Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 42

Văn bản gốc(Tây Tạng)

Trang 12 / 15 (50.000 ký tự/trang)
་ངན་ལས་འདའ་བ་ཡིན་ཏེ།
རྣམ་པར་རྟོག་པ་མ་གཏོགས་པར། །འཁོར་བ་ཞེས་བྱ་འགའ་མ་མཆིས། །དེ་བས་རྣམ་རྟོག་རྣམ་བསལ་བས། །ཁྱེད་ནི་རྟག་ཏུ་མྱ་ངན་འདས། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་བས་ན་བདག་དང་བདག་གིར་ལྟ་བ་ལས་ལྡོག་པར་དོར་བ་དང་བླང་བར་བྱ་བའི་དངོས་པོ་དང་བྲལ་
བས་འཁོར་བའི་གཉེན་པོར་གྱུར་པ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ལྟར་ན་ནི་འཁོར་བ་མེད་པས་མྱ་ངན་ལས་འདས་པ་ཡིན་པས་དངོས་པོར་མེད་དོ་ཞེས་རྟོགས་པས་དེའི་ཕྱིར་ཞི་བ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་འཁོར་བ་ལ་སྐྱོ་བ་བསྐྱེད་པར་བྱ་
བའི་ཕྱིར་མྱ་ངན་ལས་འདའ་བ་སྟོན་པར་མཛད་པ་ཡིན་གྱི། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་ནི་དབྱེ་བ་གང་ཡང་མེད་དོ། །དེ་ཡང་ཆོས་ཉིད་ཀྱིས་ནི་ཞེས་པ་དོན་དམ་པའི་ངོ་བོ་ཉིད་དུ་ཡིན་གྱི་ཀུན་རྫོབ་ཏུ་ནི་མ་ཡིན་ཏེ། གཞན་དུ་ན་ཆད་པ་ཉིད་དུ་འགྱུར་རོ། །དེ་ཡང་སློབ་
དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། མྱ་ངན་འདས་པ་དངོས་མེད་མིན། །ཞེས་བྱ་བ་དང་། དེ་བཞིན་དུ། གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་ཇི་ལྟར་ཡོད་མ་ཡིན། །ཞེས་ཇི་སྐད་བཤད་པ་ལྟ་
བུའོ། །འདི་ཉིད་དུ་འཐད་པ་བསྒྲུབ་པ་བསྟན་པའི་ཕྱིར་གང་ཕྱིར་གཟུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དོན་དམ་པར་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་དང་བྲལ་བ་ཡིན་པར་འཁོར་བ་དང་མྱ་ངན་ལས་འདས་པ་དག་ཐམས་ཅད་དུ་ལུང་དང་རིགས་པ་དག་གིས་རྟག་ཏུ་གྲུབ་པ་
དེའི་ཚེ། ཐམས་ཅད་ཀྱང་ཅི་ཡང་ཡོད་པ་མ་ཡིན་གྱི། ཀུན་རྫོབ་ཏུ་ནི་ཡང་དངོས་པོ་དེ་དག་སོ་སོར་སྣང་བའི་རང་བཞིན་གྱིས་ཀུན་དུ་རྟོག་པ་ལས་གུད་ན་མེད་དེ་སོ་སོར་སྣང་བའི་དངོས་པོ་རྣམས་མེད་པ་ཉིད་དུ་སེམས་དང་ལྡན་པ་སུ་ཞིག་འགོག་པར་བྱེད། འོན་ཀྱང་རྣམ་པར་དཔྱད་ན་ཡོད་

པར་མི་འཐད་དོ། །དེ་ལྟར་རྣམ་པར་འཇོག་པས་རང་གི་སྡེ་པས་བརྟགས་པའི་རྩོད་པའི་ཡང་གོ་སྐབས་མེད་པར་འགྱུར་རོ། །དེ་དག་འདི་སྐད་ཅེས་ཟེར་ཏེ། གལ་ཏེ་འདི་དག་ཐམས་ཅད་སྟོང་པ་ཉིད་ཡིན་ན་དེའི་ཚེ། བག་ཆགས་བསྒོ་བ་དང་བསྒོ་བར་བྱ་བ་དང་
བསོད་ནམས་དང་སྡིག་པའི་ཆོས་བསྟན་པ་དང་ལས་དང་འབྲས་བུ་ལ་སྟོང་པ་ཉིད་དུ་སྨྲ་བས་སྐུར་པ་བཏབ་པར་འགྱུར་རོ་ཞེ་ན། དེ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཐམས་ཅད་ཀྱང་ལན་བཏབ་པ་ཡིན་ཏེ། ལས་རྣམས་མེད་པ་ཡང་མ་ཡིན་ཏེ། དགེ་བ་དང་མི་དགེ་བའི་འབྲས་བུ་རྨི་
ལམ་ཙམ་དུ་ཡང་ཡོད་པར་མཐོང་སྟེ། ཕུང་པོ་ལྔས་བསྡུས་པའི་སྡུག་བསྔལ་དེས་ནི་རྨི་ལམ་ཡང་བསྡུས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དེ་བཞིན་དུ་རྒྱུ་རྣམ་པར་དག་པ་ལས་འབྲས་བུ་ཡང་རྣམ་པར་དག་པ་འབྱུང་སྟེ། ཡང་དག་པའི་ལྟ་བ་ལས་བྱུང་བའི་ཚུལ་ཁྲིམས་ལ་སོགས་པ་ནི་རྣམ་
པར་དག་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུའོ། །དེ་ལྟར་དོན་དམ་པར་རྣམ་པར་དཔྱད་ན་ཕྱི་ཡུལ་མེད་པས་སེམས་ལས་གཞན་པ་འགའ་ཡང་ཡོད་པ་མ་ཡིན་པས།
རྣམ་པར་རྟོག་པའི་བག་ཆགས་ཀྱི་རང་བཞིན་ལ་མ་གཏོགས་པ་བདག་ཅེས་བྱ་བ་གུད་ན་ལོགས་ཤིག་ཏུ་ཅི་ཡང་ཡོད་པར་མི་འཐད་དོ། །དེ་ལྟར་རིམ་པ་འདིས་ཕྱིའི་དོན་མེད་པའི་སེམས་ཙམ་ལ་གནས་ནས་དེ་ཡང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་འཐད་པ་མ་ཡིན་ནོ། །དེ་
ཡང་། དངོས་པོ་གང་གང་རྣམ་དཔྱད་པ། །དེ་དེ་གཅིག་ཏུ་ཡོད་མིན་པ། །དེ་ལ་དུ་མའང་ཡོད་མ་ཡིན། །གཅིག་དང་དུ་མ་མ་གཏོགས་པ། །རྣམ་པ་གཞན་དག་ཡོད་མ་ཡིན། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །འོན་ཏེ་འདི་སྐད་ཅས་ཤེས་པ་ཉམས་སུ་མྱོང་བར་ནི་གྲུབ་པ་ཡིན་ལ་ཉམས་སུ་མྱོང་བ་གྲུབ་པ་ཉིད་ཀྱིས་ན་
དགག་པར་དཀའ་བ་ཡིན་ཏེ་དེ་བཀག་ན་ཐམས་ཅད་ཀྱང་དགག་པར་བྱས་པར་འགྱུར་ན་ཤེས་པ་དེ་ནི་མ་རིག་པའི་བག་ཆགས་ཀྱི་སྟོབས་ཀྱིས་སྔོན་པོ་ལ་སོགས་པའི་གཟུགས་སུ་སྣང་བ་ཡིན་ལ་དོན་དམ་པར་ནི་ཤེལ་སྒོང་དག་པ་ལྟར་སྣང་བ་ཆ་ཤས་མེད་པ་ཡུལ་ན་མི་གནས་པ་སྔོན་པོ་ལ་སོགས་

པའི་རང་བཞིན་སྣ་ཚོགས་སུ་སྣང་བ་མེད་པ་ཡིན་ནོ་ཞེ་ན། དེ་ནི་ཚིག་ཙམ་དུ་ཟད་དོ། །ནུས་པ་ཐམས་ཅད་དང་བྲལ་བ་དེ་ནི་ནམ་ཡང་དོན་དང་ལྷན་ཅིག་འབྲེལ་པར་མ་མཐོང་སྟེ། དེ་མེད་ན་ནི་ཤེས་དེ་ཡང་། །རྣམ་པ་མེད་པར་ཉིད་ཀྱིས་འགྱུར། །ཤེལ་སྒོང་དག་པ་འདྲ་བ་ཡི། །ཤེས་
པ་རབ་ཏུ་ཚོར་བ་མེད། །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །འདི་ཉིད་ནི་སློབ་དཔོན་ཆོས་ཀྱི་གྲགས་པ་ཡང་བཞེད་པ་ཉིད་ཡིན་ཏེ། ཚད་མ་རྣམ་འགྲེལ་ལས། ཇི་ལྟ་ཇི་ལྟར་དོན་རྣམས་དཔྱད། །དེ་ལྟ་དེ་ལྟར་རྣམ་དབེན་འགྱུར། །དེ་བས་གཉིས་པོ་སྟོང་ཉིད་གང་། །དེ་ཉིད་འདིར་
ཡང་ཡང་དག་ཉིད། །ཅེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུའོ། །ཁོ་བོ་ཅག་ཤེས་བྱ་ནང་གི་ཡིན་པར་སྨྲ་བ་རྣམས་ལ་ཞེ་འགྲས་ནས་སྨྲ་བ་མ་ཡིན་མོད་ཀྱི། འོན་ཀྱང་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱིས་བདག་བསྒྲུབ་པ་ལ་འཇུག་པ་ལས་མང་དུ་ཚར་བཅད་
པར་མཛད་ལ་རྩ་བའི་རྒྱུད་ལས་ཀྱང་ཚུལ་འདི་ཉིད་ལྟར་སྟོན་ཏེ། ཀུན་རྫོབ་ཏུ་ནི་བསྟན་པ་མཚར། །ཞེས་བྱ་བ་དང་། སྐྱེ་བ་མེད་པའི་སྦྱོར་བ་ཡིས། །སྐྱེ་བ་འདི་ནི་བསྟན་པ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཛྙཱ་ན་ཀཱིརྟིའི་དེ་ཁོ་ན་ཉིད་ལ་འཇུག་པ་ལས་ཕྱག་རྒྱ་
ཆེན་པོ་བསྒྲུབ་པ་ལ་ཡང་ཚུལ་འདི་ཉིད་ཡིན་ཏེ། སེམས་ཙམ་ལ་ནི་གནས་ནས་སུ། །ཕྱི་རོལ་དོན་ལ་མི་རྟག་གོ། །དེ་བཞིན་ཉིད་ལ་གནས་ནས་ཀྱང་། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་ལྟར་རིམ་པ་འདི་དང་འོག་ནས་བཤད་པས་ཀྱང་
ཤེས་རབ་བསྒོམ་པར་བཤད་པར་བྱའོ། །གང་ཞིག་གཟུགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རང་བཞིན་གང་རྣལ་འབྱོར་པས་རང་གིས་ཏེ་བདག་ཉིད་ཀྱིས་ཤེས་ཤིང་ཀུན་དུ་བཟང་པོ་ལ་སོགས་པའི་བསྒོམ་པས་མངོན་སུམ་དུ་བྱེད་པ་གང་ཡིན་པ་དེའི་དོན་དམ་པར་
རང་བཞིན་གྱིས་འོད་གསལ་བ་གཅིག་དང་དུ་མ་ལ་སོགས་པར་ཡོངས་སུ་བརྟགས་པ་དང་བྲལ་བ། ཡིད་བཞིན་གྱི་ནོར་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་དགོས་པ་བྱེད་པ་ལ་ཤིན་ཏུ་བྱང་བ་དེ་ཉིད་བསྒོམ་པར་བྱ་བ་དང་སྒོམ་པ་པོ་རྣམ་པར་རྟོག་པ་དང་བྲལ་བས་གཅིག་ཏུ་འདྲེས་པར་གྱུར་

པའི་རང་བཞིན་གང་ཡིན་པ་དེ་ནི་ཐམས་ཅད་ཀུན་དུ་བཟང་པོ་དང་འདྲ་བར་བྱེ་བྲག་མེད་པའི་བློ་ཡོད་པ་སྟེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་ནི་འགའ་ཡང་མེད་པའི་ཕྱིར། །རྣལ་འབྱོར་པས་དངོས་པོ་ཐམས་ཅད་བྱེ་བྲག་མེད་པར་བལྟ་བར་བྱ་
སྟེ། དངོས་པོ་གཅིག་ལ་གང་མཐོང་བ། །དེ་ནི་ཀུན་ལ་མཐོང་བར་འདོད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་སྣང་བ་གྱུར་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣང་ཞིང་སོ་སོར་མངོན་
པའི་ཡུལ་གཟུགས་ལ་སོགས་པ་ད་ལྟར་ཡོད་པ་གང་ཡིན་པ་དང་དེ་ལས་གཞན་པས་འདས་པ་དང་མ་འོངས་པ་རྟོག་པ་མང་པོའི་བཟོས་བསྒྲུབས་པ་ཅུང་ཟད་གང་ཡིན་པ་དེ་དངོས་པོ་དེ་རྣམས་བརྟགས་པ་དེས་རྣམ་པར་དཔྱད་པ་ན་ཕན་ཚུན་བཟློག་པ་ཡིན་པའི་ཕྱིར་དབྱེ་བ་ཡོད་པ་
ཡིན་ལ། དོན་དམ་པར་ནི་དེ་དང་བྲལ་བས་བརྟག་པ་ཡང་མེད་པའི་ཕྱིར་ཐ་དད་པར་གྱུར་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དངོས་པོ་རྣམས་ནི་བརྟགས་པས་དབྱེ་བ་ཡོད་པ་ཡིན་གྱི། དོན་དམ་པར་ནི་དབྱེ་བ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་དོན་གྱི་མདོ་ཡིན་ནོ། །
དེ་ལྟར་རིམ་པ་འདིས་ཤེས་རབ་ཀྱི་འགྲོ་བ་རྣམས་དངོས་པོ་མེད་པར་རྣམ་པར་དཔྱད་ན་ཕྱག་རྒྱ་ཆེན་པོའི་སྦྱོར་བ་དང་ལྡན་པར་འགྱུར་རོ། །གང་འདི་སྤྲོས་པ་ཐམས་ཅད་དང་། །ཚིག་གི་འང་གནས་མ་གྱུར་རང་བཞིན། །དེ་ནི་ཐུགས་ཀྱི་རྡོ་རྗེ་ཡིས། །ཤེས་རབ་ཅེས་ནི་ཡོངས་སུ་བཤད། །
བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས། །འགྲོ་ལ་སྙིང་རྗེ་ཆེན་པོ་ཡིན། །ཇི་ལྟར་མཉམ་པར་སྦྱོར་ཞེ་ན། །གཅིག་པུ་ཁོ་ན་དབྱེ་མེད་བཅས། །དེ་ཡི་བསྒོམ་པའང་དེ་བཞིན་ཏེ། །བཟློག་པ་ཡིས་ནི་རྣམ་པར་ཕྱེ། །ཞེས་བྱ་བའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། རྣལ་འབྱོར་
པས་དང་པོ་ཁོ་ནར་རང་གི་ལྷག་པའི་ལྷའི་རྣལ་འབྱོར་དུ་སྐད་ཅིག་གིས་བསྐྱེད་ལ་འགྲོ་བ་ཐམས་ཅད་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་རྣམ་པར་བསྒོམས་ལ་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་དང་། སྙིང་རྗེ་ཆེན་པོ་མངོན་དུ་བྱས་ནས་དངོས་པོ་དང་དངོས་པོ་མེད་

