབས་པར་བསམ་པར་བྱའོ། །དཔལ་ཛཾ་བྷ་ལ་མགོན་པོ་མདོག་

སེར་པོ་ཨུཏྤ་ལའི་ཕྲེང་བ་འཛིན་པའོ། །གནོད་སྦྱིན་བརྒྱད་པོ་འདི་རྣམས་ཀྱི་ཡང་ཡུམ་གྱི་བྷ་གའི་དབུས་ནས་རིན་པོ་ཆེའི་ཆར་འབེབས་པར་གྱུར་པ་ཛཾ་བྷ་ལ་དང་འདྲ་བ་བསྒོམ་པར་བྱའོ། །ཤར་གྱི་སྒོར་ནོར་སྦྱིན་དང་ནོར་སྦྱིན་ཆེན་པོ་དགོད། ལྷོ་སྒོར་གནོད་སྦྱིན་ཆེན་
པོ་དགོད། ནུབ་སྒོར་རྩེན་པ་དང་རྩེན་པ་ཆེན་པོ་དགོད། བྱང་སྒོར་གང་བ་དང་ཤིན་ཏུ་གང་བ་དགོད། འདི་རྣམས་གཅེར་བུ་འབྲས་བུ་འཕྱང་ཞིང་ལྟོ་བ་འཕྱང་བ་རིན་པོ་ཆེའི་ཆར་འབེབས་པ་རྣམས་སོ། །མགོ་བོ་ལ་ནོར་བུ་བཟང་པོ། །མིག་གཉིས་ལ་རྣམ་ཐོས། ཁ་ལ་གྲོང་གི་
དབང་ཕྱུག་གོ། །ནུ་མའི་བར་དུ་གང་བ་བཟང་པོ། །ལྟེ་བར་ནོར་སྦྱིན། བརླ་དག་ལ་རྩེན་པའོ། །རྣ་རྒྱན་ཀོར་སླེབ་དང་སྤྱོད་པའི་དབང་ཕྱུག་གཉིས་ནི་རྐང་པ་གཉིས་ལ་སྟེ་འདི་ནི་ལྷ་དགོད་པའོ། །ཡི་གེ་དགོད་པ་ནི་གཙོ་བོའི་ལུས་ལ་སྔགས་དགོད་པར་བྱ་སྟེ། སྤྱི་བོར་ཨོཾ། ཁ་
ལ་ཛཾ། ལག་པ་གཉིས་ལ་བྷ་ལ། སྙིང་ལ་ཛ། ལྟེ་བར་ལེན། བརླ་གཉིས་ལ་དྲཱ་ཡ། ངར་གདོང་གཉིས་ལ་སྭཱ་ཧཱའོ། །གཞན་ཡང་ཡོད་དེ། སྤྱི་བོར་ཨོཾ། དཔྲལ་བར་ཛླུཾ། རྣ་བ་དག་ལ་ཙླུཾ། མགོ་བོའི་རྒྱབ་ཏུ་སྭཱ། མཁྲིག་མར་ཨོཾ། ལག་པའི་དབུས་སུ་ཛླུཾ། སེན་
མོའི་རྩེ་མོ་ཐམས་ཅད་ལ་ཙླུཾ། སོར་མོའི་རྩ་བ་ཐམས་ཅད་དུ་སྭཱ་ཧཱ། ཨོཾ་ཛླུཾ་ཙླུཾ་སྭཱ་ཧཱ། ཞེས་བྱ་བའི་ཆུའི་སྔགས་སོ། །དེ་བཞིན་དུ་མཛུབ་མོ་ལ་ནོར་བུ་བཟང་པོ། གུང་མོ་ལ་གང་བ་བཟང་པོ། སྲིན་ལག་ལ་ནོར་སྦྱིན། མཐེའུ་ཆུང་ལ་རྣམ་སྲས། ལག་པའི་ལོགས་སུ་གྲོང་གི་དབང་
ཕྱུག རྣ་རྒྱན་ཀོར་སླེབ་ནི་མཐེ་བོ་ལའོ། །སྡིགས་མཛུབ་དང་མཐེ་བོའི་བར་དུ་སྤྱོད་པའི་དབང་ཕྱུག ལག་པའི་དབུས་སུ་ཛཾ་བྷ་ལ་ཛ་ལེནྡྲའོ། །ཡི་གེ་འདི་རྣམས་དངོས་སུ་ལྷ་ཡིན་ཏེ་ལག་པ་ལ་དགོད་པར་བྱས་ནས་རྡོ་རྗེའི་ཆུ་ལ་སོགས་པའི་བདུད་རྩི་ལྔ་ཡིས་སྦྱིན་པར་བྱའོ། །ལྔ་པོ་མེད་
ན་ཡང་དེ་དང་བསྲེས་པའམ། ཡང་ན་རྡོ་རྗེའི་ཆུ་དང་བསྲེས་པ་ཁྱོར་བ་གང་འཐུངས་ནས་ལག་པ་ཁྱོར་བ་བརྒྱ་རྩ་བརྒྱད་ཐུན་བཞིར་བྱིན་ན་ལྷ་ཡུན་མི་རིང་བར་འགྲུབ་པར་འགྱུར་རོ། །གསེར་དངུལ་ལ་སོགས་པ་ཡང་དག་པར་འཕེལ་ཞིང་ས་གཞི་རྫས་ཀྱིས་གང་བར་བྱེད་དོ། །ཨོཾ་ཛླུཾ་ཙླུཾ་པླུཾ་སཾཿ

ཞེས་བྱ་བ་བརྗོད་པས་ཆུའི་ཁྱོར་བ་རྣམ་པར་སྦྱིན་པར་བྱའོ། །དེ་ལྟར་བྱས་ཀྱང་གལ་ཏེ་མ་གྲུབ་ན་དེའི་ཚེ་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་སུ་བདག་ཉིད་བསྒོམས་ཏེ་ཛཾ་བྷ་ལའི་སྐུ་དུག་དང་སྐེ་ཚེ་དང་ལན་ཚྭ་དང་ད་དུ་རའི་ལོ་མའི་ཁུ་བ་དང་དུར་ཁྲོད་ཀྱི་སོལ་བས་བྱུགས་ནས་དུས་གསུམ་དུ་བསྲོ་ཞིང་
བསྐམ་པར་བྱའོ། །ཕྱིས་དུར་ཁྲོད་ཀྱི་མེ་ལ་གདུང་བར་བྱ་སྟེ་ཁྲོས་པས་ངེས་པར་འགྲུབ་བོ། །རྒྱ་ཆེ་བའི་ཛཾ་བྷ་ལའི་སྒྲུབ་ཐབས་རྫོགས་སོ།། །།ཆུ་སྦྱིན་དབང་པོའི་སྒྲུབ་ཐབས་འདི་གསུམ་དབང་མ་ཐོབ་པ་ལ་སྦྱིན་དུ་མི་བཏུབ་པོ།། ༄། སྟང་སྟབས་ཀྱི་བཀོད་པ་བཞུགས་སོ། །
༄༅༅། །བགེགས་རྣམས་མ་ལུས་སྐྲག་མཛད་པ། །དཔལ་ལྡན་རྡོ་རྗེ་ཧཱུཾ་མཛད་ལ། །ཀུན་ནས་དང་བས་ཕྱག་འཚལ་ཏེ། །སྟང་སྟབས་རིམ་པ་བཤད་པར་བྱ། །གཡོན་བརྐྱང་དཔེ་དང་མཐུན་པའི་སྟབས། །ས་གའི་འདུག་སྟངས་གཡས་བརྐྱང་དང་། །ཟླུམ་པོར་གནས་དང་
རྐང་པ་གཅིག །རུས་སྦལ་རྐང་སྟབས་བདུན་པར་བཤད། །གང་ཡང་གཤོལ་དབྱིབས་ལྟ་བུར་ནི། །གཡོན་པའི་བརླ་དང་པུས་མོ་གཉིས། །གཡས་པའི་བྱིན་པ་བརླར་བཅར་ཏེ། །ཐད་ཀར་འཇོག་པར་བྱེད་པ་དང་། །རྒྱར་ནི་རྐང་མཐིལ་ལྔར་བཅས་པ། །གཡོན་བརྐྱང་བ་ནི་
རབ་ཏུ་གྲགས། །རྐང་མཐེབ་དང་ནི་རྟིང་པ་དང་། །མཉམ་པོར་ཤིན་ཏུ་བཅེར་བ་ནི། །བསྟན་པ་མཐུན་པའི་རྐང་སྟབས་སུ། །དེ་ཉིད་ཤེས་པ་རྣམས་ཀྱིས་བཤད། །རྐང་པའི་སོར་མོ་ཕྱིར་བསྟན་ཅིང་། །པུས་མོའི་ལྷ་ང་གཉིས་བརྐྱང་སྟེ། །རྒྱར་ནི་ཉི་ཤུ་རྩ་དྲུག་སོར། །ས་གའི་
འདུག་སྟངས་ཡིན་པར་བརྗོད། །གཡོན་ལས་ཡོངས་སུ་བཟློག་པ་ནི། །གཡས་བརྐྱང་བར་ནི་ཤེས་པར་བྱ། །གང་དུ་པུས་མོ་གཉིས་འཇོག་པའི། །གནས་སུ་ལག་གཉིས་འཇོག་པ་ནི། །ངང་པའི་གཤོག་པ་ལྟར་བྱས་པ། །ཟླུམ་པོའི་འདུག་སྟངས་ཡིན་པར་འདོད། །གཡས་
པའི་བརླར་ནི་གཡོན་པ་གཟུགས། །དེ་ནི་རྐང་པ་གཅིག་ཅེས་བྱ། །གཡས་པས་གཡོན་པའི་སོར་མོ་མནན། །རུས་སྦལ་རྐང་སྟབས་ཡིན་པར་བཤད། །དང་པོ་བཅུ་ཡིན་གཉིས་པ་ལྔ། །གསུམ་པ་དྲུག་སྟེ་བཞི་པ་དགུ། །ལྔ་པ་དེ་བཞིན་དྲུག་པ་གཉིས། །བདུན་པ་ལ་ནི་གཅིག་

དང་སྦྱར། །དེ་དག་ཀྱང་གང་ཞེ་ན། སེང་གེའི་སྟང་སྟབས་དང་། སེང་གེའི་གླལ་བ་དང་། རྡོ་རྗེ་སྒྲོག་དང་། རྡོ་རྗེ་ཐོ་བ་དང་། བུད་མེད་ཀྱི་སྒྱུ་འཕྲུལ་དང་། རྡོ་རྗེ་དྲལ་བ་དང་། རྡོ་རྗེ་མཆེ་བ་དང་། རལ་གྲིའི་ཐབས་དང་། ལྕགས་ཀྱུའི་ཐབས་དང་།
མདུང་ཐུང་གི་ཐབས་དང་། ཐག་མདུང་འཕེན་ཐབས་དང་། རྡོ་རྗེའི་སྟང་སྟབས་དང་། རྡོ་རྗེ་གསོར་བ་དང་། རྡོ་རྗེ་རོ་ལངས་དང་། གཏུན་ཤིང་གི་ཐབས་དང་། བ་དན་གྱི་ཐབས་དང་། རྡོ་རྗེ་འགུགས་བྱེད་དང་། རྡོ་རྗེ་འཇོ་ཚུལ་དང་། མི་འཇིགས་པའི་ཚུལ་དང་། འབྲས་བུའི་
ཐབས་དང་། མཆོག་སྦྱིན་པའི་ཐབས་དང་། ཕྱག་འཚལ་བའི་ཚུལ་དང་། རྡོ་རྗེ་འཕེན་པ་དང་། རྡོ་རྗེ་འཇིགས་སུ་རུང་བ་དང་། རྡོ་རྗེ་སྟོབས་པོ་ཆེས་འདེགས་པ་དང་། རྡོ་རྗེ་གད་མོ་དང་། རྡོ་རྗེའི་ཐབས་དང་། ཞགས་པའི་ཐབས་དང་། བེ་ཅོན་གྱི་ཐབས་དང་། མཚོན་རྩེ་གཅིག་
པའི་ཐབས་དང་། མདུང་བུའི་ཐབས་དང་། རྡོ་རྗེའི་གར་དང་། སྒོ་བཞི་བྱིན་གྱིས་བརླབས་པ་དང་། རྡོ་རྗེ་གདུ་བུ་དང་། རྡོ་རྗེ་འཁྱིལ་པ་དང་། རྡོ་རྗེའི་སྒྲ་དང་། འཁོར་ལོའི་ཐབས་དང་། པདྨའི་ཚུལ་དང་། གཞུའི་ཐབས་དང་། མདའ་གཟུང་བའི་ཐབས་དང་། མདའ་
འཕང་བའི་ཐབས་དང་། རྐང་པ་ཡ་གཅིག་གི་སྟང་སྟབས་དང་། བུང་བའི་འཕུར་སྟངས་དང་། རྡོ་རྗེ་འདེགས་པ་ལ་སོགས་པ་དེ་དག་གོ། །དེ་དག་གི་ཐབས་བཤད་པར་བྱ་སྟེ། རང་ཉིད་ཁ་འོག་ཏུ་བལྟས་ཏེ་གདངས་ལ་ལག་པ་གཉིས་ཀྱི་མཁྲིག་མ་མདུད་དེ་ཁའི་དྲུང་དུ་བཞག་པ་ནི་སེང་
གེའི་སྟང་སྟབས་སོ། །དེ་ཉིད་ལས་ཐམས་ཅད་དུ་བལྟ་བས་ལྕེ་འགུལ་བ་དང་བཅས་པ་ནི་སེང་གེའི་གླལ་པའོ། །རྡོ་རྗེ་སྒྲོག་ནི་རང་གི་སྙིང་གར་རྡོ་རྗེ་བཅིང་བར་བྱེད་པ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བསྡམས་ལ། །མཛུབ་མོ་བཀུག་སྟེ་བཅིངས་ནས་སུ། །བསྐོར་བའི་ཚུལ་དུ་བྱ་བ་ནི། །ལྷ་
རྣམས་དགུག་པའི་དམ་པའོ། །ཞེས་བཤད་པའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཕུར་བུ་བཟུང་སྟེ་བགགས་ཀྱི་སྟེང་དུ་བཞག་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་ཐོ་བ་བཟུང་ནས་བརྡུང་བ་ནི་རྡོ་རྗེ་ཐོ་བའོ། །གར་དང་བཅས་པའི་རྡོ་རྗེ་སྒེག་མོའི་ཕྱག་རྒྱ་བཅིངས་ལ། མགོ་བོ་གཡོན་

