Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 42
Văn bản gốc(Tây Tạng)
Trang 3 / 15 (50.000 ký tự/trang)
ོ་བ་དབྱུག་པ་དེ་བཞིན་པདྨ་དང་། །རྡོ་རྗེ་སོགས་འདི་ཕྱག་ནི་ ཀུན་ལ་བསམ། །དེ་ལྟར་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལ། །དངོས་པོ་ཐམས་ཅད་ཀྱིས་ནི་བལྟས་ནས་ཀྱང་། །སྙིང་པོའི་སྔགས་ཀྱི་འོད་ཟེར་ལྕགས་ཀྱུ་ཡིས། །དྲངས་ནས་བདེ་བར་གཤེགས་རྣམས་བསྒོམ་པར་བྱ། །ཤེས་རབ་ཐབས་ཀྱི་རང་བཞིན་དྲི་མེད་པའི། །ཏིང་འཛིན་ལས་བྱུང་དམ་པའི་ བདེས་གང་བར། །འཁོར་ལོ་བསམས་ནས་དེ་ནས་གཤིན་རྗེ་ནི། །མཐར་བྱེད་ལ་སོགས་བཤད་པས་བསྲུང་བར་བྱ། །རང་གི་སྙིང་པོས་མངོན་བཟླས་མཆོད་ཡོན་ནི། །ཙནྡན་བཟང་སོགས་མེ་ཏོག་གིས་མཛེས་དབུལ། །རང་ལས་བྱས་པ་ལྟ་བུར་དབང་བསྐུར་ཞིང་། །ཆོ་ག་ཡིས་ནི་མངོན་པར་མཆོད་ པར་བྱ། །བད་ནང་རང་གི་ས་བོན་འདི་རྣམས་ཀྱིས། །གཟུགས་ལ་སོགས་པ་ཐམས་ཅད་དྲངས་ནས་ནི། །ཡང་དག་བྱང་ཆུབ་ཡིད་ཀྱི་ངོ་བོ་ཡིས། །འོད་ཀྱི་དཀྱིལ་འཁོར་དག་ཏུ་བསྒོམ་པར་བྱ། །ཤེས་རབ་བ་སྤུ་རེ་རེ་ལས་བྱུང་བའི། །འོད་ཟེར་རྣམ་པ་སྣ་ཚོགས་རྒྱ་ཆེན་ཚོགས། །མ་ལུས་ནམ་མཁའི་ གཏོས་ནི་ཀུན་དུ་ཁྱབ། །དེ་ལ་བློ་དང་ལྡན་པས་རབ་ཏུ་སྤྲོ། །འོད་ཀྱི་སྒོ་ལས་ངེས་པར་བྱུང་བ་ཡི། །ཡན་ལག་དྲི་མེད་རྒྱན་ཀུན་གྱིས་ལེགས་བརྒྱན། །མེ་ལོང་པི་ཝང་དྲི་དང་རོ་ཡི་སྣོད། །གོས་དང་ཆོས་འབྱུང་བ་ལ་སོགས་པ་ཡི། །མཚན་མས་རིམ་གྱིས་རྣམ་པར་སྒེག་བཅས་ཤིང་། །རོལ་པའི་ ལག་པ་དམ་པ་རྣམས་དང་ནི། །འོད་ཀྱི་སྣང་བས་སྤྲུལ་པ་སྣ་ཚོགས་པའི། །མཆོད་པའི་སྤྲིན་གྱི་དྲ་བས་ཁྱབ་པ་དང་། །དངོས་རྣམས་སྒྱུ་མ་ལ་སོགས་སོ་སོར་ནི། །ཡང་དག་རིག་ཅིང་འཇིག་རྟེན་བལྟ་མཁས་པ། །རྟོག་པ་མ་ལུས་ཀུན་ལས་ངེས་གྲོལ་ཞིང་། །མཆོག་ཏུ་བདེ་བ་བསྐྱེད་པའི་རྒྱུར་གྱུར་ པ། །གཟུགས་ལ་སོགས་པའི་ལྷ་མོ་རྣམས་དང་ནི། །དེ་བཞིན་ཕྱི་ཡི་དྲི་སོགས་ཐམས་ཅད་ཀྱིས། །རྒྱལ་བའི་དབང་པོ་རྣམས་ནི་ལེགས་མཆོད་ཅིང་། །དེ་ལྟར་ཐ་དད་རྟོགས་ལས་ངེས་གྲོལ་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྒྲ་ཡི་ཡུལ་རྣམས་མ་ལུས་པ་རྣམས་ནི། །བྲག་ ཅའི་སྒྲ་འདྲར་ངེས་བརྟགས་དེ་རྗེས་ལ། །རང་ཡིད་ལྷག་པའི་ལྷ་རུ་གནས་པ་ལ། །ཆོས་རྣམས་བསྟོད་པའི་སྒྲ་ནི་བྱེད་པར་བསམ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་ མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེར་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མེད་མཁའ། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། །མི་རྟོག་ནམ་ མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེའི་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རང་བཞིན་དག་པ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །འབར་བའི་ཨོཾ་གྱི་བྱིན་རླབས་རླུང་དང་མེའི། ། དཀྱིལ་འཁོར་ལ་གནས་རབ་སྦར་བདུད་རྩི་ལྔ། །དེ་ནས་ཡི་གེ་གསུམ་བཟླས་དཔག་མེད་པའི། །ཐུབ་པའི་དབང་པོའི་ནང་དུ་ཆུད་པར་བྱ། །ཡེ་ཤེས་བདུད་རྩིའི་ངོ་བོར་བསམས་ནས་ནི། །ཧཱུྃ་དགོད་རྡོ་རྗེའི་ལྕེ་ནི་བཟང་པོ་དང་། །སྙིང་གའི་ཟླ་བའི་དབུས་སུ་མ་ལུས་པའི། །རྒྱལ་བའི་འཁོར་ལོ་དེས་ནི་ཚིམ་ པར་བྱ། །སྙིང་པོའི་འོད་ཟེར་དཔག་མེད་ཀྱིས་སྤྲུལ་པའི། །ཐུབ་པས་མི་ཤེས་ཀུན་དུ་ངེས་བསལ་ནས། །འགྲོ་བ་མ་ལུས་རྫོགས་སངས་རྒྱས་བྱས་ཏེ། །རང་གི་གསང་སྔགས་ནང་དུ་ཆུད་པར་བྱ། །གཟུགས་ལ་སོགས་པའི་རྣམ་པ་དང་བྲལ་བས། །འཛིན་པ་དེ་ནི་མངོན་སུམ་མཐོང་མི་ནུས། །གཟུང་བ་ རྣམས་ཀྱང་ཅུང་ཟད་ཡོད་མིན་ལ། །གཞན་པའི་འབྲེལ་པ་ཡིས་ཀྱང་མཐོང་བ་མེད། །བདེ་སོགས་དེ་ནི་ཡོངས་སུ་འཛིན་པ་ནི། །བྱ་བ་འགའ་ཡང་ཡོད་པར་མ་མཐོང་སྟེ། །ཅིག་ཅར་ཤེས་པའི་ཕྱིར་ན་གཟུགས་སོགས་བཞིན། །འདི་དག་འཛིན་པ་པོར་ནི་ཡོད་མ་ཡིན། །དཀར་པོ་ལ་སོགས་གང་ཞིག་ མཐོང་བ་རྣམས། །དེ་ཉིད་དུས་གཞན་དག་ཏུ་མཐོང་མི་འགྱུར། །འདི་ཉིད་རྟག་ཏུ་གཅིག་ལ་གཅིག་འགལ་བ། །ཡིན་ཕྱིར་བདེ་བ་ལ་སོགས་དག་དང་མཚུངས། །ཐོག་མཐའ་ལ་སོགས་བྱེ་བྲག་སྣང་བས་ན། །གཟུགས་ལ་སོགས་པ་འདི་དག་གཅིག་མ་ཡིན། །ཕྲ་རབ་རྣམས་ཀྱང་མཐོང་བ་མ་ཡིན་ པས། །དུ་མའི་གཟུགས་སུ་མིན་པའང་དེ་དང་འདྲ། །རྡུལ་ཕྲན་ཆ་ཤས་མེད་པ་ཉིད་ཀྱང་ནི། །ཕྲ་རབ་དུ་མ་འདུས་པ་ཡིན་མིན་པས། །ས་ཡི་དཀྱིལ་འཁོར་ལ་སོགས་རང་བཞིན་ཏེ། །བསགས་པ་འགའ་ཡང་འདིར་ནི་མེད་པར་འགྱུར། །དེ་བས་འཛིན་པོ་ལ་སོགས་ དང་བྲལ་བས། །རང་རྒྱུད་གཟུགས་སོགས་བརྟགས་པའི་ངོ་བོ་ཉིད། །རྒྱུ་དང་མི་རྒྱུ་དངོས་པོ་མ་ལུས་པ། །དྲི་ཟའི་གྲོང་ཁྱེར་དག་དང་མཚུངས་པ་ཡིན། །བདག་དང་བདག་གི་རྣམ་རྟོག་རྒྱུན་གྱི་ནི། །ངོ་བོ་བདག་གིས་དེར་ནི་འཁོར་བ་སྟེ། །དག་པ་ཕྱིན་ཅི་ལོག་དེ་མེད་པ་ཡི། །ངོ་བོ་ཙམ་གྱིས་རྣམ་པར་ཤེས་ པར་བྱ། །འདིར་ནི་ཞི་དང་སྲིད་པའི་ངོ་བོ་དག །ཆོས་ཉིད་ཀྱིས་ནི་དབྱེ་བ་འགའ་ཡང་མེད། །གང་ཕྱིར་གཟུང་བ་ལ་སོགས་རྣམ་པ་དང་། །བྲལ་བར་ཐམས་ཅད་དུ་ནི་རྟག་ཏུ་གྲུབ། །དེ་ནི་སྣང་བའི་རང་བཞིན་ཀུན་རྟོག་ལས། །ཐམས་ཅད་ཅི་ཡང་ཡོད་པ་མ་ཡིན་ཏེ། །སེམས་ལས་གཞན་པ་དག་ཅེས་བྱ་བ་ནི། །ཡོད་ པ་མ་ཡིན་དེ་ཕྱིར་དེ་བདག་ཉིད། །གང་ཞིག་གཟུགས་ལ་སོ་སོར་ཞུགས་གྱུར་པ། །དེ་ཡི་བདག་ཉིད་གང་ཡིན་དེ་ཉིད་གཟུགས། །དེ་བས་ཐམས་ཅད་ཁྱད་པར་མེད་པར་བརྟག །སྣང་བར་གྱུར་པའི་ཡུལ་རྣམས་གང་ཡིན་པ། །གང་ཞིག་རྟོག་པའི་གནས་སུ་གྱུར་པ་རྣམས། །དེ་དེ་གཉིས་སུ་སྦྱོར་བ་དང་བྲལ་བས། ། དེས་ན་རྣམ་པར་དབྱེ་བ་ཐམས་ཅད་མིན། །དད་དང་བརྩོན་འགྲུས་རྣམ་པར་དག་པ་དང་། །དེ་བཞིན་དྲན་དང་བསམ་གཏན་རྣམ་དག་པའང་། །སྒོ་བཟངས་སྲུང་བར་བྱེད་པའི་ངོ་བོ་ཉིད། །ཤེས་རབ་རྣམ་དག་མ་ལུས་ཡུལ་དུ་སྣང་། །མཚན་མ་མེད་པའི་དགའ་བ་རྣམ་དག་པ། །མ་ལུས་ལྷ་མོའི་ཚོགས་ཀྱི་ངོ་བོ་ཉིད། ། སེམས་ཅན་དོན་དང་བདག་དང་རྣམ་རྟོག་དང་། །འཇུག་པའི་རྣམ་ཤེས་རྣམ་པར་དག་པ་ཡང་། །མེ་ལོང་སོགས་ཡིད་དྲི་མེད་ངོ་བོ་བས། །སངས་རྒྱས་ཐམས་ཅད་ཀྱི་ཡང་རང་བཞིན་ཏེ། །དེ་བཞིན་ཉིད་ནི་རྣམ་དག་སྦྱོར་བ་ཡིས། །འཁོར་ལོའི་གཙོ་བོ་འདི་ནི་རྣམ་པར་བཞུགས། །གཟུགས་ལ་སོགས་ པའི་འཁྲུལ་པ་རྣམ་བྲལ་བས། །དྲི་མེད་ཕུང་པོ་ལ་སོགས་ངོ་བོར་གྲུབ། །སེར་སྣ་ལ་སོགས་ལྡོག་པར་གྱུར་པ་ནི། །ཕ་རོལ་ཕྱིན་པ་དཀར་པོའི་ཆོས་རང་བཞིན། །རྣམ་རྟོག་མེད་པར་བདག་གཞན་དོན་འབྱུང་བའི། །རྒྱུ་ཉིད་ཀྱིས་ནི་དེ་ཡང་གོ་རིམས་བཞིན། །ཟབ་པ་དང་ནི་རྒྱ་ཆེ་བ་ཡིས་ན། །ཤེས་རབ་ ཐབས་ཀྱི་བདག་ཉིད་ཅན་སེམས་ཡིན། །དམ་པའི་དོན་དུ་ཅི་ཡང་གཞན་དག་ལས། །དབྱེ་མེད་དབྱེ་བ་མེད་མིན་མི་འདོད་དེ། །གཞན་དུ་འཛིན་པ་ལས་ནི་བཟློག་ཕྱིར་དང་། །དེ་བཞིན་བྱེ་བྲག་ལ་སོགས་རྟོག་བྲལ་ཡིན། །དེ་ལྟར་བརྟགས་ནས་རང་སྙིང་དྲི་མེད་པ། །ཟླ་བ་ལ་གནས་མཚན་མར་བསྒོམ་པར་ བྱ། །གསང་སྔགས་དམ་པ་ཐིག་ལེའི་གཟུགས་སུ་ནི། །རང་ཡིད་འོད་དང་ལྡན་པར་ཡོངས་སུ་བསྒོམ། །སེམས་དེའི་འོད་ཟེར་དྲི་མེད་པས་སད་པའི། །སྐུ་གསུང་རྡོ་རྗེའི་ལུས་ནི་མཆོག་གྱུར་པའི། །སླར་ཡང་འདི་ཉིད་དུ་ནི་ངེས་བཞུགས་ཤིང་། །ཡེ་ཤེས་བདུད་རྩི་འབབ་པར་བསམ་པར་བྱ། །ནང་གི་ ལུས་དང་དེ་བཞིན་ཐམས་ཅད་ཀྱང་། །དེ་ཡིས་ཀུན་དུ་མཐར་ནི་སྣང་བྱས་ནས། །བ་སྤུ་རེ་རེའི་ཁོང་ལས་བྱུང་བ་ཡི། །འོད་ཀྱིས་སྣ་ཚོགས་ཀུན་དུ་དགང་བར་བྱ། །ཡང་ན་རང་གི་མཚན་མ་ཕྲ་མོ་ནི། །འོད་ལྡན་སྣ་རྩེར་གནས་པར་ཐུབ་པ་ཡི། །འཁོར་ལོ་ནང་དུ་ཆུད་བྱས་སྙིང་རྗེ་ཡིས། །ནང་གི་ཤེས་རབ་དམ་ པ་ཉིན་མཚན་བསྒོམ། །མཚན་མ་བརྟན་པོ་མཐོང་ན་སྤྲོ་བ་ནི། །འོད་ཟེར་དེ་ཡིས་སྤྲུལ་པའི་ཐུབ་དབང་དང་། །རྣམ་པ་སྣ་ཚོགས་པ་ཡི་ཕྱག་མཚན་རྣམས། །བློ་དང་ལྡན་པས་ཡང་དང་ཡང་དུ་སྤྲོ། །ཡང་ན་བཟླས་ལ་རྩེ་གཅིག་སེམས་ཉིད་ནི། །དངོས་ཀུན་བདག་ཉིད་རང་གི་སེམས་དབང་པོ། །རང་གི་སྔགས་ ནི་སྣ་ཚོགས་འོད་ལྡན་པར། །བྱས་པས་བློ་དང་ལྡན་པས་བསྒོམ་པར་བྱ། །སྲོག་དང་རྩོལ་བ་ཤིན་ཏུ་མ་བསྡམས་པར། །གསང་སྔགས་རྒྱལ་པོ་གསལ་བར་བརྗོད་བྱ་ཞིང་། །སྐུ་སོགས་རིམ་པ་བཞིན་དུ་ཡང་ན་ནི། །ཅིག་ཅར་སྤྲོ་བ་དག་ནི་ལེགས་པར་བྱ། །ནམ་མཁའི་གཏོས་དང་མཉམ་པ་སྐུ་སོགས་ པའི། །འོད་ཀྱི་སྐུ་ཡི་སྣང་བས་ཡང་དག་དགང་། །དེ་ནས་སྔ་མ་བཞིན་དུ་སྣ་ཚོགས་པའི། །མཆོད་པའི་སྤྲིན་གྱི་བཀོད་པ་ཀུན་དུ་སྤྲོ། །ཡོངས་སུ་སྦས་པའི་རིག་པ་མཆོག་རྣམས་ནི། །བདེ་ཆེན་བབས་པས་གཞན་གྱི་དབང་ཐོབ་ནས། །རྣམ་པར་སྒེག་པའི་ཐུབ་དབང་ཚོགས་རྣམས་ནི། །མཐར་ནི་རང་ གི་ལུས་ལ་གཞུག་པར་བྱ། །རང་གི་སྙིང་པོའི་དེ་ཉིད་ངེས་རྟོགས་པའི། །སྐྱོ་བས་སེམས་ཀྱི་སྤྱོད་པ་ཞུམ་གྱུར་ན། །རིག་པའི་ཚོགས་ཀྱིས་ཡང་དག་གླུར་བླངས་པས། །རབ་ཏུ་བསྐུལ་ནས་ཡོངས་སུ་མཆོད་པར་བྱ། །སེམས་བཟང་པོ་ཡི་ཆུ་རྒྱུན་སྲོག་དང་ནི། །རྩོལ་བའི་འོད་ཀྱི་ལྕགས་ཀྱུས་དྲངས་ ནས་ནི། །ཆོ་ག་ཇི་བཞིན་སྐུ་རྡོ་རྗེ་སོགས་ལ། །ངེས་པར་དབབ་པས་སྐྱོ་བ་བསལ་བར་བྱ། །དེ་ལྟར་ཐང་ཅིག་ངལ་བསོ་བྱས་ནས་ནི། །སྔར་བཤད་ཆོ་ག་ཡིས་ནི་དེ་ཉིད་ཤེས། །གསང་སྔགས་དམ་པ་རྒྱུན་དུ་བཟླ་བ་ནི། །སྔགས་པའང་ཀུན་དུ་ཆགས་པ་མེད་པར་བྱ། །བསྟོད་དང་མཆོད་ སོགས་གཤེགས་སུ་གསོལ་བ་དང་། །སྔགས་པས་རབ་ཏུ་འབད་དེ་རྣམས་བྱ་ཞིང་། །ཨོཾ་ལ་སོགས་པར་འཁོར་ལོ་བསྡུས་ནས་ནི། །སྐུ་ལ་སོགས་པ་བརྟག་པ་དག་ཏུ་བྱ། །དེ་ལྟར་དེ་ཉིད་མཐོང་བས་རྣམ་གྲོལ་བ། །སེམས་ཅན་ཁམས་རྣམས་ཀུན་དུ་དམིགས་ནས་ནི། །སྙིང་རྗེས་འགྲོ་བ་རྣམས་ལ་ཕན་དོན་ དུ། །སྨོན་ལམ་རྣམས་ནི་མངོན་སུམ་ཉིད་དུ་བྱ། །ལངས་ནས་དག་པའི་སེམས་དཔའ་རང་གི་ལྷའི། །རྣམ་པའི་ང་རྒྱལ་ཡིད་ལ་བྱས་ནས་ནི། །ཀུན་དུ་སྣང་བར་གནས་པའི་ཡུལ་རྣམས་ནི། །སྔ་མ་བཞིན་དུ་ཡུལ་དུ་ཡོངས་སུ་བསྒོམ། །རང་རང་གི་ནི་ངོ་བོ་རྣམ་དག་པ། །རིམ་བཞིན་སྐུ་ལ་སོགས་པའི་རྡོ་རྗེར་ གྱུར། །དཔལ་ལྡན་རྡོ་རྗེ་འཛིན་པ་ལྟ་བུར་ནི། །ཆོས་ཉིད་ཀྱིས་ན་ཕན་ཚུན་ཁྱད་པར་མེད། །ཕྱིན་ཅི་ལོག་གི་རྟོག་པ་སྤངས་པ་ཡིས། །བྱ་བ་མ་ལུས་པ་ནི་རྫོགས་པར་བྱ། །དེ་ཡི་ཐུབ་པའི་འཁོར་ལོ་མ་ལུས་པ། །མཆོད་པ་འདི་ནི་ཀུན་དུ་མཆོག་ཡིན་ནོ། །བཟའ་ཟའི་ཚེ་ན་སྙིང་གའི་ཟླ་བ་ལ། །འཁོར་ལོའི་ གཙོ་བོ་རང་གི་གསང་སྔགས་ཀྱིས། །ཀུན་དུ་དམིགས་ཏེ་བྱང་ཆུབ་སེམས་ཀྱིས་ནི། །ངོ་བོ་ཉིད་གྱུར་འོད་དང་ལྡན་པར་བསམ། །རང་གི་ཟས་ལ་དེ་ཉིད་གསུམ་བཟླས་ཏེ། །ཐམས་ཅད་མཉམ་པ་ཉིད་ཀྱིས་རྣམ་དག་པ། །དེ་ཡིས་སྐུ་ཡི་རྡོ་རྗེ་ལ་སོགས་པ། །ལྷ་རྣམས་ཀུན་དུ་ཚིམ་པ་ཉིད་དུ་བྱ། །ཕྱི་ཡི་ སྦྱིན་སྲེག་ཆོ་གས་བསྒྲེ་བྱ་ཞིང་། །ཡིད་ཀྱིའང་ཡིད་ཉིད་ཀྱིས་ནི་བྱ་བ་སྟེ། །ཕུང་པོའི་བུད་ཤིང་རྣམ་པར་བསྲེག་པ་ཡི། །ཡེ་ཤེས་འབར་བ་བླ་ན་མེད་པར་བཤད། །དེ་ལྟར་མ་ལུས་པ་ཡི་འདོད་པ་ཡིས། །བདག་ཉིད་དམ་ནི་གཞན་དག་རང་རང་གི། །ལྷ་ཡི་གཟུགས་གྱུར་པ་ལ་ཡང་དག་མཆོད། །དམ་ ཚིག་འདི་ནི་བདེ་གཤེགས་རྣམས་ཀྱིས་གནང་། །རྗེས་སུ་མཐུན་པའི་འགྲོ་བའི་དོན་རྣམས་ནི། །མ་ལུས་བདེ་གཤེགས་མཆོད་པར་ཡང་དག་བརྟག །ལུས་ལ་སོགས་པའི་ལས་རྣམས་དེ་དང་དེ། །རྟག་ཏུ་ལེགས་པར་མཉམ་པར་གཞག་སྟེ་བྱ། །རྣམ་པ་དེ་འདྲའི་སེམས་ལྡན་ལུས་དང་ནི། །ངག་ཡིད་ ལས་རྣམས་ཅི་ཡང་རུང་བ་དག །ཕྱག་རྒྱ་དང་ནི་སྔགས་ཀྱི་རྣམ་པ་རུ། །རྫོགས་པའི་སངས་རྒྱས་ཀུན་གྱིས་དེ་གསུངས་སོ། །གང་ཕྱིར་དངོས་པོ་གཅིག་ལའང་སྣ་ཚོགས་པའི། །ཀུན་དུ་རྟོག་པས་བསགས་པའི་རྣམ་པ་ལས། །སྡུག་བསྔལ་བདེ་དང་གྲོལ་བ་སྐྱེད་བྱེད་པའི། །ལས་ཀྱི་ཁྱད་པར་ མང་པོ་འབྱུང་བར་འགྱུར། །དེ་བས་ལུས་སོགས་དགེ་དང་མི་དགེ་བའི། །རྣམ་པའི་ལས་རྣམས་སེམས་ཀྱི་དབང་ལས་གསུངས། །དེ་ལྟར་རྙོག་པ་མ་ལུས་སྤངས་པ་ཡི། །སེམས་ནི་ནག་པོའི་ལས་སུ་ག་ལ་འགྱུར། །དམ་ཚིག་ཉམས་ལ་སྙིང་གའི་ཟླ་བར་ནི། །སྙིང་པོས་སྣ་ཚོགས་རྡོ་རྗེ་ཇི་བཞིན་ བསམ། །དཔལ་ལྡན་དམ་ཚིག་རྡོ་རྗེའི་རྣལ་འབྱོར་པས། །འགྲོ་བ་རང་བཞིན་གྱིས་དག་རྣམ་བསམས་ལ། །སྣ་ཚོགས་པདྨའི་འདབ་མའི་དབུས་སུ་ནི། །སྔར་གྱི་རིམ་པས་དབང་བསྐུར་ཀུན་དུ་བླང་། །ཕྱི་རོལ་གྱི་ཡང་ཁྲུས་ཀྱི་ཆོ་ག་ལ། །རིམ་འདི་ཁྱད་པར་དུ་ཡང་བསམ་པར་བྱ། །ཐུན་མཚམས་སུ་ཡང་ དེ་བཞིན་མཆོད་ལ་སོགས། །སྔོན་དུ་འགྲོ་བའི་བཟླས་བརྗོད་བྱས་ནས་ནི། །སྙིང་གའི་ནང་དུ་འཁོར་ལོ་ཆུད་བྱས་ལ། །སྙིང་རྗེ་དང་ནི་ཤེས་རབ་ལྡན་པར་ཉལ། །ལྡང་བའི་དུས་སུ་དམ་ཚིག་ལྷ་མོ་ཡི། །ཡང་དག་གླུ་ཡིས་དཔལ་ལྡན་བསྐུལ་བས་ནི། །ལངས་ན་ཐུབ་པས་བཟླས་བརྗོད་ལ་སོགས་ པ། །ཆོ་ག་སྔ་མ་བཞིན་དུ་བྱ་བ་ཡིན། །དངོས་གྲུབ་ཐོབ་པའི་མཚན་མ་མཐོང་ནས་ནི། །དེ་ཉིད་གསུམ་མཆོད་བྱས་ནས་རང་གི་སེམས། །སྔར་བཤད་དཀྱིལ་འཁོར་དག་ལ་གནས་ནས་ནི། །འདོད་པའི་དངོས་གྲུབ་རབ་ཏུ་བསྒྲུབ་པར་བྱ། །བགེགས་རྣམས་བདུད་རྩི་ཐབ་སྦྱོར་འཁོར་ལོ་ཡིས། །དབང་ བསྐུར་བྱས་ནས་འབད་པ་མེད་པར་འཇོམས། །གང་ཞིག་དབུས་སུ་གནས་པར་གྱུར་པ་ཡིས། །འཁོར་ལོ་དེ་ཡང་དེ་ཡི་ཡིན་པར་འགྱུར། །ཐ་མལ་རྣམ་རྟོག་རྒྱུན་ལས་གཞན་པ་ཡི། །སྲིད་པའི་སྡུག་བསྔལ་གཞན་ཅིའང་ཡོད་མ་ཡིན། །དེ་དང་རྣམ་པར་འགལ་བར་འགྱུར་བའི་སེམས། །འདི་ནི་མངོན་ སུམ་དུ་ནི་རྟོགས་པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་བདག་ཉིད་ཅན། །གང་ཡིན་དེར་ནི་ཀུན་རྟོག་སྣང་མི་འགྱུར། །རིག་པ་ལས་ནི་གཞན་དུ་གྱུར་པ་དག །ཡོད་པ་མིན་པར་སྔར་ནི་བསྒྲུབས་པས་ན། །གང་ཞིག་གང་དང་མི་མཐུན་པ་དག་ཏུ། །ལན་ཅིག་གྱུར་པའང་དེ་བགྲོད་རྒྱས་གྱུར་པ། །མཐོང་བའི་ བསླབ་པ་རྣམ་པར་འཕེལ་བ་ཡིས། །རང་གི་མི་མཐུན་ཤིན་ཏུ་འགག་པར་བྱེད། །སྦྱིན་པ་ལ་སོགས་བདག་མེད་ལྡན་པས་ཀྱང་། །ཐ་མལ་པ་ཡི་རང་གི་ངོ་བོ་ལས། །རྣམ་པར་ལྡོག་པར་མི་འགྱུར་གང་ཕྱིར་འདིར། །ཡོད་ཀྱང་དེ་ནི་མི་མཐུན་འགྱུར་མ་ཡིན། །དེ་ལྟར་རྟོགས་ན་སྙིང་རྗེར་ ལྡན་པ་དག །ཡེ་ཤེས་བསམ་ཡས་སྐད་ཅིག་གིས་སྒྲུབ་པ། །དཔལ་ལྡན་ཀུན་དུ་བཟང་པོའི་རང་གི་ནི། །ངོ་བོ་སུ་ཞིག་ངེས་པར་སྒོམ་མི་བྱེད། །དྲི་མེད་བློ་ཡི་འོད་ཟེར་རྣམས་ཀྱིས་ནི། །མུན་པ་ཐམས་ཅད་རྣམ་པར་སེལ་བྱེད་པ། །རྣམ་པར་བསྟན་པས་མཛད་པ་འདིས་མཆོག་གི། །བདག་འདྲའི་གོ་སྐབས་དག་ནི་ ག་ལ་ཡོད། །བླ་མ་དམ་པའི་གཞུང་ནི་ཅུང་ཟད་ཙམ། །བཟུང་བ་གང་ཡིན་དེ་ཡང་དང་པོར་ནི། །འཆིང་བ་ལྷོད་ཅེས་བྱ་བར་གྲགས་པས་ན། །དེས་ན་འདི་ལ་ཤིན་ཏུ་འབད་པ་ཡིན། །དེ་ལྟར་རྣམ་པར་སྦྱར་ལས་ལེགས་བྱུང་བའི། །དགེ་བ་དྲི་མེད་གང་དེས་འགྲོ་བའི་ཡིད། །སངས་རྒྱས་ཡེ་ཤེས་མགོན་དང་ བཅས་པ་དེར། །གཞོལ་བར་གྱུར་པས་རྟག་ཏུ་བསྒོམ་པར་ཤོག །དཔལ་གསང་བ་འདུས་པའི་སྒྲུབ་པའི་ཐབས་ཀུན་དུ་བཟང་པོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨའི་ཟེའུ་འབྲུའི་རྡུལ་ལ་རེག་པ། སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །། པཎྜི་ཏ་ཤྲདྡྷཱ་ཀར་ཝརྨ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཙ་ཏུ་རཱཾ་ག་སཱ་དྷ་ནཱྃ་ནོ་པི་ཀ་ས་མནྟ་བྷ་དྲཱི་ནཱ་མ། བོད་སྐད་དུ། ཡན་ལག་བཞི་པའི་སྒྲུབ་ཐབས་ཀུན་དུ་བཟང་མོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་འཁྲུལ་པ་ཀུན་བསལ་དྲི་མ་མེད་པ་ཡི། །གཟི་བརྗིད་ མཐའ་ཡས་རིགས་ཀྱི་སྤྲུལ་པས་རྣམ་བརྒྱན་པ། །ཤེས་རབ་མ་ཡིས་ལུས་འཁྱུད་མཛེས་པས་ཀླུབས་པ་གང་། །འཇམ་དཔལ་དེ་ལ་དེ་མཆོད་དོན་དངོས་ཆོ་ག་འདི་བཤད་བྱ། །དཔལ་ལྡན་འདུས་པའི་ཚུལ་གྱིས་དམ་པའི་བཤེས་གཉེན་གསོལ་གདབ་བྱེད་བྲོད་པས། །འགྲོ་བའི་དོན་ཀུན་ཕུན་སུམ་ཚོགས་ གཞི་དངོས་པོ་ཆོ་ག་བཤད་པར་བྱ། །སྐབས་ལྡན་གཡོ་བ་འདི་དང་དམ་པའི་སྐྱེ་བོ་དང་འགྲོགས་ཤིན་ཏུ་ཐོབ་དཀའ་འཇིག་རྟེན་ལ། །དེ་ཕྱིར་ཐབས་དང་ཤེས་རབ་མཐར་ཕྱིན་བྱེད་འདོད་སེམས་ནི་མཆོག་ཏུ་གྱུར་པ་ཡིན། །དེ་ནས་སྙིང་རྗེའི་མཐུ་ལས་བྱུང་བའི་བྱང་ཆུབ་ཡིད་ལྡན་གསང་སྔགས་པ། །གཏོང་བ་ ལ་སོགས་ཡོན་ཏན་བརྒྱད་པ་ཟབ་མོའི་ཚུལ་ལ་མོས་པའམ། །དཔལ་ལྡན་གསང་འདུས་དཀྱིལ་འཁོར་ཆོ་གས་ཤིན་ཏུ་དབང་བསྐུར་ཕུན་སུམ་ལྡན། །ཆོ་ག་བཞིན་དུ་ལུང་སྩལ་ཐོབ་པ་བཞི་སྔགས་བསྙེན་པ་བློ་ལྡན་པས། །གང་ཞིག་དྲི་མེད་ཆུ་སོགས་ལྗོན་ཤིང་མཆོག་གི་ཕྲེང་བ་ཀླུབས་པ་ཡི། །གོམས་ པའི་རི་ལ་བཅོམ་ལྡན་འཇམ་དབྱངས་ཞེས་བྱ་རབ་ཏུ་བསྒྲུབ་པར་བྱ། །དང་པོ་ཐོ་རངས་སྙིང་གའི་དབུས་སུ་དྲི་མེད་འོད་འཕྲོ་དེ་ཉིད་བསམ། །བཀོད་ནས་སྙིང་རྗེ་ཅན་གྱིས་སྒོ་ལ་སོགས་པ་ཡང་དག་པར་ཡང་བྱ། །དམ་པའི་ཙནྡན་སོགས་བཀྲུས་དྲི་ཞིམ་མེ་ཏོག་བཀྲམ་པའི་མཆོག་ཆ་ལ། །བསམ་གཏན་གནས་ སུ་བདེ་བའི་གནས་སུ་འདུག་ནས་དུས་གསུམ་སངས་རྒྱས་རྣམས། །དམིགས་ཏེ་སྣ་ཚོགས་མཆོད་སྤྲིན་སྤྲོ་སོགས་སྔོན་དུ་བྱས་ནས་བློ་ལྡན་པས། །སྡིག་པ་ལ་སོགས་འདི་ལྟར་བྱའོ་དགེ་བ་འཕེལ་དོན་དུ། །ཐོག་མ་མེད་ལྡན་སྲིད་པའི་རྒྱུན་ལ་རྟོག་པས་བསགས་པའི་སྡིག་ཀུན་གང་། །སྙིང་རྗེ་ཆེན་པོའི་མདུན་ རིམ་བཞིན་ཏེ་ཐམས་ཅད་བཤགས་པར་བགྱི། །ཡང་དག་སངས་རྒྱས་བྱང་ཆུབ་འཕགས་དང་གཞན་རྣམས་མཛད་པའི་དགེ་བ་གང་། །མ་ལུས་བདག་གིས་ཡི་རང་ཡང་དག་དེ་ནི་བྱང་ཆུབ་ཕྱིར་བསྔོའོ། །སེམས་རྒྱས་ཟླ་བ་དྲི་མ་མེད་ལས་གྲུབ་པས་མཐའ་ཡས་སྙིང་རྗེ་གནས། །བདག་གི་ཡིད་ལ་གནས་ པའི་བདེ་བར་གཤེགས་ལ་རྟག་ཏུ་སྐྱབས་སུ་མཆི། །རྟོག་པ་ཀུན་ལས་ངེས་གྲོལ་མ་ལུས་དམ་པ་སེམས་དཔའི་བཀྲ་ཤིས་གཞི། །དངོས་པོ་ཀུན་གྱི་ངོ་བོར་ཆོས་ལ་བདག་ཉིད་སྐྱབས་སུ་མཆི། །བཅིངས་པས་ཡང་དག་སྤངས་པའི་སྙིང་རྗེ་མཆོག་གིས་དྲངས་པའི་དཔལ་ལྡན་པ། །རབ་དགའ་ལ་སོགས་ས་ལ་གནས་ པ་དམ་བཅས་ཚོགས་ལ་སྐྱབས་སུ་མཆི། །བསམ་པ་རྣམ་སྨིན་དག་པས་སྒྲིབ་ཀུན་བག་ཆགས་མ་ལུས་བཅོམ་པ་སྟེ། །མོས་པས་རྣམ་པར་བརྒྱན་པའི་སེམས་ཀྱིས་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བདེ་གཤེགས་སྲས་བཅས་ལམ་གཅིག་སྦྱིན་སོགས་བཅུ་པོ་དཀར་པོ་ཡོན་ཏན་ངོ་བོ་ལ། །རྫོགས་ སངས་རྒྱས་དག་ཀུན་གྱི་རང་བཞིན་བློ་ཡིས་དེ་ལྟར་བསྟེན་པར་བགྱི། །འཇིག་རྟེན་འདི་དག་ལྟ་བའི་དྲ་བས་བཀབ་ལ་སྙིང་རྗེས་དམིགས་ནས་སུ། །ཡང་དག་བྱང་ཆུབ་སེམས་ཀྱི་གཞལ་མེད་བསྒོམ་རིམ་འདི་ནི་སྔགས་པས་བྱ། །སྟོང་པ་རང་བཞིན་མེད་ཕྱིར་རྒྱུ་འབྲས་ཕྱིར་ནི་རང་བཞིན་མཚན་མ་མེད། །རྗེས་ སུ་དཔག་པ་བསལ་བས་མ་ལུས་གཞི་ཡི་སྨོན་པ་ངེས་བྲལ་ལོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་འོག་སྟོན་ཟླ་དཀར་པོ་མཐའ་མེད་ཕྱོགས་འཁོར་གནས་པ་སྣ་ཚོགས་འོད། །འཕགས་པར་གནས་པའི་གྲུ་གསུམ་ནང་གི་མཁའ་ཡི་རང་བཞིན་རྡོ་རྗེ་འཛིན། །ཆོས་ཀྱི་ འབྱུང་ཞེས་ཕྱག་རྒྱ་དབུས་གནས་པདྨ་སྣ་ཚོགས་རྡོ་རྗེས་བརྒྱན། །ཧཱུྃ་གིས་རྡོ་རྗེ་བརྒྱན་པའི་ས་ལ་ཀུན་དུ་བཟང་པོ་ལས་བྱུང་བསྒོམ། །བྷྲཱུཾ་ཡིག་འཁོར་ལོ་ལས་བྱུང་རིག་མ་དང་བཅས་སྣང་མཛད་སྐུར་གྱུར་པ། །གསལ་བ་ཐུབ་དབང་དཀྱིལ་འཁོར་སྣ་ཚོགས་འོད་ཟེར་གྱིས་ཁྱབ་ཕྱོགས་འཁོར་ཀུན། །གྲུ་བཞི་མཉམ་ པའི་ཕྱིར་ན་མཆོག་བཞིས་དྲན་པ་དབང་པོ་སྒོ་རྣམས་ཀྱིས། །བསམ་གཏན་བཞི་ཡི་ཏྭ་ར་ཎ་ཏིང་འཛིན་མུ་ཁྱུད་བཞི་ཡིས་ཡོངས་བསྐོར་བ། །མུ་ཁྱུད་དེ་ལ་གནས་པ་དམ་པའི་མཆོད་པས་འབྲེལ་པའི་གཟུགས་རྣམས་རྒྱུན། །སྣ་ཚོགས་རྒྱན་རྣམས་བཀོད་པ་འགྲོ་བའི་བསམ་པ་ཐམས་ཅད་ཡོངས་རྫོགས་ ཕྱིར། །འདུལ་བས་བསྐྱོད་པ་གསུང་རབ་ཡན་ལག་དགུ་ཡི་དམ་ཆོས་ཀུན་འགྲོ་ཅི་ཡི་ཕྱིར། །རླུང་གིས་བསྐྱོད་པ་རྒྱལ་མཚན་ཕྲེང་དང་དྲིལ་སྒྲ་གྲག་པས་ཕྱོགས་སྒོ་ཀུན། །མེ་ལོང་ཡེ་ཤེས་རྟག་ཏུ་དྲི་མེད་བྱང་ཆུབ་ཡན་ལག་མེ་ཏོག་སྤོས་བཀྲམ་ཞིང་། །དྲ་བ་དྲ་ཕྱེད་མེ་ལོང་མེ་ཏོག་ཕྲེང་བ་སྣ་ཚོགས་བརྒྱན་ པའི་གཟུགས། །རྣམ་པར་ཐར་བརྒྱད་རྣམ་པར་དག་པས་ཀ་བ་བརྒྱད་ཀྱིས་ཀླུབས་པའི་མཆོག །རྡོ་རྗེ་ཚུལ་གྱིས་ཆོས་ཀྱི་འཁོར་ལོས་སྒྱུར་ཕྱིར་རྡོ་རྗེའི་ཐིག་ལྡན་ལ། །གཟུགས་ལ་སོགས་པའི་སྤྱོད་ཡུལ་དག་པས་བླ་མེད་མཐའ་ཡས་འདོད་པའི་ཡོན་ཏན་ལྔ། །ཟས་ལྔས་བརྒྱན་པས་རྣམ་པར་དག་པའི་ཆོས་ཀྱི་ དབྱིངས་རྒྱུ་མཐུན། །སྣ་ཚོགས་པདྨ་ལ་གནས་ཉི་མ་ཟླ་བར་བཅས་པ་ལྷ་ཡི་གདན། །མ་ལུས་རིན་ཆེན་བཀོད་པའི་གཞལ་ཡས་བརྩེགས་པ་དེ་ལ་བསྒོམ། །བཅུ་དྲུག་ཆ་ཤས་སྡེ་པ་ལས་བྱུང་ཟླ་བའི་དཀྱིལ་འཁོར་བ་ཡི་དབུས། །དབུས་ཀྱི་གདན་ལ་ཆོ་ག་བཞིན་དུ་འོད་དཔག་མེད་གཞི་བསམ་པར་བྱ། །མཆོག་ གི་དང་པོའི་སྙིང་པོ་ལས་བྱུང་རྡོ་རྗེ་དམ་པ་ཡེ་ཤེས་གཟུགས། །གྲངས་མེད་ཐུག་པའི་འོད་ཟེར་ཕྲེང་བས་གྲུབ་པའི་ཕྱོགས་སྒོ་ཀུན། །བསམས་ནས་དང་པོའི་སྙིང་པོར་བཅས་པའི་ང་རྒྱལ་ལྡན་པས་སྤྲུལ་པ་མཐའ་ཡས་ཀྱིས། །འགྲོ་བའི་དོན་མཆོག་རབ་མཛད་པ་ཡི་ཐུགས་མཆོག་རྡུལ་ཕྲན་རྣམ་བཀོད་གཟུགས་ བརྙན་ཅན། །གཡས་གཡོན་ཞལ་ནི་གནག་དང་དམར་པོ་ཟླ་བ་རྫོགས་ལྟར་དཀར་བའི་མདོག །གསལ་བས་རྣམ་པར་བཀོད་པས་བརྒྱན་པའི་ཕྱག་གཉིས་དམ་པའི་རིག་མ་འཁྱུད། །ལྷག་མའི་ཕྱག་ཟུང་གཉིས་བརྒྱན་རྡོ་རྗེ་རལ་གྲི་རིན་ཆེན་པདྨ་འཛིན། །འཇིག་རྟེན་གསུམ་ཁོང་བརྒྱན་པའི་འོད་ཟེར་རྣམ་ པ་བདེ་འགྲོ་ཐུབ་པའི་དབང་། །རྣམ་ཐར་གསུམ་དག་ཤེས་རབ་བདག་ཉིད་སྙིང་རྗེའི་མཆོག་གི་ཐབས་ལྡན་པས། །འགྲོ་ཀུན་དེ་ཉིད་གཅིག་པ་རྒྱལ་བ་སྐྱེད་བྱེད་སྐུ་བཞི་མངོན་སུམ་བྱ། །མཆོག་ཏུ་རྗེས་ཆགས་ཕུན་སུམ་ཚོགས་པས་འཇིག་རྟེན་ཐམས་ཅད་འདུལ་དམིགས་ནས། །དགའ་བའི་རྫུ་འཕྲུལ་ སྒྲ་ཡིས་རྒྱལ་བའི་ཚོགས་རྣམས་རང་གི་ལུས་ནང་བཞུགས། །དེ་ནི་སྤྱན་ལ་སོགས་པའི་ལྷ་མོ་གཟུགས་སོགས་ཡུལ་གྱི་རང་བཞིན་པས། །ཕྱུང་ནས་རིག་མ་ཐམས་ཅད་གཞི་ཡི་རིག་མའི་ནང་དུ་ཐིམ་པར་བྱ། །དེ་ཡི་པདྨའི་སྙིང་པོའི་དབུས་སུ་དཀྱིལ་འཁོར་དྲི་མེད་ཟླ་འོད་ལས་བྱུང་བ། །བློ་ཡིས་བསམས་ ནས་རྫོགས་པར་བདེ་ལ་སྐྱེ་བོའི་ཚོགས་རྣམས་གཞུག་པར་བྱ། །དམ་པ་གསང་བའི་རྡོ་རྗེ་དཀྱིལ་འཁོར་རྣམ་སྣང་མཛད་སོགས་རྒྱལ་བའི་རྒྱན་ཞུགས་ནས། །ཟླ་བ་ཞུ་བའི་ངོ་བོར་གྱུར་པས་དབང་བསྐུར་བྱས་ཏེ་དེ་འོག་ཏུ། །ས་སྙིང་ཕྱག་ན་རྡོ་རྗེ་ནམ་སྙིང་འཇིག་རྟེན་དབང་ཕྱུག་སྒྲིབ་པ་སེལ། །དཔལ་ལྡན་ ཀུན་དུ་བཟང་པོ་དེ་དག་མིག་ལ་སོགས་པའི་གྲངས་སུ་གྱུར། །གཟུགས་སྒྲ་དྲི་དང་རོ་དང་རེག་བྱ་ཆོས་དབྱིངས་རྡོ་རྗེ་ཡང་། །ས་ཆུ་མེ་རླུང་རང་བཞིན་གྱུར་པ་སྤྱན་ལ་སོགས་པའི་གྲངས་འགྱུར་རོ། །གཟུགས་དང་མྱོང་བ་མཚན་མ་དེ་བཞིན་ཁོ་ན་འདུ་བྱེད་ཡིད་བརྗོད་པས། །རྣམ་སྣང་མཛད་སོགས་བདེ་གཤེགས་ རྣམས་ཏེ་དེ་འོག་ས་བོན་གྱིས་དབྱུང་བྱ། །ཀྵིཾ་ཛྲཱྀཾ་ཁཾ་གཾ་ཥྐཾ་སཾ་བརྗོད་པ་དེ་དག་མིག་ལ་སོགས་རྣམས་སོ། །མྱོང་བ་མཚན་མ་དེ་བཞིན་ཁོ་ན་འདུ་བྱེད་ཡིད་བརྗོད་པ། །རྣམ་སྣང་མཛད་སོགས་བདེ་གཤེགས་ཛཿཧཱུྃ་བཾ་ཧོཿཁཾ་རཾ་བརྗོད་པས་གཟུགས་ཀྱི་རྡོ་རྗེ་ལ་སོགས་སོ། །ལཾ་མཱཾ་པཾ་ཏཱཾ་ཞེས་ཀྱང་གསུངས་པ་དེ་ བཞིན་སྤྱན་ལ་སོགས་པའོ། །བྷྲཱུཾ་ཨཱཾ་ཛཱྀཾ་ཧཱུྃ་ཞེས་པས་རྟག་པ་ལ་སོགས་སོ། །ཨོཾ་ཨཱཿཧཱུྃ་ཞེས་སེམས་འབར་ཧོ་ཡི་བར་དུ་ཞུགས་པ་ཆོ་ག་བཞིན། །པདྨའི་ནང་གནས་མཉམ་མེད་ཤེས་རབ་ཆགས་པས་ཞུ་བ་བྱེད་མཐོང་སྟེ། །དེ་ཡི་འོད་ཀྱི་མཐུ་ཡིས་ཀྱང་ནི་ཟླ་བ་ཞུ་བར་བྱེད་མཐོང་སྟེ། །འདི་ལྟར་སྤྱན་ལ་ སོགས་པའི་ལྷ་མོའི་དབྱངས་ཀྱི་སྒྲ་ཡིས་བསྐུལ་བར་བསམ། སེམས་ཅན་ཁམས་ན་གནས་པའི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོས་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་སྒྲུབ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་ པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་པའི་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོངས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པར་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་དུ་བཟང་པོས་བདག་ལ་དགྱེས་པར་མཛོད། ། ཁྱོད་ནི་རྡོ་རྗེའི་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་ཉིད་གཟིགས་པ། །མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །དེ་ལྟར་དབྱངས་ཀྱིས་བསྐུལ་ བས་སྒྱུ་འཕྲུལ་དྲ་བར་དངོས་ཀུན་ལེགས་བསམས་ནས། །འོད་ཟེར་འབར་བས་བསྐོར་བའི་གཞི་ཡི་སྔགས་ཀྱིས་ལུས་སུ་རང་བསྒྱུར་བྱ། །དེ་ལ་འོད་ཀྱིས་མ་ལུས་ལྷ་རྣམས་རྒྱལ་བའི་ཐུབ་དབང་རྣམས། །ནང་དུ་ཐིམ་ནས་འོད་ཀྱིས་དཔལ་ལྡན་འཇམ་པའི་རྡོ་རྗེར་གྱུར་པར་བྱ། །གུར་ཀུམ་མཆོག་འོད་དམར་ འདྲ་གཡས་གཡོན་ཞལ་ནི་གནག་དང་དཀར་བའི་མདོག །སྣ་ཚོགས་རྒྱན་གྱིས་བརྒྱན་པའི་ཕྱག་གཉིས་དམ་པའི་ཤེས་རབ་འཁྱུད། །གསལ་བའི་རལ་གྲི་མདའ་དང་ཨུཏྤལ་མཐིང་ག་གཞུ་ནི་མཐའ་ཡས་འོད། །མ་ལུས་རིགས་རྣམས་འཕྲོ་བས་བརྒྱན་པའི་མཁའ་ཀུན་དཀྱིལ་འཁོར་ལྡན་སྐྱོབ་པ། །གཟུང་ འཛིན་བྲལ་བས་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་ཤེས་ནས་སུ། །རྣམ་པར་བྱང་བ་མངོན་བཞུགས་ཟབ་དོན་བྱིན་བརླབས་འདི་ལྟར་བྱ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །དེ་འོག་གཞི་ཡི་ས་བོན་འོད་ཀྱིས་ཇི་ལྟར་རང་ལ་གང་སྟེ་མིག་སོགས་རྣམས། །ས་སྙིང་ལ་སོགས་དྲི་མེད་རང་སྙིང་ཟླ་བའི་རྡོ་རྗེ་བུམ་ པའི་དཀྱིལ་གནས་པ། །ཧཱུྃ་གི་ཐུགས་ཀྱི་རྡོ་རྗེ་ཁ་དང་མགོ་ལ་པདྨ་འཁོར་ལོའི་དཀྱིལ་དུ་ཡང་། །ཨཱཿདང་ཕྱག་མཚན་གཉིས་ཀྱིས་གསུང་གི་རྡོ་རྗེ་སྐུ་ཡི་རྡོ་རྗེའང་བསམ་པར་བྱ། །དེ་ཐུགས་འོད་ཟེར་རྒྱུན་གྱིས་རང་གི་ཤེས་རབ་དང་སྦྱོར་སྣང་བས་ཀུན་དུ་ནི། །རྒྱལ་བའི་དབང་པོ་རྣམས་ལ་མཆོད་ནས་ཐུགས་ ཀྱི་རྡོ་རྗེ་ལ་སོགས་བྱིན་གྱིས་བརླབ། །དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཆང་། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེ་རིང་བདག་ལ་བྱིན་བརླབས་ནས། །ཐུགས་ཀྱི་རྡོ་རྗེས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེ་རིང་བདག་ ལ་བྱིན་བརླབས་ནས། །ཐུགས་ཀྱི་རྡོ་རྗེས་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དཔལ་ལྡན་ཆོས་ཀྱི་གསུང་གི་ལམ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེ་རིང་བདག་ལ་བྱིན་བརླབས་ནས། །གསུང་གི་རྡོ་རྗེས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་ པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེ་རིང་བདག་ལ་བྱིན་བརླབས་ནས། །གསུང་གི་རྡོ་རྗེས་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཆང་། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེ་རིང་བདག་ལ་བྱིན་བརླབས་ ནས། །སྐུ་ཡི་རྡོ་རྗེས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེ་རིང་བདག་ལ་བྱིན་བརླབས་ནས། །སྐུ་ཡི་རྡོ་རྗེས་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་གསུམ་ནི་ནམ་མཁའི་རང་བཞིན་ མཚན་མ་སྤངས་པ་མཚོན་བྱས་ཏེ། །སེམས་ཀྱི་འོད་ཟེར་རྣམས་ཀྱིས་བསྐུལ་ནས་ཐམས་ཅད་ཚོགས་སུ་གྱུར་པའི་ཐུབ་པའི་སྡེ། །ཐུབ་མཆོག་འོད་ཟེར་ལས་བྱུང་རིག་མའི་ཚོགས་ཀྱིས་ཡང་དག་འཛིན་པ་ཡི། །བུམ་པའི་ཡེ་ཤེས་ཆུ་ཡིས་བླུགས་པས་རང་རིག་གཙོ་བོ་སྣང་བས་དབུ་བརྒྱན་གྱུར། ། དེ་བཞིན་རང་གི་ལྷ་མོ་འདྲ་བར་རང་གི་སྙིང་པོའང་བསྒོམས་ནས་རིག་མར་སྤྲུལ། །མིག་ལ་སོགས་པ་གང་ནས་ཡིག་འབྲུ་གསུམ་བཀོད་འབར་བའི་ལུས་ལྡན་མ། །འོག་སྙིང་ལྟེ་བ་གསང་བ་དེ་བཞིན་བརླ་གཉིས་སོགས་ལ་དེ་ཉིད་ཤེས་པར་བྱ། །ཨོཾ་ཧཱུྃ་སྭཱ་ཨཱཿཧཱ་ཞེས་བྱ་བས་ལུས་ཡིད་རྡོ་རྗེ་དམ་པའི་ རིགས་ཚོགས་ཀྱི། །དེ་ལྔའི་བྱིན་རླབས་ལུས་ནི་འགྲོ་གསུམ་ཁྱབ་པས་དམ་པའི་འོད་ཚོགས་བསམ། །ཨཱཿས་བསྐྱེད་རྣམ་པར་བཀོད་པའི་སྙིང་པོ་ཧཱུཾ་ལས་སྤྲུལ་པའི་པདྨ་འདབ་བརྒྱད་པ། །པདྨའི་ཤེས་རབ་རྒྱུ་མཐུན་རང་བཞིན་ཐབས་དང་བཅས་པར་གྱུར་པའི་གཞི་ཡི་ལུས་ བསྔགས་པ། །དེ་དང་ལྷན་ཅིག་བདེ་གཤེགས་རྣམས་ལ་རྗེས་སུ་ཆགས་པར་བགྱི་ཞེས་བརྩམས། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །སེམས་ཀྱི་ཟླ་བའི་འོད་ཀྱིས་མ་ལུས་སངས་རྒྱས་ཚོགས་ནི་བཞུགས་གནས་ཏེ། །ཧཱུཾ་གི་རྡོ་རྗེར་བྱུང་ནས་དྲི་མེད་པདྨ་ལ་གནས་དམ་པའི་ཡིད་ཀྱི་ གཟུགས། །བསམས་ནས་རང་གི་སྙིང་པོས་བསྐྱེད་པ་ཐམས་ཅད་གཞི་ཡི་དཀྱིལ་འཁོར་ལྷ་གཟུགས་སུ། །མཆོག་གི་རྗེས་སུ་དཀར་མོ་ཞེས་པར་མཐའ་ཡས་ཡོན་ཏན་རིན་ཆེན་མ། །རིན་ཆེན་དབང་ཕྱུག་དྲ་བའི་དངོས་པོ་སྒྲོལ་བ་བཛྲ་ར་ཏཱི་ཞེས་བསྐུལ་བས། །དྲི་མེད་རིན་ཆེན་ཕྲེང་བས་བསྒོམས་པའི་ཕྱོགས་ འཁོར་བྱེད་མ་དབང་ལྡན་ལ། །དམ་པའི་འཁོར་ལོ་ཨུཏྤལ་དམར་པོ་པདྨ་ཨུཏྤལ་སེར་པོ་རྣམས་ཀྱིས་མཚན། །དེ་དག་གི་ནི་རིམ་པའི་ངེས་པའི་ལྷག་མའི་ཇི་ལྟར་འདོད་པའི་ཕྱག་བསྣམས་ཡིན། །དཀྱིལ་འཁོར་གྲྭ་བཞི་དང་ནི་ཤར་གྱི་སྒོ་གཉིས་ལ་ནི་བསམ་བྱ་བ། །གཟུགས་སོགས་རྡོ་རྗེ་ལྷ་མོ་སྐུ་ལ་སོགས་དང་གསུམ་ གྱིས་སོ། །ཤར་གྱི་སྒོ་རུ་གྲགས་པ་བསམ་པ་ཐམས་ཅད་འགྲུབ་མཐའ་ཡས་པས་འཇིགས་པའི་འོད། །འབར་ལ་ཡ་མཱནྟ་ཀྲྀཏ་ཅེས་བས་ཟད་དུས་དྲག་སྤྲིན་དཀྱིལ་འཁོར་དངོས་པོ་སྟེ། །ཐུགས་བདག་རྒྱལ་པོ་མཉམ་པའི་སྐུ་ནི་དུ་མའི་ཁྲོ་བོ་རིགས་ཀྱི་འོད་ཕྱུང་བ། །གཤིན་རྗེ་མཐར་བྱེད་ཅེས་བྱ་མི་བཟད་ པ་ཡི་སྦྲུལ་གྱིས་སྐུ་བརྒྱན་དཔལ་ལྡན་པའོ། །ལྷོ་ཕྱོགས་ཀྱི་སྒོར་གནས་པ་པྲཛྙཱནྟ་ཀྲྀཏ་ཅེས་པས་བླ་ན་མེད་ལྡན་པ། །སྐུ་ཡི་དབང་ཕྱུག་བཞིན་དུ་ཕྱག་ལ་སོགས་པ་དྲག་པོ་གཞན་གྱིས་མི་ཐུབ་གསལ། །དེ་ནས་རྟ་མགྲིན་ནུབ་ཀྱི་ཕྱོགས་སུ་སྒོ་རུ་འོད་ཟེར་འཁྲིགས་པས་ཕྱོགས་བསྐོར་བ། །པདྨཱནྟ་ཀྲྀཏ་ཅེས་པས་ འབར་བའི་འཇིག་པའི་མེ་ལྟར་འཇིགས་པའི་གཟུགས། །གསུང་གི་བཞིན་དུ་ཕྱག་ལ་སོགས་པ་དུ་མས་སྡང་བ་འཇིགས་བྱེད་ཞལ། །གད་སྒྲོགས་བཞད་པས་རི་རྣམས་གཡོ་བར་བྱེད་དང་ཐུབ་པའི་དབང་རྣམས་སོ། །དེ་ནས་མི་བསྐྱོད་འདྲ་བའི་ཞལ་སོགས་བིགྷྣཱནྟ་ཀྲྀཏ་ཅེས་བྱ་བྱང་སྒོ་རུ། །ཟད་དུས་བྱིན་ཟ་ལྟ་བུ་ འཕགས་པ་བདུད་རྩི་འཁྱིལ་པ་དཔའ་བའོ། །རྣམ་སྣང་མཛད་དང་ཐུབ་དབང་སྣང་བ་མཐའ་ཡས་ཐུགས་ཀྱི་དབང་ཕྱུག་དབུ་རྒྱན་དང་། །རིམ་པར་ཐོ་བ་བེ་ཅོན་པདྨ་རྡོ་རྗེ་ལ་སོགས་ཕྱག་ཀྱང་དེ་བཞིན་ནོ། །དེ་ལྟར་རྫོགས་པར་བསྐྱེད་པར་དཀྱིལ་འཁོར་མཐོང་ནས་དངོས་པོ་ཐམས་ཅད་ཀྱིས། །སྙིང་པོ་སྔགས་ ཀྱི་འོད་ཟེར་ལྕགས་ཀྱུས་བདེ་གཤེགས་སྤྱན་དྲངས་བསྒོམ་པར་བྱ། །ཐབས་དང་ཤེས་རབ་དངོས་པོ་དྲི་མེད་ཏིང་འཛིན་ལས་བྱུང་དམ་པའི་བདེ་བས་གསང་བར་ནི། །དཀྱིལ་འཁོར་བསམས་ཏེ་དེ་ནས་མཐར་བྱེད་ལ་སོགས་བསྲུང་བྱས་ནས། །རང་སྙིང་བཟླས་པའི་ཙནྡན་སོགས་དང་མེ་ཏོག་མཛེས་པ་ཕུལ་ ཏེ་ཐིམ། །རང་དང་འདྲ་བའི་ཆོ་གས་དབང་བསྐུར་བྱས་ནས་འདི་ལྟར་ནན་ཏན་མཆོད་པར་བྱ། །པདྨའི་ནང་གི་རང་གི་ས་བོན་འོད་ཀྱིས་དྲངས་ནས་གཟུགས་སོགས་ཐམས་ཅད་ནི། །པདྨའི་འོད་ཟེར་དཀྱིལ་འཁོར་ཡང་དག་བྱང་ཆུབ་ཡིད་ཀྱི་ས་བོན་བསམ་པར་བྱ། །ཤེས་རབ་སོ་སོའི་བ་སྤུའི་ལས་བྱུང་སྣ་ཚོགས་ རྣམ་པའི་འོད་ཟེར་རྒྱས་པའི་ཚོགས། །མ་ལུས་ཁྱབ་པའི་མཁའ་གཞི་ཐམས་ཅད་དེ་ནས་བློ་དང་ལྡན་པས་སྤྲོ་བར་བྱ། །འོད་ཟེར་སྒོ་ནས་བྱུང་བའི་དྲི་མེད་ཐམས་ཅད་རྒྱན་གྱིས་ཤིན་ཏུ་བརྒྱན་སྐུ་དང་། །མེ་ལོང་པི་ཝང་དྲི་དང་རོ་ཡི་སྣོད་དང་ན་བཟའ་ཆོས་འབྱུང་ལ་སོགས་དང་། །མཚན་མ་རྣམས་ཀྱི་རིམ་པས་ མཛེས་པས་ལྡེམ་བག་ཕྱག་ནི་ལོ་མ་འོད་དང་བཅས། །གསལ་བའི་འོད་ཟེར་སྤྲུལ་པ་མང་པོ་སྣ་ཚོགས་མཆོད་པའི་སྤྲིན་གྱི་དྲ་བ་རྣམས་འབྱུང་དང་། །སྒྱུ་མ་ལ་སོགས་དྲ་བའི་དངོས་པོ་སོ་སོ་ཡང་དག་རིག་པའི་འཇིག་རྟེན་ལྟ་དགེ་དང་། །རྟོག་པ་ཐམས་ཅད་ངེས་གྲོལ་མཆོག་གི་བདེ་བ་འབྱུང་རྒྱུའི་དངོས་ལྡན་པའི། ། གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་དེ་བཞིན་ཕྱི་མའི་དྲི་སོགས་ཐམས་ཅད་ཀྱིས། །དབྱེ་བའི་རྟོག་པ་གྲོལ་བས་རྒྱལ་བའི་དབང་པོ་རྣམས་ལ་ཡང་དག་མཆོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ཡི་འོག་ཏུ་སྒྲ་བརྙན་འདྲ་བར་སྒྲ་ཡུལ་ཐམས་ཅད་ལ་ནི་ཡོད་བསམས་ན། །རང་ཡིད་ རིག་པའི་ལྷ་ཡི་སྟོད་པའི་སྒྲ་དང་ལྡན་པའི་ཆོས་རྣམས་ཞེས་སུ་གསུངས། །གཟུགས་ལ་སོགས་པ་གཅིག་མིན་རྡུལ་ཕྲན་ཆ་ཡང་མ་མཐོང་དུ་མའི་གཟུགས་ཀྱང་མ་ཡིན་ཞེས་པའང་དེ་བཞིན་ནོ། །ཡན་ལག་མེད་པའི་རྡུལ་ཕྲན་ཉིད་ལ་དུ་མའི་རྡུལ་ཕྲ་རབ་ཀྱི་རྗེས་འབྲང་མེད་ཕྱིར་དང་། །ས་ཡི་དཀྱིལ་འཁོར་ལ་ སོགས་གཟུགས་ཀྱི་དབྱེ་བས་དེ་ལ་འགའ་ཡང་མི་འགྱུར་རོ། །དེ་བས་འཛིན་པ་ལ་སོགས་བྲལ་བས་རང་དབང་གཟུགས་ལ་སོགས་པ་ཀུན་བརྟགས་ངོ་བོ་ཡིན། །མ་ལུས་གཡོ་དང་མི་གཡོའི་དངོས་པོ་དྲི་ཟའི་གྲོང་ཁྱེར་དག་དང་འདྲ་བ་ཡིན། །བདག་གིར་འཛིན་པའི་རྟོག་པའི་རྒྱུན་ གྱི་ངོ་བོས་འཁོར་བ་འདི་དག་སྟེ། །དག་པ་ཡང་ནི་དེ་ལས་ལྡོག་པའི་ངོ་བོ་ཙམ་ལ་རྣམ་པར་ཤེས་པར་བྱ། །ཆོས་ཉིད་ཀྱིས་ནི་སྲིད་དང་ཞི་བའི་ངོ་བོ་འདིར་ནི་དབྱེ་བ་འགའ་ཡང་མེད། །ཅིའི་ཕྱིར་འཛིན་པ་ལ་སོགས་རྣམ་པར་བྲལ་བ་རྟག་ཏུ་ཀུན་ལ་སྒྲུབ་པའི་ཕྱིར། །ཐམས་ཅད་འགའ་ཡང་མེད་དེ་སོ་སོར་སྣང་བའི་ རང་བཞིན་རྟོག་པ་ལས། །སེམས་ལས་གཞན་དུ་གྱུར་པའི་ང་ཞེས་འགའ་ཡང་མེད་དེ་དེ་ཕྱིར་བདག་ཀྱང་དེ། །གང་གི་ངོ་བོ་གང་ཡིན་དེ་ཡིས་དེ་ཉིད་རྟོགས་པའི་གཞི་སྟེ་ཅི་ཕྱིར་དངོས། །དེ་བས་ཐམས་ཅད་དབྱེར་མེད་ཤེས་ཏེ་དངོས་པོ་ཐམས་ཅད་དབྱེར་མེད་པ་ཉིད་ཡིན། །ཁ་ཅིག་ཡུལ་དང་ཁ་ཅིག་གཞན་དུ་ སྣང་བར་རྟོགས་པ་ཕུན་སུམ་ཚོགས་པ་གང་ཞིག་གིས། །དེ་དང་དེ་ཡི་བྲལ་དང་བྲལ་བའི་ཕྱིས་ཏེ་དེ་ཕྱིས་ཐམས་ཅད་མ་ཡིན་ནོ། །དད་དང་བརྩོན་འགྲུས་རྣམ་པར་དག་པ་དེ་བཞིན་དྲན་པ་བསམ་གཏན་དག་པས་ཀྱང་། །དམ་པའི་སྒོ་སྲུང་གཟུགས་ཏེ་ཤེས་རབ་རྣམ་པར་དག་པས་ཐམས་ཅད་ཡུལ་དུ་སྣང་། །མཚན་ མ་མེད་པའི་དག་པ་ཐམས་ཅད་དག་པས་ལྷ་མོ་ཚོགས་ཀྱི་རང་བཞིན་དང་། །ཐམས་ཅད་དོན་དང་བདག་པོ་རྣམ་པར་རྟོག་པ་རབ་ཏུ་འཇུག་པ་རྣམ་པར་དག་པ་ཡིས། །མེ་ལོང་ལ་སོགས་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་ མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །དངོས་ཉིད་དག་པས་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་འདོད་ཆགས་ཆེ། །མི་རྟོག་ནམ་མཁའི་རྡོ་རྗེ་ འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་པའི། །དག་པ་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། །ཕྱག་འཚལ་འབར་བས་བྱིན་གྱིས་བརླབས་པའི་རླུང་མེའི་དཀྱིལ་ འཁོར་གནས་འབར་བའི། །བདུད་རྩི་ལྔ་ལ་དེ་ནས་འབྲུ་གསུམ་བཟླས་པའི་དཀྱིལ་ནས་གྲངས་མེད་ཐུབ་པའི་དབང་། །ཡེ་ཤེས་བདུད་རྩིའི་རང་བཞིན་བརྩམས་ཏེ་ཡི་གེ་ཧཱུཾ་བཀོད་རྡོ་རྗེ་དམ་པའི་ལྕེ། །སྙིང་གའི་ཟླ་བའི་དབུས་སུ་མ་ལུས་རྒྱལ་བའི་དཀྱིལ་འཁོར་དེ་ཡིས་ཚིམ་པར་བྱ། །ཀུན་དུ་འཁྲུལ་པ་ སྤངས་པའི་སྙིང་གི་འོད་ཟེར་ལས་བྱུང་ཐུབ་དབང་མཐའ་ཡས་ཀྱི། །འགྲོ་བ་མ་ལུས་ཡང་དག་སངས་རྒྱས་བྱེད་པ་བཞི་ཡི་སྔགས་ནང་ཐིམ་པར་བྱ། །གཟུགས་ལ་སོགས་པའི་རྣམ་པར་གྲོལ་བས་མངོན་སུམ་གྱིས་ནི་མཐོང་མིན་དེ་འཛིན་པ། །གཟུང་བ་འགའ་ཡང་མེད་དེ་གཞན་ཡང་ཡོད་པ་མ་ཡིན་འབྲེལ་ པ་མ་མཐོང་བས། །སིམ་པ་ལ་སོགས་རང་གི་ལས་ཀྱང་འགའ་ཡང་མ་མཐོང་དེ་ཡོངས་བཟུང་བས་ན། །དུས་གཅིག་འབྲེལ་པར་གྱུར་པ་གཟུགས་ལ་སོགས་པ་བཞིན་དུ་དེ་དག་གཟུང་འཛིན་མེད། །དཀར་པོ་ལ་སོགས་གང་གིས་དང་པོར་མཐོང་བ་དེ་ཉིད་དུས་གཞན་མཐོང་བ་མིན། །དེ་གཉིས་ཕན་ ཚུན་དུ་ཡང་མི་མཐུན་ཕྱིར་ན་རྟག་ཏུ་སིམ་ལ་སོགས་པ་བཞིན། །དེ་ནས་བཟླས་པ་བྱེད་འདོད་སེམས་ཀྱིས་དངོས་ཀུན་བདག་ཉིད་རང་སེམས་བདག་པོར་ནི། །བྱས་ནས་སེམས་ཀྱི་འོད་ཟེར་ལྡན་པ་བཞི་ཡི་སྔགས་ནི་མཁས་པས་བསྒོམ་པར་བྱ། །འཕྲོ་བས་སྔགས་ཀྱི་རྒྱལ་པོ་གསལ་བར་གཏོང་དང་དགག་པའི་ དབང་དུ་བྱས་ནས་བཟླས་ནས་སུ། །སྐུ་ལ་སོགས་པ་རྣམས་ཀྱི་སྤྲོ་བའི་རིམ་གྱིས་སམ་ནི་དུས་གཅིག་བྱས་པ་ཡིས། །ནམ་མཁའི་ནང་དུ་སྐུ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་བཀང་བྱ་སྟེ། །གོང་མ་བཞིན་དུ་སྣ་ཚོགས་མཆོད་སྤྲིན་ཚོགས་རྣམས་དེ་ནས་ཀུན་དུ་དབྱུང་བར་བྱ། །མཆོག་གི་རིག་མ་འཁྱུད་པ་བདེ་ བ་ཆེན་པོ་ཆགས་པས་གཞན་དབང་མཐོང་ནས་སུ། །རྒྱས་པ་ཐུབ་པའི་དབང་པོའི་རྒྱུན་ནི་རང་གི་ལུས་ལ་མཐར་ནི་ཐིམ་པར་བྱ། །གཞི་ཡི་སྙིང་པོ་དེ་ཉིད་སེམས་དཔས་ལུས་ཉམས་ཞན་པས་སེམས་ཀྱི་སྤྱོད་ཆུང་བ། །རིག་མ་མཆོག་གི་དབྱངས་ཀྱིས་རབ་ཏུ་གསོལ་བ་བཏབ་ནས་དཀྱིལ་འཁོར་མཆོད་པར་ བྱའོ། །དམ་པའི་སེམས་ཀྱི་ཆུ་རྒྱུན་འགགས་པའི་དབུགས་ཀྱི་འོད་ཟེར་ལྕགས་ཀྱུས་དྲངས་ནས་སུ། །ལུས་ཉམ་ཆུང་ན་ཆོ་ག་བཞིན་དུ་སྐུ་ཡི་རྡོ་རྗེ་སོགས་ལ་དབབ་པར་བྱ། །དེ་ལྟར་སྐད་ཅིག་འདུག་ནས་གོང་ནས་གསུངས་པའི་ཆོ་ག་ཡིས་ནི་དེ་བཞིན་ཉིད་ཤེས་པས། །དམ་པའི་སྔགས་ཀྱིས་བཟླས་པ་ ཉིན་མཚན་མེད་པར་བྱའོ་སྔགས་ཀྱང་མ་འདྲེས་པའོ། །གསུངས་པའི་བསྟོད་དང་མཆོད་ལ་སོགས་པ་རྫོགས་པར་བསྐྱེད་པ་བརྩོན་པའི་སྔགས་པ་ཡིས། །ཕྱག་འཚལ་ལ་སོགས་བཀོད་པའི་དཀྱིལ་འཁོར་སྐུ་ལ་སོགས་པར་རྟོག་པ་བསྒོམ་པར་བྱའོ། །དེ་འདྲའི་ཆོ་ག་ དེ་ཉིད་མཐོང་བས་སེམས་ཅན་ཁམས་ནི་ངེས་དགྲོལ་དམིགས་ནས་སུ། །སྙིང་རྗེས་འགྲོ་ལ་ཕན་དོན་བརྟན་པའི་སེམས་ཀྱིས་ཆོ་ག་འདི་ཡིས་འཇིག་རྟེན་ཕན་པའི་རྒྱུ་ཕྱིར་འབྱུང་བར་བྱ། །བཛྲ་དྷྲྀཀ་ཅེས་བསྐུལ་ནས་ཐུགས་ཀྱི་རྡོ་རྗེ་འགྲོ་བའི་དོན་མཆོག་བྱེད་པ་ནི། །གཡས་གཡོན་ཞལ་ནི་དཀར་དམར་འབར་ བའི་མཐིང་ག་དམ་པ་ནོར་བུ་འདྲ་བའི་མདོག །མཆོག་གི་དང་པོ་བཞིན་དུ་ཕྱག་དང་ལྡན་པ་དུ་མའི་མདོག་གི་འོད་ཀྱི་ཚོགས། །འདུས་ནས་བདག་ལ་བློ་དང་ལྡན་པས་དངོས་པོ་ཀུན་གྱིས་ཐིམ་པར་བྱ། །ཛི་ན་ཛིཀ་ཅེས་བསྐུལ་བའི་རྡོ་རྗེ་འཛིན་ལྟར་མདོག་དང་ཞལ་སོགས་ལྡན། །ཤར་གྱི་ཟླ་བ་པདྨའི་དབུས་ སུ་འཁོར་སོགས་མཚན་པ་དེ་བཞིན་བསམ། །རཏྣ་དྷྲྀཀ་ཅེས་ལྷོ་རུ་རིན་ཆེན་དབང་ཕྱུག་ཞལ་རྣམས་གཞོན་ནུའི་མདོག་འདྲ་བ། །བཙོ་མའི་གསེར་དང་འདྲ་བ་མརྒད་རིན་ཆེན་ལ་སོགས་མཛེས་པའི་ཕྱག་དྲུག་པ། །ཨཱ་རོ་ལྀཀ་ཅེས་པདྨ་རཱ་ག་བཞིན་དུ་དམར་ལ་ཞལ་གཉིས་དེ་བཞིན་ཏེ། །སྣང་བ་མཐའ་ཡས་ འབར་བ་འོད་ལྡན་ནུབ་ཏུ་པདྨ་ལ་སོགས་མཚན་པའི་ཕྱག །མ་ར་ག་ཏའི་ནོར་བུ་ལྟ་བུ་སྔོན་བཞིན་ལ་སོགས་ཕུན་སུམ་ཚོགས་ལྡན་པ། །བྱང་དུ་དོན་ཡོད་ཅེས་པ་པྲཛྙཱ་དྷྲྀཀ་ཅེས་རལ་གྲི་ལ་སོགས་རྣམ་ལྡན་པ། །མཛེས་པའི་རལ་པའི་དབུ་རྒྱན་སྣ་ཚོགས་རིན་ཆེན་འོད་ཀྱིས་རབ་བརྒྱན་པ། །རིག་མ་དང་བཅས་ ལུས་ཅན་ཐམས་ཅད་ཉི་མའི་དཀྱིལ་འཁོར་ལ་ནི་བསམ་པར་བྱ། །མེ་ཡི་ཕྱོགས་མཚམས་སུ་ནི་མོ་ཧ་ར་ཏཱི་ཞེས་པས་ལྷ་མོ་སྤྱན་མར་གྱུར། །བཟླས་པ་རྫོགས་པའི་དཀྱིལ་འཁོར་ལ་གནས་མཆོག་གི་འཇོ་སྒེག་སྐུ་ཡི་རྡོ་རྗེའི་མདོག །བདེན་བྲལ་དག་ལ་སྒེག་མོ་ཐུགས་ཀྱི་དབང་ཕྱུག་ལྟ་བུར་མཛེས་པའི་ཞལ། །དྭེ་ ཥ་ར་ཏཱི་ཞེས་པས་དགའ་བ་མཆོག་ཏུ་སྤྲོ་བ་མཱ་མ་ཀཱི་ཞེས་བྱ། །ངག་དབང་དྲི་མེད་སྐུ་ནི་རཱ་ག་ར་ཏཱི་ཞེས་ནི་རེ་ཞིག་བསམ་པ་ལ། །སེམས་ཀྱི་དྲི་མེད་ངོ་བོ་ཉིད་པས་སངས་རྒྱས་ཀུན་གྱི་གཟུགས། །དེ་ཉིད་དག་དང་སྦྱོར་བས་དཀྱིལ་འཁོར་བདག་པོ་ཉིད་དུ་ཆེར་གནས་དེ་དག་གོ། །གཟུགས་སོགས་འཁྲུལ་དང་བྲལ་ བས་དྲི་མེད་ལ་སོགས་དངོས་གྲུབ་པའོ། །སེར་སྣ་ལ་སོགས་འདས་པས་གྲུབ་པའི་ཕ་རོལ་ཕྱིན་དང་ས་དང་དཀར་བའི་ཆོས་ཀྱི་དབྱིངས། །རྣམ་པར་རྟོག་མེད་བདག་གཞན་འབྱུང་བའི་རྐྱེན་ཉིད་རིམ་པ་ལའོ། །ཟབ་ཅིང་རྒྱ་ཆེ་ཉིད་ཀྱང་ཐབས་དང་ཤེས་རབ་བདག་ཉིད་དུ་ནི་སེམས་པའོ། །དོན་དམ་པར་ཡང་ དབྱེར་མེད་དབྱེར་མེད་མ་ཡིན་ཁ་ཅིག་འདོད་དེ་གཞན་ཕྱིར་ན། །གཞན་དུ་གཟུང་བའི་གནས་མེད་ཕྱིར་དང་དེ་བཞིན་དབྱེ་སོགས་རྟོགས་པའི་མི་འབྱོར་ཕྱིར། །དེ་ལྟར་བརྟགས་ནས་ཞི་བའི་སྙིང་པོ་དྲི་མེད་ཟླ་བར་གནས་པའི་མཚན་མའི་དབུས་གནས་པའི། །དམ་པའི་སྔགས་ཀྱི་ཐིག་ལེའི་གཟུགས་སུ་རང་ གི་སེམས་ནི་འོད་ལྡན་བསྒོམ་པར་བྱ། །སེམས་དེའི་འོད་ཟེར་ཕྲེང་བས་སྐུ་གསུང་རྡོ་རྗེ་མཆོག་གི་ལུས་ལ་གསལ་བྱས་ནས། །དེ་ནས་ལུས་ནང་ཐམས་ཅད་གསལ་བར་བྱས་ནས་ཀུན་དུ་དེ་ཉིད་མཐའ་ཡས་པས། །སོ་སོར་བ་སྤུ་ལས་བྱུང་འོད་ཀྱི་སྡེ་ཡིས་སྣ་ཚོགས་ཀུན་དུ་གང་བྱས་ཏེ། །སླར་ཡང་དེ་ཉིད་ དུ་ནི་ཐིམ་སྟེ་ཡེ་ཤེས་བདུད་རྩིའི་རྒྱུན་ནི་བསྒོམ་པར་བྱ། །ཡང་ན་རང་གི་ཕྱག་མཚན་ཕྲ་མོ་གསལ་བ་སྣ་རྩེར་གནས་པར་བསྒོམ་པར་བྱ། །ནང་དུ་ཐུབ་པའི་དཀྱིལ་འཁོར་སྙིང་རྗེ་ཅན་གྱིས་ཉིན་མཚན་དམ་པའི་ཤེས་རབ་ལྡན། །བརྟན་པའི་མཚན་མ་མཐོང་ནས་སྤྲོ་བ་དེ་ཡི་འོད་ཟེར་ཐུབ་དབང་ལས་བྱུང་དང་། ། རྣམ་པ་སྣ་ཚོགས་ཕྱག་མཚན་རྣམས་ཀྱང་ཡང་དང་ཡང་དུ་བློ་དང་ལྡན་པར་བྱ། །བསྡུ་བ་བསྔོ་དང་སྨོན་ལམ་རྣམས་ནི་སྔོན་དུ་བྱ། །ལངས་ནས་དག་པའི་སེམས་དཔའ་རང་གི་ལྷ་ཡི་རྣམ་པ་འཛིན་པའི་སེམས་ལྡན་པ། །ཡུལ་ལས་གསལ་བ་ལ་གནས་གོང་མ་བཞིན་དུ་ཡོངས་སུ་བསྒོམས་ནས་ཡུལ་རྣམས་ ཀྱང་། །སྐུ་ལ་སོགས་པའི་རྡོ་རྗེར་གྱུར་པ་གོ་རིམས་རང་གི་རང་བཞིན་དག་པ་ཡིས། །ཆོས་ཉིད་ཀྱིས་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ལྟ་བུར་གཞན་དང་གཞན་དུ་དབྱེར་མེད་ཆོས། །ཐམས་ཅད་བྱ་བ་བྱའོ་ཕྱིན་ཅི་ལོག་པའི་རྟོག་པ་ལས་ནི་གྲོལ་བ་ཡི། །ཐུབ་པའི་དཀྱིལ་འཁོར་ཐམས་ཅད་མཆོད་པའི་མཆོག་ འདི་དག་གིས་རྟག་ཏུ་དེ་ཡིས་སོ། །བཟའ་བའི་དུས་ན་སྙིང་ག་རུ་ནི་གཞི་ཡི་ས་བོན་རྣམས་ནི་དམིགས་ནས་སུ། །བྱང་ཆུབ་སེམས་དང་ལྡན་པའི་རང་བཞིན་ཀུན་དུ་འོད་ཟེར་འབར་བ་བསམ་པར་བྱ། །ཐམས་ཅད་མཉམ་ཉིད་དག་པའི་བཟའ་བ་དེ་ཉིད་གསུམ་གྱི་སྔགས་ནི་གདབ་བྱས་ཏེ། །དེས་ནི་སྐུ་ཡི་ རྡོ་རྗེ་ལ་སོགས་ལྷ་རྣམས་རབ་ཏུ་ཚིམ་པར་བྱ། །ཕྱི་ཡི་སྦྱིན་སྲེག་ཆོ་ག་རྗེས་སུ་དཔག་ཙམ་ཡིད་ལས་བྱུང་བའི་སེམས་ཉིད་དེ། །ཕུང་པོ་ལ་སོགས་བུད་ཤིང་བསྲེགས་ནས་ཡེ་ཤེས་མེ་སྦར་བ་ནི་བླ་མེད་གསུངས། །དེ་ལྟར་ཐམས་ཅད་འདོད་པ་རྣམས་ཀྱིས་བདག་ལ་རང་རང་ལྷ་ཡི་ གཟུགས་ཉིད་ལ། །མཆོད་པར་བྱ་བ་གཞན་ཡང་དམ་ཚིག་དེར་ནི་བདེ་བར་གཤེགས་རྣམས་འདོད་པ་ཡིན། །རྗེས་སུ་རིག་པ་འགྲོ་བའི་དོན་དང་བདེ་གཤེགས་ཀུན་ལ་མཆོད་པ་ཡང་བྱས་ཏེ། །ལུས་ལ་སོགས་པའི་ལས་ཀྱང་དེ་བཞིན་རྟག་ཏུ་མཉམ་པར་གཞག་པར་བྱ་བ་ཡིན། །དེ་འདྲའི་རྣམ་པའི་ སེམས་ལ་འགའ་ཞིག་ལུས་ངག་དངོས་ཀྱི་ལས་ནི་གང་ཡིན་པ། །དེ་དག་ཐམས་ཅད་ཕྱག་རྒྱའི་སྔགས་ཀྱི་རྣམ་པར་སངས་རྒྱས་ཀྱིས་ནི་གསུངས་པ་ཡིན། །གཅིག་པུ་ཁོ་ནའི་གཞི་ལ་སྣ་ཚོགས་རྟོག་པས་བསགས་པའི་རྣམ་པ་དེ་རྣམས་ནི། །སྡུག་བསྔལ་བདེ་བ་གྲོལ་བ་བསྐྱེད་པ་ལས་ནི་ཁྱད་པར་ཅི་ཡི་ ཕྱིར། །དགེ་དང་མི་དགེའི་རྣམ་པས་ལུས་ལ་སོགས་པ་སེམས་ཀྱི་དབང་གི་ཕྱིར་ཞེས་གསུངས། །བདེ་བས་ཉེས་པ་ཐམས་ཅད་སྤངས་པའི་སེམས་ལ་ནག་པོའི་ལུས་སུ་གྱུར། །དམ་ཚིག་ཟད་མ་ཐག་ཏུ་ཇི་བཞིན་སྙིང་ཟླར་བཞག་པའི་རྡོ་རྗེ་རྒྱ་གྲམ་སེམས། །དཔལ་ལྡན་དམ་ཚིག་རྡོ་རྗེའི་སྦྱོར་བས་རང་ བཞིན་རྣམ་དག་འགྲོ་བ་བསམས་ནས་ནི། །སྣ་ཚོགས་པདྨའི་དབུས་སུ་གོང་མའི་རིམ་པས་དབང་བསྐུར་བ་ནི་བསྒོམ་པར་བྱ། །ཕྱི་ཡི་ཁྲུས་ཀྱི་ཆོ་ག་ལ་ཡང་རིམ་པ་འདི་དག་ཁྱད་པར་དུ་ནི་བསམ་སྲིད་ཀྱི། །མཚམས་ལའང་དེ་བཞིན་མཆོད་པ་ལ་སོགས་སྔོན་དུ་བྱས་ནས་བཟླས་བྱས་ཏེ། །སེམས་ཀྱི་ནང་དུ་ གནས་པའི་འཁོར་ལོས་ཤེས་རབ་སྙིང་རྗེར་ལྡན་པས་ཉལ་བར་བྱ། །ཐོ་རངས་ལངས་པའི་དུས་ན་ལྷ་མོ་རྣམས་ཀྱི་དབྱངས་ཀྱིས་བསྐུལ་ནས་དཔལ་ལྡན་པས། །བྱས་ནས་ལངས་ཏེ་ཐུབ་པས་བཟླས་པ་ལ་སོགས་གོང་མའི་ཆོ་ག་ཉིད་ཀྱིས་བྱ། །གྲུབ་པའི་མཚན་མ་ཐོབ་པས་དེ་ཉིད་གསུམ་གྱི་མཆོད་པའི་ཆོ་ག་བྱས་ ནས་ཞི་སེམས་ལ། །གོང་ནས་གསུངས་པའི་དཀྱིལ་འཁོར་ལ་གནས་པས་ནི་འདོད་པའི་དངོས་གྲུབ་འགྲུབ། །བདུད་རྩི་ཞེས་པའི་དཀྱིལ་འཁོར་ལ་ནི་དབང་བསྐུར་བྱས་ཏེ་ནན་ཏན་དགྲ་གཞོམ་བྱ། །གང་ཞིག་དེ་ཡི་དབུས་ལ་གནས་ཏེ་གྱུར་པ་དེ་ནི་དེ་ཡི་འཁོར་ལོ་ཡིན། །སྒྱུ་མ་རྣམ་པར་རྟོག་པར་གྱུར་ལས་ གཞན་འགའ་འང་སྲིད་པའི་སྡུག་བསྔལ་ཡོད་པ་མེད། །དེ་དང་མི་མཐུན་པ་ནི་དེ་དག་སེམས་དཔའ་མངོན་སུམ་དུ་ནི་བྱང་ཆུབ་ཤེས་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་དེ་ལ་གང་ཡང་སྣང་བ་མ་ཡིན་རྟོག་མེད་པས། །ཀུན་རྫོབ་པ་ལས་ལྷག་པ་གཞན་ནི་མེད་དོ་ཞེས་ཏེ་གྲུབ་པར་སྔར་བྱས་སོ། །གང་དག་གང་ ཞིག་མི་མཐུན་དུས་གཅིག་འགྱུར་བ་དེ་གསལ་མཆོག་གྱུར་ཅི་ཡི་ཕྱིར། མཐོང་བ་གོམས་པ་འཕེལ་བའི་ཕྱིར་ན་རང་གི་མི་མཐུན་གཏན་དུ་འགག་པ་ཡིན། །རྒྱུ་ཡི་གཞི་ཡི་ངོ་བོ་རྣམས་ལ་བདག་མེད་ལྡན་ཡང་སྦིན་ལ་སོགས་པ་ནི། །འགོག་པ་མ་ཡིན་ཅིའི་ཕྱིར་བདེན་ཡང་དེ་ལས་ལོག་པར་མི་བྱེད་དོ། །དེ་ལྟར་ ཤེས་ནས་སྙིང་རྗེ་ལྡན་པས་རྫོགས་ཆེན་ཡེ་ཤེས་རབ་ཏུ་འགྲུབ་པའི་སེམས། །དཔལ་ལྡན་ཀུན་དུ་བཟང་པོ་གཞི་ཡི་དངོས་པོ་གང་གིས་བསྒོམ་པར་མི་བྱའོ། །དྲི་མེད་བློ་གྲོས་འོད་ཟེར་གྱིས་ནི་མུན་པ་ཐམས་ཅད་སྤོང་བར་བྱེད་རྣམས་ཀྱིས། །རྣམ་པར་མཛད་ལ་དེ་ནི་བདག་འདྲའི་གོ་སྐབས་ག་ལ་ཡིན་ཏེ་གཞག་ པར་བྱ། །སྐྱེ་བོ་བླ་མའི་འདོད་པ་གང་ལ་འགའ་ཞིག་དང་པོར་དེ་ནི་གཟུང་བྱས་ནས། །བཅིངས་པ་གྲོལ་འདོད་ཅི་ཡི་ཕྱིར་ན་དེའི་ཕྱིར་བདག་གིས་སེམས་ཁྲལ་འདི་བྱས་སོ། །དེ་ལྟར་བྱས་པ་ལས་བྱུང་དགེ་བ་དྲི་མེད་གང་ཡིན་དེ་ཡིས་འགྲོ་ཡིད་ནི། །སངས་རྒྱས་ཡེ་ཤེས་མགོན་པོ་དེ་ལ་གནས་པའི་གོ་ འཕང་རྟག་ཏུ་བསམ་གྱུར་ཅིག །བསྙེན་བསྒྲུབ་ཡན་ལག་བཞི་པའི་སྒྲུབ་ཐབས་ཀུན་དུ་བཟང་མོ་ཞེས་བྱ་བ། དཀྱིལ་འཁོར་ཆེན་པོའི་སློབ་དཔོན་སངས་རྒྱས་དཔལ་ཡེ་ཤེས་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱི་རྟིས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཧེ་རུ་ཀའི་སྒྲུབ་པའི་ཐབས། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཧེ་རུ་འགྲོ་བའི་མགོན། །བསྒྱུར་ནས་དོན་ཀུན་ཕུན་སུམ་ཚོགས། །འགྲོ་ལ་ཕན་པར་བྱ་བའི་ཕྱིར། །དང་པོ་འདི་ལྟར་བསྒོམ་པར་བྱ། ། ཟུར་གསུམ་ཆོས་ཀྱི་དབྱིངས་གནས་པ། །གཞལ་ཡས་ཁང་གི་དཀྱིལ་འཁོར་ལ། །སྣ་ཚོགས་པདྨ་ཟླ་བ་ལ། །རྡོ་རྗེའི་ལྟེ་བར་ཟླ་བའི་འོད། །དབུས་ཞལ་སྐུ་ནི་ཤེལ་འདྲ་བ། །གཡས་གཡོན་གནག་དང་དམར་བའོ། །རང་འོད་ཤེས་རབ་ཉིད་ཀྱིས་འཁྱུད། །རྡོ་རྗེ་རལ་གྲི་རིན་ཆེན་པད། །རྡོ་རྗེ་སེམས་ དཔའ་བསྒོམས་ནས་ཀྱང་། །རང་སེམས་ཡི་གེ་གསུམ་དུ་བྱ། །རྡོ་རྗེ་དེ་ལས་པདྨར་བབས། །འདོད་ཆགས་མེ་ཡིས་ཐམས་ཅད་ཞུ། །སྤྱན་ལ་སོགས་པས་རང་དབྱངས་ཀྱིས། །བཞེངས་པའི་དོན་དུ་བསྐུལ་བར་བྱ། །འཇིག་པའི་མེ་དང་འབར་མཉམ་པ། །ཧྲཱིཿལས་ སྐྱེས་པའི་རྡོ་རྗེའོ། །དེ་བསྐྱེད་སྙིང་རྗེའི་ཁྲོ་བོ་ནི། །འཇིགས་བྱེད་ཆེན་པོ་ཐོད་ཕྲེང་ཐོགས། །ཁྲོ་གཉེར་སྐྲ་སྨིན་གྱེན་དུའང་འབར། །ནག་པོ་མཆེ་བ་གཙིགས་པའི་ཞལ། །གཡས་ནི་དཀར་པོ་གཡོན་དམར་ཏེ། །དུར་ཁྲོད་ཐལ་བས་བསྐུས་པའི་སྐུ། །དྲག་པོ་ལ་སོགས་དྲུག་དང་ལྡན། །རང་གི་ རིག་མ་ཉིད་ཀྱིས་འཁྱུད། །རྡོ་རྗེ་ནག་པོ་རལ་གྲི་དང་། །ཁ་ཊྭཱཾ་རིན་ཆེན་རྒྱལ་མཚན་འཛིན། །ཀེང་རུས་གསུམ་ཕྲེང་དབུ་ལ་བཅིངས། །ཡང་དག་རྒྱན་དང་ན་བཟར་ལྡན། །གཡས་ཀྱི་འོག་ན་བཞིན་གནོན་པ། །གཡོན་གྱི་བརླ་ཡིས་ནུ་མར་གཟིར། །ཁྲོ་བོའི་སྐྱིལ་ཀྲུང་ལེགས་གནས་པ། །བདག་ ཉིད་ཧེ་རུ་ཀར་བསྒོམས་ཏེ། །སངས་རྒྱས་ཀུན་གྱི་དབང་དྲུག་བསྒོམ། །སྐུ་གསུང་ཐུགས་ཀྱང་ཡི་གེ་གསུམ། །ཐུགས་ཀར་ཡེ་ཤེས་སེམས་དཔའ་དང་། །མི་བསྐྱོད་དབུ་རྒྱན་འབྲས་བུ་མཆོག །དམ་པའི་དགའ་བ་བདེ་བ་མྱངས། །འཕྲོ་དང་འདུ་བའི་གཟུགས་བྱད་ཅན། །ཡེ་ཤེས་སེམས་ དཔའ་བསྒོམས་ནས་ནི། །རྣལ་འབྱོར་སྦྱོར་བ་ཐོབ་པར་འགྱུར། །དཔའ་བོ་ལྔ་དང་བདུད་རྩི་ལྔ། །པདྨ་བྷནྡྷ་ལ་བཞག་སྟེ། །སྐྲ་བཤིག་ཐལ་བས་ལུས་བསྐུས་ནས། །རྟག་ཏུ་བསྒོམས་ནས་བཟའ་བར་བྱ། །དེ་བཞིན་གཤེགས་པ་མཆོད་པ་དང་། །འགྲོ་བ་ཀུན་གྱི་དོན་བྱེད་དང་། །ཤེས་ རབ་སྙིང་རྗེ་བསྒོམ་པ་དང་། །རྡོ་རྗེ་དབྱངས་བླང་ཐོད་རྒྱན་དང་། །ཅང་ཏེའུ་ཁ་ཊྭཱཾ་གཟུང་བ་དང་། །བསྒོམས་ནས་སྙིང་པོ་བཟླས་པ་དང་། །གསང་ནས་རྣལ་འབྱོར་དུས་རྟག་ཏུ། །དེ་ལྟར་བརྟུལ་ཞུགས་ཧེ་རུ་ཀ །ཧེ་རུ་ཀ་ཡི་གནས་དགུ་ལ། །མཚན་མོ་བསྒྲུབ་པར་བསྙེན་པར་བྱ། །ཧེ་རུ་ཀའི་སྒྲུབ་པའི་ཐབས་ སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀ་སཱ་དྷ་ནཱཾ་བྲྀཏྟི། བོད་སྐད་དུ། དཔལ་ཧེ་རུ་ཀ་སྒྲུབ་པའི་ཐབས་ཀྱི་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མི་བསྐྱོད་རྡོ་རྗེ་གནས་གྱུར་པ། །རྡོ་རྗེ་ཁྲོ་བོ་སྒྲུབ་ པའི་ཚུལ། །དཔལ་ལྡན་འདུས་པའི་གཞུང་བརྟེན་པའི། །བླ་མའི་མན་ངག་ལ་བརྟེན་ནས། །ཚིག་ལེར་བྱས་པའི་གསལ་སྐྱེད་པ། །བདག་གིས་རབ་ཏུ་སྦྱར་བ་ཡིན། །དེ་ལ་བསྐྱེད་པའི་རིམ་པ་དང་། །སྒྲུབ་པའི་བརྟུལ་ཞུགས་དང་། མཉམ་པར་བཞག་པ་དང་། མ་བཞག་པའི་རིམ་པས་རྡོ་རྗེ་ཁྲོ་ བོ་ཧེ་རུ་ཀ་སྒྲུབ་པའི་ཐབས་དཔལ་གསང་བ་འདུས་པའི་རིམ་པས་ཤེས་པར་བྱའོ། །དེ་ཡང་བསྐྱེད་པའི་རིམ་པ་ཞེས་པ་ལ་སོགས་པ་དེ་ཅིའི་ཕྱིར་འདི་མཛད་ཅེ་ན། །དཔལ་ལྡན་ཧེ་རུ་འགྲོ་བའི་མགོན། །བསྒྱུར་ནས་དོན་ཀུན་ཕུན་སུམ་ཚོགས། །འགྲོ་ལ་ཕན་པར་བྱ་བའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། དཔལ་ ཧེ་རུ་ཀ་ནི་འགྲོ་ལ་ཕན་པར་བྱ་བའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །ཚིག་གི་དོན་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་དཔལ་ཏེ། དེ་གང་ལ་ཡོད་པ་དེ་ལ་དཔལ་ལྡན་ཞེས་བྱ་སྟེ། དེ་ཉིད་ཧེ་རུ་ཀའོ། །དེ་བས་ན་དཔལ་ལྡན་ཡང་ཡིན་ལ་ཧེ་རུ་ཀ་ཡང་ཡིན་པས་ན་དཔལ་ལྡན་ཧེ་རུ་ཀ་སྟེ། །དངོས་སུ་དཔལ་ ལྡན་ཧེ་རུ་ཀ་ཞེས་བྱ་བའི་དོན་ཏོ། །ཧེ་རུ་ཀ་དེ་ཡང་ངེས་པའི་ཚིག་གི་ཚུལ་གྱིས་ན་ཧེ་ཞེས་བྱ་བའི་ཚུལ་གྱིས་ན་རྒྱུ་ཡིན་ལ། དེ་དང་བྲལ་བས་ན་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོའོ། །དུ་ནི་རུ་ཏི་ར་སྟེ་སྨོན་པ་མེད་པའོ། །ཀ་ནི་ཀ་ར་སྟེ་བྱེད་པ་དང་བྲལ་བས་སྟོང་པ་ཉིད་དོ། །དེ་ལྟར་རྣམ་པར་ཐར་པའི་སྒོ་གསུམ་ གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྡོ་རྗེ་ཁྲོ་བོ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དེས་ཅི་མཛད་ཅེ་ན། འགྲོ་བའི་མགོན་ཞེས་བྱ་བ་སྨོས་ཏེ། འགྲོ་བ་ལྔའི་སྐྱབས་མཛད་པའོ། །ཐབས་གང་གིས་མཛད་ཅེ་ན། བསྒྱུར་ནས་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྣང་མཛད་ལ་སོགས་པས་མི་འདུལ་བ་ལ་རྡོ་རྗེ་ཁྲོ་བོར་ བཅོམ་ལྡན་འདས་མི་བསྐྱོད་པ་དེ་ཉིད་ཀྱིས་ཁྲོ་བོར་མཛད་པའོ། །དོན་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་སོ། །དེ་ཉིད་ཕུན་སུམ་ཚོགས་པ་སྟེ། སྐྱབས་སུ་འགྲོ་བ་ལ་སོགས་པའོ། །བསྐྱེད་པའི་རིམ་པ་ནི། དང་པོར་འདི་ལྟར་ཞེས་བྱ་བ་སྨོས་ཏེ། དང་པོ་ནི་ཐུན་བཞིར་བྱས་པའི་དང་པོའོ། །ནམ་གྱི་ཆ་བརྒྱད་དུ་བྱས་པའི་ཐ་མ་ནི་དང་པོ་སྟེ། དེ་ལས་ ལངས་ནས་ལྷ་ཡི་ཁོང་པར་སོང་ནས། ཁྲུས་བྱ་བ་དང་དྲི་ཞིམ་པོས་བྱུག་པ་དང་། མཎྜལ་བྱ་བ་དང་། མེ་ཏོག་གི་སིལ་མ་དགྲམ་པ་དང་། དྲིའི་ཐིག་ལེ་བྱ་བ་ལ་སོགས་པ་བྱས་ལ། སྟན་བདེ་བ་ལ་འདུག་སྟེ། འདི་ལྟར་དྲན་པར་བྱའོ། །བདག་སྔོན་སློབ་དཔོན་ལས་གསང་བ་འདུས་པའི་དཀྱིལ་འཁོར་དུ་ ཞུགས་པ་ལ་སོགས་པའི་དམ་ཚིག་ལ་སོགས་པ་ཞིག་པ་དང་མ་ཞིག་པ་དྲན་པར་བྱས་ལ། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ཤེལ་ལྟ་བུ་གྱེན་དུ་ལྟ་བ་བསམ་པར་བྱའོ། །དེ་ནས་མདུན་གྱི་ནམ་མཁའ་ལ་དེ་བཞིན་གཤེགས་པ་དང་། རྡོ་རྗེ་ཁྲོ་བོ་དང་བླ་མ་ རྣམས་ཐ་མི་དད་པར་བྱས་ལ། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་བར་མཚམས་མེད་པར་བསྒོམ་པར་བྱའོ། །དེ་ནས་སྙིང་གའི་ཧཱུཾ་ལས་གཟུགས་རྡོ་རྗེ་ལ་སོགས་པ་དང་། བདུག་པ་ལ་སོགས་པ་མཆོད་པ་རྣམ་པ་ལྔས་དེ་དག་ལ་མཆོད་པ་དང་། ཕྱག་འཚལ་བ་དང་། བཤགས་པ་དང་། སྐྱབས་སུ་འགྲོ་ བ་དང་། སེམས་བསྐྱེད་པ་ལ་སོགས་པ་དང་། ཚད་མེད་པ་བཞི་ལ་སོགས་པ་བསྒོམ་པར་བྱའོ། །དེ་ནས་རྣམ་པར་ཐར་པའི་སྒོ་གསུམ་བསྒོམས་ཏེ། ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་བསྒོམ་པར་བྱས་ལ། དེ་བརྟན་པར་བྱ་བའི་ཕྱིར། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྟོང་པ་ཉིད་ ཀྱི་སེམས་དེ་ཉིད་ཡི་གེ་གསུམ་དུ་བསམ་མོ། །དེ་ནས་ཧཱུཾ་ལས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱ་བ་དང་། ཕྱོགས་མཚམས་བསྲུང་བར་ཡང་བྱའོ། །དེ་དག་ནི་འདི་ལྟར་ཞེས་བྱ་བའི་སྒྲ་ནི་ཇི་ལྟར་ཞེས་བྱ་བའི་དོན་ཏོ། །སྒྲ་དེས་མཚོན་པར་ཤེས་པར་བྱའོ། །དེ་ནས་ཇི་ལྟར་བྱ་ཞེ་ན། བསྒོམ་པར་བྱ་ཞེས་སྨོས་སོ། ། གང་དུ་སྒོམ་པ་དང་གཟུགས་ཅི་ལྟར་བསྒོམ་པར་བྱ་ཞེ་ན། ཟུར་གསུམ་ཆོས་ཀྱི་དབྱིངས་གནས་པ། །ཞེས་བྱ་བ་སྨོས་ཏེ། དེ་ནི་རྡོ་རྗེའི་ས་གཞིའི་དབུས་སུ་སྟེ། །དེའི་གཟུགས་ནི་ཟུར་གསུམ་པ་གྱེན་དུ་བསྒྲེང་བ། ནམ་མཁའི་རང་བཞིན་བསམ་མོ། །དེའི་ནང་དུ་སྣ་ཚོགས་པདྨ། དེའི་སྟེང་དུ་སྣ་ཚོགས་ རྡོ་རྗེའི་ལྟེ་བ་ལ་ཡི་གེ་བྷྲཱུཾ་ལས་འཁོར་ལོ་རྩིབས་བཅུ་གཉིས་ལ་ལྟེ་བ་བྷྲཱུཾ་ཡིག་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་རིག་པ་དང་བཅས་པའོ། །དེ་ལས་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། རྟ་བབས་དང་། ཁ་ཁྱེར་དང་། གཟུགས་དང་མེ་ཏོག་ལ་སོགས་པས་བརྒྱན་ པར་བསྒོམས་ལ། དེའི་དབུས་སུ་པདྨའི་གདན་ལ་ཟླ་བའི་དཀྱིལ་འཁོར་བསམ་མོ། །དེའི་ཕྱིར་ན་གཞལ་ཡས་ཁང་གི་དཀྱིལ་འཁོར་གྱི་དབུས་སུ། སྣ་ཚོགས་པདྨ་ཟླ་བ་ལ། །ཞེས་སྨོས་སོ། །གདན་དེ་ལ་ཅི་ཞིག་གནས་ཤེ་ན། དེ་ལ་མཚན་གྱི་ས་བོན་ཨཱ་ལི་དང་། དཔེ་བྱད་ཀྱི་ས་བོན་ཀཱ་ལི་གོ་ རིམས་བཞིན་ཉིས་འགྱུར་དུ་བྱས་ཏེ། སུམ་ཅུ་རྩ་གཉིས་དང་། བརྒྱད་ཅུ་བསམ་པར་བྱའོ། །དེ་ལས་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཟླ་བ་བརྩེགས་མ་བསམ་མོ། །དེར་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པའོ། །དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཁྲོ་བོའི་ཚུལ་གྱིས་བཞུགས་ པ་བཀུག་ལ། རྡོ་རྗེའི་ཧཱུཾ་ལ་སླར་བསྡུས་ནས། །བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་བྱས་ལ། དེ་རྣམས་ལས་རྡོ་རྗེ་སེམས་དཔའི་སྐུ་བསྐྱེད་དོ། །དེའི་ཆ་ལུགས་བསྟན་པར་བྱ་བའི་ཕྱིར། །དབུ་ཞལ་སྐུ་ནི་ཤེལ་འདྲ་བ། །ཞེས་པ་སྟེ། ཞལ་དབུས་མ་དང་སྐུ་མདོག་ཤེལ་ལྟ་བུའོ། །གཡས་ནི་གནག་ པའོ། །གཡོན་ནི་དམར་བའོ། །ཕྱག་དང་པོ་གཉིས་ཀྱིས་རིག་མ་ལ་འཁྱུད་པའོ། །གཡས་ཀྱི་གཉིས་པ་ན་རྡོ་རྗེ། གསུམ་པ་ན་རལ་གྲིའོ། །གཡོན་གྱི་གཉིས་པ་ན་རིན་པོ་ཆེ་ཟུར་གསུམ་པ། གསུམ་པ་ན་པདྨ་དཀར་པོའོ། །དེ་བས་ན་རྡོ་རྗེ་སེམས་དཔའ་བསྒོམས་ནས་ཀྱང་ཞེས་བྱ་བ་སྨོས་ སོ། །ཀྱང་གི་སྒྲས་ནི་དེ་བསམ་པར་བྱ་བ་ཡིན་གྱི། མངོན་སུམ་དུ་བདག་ཉིད་བྱ་བ་མ་ཡིན་ཏེ། རང་གི་སེམས་སྲིད་པ་བར་མའི་གཟུགས་སུ་གནས་པའི་ཕྱིར་རོ། །རིག་པ་ནི། ཤེས་རབ་གཉིས་ཀྱིས་འཁྱུད། ཅེས་བྱ་བས་དང་པོར་དུས་གཅིག་ཏུ་བསྐྱེད་པ་ཡིན་གྱི། དུས་ཕྱིས་བསྐྱེད་པ་མ་ཡིན་ ནོ། །དེ་ནས་གདུག་པ་རྣམས་གདུལ་བར་བྱ་བའི་ཕྱིར། རང་གི་ལུས་ལ་ཐབས་དང་ཤེས་རབ་ཀྱི་སྦྱོར་བས་བདེ་བ་བསྐྱེད་ལ། རྒྱལ་བའི་ཚོགས་རང་གི་ལུས་ལ་བཅུག་ནས་དེ་ལྷ་མོ་དགུར་སྤྲུལ་ལ། གྱེན་དུ་རྒྱུ་བའི་རླུང་གིས་བཏོན་ཏེ། རིག་པ་ལ་ཐིམ་པར་བྱས་ལ། དེའི་གསང་བར་དཀྱིལ་འཁོར་ སྤྲུལ་ལ། དཀྱིལ་འཁོར་དེའི་དབུས་སུ་ཡེ་ཤེས་སེམས་དཔའ་བསམས་ལ། དེའི་ཕྱོགས་བཞིར་མཱ་མ་ཀཱི་ལ་སོགས་པ་བཞི་བསམ་པར་བྱའོ། །དཀྱིལ་འཁོར་དེར་ཡང་འགྲོ་བ་རྣམས་བཅུག་ལ་དབང་བསྐུར་ཏེ། ཀྵིཾ་ལ་སོགས་པས་དབྱུང་བར་བྱའོ། །དེ་ལྟ་བུ་དེའི་སྐྱེ་གནས་དེ་མཐོང་བ་དང་། བདག་ཀྱང་དེ་ལྟ་བུ་ཐོབ་པར་བྱའོ་ཞེས་འདོད་པ་སྐྱེས་ཏེ། སེམས་དེ་དེར་མར་མེའི་འོད་ཀྱི་ཚུལ་དུ་ཞུགས་པར་བསམ་མོ། །དེ་ནས་རིགས་ལྔ་ཞུགས་ཏེ། རྡོ་རྗེའི་ལམ་ནས་བྱུང་བ་པདྨར་ཕབ་སྟེ། སེམས་ཡི་གེ་ལྔའི་ངོ་བོ་དེ་འོད་དུ་ཞུ་བར་གྱུར་ཏོ། །དེ་བས་ན། རྡོ་རྗེ་དེ་ལས་པདྨར་བབས། །འདོད་ ཆགས་མེ་ཡིས་ཐམས་ཅད་ཞུ། །ཞེས་བྱ་བ་དེའི་བཤད་པ་ཡིན་ནོ། །དེ་ལྟ་བུའི་མངལ་གྱི་གནས་སྐབས་ནི་མིང་དང་གཟུགས་ཀྱི་དང་པོ་དེ་ལ་བསྐུལ་བར་བྱ་བའི་ཕྱིར། སྤྱན་ལ་སོགས་པ་རང་དབྱངས་ཀྱིས། །བཞེངས་པའི་དོན་དུ་བསྐུལ་བར་བྱ། །ཞེས་པ་སྟེ། ལྷ་ མོ་སྤྱན་གྱིས་བསྐུལ་བ་འདི་ལེན་ཏེ། སེམས་ཅན་ཁམས་ན་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་བདུན་པ་ལས་གསུངས་པའི་གླུ་བཞིས་བསྐུལ་བར་བསམ་མོ། །དེ་ལས་མེ་དཔུང་འབར་བ་ལྟ་བུའི་ཧྲཱིཿབསམས་ལ། དེ་ལས་ཁྲོ་བོ་བསྐྱེད་པའོ། །གལ་ཏེ་སྙིང་རྗེ་སེམས་ལས་བྱུང་བ་དགེ་བ་ཡིན་ལ། ཁྲོ་བོ་ ནི་ཉེ་བའི་ཉོན་མོངས་པ་ཞེ་སྡང་གི་ཆ་ལ་གཏོགས་པ་ཡིན་ན་ཇི་ལྟར་སྙིང་རྗེའི་ཁྲོ་བོ་ཞེས་བྱ་ཞེ་ན། འདི་ནི་སྙིང་རྗེ་སྔོན་དུ་སོང་བས་བསྐྱེད་པ་ཡིན་ཏེ། དཔེར་ན་མ་ཡི་བུ་ལྟ་བུའོ། །དེ་བས་ན་རྒྱུ་སྙིང་རྗེ་ལས་བྱུང་བ་འབྲས་བུ་ཁྲོ་བོའི་ཚུལ་དེ་ཡང་བསྙེན་པ་ཡིན་ཏེ་མེ་ལྟ་བུའོ། །ཅིག་ཤོས་ནི་རྒྱུ་བདག་དང་བདག་གི་ ལས་བྱུང་བ། འབྲས་བུ་ཡང་མནར་སེམས་དང་ལྡན་པར་འབྱུང་སྟེ། དཔེར་ན་སྭ་སྟི་དང་ཨ་རི་ཤ་ལྟ་བུའོ། །དེའི་ཕྱིར། འཇིག་པའི་མེ་དང་འབར་མཉམ་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་ཆ་ལུགས་བསྟན་པའི་ཕྱིར། །འཇིགས་བྱེད་ཅེས་བྱ་སྟེ། མ་ཧཱ་དེ་བ་ལ་སོགས་པར་འཇིགས་ པར་བྱེད་པའོ། །ཕལ་པས་ཀྱང་དེ་ལྟར་འཇིགས་པ་ཡོད་པས་དེའི་ཆེན་པོའོ། །ཐོད་པའི་ཕྲེང་བ་ཐོགས་པ་ཡིན་པས་ན་ཐོད་ཕྲེང་ཐོགས་པའོ། །ཞལ་གྱི་ཁྲོ་གཉེར་གྱེན་དུ་འགྲེང་བ་དང་། སྐྲ་དང་སྨིན་མ་བསྡུས་པ་གྱེན་དུ་འགྲེང་བ་འབར་བའོ། །ཡང་གི་སྒྲས་སྤྱན་དམར་བ་དང་མཆེ་བ་གཙིགས་པའོ། ། ཞལ་དབུས་མ་དང་སྐུ་ནི་གནག་པ། གད་རྒྱངས་སྒྲོགས་པ། ལྗགས་འདྲིལ་བ་དང་ལྡན་པའོ། །ཞལ་གཡས་ནི་དཀར་པོའོ། །གཡོན་ནི་དམར་པོའོ། །སྐུ་ལ་དུར་ཁྲོད་ཀྱི་ཐལ་བས་བྱུགས་པ། ཕྱག་དང་པོ་གཉིས་ནི་རིག་མ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྡོ་རྗེ་ནག་པོ། །གསུམ་པ་ ན་རལ་གྲི་བསྣམས་པ། གཡོན་གྱི་གཉིས་པ་ན་ཁ་ཊྭཱཾ་ག །གསུམ་པ་ན་རིན་པོ་ཆེ་ཆ་དགུ་པའོ། །དྲག་པོ་ལ་སོགས་དྲུག་དང་ལྡན། །ཞེས་པ་ནི་ཞི་བ་དང་སྒེག་པ་དང་སྙིང་རྗེ་བ་མ་གཏོགས་ཏེ། ཁྲོ་བོའི་སྐུ་ཡིན་པའི་ཕྱིར་རོ། །དེ་བས་ན་དྲག་པོ་དང་དཔའ་བ་དང་། འཇིགས་སུ་རུང་བ་དང་། འཇིགས་ པར་བྱེད་པ་དང་། རྒོད་པ་དང་གཤེ་བའོ། །ཀེང་རུས་གསུམ་ཕྲེང་ནི་ཐོད་པ་དང་། རྐང་པའི་བོལ་དང་། ལག་པའི་བོལ་གསུམ་སྤེལ་བའི་ཕྲེང་བས་དབུ་ལ་བཅིངས་པའོ། །ཡང་དག་བརྒྱན་ཞེས་བྱ་བ་ལ་སོགས་པ་ལ། དབུ་རྒྱན་དང་། མགུལ་རྒྱན་དང་། སེ་མོ་དོ་དང་། ཕྱག་གདུབ་ དང་། ཞབས་གདུབ་ལ་སོགས་པའོ། །ན་བཟའ་ནི་དར་ལ་སོགས་པའོ། །ཞབས་གཡས་ཀྱིས་མ་ཧཱ་དེ་བའི་བཞིན་གནོན་ཅིང་། གཡོན་པས་ཨུ་མའི་ནུ་མ་མནན་པའོ། །གཡས་པ་བརྐྱང་ལ། གཡོན་པ་བསྐུམ་པ་ནི་ཁྲོ་བོའི་སྐྱིལ་ཀྲུང་སྟེ། རྣལ་འབྱོར་པ་བདག་ཉིད་དེ་ལྟར་བསྒོམ་ མོ། །དེ་དག་ནི་བསྙེན་པ་སྟེ། རྒྱུ་མཐུན་པའི་འབྲས་བུའོ། །ད་ནི་སྐྱེ་མཆེད་བྱིན་གྱིས་བརླབ་པར་བྱ་སྟེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེ་བསམས་ལ། དེའི་སྟེང་དུ་གོ་རིམས་བཞིན་དུ། ཀྵིཾ་ཛྲཱྀཾ་ཁཾ་གཾ་ཥྐཾ་སཾ་ཞེས་བྱ་བ་ལས་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོ་རྣམས་བསམ་པར་བྱ་སྟེ། དེ་ནས། སངས་རྒྱས་ཀུན་གྱི་དབང་དྲུག་བསྒོམ། །ཞེས་པ་སངས་རྒྱས་ཀྱི་ངོ་བོ་ཉིད་དུ་དབང་པོ་དྲུག་བསྒོམ་པའོ། །དེ་ནི་ཉེ་བར་སྒྲུབ་ པ་སྟེ། རྣམ་པར་སྨིན་པའི་འབྲས་བུའོ། །དེ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་དང་བྲལ་བ་ཡིན་པས་ན་སངས་རྒྱས་ཞེས་སྨོས་སོ། །ཀུན་གྱི་སྒྲ་ནི་ཕུང་པོ་ལྔ་དང་། ཁམས་བཞི་དང་སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པོ་ཞེས་གཞན་དག་ཟེར་རོ། །ད་ནི་ སྐུ་རྡོ་རྗེ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ཡང་སྐུ་གསུམ་ཐོབ་པར་བྱ་བའི་ཕྱིར་རོ། །དེ་ལ་སྙིང་གར་ཟླ་བ་ལ་ཧཱུཾ་ལས་རྡོ་རྗེ། དེའི་ལྟེ་བར་ཧཱུཾ་ལས་རྡོ་རྗེ་ཕྲ་མོ་ཧཱུཾ་གིས་མཚན་པའོ། །དེ་ལས་ཐུགས་རྡོ་རྗེའི་སྐུ་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་བསམ་མོ། །དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་རྡོ་རྗེ་ཧཱུཾ་གིས་ མཚན་པ་བསམས་ལ། དེའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ། དེ་རྣམས་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་གཟུགས་རྡོ་རྗེ་ལ་སོགས་པ་སྤྲོས་པས་མཆོད་པར་བྱའོ། །དེ་ནས་ཚིགས་སུ་བཅད་པ་དང་པོ་ནི་ཐུགས་རྡོ་རྗེ་གཙོ་བོའི་ཚུལ་ དུ་བཞུགས་པ་ལ་གསོལ་བ་བཏབ་ལ། གཉིས་པས་ནི་དེའི་འཁོར་ལྟ་བུར་བཞུགས་པ་ལ་གསོལ་བ་བཏབ་པོ། །དེ་ནས་ཐུགས་རྡོ་རྗེ་ཞུགས་པ་དང་། སྔགས་ཀྱི་ང་རྒྱལ་བྱའོ། །སྙིང་གའི་གོང་ནུ་མ་གཉིས་ཀྱི་བར་དུ་ཡེ་ཤེས་སེམས་དཔའ་དམ་ཚིག་སེམས་དཔའ་ ལྟ་བུ་བསམ་པར་བྱའོ། །ལྐོག་མ་དང་སྤྱི་བོར་པདྨ་དང་ཟླ་བ་ལ་ཨཱཿདང་ཨོཾ་ཡང་སྔ་མ་བཞིན་དུ་བྱའོ། །ཐུགས་རྡོ་རྗེ་ལ་སོགས་པ་རེ་རེ་ཞིང་ཡང་ཕྱག་རྒྱ་བཞི་བཞི་དང་ལྡན་པར་བྱ་སྟེ། དེ་ཡང་རྒྱུད་ལས། སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། །རྡོ་རྗེ་གསུམ་གྱིས་ཡེ་ཤེས་རྫོགས། །ཞེས་གསུངས་པའི་ ཕྱིར་རོ། །དེའི་ཕྱིར་སྐུ་གསུང་ཐུགས་ཀྱང་ཡི་གེ་གསུམ་མོ། །ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམ། །ཞེས་བྱའོ། །ཡང་གི་སྒྲས་སྒྲུབ་པ་པོ་ཡན་ལག་བཞི་དང་ལྡན་པར་མ་ཟད་ཀྱི་སྐུ་རྡོ་རྗེ་ལ་སོགས་པ་ཡང་ལྡན་ནོ་ཞེས་ཟེར་རོ། །དེས་ནི་སྒྲུབ་པ་ཞེས་བྱ་བའི་ཡན་ལག་སྟེ། སྐྱེས་བུ་ བྱེད་པའི་འབྲས་བུ་དང་བྲལ་བའི་འབྲས་བུ་གཉིས་བསྟན་ཏོ། །ད་ནི་ཆོས་ཀྱི་རྒྱལ་པོ་ཐོབ་པར་བྱ་བའི་ཕྱིར་དབང་བསྐུར་བར་བྱ་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་བསྐུལ་ལ། དེའི་འོད་ཟེར་གྱི་རྩེ་མོ་ལས་ལྷ་ མོ་བཅུ་སྤྲུལ་ལ། དེ་དག་གི་ཕྱག་ན་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་བསྣམས་པ་དང་། བླ་རེ་དང་གདུགས་དང་མཆོད་པ་ལྔ་དང་གླུ་དང་བཅས་པས་དབང་བསྐུར་བར་བསམ་པར་བྱ་སྟེ། ཆུ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་ཅོད་པན་དུ་བསམ་པར་བྱའོ། །དེའི་ཕྱིར། མི་བསྐྱོད་དབུ་རྒྱན་ འབྲས་བུ་མཆོག །ཅེས་བྱ་སྟེ། མི་བསྐྱོད་པ་ནི་རིགས་ཀྱི་མཆོག་ཡིན་ཏེ། འབྲས་བུའི་མཆོག་དང་འདྲ་བའི་དོན་ཏོ། །འདིས་ནི་སྒྲུབ་པ་ཆེན་པོའི་ཞེས་བྱ་བའི་ཡན་ལག་སྟེ། དབང་གི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུའི་ཕྱོགས་གཅིག་ཀྱང་བསྟན་ཏོ། །དེ་ནས། དམ་པའི་དགའ་ བའི་བདེ་བ་མྱང་། །ཞེས་པ་སྟེ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ལ་སྒྱུ་མ་ལྟ་བུས་བྱང་ཆུབ་ཀྱི་སེམས་བྱིན་གྱིས་བརླབས་ཏེ་མྱང་བར་བྱའོ། །དེ་ནས་ཡང་བྱང་ཆུབ་ཀྱི་སེམས་སྤྲོ་བ་དང་བསྡུས་པས་ཐབས་དང་ཤེས་རབ་ཚིམ་པར་བྱ་ཞིང་། ཆོས་ཐམས་ཅད་སྒྱུ་མ་ལྟར་རོ་གཅིག་པ་གཉིས་སུ་མེད་པའི་ཡེ་ཤེས་ བསྒོམ་པར་བྱའོ། །ད་ནི་སྒྲུབ་པ་པོའི་བརྟུལ་ཞུགས་བསྟན་ཏེ། དཔའ་བོ་ལྔ་ནི། ཤ་ཆེན་རྟ་དང་ཁྱི་ཤ་དང་། །བ་ལང་གླང་པོའི་ཤ་དང་ལྔ། །ཞེས་འབྱུང་བས་ཤ་ལྔའོ། །བདུད་རྩི་ལྔ་ནི། བཤང་བ་མཆིལ་མ་ཁུ་བ་ཁྲག །རྡོ་རྗེ་ཆུ་དང་རྣམ་པ་ལྔའོ། །ཞེས་པས་ཏེ། དེ་རྣམས་བྱིན་ གྱིས་བརླབ་པར་བྱ་བ་ནི་དང་པོར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུའོ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་བསམས་ལ། དེའི་སྟེང་དུ་པདྨ་ལ་གནས་པའི་ཨ་ལས་བདུད་རྩིའི་སྣོད་བསྐྱེད་དེ། དེའི་ནང་དུ་རྫས་རྣམས་བཞག་ལ། དེའི་སྟེང་དུ་ཨོཾ་བསམ་མོ། །བདུད་རྩིའི་སྣོད་ ཀྱི་ཁ་གབ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུཾ་དང་ལྡན་པར་བསམས་ལ། རླུང་གིས་མེ་སྦར་བས་བདུད་རྩི་བཙོས་པར་བསམ་མོ། །ཨོཾ་དང་ཧཱུཾ་གི་འོད་ཟེར་གྱིས་ཀྱང་སྨིན་པར་བྱས་ཏེ། རྣལ་འབྱོར་པ་སྐྲ་བཤིག་ལ། ལུས་དུར་ཁྲོད་ཀྱི་ཐལ་བས་བྱུགས་ཏེ། རྟག་ཏུ་བསྒོམས་ནས་བཟའ་བར་བྱ། །ཞེས་བྱ་ བ་རྫས་དེ་འབར་གྱི་བར་དུ་བསྒོམས་ལ། འབར་ནས་བཟའ་བར་བྱ་སྟེ། སྟོང་པར་བསྒོམ་མོ། །གཞུང་དེ་དག་གིས་མཉམ་པར་གཞག་པའི་རྣལ་འབྱོར་ཡིན་ནོ། །རྣལ་འབྱོར་པ་ལངས་ནས་ཀྱང་མཆོད་པའི་ལས་དང་། འགྲོ་བ་ལ་ཕན་གདགས་པ་དང་། དུས་ཐམས་ཅད་དུ་དམིགས་པ་མེད་ པའི་ཤེས་རབ་དང་མི་འབྲལ་བ་དང་། ཐབས་ཀྱིས་སྙིང་རྗེ་བསྒོམ་པ་དང་། །མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །ཞེས་བྱ་བའི་བསྟོད་པ་བྱ་བ་དང་། ཐོད་པའི་རྒྱན་ལ་སོགས་པ་བཅང་བ་དང་། ཅང་ཏེའུ་དང་། ཁ་ཊྭཱཾ་ག་གཟུང་བར་བྱའོ། །ཡང་ན་སྙིང་པོ་བཟླ་བར་བྱའོ། །ཨོཾ་ཨཱཿཧྲཱི་ཧཱུཾ་ཞེས་བྱ་བ་བཟླས་ པར་བྱའོ། །དེ་ལྟར་བྱ་བ་ཐམས་ཅད་རྣམ་པར་གསང་སྟེ། ཧེ་རུ་ཀའི་བརྟུལ་ཞུགས་སྤྱད་པར་བྱའོ། །གནས་དགུ་ནི། ཞི་གནས་དུར་ཁྲོད་ཤིང་གཅིག་དང་། །ལམ་མདོ་བྲག་ཕུག་ཆུ་འགྲམ་དང་། །རི་རྩེ་ཁང་སྟོང་མ་མོའི་གནས། །འདི་ནི་དུར་ཁྲོད་ས་དགུ་ཡིན། །ཞེས་བཤད་དོ། །མཚན་མོ་ སྒྲུབ་པའི་དུས་ནི་མཚན་མོ་ཡིན་ནོ། །ཡོན་ཏན་ཀུན་བརྩེགས་འོད་ཟེར་ཅན་གྱི་གཙུག་ལག་ཁང་ཆེན་དུ། །དངོས་གྲུབ་མཆོག་ཐོབ་ཡེ་ཤེས་རིམ་པའི་ཚུལ། །བློ་དམན་ཉམ་ཆུང་རྒྱས་པར་མི་ནུས་ཕྱིར། །མདོར་བསྡུས་འགའ་ཞིག་དྲན་ཕྱིར་དབྱེ་བ་བྱས། །དཔལ་གསང་བ་འདུས་པའི་རིམ་པར་ཕྱེ་བ་དཔལ་ཧེ་རུ་ཀའི་སྒྲུབ་ པའི་ཐབས་ཀྱི་འགྲེལ་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མུཀྟི་ཏི་ལ་ཀ་ནཱ་མ། བོད་སྐད་དུ། གྲོལ་བའི་ཐིག་ལེ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་འཁྲུལ་པ་བསལ་བས་དྲི་མ་མེད། །འོད་ཟེར་མཐའ་ཡས་ རིགས་ཀྱི་སྤྲུལ་འཕྲོ་བ། །ཤེས་རབ་ཡན་ལག་གིས་འཁྱུད་འབར་ཞིང་མཛེས། །འཇམ་དཔལ་དེ་ལ་དངོས་ཀུན་རབ་ཏུ་འདུད། །དེ་ཡི་སྙིང་དབུས་གཞོམ་དུ་མེད་པ་ཡི། །དངོས་ཀུན་རོ་གཅིག་མི་ཤིགས་ཐིག་ལེའི་གཟུགས། །མི་གསལ་གསལ་བའི་བདག་ཉིད་དུ་གནས་པ། །བརྒྱུད་རིམ་ ལས་བྱུང་དེ་ཉིད་ལ་འདུད་བྱ། །དེ་འདྲ་སྟོན་བྱེད་བླ་མ་གསུང་རབ་མཆོག །འཇིག་རྟེན་གསུམ་ཁོང་ནང་གནས་དྲི་མ་སེལ། །དེ་ལ་མེ་ཏོག་སྙིམ་བཀང་མགྲིན་དམའ་བས། །མཐའ་མེད་འཁོར་བ་ཡན་ཆད་བར་དུ་འདུད། །དཔལ་ལྡན་གསང་བ་འདུས་པའི་དམ་པའི་གཞུང་། །བླ་མས་གསོལ་བཏབ་ ཡིད་ཆེས་བྲོད་ལྡན་པས། །དངོས་པོ་ཀུན་གྲོལ་མི་ཤིགས་ཐིག་ལེའི་དོན། །རྣལ་འབྱོར་འགའ་ཞིག་དོན་དུ་བཤད་པར་བྱ། །དངོས་པོ་ཐམས་ཅད་འདི་ལྟ་སྟེ། །དམྱལ་བའི་གནས་དང་ཡི་དགས་དང་། །དེ་བཞིན་བྱོལ་སོང་གླིང་བཞི་དང་། །ལྷ་མིན་རྒྱལ་ཆེན་བཞི་ཡི་གནས། །སུམ་ཅུ་རྩ་གསུམ་ འཐབ་བྲལ་དང་། །དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་གནས། །ཚངས་ཆེན་ཚངས་ཆུང་མདུན་ན་འདོན། །འོད་ཆུང་འོད་གསལ་ཚད་མེད་འོད། །དགེ་ཆུང་དགེ་རྒྱས་ཚད་མེད་དགེ །སྤྲིན་མེད་བསོད་ནམས་འབྲས་བུ་ཆེ། །མི་ཆེ་མི་གདུང་ཤིན་ཏུ་མཐོང་། །གྱ་ནོམ་སྣང་དང་འོག་མིན་གནས། ། དེ་ལ་གནས་པ་ཇི་སྙེད་དང་། །ནམ་མཁའ་མཐའ་ཡས་རྣམ་པར་ཤེས། །ཅི་ཡང་མེད་དང་ཡོད་མིན་གྱི། །སྐྱེ་མཆེད་རྒྱུ་དང་མི་རྒྱུར་བཅས། །དེ་སྦྱོང་ཚོགས་ཀྱི་ལམ་དང་ནི། །སྦྱོར་བའི་ལམ་དང་མཐོང་བའི་ལམ། །བསྒོམ་པའི་ལམ་དང་བར་མི་ཆོད། །རྣམ་གྲོལ་ཆེན་པོའི་ལམ་རྣམས་སོ། །དེ་དག་ ཀུན་གྱི་རང་བཞིན་ནི། །ནམ་མཁའི་དབྱིངས་ལྟར་རྣམ་དག་པའི། །སྤྲོས་པའི་རྣམ་པ་ཀུན་བྲལ་བ། །ཟབ་གསལ་གཉིས་མེད་ཡེ་ཤེས་སོ། །ཐམས་ཅད་རྣམ་རྟོག་དང་བྲལ་བས། །འཁོར་བ་ཞེས་བྱ་ཡོད་མ་ཡིན། །འོན་ཀྱང་ཐག་པའི་སྦྲུལ་ལྟ་བུར། །སྣང་ཞིང་མེད་པ་ཉིད་དུ་འདོད། །རབ་རིབ་ སྤངས་པས་ཐག་པ་ལས། །གཞན་ནི་ཅུང་ཟད་རྙེད་མི་འགྱུར། །དེ་བཞིན་སྤྲོས་སྤངས་དཀྱིལ་འཁོར་ལ། །འཁོར་བ་ཅུང་ཟད་རྙེད་མི་འགྱུར། །དེས་ན་ཟབ་གསལ་དཀྱིལ་འཁོར་བས། །ད་ནི་རྟག་ཏུ་མྱ་ངན་འདས། །དེ་དོན་སྐྱེ་བོས་མ་ཤེས་པས། །སྲིད་པའི་སྡུག་བསྔལ་གྱིས་གཟིར་རོ། །དེས་ ན་ཟབ་གསལ་བྱང་ཆུབ་ནི། །གཉིས་མེད་རྟོགས་པས་དེ་གྲོལ་ལོ། །ཟབ་མོ་ཁོ་ནས་རྟོགས་པ་མིན། །གསལ་བ་དག་ཀྱང་དེ་བཞིན་ནོ། །དེ་བཞིན་ཐལ་བྱུང་ཟབ་མོ་ནི། །གྲོལ་འདོད་དེ་ལ་ང་མི་དད། །དེ་བས་གཉིས་མེད་རང་བཞིན་དུ། །རྟོགས་པས་ཚེ་འདིར་འབྲས་ཐོབ་ངེས། །རྣམ་པར་རྟོག་པ་ ཀུན་བྲལ་བས། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །བརྟགས་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བས། །ཡང་དག་གསལ་བ་ཞེས་བྱའོ། །དེ་གཉིས་མེད་ པའི་རང་བཞིན་མཆོག །དངོས་པོ་ཀུན་ལ་ཁྱབ་པའི་བདག །འཁོར་བས་རབ་ཏུ་མ་ཟིན་པ། །ཆོས་ཀྱི་དབྱིངས་ཞེས་བཤད་པའོ། །དེ་འདྲ་རབ་མཆོག་ཡེ་ཤེས་ནི། །མངོན་སུམ་ཚོགས་པས་མི་ཤེས་སོ། །དེ་བཞིན་དཔྱད་མཁན་གྱིས་མི་ཤེས། །མི་ཤེས་འཁྲུལ་པས་རབ་གཡོགས་པས། ། ཉན་ཐོས་ཀྱིས་ཀྱང་མི་ཤེས་སོ། །སྤྱོད་ཡུལ་བག་ཉལ་ཤེས་པ་ཡི། །རང་སངས་རྒྱས་ཀྱིས་ཀྱང་མི་ཤེས། །དུས་གསུམ་དུ་ནི་བྱོལ་སོང་དང་། །ཡི་དགས་དམྱལ་བ་ལྷ་རྣམས་ཀྱི། །སོ་སོ་སྐྱེ་བོས་ག་ལ་ཤེས། །སངས་རྒྱས་ཀུན་གྱི་གསང་ཆེན་འདི། །ནམ་མཁའ་ནམ་མཁའི་སྤྱོད་ཡུལ་ལོ། ། འདི་ཡི་དོན་ཤེས་བརྒྱུད་པ་ཡི། །བླ་མ་དམ་པ་རྟག་བཀུར་བས། །ཨུ་དུམྺཱར་ལྟར་བརྒྱ་ལམ་ན། །བསོད་ནམས་ཅན་གྱིས་སྐད་ཅིག་ཤེས། །འདི་ཡི་དོན་ཤེས་རྣལ་འབྱོར་པས། །བྱ་བའི་ལས་ནི་དཀྱིལ་འཁོར་དང་། །བྱ་བའི་ལས་ནི་གཏོར་མ་དང་། །བྱ་བའི་ལས་ནི་སྦྱིན་སྲེག་དང་། །བྱ་བའི་ ལས་ནི་བགྲང་ཕྲེང་དང་། །བྱ་བའི་སྐྱིལ་མོ་ཀྲུང་ལ་སོགས། །ངལ་བྱེད་པས་ནི་ཅི་ཞིག་བྱ། །དང་པོ་པ་རྣམས་འདྲིད་ཕྱིར་རོ། །ཅི་ཕྱིར་རྟོག་ལས་སངས་རྒྱས་མིན། །རང་བཞིན་རྣམ་དག་ལས་བྱུ