པ་དང་བདག་གི་ངོ་བོ་དང་གཞན་གྱི་ངོ་བོ་ལ་སོགས་པའི་ཡིད་ལ་བྱེད་པ་རྣམ་པར་བསལ་བས་ཡིད་ཐམས་ཅད་ལ་ཡང་དག་པར་བསྡུས་ཏེ། ཅི་ལ་ཡང་མི་བསམ་པར་བྱའོ། །དེ་དེ་ལྟར་ཅི་ལ་ཡང་མི་སེམས་པ་ན་སྔོན་ཆད་བླ་མ་ཡུན་རིང་དུ་བསྙེན་བཀུར་བྱས་པ་ལས་བླ་མའི་བཀའ་དྲིན་
གྱིས་རྟོགས་པའི་བཅོམ་ལྡན་འདས་ཡུམ་ཤེས་རབ་སྐྱེ་བར་འགྱུར་བས་འཇལ་བར་བྱེད་པ་དང་གཞལ་བར་བྱ་བ་དང་འབྲས་བུའི་རྣམ་པར་དབྱེ་བ་དང་བྲལ་བ་རང་སྣང་བའི་ངོ་བོ་ཉིད་སྤྲོས་པ་མེད་པ་ཉིད་ཀྱིས་ན་སྤྲོས་པའི་བདག་ཉིད་ཅན་གྱི་འཁོར་བའི་སྡུག་བསྔལ་གྱི་ཚོགས་ཀྱི་རང་བཞིན་དང་
བྲལ་བའི་ཕྱིར། མཆོག་ཏུ་དགའ་བའི་ངོ་བོ་ཉིད་མེ་ལོང་ལྟ་བུའི་སྦྱོར་བས་རྟོགས་པ་དང་། དེའི་མཐུས་ཀྱེ་མའོ་གཏི་མུག་གི་ནུས་པ་གང་གིས་སེམས་ཅན་འདི་རྣམས་མྱ་ངན་ལས་འདས་པའི་རང་བཞིན་ཅན་ཡིན་དུ་ཟིན་ཀྱང་བདག་ཉིད་ཀྱིས་མི་ཤེས་ན་ཇི་ལྟར་ན་བདག་གིས་འདི་དག་
ཁོང་དུ་ཆུད་པར་བྱ་ཞེས་རྣམ་པར་བསམས་ནས་སེམས་ཅན་མ་ལུས་པ་དེའི་བདག་ཉིད་ཁོ་ནར་བསམས་ན་དམིགས་སུ་མེད་པའི་རང་བཞིན་ཅན་གྱི་སྙིང་རྗེ་ཆེན་པོ་གང་ཡིན་པ་སྐྱེ་སྟེ་བདག་ཉིད་ཀྱང་དེའི་བདག་ཉིད་ཅན་ཡིན་པས་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་བསམ་པར་བྱའོ། །དེ་ནས་
དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་པ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་གྱི་བསྒོམ་པ་སྟོབས་སུ་གྱུར་ན་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན། རང་ཉིད་བཅོམ་ལྡན་འདས་ཡུམ་ཤེས་རབ་མིང་གཞན་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དེའི་བདག་ཉིད་
ཅན་ཡིན་པས་ཐ་མི་དད་པའི་རང་བཞིན་ཆུ་དང་འོ་མ་ལྟར་གཅིག་ཏུ་འདྲེས་པར་གྱུར་པ་མཐོང་བར་འགྱུར་རོ། །གང་གི་ཚེ་དེ་ལྟར་གྱུར་པ་དེའི་ཚེ། དེ་དེའི་བདག་ཉིད་ཅན་དུ་བསྒོམ་པར་འགྱུར་ཏེ། ཤེས་རབ་དང་ཐབས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་ཡིན་པའི་
ཕྱིར་རོ། །ད་ནི་རིམ་པ་འདི་ཉིད་ཀྱིས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། དད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དད་པ་དང་ནི་ཐེག་པ་ཆེན་པོ་ལ་མངོན་པར་འཇུག་པའི་མཚན་ཉིད་ཅན་ནོ། །བརྩོན་འགྲུས་ནི་དད་པ་སྐྱེས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་

ཡོངས་སུ་རྫོགས་པར་བྱེད་པའོ། །དྲན་པ་ནི་དགེ་བའི་ཕྱོགས་རྒྱུན་མི་གཅོད་པ་ཡོངས་སུ་མི་འདོར་བའོ། །བསམ་གཏན་ནི་གཡེང་བ་མ་ལུས་པ་ཉེ་བར་ཞི་བའོ། །འདི་དག་ནི་ངོ་བོ་ཉིད་རྣམ་པར་དག་པའི་ངོ་བོ་ཉིད་ནི་ཁྲོ་བོ་གཤིན་རྗེ་གཤེད་དང་གཞན་གྱིས་མི་ཐུབ་
པ་དང་རྟ་མགྲིན་དང་བདུད་རྩི་འཁྱིལ་པ་ཞེས་བྱ་བའི་སྒོ་སྲུང་རྣམས་ཡིན་ནོ། །ཤེས་རབ་རྣམ་དག་ཅེས་བྱ་བ་ཤེས་རབ་ནི་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་དུ་ཁོང་དུ་ཆུད་པའོ། །དེའི་རྣམ་པར་དག་པ་ནི་མ་ལུས་པའི་ཡུལ་དུ་སྣང་བ་སྟེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་
ཀྱི་དབྱིངས་རྡོ་རྗེ་ཞེས་བྱ་བའི་མཆོད་པའི་ལྷ་མོ་དྲུག་སྟེ། དཔལ་རྡོ་རྗེ་སྙིང་པོའི་རྒྱན་ལས་ནི། གཟུགས་སྒྲ་དྲི་དང་རོ་དང་ནི། །རེག་བྱ་ཆོས་མཆོག་རྡོ་རྗེ་མ། །ཤེས་རབ་རྣམ་དག་ངོ་བོ་དེ། །མཆོད་པའི་ལྷ་མོ་རྫུ་འཕྲུལ་ཆེ། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །མཚན་
མ་མེད་པ་ཞེས་བྱ་བ་ནི་མཚན་མ་མེད་པ་སྨོས་པས། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུས་མ་བྱས་པ་རྣམས་ལ་བྱ་སྟེ་དེ་རྣམས་ལ་རོལ་ཞིང་དགྱེས་པ་ནི་དགའ་བ་སྟེ། དེའི་ལོངས་སྤྱོད་དང་བཅས་པ་ཉིད་ཀྱིས་ན་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་
སྙོམས་ཀྱི་བདག་ཉིད་ཅན་གྱི་ལྷ་མོ་བཞིའོ། །དེ་ཡང་རྒྱུད་ལས། ཞི་བའི་ལས་ནི་རབ་སྒྲུབ་པས། །བྱམས་པ་ཅན་ཞེས་བྱ་བར་བཤད། །སྡུག་བསྔལ་ཀུན་ལས་ཐར་བྱེད་པས། །སྙིང་རྗེ་མཱ་མ་ཀཱི་ཞེས་བཤད། །རྡོ་རྗེ་པདྨའི་སྦྱོར་བ་ཡིས། །གོས་དཀར་མོ་ནི་དགའ་བར་བཤད། །འཇིག་
རྟེན་དགའ་རབ་སྐྱེད་བྱེད་ཅིང་། །འདོད་ཆགས་ཆེན་པོའི་རང་བཞིན་གྱིས། །བཏང་སྙོམས་ཆེན་པོའི་ངོ་བོ་ཉིད། །ལྷ་མོ་སྒྲོལ་མར་རང་ཉིད་གནས། །ཞེས་གསུངས་པ་ཡིན་ནོ། །སེམས་ཅན་དོན་དང་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་ཞེས་བྱ་བའི་སྒྲས་ནི་དབང་པོ་དྲུག་པོ་
མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་ཡིད་ལ་བྱའོ། །དོན་གྱི་སྒྲས་ནི་ཡུལ་ཏེ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་ཆོས་རྣམས་ལ་བྱའོ། །བདག་ནི་ཉོན་མོངས་པ་ཅན་གྱི་ཡིད་ང་རྒྱལ་གྱི་རང་བཞིན་ཅན་ནོ། །རྣམ་རྟོག་ནི་སྒྲ་

དང་འདྲེར་རུང་བའི་རྣམ་པར་ཤེས་པའོ། །འཇུག་པའི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་ཤེས་པའི་ཚོགས་དྲུག་གོ། །འདི་དག་གི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོ་རྟོག་པ་དང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་
བཞིན་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པ་ཤར་ལ་སོགས་པའི་ཕྱོགས་སུ་བཞུགས་པའི་དེ་བཞིན་གཤེགས་པ་བཞི་དང་རིམ་བཞིན་དུ་སྦྱར་རོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་དངོས་པོ་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་ཡོངས་
སུ་མཁྱེན་ཅིང་སྤྲོས་པ་མེད་པ་ཉིད་ཐུགས་སུ་ཆུད་པའོ། །དེའི་རྣམ་པར་དག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ངོ་བོ་ཀུན་དུ་བཟང་པོའི་བདག་ཉིད་དོ། །དེའི་སྦྱོར་བ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་ཉིད་ཀྱིས་འཁོར་ལོའི་གཙོ་བོ་དཀྱིལ་
འཁོར་གྱི་བདག་པོའི་ངོ་བོས་རྣམ་པར་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་ཡེ་ཤེས་ལྔ་རྒྱུད་གཅིག་གི་ནང་དུ་ཆུད་པས་དོན་དམ་པར་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ལ་སོགས་པའི་འཁྲུལ་
པ་ནི་ཇི་ལྟར་ཡོངས་སུ་མཐོང་བ་བཞིན་མངོན་པར་ཞེན་པས་ལོངས་སྤྱད་པའོ། །དེ་མེད་པས་ན་དེ་ལྟར་བྲལ་བ་སྟེ། གཉེན་པོ་བསྒོམ་པས་རྣམ་པར་དག་པ་ནི་དོན་དམ་པའི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ངོ་བོ་ཉིད་
རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་སྟེ་དེ་བཞིན་གཤེགས་པ་ལྔའོ། །སོགས་པའི་སྒྲས་ནི་ཕྱི་རོལ་གྱི་འབྱུང་བ་ལས་གྱུར་པའི་གཟུགས་རྣམས་ཀྱང་ཡིན་པར་ཤེས་པར་བྱའོ། །
སེར་སྣ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ། སེར་སྣ་ནི་འདོད་ཆགས་སོ། །དེ་ལ་སོགས་པ་ནི་ཚུལ་ཁྲིམས་འཆལ་བ་དང་། ཁྲོ་བ་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། ཤེས་རབ་འཆལ་བ་དང་། སྟོབས་ཆུང་བ་ཉིད་དང་། ལོག་པའི་སྨོན་ལམ་དང་།

ཡང་དག་པ་མ་ཡིན་པའི་རྟོག་པ་དང་། མི་ཤེས་པ་སྟེ་འདི་དག་ལས་ལྡོག་པའི་རང་བཞིན་ཅན། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། སྟོབས་དང་། སྨོན་ལམ་
དང་། ཐབས་དང་། ཡེ་ཤེས་ཀྱི་རང་བཞིན་ཕ་རོལ་ཏུ་ཕྱིན་པ་བཅུ་དང་དེའི་རིགས་སུ་གྱུར་པའི་ཡོན་ཏན་གྱི་ཚོགས་ཀྱི་ངོ་བོ་ཉིད་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་པོ་སྟེ། ཆོས་དཀར་པོ་འདི་རྣམས་ཀྱི་འབྲས་བུར་གྱུར་པའི་ཡོན་ཏན་རྣམས་སོ། །རྣམ་རྟོག་མེད་པ་
ཞེས་བྱ་བ་ནི་རྟོག་པ་ཐམས་ཅད་ཀྱི་གནས་སུ་མ་གྱུར་པས། བདག་གི་དོན་ཕུན་སུམ་ཚོགས་པར་སྣང་བ་ནི་ཟབ་པ་སྟེ། ཤེས་རབ་ཟབ་མོ་ལས་འབྱུང་ལ་གཞན་གྱི་དོན་ཕུན་སུམ་ཚོགས་པར་སྣང་བ་འབྱུང་བ་ནི་རྒྱ་ཆེ་བ་སྟེ། ཐུགས་རྗེ་ཆེན་པོའི་མཚན་ཉིད་ཅན་གྱིས་བྱེད་པས་
འདི་གཉིས་ཁོ་ནས་གོ་རིམས་ཇི་ལྟ་བ་བཞིན་དུ་སེམས་དོན་དམ་པར་ཤེས་རབ་དང་ཐབས་ཀྱི་ངོ་བོ་ཉིད་ཡིན་པས་ཟབ་པ་ནི་བདག་གི་དོན་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པར་འགྱུར་ལ། རྒྱ་ཆེ་བས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ཡང་བདག་སྒྲུབ་
པ་ལ་འཇུག་པ་ལས་དེ་ཉིད་དུ་སེམས་ཕྱིན་ཅི་ལོག་ལས་ལྡོག་པའི་ཚུལ་གྱིས་ནི་ཤེས་རབ་ཏུ་རྣམ་པར་བཞག་ལ་རང་གི་བྱ་བའི་ནུས་པ་མེད་པ་ལས་ལྡོག་པ་ལས་ནི་ཐབས་སུ་རྣམ་པར་གདགས་པ་ནི་དོན་དམ་པའོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུའོ། །དཀྱིལ་འཁོར་
དུ་ལྷ་བཅུ་དགུའི་རྣམ་པའི་དབྱེ་བས་ཕྱེ་བར་བསྟན་པ་གང་ཡིན་པ་དེ་ནི་དོན་དམ་པར་ཀུན་དུ་བཟང་པོའི་ཐུགས་གཅིག་པུ་ཉིད་ཡིན་པས་འཁོར་བ་པའི་ཀུན་ནས་ཉོན་མོངས་པའི་གཉེན་པོ་རྣམ་པར་བྱང་བའི་རང་བཞིན་ཅན་གྱི་ལྷའི་ཚུལ་དུ་ཐ་མི་དད་པ་ཡིན་མོད་ཀྱི། འོན་ཀྱང་ཀུན་
རྫོབ་ཏུ་ནི་དབྱེ་བ་ཡོད་པ་ཉིད་ཡིན་ནོ། །དེས་ཀྱང་ཇི་སྐད་སྟོན་ཅེ་ན་དོན་དམ་པར་ནི་དབྱེ་བ་མེད་ཀྱི་ཀུན་རྫོབ་ཏུ་ནི་ཇི་ལྟར་མཐོང་བའི་དབྱེ་བས་ཐ་དད་པ་ཉིད་ཡིན་ནོ། །གཞན་ལས་ཞེས་བྱ་བ་ལ་སོགས་པ་ལ་གཞན་ལས་ཞེས་བྱ་བ་ཐོག་མ་མེད་པའི་དུས་ཅན་གྱི་མ་རིག་པའི་བག་