དུ་ཅུང་ཟད་འདུད་པར་བྱས་པ་ནི་བུད་མེད་ཀྱི་སྒྱུ་འཕྲུལ་ལོ། །སྙིང་གར་རྡོ་རྗེ་བསྡམས་པ་འབྱེད་པ་ནི་རྡོ་རྗེ་དྲལ་བའོ། །རྡོ་རྗེ་ཁུ་ཚུར་གྱི་མཐེའུ་ཆུང་གཉིས་བསྒྲེང་སྟེ་བཟློག་ལ་ཁའི་འགྲམ་དུ་མཆེ་བའི་ཚུལ་དུ་བཞག་པ་ནི་རྡོ་རྗེ་མཆེ་བའོ། །གཡོན་པའི་ཁུ་ཚུར་གྱི་ཤུབས་ནས་དྲངས་ཏེ་གཡས་
པའི་ཁུ་ཚུར་གྱིས་དཔུང་མགོར་རལ་གྲི་འཛིན་པའི་ཚུལ་དུ་བཞག་པ་ནི་རལ་གྲིའི་ཐབས་སོ། །གཡོན་པའི་མཛུབ་མོ་དང་གཡས་པའི་མཐེའུ་ཆུང་མདུད་པར་བྱས་ཏེ་གཡས་པའི་མཛུབ་མོ་ལྕགས་ཀྱུ་ལྟར་བྱས་པས་འགུགས་པ་ནི་ལྕགས་ཀྱུའི་ཐབས་སོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གཡོན་
དུ་འདེབས་པ་ལྟར་བྱེད་པ་ནི་མདུང་ཐུང་གི་ཐབས་སོ། །ལག་པ་གཡོན་དཀུར་བརྟེན་པ་ལ་གཡས་པའི་ཁུ་ཚུར་གྱིས་ཐག་མདུང་བསྐོར་བའི་ཚུལ་དུ་ལན་གསུམ་དུ་བསྐོར་ནས་འཕེན་པ་ནི་ཐག་མདུང་འཕེན་པའི་ཐབས་སོ། །རྡོ་རྗེ་བསྣུན་པའི་ཚུལ་ནི་རྡོ་རྗེའི་སྟང་སྟབས་སོ། །ལག་པ་གཉིས་
ཀྱིས་རྡོ་རྗེ་འོག་ཏུ་ལན་གསུམ་གསོར་ལ། དེ་བཞིན་དུ་སྟེང་དུ་ཡང་ལན་གསུམ་གསོར་བར་བྱེད་པ་ནི་རྡོ་རྗེ་གསོར་བའོ། །ལག་པ་གཉིས་ཀྱིས་རོ་ལ་བཟུང་ནས་ཟ་བའི་ཚུལ་དུ་བྱེད་ཅིང་ཡོངས་སུ་བལྟ་བ་ནི་རྡོ་རྗེ་རོ་ལངས་སོ། །རྡོ་རྗེ་བསྡམས་པས་བཟུང་བའི་གཏུན་ཤིང་གིས་བགེགས་
རྣམས་རྡུང་བ་ལྟར་བྱེད་པ་ནི་གཏུན་ཤིང་གི་ཐབས་སོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བསྟན་པར་བྱས་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་ལས་གུང་མོ་བརྐྱང་བའི་ཚིགས་དང་པོར་མཛུབ་མོ་བཀུག་ནས་དཔུང་མགོར་བཞག་པ་ནི་བ་དན་གྱི་ཐབས་སོ། །གཡོན་པ་དཀུར་བརྟེན་ལ་གཡས་པས་
སྙིང་ག་ནས་འགུགས་པའི་ཚུལ་དུ་བྱེད་པའི་སྙིང་ག་དེ་ཉིད་དུ་རྡོ་རྗེ་སེམས་དཔའ་ལྟར་འཇོག་པ་ནི་རྡོ་རྗེ་འགུགས་བྱེད་དོ། །སྙིང་གའི་མདུན་དུ་འགྱིང་བག་དང་བཅས་པས་ལག་པ་ཡོངས་སུ་བསྐོར་བ་ནི་རྡོ་རྗེ་འཇོ་ཚུལ་ལོ། །གཡོན་པ་དཀུར་བརྟན་ལ་གཡས་པ་མི་འཇིགས་པའི་ཚུལ་དུ་བྱེད་པ་ནི་
མི་འཇིགས་པའི་ཚུལ་ལོ། །གཡོན་པ་དེ་ཉིད་དུ་བཞག་པ་ལ་གཡས་པའི་ལག་མཐིལ་དུ་འབྲས་བུ་བཞག་པའི་ཚུལ་དུ་བྱས་ཏེ་མདུན་དུ་དྲང་བ་ལྟར་བྱེད་པ་ནི་འབྲས་བུའི་ཐབས་སོ། །དེ་ཉིད་ལས་གཡས་པ་མཆོག་སྦྱིན་པའི་ཚུལ་དུ་བྱེད་པ་ནི་མཆོག་སྦྱིན་པའི་ཐབས་སོ། །ཐལ་མོ་སྦྱར་བ་

བསྟོད་པའི་ཚུལ་དུ་སྙིང་གར་བཞག་པ་ནི་ཕྱག་འཚལ་བའི་ཚུལ་ལོ། །གཡོན་པ་དཀུར་བརྟེན་ལ་གཡས་པ་རྡོ་རྗེ་རྩེ་གསུམ་པ་འཕེན་པའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་འཕེན་པའོ། །ཁའི་སྟེང་འོག་ཏུ་ལག་པ་གཉིས་བཀན་ཏེ་དེ་ཉིད་དང་འཇིགས་སུ་རུང་བ་ལྟར་
བྱེད་པ་ནི་རྡོ་རྗེ་འཇིགས་སུ་རུང་བའོ། །སྙིང་གར་ལག་པ་གཡོན་པ་རྡོ་རྗེ་རྩེ་གསུམ་ལྟར་བྱས་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་དབྱིག་པ་ལྟར་འདེབས་པས་རྩེ་གསུམ་པར་བྱས་ཏེ་འཇོག་པ་ནི་རྡོ་རྗེ་སྟོབས་པོ་ཆེས་འདེགས་པའོ། །རྡོ་རྗེ་ཁུ་ཚུར་གཉིས་བཀན་ཏེ་ཁར་བཞག་ལ་ཧ་ཧ་ཞེས་དགོད་
པའི་ཚུལ་གྱིས་ཡི་གེ་ཧ་ཧ་བཞི་བརྗོད་པ་ནི་རྡོ་རྗེ་གད་མོའོ། །གཡོན་པ་ཁྲོ་བོའི་ཁུ་ཚུར་ལས་མཛུབ་མོ་སྙིང་གར་བསྒྲེངས་ལ་གཡས་པ་བ་དན་གསུམ་པར་བྱས་པས་རྡོ་རྗེ་གསོར་བའི་ཚུལ་དུ་བྱེད་པ་ནི་རྡོ་རྗེའི་ཐབས་སོ། །མཁྲིག་མ་གཉིས་མདུད་པ་ནི་ཞགས་པའི་ཐབས་སོ། །གཡོན་པ་
དཀུར་བརྟེན་ལ་གཡས་པའི་ཁུ་ཚུར་གྱིས་མཐེ་བོ་ནང་ནས་བཏོན་ཏེ་བསྒྲེང་བ་ནི་བེ་ཅོན་གྱི་ཐབས་སོ། །དེ་ཉིད་ལས་ལག་པ་གཡས་པས་མདུང་རྩེ་གཅིག་པ་འཕེན་པའི་ཚུལ་དུ་བྱེད་པ་ནི་རྩེ་གཅིག་པའི་ཐབས་སོ། །དེ་ཉིད་ལས་མདུང་བུ་འདེབས་ཤིང་བགེགས་གསོད་པའི་ཚུལ་དུ་བྱེད་
པ་ནི་རྡོ་རྗེ་མདུང་བུའི་ཐབས་སོ། །ལག་པ་གཡོན་བརྐྱང་བ་དེའི་རྩ་བར་གཡས་པའི་མཐེབ་ཆུང་ནས་བཀྲོལ་ཏེ་བ་དན་གསུམ་པར་བྱས་པ་ནི་རྡོ་རྗེའི་གར་རོ། །ཤར་ལ་སོགས་པའི་ཕྱོགས་སུ་ས་གནོན་ལ་སོགས་པའི་ཕྱག་རྒྱ་དང་ལྡན་པས་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་
སྒོ་བཞི་བསྒོམ་པ་ནི་སྒོ་བཞི་བྱིན་གྱིས་བརླབ་པའོ། །གཡོན་པ་དཀུར་བརྟེན་ནས་གཡས་པའི་སྡིགས་མཛུབ་བསྒྲེང་བ་ནི་རྡོ་རྗེ་འཁྱིལ་པའོ། །གཡས་པ་རྡོ་རྗེ་སྙིང་གར་འཇོག་ཅིང་གཡོན་པས་རྣ་བའི་དྲུང་དུ་དྲིལ་བུ་དཀྲོལ་བ་ནི་རྡོ་རྗེའི་སྒྲའོ། །སྙིང་གར་རྡོ་རྗེ་ཁུ་ཚུར་གྱི་མཐེའུ་ཆུང་དང་
མཛུབ་མོ་རྡོ་རྗེ་མདུད་པ་བྱས་ཏེ་འཁོར་ལོ་ལྟར་བསྐོར་བ་ནི་འཁོར་ལོའི་ཕྱག་རྒྱའོ། །སྙིང་གར་པདྨ་ཁ་འབྱེད་པའི་ཚུལ་དུ་བྱེད་པ་ནི་པདྨའི་ཚུལ་ལོ། །གཡོན་པ་གཞུ་འཛིན་པའི་ཚུལ་དུ་འཇོག་པ་ནི་གཞུའི་ཐབས་སོ། །དེ་ཉིད་མདའ་དང་བཅས་པར་རྣ་བའི་དྲུང་དུ་འགེངས་པ་ནི་མདའ་གཟུང་

བའི་ཐབས་སོ། །དེ་ཉིད་མདའ་འཕེན་པ་ལྟར་བྱེད་པ་ནི་མདའ་འཕེན་པའི་ཚུལ་ལོ། །རྐང་པ་གཡོན་པའི་བརླ་ལ་གཡས་པའི་མཐིལ་བཙུགས་ཏེ། ལག་པ་གཉིས་དཀུར་བརྟེན་པ་ནི་རྐང་པ་ཡ་གཅིག་གི་སྟང་སྟབས་སོ། །དེ་ཉིད་དང་གཡས་གཡོན་དུ་ལག་པ་གཉིས་བསྐོར་བ་
ནི་བུང་བའི་འཕུར་སྟངས་སོ། །གཡོན་པ་དཀུར་བརྟེན་ལ་གཡས་པ་སྙིང་གར་རྡོ་རྗེ་གཏད་དེ་འཇོག་པ་ནི་རྡོ་རྗེ་འདེགས་པའོ། །དེ་ནས་སློབ་དཔོན་བློ་གྲོས་ལྡན་པ་ཡིས། །དཀྱིལ་འཁོར་ས་ཡི་དབུས་སུ་འདུག་ནས་ནི། །འདུག་སྟངས་རྣམས་ཀྱི་གོ་རིམས་དབྱེ་བ་དག །དེ་ནི་ཅི་ནུས་ཀྱིས་
ནི་རྣམ་པར་སྦྱར། །རྡོ་རྗེའི་སྐྱིལ་ཀྲུང་དང་ནི་པདྨའི་འདུག་སྟངས་དང་། །སེམས་དཔའི་སྐྱིལ་ཀྲུང་དང་ནི་དཔའ་བོའི་འདུག་སྟངས་དང་། །བཟང་པོའི་འདུག་སྟངས་དང་ནི་དེ་བཞིན་ཙོག་པུར་འདུག །རོལ་པའི་གནས་ཐབས་འདུག་སྟངས་བདུན་པར་བཤད། །གཡས་པའི་བྱིན་པ་དང་ནི་
བརླ་དབུས་སུ། །རྐང་པ་གཡོན་པ་རྣམ་པར་བཞག་ནས་ཀྱང་། །དེ་ཡི་སྟེང་དུ་གཡས་པ་བཞག་པ་ནི། །རྡོ་རྗེའི་སྐྱིལ་མོ་ཀྲུང་ཞེས་བྱ་བར་བཤད། །གཡས་པའི་བྱིན་པས་བྱིན་པ་གཡོན་མནན་ལ། །པུས་མོ་གཉིས་ཀ་དབབ་པར་བྱས་ནས་ནི། །ལུས་ནི་རབ་ཏུ་ཞི་བའི་ཚུལ་དང་ལྡན། །
པདྨའི་འདུག་སྟངས་ཡིན་པར་མཁས་པས་བཤད། །རྐང་པ་གཡོན་པའི་བརླ་ཡི་སྟེང་དུ་ནི། །རྐང་པ་གཡས་པ་ཅུང་ཟད་ཙམ་སྦྱར་ལ། །གཡོན་པ་དེ་ཡི་འོག་ཏུ་བཞག་པ་ནི། །སེམས་དཔའི་སྐྱིལ་མོ་ཀྲུང་ཞེས་རྣམ་པར་གྲགས། །རྐང་པ་གཡོན་པ་ཡིས་ནི་སྐྱིལ་མོ་ཀྲུང་། །ཕྱེད་
དུ་བཅས་ལ་དེ་དང་ཉེ་བར་ཡང་། །རྐང་པ་གཡས་པ་དྲང་པོར་བཞག་པ་ནི། །དེ་ནི་དཔའ་བོའི་འདུག་སྟངས་ཡིན་པར་འདོད། །རྐང་པ་གཉིས་ཀ་སྟན་གྱི་སྟེང་དུ་ནི། །དྲང་པོ་ཉིད་དུ་ཐུར་དུ་བརྐྱང་བྱས་ལ། །དེ་ཉིད་བརྟན་པོར་རབ་ཏུ་འཇོག་པ་ནི། །བཟང་པོའི་འདུག་སྟངས་ཡིན་པར་རབ་
ཏུ་གྲགས། །རྐང་པ་གཉིས་ཀ་མཐོ་གང་ཙམ་གྱིས་ནི། །བར་དུ་ཆོད་པར་སྟན་ལ་བཞག་ནས་ཀྱང་། །ཙོག་ཙོག་པོར་ནི་འདུག་པ་གང་ཡིན་པ། །དེ་ཉིད་ཙོག་པུའི་འདུག་སྟངས་ཉིད་དུ་བཤད། །རྐང་པ་གཡས་པ་ཉིད་ནི་སེམས་དཔའ་ཡི། །སྐྱིལ་ཀྲུང་ཕྱེད་པ་བརྟན་པར་རབ་བྱས་

ལ། །གཡོན་པ་སྒེག་དང་བཅས་པས་བརྐྱང་བ་ནི། །རོལ་པའི་འདུག་སྟངས་སུ་ནི་གྲགས་པ་ཡིན། །རྡོ་རྗེའི་སྐྱིལ་ཀྲུང་ཉིད་ལ་གནས་ནས་ནི། །རྣམ་པར་སྣང་མཛད་ལ་སོགས་ཕྱག་རྒྱ་བཅིང་། །པདྨའི་འདུག་སྟངས་ཀྱིས་ཀྱང་སྒེག་མོ་ལ། །སོགས་པ་
རྣམས་ཀྱི་ཕྱག་རྒྱ་བཅིང་བར་བྱ། །སེམས་དཔའི་སྐྱིལ་མོ་ཀྲུང་ལ་གནས་ནས་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་ཕྱག་རྒྱ་བཅིང་། །དཔའ་བོའི་འདུག་སྟངས་ཉིད་ལ་གནས་ནས་ཀྱང་། །རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་བཅིང་བར་བྱ། །བཟང་པོའི་འདུག་སྟངས་ཀྱིས་ཀྱང་བྱ་བ་ནི། །བྱམས་པ་
ལ་སོགས་རྣམས་ཀྱི་ཕྱག་རྒྱ་བཅིང་། །ཙོག་པུའི་འདུག་སྟངས་ཀྱིས་ནི་ཕོ་ཉ་དང་། །བྲན་ཕོ་བྲན་མོ་ལ་སོགས་ཕྱག་རྒྱ་བཅིང་། །རོལ་པའི་གནས་ཐབས་ཀྱིས་ནི་བྱ་བ་གང་། །འཇིག་རྟེན་སྐྱོང་བའི་ཕྱག་རྒྱ་བཅིང་བར་བྱ། །དེ་ལྟར་རྣམ་པར་བསྡུས་པ་ལས་བྱུང་བའི། །དགེ་བ་གང་ཡིན་
དེས་ནི་འགྲོ་བ་རྣམས། །སངས་རྒྱས་ཡེ་ཤེས་མགོན་དང་བཅས་པ་དེར། །གཞོལ་བ་ཉིད་དུ་རྟག་ཏུ་འབབ་པར་ཤོག །སྟང་སྟབས་ཀྱི་བཀོད་པ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་
ས་མཱ་ཛ་མཎྜལ་བི་དྷི་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཤེས་བྱ་སོགས་སྒྲིབ་ལས་ངེས་གྲོལ། །མེ་ལོང་ཡེ་ཤེས་ལ་སོགས་ལྡན། །འཇམ་དཔལ་གསང་
བའི་འཁོར་ལོ་མཆོག །བཏུད་དེ་བདག་དྲན་ཕྱིར་དེ་བཤད། །དཔལ་ལྡན་འདུས་པའི་གཞུང་དམ་པ། །འཁོར་ལོའི་མན་ངག་རིམ་པ་འདིས། །ཆུ་ཐོག་རྗེས་གནང་ཐ་མ་ཡིས། །གང་ཞིག་དབང་བསྐུར་དེ་ནས་བླང་། །གསང་བའི་འཁོར་འདིར་དེ་ཉིད་ཐོབ། །གསང་དང་ཤེས་རབ་
དབང་བསྐུར་བས། །གསང་ཤེས་རྣལ་འབྱོར་དེ་ཉིད་ཤེས། །ཐེག་གསུམ་དགོངས་པའི་དེ་ཉིད་ཤེས། །རིགས་དང་སྙིང་པོ་སྔགས་ཕྱག་རྒྱ། །ཏིང་ངེ་འཛིན་ནི་གསུམ་དག་དང་། །ཐུན་མོང་ཅིག་ཤོས་དངོས་གྲུབ་དང་། །རྒྱུད་གཞུང་གི་ནི་རྣམ་དབྱེ་ཤེས། །དམ་ཚིག་ལྡན་ཞིང་སྡོམ་ལ་

གནས། །ཤེས་རབ་རྣལ་འབྱོར་ལ་རབ་བརྩོན། །སྔགས་དང་རྒྱུད་ཀྱི་སྦྱོར་བ་མཁས། །སེམས་ཅན་དོན་སྒྲུབ་འོས་པ་ཡིན། །གཏོང་བརྟན་ལ་སོགས་ལྡན་གྱུར་ཀྱང་། །སྔར་བཤད་ཡོན་ཏན་མི་ལྡན་ན། །འདི་ནི་འགྲོ་དོན་འོས་མིན་ཏེ། །དེ་ཡི་ཡོན་ཏན་འདི་མཆོག་ཡིན། །བརྩེར་ལྡན་
བརྟུལ་ཞུགས་བཟང་བློས་ལྡན། །དད་ལྡན་ཟབ་མོ་དེ་ཉིད་ཤེས། །རང་གི་འཁོར་གནས་སྔོན་བསྙེན་པ། །བྱས་ནས་དཀྱིལ་འཁོར་བྲི་བར་བྱ། །ཡིད་དང་རྗེས་མཐུན་གནས་ལ་ལར། །ཙནྡན་མཆོག་ལ་སོགས་པས་བྱུག །མེ་ཏོག་དྲི་བཟང་གཅལ་བཀྲམ་པར། །ནང་པར་དང་
པོར་འདུག་ནས་ནི། །རྣམ་ཐར་སྒོ་ནི་ལེགས་དག་ཕྱིར། །སྙིང་གར་མཾ་ནི་འོད་འབར་བ། །བསམས་ནས་དགེ་བ་མངོན་འཕེལ་ཕྱིར། །བཤགས་ལ་སོགས་པ་རབ་ཏུ་བྱ། །ཕྱོགས་བཅུར་དུས་གསུམ་བྱུང་བ་ཡི། །སངས་རྒྱས་རྣམས་ཀྱི་མདུན་གནས་ཏེ། །སྙིང་པོའི་འོད་
བྱུང་གཟུགས་ལ་སོགས། །མཆོད་པ་ཆོ་ག་བཞིན་དུ་བྱ། །རང་གི་ལོག་རྟོག་ཙམ་ལས་བྱུང་། །ཉེས་བྱས་དུས་གསུམ་བྱས་པ་རྣམས། །རྨི་ལམ་རྨི་ལམ་སོགས་བཞིན་ཀུན། །ལན་གསུམ་དག་ནི་འཆགས་པར་བགྱིད། །རྫོགས་སངས་སྲས་མཆོག་འཕགས་རྣམས་དང་། །གཞན་
གྱི་དགེ་བ་དམ་པ་གང་། །མ་ལུས་ལ་བདག་ཡི་རང་ཞིང་། །རྫོགས་བྱང་ཆུབ་ཏུ་རྗེས་བསྔོ་བགྱི། །ཀུན་འདོད་དབུགས་འབྱིན་སྩོལ་མཛད་པའི། །སངས་རྒྱས་ཀུན་ལ་བདག་བསྐུལ་བ། །བསྟན་པ་ནམ་མཁའི་མཐའ་མཉམ་པ། །འཇིག་རྟེན་ཀུན་སྡིག་མེད་སྣང་མཛོད། །ཀུན་
རྟོག་མ་ལུས་དག་གྱུར་ཅིང་། །རང་རིག་དགའ་བ་ཐུགས་ཆུད་ལ། །རང་གཞན་དོན་གྱི་འབྲས་བུ་སྩོལ། །རྫོགས་སངས་རྒྱས་ལ་སྐྱབས་སུ་མཆི། །སེམས་མཆོག་དམ་ཆོས་མ་ལུས་པ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །དམ་པའི་ཕུན་ཚོགས་གནས་བསམ་ཡས། །བདག་
ནི་ཡང་དག་སྐྱབས་སུ་མཆི། །མི་ལྡོག་དབུགས་འབྱིན་འཐོབ་གྱུར་ཅིང་། །རྒྱུ་མཐུན་ལ་སོགས་འབྲས་བུར་ལྡན། །གསང་བའི་དབང་བསྐུར་ལས་བྱུང་ཉིད། །ཚོགས་ལའང་བདག་ཉིད་སྐྱབས་སུ་མཆི། །ཐུབ་དབང་སྲས་ཀྱི་ལམ་གྱི་མཆོག །སྤྱོད་པ་ཐོག་མཐའ་མེད་རྟོགས་བྱེད། །

ཀུན་སངས་རྒྱས་བདག་བློ་མཆོག་གིས། །དེ་བས་ད་ནི་གནས་པར་བགྱི། །སྒྲིབ་པ་ཐམས་ཅད་ཡང་དག་སེལ། །ཡེ་ཤེས་མཐའ་ཡས་བདུད་རྩིའི་གནས། །འཁྲུལ་པའི་ལྟ་བ་རབ་རྟོགས་ཕྱིར། །རྣམ་ཀུན་བྱང་ཆུབ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་
དང་སངས་རྒྱས་ཉིད། །རྒྱུ་དང་འབྲས་བུར་མ་ཆགས་ཉིད། །སོ་སོ་རང་རིག་ཆོས་ཡིན་ཕྱིར། །སྟོང་པའི་ཡེ་ཤེས་བདག་ཅན་བདག །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཧཱུཾ་མཛད་ཡང་ན་གཙུག་ཏོར་རམ། །རྣམ་པར་སྣང་མཛད་ལ་སོགས་ཉིད། །ཁྲོ་བོའི་འཁོར་ལོར་གནས་སྲུང་
ཕྱིར། །བསམས་ལ་བགེགས་ནི་རབ་ཏུ་གཞོམ། །དེ་ནས་ཆོས་ཀྱི་དབྱིངས་བསམས་ཏེ། །ཟུར་གསུམ་དཀར་ཞིང་གྱེན་དཀར་གནས། །ཕྱོགས་ཀྱི་འཁོར་ལོར་སྣ་ཚོགས་འོད། །མཁའ་ནང་འོག་པད་རྡོ་རྗེ་གནས། །དེར་བྷྲཱུཾ་འཁོར་ལོ་ལས་བྱུང་བའི། །རིག་བཅས་རྣམ་སྣང་ལས་བྱུང་བ། །
སངས་རྒྱས་སྤྲོས་ཚོགས་མཁའ་ཁྱབ་པ། །ཟུར་བཞི་ལ་སོགས་ཡང་དག་ལྡན། །སྣ་ཚོགས་པདྨ་ལྷ་ཡི་གདན། །ཟླ་བ་ཉི་མས་ལེགས་མནན་པ། །རིན་ཆེན་དམ་པ་ཀུན་གྱིས་བརྒྱན། །གཞལ་ཡས་ཁང་པ་རབ་བསམ་བྱ། །དབྱངས་ཡིག་མཚན་དང་ཡང་དག་ལྡན། །ཀ་སོགས་དཔེ་བྱད་
འོད་ཟེར་ཅན། །དབུས་མའི་ཟླ་བའི་གདན་ལ་སེམས། །ཡེ་ཤེས་ཟླ་བ་རྣམ་བསྒོམས་དེང་། །དང་པོའི་སྙིང་ལས་བྱུང་རྡོ་རྗེ། །དམར་ཞིང་དང་པོའི་སྙིང་པོར་ལྡན། །སྤྲུལ་པས་འགྲོ་བའི་དོན་བྱས་ནས། །བདག་ཉིད་དེ་ཡི་ང་རྒྱལ་ལྡན། །སྐུ་དང་ཞལ་མཆོག་ཤེལ་ཟླ་འདྲ། །གཡས་པ་སྔོ་ལ་ཅིག་
ཤོས་དམར། །རྣམ་པ་ཀུན་མཆོག་རྒྱ་ཆེ་ཞིང་། །ཡོན་ཏན་ན་བཟའ་རྒྱན་མཆོག་ལྡན། །རྡོ་རྗེ་སྐྱིལ་ཀྲུང་ལེགས་པར་བཞུགས། །ཕྱག་གཉིས་ཤེས་རབ་མཆོག་ལ་འཁྱུད། །ཕྱག་གཡས་རྡོ་རྗེ་རལ་གྲི་སྟེ། །གཡོན་ན་རིན་ཆེན་པདྨར་ལྡན། །དཔལ་ལྡན་ཤེས་རབ་ཐབས་བདག་ཉིད། །འགྲོ་
བའི་ཕུན་ཚོགས་རྣམས་ཀྱི་གནས། །ཀུན་དུ་བཟང་པོ་འོད་འཕྲོ་བར། །བདག་ཉིད་རྣམ་པར་བསྒོམ་པར་བྱ། །དེ་ནས་འདོད་ཆགས་ཆེས་འདུལ་བའི། །སྣོད་ཀྱི་འཇིག་རྟེན་མཐོང་བ་དང་། །དགའ་བའི་སྒྲ་ཡིས་རང་ནང་དུ། །རྒྱལ་བའི་ཚོགས་རྣམས་གཞུག་པར་བྱ། །དེར་ནི་སྤྱན་སོགས་རིགས་