ཆགས་འགའ་ཞིག་གི་སྟོབས་ཀྱིས་གཞན་པའི་ཞེས་བྱ་བ་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཕྲག་དོག་དང་། དད་པ་མེད་པ་དང་། ལེ་ལོ་དང་། དྲན་པ་ཉམས་པ་དང་། རྣམ་པར་རྟོག་པ་ལ་སོགས་པའི་འཛིན་པ་གང་ཡིན་པ་དེ་དེ་ལས་རྣམ་པར་ལྡོག་
པར་བྱ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐབས་ཀྱི་སྒོ་ནས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པ་ལྔ་དང་ལྷ་མོ་དང་ཁྲོ་བོ་ལ་སོགས་པའི་དཀྱིལ་འཁོར་སྟོན་པར་མཛད་པ་ཡིན་གྱིས། རྣམ་པར་སྣང་མཛད་ལ་སོགས་པའི་དབྱེ་བ་བྱེ་བྲག་རྟོག་པ་དང་ནི་བྲལ་བ་ཡིན་ཏེ་གང་
གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་རོལ་མོ་སྣ་ཚོགས་རབ་ཏུ་སྟོན་པར་མཛད་པས་འགྲོ་བའི་དོན་མཛད་པ་ཡིན་ནོ། །ཡང་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱིས། དེ་ལྟར་ཀུན་རྟོག་མ་ལུས་པའི། །སེམས་ཀྱི་སྒྲོ་བཏགས་གཞོམ་པའི་ཕྱིར། །དེ་ཉིད་
ཡང་དག་རྟོག་ཅི་སྙེད། །དེ་ཡི་གནས་ཀྱང་དེ་ཉིད་ཡིན། །དེ་ཡི་རང་བཞིན་ལྷག་ཞེན་དང་། །དེ་སྐྱེད་པ་ལ་བརྟེན་པ་ཡིས། །རྣལ་འབྱོར་པ་སེམས་རྫོགས་བྱའི་ཕྱིར། །དེ་རྣམས་བསྐྱེད་པར་འདོད་པ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་བས་ན། ཤེས་རབ་ཡན་ལག་འདུས་པའི་མཆོག་ཏུ་ནི། །
དགའ་བ་ཉམས་མྱོང་བདེ་བ་དམ་པར་ལྡན། །དེ་ཡི་ཐབས་གྱུར་པ་ནི་ཉིན་མཚན་དུ། །བློ་དང་ལྡན་པས་བདག་ཉིད་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པའི་ཚུལ་ཡིན་ནོ། །དེ་ལྟར་བསྒོམ་པ་ལ་མངོན་པར་བརྩོན་པའི་རྣལ་འབྱོར་པ། གལ་ཏེ་སེམས་རྒོད་པའམ་ཞུམ་པར་གྱུར་ན་དེའི་ཚེ་
ཐིག་ལེའི་རྣལ་འབྱོར་ལ་སོགས་པ་བསྒོམ་པར་བྱ་བ་ཡིན་པས། དེའི་ཕྱིར་དེ་ལྟར་བརྟགས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དབུགས་བགྲང་རྔུབ་རྗེས་སུ་དྲན་པ་ནི་ཐིག་ལེའི་རྣལ་འབྱོར་རོ། །སྡུད་པས་ན་རྔུབ་པ་སྟེ་དབུགས་གང་ནང་དུ་རྔུབ་པའོ། །ཕྱིར་འདོན་པས་ན་འབྱིན་པ་སྟེ་དབུགས་གང་
ཕྱིར་འབྱིན་པའོ། །དེ་གཉིས་འདྲེན་པ་ནི་དབུགས་སོར་བཅུ་གཉིས་ཀྱི་ཚད་དུ་འབྱིན་པ་དང་རྔུབ་པ་ནས་མགོ་བཙུགས་ལ་བགྲང་བར་བྱ་ཞིང་ཕྱིས་འབྱིན་པ་བགྲང་བའི་ཚུལ་གྱིས་གྲངས་བཅུའི་བར་དུ་བགྲང་བར་བྱའོ། །མ་ཚང་བར་བགྲང་བ་ནི་གཅིག་ལ་གཉིས་ཞེས་བྱ་བ་གང་ཡིན་པའོ། །ལྷག་

པར་བགྲང་བ་ནི་གཉིས་ལ་གཅིག་ཅེས་བྱ་བ་ལྟ་བུའོ། །སེམས་ཤིན་ཏུ་བསྡུས་པ་དང་གཡེང་བར་འགྱུར་བའི་འཇིགས་པས་ཤིན་ཏུ་མང་བ་དང་ཉུང་བར་མ་བྱས་པ་ཡིན་ནོ། །དེ་ལྟར་བསྒོམ་པ་དང་རྗེས་སུ་མི་མཐུན་པའི་སེམས་ཞུམ་པ་རྣམ་པར་བརྟགས་ནས་རང་གི་སྙིང་
གའི་ཡེ་ཤེས་སེམས་དཔའི་རལ་གྲིའི་དབུས་ན་གནས་པའི་ཐིག་ལེ་ཕྲ་མོ་མུ་ཏིག་གི་འབྲས་བུའི་གཟུགས་ཅན་རྣམ་པར་བསྒོམ་པར་བྱའོ། །འོད་དང་ལྡན་པ་ནི་འོད་འཕྲོ་བ་སྟེ། འོད་ཟེར་གྱི་ཚོགས་ཀྱིས་ཉེ་བར་མཛེས་པའི་ཐིག་ལེ་དེ་འོད་ཟེར་གྱི་ཕྲེང་བ་ཅན་མུ་ཏིག་གི་རྡོག་མ་ཕྲ་མོ་ལྟ་བུ་དབུགས་
རྔུབ་པ་དང་འབྱིན་པ་བཅུ་སྤྲོ་བ་དང་བསྡུ་བའི་རིམ་གྱིས་བྱས་པས་ཡེ་ཤེས་སེམས་དཔའ་སད་པར་བྱ་ཞིང་བརྟན་པར་བྱས་ལ་རིམ་པ་འདི་ཉིད་ཀྱིས་གསུང་རྡོ་རྗེ་དང་སྐུ་རྡོ་རྗེའི་ས་བོན་ལས་འབྱུང་བ་པདྨ་དང་འཁོར་ལོ་ལྐོག་མ་དང་སྤྱི་བོར་གནས་པ་བརྟན་པར་བྱའོ། །དེ་ནས་བརྟན་པར་གྱུར་པ་ཤེས་
པ་ནི་འོད་ཟེར་གྱི་ཕྲེང་བ་དེ་ཉིད་ཡེ་ཤེས་ཀྱི་རྒྱུན་གྱི་ས་བོན་གཟུགས་ཅན་དུ་སྤྱི་བོའི་སྟེང་ཡན་ཆད་ཇི་སྲིད་འདོད་ཀྱི་བར་དུ་བཏང་ལ་རྒྱུན་མི་འཆད་པ་ཁོ་ནར་རིམ་པའི་རྣམ་པ་གང་ཁོ་ནས་སྤྲོས་པ་དེ་བཞིན་དུ་ཐུགས་ཀྱི་ས་བོན་གྱི་བར་དུ་བསྡུ་བར་བྱ་ཞིང་རྐང་པའི་མཐིལ་ལ་ཐུག་གི་བར་གྱི་ནང་གི་ལུས་སྣང་
བར་བྱས་ལ། དེ་ནས་ཕྱོགས་ཀྱི་དཀྱིལ་འཁོར་ཀུན་དུ་མཐའ་ཡས་པར་བ་སྤུ་རེ་རེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱི་ཆར་གྱི་རྒྱུན་འབབ་པ་ལྟ་བུར་ཁམས་གསུམ་མ་ལུས་པ་ཀུན་དུ་དགང་བར་བྱ་ཞིང་ཇི་སྲིད་དུ་ཞུམ་པ་མེད་པར་གྱུར་པ་དེ་སྲིད་ཀྱི་བར་དུའོ། །གལ་ཏེ་སེམས་རྒོད་པར་
གྱུར་ན། དེའི་ཚེ་ཐིག་ལེ་ཙམ་ཉིད་ལ་སེམས་གཏོད་པས་བརྟན་པར་བྱ་ཞིང་སེམས་དང་སེམས་ལས་བྱུང་བ་འགོག་པའི་སྙོམས་པར་འཇུག་པ་བསྒོམ་པ་ཇི་སྲིད་དུ་རྒོད་པ་དེ་ཉེ་བར་ཞི་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བྱའོ། །ཐིག་ལེའི་རྣལ་འབྱོར་འདི་ནི་རྒྱུད་ཀྱི་ལེའུ་བཅུ་གཅིག་པ་ལས། སྲོག་
ནི་ཐིག་ལེར་གྱུར་པས་གཞག །ཅེས་བྱ་བ་ལ་སོགས་པས་སྟོན་ཏེ། ཕྲ་མོའི་རྣལ་འབྱོར་བསྟན་པའི་ཕྱིར་འོད་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ན་ཞུམ་པ་དང་རྒོད་པ་ཞི་བར་བྱ་བའི་ཕྱིར་ཐིག་ལེའི་རྣལ་འབྱོར་བསྒོམ་པ་རྫོགས་ནས། ཡུངས་ཀར་གྱི་འབྲས་བུ་ཕྲ་མོ་ཙམ་

ལ་རང་གི་ལྷག་པའི་ལྷའི་རྩ་བའི་མཚན་མ་འོད་དང་ལྡན་ཞིང་། ཁ་དོག་ལྔའི་འོད་ཟེར་གྱི་ཚོགས་རྣམ་པར་འཕྲོ་བ་རང་གི་སྣའི་རྩེ་མོར་གནས་པའམ་རིག་པའི་སྣའི་རྩེ་མོར་བསྒོམས་པ་བརྩམས་ལ། དེའི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་ཕྲ་མོར་ཆུད་པར་བྱས་ལ། སྙིང་
བརྩེ་ཞིང་སྙིང་རྗེ་ཆེན་པོ་དང་ལྡན་པ་སྔོན་དུ་འགྲོ་བས་བསྒོམ་པར་བྱའོ། །ཟིན་པ་ནི་བླངས་པ་སྟེ། ཤེས་རབ་དམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྡན་པ་གང་ཡིན་པའོ། །མཚན་མ་བརྟན་པོ་ནི་ཕྲ་མོའི་རྣལ་འབྱོར་བསྒོམས་པས་མཚན་མ་བརྟན་པ་ཉིད་མཐོང་བར་གྱུར་པ་ནི་རྒྱུད་ལས་གསུངས་པ།
སྨིག་རྒྱུ་ལྟ་བུ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་ལྟ་བུ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པ་ཡིན། །སྤྲིན་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་པ་ཡིན། །ཞེས་བྱ་བ་ཡིན་ནོ། །དེ་དག་ལ་སོགས་པའི་མཚན་མ་བརྟན་པོ་མཐོང་བར་གྱུར་
པ། །འོད་ཟེར་དེའི་མཐའ་ལས་བྱུང་བའི་རལ་གྲི་དང་རྡོ་རྗེ་དང་འཁོར་ལོ་དང་པདྨ་ལ་སོགས་པའི་མཚན་མའི་གཟུགས་སྣ་ཚོགས་པ་རྣམས་ཡང་དང་ཡང་དུ་སྤྲོ་བར་བྱའོ། །མཚན་མ་སྤྲོས་པས་དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ལ་སོགས་པས་ནམ་མཁའ་ཀུན་དུ་གང་བར་བྱའོ། །
བློ་ལྡན་ནི་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བརྩམ་པའོ། །ལ་ལ་ནི་སྣའི་རྩེ་ཞེས་བྱ་བ་ནི་སྒྲས་སྙིང་གའི་པདྨའི་དབུས་ཡིན་ནོ་ཞེས་ཟེར་ཏེ། སྙིང་གར་བསྒོམ་པ་ཉིད་དུ་བྱ་བའོ། །དེ་ཡང་རྒྱུད་ལས། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །འཁོར་ལོ་
ལ་སོགས་ཁྱད་པར་དུ། །བསྒོམ་པ་དེ་ནི་བརྟག་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བཟླས་བརྗོད་ཀྱི་མཚན་ཉིད་བསྟན་པའི་ཕྱིར། ཡང་ན་བཟླས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡང་ཞེས་བྱ་བ་འདིས་ནི། འདི་སྐད་སྟོན་ཏེ། ཕྱག་རྒྱ་ཆེན་པོའི་རྣལ་
འབྱོར་བསྒོམ་པ་ལ་བསླབ་པ་བོར་ནས། བཟླས་བརྗོད་བྱ་བ་མ་ཡིན་གྱི། །འོན་ཀྱང་བསྒོམ་པས་དུབ་པའི་ཚེ་བྱའོ། །ལ་ལ་ནི་སྔོན་དུ་བསྙེན་པ་བྱ་བའི་དུས་སུ་བཟླས་བརྗོད་འབུམ་བྱས་ལ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྣལ་འབྱོར་ལ་བསླབ་པར་བྱ་བ་ཡིན་པས། འམ་ཞེས་བྱ་

བའི་སྒྲས་ཕྱོགས་གཞན་སྟོན་པར་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །བཟླས་པ་ནི་སྔགས་ཀྱི་བསྒོམ་པའོ། །རྩེ་གཅིག་སེམས་ཉིད་ནི་ཞེས་བྱ་བ་ནི་རྣམ་པར་གཡེང་བ་མ་ལུས་པ་དང་བྲལ་བའོ། །དངོས་ཀུན་བདག་ཉིད་ཅེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་ཀུན་དུ་བཟང་པོ་ལ་
སོགས་པ་ལྟ་བུར་མངོན་སུམ་བྱེད་པའི་གཞིར་གྱུར་པས་སོ། །དེ་ཉིད་ཀྱིས་ན་རང་གི་སེམས་དབང་པོ་ཞེས་བྱ་བའོ། །དེ་ཡང་རང་གི་སྔགས་རྣམ་པ་སྣ་ཚོགས་པའི་འོད་ཟེར་དང་ལྡན་ཞིང་ཁ་དོག་ལྔའི་འོད་ཟེར་གྱི་ཚོགས་སྣ་ཚོགས་པ་རྣམ་པར་འབར་བའོ། །རང་གི་ཞེས་བྱ་བ་ནི་རང་གི་
ལྷའི་རྩ་བའི་སྔགས་སོ། །སྲོག་ནི་དབུགས་འབྱིན་པ་དང་རྔུབ་པའི་རླུང་ངོ་། །དེའི་རྩོལ་བ་ནི་བསྡམ་པ་སྟེ། དེ་དང་བཅས་པས་ཤིན་ཏུ་མ་བསྡམས་པ་ཡིན་ལ་དབང་པོ་མི་བསྡམ་པ་ནི་སྔར་བཤད་པའི་དབུགས་བགྲང་བ་དང་། རྔུབ་པ་རྗེས་སུ་དྲན་པའི་ཚུལ་གྱིས་སེམས་བརྟན་པར་བྱས་ལ།
གསལ་བར་བྱ་ཞེས་བྱ་བ་ནི་གུག་སྐྱེད་དང་ཚད་དང་ཡོངས་སུ་མ་བྲལ་བ་སྟེ། རིང་བར་མ་ཡིན། དལ་བར་མ་ཡིན། དབུགས་རྔུབ་པ་དང་འབྱིན་པས་ཀྱང་ནོན་པར་མ་གྱུར་པ་དང་། དབང་པོ་དང་རྩོལ་བས་བསྐྱེད་པའི་སྒྲ་ཆེ་བས་གསལ་བ་མ་ཡིན་པ་སྟེ། རྡོ་རྗེ་ཚིག་གིས་
བཟླ་བྱ་སྟེ། །རྡོ་རྗེ་ཚིག་ནི་སྒྲ་སྤངས་པ། །ཞེས་གསུངས་པ་ཡིན་ནོ། །རྒྱུད་འདི་ཉིད་ལས། ཁྲོ་བོའི་བཟླས་པའི་མཚན་ཉིད་གསུངས་པ་ཡིན། །ཁྲོ་བོའི་དམ་ཚིག་ཡེ་ཤེས་ཀྱིས། །རང་གི་རྡོ་རྗེ་དཀྱིལ་འཁོར་གྲགས། །སྔགས་ཀྱི་ཡི་གེ་ཚིག་ཐོས་པ། །དེ་ནི་ཁྲོ་བོའི་བཟླས་པར་བཤད། །
ཅེས་བྱ་བ་ཡིན་ནོ། །ཨོཾ་ནི་ཚད་ཕྱེད་དང་གཉིས་པའོ། །ཡི་གེ་ཨཱཿནི་ཚད་གཉིས་པའོ། །ཐུགས་ཀྱི་ས་བོན་ཧཱུཾ་ནི་ཚད་ཕྱེད་དང་གསུམ་པའོ། །རིམ་པ་བཞིན་དུ་བྱ་བ་ནི། །སྐུ་རྡོ་རྗེའི་ས་བོན་ནས་བརྩམས་ཏེ། །ཐུགས་རྡོ་རྗེའི་སྔགས་ཀྱི་བར་དུའོ། །ཅིག་ཅར་ཞེས་བྱ་བ་ནི། ཅིག་ཅར་
དུས་མཚུངས་པར་ཡི་གེ་ཨོཾ་དང་ཨཱཿདང་ཡི་གེ་ཧཱུཾ་ལས་དེ་བཞིན་གཤེགས་པ་ལྔའི་ལྟ་བུའི་ལྷའི་འཁོར་ལོ་སྤྲོ་བར་བྱའོ། །རིམ་གྱིས་གཅིག་སྤྲོས་ནས་དེའི་འོག་ཏུ་གཞན་སྤྲོ་བ་ལྟ་བུར་མི་བྱའོ། །རྒྱུད་ལས་ཀྱང་འདི་སྐད་གསུངས་པ་ཡིན་ཏེ། སྔགས་རྣམས་ཐམས་ཅད་སྤྲོ་བ་ནི། །དབྱེ་བ་