མཆོག་དང་། །གཟུགས་སོགས་ཡུལ་གྱི་བདག་ཉིད་ཀྱི། །ལྷ་མོ་དགུ་རུ་ཕྱུང་ནས་ནི། །རང་གི་རིག་པའི་ནང་དུ་གཞུག །རང་རིག་པདྨའི་ལྟེ་བ་རུ། །རབ་དགའ་ལས་བྱུང་དཀྱིལ་འཁོར་ནི། །སྤྲུལ་ནས་འདིར་ནི་འགྲོ་བ་ཀུན། །དབུགས་དབྱུང་ཕྱིར་ནི་གཞུག་པར་བྱ། །མཁའ་ཁྱབ་སངས་
རྒྱས་བཤེས་གཉེན་མཆོག །རང་རྡོ་རྗེ་ནང་ཞུ་ལས་བྱུང་། །མི་ལྡོག་ཕྱིར་དང་དེ་ཉིད་ཀྱི། །ཡེ་ཤེས་འབྲས་ཐོབ་ཕྱིར་དབང་བསྐུར། །དབུགས་ཕྱིར་འགྲོ་བ་དེ་མཐོང་ནས། །དེ་ཡི་དངོས་དབྱུང་ས་བོན་གྱིས། །སེམས་ཅན་ཐམས་ཅད་ཕྱུང་ནས་ནི། །འགྲོ་བ་སེམས་བདག་དངོས་ལས་
བྱུང་། །ས་ཡི་སྙིང་པོ་ལ་སོགས་དྲུག །མིག་སོགས་རང་གི་ངོ་བོར་བྱུང་། །ཀྵིཾ་ཛྲཱྀཾ་ཁཾ་གཾ་ཥྐཾ་གཞན་ཡང་། །སཾ་ནི་རིམ་བཞིན་ས་བོན་ཡིན། །གཟུགས་ཀྱི་རྡོ་རྗེ་ལ་སོགས་དྲུག །ཕྱི་ནང་བདག་ཉིད་ངོ་བོར་བྱུང་། །ཛཿཧཱུཾ་བཾ་ཧོཿཁཾ་འདི་དང་། །རིམ་གྱིས་ས་བོན་ཕྱི་རོལ་གནས། །སྤྱན་ལ་
སོགས་པའི་རིག་པ་དེ། །ས་ལ་སོགས་པའི་ངོ་བོར་བྱུང་། །ལཾ་མཱཾ་པཾ་ཏཱཾ་འདི་དག་གིས། །འགྲོ་ཆོས་བདག་ཉིད་དེ་ཉིད་སྐྱེས། །རྟག་པ་ལ་སོགས་རྫོགས་སངས་རྒྱས། །གཟུགས་སོགས་ཕུང་པོའི་ངོ་བོར་བྱུང་། །བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུཾ་རྣམས་ཀྱིས། །ཆོས་རྣམས་ཐམས་ཅད་ཡང་དག་དབྱུང་། །
དེ་ནས་ཨོཾ་ཨཱཿཧཱུཾ་ཞེས་བྱའི། །སེམས་ནི་འོད་ལྡན་ཧོཿགཉིས་སྤེལ། །གསང་བའི་ཆུ་སྐྱེས་ཁོང་ནང་གནས། །རྒྱུ་མཐུན་ཆུང་ངུ་དག་ཕྱིར་རོ། །འདོད་ཆགས་མེ་དེ་འབར་བ་ཡིས། །སྐུ་གཉིས་དག་ནི་ཞུ་བར་བྱས། །བཤེས་མཆོག་ལྟར་སྣང་ཕྱོགས་ལྷ་མོ། །གླུ་ཡི་གསོལ་བས་ལེགས་
པར་བསྐུལ། །སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །
རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་དོན་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེའི་

གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་དུ་བཟང་པོས་བདག་ལ་དགྱེས་པར་མཛོད། །ཁྱོད་ནི་རྡོ་རྗེའི་
འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །སློང་བར་བྱེད་པའི་ངོར་
བྱས་པས། །ཞུ་བ་རྒུད་པ་ལྟར་མཐོང་སྟེ། །དངོས་རྣམས་སྒྱུ་མ་ལྟར་རིག་ནས། །རང་སྔགས་དོན་དུ་སླར་ཡང་གྱུར། །ཞལ་མཆོག་གུར་ཀུམ་ལྟ་བུ་སྟེ། །གཡས་པ་སྔོ་ལ་ཅིག་ཤོས་དཀར། །རྒྱན་དང་ཆ་ལུགས་གཞོན་ནུ་འདྲ། །ཤེས་རབ་དགའ་བས་ཅིག་ཅར་མཛེས། །རང་
སྣང་ཤེས་རབ་ལྡན་གྱུར་ཅིང་། །ཕྱག་གཉིས་ཤེས་རབ་དམ་པ་འཁྱུད། །རལ་གྲི་འོད་ལྡན་མདའ་ཡི་མཆོག །ཨུཏྤལ་སྔོན་གཞུ་ཕྱག་ན་བསྣམས། །སངས་རྒྱས་སྤྲིན་གྱི་སྤྲུལ་འཕྲོ་བས། །འགྲོ་བ་གསུམ་གྱི་དོན་རྫོགས་པ། །རང་གི་ས་བོན་མཚན་ལས་བྱུང་། །འཇམ་པའི་རྡོ་
རྗེ་རང་ཉིད་འགྱུར། །སྲིད་པར་ཆགས་པས་མཐའ་ཡས་ཤིང་། །ཞི་བར་ཆགས་ན་འབྱོར་ཉམས་འགྱུར། །སྒྱུ་མས་བསྙེན་པ་ཡང་དག་བྱས། །ཆོས་དབྱིངས་བདག་ཉིད་ཅན་དུ་འགྱུར། །ཨོཾ་དྷརྨ་དྷཱ་ཏུ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། བཤེས་གཉེན་དམ་པས་རྒྱུ་མཐུན་བྱས། །སྨིན་ལས་ཐམས་
ཅད་མཁྱེན་ཉིད་འགྱུར། །དེ་ནི་མིག་སོགས་བྱིན་བརླབ་པ། །ཉེ་བར་བསྒྲུབ་པ་ཡིན་པར་འདོད། །ས་སྙིང་རྡོ་རྗེ་ཅན་མཁའ་སྙིང་། །འཇིག་དབང་སྒྲིབ་སེལ་ཀུན་དུ་བཟང་། །དེ་ནི་ས་བོན་རྣམས་ཀྱིས་ནི། །མིག་ལ་སོགས་པ་ཡང་དག་དགང་། །སྐྱེས་བུ་བསྐྱེད་པ་ཆོས་ལོངས་སྤྱོད། །སྤྲུལ་པ་
ལས་བྱུང་འགྲོ་དོན་ཉིད། །ཐུགས་ཀྱི་གསང་སོགས་བྱིན་གྱིས་བརླབ། །དེ་བས་སྒྲུབ་པའི་དོན་དུ་འགྱུར། །རང་ཉིད་ལྐོག་མ་སྤྱི་བོའི་ཟླར། །ཧཱུྃ་ཨཱཿཨོཾ་ལས་བྱུང་བའི་གཙོ། །རྡོ་རྗེ་ཆུ་སྐྱེས་འཁོར་ལོ་ཡི། །དབུས་གནས་ཐུགས་སོགས་གསང་བ་བསྒོམ། །དེ་ཐུགས་ཤེས་རབ་ཡན་ལག་འདུས། །

འོད་ཀྱི་གཟུགས་ནི་རྡོ་རྗེ་སོགས། །འོད་ཀྱིས་ཕྱོགས་དུས་ཀུན་མཆོད་ཅིང་། །མ་ལུས་གཙོ་ལ་ཁྱབ་པར་གྱུར། །གང་ཞིག་སྙིང་ལྐོག་སྤྱི་བོར་ཞུགས། །དེ་ཡི་མཛད་དོན་རྫོགས་པར་བྱས། །དེ་ནི་ཐུགས་ཀྱི་རྡོ་རྗེ་སོགས། །བྱིན་བརླབས་དེ་ནི་རབ་ཏུ་བསྒྲུབ། །དཔལ་ལྡན་རྡོ་རྗེའི་ཐུགས་
འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་
དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་གཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་
མི་ཕྱེད་གསུམ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཱག་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་
སྐུས་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རྗེས་དྲན་བཅུ་དྲུག་དག་པས་ནི། །བྱེད་པ་
ཡིན་ཞེས་ངེས་གསུངས་པས། །དེ་ནི་ཐུགས་སོགས་བྱིན་བརླབ་པའི། །གནས་སྐབས་མིན་ཕྱིར་མ་བཤད་དོ། །སྒྱུ་མའི་ཤེས་རབ་ཡང་དག་འདུས། །གསང་བ་གསུམ་གྱི་མཚན་ཉིད་བལྟ། །དབང་འབྲས་ཆུང་ངུ་རྣམ་དག་ཕྱིར། །སྒྲུབ་པ་ཆེན་པོ་ཡིན་པར་འདོད། །ཡེ་ཤེས་སེམས་ཐུགས་
སྙིང་འོད་ཀྱི། །ཕྱོགས་བཅུའི་མགོན་པོ་ཡང་དག་བསྐུལ། །དེ་འོད་ལས་བྱུང་རིག་པ་རྣམས། །བདུད་རྩིའི་ཆུས་བཀང་བུམ་བསྣམས་པས། །གཙོ་བོ་དཔལ་ལྡན་རང་དབང་བསྐུར། །རིགས་དབང་ཅོད་པན་དམ་པ་ཡིན། །དེ་བཞིན་རྒྱུ་མཐུན་སོགས་བར་མས། །རང་རིག་ཤེས་རབ་རྣམ་པར་སྦྱོང་། །