རྣམ་པ་གཉིས་སུ་བཤད། །རིམ་གྱིས་སམ་ནི་ཅིག་ཅར་རོ། །ཞེས་བྱ་བ་ཡིན་ནོ། །དེ་བས་ན་སྐད་ཅིག་ཉིད་ཀྱིས་འོད་ཟེར་གྱི་ཚོགས་ལྟར་དེ་བཞིན་གཤེགས་པའི་ཚོགས་སྤྲོ་བར་བྱའོ། །ནམ་མཁའི་གཏོས་དང་མཉམ་པའི་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའི་
སྐུས་ཏིལ་གྱི་གང་བུ་བཞིན་དུ་ནམ་མཁའི་གཏོས་ཐམས་ཅད་ཀུན་དུ་གང་བར་བྱས་ལ། སྔ་མ་བཞིན་དུ་ཡི་གེ་མཾ་ལས་བྱུང་བའི་འོད་ཟེར་གྱི་རྩེ་མོ་ལས་འཐོན་པའི་མེ་ཏོག་དང་། སྤོས་དང་། དྲི་དང་། རིན་པོ་ཆེའི་མར་མེ་དང་། ནམ་བཟའ་དང་ཆོས་གོས་ལ་སོགས་པ་མཆོད་པའི་
ཚོགས་སྣ་ཚོགས་པས་ཡང་དག་པར་མཆོད་པར་བྱའོ། །ཀུན་དུ་ཞེས་བྱ་བ་ནི་འོད་འབྱིན་པའི་རྗེས་ཐོགས་ཉིད་ལ་མཆོད་པ་བྱའོ། །ཡོངས་སུ་སྦས་པ་ནི་འཁྱུད་པའོ། །རིག་པ་མཆོག་རྣམས་ཞེས་བྱ་བ་ནི། སྤྱན་ལ་སོགས་པ་སྟེ། དེ་ལས་བྱུང་བའི་རབ་ཏུ་དགའ་བའི་བདེ་བ་གང་ཡིན་
པ་དེ་བབས་པས་གཞན་གྱི་དབང་དུ་གྱུར་པ་དེས་རྒྱལ་བའི་ཚོགས་རྣམས་མཆོག་ཏུ་དགའ་བའི་སྦྱོར་བ་མཐར་ཐུག་པར་མཐོང་ཞིང་བསམས་ལ་རྣམ་པར་སྒེག་ཅིང་རོལ་པའི་སྤྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་བྱས་ནས་རང་གི་ལུས་ཀྱི་ཐུགས་རྡོ་རྗེའི་ས་བོན་གྱི་ནང་དུ་གཞུག་པར་བྱའོ། །
མཐར་ཞེས་བྱ་བ་ནི་སྔགས་དེ་རེ་རེ་བཟླས་པ་ཡོངས་སུ་རྫོགས་པའི་ཚེའི་རྒྱུད་ལས་ཀྱང་། སྔགས་ནི་བརྗོད་ཚེ་སྤྲོ་བྱ་ཞིང་། །རྫོགས་པ་ན་ནི་བསྡུ་བར་བྱ། །ཞེས་བྱ་བ་དང་། ཐུགས་ཀྱི་ས་བོན་གྱིས་བསྡུ་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བསྒོམ་པ་དང་བཟླས་པས་
དུབ་པ་ན་ངལ་སོ་བར་བྱ་བའི་ཕྱིར། རང་གི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་སྙིང་པོ་དེ་ཁོ་ན་ཉིད་རང་གི་སྔགས་ཀྱི་དོན་ཏོ། །དེ་ལ་ངེས་པར་རྟོག་པ་ནི་སྤྲོ་བ་དང་ནི་བསྡུ་བ་དང་། གནས་པ་བརྟན་པར་བྱས་པ་དེ་ལས་བྱུང་བའི་སྐྱོ་བས་སེམས་ལས་སུ་མི་རུང་བས་སེམས་
ཞུམ་པར་གྱུར་པ་སྟེ། བཟླས་པ་དང་བསྒོམ་པས་ཡོངས་སུ་དུབ་ནས། གང་གི་ཚེ་རྣལ་འབྱོར་པའི་སེམས་ཞུམ་པར་གྱུར་པ་དེའི་ཚེ། སྤྱན་ལ་སོགས་པའི་རིག་པའི་ལྷ་མོའི་ཚོགས་རྣམས་ཀྱིས་ཡང་དག་པར་གླུ་བླངས་པས་རབ་ཏུ་བསྐུལ་ཞིང་སད་པར་བྱས་ནས་དཀྱིལ་འཁོར་གྱི་འཁོར་

ལོ་སྔ་མ་བཞིན་དུ་མཆོད་པ་རྣམས་ཀྱིས་ཡོངས་སུ་མཆོད་ལ་བསྒོམ་པར་བྱའོ། །བསྒོམ་པས་ལུས་ཉམ་ཆུང་བར་གྱུར་པ་ལ་བརྟས་པའི་སྦྱོར་བ་བྱ་དགོས་པའི་ཕྱིར། སེམས་བཟང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་བཟང་བ་ནི་ཡོངས་སུ་བསྒོམས་
པའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུའི་རྒྱུན་གྱི་བདུད་རྩི་འབབ་པ་སྟེ། དེ་ལུས་ཀྱི་སྤྱོད་པ་སྐྱེ་ཞིང་ཞུམ་པ་བསལ་བར་བྱའོ། །དེ་ཡང་མཐོ་གང་ཙམ་གྱི་སྟེང་དུ་སྤགས་པར་ཟླ་བའི་དཀྱིལ་འཁོར་ཨོཾ་གྱིས་མཚན་པར་བསམས་ལ། སྲོག་དང་རྩོལ་བའི་འོད་ཀྱི་ལྕགས་ཀྱུས་ཞེས་པ་སྔར་
བཤད་པའི་དབུགས་དབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པའི་ཚུལ་གྱིས་བདུད་རྩིའི་རྒྱུན་དྲངས་ནས་སྤྱི་བོའི་སྟེང་དུ་བབས་པར་ཡིད་ལ་བྱས་ནས། བདུད་རྩི་དེས་རང་གི་ལུས་ཀྱི་ཕྲ་རབ་རེ་རེ་ནས་རྐང་པའི་མཐར་ཐུག་གི་བར་བརླན་པར་གྱུར་པར་ཇི་སྲིད་ཀྱི་སྐྱོ་བ་གསལ་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་
བྱ་བའོ། །འདི་ཉིད་ཀྱི་རྒྱུད་ལས་ཀྱང་གསུངས་ཏེ། མཐོ་གང་ཙམ་གྱིས་སྤགས་པར་ནི། །སྤྱི་བོར་དཀྱིལ་འཁོར་བརྟག་པར་བྱ། །ཨོཾ་ནི་དབུས་སུ་གནས་བསམས་ནས། །བདུད་རྩི་ལྔ་པོ་དབབ་པར་བྱ། །ཞེས་བྱ་བ་ཡིན་ནོ། །དེ་ལྟར། ཐང་ཅིག་ངལ་བསོ་བྱས་ནས་ནི། །ཞེས་
བྱ་བ་ནི་དེ་ལྟར་བསྟན་པའི་ཆོ་གའི་སྦྱོར་བ་འདིས་ཐང་ཅིག་ཅེས་པས་ཆུ་ཚོད་གཉིས་ཙམ་ངལ་བསོ་ཞིང་དབུགས་ཕྱུང་ལ། སྔར་བཤད་པའི་ཆོ་གས་སྤྲོ་བ་དང་བསྡུ་བ་ལ་སོགས་པ་བྱ་བའི་རིམ་གྱིས་གསང་སྔགས་ཀྱི་དམ་པ་རྒྱུན་མི་འཆད་པར་བཟླས་བརྗོད་བྱའོ། །སྔགས་ལའང་ཀུན་དུ་ཆགས་
པ་མེད་པར་བྱ། །ཞེས་བྱ་བ་ནི་རྟག་ཏུ་བསྒོམ་པ་ཉིད་ལ་གོམས་པར་བྱས་ལ། དེས་སྐྱོ་ན་བཟླས་པར་བྱའོ། །བཟླས་པས་ཀྱང་དུབ་ན་ཆོས་བསྟན་པ་ལ་སོགས་པའི་སེམས་ཅན་གྱི་དོན་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྔགས་ཀྱི་བཟླས་པ་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། །བསྟོད་དང་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུད་ལས་མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་བསྟོད་པ་དང་། མེ་ཏོག་དང་། སྤོས་དང་། དྲི་དང་། མར་མེ་ལ་སོགས་པའི་མཆོད་པ་དང་། སོགས་པའི་སྒྲས་དབང་བསྐུར་བ་དང་། བདུད་རྩི་མྱང་བ་དག་བྱས་ནས་དཀྱིལ་འཁོར་གྱི་

འཁོར་ལོ་གཤེགས་སུ་གསོལ་བར་བའོ། །སྔགས་པས་རབ་ཏུ་འབད་དེ་ཞེས་བྱ་བ་ནི་བསྒོམ་པ་ལ་མཁས་པས་སོ། །གང་དུ་གཤེགས་སུ་གསོལ་ཞེ་ན། ཨོཾ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨོཾ་ལ་སོགས་པའི་ཡི་གེ་བཞི་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་ཐིམ་
པར་བྱ་བ་སྟེ། སྐུ་རྡོ་རྗེ་དང་སྐུ་རྡོ་རྗེའི་རིག་པའི་སྙིང་པོ་དང་། གཤིན་རྗེ་གཤེད་ལ་སོགས་པ་ནི་སྤྱི་བོར་རོ། །གསུང་རྡོ་རྗེ་དང་དེའི་རིགས་འཇིག་རྟེན་དབང་ཕྱུག་དང་པདྨ་མཐར་བྱེད་ལ་སོགས་པ་ནི་ལྐོག་མར་རོ། །ཕྱག་ན་རྡོ་རྗེ་དང་བདུད་རྩི་འཁྱིལ་པ་ལ་སོགས་པ་ནི་ཐུགས་ཀྱི་ས་བོན་དུའོ། །
སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་རྣམས་ཀྱང་ཡེ་ཤེས་སེམས་དཔར་བསྡུའོ། །དེ་ལྟར་རིམ་པ་འདིས་སྐུ་ལ་སོགས་པ་ཞེས་པ་སྐུ་དང་གསུང་དང་ཐུགས་ཀུན་དུ་བཟང་པོའི་བདག་ཉིད་ཅན་རྣམ་པར་མི་རྟོག་པར་ལྷག་པར་མོས་པས་བསྒོམ་པར་བྱའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ། དེ་
ལྟར་དོན་དམ་པའི་དེ་ཁོ་ན་ཉིད་མཐོང་བས་སེམས་ཅན་གྱི་ཁམས་མ་ལུས་པ་དེ་ཁོ་ན་ཉིད་མཐོང་བ་དང་བྲལ་ཞིང་བདག་དང་བདག་གིར་འཛིན་པའི་ཉོན་མོངས་པའི་དུག་གིས་ཟིན་པ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། དེ་གདོན་པར་བྱ་བའི་ཕྱིར་སྨོན་ལམ་རྣམས་མངོན་དུ་བྱའོ། །དེ་ཡང་
གང་གིས་ལས་དང་པོ་པའི་གནས་སྐབས་སུ་སྨོན་པར་མཛད་པ་སྟེ། འཁོར་བ་ཐ་མ་མེད་པ་ཡི། །སྔོན་གྱི་མཐའ་ནི་ཇི་སྲིད་པ། །དེ་སྲིད་སེམས་ཅན་ཕན་དོན་དུ། །སྤྱོད་པ་དཔག་ཡས་སྤྱོད་པར་གྱིས། །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་
པའི་ཕྱིར། །ཇི་ལྟར་འཇམ་དཔལ་སྤྱོད་མཛད་པ། །བདག་གི་སྤྱོད་པ་དེ་འདྲར་ཤོག །ཅེས་བྱ་བ་ལ་སོགས་པ་དང་། བཟང་པོ་སྤྱོད་པ་ལས་གསུངས་པའི་སྨོན་ལམ་དག་ཀྱང་བྱའོ། །ད་ནི་མཉམ་པར་མ་བཞག་པའི་སྦྱོར་བ་ལ་གནས་པའི་སྒོ་ནས་སྤྱོད་ཡུལ་ཡོངས་སུ་དག་པ་བསྟན་
པར་བྱ་བའི་ཕྱིར། ལངས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཉམ་པར་བཞག་པ་ལས་ལངས་ནས་དག་པའི་སེམས་ཞེས་བྱ་བ་གཞན་གྱི་དོན་ལ་འཇུག་པ་དང་། རང་ལྷའི་རྣམ་པའི་ང་རྒྱལ་ཞེས་བྱ་བ་ཀུན་དུ་བཟང་པོའི་ང་རྒྱལ་དང་ལྡན་པ་ཡིད་ལ་བྱས་ནས། ཀུན་དུ་སྣང་

བར་གནས་པར་གྱུར་ཅིང་། སོ་སོར་སྣང་བ་ཙམ་གྱི་རང་བཞིན་ཅན་གྱི་ཡུལ་རྣམས་ལ་སྔ་མ་བཞིན་དུ་ཞེས་བྱ་བ་དབྱེ་བ་མེད་པར་རྟོག་པས་སོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར། དཔལ་ལྡན་རྡོ་རྗེ་འཛིན་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔལ་
ལྡན་ནི་རྡོ་རྗེ་འཆང་བའི་ངོ་བོ་ཉིད་དོ། །ཁམས་གསུམ་གནས་ནི་ཐམས་ཅད་ན། །བརྟན་གཡོའི་དངོས་པོ་ཇི་སྙེད་པ། །དེ་ཀུན་དེ་ཉིད་སྦྱོར་བ་ཡིས། །རྡོ་རྗེ་འཆང་བ་ལྟ་བུར་ལྟ། །ཞེས་བྱ་བ་དང་། དེ་བཞིན་དུ། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་
དེ་བཞིན་གཤེགས། །དེ་ཉིད་ཉེ་བར་ལོངས་སྤྱོད་ཉིད། །ཁམས་གསུམ་པ་ནི་མ་ལུས་པའོ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པའི་ཚུལ་དུ་བསྒོམ་པའོ། །རིམ་བཞིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་ལྷག་པར་མོས་པས་སྐུ་ལ་སོགས་པའི་
རྡོ་རྗེར་གྱུར་པ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པའི་ངོ་བོ་ཉིད་ཡིན་ལ། ཆོས་ཉིད་ཀྱིས་ཞེས་བྱ་བ་ནི་དོན་དམ་པར་དབྱེ་བ་
མེད་པ་སྟེ། གང་ཕྱིར་ཆོས་དབྱིངས་མ་གཏོགས་པའི་ཆོས་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་སོ། །ཕྱིན་ཅི་ལོག་གི་ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་པས་སྦྱིན་པ་བྱིན་པ་དང་། བླ་མ་དང་ལྷག་པའི་ལྷ་ལ་མཆོད་པ་བྱེད་པ་དང་། ཆོས་སྟོན་པ་ལ་སོགས་པ་གང་
ཡིན་པ་དེ་ཐམས་ཅད་ཕྱིན་ཅི་ལོག་གི་རྟོག་པ་བདག་དང་བདག་གིར་མངོན་པར་ཞེན་པ་དང་བྲལ་ཞིང་སྤངས་པས་བྱ་བ་དེ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་སྟེ། གང་གི་ཕྱིར་འཁོར་བར་འཆིང་བའི་རྒྱུ་ནི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཉིད་ཡིན་ཏེ། ཚད་མ་རྣམ་འགྲེལ་ལས།
བདག་ཡོད་ན་ནི་གཞན་དུ་འདུ་ཤེས་འགྱུར། །བདག་གཞན་ཆ་ལས་ཡོངས་སུ་འཛིན་དང་སྡང་། །དེ་གཉིས་དང་ནི་ཀུན་དུ་འབྲེལ་པ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར་བ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་ལྟ་བུའི་ཚུལ་གྱིས་འཁོར་གསུམ་ཡོངས་སུ་དག་པ་

དང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་མཆོད་པ་བྱའོ། །དེ་ཡང་གང་གི་ཕྱིར་གསང་སྔགས་ཀྱི་སྤྱད་པ་སྤྱོད་པ་རྣམས་ཀྱིས་འདི་ཐམས་ཅད་ངེས་པ་ཁོ་ནར་བྱ་དགོས་པ་ཡིན་པས་འདི་ནི་མཆོག་ཡིན་ཏེ། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་
སུ་གྱུར་པ་ཡིན་ནོ། །ཇི་ལྟ་བུ་ཞེ་ན། དེ་ཕྱིར་ཟན་ཟའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟན་ཟའི་ཚེ་ན་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་འཁོར་ལོའི་གཙོ་བོ་སྟེ། དཀྱིལ་འཁོར་གྱི་བདག་པོ་བསམས་ལ། རང་གི་ས་བོན་གྱི་གསང་སྔགས་ཨོཾ་ལ་སོགས་པས་
བྱིན་གྱིས་བརླབས་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་བདུད་རྩི་ལྔའི་ངོ་བོ་ཉིད་དུ་གྲུབ་པ་རང་བཞིན་གྱིས་འོད་གསལ་བ། རྫས་ཐམས་ཅད་ཀྱི་མཉམ་པ་ཉིད་རྣམ་པར་དག་པ་བདུད་རྩི་ལྔ་དང་། དཔའ་བོ་ལྔའི་མཚན་ཉིད་ཅན་རྣམ་པར་མི་རྟོག་པ་ལ་ལྷག་པར་མོས་པ་ལས་ལོངས་
སྤྱད་པར་བྱའི། འདི་ལ་སྨད་པའི་གོ་སྐབས་དབྱེ་བར་མི་བྱའོ། །དེ་ཡང་། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི། །ཆོས་རྣམས་སྟོང་པ་ཉིད་རོ་གཅིག །དེ་ཡི་རོ་མྱང་ཚུལ་དུ་འདི། །རང་ཉིད་དེ་ལྟར་གནས་པ་ཡིན། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །རང་གི་ཟས་
ལ་ཞེས་བྱ་བ་ནི་ཡུལ་དང་དུས་དང་རྗེས་སུ་མཐུན་པའོ། །དེ་ཉིད་གསུམ་བཟླས་ཏེ་ཞེས་བྱ་བ་ནི། འབར་བའི་ཨོཾ་གྱིས་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་ཆ་དང་ལྡན་པ་དང་། ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་དང་། བདུད་རྩི་ལྔ་པོ་དེ་ཡིས་སྐུའི་རྡོ་རྗེ་ལ་སོགས་པའི་ལྷ་རྣམས་
ཀུན་དུ་ཚིམ་ཞིང་མཉེས་པ་ཉིད་དུ་བྱའོ། །ནང་གི་སྦྱིན་སྲེག་གི་ཆོ་ག་བསྟན་པའི་ཕྱིར་ཕྱིའི་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིའི་དགོས་པའི་དབང་གིས་འགའ་ཞིག་ལན་འགར་བྱེད་ན་བསྒྲེ་ཞིང་དཔག་པའི་ཚུལ་གྱིས་ཉམས་སུ་བླང་བར་བྱ་བ་ནི་ཕལ་བ་ཡིན་ལ། ཡིད་ཀྱི་ནི་
གཙོ་བོ་ཡིན་ཏེ། ཟས་ལ་སྤྱོད་པའི་དུས་སུ་རང་གི་སྙིང་གར་ཡི་གེ་རཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་བསམས་ལ། དེའི་སྟེང་དུ་ཐབ་ཀྱི་དབུས་སུ་རང་གི་ལྷ་བསྒོམས་ལ། ལག་པ་གཡས་པ་བླུགས་གཟར་དུ་བསམས་ལ། ཧཱུཾ་དང་རྡོ་རྗེ་ཡོངས་

སུ་གྱུར་པ་ལས་རང་གི་ལྕེ་རྡོ་རྗེ་དགང་གཟར་དུ་བསྐྱེད་ལ། བདུད་རྩི་ལྔའི་སྲེག་རྫས་དབུལ་བ་ནི་ནང་གི་སྦྱིན་སྲེག་རྣལ་འབྱོར་པས་རྟག་ཏུ་བྱའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་བུད་ཤིང་ལྟར་བསྲེགས་ཤིང་ཐལ་བར་བྱེད་པས་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་
སྦྱིན་སྲེག་འདི་ནི་བླ་ན་མེད་པ་ཡིན་ནོ། །དེ་ཡང་། ནང་གི་སྦྱིན་སྲེག་རྣམ་རྟོག་དྲ་བ་རྣམས། །བསྲེག་པར་བྱ་ཞེས་ཐུབ་པའི་ཟླ་བས་གསུངས། །བགེགས་དང་དངོས་གྲུབ་རྣམ་པར་རྟོག་པ་ཙམ། །གཉིས་མེད་དུ་ནི་རྣམ་པར་རྟོག་པའང་སྟོང་། །དེ་བཞིན་ཉིད་མཆོག་ཀུན་
སྟོང་ཐབ་ཁུང་ནི། །པདྨ་རྡོ་རྗེར་ལྡན་བྱས་འདིས་ནི་དངོས་ཀུན་ཡམ་ཤིང་རྒྱས། །ནམ་མཁའི་ངོས་ལྟར་ཡངས་ཤིང་བརྟགས་པ་ཙམ་གྱིས་ས་བོན་ཅན། །བློ་ངན་སྡིག་པས་རབ་འབར་ཉོན་མོངས་ཞི་བས་རབ་ཏུ་ཞི། །ཞེས་བཤད་པ་ཡིན་ནོ། །ཕྱིའི་སྦྱིན་སྲེག་ནི་མར་མེ་མཛད་བཟང་
པོའི་ཞལ་སྔ་ནས་ཀྱི་སྒྲུབ་པའི་ཐབས་ལ་སོགས་པ་ལས་ཤེས་པར་བྱའོ། །དེ་ལྟར། མ་ལུས་པ་ཡི་འདོད་པ་ཡིས། །ཞེས་བྱ་བ་ནི་གླུ་དང་རོལ་མོ་དང་། བཟའ་བ་དང་བཏུང་བ་དང་སྟན་དང་། མལ་ཆ་ལ་སོགས་པ་ལས་ཀྱི་བདག་ཉིད་རང་གི་འདོད་པའི་ལྷའི་རང་བཞིན་དུ་གྱུར་
པ་ལ་ཡང་དག་པར་མཆོད་པར་བྱ་བའམ། གཞན་དག་མངོན་པར་འདོད་པའི་ལྷའི་རྣམ་པར་གྱུར་པ་ཉིད་ལ་མཆོད་པར་བྱ་སྟེ། གང་གི་ཕྱིར་དམ་ཚིག་འདི་ཉིད་ནི་དཔལ་གསང་བ་འདུས་པ་ལས་བསྟན་པའི་ལམ་ཡིན་ཞིང་། སངས་རྒྱས་ཐམས་ཅད་ཀྱང་མངོན་པར་བཞེད་ཅིང་
བདེ་བར་གཤེགས་པ་རྣམས་ཀྱིས་རྗེས་སུ་གནང་བ་ཡིན་ཏེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཡང་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ལས། བདག་ཉིད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་
དཔའ་ཐམས་ཅད་དེར། །རང་གི་ལྷག་པའི་ལྷར་སྦྱོར་བས། །དེ་བས་བདག་ཉིད་བསྒྲུབ་པར་བྱ། །བདག་ཉིད་ཡོངས་སུ་སྦྱངས་ནས་ནི། །དཀའ་ཐུབ་ཀྱིས་ཀྱང་གདུང་མི་བྱ། །ཅི་བདེ་བར་ནི་བདེ་བར་གཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །ཞེས་གསུངས་པ་དང་།

བདག་ཉིད་འཕྲོག་བྱེད་རྐུན་པོ་དེས། །སྡིག་པ་མ་བྱས་ཅི་ཞིག་ཡོད། །སངས་རྒྱས་བདག་ཉིད་ལུས་ལ་ནི། །དངོས་གྲུབ་བདེ་བས་དགང་བར་བྱ། །ཞེས་ཇི་སྐད་བཤད་པར་བྱ་བ་ལྟ་བུའོ། །རྗེས་སུ་མཐུན་ཞེས་བྱ་བ་ལ་སོགས་པ་ལ་བདེ་བར་གཤེགས་པ་མ་ལུས་པའི་མཛད་པ་ནི་
སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བ་ཉིད་ཡིན་ཏེ། གཞན་དོན་ཕུན་ཚོགས་སངས་རྒྱས་ཀྱི། །འབྲས་བུའི་གཙོ་བོ་རབ་མཆོག་ཡིན། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་བས་ན་སེམས་ཅན་མ་ལུས་པ་ལ་ཕན་པར་བྱ་བའི་ཕྱིར་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་
བྱའོ། །མཉམ་པར་གཞག་སྟེ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་སྐྱོ་བ་མེད་པའི་སེམས་སུ་བྱ་བའོ། །རྣམ་པ་དེ་འདྲ་ཞེས་བྱ་བ་ལ་སོགས་པ་ལ་ཚུལ་དེ་ལྟ་བུར་ཀུན་དུ་བཟང་པོའི་རྣམ་པ་མངོན་སུམ་དུ་བྱས་པའི་སེམས་དང་ལྡན་པ་གང་ཡིན་པ་དེའི་ལུས་ཀྱི་གཞི་
ལས་བྱུང་བ་ལྡང་བ་དང་། འདུག་པ་དང་། བརྐྱང་བ་དང་། བསྐུམ་པ་དང་། བསྐོར་བ་ལ་སོགས་པ་གང་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་ནི་ཕྱག་རྒྱའི་རྣམ་པ་ཡིན་ལ། བདེན་པ་དང་། མི་བདེན་པ་ལ་སོགས་པ་སྨྲས་པ་གང་ཡིན་པ་དེ་ཐམས་ཅད་ནི་སྔགས་ཀྱི་རྣམ་པ་
ཡིན་ནོ་ཞེས་རྫོགས་པའི་སངས་རྒྱས་དཔལ་གསང་བ་འདུས་པའི་རྗེས་སུ་འབྲང་བར་མཛད་པ་ཐམས་ཅད་ཀྱིས་གསུངས་ཤིང་བཀའ་སྩལ་ཏེ། དཔེར་ན། མཉམ་པར་མ་བཞག་སྦྱོར་བ་ཡིས། །རྟག་ཏུ་མཉམ་པར་འཇོག་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དོན་གྱི་དབང་
འདི་ཉིད་ལ་དགོངས་ནས། ལག་པའི་ཕྱག་རྒྱ་མི་བཅིང་ངོ་། །ཞེས་བྱ་བ་ལ་སོགས་པ་རྒྱུད་ལས་གསུངས་པ་ཡིན་ནོ། །འདི་ཉིད་དུ་ཆོས་ཉིད་ཀྱི་རིག་པ་བསྟན་པ་ནི། དངོས་གཅིག་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བུད་མེད་གཅིག་གི་ལུས་ལ་རྣམ་པ་སྣ་ཚོགས་
པའི་ཀུན་དུ་རྟོག་པ་ཐམས་ཅད་ཀྱིས་ཡོངས་སུ་བསགས་ཤིང་ཀུན་དུ་བརྟགས་པའི་རྣམ་པའི་ངོ་བོ་སྟེ། དཔེར་ན། ཀུན་རྒྱུ་འདོད་ལྡན་ཁྱི་དག་གིས། །རོ་དང་འདོད་བྱ་བཟའ་བ་སྟེ། །ཞེས་བྱ་བའི་ཚུལ་དུའོ། །དེ་ཡང་སྐྱེས་བུ་འདོད་ལྡན་འདོད་ཆགས་ཀྱིས་སེམས་ཉེ་བར་བཅོམ་པ་དང་

ལྡན་པ་རྣམས་ནི་དེ་དང་བྲལ་བས་སྡུག་བསྔལ་སྐྱེད་པར་བྱེད་པ་ཡིན་ལ། ཁྱིས་ནི་ལུས་ཚོ་ཞིང་རྒྱས་པ་མཐོང་བ་ན་བཟའ་བའི་བློ་སྐྱེས་པས་བདེ་བ་ཡིན་ལ། རོ་ཡིན་ནོ་ཞེས་མི་གཙང་བ་བསྒོམས་པས་ནི་དཀའ་ཐུབ་ཅན་དག་འདོད་ཆགས་དང་བྲལ་
བར་བྱེད་པས་གྲོལ་བ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་བས་ན་བརྟགས་པ་ལ་མ་གཏོགས་པ་བདེན་པ་ཅི་ཡང་ཡོད་པ་མ་ཡིན་ཏེ། བུད་མེད་གཅིག་གི་ལུས་ལ་ནི། །ཀུན་རྒྱུ་འདོད་ལྡན་ཁྱི་དག་གིས། །རོ་དང་འདོད་ལྡན་བཟའ་བ་ཞེས། །རྣམ་པར་རྟོག་པ་རྣམ་གསུམ་ཡིན། །ཞེས་
ཇི་སྐད་བཤད་པ་ལྟ་བུའོ། །དེ་བས། ལུས་སོགས་དགེ་དང་མི་དགེ་བའི། །ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་དགེ་བ་སྟེ་བསོད་ནམས་སོ། །འདི་ནི་མི་དགེ་བ་སྟེ་སྡིག་པའོ་ཞེས་ཇི་སྐད་བཤད་པའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་གང་ཡིན་པ་དེ་ཐམས་ཅད་ནི་ཉོན་
མོངས་པ་ཅན་གྱི་སེམས་ཀྱི་འཇུག་པ་ཡིན་གྱི། དེ་ཁོ་ན་ཉིད་མཐོང་བ་རྣམས་ཀྱི་ནི་མ་ཡིན་ནོ། །དེ་ཡང་། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །དེ་ནི་སེམས་དཔའ་དང་དེས་བྱས། །སེམས་དཔའ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །མ་ཆགས་ལ་
སོགས་ལས་བྱུང་བའི། །ལུས་ངག་ལས་ནི་དགེ་བ་ཡིན། །གང་ཞིག་ཆགས་སོགས་ལས་བྱུང་བའི། །ལས་དེ་མི་དགེ་བར་འདོད་དོ། །ཞེས་ཇི་སྐད་བཤད་པ་ལྟ་བུ་དང་། །དེ་བས་བརྩེ་བའི་བདག་ཅན་གྱིས། །གཞན་ཕན་བྱས་པ་གང་ཡིན་པའོ། །ལས་དེ་ཐམས་ཅད་དགེ་
བ་ཞེས། །རྫོགས་སངས་རྒྱས་ཀྱིས་ཡོངས་སུ་བཤད། །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་ལྟར་རྣམ་པར་རྟོག་པའི་དྲ་བ་མ་ལུས་པ་སྤངས་ཤིང་རྣམ་པར་བསལ་ནས། སེམས་རང་བཞིན་གྱིས་འོད་གསལ་བ་ཀུན་དུ་བཟང་པོའི་རྣམ་པ་དང་ལྡན་པ་ལ་ནག་པོའི་ལས་སྡིག་པ་ག་
ལས་འབྱུང་བར་འགྱུར། །དེ་ཡང་། མི་མཁས་པས་ནི་སྡིག་པ་ཆུང་ངུ་བྱས་ཀྱང་འོག་ཏུ་ལྟུང་། །མཁས་པས་ཆེན་པོ་བྱས་ཀྱང་གནོད་པ་རབ་ཏུ་སྤོང་བར་འགྱུར། །ལྕགས་ཀྱི་གོང་བུ་ཆུང་ཡང་ཆུའི་འོག་ཏུ་འབྱིང་འགྱུར་ལ། །དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་སྟེང་དུ་འཕྱོ་བར་

འགྱུར། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དམ་ཚིག་ཉམས་ན་རྣམ་པར་དག་པར་བྱ་བའི་སྦྱོར་བ་བསྟན་པ་ནི། དམ་ཚིག་ཉམས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྒྱུད་ལས་གསུངས་པའི་གསང་སྔགས་ཀྱི་སྤྱོད་པ་ཡོངས་སུ་སྐྱོང་བ་ནི་དམ་ཚིག་སྟེ། ལྷ་བསྒོམ་པ་སྔོན་
དུ་འགྲོ་བས་བདུད་རྩི་ལྔ་ལ་སོགས་པ་ལ་ཉེ་བར་ལོངས་སྤྱོད་པ་དང་། ཉིན་དང་མཚན་དུ་བསོད་ནམས་ཀྱི་བྱ་བ་ལ་བརྩོན་པར་བྱེད་པའོ། །དེ་ཉམས་པ་ནི་ཟད་པའོ། །ཉམས་པ་དེ་བྱུང་བར་གྱུར་ན། སྙིང་གའི་ཟླ་བར་ཞེས་བྱ་བ་རང་གི་སྙིང་གའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་
གནས་པའི་སྣ་ཚོགས་རྡོ་རྗེ་རྣམ་པར་བསམས་ལ་དམ་ཚིག་རྡོ་རྗེ་ཞེས་པ་དོན་ཡོད་པར་གྲུབ་པ་རང་གི་སྙིང་གར་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བའི་དབུས་སུ་གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་དབུས་ན་གནས་པའི་ཡི་གེ་ཁཾ་
ཡོངས་སུ་གྱུར་པ་ལས་བྱུང་བའི་རལ་གྲི་ལས་བསྐྱེད་པའི་དོན་ཡོད་པར་གྲུབ་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་བསྒོམ་པར་བྱའོ། །འགྲོ་བ་རང་བཞིན་གྱིས་དག་ཅེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ལྷག་པའི་མོས་པས་འགྲོ་བ་ཐམས་ཅད་
དག་པར་རྣམ་པར་བསམས་ལ། སྣ་ཚོགས་པའི་འདབ་མ་དང་ལྡན་པའི་པདྨའི་དབུས་སུ། །ཉི་མའི་དཀྱིལ་འཁོར་ལ་རང་བཞིན་གྱིས་ཉེས་པའི་འདམ་ཐམས་ཅད་ཀྱིས་མ་གོས་པར། སྔར་གྱི་རིམ་པས་ཞེས་པ་སྙིང་པོའི་ས་བོན་དང་མཚན་མ་ལས་བྱུང་བའི་དེ་བཞིན་གཤེགས་
པ་རྣམས་ཀྱི་འོད་ཟེར་ལས་བྱུང་བའི་སྤྱན་ལ་སོགས་པའི་ལྷ་མོ་ཕྱག་ན་བདུད་རྩིས་ཡོངས་སུ་གང་བའི་བུམ་པ་བསྣམས་པས་བདག་ཉིད་ཀྱི་ཕྲ་རབ་རྣམས་བརླན་ཞིང་དབང་བསྐུར་བར་གྱུར་པ་བསམ་པར་བྱའོ། །འདི་ནི་དམ་ཚིག་ཉམས་པའི་གཉེན་པོ་ཡིན་ནོ། །དབང་བསྐུར་བའི་
རིམ་པ་ནི་ཕྱི་རོལ་གྱི་ཁྲུས་བྱ་བའི་ཆོ་ག་ལ་ཡང་བསམ་པར་བྱའོ། །ལ་ལ་ནི་ཡབ་ལ་མངོན་པར་ཕྱོགས་པར་བྱས་ནས་ཆོས་འབྱུང་བའི་དབུས་སུ་ཡི་གེ་ཁཾ་གིས་གཉི་ག་ཡང་ཞུ་བར་བསམས་ལ། གླུ་ཡིས་བསྐུལ་བ་ལ་སོགས་པའི་རིམ་གྱིས་དེ་བཞིན་དུ་དམ་ཚིག་སེམས་དཔའི་

རྣམ་པར་དོན་ཡོད་པར་གྲུབ་པ་རྣམ་པར་བསམས་ལ། སྙིང་གར་རང་གི་ལྷག་པའི་ལྷ་ཡེ་ཤེས་སེམས་དཔའ་ལྟ་བུར་བསམ་པའི་འོད་ཟེར་ལས་བྱུང་བའི་སྤྱན་ལ་སོགས་པས་དབང་བསྐུར་བར་བྱའོ་ཞེས་ཟེར་མོད་ཀྱི་དེ་ནི་བདེན་པ་མ་ཡིན་ཏེ། དཔལ་དམ་
ཚིག་རྡོ་རྗེའི་སྦྱོར་བ་འདི་ལ་ཡོད་པས་ན་དམ་ཚིག་རྡོ་རྗེའི་རྣལ་འབྱོར་པ་སྟེ། ཡེ་ཤེས་ཙམ་གྱི་སྙོམས་འཇུག་པ། །སྦྱོར་བ་ཞེས་ནི་བྱ་བ་ཡིན། །ཞེས་གསུངས་པས་ཡེ་ཤེས་སེམས་དཔའ་ལྟ་བུར་དམ་ཚིག་རྡོ་རྗེ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་
པའི་ཚད་མས་སོ། །ཐུན་མཚམས་སུ་ཡང་ཞེས་བྱ་བ་ནི། ཕྱི་དྲོའི་ཐུན་མཚམས་དང་། དགོངས་ཀ་ཡང་དེ་བཞིན་ནོ་ཞེས་བྱ་བ་སྔ་མ་བཞིན་དུ་མཆོད་པ་སྔོན་དུ་འགྲོ་བས་སྔགས་ཀྱི་བཟླས་པ་བྱས་ལ། སྙིང་གའི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་ཆུད་པར་བྱས་ལ། ཐབས་
དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་བསྒོམ་པའི་རིམ་གྱིས་གཉིད་ལོག་པར་བྱའོ། །ཆགས་པ་ཤས་ཆེ་བ་དག་གིས་ནི་ལས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་ཇི་སྐད་བཤད་པའི་རིགས་ལྔ་དགོད་པའི་བསྒོམ་པའི་སྦྱོར་བས་གནས་པར་བྱའོ། །ལྡང་བའི་དུས་སུ་ཞེས་བྱ་བ་ལ་སོགས་པ་
ལ། ལྡང་བའི་ཚེ་སྤྱན་ལ་སོགས་པའི་དམ་ཚིག་གི་ལྷ་མོའི་གླུས་བསྐུལ་ལ་མལ་ནས་ལྡང་བར་བྱའོ། །དང་པོར་ནང་པར་སྙིང་གའི་ཟླ་དབུས་སུ། །ཞེས་བྱ་བ་ནས་བརྩམས་ཏེ། གདོང་བཀྲུ་བ་བྱས་ལ་དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་གྱི་རྒྱལ་པོའི་མཆོག་
དང་། ལས་ཀྱི་རྒྱལ་པོའི་མཆོག་ཆོ་ག་སྔ་མ་བཞིན་དུ་བསྒོམ་པར་བྱའོ། །དཔལ་ལྡན་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་བྱ་བ་ལ་བརྩོན་པའོ། །ཐུབ་པ་ཞེས་བྱ་བ་ནི་བྱ་བ་རྣམས་ཉམས་སུ་ལེན་པས་ན་ཐུབ་པའོ། །དངོས་གྲུབ་ཅེས་བྱ་
བ་ལ་སོགས་པ་ལ་ཇི་སྲིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྒྲུབ་པར་བྱ་བའི་དངོས་གྲུབ་ཀྱི་མཚན་མ་རྨི་ལམ་ལ་སོགས་པ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ཡང་རྒྱུད་ལས། རྡོ་རྗེ་སེམས་དཔའི་གཟུགས་ཆེན་དང་། །གྲགས་པ་ཆེན་

པོ་རྡོ་རྗེ་ཆོས། །གསང་བ་རྡོ་རྗེ་གྲགས་པ་ཆེར། །རྨི་ལམ་དག་ན་རང་གཟུགས་མཐོང་། །བྱང་ཆུབ་སེམས་དཔའ་རྡོ་རྗེ་ཅན། །སངས་རྒྱས་ཆེན་པོ་ཕྱག་འཚལ་བའི། །རྨི་ལམ་འདི་འདྲ་མཐོང་འགྱུར་བ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྟེར། །རྒྱན་རྣམས་ཐམས་
ཅད་ཡོངས་རྫོགས་པའི། །ལྷ་ཡི་བུ་མོ་ཡིད་འོང་དང་། །ཁྱེའུ་དང་བུ་མོ་དག་མཐོང་ན། །དེ་ནི་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ། །དེ་ལྟར་དངོས་གྲུབ་ཀྱི་མཚན་མ་ཐོབ་ཅིང་མཐོང་བས། དེ་ཉིད་གསུམ་མཆོད་པ་
བྱས་ནས་རང་གི་སེམས་ཞེས་བྱ་བ་རང་གི་གསང་སྔགས་བཟླས་བརྗོད་འབུམ་དང་། གཞན་རྣམས་ཀྱི་ཁྲི་ཁྲི་བཟླས་བརྗོད་བྱ་བ་དང་། ཁྲོ་བོ་རྣམས་ཀྱི་ཕྲེང་བའི་སྔགས་ཀྱང་བཟླས་ལ། སྔར་བཤད་པའི་དཀྱིལ་འཁོར་གྱི་འཁོར་ལོའི་དབུས་སུ་གནས་ནས་མངོན་པར་
འདོད་པའི་དངོས་གྲུབ་རབ་ཏུ་བསྒྲུབ་པར་བྱ་ཞིང་མངོན་སུམ་དུ་བྱའོ། །གལ་ཏེ་རིམ་པ་འདིས་ཀྱང་དངོས་གྲུབ་ཐོབ་པར་མ་གྱུར་ན། དེའི་ཚེ་འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བས་བགེགས་གཞོམ་ཞིང་བསྐྲད་པར་བྱ་བ་ཡིན། དེ་བཤད་པ་ནི་བགེགས་རྣམས་བདུད་
རྩི་ཐབ་སྦྱོར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྔ་མ་བཞིན་དུ་ཡབ་ཡུམ་མངོན་དུ་བྱས་ལ། ལྷ་མོ་གསང་བའི་ཆུ་སྐྱེས་སུ་ཞུ་བར་གྱུར་པ་བསྒོམ་པ་སྔོན་དུ་འགྲོ་བས་ཡི་གེ་ཧཱུཾ་ལས་བདག་ཉིད་བདུད་རྩི་ཐབ་སྦྱོར་དུ་རྣམ་པར་བསམ་པར་བྱ་སྟེ། སྐུ་མདོག་ནག་པོ་རྡོ་རྗེ་
དང་། རལ་གྲི་དང་། ལྕགས་ཀྱུ་དང་ཞགས་པ་དང་པདྨ་དང་། རིན་པོ་ཆེའི་མཚོན་ཆ་བསྣམས་པས་བརྒྱན་པ། གཡོན་བརྐྱང་བའི་གནས་པས་བཞུགས་པར་དཀྱིལ་འཁོར་གྱི་དབུས་སུ་བསམ་པར་བྱའོ། །དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དཔལ་འཇམ་པའི་
རྡོ་རྗེ་བསྐྱེད་ལ། དེའི་སྔགས་ལས་ངེས་པ་བྱུང་བའི་བདུད་རྩི་ཐབ་སྦྱོར་གྱི་སྐུ་སྟོང་ཕྲག་རྣམ་པར་བསམས་ལ། དེ་རྣམས་ཀྱིས་ཕྱོགས་བཅུ་ན་གནས་པའི་བགེགས་ཀྱི་ཚོགས་རྣམས་ཐལ་བར་བྱས་པར་བསམ་མོ། །ལ་ལ་དག་ནི་འདི་སྐད་ཅེས་ཟེར་ཏེ། ལག་པ་གཡས་

པའི་ལྕགས་ཀྱུས་སྙིང་གའི་ཡེ་ཤེས་སེམས་དཔའ་ཀུན་དུ་བསྟན་པར་བྱས་པའི་དྲག་པོའི་སྦྱོར་བས་དངོས་གྲུབ་གསོལ་བ་གདབ་པར་བྱའོ། །དེ་ཡང་། དེ་ཡི་སྙིང་གར་གདབ་བྱ་སྟེ། །ལྷ་རྣམས་རབ་ཏུ་བསྐུལ་བར་བྱ། །ཞེས་ཇི་སྐད་གསུངས་པ་
ལྟ་བུ་དང་། ཆེ་གེ་ཞེས་བྱ་རྡོ་རྗེ་ཅན། །ཁྱེད་བསྒྲུབ་པ་ལ་གནས་བགྱིད་ཅིང་། །ཁྱེད་གསུངས་པ་ཡི་དམ་ཚིག་རྣམས། །བསྲུངས་ལ་རྟག་པར་བརྩོན་པར་བགྱིད། །དབང་བསྐུར་དང་ནི་རྗེས་གནང་པ། །དེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བྱ་བ་དང་། མཆོག་
སྩོལ་བ་དག་རྣམ་པར་གཟིགས། །ཡིད་ནི་འཇིགས་ཤིང་སྐྲག་གྱུར་ནས། །ཡིད་ལ་མགུ་ཞིང་སྐྲག་གྱུར་པའི། །དངོས་གྲུབ་རྒྱ་ཆེན་སྟེར་བར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དབང་བསྐུར་བྱས་པའི་ཞེས་བྱ་བ་ནི་དབང་བསྐུར་དང་རྗེས་སུ་གནང་བ་ཡང་དག་
པར་ཐོབ་པར་འགྲུབ་པར་འགྱུར་གྱི་གཞན་དག་གིས་ནི་མ་ཡིན་ཏེ། དེས་ནི་འབད་པ་ཆུང་ངུས་ཀྱང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འཇམ་པའི་རྡོ་རྗེ་གཙོ་བོར་གྱུར་པའི་འཁོར་ལོའི་དབུས་སུ། བདུད་རྩི་ཐབ་སྦྱོར་གཞག་པ་ཇི་ལྟར་རུང་སྙམ་དུ་རྟོག་པ་དེའི་ཕྱིར།
གང་ཞིག་དབུས་ན་ཞེས་བྱ་བ་སྨོས་ཏེ། གང་དབུས་སུ་བཞུགས་པར་གྱུར་པ་ཡོངས་སུ་བརྟག་པ་གང་ཡིན་པ་དེ། འཁོར་ལོ་ཡང་དེའི་ཡིན་པར་འགྱུར་ཏེ། དོན་དམ་པར་ནི་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་མོད་ཀྱི། དགོངས་པའི་དབང་གིས་ནི་འགའ་ཞིག་དབུས་སུ་
གནས་པར་ཡོངས་སུ་བརྟགས་པ་ཡིན་པས། འདིར་རྣམ་པར་རྟོག་པའི་གོ་སྐབས་ཡོད་པ་མ་ཡིན་ནོ། །འདི་དག་ནི་ལས་ཀྱི་རྒྱལ་པོའི་མཆོག་གི་ཏིང་ངེ་འཛིན་ཏོ། །ད་ནི་ཏིང་ངེ་འཛིན་གསུམ་གྱི་སྤྱིར་འགྲོ་བ་བསྟན་པར་བྱ་བའི་ཕྱིར། ཐ་མལ་རྣམ་པར་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ།
ཐ་མལ་པའི་རྣམ་པར་རྟོག་པ་བདག་དང་བདག་གིར་རྟོག་པའི་རྒྱུན་གྱི་འཇུག་པ་ལས་གཞན་ཞིང་དེ་མ་རྟོགས་པ་སྲིད་པ་སྟེ། འཁོར་བའི་སྡུག་བསྔལ་གཞན་དག་ཅི་ཡང་ཡོད་པ་མ་ཡིན་ནོ། །དེས་ན་རྣམ་པར་འགགས་ཤིང་མེད་པར་གྱུར་པ་ལས་སེམས་ནི་ཀུན་དུ་བཟང་པོ་ལ་སོགས་