སྤྱི་བོ་སྙིང་ག་ལྟེ་བ་གསང་། །རྐང་མཐར་ཐུག་པའི་ཆ་རེ་ལ། །ཨོཾ་ཧཱུཾ་སྭཱ་ཨཱཿཧཱ་སྙིང་པོ། །རྟགས་སོགས་རིགས་ཀྱི་བདག་ཉིད་ཅན། །རྫོགས་སངས་རྒྱས་ལྔས་དགང་བར་བྱ། །ཧཱུཾ་ཨ་ཆུ་སྐྱེས་འདབ་བརྒྱད་པ། །ཡང་དག་སྦྱངས་དེས་སངས་རྒྱས་རྣམས། །
ཧཱུཾ་གི་རྡོ་རྗེ་མཆོག་མཉེས་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྙིང་ཟླའི་རལ་གྲི་སྙིང་པོའི་འོད། །སངས་རྒྱས་དཀྱིལ་འཁོར་མཁའ་ཁྱབ་པ། །བདག་ཉིད་ལ་བཞུགས་སེམས་མཆོག་གི། །གཟུགས་སུ་རྡོ་རྗེའི་པད་ལེགས་གནས། །རྒྱལ་བའི་འཁོར་ལོ་ས་བོན་
གྱིས། །དེར་བསྐྱེད་ནས་ནི་བརྟན་བྱས་ལ། །འགྲོ་བའི་མི་ཤེས་དག་བྱའི་ཕྱིར། །རང་གི་ཆོ་གས་དབྱུང་བར་བྱ། །ཞེ་སྡང་ཆེན་པོའི་དོན་མཛད་རྒྱལ། །བདག་པོ་མི་བསྐྱོད་ཡང་དག་བསྐུལ། །བཛྲ་དྷྲྀཀ་ཅེས་བྱ་བས་དབྱུང་། །ནོར་བུ་ཨིནྡྲ་ནཱི་ལའི་མདོག །གཡས་པ་དཀར་ལ་ཅིག་
ཤོས་དམར། །དཔལ་མཆོག་དང་པོའི་ཕྱག་དང་ལྡན། །དཔལ་ལྡན་ལེགས་བསྡུས་བདག་ཉིད་ཀྱི། །དངོས་པོ་ཀུན་གྱིས་གཞུག་པར་བྱ། །ཛི་ན་ཛིག་གིས་དང་པོ་འདྲ། །གཏི་མུག་ཆེན་པོས་དོན་མཛད་གཙོ། །འཁོར་ལོ་བཟང་སོགས་དཔལ་དེ་བཞིན། །ཤར་གྱི་ཟླ་དཀྱིལ་དག་ལ་
བསྒོམ། །རཏྣ་དྷྲྀཀ་གིས་རིན་ཆེན་དབང་། །གསེར་མདོག་མཉམ་ཉིད་བརྩོན་འགྲུས་ཅན། །མགོན་པོ་རིན་ཆེན་མཆོག་སོགས་བསྣམས། །གཞོན་ནུའི་ཞལ་འདྲ་ལྷོ་ཕྱོགས་སུའོ། །ཨཱ་རོ་ལྀཀ་གིས་གསུང་དབང་པོ། །འདོད་ཆགས་ཆེན་པོས་དོན་མཛད་གཙོ། །པདྨ་རཱ་གའི་མདོག་
པད་སོགས། །གཞོན་ནུའི་ཞལ་འདྲ་ནུབ་ཕྱོགས་སུའོ། །པྲཛྙཱ་དྷྲྀཀ་གིས་དོན་ཡོད་དབང་། །གཏུམ་ཆེན་ཕྲག་དོག་དོན་མཛད་པ། །བཻ་ཌཱུརྱ་སྣང་གཞོན་ནུའི་ཞལ། །རལ་གྲི་སོགས་བསྣམས་བྱང་དུ་བསམ། །ཀུན་ཀྱང་རལ་པ་ཅོད་པན་བཅས། །རང་རིག་གཉིས་སུ་མེད་པར་སྦྱོར། །
རྒྱན་དང་ན་བཟའ་མཆོག་ཀུན་ལྡན། །པདྨ་ཉི་དཀྱིལ་དག་ལ་བསམ། །མོ་ཧ་ར་ཏཱིས་ཤར་ལྷོ་རུ། །སྙིང་རྗེ་ཐབས་ཀྱིས་འགྲོ་དོན་སྩོལ། །རང་གི་ངོ་བོ་སྐུ་དབང་འདྲ། །སྤྱན་ནི་ཟླ་དཀྱིལ་དག་ལ་བསམ། །དྭེ་ཥ་ར་ཏཱིས་ལྷོ་ནུབ་ཏུ། །བྱམས་དང་སྨོན་ལམ་འདོད་སྩོལ་བ། །དགའ་ལྡན་ཐུགས་

ཀྱི་དབང་པོ་འདྲ། །མཱ་མ་ཀཱི་ནི་ཟླ་དཀྱིལ་བསམ། །རཱ་ག་ར་ཏིས་ནུབ་བྱང་དུ། །དགའ་དང་སྟོབས་དང་ཏིང་འཛིན་སྩོལ། །གསུང་གི་དབང་འདྲ་དོན་དག་བསམ། །གོས་དཀར་མོ་ནི་ཟླ་དཀྱིལ་བསམ། །བཛྲ་ར་ཏཱིས་བྱང་ཤར་དུ། །བཏང་སྙོམས་ཡེ་ཤེས་ཏིང་འཛིན་སྩོལ། །རང་གི་ངོ་བོར་
རིན་དབང་འདྲ། །ཡིད་འོང་སྒྲོལ་མ་ཟླ་དཀྱིལ་བསམ། །འདི་རྣམས་མཚན་མ་རིམ་བཞིན་དུ། །འཁོར་ལོ་ཨུཏྤལ་དམར་པོ་མཆོག །པདྨ་ཨུཏྤལ་སེར་པོ་སྟེ། །ལྷག་མ་རང་བདག་ལྟ་བུར་བསྟན། །མེ་ལ་སོགས་པའི་མཚམས་བཞི་དང་། །ཤར་སྒོ་ཡི་ནི་ངོས་གཉིས་སུ། །དེ་ཉིད་
གསུམ་གྱི་གཟུགས་སོགས་པ། །མེ་ལོང་སོགས་བསྣམས་སྐུ་སོགས་འདྲ། །ཡ་མཱནྟ་ཀྲྀཏ་ཀྱིས་ཡམས་འཇོམས། །ཕུང་པོ་ཞེས་བྱ་རྣམ་འཇིག་པ། །ཐུགས་ཀྱི་དབང་འདྲ་ལྟ་རབ་འབར། །ཤར་སྒོར་ཁྲོ་བོའི་སྐྱིལ་མོས་གནས། །པྲཛྙཱནྟ་ཀྲྀཏ་ཀྱིས་སྲིད་འཇོམས། །ཉོན་མོངས་བདག་
ལྟ་འཇིག་བྱེད་པ། །གཏུམ་ཞིང་འཇིགས་ལ་ཀུན་དང་འདྲ། །གཞན་གྱིས་མི་ཐུབ་ལྷོ་སྒོར་རོ། །པདྨཱནྟ་ཀྲྀཏ་ཀྱིས་འདོད་འཇོམས། །འཆི་བདག་སྐྱེས་པའི་ཚོགས་འཇིག་པ། །གཏུམ་ཞིང་སྒྲ་ཟབ་གསུང་དབང་འདྲ། །རྟ་མགྲིན་ནུབ་ཀྱི་སྒོ་རུ་བསམ། །བིགྷྣཱནྟ་ཀྲྀཏ་ཀྱིས་བགེགས་འཇོམས། །
བྱ་བ་ལྷ་ཡི་བདུད་དག་ཉིད། །གཏུམ་ལ་མི་བསྐྱོད་མདོག་འདྲ་བ། །བདུད་རྩི་འཁྱིལ་པ་བྱང་སྒོར་བསམ། །སྨིན་འདེགས་དབུ་སྐྲ་གྱེན་དུ་འབར། །སྨ་ར་སྨིན་མ་སྤྱན་དམར་སེར། །ཞལ་གདངས་ལྗགས་ནི་རྣམ་པར་བསྐྱོད། །མཆེ་བར་བཅས་ཤིང་རྟག་ཏུ་བཞད། །འདི་རྣམས་ཕྱག་ན་ཐོ་བ་དྲག །
དབྱིག་པ་པདྨ་རྡོ་རྗེ་ཐོགས། །ཁྲོས་པའི་སྦྲུལ་གྱིས་སྐུ་ལ་བརྒྱན། །རང་རིག་ཤེས་རབ་ཡན་ལག་ལུས། །རྫོགས་པའི་འཁོར་ལོ་ལ་བལྟས་ནས། །ཀུན་ནས་རང་གི་དངོས་པོ་ཡིས། །སྙིང་པོའི་ས་བོན་འོད་ལྕགས་ཀྱུས། །སངས་རྒྱས་འཁོར་ལོ་འདྲ་བ་བསྡུ། །མཐོང་བར་གྱུར་ནས་བགེགས་
རྣམས་ནི། །ཀུན་ཏུ་བསྐྲད་དེ་མངོན་པར་བསྲུང་། །ཟླ་སོགས་མེ་ཏོག་ལྡན་པ་ཡི། །གསང་སྔགས་མཆོག་བཟླས་མཆོད་ཡོན་དབུལ། །འཁོར་ལོ་དེ་འཁོར་ལོ་ལ་གཞུག །མིག་དང་སྐུ་སོགས་བྱིན་གྱིས་བརླབ། །སྔོན་བཞིན་དབང་བསྐུར་དེ་ལ་བསམ། །རྒྱུ་མཐུན་ལ་སོགས་ཆེན་པོ་ཉིད། །

སངས་རྒྱས་ཅོད་པན་མི་བསྐྱོད་པ། །ལྷག་མ་རང་བདག་དབང་བསྐུར་བ། །སྐུ་དབང་མི་བསྐྱོད་གསུང་དབང་པོ། །ཐུགས་དབང་སྒོ་བ་རྣམས་ལ་འདོད། །དེ་ལྟར་དབང་བསྐུར་རང་སྙིང་པོའོ། །འོད་ཀྱིས་ཤེས་རབ་པད་དེར་གཞུག །གཟུགས་སོགས་སྤུ་ཁུང་ལས་
བྱུང་བའི། །གཟུགས་ཀྱི་རྡོ་རྗེ་སོགས་འོད་ནི། །གཞལ་ཡས་ཁང་འོད་ལས་འདས་ནས། །ནམ་མཁའི་མཐའ་ནི་རབ་ཁྱབ་པས། །ཐུབ་དབང་རང་ནི་ལེགས་མཆོད་པའི། །མཆོད་དང་མཆོད་པའི་བདག་ཅན་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཆོས་རྣམས་ཀུན་
གྱི་འཁོར་ལོ་བསྟོད། །རང་གི་བདག་ཉིད་རྫོགས་སངས་སྐུས། །ཡེ་ཤེས་ལྔ་དང་ཕྱག་རྒྱ་དང་། །རིགས་བརྒྱ་ལྔ་དང་གསུམ་གྱིས་སོ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །དཀྱིལ་མཆོག་གསུམ་པ་ཡི་གེ་གསུམ། །རྡོ་རྗེ་དབྱངས་ལ་ཕྱག་འཚལ་ལོ། །
རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་
རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེའི་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རང་བཞིན་དག་པ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ཟླ་བ་
ཉི་མ་ཆུ་དང་སྨན། །དྲི་ནི་རླུང་མའི་འཁོར་ལོར་གནས། །ཨོཾ་གྱིས་བྱིན་བརླབས་འོད་བཅས་པ། །དེ་ཉིད་གསུམ་གྱིས་མངོན་པར་བཟླས། །རྡོ་རྗེའི་ལྕེ་མཆོག་ཧཱུཾ་བཀོད་པ། །བསམས་ནས་ཡེ་ཤེས་བདུད་རྩི་བླང་། །སྙིང་གའི་ཟླར་ཆུད་མ་ལུས་པའི། །འཁོར་ལོ་དེས་ནི་ཚིམ་པར་བྱ། །སྙིང་
པོའི་འོད་ཀྱིས་སྤྲུལ་མགོན་པོས། །རང་གི་ལོག་རྟོག་རྣམ་སྤངས་ཏེ། །འགྲོ་བ་སངས་རྒྱས་བདག་ཉིད་བྱས། །སྙིང་པོའི་ས་བོན་ནང་དུ་གཞུག །སྙིང་གར་མཚན་མའི་ལྟེ་ནང་གནས། །ཟླ་སྙིང་ཐིག་ལེའི་གཟུགས་ཅན་དུ། །རང་ཡིད་འོད་ལྡན་བསྒོམས་ནས་ནི། །ཡེ་ཤེས་སེམས་དཔའ་

རབ་ཏུ་བསྒོམ། །ཐུགས་གསུང་སྐུ་ཡི་རྡོ་རྗེ་ཡང་། །འོད་ཀྱི་ཕྲེང་བས་རབ་སད་བྱ། །དེ་ནི་སྙིང་གར་ཞུགས་བསམ་པ། །རང་གི་ཡེ་ཤེས་བདུད་རྩི་འབབ། །དེ་ནས་ནང་གི་ལུས་ཐམས་ཅད། །བ་སྤུ་ལས་བྱུང་འོད་ཟེར་ཚོགས། །དེ་ཡིས་ཀུན་ནས་སྣང་བྱས་ལ། །འགྲོ་བའི་དོན་ནི་རབ་
རྫོགས་བྱ། །ཡང་ན་རང་རྟགས་ཕྲ་བསྒོམ་པ། །རིག་པའི་སྣ་ཡི་རྩེ་མོར་གནས། །ཐུབ་པའི་འཁོར་ལོ་རང་རིག་པ། །ཤེས་རབ་དམ་པ་འདུས་འོད་ལྡན། །བརྟན་པའི་མཚན་མ་མཐོང་བ་དང་། །དེར་རྟོགས་འོད་ཟེར་སྤྲོ་བྱ་ཞིང་། །སྣ་ཚོགས་མཚན་མ་སངས་རྒྱས་ནི། །ཡང་དང་ཡང་
དུ་སྤྲོ་བར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མཆོག །ཡེ་ཤེས་ལྔ་ཡི་འོད་ཟེར་ཅན། །སྤྲོས་ཏེ་སྔགས་ནི་བཟླ་བྱ་བ། །ཅིག་ཅར་ཡང་ན་རིམ་གྱིས་སོ། །རྡོ་རྗེ་གསལ་ཆོས་འཁོར་ལོ་སྟེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གཏོགས། །གནས་སུ་དེ་ནི་བརྟན་བྱས་ལ། །ཡེ་ཤེས་སྐུ་ནི་སྤྲོ་ཞིང་བཟླ། །
བརྗོད་ཅིང་སྲོག་གིས་སྤྲོ་བྱ་ཞིང་། །སྔགས་ནི་རྩོལ་བས་བསྡུ་བར་བྱ། །སྐུ་སོགས་སྤྲོ་དང་བསྡུས་པ་ཡིས། །རིམ་བཞིན་རིམ་བཞིན་བཟླས་བརྗོད་བྱ། །དེ་ལྟར་བརྗོད་དེ་མཁའ་ཁྱབ་པའི། །སྐུ་ལ་སོགས་ཏེ་རང་འོད་ཀྱིས། །སྔོན་བཞིན་སྣ་ཚོགས་མཆོད་མཆོག་འོས། །སྲོག་ལས་རིག་པའི་
ཚོགས་རྣམས་སྤྲོ། །རིག་པ་སྒེག་པས་ཡོངས་འཁྱུད་པའི། །བདེ་བ་བབས་པས་དབང་བྱས་པའི། །རྩོལ་བས་ཡེ་ཤེས་སངས་རྒྱས་ཚོགས། །མཐར་ནི་རང་གི་ནང་ལ་གཞུག །ཐིག་ལེ་ཕྲ་མོ་གསང་གསུམ་དབྱུང་། །ལྷག་མར་མོས་པ་རྒྱུ་མཐུན་སོགས། །ཆུང་ངུ་ལ་སོགས་ཀྱིས་ཕྱེ་ལྟར། །
རྣལ་འབྱོར་བསྙེན་སོགས་དེ་བཞིན་བསྒོམ། །རང་སྙིང་དེ་ཉིད་མཆོག་བརྟགས་པས། །སེམས་ཀྱི་འཇུག་པ་ཞུམ་གྱུར་ན། །སྤྱན་སོགས་ཚོགས་ཀྱི་གླུ་ཡིས་ནི། །འཁོར་ལོ་གསོལ་བཏབ་མཆོད་པར་བྱ། །སྤྱི་བོར་ཟླ་བ་ཨོཾ་རླན་ཅན། །དམ་པའི་སེམས་ཀྱི་ཆུ་འཛག་པས། །སྐུ་གསུང་
ཐུགས་ནི་ཚིམ་བྱེད་པ། །ཆོ་ག་བཞིན་དུ་དབབ་པར་བྱ། །དེ་ལྟར་ངལ་བསོ་བཟླས་བྱས་ཤིང་། །མཁས་པས་མཆོད་ལ་སོགས་བྱས་ནས། །དེ་ཉིད་གསུམ་བསྡུས་སངས་རྒྱས་རྣམས། །བཞུད་པའི་སྐབས་སུ་གཤེགས་སུ་གསོལ། །འདི་ནི་དེ་ཉིད་མཐོང་བར་བཤད། །འགྲོ་བ་མ་