པའི་ངོ་བོ་ཉིད་ཡིན་པར་སེམས་འདི་རྣལ་འབྱོར་པས་རང་རིག་པའི་མངོན་སུམ་གྱིས། མངོན་སུམ་དུ་ཉམས་སུ་མྱོང་བ་ཡིན་ཏེ། གསང་སྔགས་སྨྲ་རྣམས་མང་དུ་ནི། །སྤྲོས་ཏེ་སྨྲས་པས་ཅི་ཞིག་བྱ། །ཁྱད་པར་དུ་ནི་སེམས་བསྒྲུབ་སྟེ། །སེམས་ལས་རྫོགས་པའི་བྱང་ཆུབ་
འབྱུང་། །ཞེས་བཤད་པ་ཡིན་ནོ། །ཇི་ལྟ་ཞེ་ན། དེའི་ཕྱིར་ཟབ་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་གྱི་རྣམ་པར་བྱང་བ་དོན་དམ་པའི་ཐབས་དང་ཤེས་རབ་བསྒོམ་པའི་སེམས་གང་ཡིན་པ་དེ་ལ་ནི་ཐ་མལ་པའི་ཀུན་དུ་རྟོག་པ་དེ་སྣང་ཞིང་
སོ་སོར་འབྱུང་བར་མི་འགྱུར་རོ། །དེ་ཡང་ཚད་མ་རྣམ་འགྲེལ་ལས། སེམས་དེ་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། དང་པོར་ནུས་མེད་དེ་ལ་ཡང་། །ཕྱིས་ནུས་དེ་ཡི་རང་བཞིན་མིན། །རླན་ཅན་ས་ཡི་མེ་བཞིན་དུ། །རབ་ཏུ་འཕེལ་བར་ནུས་མ་ཡིན། །འཚེ་
བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་གནོད་མེད་དེ། །བློ་ནི་དེ་ཡི་ཕྱོགས་འཛིན་ཕྱིར། །ཞེས་བཤད་པ་ཡིན་ནོ། །དེ་ཡང་ཀུན་དུ་བཟང་པོ་ལ་སོགས་པའི་འབྲས་བུའི་ངོ་བོ་ཉིད་ནི་ཡང་དག་པར་རིག་པ་ལས་ཐ་དད་པ་གཞན་དག་
ཡོད་པ་མ་ཡིན་ནོ་ཞེས་སྔར་གཏན་ཚིགས་ཀྱིས་བསྒྲུབ་པ་ཡིན་ནོ། །ཇི་ལྟར་གཉེན་པོར་གྱུར་པ་ཡིན་ཞེ་ན། དེའི་ཕྱིར་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ལ་སོགས་པ་དང་། གྲང་བ་ལ་སོགས་པ་དང་འདྲ་བར་དངོས་པོ་གང་གང་དང་ལྷན་ཅིག་ཙམ་ཡང་རང་བཞིན་
མི་མཐུན་པར་སྣང་བ་དེས། དེའི་བགྲོད་པའི་ཐོབ་པ་རྒྱས་ཤིང་ཤས་ཆེར་འཕེལ་བར་གྱུར་པ་ན་མཐོང་བ་སྟེ། ཚེ་འདི་ཉིད་ལ་ཀུན་དུ་བཟང་པོ་ལ་སོགས་པའི་རྣམ་པ་ཅན་གྱིས་གཉེན་པོའི་ཕྱོགས་འཕེལ་བར་གྱུར་པ་གང་ཡིན་པ་དེས། རང་གི་མི་མཐུན་པའི་ཕྱོགས་ཐ་མལ་
པའི་རྣམ་པར་རྟོག་པ་ཤིན་ཏུ་འགགས་ཤིང་མཆོག་ཏུ་སེལ་བར་བྱེད་དོ། །ཉན་ཐོས་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་གནས་པའི་གང་ཟག་ལ་བདག་མེད་པར་རྟོགས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གསུངས་པས་ཀྱང་ཉེས་པ་ཐམས་ཅད་ཟད་པར་འགྱུར་

བས། སྔགས་ཀྱི་གཞུང་དཔལ་གསང་བ་འདུས་པའི་བསྒོམ་པ་རྟོགས་དཀའ་བ་འདིས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་ཐ་མལ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་དུ་བཟང་པོ་ལ་སོགས་པ་གཉེན་པོ་བསྒོམ་པ་མེད་པར་ཐ་མལ་པའི་རང་བཞིན་གྱི་
ཆོས་ཐམས་ཅད་བདག་མེད་པའི་ཤེས་རབ་ཀྱི་མཐའ་དང་ལྡན་པའི་འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་ལ་སོགས་པའི་བྱ་བའི་རང་བཞིན་གྱི་ཐབས་ལ་བསླབས་པས་དེ་ལྡོག་པར་མི་འགྱུར། ཀུན་ནས་ཉོན་མོངས་པས་གནོད་པར་འགྱུར་བ་ཉིད་ཡིན་ནོ། །དེ་ལྟར་ན་
གང་གི་ཕྱིར་བདག་མེད་པ་བསྒོམ་པ་ལ་བསླབ་པ་དེའི་ཡིན་དུ་ཟིན་ཀྱང་། དོན་དམ་པའི་སྔགས་ཀྱི་སྤྱོད་པ་མེད་པར་འཁོར་བ་ལས་མྱུར་དུ་ལྡོག་པ་ཐོབ་པར་མི་འགྱུར་རོ་ཞེས་བདག་སྒྲུབ་པ་ལ་འཇུག་པ་ལ་སོགས་པ་ལས་མང་དུ་བཤད་པ་ཡིན་ནོ། །དེ་ཡང་ཐ་མལ་པའི་རང་གི་ངོ་
བོ་ནི་སྐྱེ་བོ་དཔག་ཏུ་མེད་པ་ལ་ཕན་འདོགས་པར་བྱེད་པ་མ་ཡིན་པས། སྙིང་རྗེ་ལ་ཤིན་ཏུ་བྱང་བ་དག་གིས་སྤང་བར་བྱ་སྟེ། དེ་ཡང་སྨོན་ལམ་ལ་སོགས་པའི་གྲོགས་དང་ལྡན་པའི་སྦྱིན་པ་ལ་སོགས་པའི་སེམས་ཀྱི་བདག་ཉིད་ནི། གཉེན་པོའི་ཕྱོགས་ལ་འཇུག་པ་ཡིན་དུ་
ཟིན་ཀྱང་། འཇུག་པ་ལས་མི་ལྡོག་ན་དུས་ཕྱི་ཞིག་ན་ལྡོག་པར་འགྱུར་རོ་ཞེས་བྱ་བ་ལ་ཡིད་རྟོན་པ་ག་ལ་ཡོད་ཅེས་ཇི་སྐད་བཤད་པ་ལྟ་བུ་སྟེ། དོན་དུ་ན་དེ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་འཚང་རྒྱ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་གསང་སྔགས་ཀྱི་
སྒོ་ནས་སྤྱད་པ་སྤྱོད་པའི་རྣལ་འབྱོར་པ་རྣམས་ནི་བསྒོམ་པ་གཅིག་ཏུ་མཐར་ཐུག་པ་ལ་བརྩོན་པ་ཡིན་པས། བསྒོམ་པའི་སྟོབས་ཉིད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱས་ནས་དུས་ངེས་པ་མེད་པས་ཀུན་དུ་བཟང་པོ་ཉིད་ཐོབ་པར་འགྱུར་རོ་ཞེས། །དེ་ཁོ་ན་
ཉིད་ལ་འཇུག་པ་ལ་སོགས་པ་ལས་རྒྱ་ཆེར་ཁོང་དུ་ཆུད་པར་བྱའོ། །ད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་བསྒོམ་པའི་ཐབས་བསྟན་པའི་ཕྱིར། དེ་ལྟར་རྟོགས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་རྒྱུད་ཆེན་པོའི་ཚུལ་གྱིས་དངོས་གྲུབ་ཐོབ་པར་འགྱུར་གྱི་གཞན་ལས་

ནི་མ་ཡིན་ནོ་ཞེས་རྟོགས་ནས་སྙིང་རྗེ་དང་ལྡན་ཞིང་བརྩེ་བ་དང་བཅས་པ་དག །སྐད་ཅིག་གིས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་པ་རྣམ་པར་མི་རྟོག་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་ཀྱི་རབ་ཏུ་བསྒྲུབ་ཅིང་མངོན་སུམ་དུ་བྱས་ནས། ཡིད་བཞིན་གྱི་ནོར་བུ་ལྟར་ཐམས་ཅད་དུ་
དངོས་གྲུབ་སྐྱེད་པར་བྱེད་པ་བསམ་གྱིས་མི་ཁྱབ་པ་རྣལ་འབྱོར་གྱི་མངོན་སུམ་གྱིས་ཡང་དག་པར་རྫོགས་པར་བྱ་བ་དང་དཔལ་ཀུན་དུ་བཟང་པོའི་ངོ་བོ་ཉིད་རང་སྟེ། བདག་ཉིད་ཀྱི་ཉེས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་སེམས་མཁས་པ་སེམས་དང་ལྡན་པ་སུ་ཞིག་སྒོམ་པར་མི་བྱེད་
དེ་བསྒོམ་པར་བྱའོ་ཞེས་ཁས་བླང་བ་ཡིན་ནོ་ཞེས་དོན་དམ་པ་ཉིད་ཡིན་པར་སྟོན་ཏོ། །མངལ་ནས་སྐྱེ་བའི་རྣམ་པར་དག་པའི་རིམ་པ་ནི། སྐྱེ་བོ་ལས་དང་པོ་པ་རྣམས་ཀྱིས་སེམས་དབང་དུ་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །དེ་བས་ཀུན་རྟོག་རྣམ་བསལ་ཞིང་། །ཀུན་དུ་
སྣང་བ་འགྲོ་འགྱུར་བ། །ཀུན་དུ་བཟང་པོར་བདག་ཉིད་ནི། །བསྒོམས་པ་ཉིད་ཀྱིས་བྱང་ཆུབ་ཐོབ། །ཕྱག་རྒྱའི་ཆོ་ག་གང་དག་གིས། །བསྐལ་པ་གྲངས་མེད་བྱེ་བར་ཡང་། །སངས་རྒྱས་ཐམས་ཅད་མི་འཐོབ་པ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་བཤད་པ་ལྟ་བུའོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ནི་
ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་གདུལ་བྱ་རྣམས་ལ་ཐམས་ཅད་དུ་ཀུན་དུ་བཟང་པོའི་རང་བཞིན་སྟོན་པར་མཛད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མཛད་པ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་སློབ་དཔོན་བདག་ཉིད་བླ་མ་རྣམས་དང་རྗེས་སུ་མཐུན་པ་ཉིད་དུ་
བསྟན་པར་བྱ་བའི་ཕྱིར། དྲི་མེད་བློ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲི་མ་མེད་ཅིང་དྲི་མ་དང་བྲལ་བའི་བློ་སྟེ། ཡེ་ཤེས་ཕུལ་དུ་བྱུང་བ་གང་ཡིན་པ་དེའི་འོད་ཟེར་དེ་སྣང་བར་བྱེད་པའི་མཚན་ཉིད་ཅན་འོད་དང་འདྲ་བ་ཡིན་པས་ན་འོད་ཟེར་ཏེ། གདུལ་བྱའི་སྐྱེ་བོ་
རྣམས་ཀྱི་བློའི་མུན་ནག་བསལ་བའི་ངང་ཚུལ་ལོ། །དེ་རྣམས་ཀྱི་རྣམ་པར་བསྟན་ཅིང་ཡང་དག་པར་བཀོད་དེ་བསམ་གཏན་འདི་དཔལ་གསང་བ་འདུས་པའི་རྒྱུད་ལས་བཏུས་པ་ཡོད་ལ། དེ་བས་ན་བདག་འདྲ་བའི་བློ་གྲོས་ཆུང་ངུའི་གོ་སྐབས་ག་ལ་ཡོད་དེ་འཇུག་པའི་རྒྱུ་ཅི་ཞིག་

ཡོད། དེ་ལྟ་མོད་ཀྱི་གང་བླ་མ་དམ་པ་ཞེས་བྱ་བ་སློབ་དཔོན་གྱི་གཞུང་བདག་གིས་བཟུང་ཞིང་བླངས་པའི་མན་ངག་གི་མཚན་ཉིད་དེ། འདི་ལྟ་བུའི་གཞུང་དུ་སྦྱར་བའི་ཆོ་ག་མེད་པས། དང་པོ་སྟེ་ཐོག་མ་མེད་པ་ཉིད་དུ་ལས་དང་པོ་པ་བློ་གྲོས་ཆུང་བ་རྣམས་
ཀྱི་འཆིང་བ་ནི་ཚིག་ཏུ་སྦྱར་བའི་རིམ་གྱིས་ལེགས་པར་སྦྱར་བ་མེད་པར་ལྷོད་པར་མི་འགྱུར་བའི་ཕྱིར་རོ། །དེ་ལྷོད་ཅིང་དེངས་པ་དང་ཟད་པར་འགྱུར་བ་ཡིན་པས། རྒྱུ་དེས་ན་འདི་ལ་ཤིན་ཏུ་འབད་པ་ཡིན་ཏེ། དཔལ་གསང་བ་འདུས་པའི་བསྒོམ་པའི་ཉེ་བར་སྦྱར་བ་རྩོམ་
པའི་འབད་ཅིང་ཉོན་མོངས་པ་ནི་འདི་ལ་འབད་ཅིང་བསླབ་པར་བྱ་བའི་ཕྱིར་རང་དང་གཞན་གྱི་དོན་དུ་ཁོ་བོས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། དེ་ལྟར་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྗེས་སུ་འབྲང་བ་འདིས་ཀུན་དུ་བཟང་པོའི་སྒྲུབ་པའི་ཐབས་རྣམ་པར་བཀོད་ཅིང་བྱས་པ་ལས་ལེགས་པར་བྱུང་ཞིང་ཡང་དག་པར་ཉེ་བར་བསགས་པའི་དགེ་བ་སྟེ། བསོད་ནམས་དྲི་མ་མེད་པ་གང་ཡིན་པ་དེས་འགྲོ་བ་
སེམས་ཅན་ཐམས་ཅད་ཀྱི་ཡིད་དེ་སེམས། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མགོན་དང་བཅས་པར་གྱུར་པ་སྟེ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། དོན་དམ་པའི་ངོ་བོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཚན་ཉིད་ཅན་
རྣམ་པར་དག་པའི་ཡེ་ཤེས་གང་ཡིན་པ་དེའི་མགོན་དང་བཅས་ཤིང་དེ་ལ་གཞོལ་བ་སྟེ། དེའི་མཐར་ཐུག་པས་ད་ལྟ་རྟག་ཏུ་སྟེ། དུས་ཐམས་ཅད་དུ་དེ་བསྒོམ་པ་ལ་མངོན་པར་དགའ་བར་ཤོག་ཤིག་པའོ། །དེ་ཡང་ཡེ་ཤེས་འདི་ཀུན་དུ་བཟང་པོའི་སྒྲུབ་པའི་ཐབས་སུ་ཉེ་བར་
སྦྱར་བའི་མཚན་ཉིད་ཅན་གྱིས་སྲིད་པའི་རྩེ་མོའི་མཐར་ཐུག་པའི་བར་གྱི་འགྲོ་བ་རྣམས་བདག་དང་གཞན་གྱི་དོན་གྱི་ཕྱིར་དང་། ཕན་པ་དང་བདེ་བའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་བླ་མའི་དྲིན་གྱིས་རྟོགས་ནས་དུས་ཐམས་ཅད་དུ་ལྷག་པར་མོས་པ་དང་། དེ་ཁོ་ན་ཉིད་ཡིད་ལ་

བྱེད་པ་གཉིས་ཀྱིས་བསྒོམ་པར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་ཡེ་ཤེས་ཞལ་སྔ་ཡི། །འཇམ་པའི་རྡོ་རྗེ་བསྒོམ་པའི་རིམ། །རྣམ་པར་བཀྲོལ་བས་བདག་གིས་ནི། །དགེ་བ་དྲི་མེད་གང་ཐོབ་པ། །དེས་འདིར་རྟག་ཏུ་སེམས་ཅན་ཀུན། །འཇམ་པའི་རྡོ་རྗེའི་བཀའ་
དྲིན་གྱིས། །ཤེས་རབ་ཐབས་བདག་ཡིད་ཀྱིས་ནི། །འཇམ་པའི་རྡོ་རྗེ་དང་མཉམ་ཤོག །དཔལ་ལྡན་ཡོན་ཏན་འབྱུང་གནས་བཟང་། །འཕགས་པའི་སློབ་མ་བཙུན་པ་ནི། །དཔལ་འབྲས་རྡོ་རྗེ་ཞེས་བྱ་བས། །འགྲེལ་པ་རབ་ཏུ་གསལ་བ་བྱས། །ཀུན་དུ་བཟང་པོའི་སྒྲུབ་པའི་
ཐབས་ཀྱི་འགྲེལ་པ་བྱང་ཕྱོགས་ཀྱི་དགེ་སློང་ཡོན་ཏན་འབྱུང་གནས་བཟང་པོའི་སློབ་མ་ཤྲཱི་ཕ་ལ་བཛྲས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཱིརྱ་བྷ་དྲ་དང་། བི་བྷ་ཀ་ར་དང་། སྒྲ་བསྒྱུར་བའི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་
པའོ། ༄༅། །རྒྱ་གར་སྐད་དུ། ཤྲཱི་ས་མནྟ་བྷ་དྲ་སཱ་དྷ་ན་པྲྀཏྟི། བོད་སྐད་དུ། དཔལ་ཀུན་དུ་བཟང་པོའི་སྒྲུབ་པའི་ཐབས་ཀྱི་འགྲེལ་པ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སློབ་དཔོན་རྗེ་བཙུན་སངས་རྒྱས་ཡེ་ཤེས་ཀྱིས་དམ་
པ་རྣམས་ཀྱི་སྤྱོད་པ་རྗེས་སུ་བསྒྲུབ་པའི་ཕྱིར་དང་པོར་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་བ་རྩོམ་པར་བྱེད་པ་ཡིན་ལ། དེའི་དགོས་པ་ཡང་འདི་ཡིན་ཏེ། བསོད་ནམས་མངོན་པར་འཕེལ་བ་དང་། བགེགས་ཉེ་བར་ཞི་བ་དང་། འཆད་པ་པོ་དང་། ཉན་པ་
པོ་དག་གི་བཤད་པ་དང་། ཐོས་པ་ཕུན་སུམ་ཚོགས་པར་འགྱུར་བའོ། །ཕྱག་འཚལ་བ་དེ་ཡང་ཡོན་ཏན་དམ་པ་གསལ་བར་བརྗོད་པའི་སྒོ་ནས་ལུས་དང་ངག་དང་ཡིད་ཀྱིས་ཕྱག་བྱ་བའི་ཚུལ་ཡིན་པར་བལྟ་བར་བྱའོ། །དེ་ལ་ཡང་དག་པའི་ཡོན་ཏན་བརྗོད་པ་ནི་བདག་གི་
དོན་ཕུན་སུམ་ཚོགས་པའི་རྒྱུ་དང་བདག་གི་དོན་ཕུན་སུམ་ཚོགས་པ་ཉིད་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ལ་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་འདི་ནི་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་བ་ཡིན་ཏེ། འདིར་

ཡང་བཅོམ་ལྡན་འདས་ཀྱི་གཟི་བརྗིད་ཀྱི་ཁྱད་པར་གྱི་སྒོ་ནས་བཅོམ་ལྡན་འདས་ཁྱད་པར་དུ་གྱུར་པར་བལྟ་བར་བྱའོ། །དེ་ཡང་སྤྱིའི་དོན་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་འཇམ་དཔལ་གང་ཡིན་པ་དེ་ནི་དཔལ་ལ་སོགས་པ་དང་ལྡན་པའི་གཟི་བརྗིད་རྣམས་
ཀྱིས་འབར་ཞིང་མཛེས་ལ་བརྒྱན་པར་གྱུར་པའི་འཇམ་དཔལ་དེ་ལ་མཆོད་པར་བྱ་བའི་ཕྱིར་དེ་ལ་མངོན་པར་ཕྱག་འཚལ་ནས་དཔལ་གསང་བ་འདུས་པའི་མན་ངག་གིས་བཅོམ་ལྡན་འདས་འཇམ་དཔལ་བསྒོམ་པའི་ཆོ་ག་དང་པོའི་སྦྱོར་བ་ལ་སོགས་པའི་ཚུལ་བཤད་པར་བྱའོ་ཞེས།
བཅོམ་ལྡན་འདས་སློབ་དཔོན་གྱིས་གསུངས་པ་ཡིན་ནོ། །ཡན་ལག་གི་དོན་ཡང་བརྗོད་པར་བྱ་སྟེ། དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་དེ། དེ་གང་ལ་ཡོད་པའི་གཟི་བརྗིད་དང་ལྡན་པ་དེ་ནི་དཔལ་ལྡན་ནོ། །འདིས་ནི་བདག་གི་དོན་ཕུན་སུམ་ཚོགས་
པའི་རྒྱུ་གསུངས་པ་ཡིན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །འདི་དག་གིས་ནི་ཚངས་པ་ལ་སོགས་པ་ཡང་དགར་བ་ཡིན་ཏེ། གལ་ཏེ་ན་འཇིག་རྟེན་པའི་དཔལ་དོན་དུ་གཉེར་བ་ལ་མངོན་པར་ཞེན་པ་དག་འདི་དག་
ཡིན་པར་འཛིན་པར་བྱེད་པས་དེའི་ཕྱིར་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདིའི་དཔལ་གྱི་སྒྲ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྟོན་པའི་དོན་ཡིན་པའི་ཕྱིར་རོ། །མི་ཤེས་ཀུན་སྤངས་ཞེས་བྱ་བ་ལ། མི་ཤེས་པ་ཀུན་ནི་མ་རིག་པ་མ་ལུས་པ་སྟེ། དེ་སྤངས་པ་ནི་བསལ་
བའོ། །དེ་ཡང་གཟི་བརྗིད་གང་གིས་མི་ཤེས་པ་ཐམས་ཅད་སྤངས་པ་དེ་ཉིད་ཀྱིས་ན་དྲི་མ་མེད་པའོ། །མི་ཤེས་པ་ཀུན་སྤངས་པ་ཡང་ཡིན་ལ། དྲི་མ་མེད་པ་ཉིད་ཀྱང་ཡིན་པས་ན། མི་ཤེས་ཀུན་སྤངས་དྲི་མེད་གཟི་བརྗིད་ལྡན། །ཞེས་བྱ་སྟེ། འདིས་ནི་བདག་གི་དོན་ཕུན་སུམ་ཚོགས་པ་
བཤད་པ་ཡིན་ཏེ། གཟི་བརྗིད་དྲི་མ་མེད་པ་ཉིད་ཀྱིས་དྲི་མ་མེད་པ་འདི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པར་ཉེ་བར་མཚོན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འདི་དག་གིས་ནི་ཉན་ཐོས་དང་རང་སངས་རྒྱས་དག་ལས་ཀྱང་དགར་བ་ཡིན་ཏེ། དཔག་མེད་རིགས་ཀྱི་སྤྲུལ་པ་རྣམས་

ཀྱིས་རབ་བརྒྱན་ཞིང་། །ཞེས་བྱ་བ་ལ། དཔག་ཏུ་མེད་པ་ཡང་ཡིན་ལ་རིགས་ཀྱང་ཡིན་པས་དཔག་མེད་རིགས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་རྣམས་ཡིན་པར་བལྟ་བར་བྱ་ལ། དེ་རྣམས་ཀྱི་སྤྲུལ་པ་ནི་སྤྲུལ་པར་བྱས་པའོ། །དེ་ཉིད་ཀྱི་རྒྱན་གང་ལ་
ཡོད་པ་དེ་ནི། དཔག་མེད་རིགས་ཀྱི་སྤྲུལ་པ་རྣམས་ཀྱིས་རབ་བརྒྱན་ཞིང་། །ཞེས་བྱ་བའོ། །འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་གསུངས་པ་ཡིན་ཏེ། གཞན་གྱི་དོན་གྱི་ཕྱིར་སྤྲུལ་པ་རྣམས་རྣམ་པར་འགྱེད་པའི་ཕྱིར་རོ། །འདི་དག་གིས་ནི་རྣལ་འབྱོར་གོང་མའི་
བློ་རྣམ་པར་བསལ་ནས་རྣལ་འབྱོར་བླ་ན་མེད་པའི་བློ་ལ་གཞག་པར་བྱ་བའི་ཕྱིར་ཤེས་རབ་ཡན་ལག་འདུས་པ་ཞེས་བྱ་བ་སྨོས་ཏེ། ཤེས་རབ་ནི་རང་གི་ངོ་བོར་སྣང་བའི་རིག་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པར་བལྟ་བར་བྱ་ལ། དེའི་ཡན་ལག་ནི་
ཤེས་རབ་ཡན་ལག་གོ། །དེར་འདུས་པ་ནི་ཤེས་རབ་ཡན་ལག་འདུས་པ་སྟེ། དེས་འབར་ཞིང་རྣམ་པར་མཛེས་པས་ན་ཤེས་རབ་ཡན་ལག་འདུས་པས་འབར་ཞིང་རྣམ་པར་མཛེས་པ་ཞེས་བྱའོ། །འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུ་གསུངས་པ་ཡིན་ཏེ། ཤེས་
རབ་རྣམ་པར་དག་པ་དང་ལྡན་པ་རྣམས་ཀྱི་གཟི་བརྗིད་ནི་གཞན་གྱི་དོན་གྱི་རྒྱུར་གྱུར་པའི་ཕྱིར་རོ། །འཇམ་པ་ནི་མཉེན་པ་སྟེ། ཐམས་ཅད་ཀྱིས་ཉེ་བར་ལོངས་སྤྱོད་པ་ཡིན་པའི་ཕྱིར་རོ། །དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་མཚན་ཉིད་ཅན་ཏེ། དེ་གང་ལ་ཡོད་པ་དེ་ལ་
ཕྱག་འཚལ་ལོ་ཞེས་བྱ་བ་སྟེ། བཤད་མ་ཐག་པའི་གཟི་བརྗིད་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་འཇམ་དཔལ་དེ་ལ་མངོན་པར་ཕྱག་འཚལ་བ་སྟེ། ལུས་དང་ངག་དང་ཡིད་ཀྱིས་ཕྱག་འཚལ་ནས་ཆོ་ག་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །འདིས་ནི་ལུས་དང་
ངག་དང་ཡིད་དང་ལྡན་པའི་ཕྱག་བྱ་བ་གསུངས་པ་ཡིན་ནོ། །དཔལ་ལྡན་འདུས་པའི་གཞུང་ལུགས་ཞེས་བྱ་བ་ནི་གཞུང་གཞན་དག་ལས་དགར་བའོ། །དེ་ལ་འདུས་པ་ཞེས་བྱ་བའི་སྒྲས་ནི་སངས་རྒྱས་ཐམས་ཅད་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཡིན་པར་བཤད་

ལ། དེ་སྟོན་པར་གྱུར་པ་ཡིན་པས་ན་ཉེ་བར་གདགས་པས་གཞུང་ལ་ཡང་དེ་སྐད་ཅེས་བྱ་སྟེ། ཐ་མི་དད་པར་བཤད་པའི་ཚུལ་ཡིན་པའི་ཕྱིར་རོ། །བཤེས་གཉེན་དམ་པ་ཡིས་ནི་བསྐུལ་ཕྱིར་ཞེས་བྱ་བ་ལ། བཤེས་གཉེན་དམ་པ་ནི་དེ་བཞིན་གཤེགས་པ་
རྣམས་ཏེ། དེ་ལ་བསྐུལ་བ་ནི་གསོལ་བ་བཏབ་པས་དེའི་བཀའ་ཐོབ་པ་སྟེ། བསྐུལ་བ་འདི་ནི་ཉེ་བར་གདགས་པས་བཀའ་ཐོབ་པ་ལ་དེ་སྐད་བཤད་དོ། །བཀའ་ཐོབ་པ་དེས་ན་སྤྲོ་བར་བྱས་པའི་ཉེ་བར་གདགས་པའི་དགོས་པ་དང་བདག་ཉིད་རང་དགའ་ཡོངས་སུ་སྤངས་པའི་
དོན་ཏོ། །ཡང་ན་དཔལ་ལྡན་འདུས་པའི་གཞུང་ལུགས་ཞེས་བྱ་བ་ནི་དཔལ་གསང་བ་འདུས་པའི་མན་ངག་གིས་སོ། །བཤེས་གཉེན་དམ་པ་ཡིས་ནི་སྐུལ་ཕྱིར་སྤྲོ་བྱ་སྟེ། ཞེས་བྱ་བ་ལ། བཤེས་གཉེན་དམ་པ་ནི་དགེ་བའི་བཤེས་གཉེན་ཏེ། སློབ་དཔོན་རྣམས་དང་དེ་
བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ལ་བསྐུལ་བ་ནི་བསྙེན་བཀུར་བྱས་པ་སྟེ། དེས་སྤྲོ་བར་བྱ་བ་གང་ཡིན་པ་དེ་ནི་བདག་ཡིན་ནོ། །དེ་བས་ན་བཤེས་གཉེན་དམ་པས་བསྐུལ་བའི་ཕྱིར་སྤྲོ་བར་བྱས་ཏེ་ཆོ་ག་བཤད་པར་བྱའོ་ཞེས་ཚིགས་སུ་བཅད་པ་གསུངས་པ་འདིས་ནི་
གཞུང་རྩོམ་པའི་རྒྱུ་གསུངས་པ་ཡིན་ནོ། །ད་ནི། བསྟན་བཅོས་དག་ནི་ཐམས་ཅད་དང་། །ལས་རྣམས་ཅི་ཡང་རུང་བ་ལ། །ཇི་སྲིད་དགོས་པ་མ་སྨྲས་པ། །དེ་སྲིད་སུ་ཡང་འཛིན་མི་འགྱུར། །ཞེས་བྱ་བའི་ཚུལ་གྱིས་ནི། བསྟན་བཅོས་ཀྱི་དང་པོར་ཉན་པ་པོའི་སྐྱེ་བོ་
རྣམས་ཀྱི་འཇུག་པའི་ཡན་ལག་ཏུ་གྱུར་པའི་བརྗོད་པ་དང་། དགོས་པ་ལ་སོགས་པ་དག་བརྗོད་དགོས་པས་འགྲོ་བ་མ་ལུས་དོན་ནི་ཕུན་སུམ་ཚོགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པས་ནི་བརྗོད་པར་བྱ་བ་དང་། དགོས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་
ཡང་འགྲོ་བ་རྣམས་ཀྱི་དོན་ཡིན་པས་ན་འགྲོ་བའི་དོན་ཏེ། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་དོ། །དེའི་ཕུན་སུམ་ཚོགས་པ་ནི་འགྲོ་བ་མ་ལུས་དོན་ནི་ཕུན་སུམ་ཚོགས་པ་སྟེ། འགྲོ་བ་མ་ལུས་པ་སངས་རྒྱས་ཉིད་ཀྱི་མཐར་ཐུག་པར་གྱུར་པ་

གང་ཡིན་པ་འདི་ནི་འགྲོ་བ་མ་ལུས་པའི་དོན་ཕུན་སུམ་ཚོགས་པའོ། །དེའི་རྒྱུར་གྱུར་པ་ནི་བྱེད་པའི་རྒྱུར་གྱུར་པའི་ཆོ་ག་གང་ཡིན་པ་སྟེ། དེ་བཤད་པའོ། །འདིས་ནི་ཆོ་གའི་བརྗོད་པར་བྱ་བ་དང་། དགོས་པ་གསུངས་པ་ཡིན་ནོ། །ཆོ་ག་ཞེས་བྱ་བའི་སྒྲ་ནི་བརྗོད་པར་བྱ་བ་ཡང་
གསུངས་པ་ཡིན་ནོ། །འབྲེལ་པ་སྟོན་པར་བྱེད་པའི་སྒྲ་ནི་མངོན་སུམ་དུ་མེད་མོད་ཀྱི། དེ་ནི་ཤུགས་ཀྱིས་གསུངས་པར་བལྟ་བར་བྱ་སྟེ། དེ་ཡང་འདིར་ཆོ་ག་ནི་བརྗོད་པར་བྱ་བ་ཡིན་ལ། དེ་སྟོན་པར་བྱེད་པའི་གཞུང་ནི་བརྗོད་པ་ཡིན་ཏེ། དེ་དག་ཀྱང་བརྗོད་པ་དང་། བརྗོད་
པར་བྱ་བ་གཉིས་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་དུ་འབྲེལ་པ་ཡིན་པར་འདོད་དོ། །འོ་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་གསུང་རབ་ཀྱི་རིམ་པ་ཉིད་ཀྱིས་སམ། སློབ་དཔོན་གཞན་དག་གི་མན་ངག་གིས་ཀྱང་འཇམ་པའི་རྡོ་རྗེ་བསྒོམ་པའི་ཆོ་ག་ཤེས་པར་
གྱུར་ན། གང་གི་ཕྱིར་གཞུང་འདིས་ཆོ་ག་བཤད་པས་ཅི་ཞིག