ལུས་བལྟས་ནས་ཀྱང་། །སྙིང་རྗེས་དེ་ལ་ཕན་པའི་ཕྱིར། །སྨོན་ལམ་རྣམས་ནི་མངོན་དུ་བྱ། །ཏིང་ངེ་འཛིན་ལས་ལངས་ནས་ཀྱང་། །བདག་པོའི་ང་རྒྱལ་མངོན་དུ་བྱ། །འཇུག་པར་རྟོགས་ཚེ་རྫོགས་སངས་རྒྱས། །ཡུལ་གྱིས་ཡང་དག་མཆོད་པར་བྱ། །འཇམ་
དཔལ་རྡོ་རྗེ་ཀུན་བདག་ཉིད། །ངོ་བོ་ཉིད་ཀྱིས་ཡུལ་རྗེས་འགྲོ། །དེ་ལྟར་ཡུལ་རྣམས་བསྒོམ་པ་ནི། །རང་རང་དག་པར་རྣམ་པར་གནས། །རྟག་པ་ལ་སོགས་ངོ་བོ་དེ། །རང་རིག་ཆོས་སུ་ཡང་དག་གནས། །དཔལ་ལྡན་རྡོ་རྗེ་འཆང་འདྲ་བར། །དག་པའི་སེམས་དཔར་ཡང་དག་
ལྡན། །རང་གི་ལོག་རྟོག་རྣམ་སྤངས་པས། །བྱ་བ་ཐམས་ཅད་རྫོགས་པར་བྱ། །རྟག་ཏུ་ཚད་མེད་རབ་སྦྱོར་བས། །འཁོར་ལོ་མཆོག་འདི་མཐའ་ཡས་མཆོད། །རང་སྙིང་ཟླ་བར་རང་འཁོར་གཙོ། །རང་གི་ས་བོན་རང་ཟས་ལ། །ལེགས་དམིགས་རང་སྙིང་དེ་ཉིད་ཀྱིས། །བདུད་
རྩིས་སངས་རྒྱས་ཀུན་ཚིམ་བྱ། །ཆོས་ཉིད་ཀུན་གྱིས་དག་པ་དང་། །དེ་ཉིད་གསུམ་གྱིས་མངོན་བཟླས་ལ། །རང་གི་ལྷ་ཡི་འཁོར་ལོ་མཆོག །ཚིམ་བྱ་དེས་ནི་མཆོད་པར་བྱ། །ཕྱི་ཡི་སྦྱིན་སྲེག་དགེ་ཚུལ་གྱི། །སེམས་ཙམ་གྱིས་ནི་ཡིད་ཀྱིས་བྱ། །ཡེ་ཤེས་མེ་ཡིས་ཕུང་པོའི་ཤིང་། །
བསྲེགས་པས་འདི་ནི་བླ་མེད་ཡིན། །དེ་ལྟར་འདོད་པ་མ་ལུས་པས། །བདག་ཉིད་རང་ལྷའི་དངོས་གྱུར་དང་། །གཞན་ཡང་དེ་མཆོད་བྱ་བ་ཡིན། །དམ་ཚིག་བདེ་གཤེགས་བཞེད་པ་ཡིན། །ལུས་སོགས་ལས་གང་དེ་དང་དེས། །སངས་རྒྱས་ཐམས་ཅད་མཆོད་པ་དང་། །རྗེས་མཐུན་
འགྲོ་བའི་བྱ་བ་རྣམས། །རྟག་ཏུ་མཉམ་པར་གཞག་པས་བྱ། །ལུས་ངག་ལས་ཀྱི་རང་བཞིན་གང་། །ཕྱག་རྒྱ་སྔགས་ཀྱི་བདག་ཉིད་ཆེ། །དེ་དང་དེ་ཡི་ལས་སྒྲུབ་པས། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དངོས་གཅིག་ལ་ཡང་ཀུན་རྟོག་པ། །རྣམ་པ་སྣ་ཚོགས་སྣང་གྱུར་ཏེ། །
གྲོལ་དང་སྡུག་བསྔལ་བདེ་བསྐྱེད་པའི། །ལས་ནི་མ་ལུས་འབྱུང་བར་འགྱུར། །དེ་བས་ལུས་ལ་སོགས་པའི་ལས། །དགེ་དང་མི་དགེ་རྟོག་ལས་བྱུང་། །རྟོག་པ་ཀུན་ལས་ངེས་གྲོལ་བ། །ཡེ་ཤེས་ལས་ནི་རྟོག་དེ་ཅི། །དམ་ཚིག་དག་ལས་བསླང་བ་ནི། །དོན་ཡོད་རྡོ་རྗེའི་འཁོར་ལོ་བཟང་། །

སྙིང་གར་ལས་ཀྱི་རྡོ་རྗེ་ཁ། །བསམས་ནས་ཐམས་ཅད་བདག་དབང་བསྐུར། །བླ་མ་བརྙས་ལ་སོགས་ཉེས་པ། །སྦྱིན་དང་བཅས་པའི་མཆོད་སྟོན་བྱ། །ཕྱི་ཁྲུས་རང་གི་འཁོར་ལོར་གནས། །དབང་བསྐུར་བ་ཡི་ཆོ་གས་བྱ། །ཐུན་མཚམས་སུ་ཡང་མཆོད་ལ་སོགས། །བཟླས་པ་སྔ་
མ་བཞིན་དུ་བྱ། །སྙིང་གར་འཁོར་ལོ་མཆོག་ཆུད་བྱས། །ཤེས་རབ་སྙིང་རྗེར་ལྡན་པས་ཉལ། །ལྡང་ཚེ་དཔལ་ལྡན་ལྷ་མོ་ཡིས། །གླུ་བླངས་པས་ནི་བསྐུལ་བར་བྱ། །ནང་པར་ལངས་ནས་སྔར་བཞིན་ནི། །ལེགས་ཟློས་དང་པོའི་ལས་ཅན་ཡིན། །ཡེ་ཤེས་ཅུང་ཟད་བབས་གྱུར་པས། །
སྔགས་ཀྱི་ཚུལ་ཁྲིམས་བརྟུལ་ཞུགས་ལྡན། །མིག་དང་སྐུ་སོགས་བྱིན་གྱིས་བརླབ། །ཐུན་མཚམས་སུ་ནི་རབ་བསྒྲིམས་བཟླས། །རྣམ་པ་ཀུན་དུ་རབ་རྫོགས་པར། །སྤྲོ་དང་བསྡུ་བ་བྱེད་པ་པོ། །ཡེ་ཤེས་དབང་བ་ཅུང་ཟད་འཐོབ། །ཉིན་མཚན་རྣལ་འབྱོར་ཡང་དག་བསྟེན། །ཡང་
དག་ཡེ་ཤེས་དབང་ཐོབ་བསྒོམ། །ཁམས་ཀྱི་རྡུལ་ནང་ཁམས་གསུམ་མཆོག །གཟུགས་བརྙན་བདག་ཉིད་སྐུ་ཅན་གྱི། །འགྲོ་བའི་དོན་གྱི་བྱ་བ་བྱེད། །རྣལ་འབྱོར་མཚན་མ་དགེ་བ་ཡང་། །དུ་མ་ཐོབ་ཅིང་ཡང་དག་འགྲུབ། །དེ་ཉིད་གསུམ་ནི་ཆོ་ག་བཞིན། །མཆོད་བྱས་དཀྱིལ་འཁོར་
བྲི་བར་བྱ། །རང་ངམ་གཞན་གྱིས་གསོལ་བཏབ་བམ། །གཞན་དོན་འབད་པར་བྱེད་པས་ཀྱང་། །འཁོར་ལོ་ལ་གནས་ཚུལ་བཞིན་བཟླས། །མཚན་མ་ཐོབ་ནས་ཡང་དག་བྲི། །འཁོར་ལོ་ཅན་སྔགས་འབུམ་བཟླས་སམ། །ཡང་ན་རང་གི་ལྷ་ཡི་འབུམ། །གཞན་གྱི་ཁྲི་སྟེ་ཡང་ན་ནི། །འཁོར་
ལོ་ཅན་གྱི་བཀས་གནང་བྲི། །འབྱིན་པ་དེ་ཉིད་གསུམ་དང་སྤེལ། །གཞན་དག་སྙིང་པོའི་ས་བོན་སྤེལ། །མིང་གི་ཡི་གེ་དང་པོ་ནི། །ཀླད་ཀོར་བཅས་པས་སྔགས་རྣམས་བཏུ། །སྐུ་དང་གསུང་ཐུགས་རྡོ་རྗེར་བཤད། །ལས་ཆོས་ཆེན་པོའི་བདག་ཉིད་ཅན། །གསང་གསུམ་དམ་
ཚིག་ཕྱག་རྒྱ་ཡིན། །ས་བོན་སྙིང་པོ་ཡིན་པར་བཤད། །ཞི་ལ་སོགས་པ་རབ་བསྐུལ་བས། །ལས་རྣམས་བྱེད་པ་རིག་པར་བཤད། །ཕྲེང་བའི་སྔགས་ཀྱང་རིག་བཤད་དེ། །མཁས་པས་དེ་རྣམས་ཀུན་དུ་བཟླ། །ཅི་རིགས་པར་ནི་བཟླས་བྱས་དང་། །རང་བདག་ལ་སོགས་བཀའ་

ཐོབ་བམ། །འགོག་པའི་འཁོར་ལོ་གོམས་པ་ཡིས། །རང་སེམས་དག་ནས་བྲི་བར་བྱ། །ཏིང་འཛིན་གསུམ་པོ་བྱས་ནས་ནི། །སངས་རྒྱས་ལ་སོགས་ལྷག་གནས་བྱ། །བགེགས་རྣམས་བསལ་ཏེ་ཕུར་བུས་གདབ། །བསང་བྱུགས་ས་ལ་གསོལ་བ་གདབ། །
མཆོད་ཡོན་མཆོད་དང་གཏོར་སྦྱིན་ནས། །སྦྱིན་སྲེག་ཚིམ་བྱས་མཁའ་ལ་དགོད། །བགེགས་མེད་ས་ནི་བརྐོས་ནས་སུ། །ཁུང་བུ་དགང་བའང་རིམ་འདི་ཡིན། །འཇམ་རྡོ་རྗེ་བདག་རྣལ་འབྱོར་ལྡན། །སྔོན་དུ་བསྙེན་པ་རྫོགས་བྱས་ལ། །གྲོགས་དང་མཆོད་པ་དང་ལྡན་པར། །
དཀྱིལ་འཁོར་གནས་ནི་ཡང་དག་སྦྱང་། །བགེགས་དགྲའི་འཁོར་ལོའི་སྦྱོར་ལ་གནས། །རང་གི་དབང་བསྐུར་ཡང་དག་བླང་། །དེ་ལྟར་གདུག་པ་ཚར་གཅད་པ། །ཡང་ན་རང་ལྷའི་སྦྱོར་བས་བྱ། །ཨོཾ་བྷུ་ཁཾ་གི་སྔགས་ཀྱིས་ནི། །ས་ནི་ནམ་མཁར་གྱུར་པར་བྱ། །ཧཱུཾ་ལཾ་ཧཱུཾ་གིས་
རྡོ་རྗེའི་བདག །ས་བྱས་དེ་ནི་བྱིན་གྱིས་བརླབ། །ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ། སྔར་བཞིན་བགེགས་གཞོམ་སྦྱོར་བའི་བདག །བསྙེན་སོགས་རྗེས་ཆགས་མཐར་ཐུག་པའི། །དང་པོའི་སྦྱོར་ལྡན་རང་འཁོར་ལོ་འང་། །རང་བྱུང་བདུད་རྩིའི་མཐར་ཐུག་དེ། །འཁོར་ལོའི་
རྒྱལ་མཆོག་སྦྱོར་བའི་བདག །འཁོར་ལོའི་ལས་ནི་ལས་མཆོག་བྱེད། །ལས་རྒྱལ་མཆོག་གི་སྦྱོར་ལྡན་པས། །ཏིང་འཛིན་གསུམ་པོ་དམ་པ་ཡིན། །དེ་ལྟའི་སྦྱོར་གནས་སློབ་དཔོན་ནི། །སངས་རྒྱས་ཀུན་བདག་ལུས་ཅན་ཏེ། །ངོ་བོ་ཉིད་བདག་རྡོ་རྗེའི་བདག །འཁོར་ལོའི་
ས་གཞི་དབུས་ལེགས་གནས། །རྡོ་རྗེ་དྲིལ་འཛིན་དཔའ་བོ་ལ། །རྡོ་རྗེ་དྲིལ་མཆོག་འཛིན་པའི་གྲོགས། །རྟག་སོགས་བདག་ཉིད་གཟུགས་ཅན་གྱིས། །འཁོར་གསུམ་སྤྲུལ་ལ་གསོལ་བ་གདབ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །
ཆོས་ཀུན་བདག་མེད་མེད་པའི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་སྤངས་ལ། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་

བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དམ་པ་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་འཁོར་ལོས་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །
དེ་ནས་འགྲོ་ཁམས་མུན་ནག་བསྟེན། །འཇམ་རྒྱལ་ཁྲོས་པས་བལྟས་པ་ནི། །ཧཱུཾ་བརྗོད་ཏིཥྛས་རང་མིག་དང་། །སྤྲུལ་པའི་འཁོར་ལོ་འདེགས་པར་བྱ། །ཡི་གེ་མ་ཊས་ཉི་ཟླའི་མིག །ཕྱོགས་དུས་ཐམས་ཅད་སྦར་བ་དང་། །བློ་ལྡན་འགྲོ་ལ་བལྟས་ནས་ནི། །འཁོར་ལོའི་ས་ནི་ཡོངས་སུ་
བསྐོར། །རྐང་འོག་རྡོ་རྗེ་འབར་བ་དང་། །རྡོ་རྗེ་གསོར་བར་ཤིན་ཏུ་བརྩོན། །རོལ་པའི་རྡོ་རྗེ་འགྲོས་ཀྱི་གར། །མཆེ་བ་གཙིགས་བཅས་ཧཱུཾ་སྒྲོགས་ཤིང་། །ལྷ་སོགས་བགེགས་ཀྱི་དཀྱིལ་འཁོར་རྣམས། །རབ་གདུག་བགེགས་སོགས་བསྐྲད་པར་བྱ། །ལུས་ངག་སེམས་ལ་
གནས་པ་ཡི། །བགེགས་ཀྱི་ཚོགས་ནི་ཐམས་ཅད་ཉོན། །ང་ནི་དཔལ་ལྡན་འཇམ་དབྱངས་ཏེ། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །གལ་ཏེ་བདག་བསྒོམ་ལས་འདས་ན། །རྡོ་རྗེ་འབར་བའི་གཟུགས་ལྡན་པས། །སྐུ་གསུམ་འབྱུང་བས་དགས་བྱ་སྟེ། །འཇིག་པར་འགྱུར་
བར་གདོན་མི་ཟ། །ས་ནི་ཡོངས་སུ་གཟུང་བྱས་ནས། །བགེགས་མེད་ཕྱིར་ནི་ཕུར་བུ་གདབ། །སྔགས་ལ། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་བཾ་ཕཊ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱཛྙཱ་པ་ཡ་ཏི། ཀཱ་ཡ་བཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་
ཧཱུཾ་ཕཊ། སྨད་དུ་རྩེ་གཅིག་སྟོད་བགེགས་དགྲ། །བསམས་ནས་དབུས་སུ་ཕུར་བུས་གདབ། །ཕྱོགས་བཅུ་ཀུན་དུ་གནས་པ་ཡི། །བགེགས་ཚོགས་ཐམས་ཅད་གཞོམ་པར་བྱ། །ས་ནི་ཀུན་དུ་བགེགས་བྲལ་ཞིང་། །འབར་བའི་ཟེར་རྣོས་ཁྱབ་བསམས་ལ། །མཚམས་དང་ར་བ་
ཕྱོགས་བཅིང་བ། །བློས་བྱས་ནས་ནི་ལྷག་གནས་བྱ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །

ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ས་གཞི་དྲི་ཞིམ་སོགས་བྱུགས་ཤིང་། །མེ་ཏོག་སྣ་ཚོགས་སིལ་མ་དགྲམ། །ཟླ་སོགས་འཁོར་ལོ་ཅན་གནས་སུ། །མཁས་པས་དཀྱིལ་འཁོར་རབ་ཏུ་བྱ། །དེ་ལ་འཁོར་ལོ་སྤྱན་དྲང་བ། །བྱས་ནས་མཚམས་ལ་
སོགས་བཅིངས་ཏེ། །མཆོད་བསྟོད་བདུད་རྩི་མྱང་བྱས་ནས། །བུམ་པ་ལྷག་པར་གནས་པར་བྱ། །མགྲིན་པ་གོས་མཆོག་གིས་དཀྲིས་ལ། །ཨ་སྨྲ་སོགས་འདབ་ཀྱིས་ཁ་དགབ། །དཀྱིལ་འཁོར་པ་ཡི་བུམ་པ་ནི། །དེ་ཡི་སྔགས་ཀྱིས་ལྷག་གནས་བྱ། །འབྲུ་སྨན་རིན་ཆན་ལྔ་
རྣམས་དང་། །དྲི་བཟངས་ཆུ་དང་འཁོར་ལོའི་ཚོགས། །མེ་ཏོག་ཕྲེང་བཏགས་རྡོ་རྗེ་ནི། །སྟེང་བཞག་འཁོར་ལོའི་གཙོ་རྒྱལ་ལ། །མཆོད་ཡོན་ཕུལ་ཏེ་ཡང་དག་མཆོད། །མེ་ཏོག་དཀར་པོ་གཞུག་པར་བྱ། །དེར་ནི་སྤོས་སོགས་དྲིས་བསྒོས་པའི། །པད་སྣོད་དྲི་བཟངས་
སོགས་ལྡན་བྱ། །ཉིན་རེ་བཞིན་དུ་ཐུན་གསུམ་དུ། །གཏོར་མ་བྱིན་ལ་དེ་བཞིན་བཟླ། །དེ་ཡང་འཁོར་ལོའི་ཕྱི་མཚམས་སུ། །རྣམ་རྒྱལ་འཁོར་གཙོའི་གཡས་སུའོ། །དེ་ལས་མཆོད་ཡོན་སྣོད་དུ་ཆུ། །བཅུག་ནས་དེ་ཡིས་དབང་བསྐུར་ན། །བདག་དང་སློབ་མ་ཐམས་ཅད་ནི། །ཆུ་
ཡི་དབང་གིས་བསྐུར་བར་འགྱུར། །སླར་ཡང་འཁོར་ལོ་མཆོད་བྱས་ལ། །ལག་པར་བདུག་སྤོས་ཐོགས་ནས་ནི། །བློ་ལྡན་པུས་བཙུགས་འཁོར་ལོའི་གཙོ། །བདེ་གཤེགས་རྣམས་ལ་གསོལ་བ་གདབ། །བཅོམ་ལྡན་འཇམ་པའི་རྡོ་རྗེ་མཆོག །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །
སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་ཅག་རྣམས་ལ་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱི། །དཀྱིལ་འཁོར་བདག་ནི་འདྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི་གནང་བ་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་
སེམས་དཔའ་འབྲས་གནས་དང་། །གང་གཞན་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་ཡང་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་

མིང་འདི་ཞེས་བགྱི་བ་ཡིས། །དཀྱིལ་འཁོར་འཇམ་དཔལ་འབྱུང་བ་ནི། །འགྲོ་བ་དག་པར་བྱ་བའི་ཕྱིར། །ཡོ་བྱད་ཅི་འབྱོར་པས་འདྲི་ན། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པ་
མཛད་དུ་གསོལ། །དེ་ལྟར་ལན་གསུམ་དེ་གསོལ་གདབ། །གཙོ་བོ་མཆོད་ལ་སོགས་བྱས་ཏེ། །ཡང་དག་བསྲུངས་ལ་ཕྱིར་ཕྱུང་ནས། །མེ་ཏོག་ཕྲེང་ཐོགས་རང་སློབ་མ། །ཡིད་གཞུངས་སྤྲོ་བ་ཆེ་བ་དང་། །བྱས་པ་གཟོ་ཞིང་ང་རྒྱལ་མེད། །རིགས་མཐོ་ཡོན་ཏན་ལྡན་ཞིང་དང་། །གཟུགས་
དང་ཁ་དོག་ལང་ཚོར་ལྡན། །བདེ་བར་གཤེགས་པའི་གསང་བ་ནི། །བསྒྲུབ་ལ་དོན་གཉེར་མངོན་བརྩོན་ན། །གཟུགས་ངན་ཡོན་ཏན་མེད་པའམ། །དམན་པའང་ལྷག་པར་གནས་པར་བྱ། །དཀྱིལ་འཁོར་གྱི་ནི་ཆོ་ག་ལས། །འཁོར་བཞི་ཆར་ཡང་རྗེས་སུ་གནང་། །རང་གི་བསླབ་
དང་ཤིན་ཏུ་ལྡན། །ཐེག་ཆེན་ལ་དགའི་བདག་ཉིད་ཅན། །ལ་ལ་གསང་སྔགས་སྒྲུབ་དོན་གཉེར། །འདི་ནི་དཀྱིལ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་
བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །དེ་སྐད་བརྗོད་ནས་སློབ་མ་དེ། །བློ་ཡིས་རང་གི་ནང་དུ་
གཞུག །སྔོན་བཞིན་རྡོ་རྗེ་ཆུ་སྐྱེས་ཀྱིས། །དག་བྱས་ཁྱིམ་སྒོར་གསོལ་བ་འདེབས། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སངས་
རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །སློབ་མ་དེས་ནི་ལན་གསུམ་བརྗོད། །རབ་གུས་བཤེས་གཉེན་ཤེས་ནས་ནི། །སློབ་མ་གཙོ་བོ་གཅིག་ལ་ནི། །དམིགས་བཅས་ཚིག་འདི་

བརྗོད་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱེད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་མགོན་
པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །
བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །བཤགས་སོགས་ལན་གསུམ་བརྗོད་ནས་ནི། །དེ་ནས་བླ་མས་བྱང་ཆུབ་སེམས། །མ་བསྐྱེད་པ་ནི་བསྐྱེད་པར་བྱ། །བསྐྱེད་པ་སླར་ཡང་
དྲན་དུ་གཞུག །ལས་ཀུན་བྱེད་པས་བསྲུངས་ནས་ནི། །སྙིང་ག་ལྐོག་མ་སྤྱི་བོ་རུ། །རྡོ་རྗེ་པདྨ་འཁོར་ལོ་དག །ཧཱུཾ་ཨཱཿཨོཾ་ལས་དེ་རུ་དགོད། །རྡོ་རྗེ་སྤོས་ཆུ་ཁུ་ཚུར་མཆོག །སྙིང་ག་སྤྱི་བོ་ལྐོག་མར་གཏུགས། །དེ་བཞིན་ཧཱུཾ་ཨོཾ་ཨཱཿབརྗོད་བྱ། །མེ་ཏོག་ལ་སོགས་རིམ་བཞིན་
སྦྱིན། །སྤྱི་བོར་མེ་ཏོག་མདུན་དུ་སྤོས། །མར་མེ་དྲི་ཡང་ཐུགས་ཀ་རུ། །ཀུན་བྱེད་བཟླས་ནས་གུས་པ་ཡིས། །སློབ་མ་རྣམས་ལ་སྦྱིན་པར་བྱ། །ཨ་ཤྭད་ཨུ་དུམྺཱ་ར་ཡི། །སོ་ཤིང་སོར་ནི་བཅུ་གཉིས་པ། །མ་ཡོ་མ་གས་སྲོག་ཆགས་མེད། །རྩེ་མོར་མེ་ཏོག་བཅས་པ་སྦྱིན། །ཤར་རམ་བྱང་
དུ་ཁ་བལྟས་བཞག །བཅས་ནས་ལྟོས་པ་མེད་པར་ནི། །བ་ཀོ་ཙམ་ནི་བྱུག་པར་དོར། །ཞི་ལ་སོགས་པའི་དངོས་གྲུབ་བསྟན། །འཐོར་འཐུང་སྐྱོར་ཆུ་ལན་གསུམ་བླུད། །ཕྱི་རོལ་དུ་ནི་ངེས་བཞག་སྟེ། །སྟན་དང་སྔས་ཕྱིར་ཀུ་ཤ་སྦྱིན། །དཔུང་པར་སྐུད་པས་བསྲུང་བར་བྱ། །སྐྱོར་ཆུ་ལན་གསུམ་
བླུད་པའི་སྔགས། །ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨྨཱ་སརྦ་པཱ་པ་ནིཤྩ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཾ་ཨ་པ་ན་ཡ་ཧཱུཾ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་བྱུང་བ། །དེ་བས་ཀྱང་

ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་འབྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །
ཚུལ་ལ་གནས་པ་སྨོས་ཅི་འཚལ། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་
པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་
ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེ་རིང་དོང་བས་ན། །རབ་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །དོན་བཤད་བསྲུང་བ་བྱས་ནས་ནི། །ཀུ་ཤའི་སྟན་ལ་ཉལ་དུ་གཞུག །
རྨི་ལམ་གང་དག་ཅི་མཐོང་བ། །དེ་ཀུན་ནང་པར་ང་ལ་ཟློས། །སྲུང་དང་བྱིན་རླབས་སོགས་གང་དག །དེར་ནི་ལས་ཀུན་བྱེད་པ་བཟླ། །རིགས་ལྔ་འཁོར་ལོ་གསུམ་གྱི་ནི། །ལས་ཀུན་བྱེད་པ་ཐབས་སྦྱོར་ཡིན། །རྨི་ལམ་བཟང་ངན་དྲིས་ནས་ནི། །མི་དགེ་ཐབས་སྦྱོར་དག་གིས་གཞོམ། །
སློབ་མ་ལེགས་བསྲུངས་སྐལ་ལྡན་པ། །དེ་ནས་སྡོམ་པ་འཛིན་དུ་གཞུག །མི་ལྡོག་འཁོར་ལོའི་དབང་བསྐུར་བ། །སྩལ་ནས་མགོན་པོ་བདག་ལ་ནི། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ལས་རྣམས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་དང་གསང་བ་དམ་པ་
དང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སློབ་དཔོན་བདག་འགྱུར་གསུངས། །སློབ་མ་སློབ་དཔོན་ཉིད་དོན་གཉེར། །སྡོམ་པ་རྣམས་ཀྱང་འཛིན་དུ་གཞུག །རྣལ་འབྱོར་མཉམ་གཞག་འཁོར་ལོ་མཆོག །ལེགས་མཆོག་བློ་ཡིས་མཁའ་ལ་བཞག །རྟག་པ་ལ་སོགས་དངོས་འདྲ་

ཞིང་། །དེ་མདོག་ས་བོན་ལས་བྱུང་བ། །ཡེ་ཤེས་ལྔ་ལྡན་སྲད་བུ་ནི། །ཉི་ཤུ་རྩ་ལྔར་རྣམ་ཕྱེ་བ། །ཛཿལས་ཉི་མ་ཟླ་བའི་མིག །འཇམ་པའི་རྡོ་རྗེ་བདག་གཟུགས་ཀྱིས། །འབར་བའི་བལྟ་བའི་ལྕགས་ཀྱུས་དགུག །རང་གི་མདོག་ནི་ནང་དུ་གཞུག །རྣམ་སྣང་
ལ་སོགས་ཐུགས་ཡེ་ཤེས། །སྲད་བུ་ཐམས་ཅད་བྱེད་དང་བཅས། །རང་གི་འཁོར་ལོ་ཐིག་གདབ་ཕྱིར། །རྟག་པའི་ཐིག་ནི་སྩལ་དུ་གསོལ། །ཇི་སྲིད་མི་བསྐྱོད་མཐར་ཐུག་པ། །འདི་དག་དེ་ཉིད་གསུམ་དང་སྤེལ། །ཨ་ནྱོ་ནྱཱ་ནུ་ག་ཏ་སརྦ་དྷརྨཱ་ཞེས་བྱ་སོགས་དྲན་བྱ། །ཆུར་ནི་འཁོར་ལོའི་
ཉིས་འགྱུར་ལ། །སྦོམས་སུ་སྒོ་ཡི་ཉི་ཤུའི་ཆ། །མི་འཆི་བཅུ་ཕྱེད་དྲི་བཟངས་ཀྱིས། །སྤངས་ནས་ཀྱང་ནི་བསྲུང་བར་བྱ། །ཡིག་གསུམ་ཆུད་པར་རྣལ་འབྱོར་པས། །ཐིག་འཛིན་པ་དང་བསྒྲིལ་བར་བྱ། །ཛྫ་གསུམ་གྱིས་ནི་དེ་བཏང་ཞིང་། །རང་ཡང་ཛྫ་ཛྫ་ཛྫ་ཞེས་ཟློས། །ཁུ་ཚུར་གཡོན་
པས་ལྟེ་བར་ནི། །བཟུང་སྟེ་ནུབ་དང་ལྷོ་ཕྱོགས་གནས། །བློ་ལྡན་ནམ་མཁའི་ཐིག་གདབ་སྟེ། །དེ་བཞིན་འོག་ཏུ་ཐིག་རབ་གདབ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། ནམ་མཁའ་གང་བའི་བདེ་གཤེགས་རྣམས། །ཁྱོད་ཀྱི་འགྲོ་དོན་མཛད་དུས་ལགས། །ཐིག་གི་སྒྲ་ཡིས་བསྐུལ་
ནས་ནི། །དེ་རྣམས་འདིར་ནི་གཤེགས་སུ་གསོལ། །གནོད་སྦྱིན་ཡི་དགས་དབང་པོ་ཀླུ། །ཕྱོགས་བལྟས་མེ་དང་རླུང་ལ་བརྟེན། །དང་པོ་ཤར་དང་ནུབ་བྱང་ལྷོར། །ཕྱོགས་ཀྱི་ཕྱི་རོལ་སྲད་བུ་གདབ། །མེ་དང་བདེན་བྲལ་ཕྱོགས་གནས་ཏེ། །མཚམས་ཀྱི་སྲད་བུའང་ཡང་དག་གདབ། །
ཤར་ལྷོ་ནུབ་བྱང་དེ་བཞིན་དུ། །བྱས་པས་དཀྱིལ་འཁོར་བརྒྱད་དུ་འགྱུར། །ཐིག་དེ་ཉིས་རིམ་བྱས་ནས་ནི། །འཁོར་ལོའི་དབུས་སུ་བཞག་ནས་སུ། །འཁོར་ལོའི་རྣམ་པ་དེ་རྒྱབ་ཏུ། །རྡོ་རྗེའི་སྲད་བུ་གཉིས་ཀྱང་གདབ། །དབང་ལྡན་ལས་ནི་ལྕགས་རི་དག །རང་དང་རྗེས་མཐུན་གཡས་
ནས་བསྐོར། །མཁས་པས་ཐིག་གིས་ཐིག་བཏབ་ནས། །ཕྱོགས་ཀུན་མཉམ་པ་ཉིད་དུ་བྱ། །ལྟས་ངན་བྱུང་ན་དངོས་མི་འགྲུབ། །སྲད་བུ་ཆད་ན་བླ་མ་འཆི། །རིང་ཐུང་ཁྱེར་ན་ན་བར་འགྱུར། །ཕྱོགས་འཁྲུལ་སློབ་མ་མྱོས་པར་འགྱུར། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་

མཛེས། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲྭ་ཡི་ཕྱོགས་རྣམས་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་སྤྲས་པར་ནི། །དཀྱིལ་འཁོར་ཕྱི་རིམ་ཐིག་གདབ་བོ། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་
འདྲ་བ་ལ། །ཕྱི་ཡི་འཁོར་ལོའི་ཕྱེད་ཀྱི་ཚད། །ཀུན་ནས་ཡོངས་སུ་ཟླུམ་པོར་བྱ། །ཀ་བ་འཁོར་ལོ་ལ་སོགས་སྤྲས། །རྡོ་རྗེ་ཕྲེང་བ་བཟང་པོས་བསྐོར། །དེ་ནས་ཧཱི་ལས་ཁྲོ་བོ་ཡི། །བལྟ་བས་སྒོ་ནི་རྣམ་པར་དབྱེ། །སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ཁ་ཁྱེར་མེད་པ་ཉིད་དུ་འདོད། །
སྒོ་ཁྱུད་སྒོ་ཡི་ཚད་ཡིན་ཏེ། །ལྷ་ཡི་སྣམ་བུའང་དེ་ཡི་ཚད། །དེ་ཕྱེད་ཁ་ཁྱེར་ཀུན་ནས་བསྐོར། །ལོགས་དང་འགྲམ་ནི་དེ་བཞིན་ཏེ། །དྲ་བ་དྲ་ཕྱེད་ཉི་ཟླ་དང་། །དར་སོགས་སྣམ་བུ་ཚད་དེ་བཞིན། །ཚོན་གྱི་ས་ནི་དེ་ཡི་ཕྱེད། །རྩ་བའི་ཐིག་སའི་ཕྱི་རོལ་དུའོ། །འཁོར་ལོ་ལ་སོགས་
ཀ་བའི་ཐིག །ཚོན་གྱི་ས་དང་ས་གཞི་མཉམ། །རྟ་བབས་སྒོ་ཡི་སུམ་འགྱུར་ཏེ། །བ་དན་ཕྲེང་བ་རྣམས་དང་ལྡན། །དྲིལ་བུ་མཆོག་ནི་རླུང་གིས་བསྐྱོད། །བ་དན་ཕྱི་ཡི་མཚམས་སུ་བྱ། །གཞན་དག་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་པར་རྣམ་པར་བརྟགས། །རྫོགས་
སངས་ཡེ་ཤེས་སྐུ་ཡིན་ཕྱིར། །ཆོས་སྐུའི་བདག་ཉིད་ཤིན་ཏུ་དག །གསུང་དབང་རྡོ་རྗེའི་རིགས་སུ་བཤད། །འདི་ནི་ཐུགས་ཀྱི་འཁོར་ལོ་ཡིན། །སེམས་ཅན་བསམ་པ་ལ་བརྟེན་ནས། །ཚད་ལ་སོགས་པ་ངེས་མཛད་ཀྱི། །ཐབས་ཤེས་ལས་བྱུང་དངོས་གྲུབ་ལ། །ཚད་སོགས་ངེས་པས་
ཅི་ཞིག་བྱ། །དེ་ནི་ཁྲུ་གཅིག་ནས་བརྩམས་ཏེ། །ཇི་སྲིད་ཁྲུ་སྟོང་བར་དུའོ། །དེ་ལྟར་འཁོར་ལོ་དེ་ཐིག་གདབ། །ཚོན་ལ་འབར་བའི་བལྟ་བས་ཀྱང་། །སྔ་མའི་རིམ་གྱིས་ཡེ་ཤེས་སྦར། །ཡང་དག་གཟི་བསྐྱེད་གསང་སྔགས་བཟླ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། །འདི་ནི་ཆོས་དབྱིངས་དག་
པ་སྟེ། །སེམས་ཅན་ཁམས་ནི་གྲོལ་བྱེད་པ། །འཇམ་དབྱངས་རྒྱལ་པོ་རང་ཉིད་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རབ་གྲོལ་བའོ། །འཁོར་ལོའི་ནང་ན་ཡང་དག་གནས། །བླ་མས་གཡོན་པའི་ཁུ་ཚུར་གྱིས། །དབང་ལྡན་ཕྱོགས་ནས་བརྩམས་ནས་ནི། །

དཀར་དང་སེར་དང་དེ་བཞིན་དམར། །ལྗང་གུ་དང་ནི་ནག་པོ་ཉིད། །མཉམ་ཞིང་གཡས་སྐོར་རྒྱུན་མ་ཆད། །མ་ཡོ་བར་ནི་ཚོན་རྩི་དགྱེ། །སྒོ་ཡི་ཉི་ཤུ་ཆ་རུ་ནི། །རི་མོ་མཉམ་པར་དགྱེ་བར་བྱ། །སྦོམ་པོར་བཀྱེ་བས་ནད་ཀྱིས་འདེབས། །ཕྲ་མོས་ནོར་ནི་རྣམ་
པར་འཇིག །ཡོན་པོས་རྣམ་འགྲས་ཆད་པ་ཡིས། །བླ་མ་དང་ནི་སློབ་མ་འཆི། །གཡས་སྐོར་མིན་པར་བཀྱེ་བ་ཡིས། །ཚོན་རྩི་ཕུར་བུས་བཏབ་པར་འགྱུར། །དཀར་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལ་དམིགས་པ་སྟེ། །པདྨ་རཱ་གའི་རང་བཞིན་ཏེ། །དེ་བཞིན་གཞན་དག་
མརྒད་ཡིན། །ནག་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །དཀར་པོ་ཆེན་པོ་ཤར་ཕྱོགས་སུ། །ལྷོ་རུ་སེར་དང་ཡང་དག་ལྡན། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །བྱང་ནི་ལྗང་དང་ཡང་དག་ལྡན། །དབུས་ཀྱི་ས་གཞིའི་ཆ་དག་ནི། །ཨིནྡྲ་ནཱི་ལའི་འོད་གསལ་འབར། །
རྟག་པར་ཤེས་རབ་ཐབས་བདག་ཉིད། །ཤིན་ཏུ་མཉམ་གཞག་ལེགས་པར་བྲི། །རི་མོ་ཕན་ཚུན་ནས་གང་གིས། །མ་རེག་པར་ནི་བྲི་བར་བྱ། །བདུད་རྩི་ཐབ་སྦྱོར་རྡོ་རྗེ་ཡིས། །གདུག་པ་ཐམས་ཅད་རྣམ་པར་གཞོམ། །འདི་ནི་རྒྱ་ཆེན་ཆེ་བར་བཤད། །གདུག་པའི་དགྲ་སྟེ་གསང་
སྔགས་རྒྱལ། །ན་མཿས་མནྟ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ་མ་ཧཱ་དཾཥྚྲོཏྐ་ཊ་བྷཻ་ར་བ་ཡ། ཨ་སི་མུ་ས་ལ་པར་ཤུ་པཱ་ཤ་ཧསྟ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