Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 42

Văn bản gốc(Tây Tạng)

Trang 11 / 15 (50.000 ký tự/trang)
ུགས་པའོ། །བདག་ཅེས་བྱ་བ་ནི་གོས་དཀར་མོའོ། །བཟང་ཞིང་ཉེས་པ་མེད་པའི་དག་པ་གང་ཡིན་པ་དེའི་རང་བཞིན་གྱིས་སྤྱོད་པས་དངོས་པོ་ཀུན་
ནས་རྣམ་པར་དག་པའི་སེམས་དེ་ཉིད་ནི་ཀུན་དུ་བཟང་པོའོ། །གཞན་ནི་སྔར་བཤད་པར་ཟད་དོ། །གོས་དཀར་མོའི་འོག་ཏུ་སྒྲོལ་མའི་གླུ་ལེན་པ་ནི་ཁྱེད་ནི་རྡོ་རྗེ་འདོད་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་མ་ཚང་བ་མེད་པར་བསྐུལ་བའི་ཕྱིར་ཐུགས་དང་སྐུ་དང་

གསུང་ཕུན་སུམ་ཚོགས་པའི་རྗེས་ལ་དོན་ཐམས་ཅད་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་བསྐུལ་བ་ཡིན་ནོ། །དངོས་པོ་གང་ལ་སེམས་ཀྱི་འདོད་པར་གྱུར་པའམ། དེ་དག་ཐམས་ཅད་སེམས་རྣམ་པར་དག་པ་ལས་འབྱུང་བས་ན་དེའི་ཕྱིར་ཁྱོད་ནི་རྡོ་རྗེ་འདོད་
པའོ། །དམ་ཚིག་ནི་ལམ་མོ། །མཆོག་ནི་རྣམ་པར་དག་པ་སྟེ། དེས་ན་དེ་ནི་དམ་ཚིག་མཆོག་རྣམ་པ་ཐམས་ཅད་དུ་ཕན་པ་མཛད་པར་གྱུར་པས་ན། ཕན་པའི་དོན་ཆེན་པོའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གདུང་ནི་གང་འཁོར་བ་ཐོག་མ་མེད་པར་གཅིག་ནས་
གཅིག་ཏུ་རྒྱུན་མི་འཆད་པར་བྱུང་བ་དེའི་མཆོག་ཏུ་གྱུར་པ་ནི་ཁྱེད་ཉིད་ཀྱི་གཉིས་སུ་མེད་པའི་ཐུགས་ལ་གནས་པ་དེས་སངས་རྒྱས་རྣམས་མཛེས་པར་གྱུར་ཅིང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་གཟིགས་པས་མཉམ་པ་ཉིད་ལ་ཐུགས་བརྩེ་བའོ། །ཡོན་ཏན་རིན་ཆེན་མང་
པོའི་གཏེར་གྱུར་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པའོ། །ཞེས་བྱ་བའི་དོན་ཏོ། །ཞི་བ་ལ་སོགས་པར་གྱུར་པ་འདི་ནི་མིང་དང་གཟུགས་རྣམ་པར་དག་པ་ཡིན་ཏེ། ནུར་ནུར་པོ་ལ་སོགས་པ་ནི་གཟུགས་ཇི་སྲིད་སྐྱེ་མཆེད་དྲུག་མ་ཐོབ་པའི་བར་ནི་མིང་དང་གཟུགས་
སོ། །དེ་ལྟ་བུའི་གླུ་ཞེས་བྱ་བ་ནི་གླུས་བསླངས་པའོ། །ངོར་བྱས་པ་དེས་རང་གི་སྔགས་ཀྱི་ལུས་སུ་གྱུར་ཏོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་ཞེ་ན། ཆོས་ཀུན་སྒྱུ་མ་ལྟ་བུར་ཡང་དག་རིག །ཅེས་བྱ་བ་སྟེ། དངོས་པོ་མ་ལུས་པ་སྒྱུ་མ་ལྟ་བུ་ཡིན་ཞིང་སྒྱུ་མ་དང་མཚུངས་པར་ཡང་
དག་པར་རིག་ཅིང་རྟོགས་པར་གྱུར་པ་སྟེ། དེས་ན་རྒྱུད་ལས། ཨེ་མའོ་ཀུན་དུ་བཟང་པོ་ཡི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སྐྱེ་བ་མེད་པའི་ཚུལ་གྱིས་ནི། །སྐྱེ་བ་འདི་ནི་རབ་ཏུ་བསྒྲགས། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །སྣང་བའི་
ཞེས་བྱ་བ་ལ་སོགས་པ་ལ་སྣང་བ་དང་བཅས་པའི་འོད་ཟེར་ཁ་དོག་ལྔ་པའི་འོད་དོ། །དཀྱིལ་འཁོར་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཞུ་བའི་དཀྱིལ་འཁོར་རོ། །རང་གི་སྔགས་ཀྱི་ལུས་སུ་རང་ཉིད་གྱུར། །ཞེས་བྱ་བ་ནི་ཟླ་བ་ཞུ་བའི་གཟུགས་དེ་ཉིད་མཾ་ལས་བྱུང་བའི་རལ་གྲིའི་ངོ་

བོར་གྱུར་པའོ། །དེར་ནི་འོད་ཀྱིས་ཞེས་བྱ་བ་ནི་རལ་གྲི་དེར་ཁ་དོག་ལྔ་པའི་འོད་ཟེར་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་རལ་གྲིའི་ནང་དུ་ཡིད་ཀྱིས་བཅུག་པར་གྱུར་པ་ལས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་
བརྒྱན་པ་གཞོན་ནུ་ལོ་བརྒྱད་ལོན་པའི་རྣམ་པ་ཅན་ཟུར་ཕུད་ལྔ་དང་ལྡན་པ་ཤེས་རབ་རང་བཞིན་ཅན་ཞལ་གསུམ་ཕྱག་དྲུག་པ་སྣ་ཚོགས་པདྨ་དང་ཟླ་བའི་དབུས་ན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་སྒེག་པའི་ཉམས་སུ་ཡོངས་སུ་གྱུར་པ་འཇམ་པའི་དབྱངས་ཀྱི་སྐུར་གྱུར་
ཏོ་ཞེས་བྱ་བའི་དོན་ཏོ། །སྐུ་མདོག་དང་ཞལ་དང་ཕྱག་དང་མཚོན་ཆའི་དབྱེ་བ་བསྟན་པ་ནི་གུར་ཀུམ་བཟང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གུར་ཀུམ་བཟང་པོ་ཞེས་བྱ་བ་ནི་གུར་ཀུམ་སེར་པོ་སྟེ་དེ་དང་འདྲ་བར་མདོག་དམར་བ་འབར་བའི་མདངས་གང་ལ་མངའ་བ་སྟེ་འདོད་
ཆགས་ཆེན་པོའི་ངོ་བོ་ཡིན་པའི་ཕྱིར་རོ། །འདི་ནི་ཅུང་ཟད་སེར་བའི་མདོག་ཅན་གྱི་དམར་པོ་ཡིན་གྱི་ཤིན་ཏུ་དམར་བའི་མདོག་ཅན་ནི་མ་ཡིན་ནོ། །ཞལ་གཡས་པ་ནི་སྔོན་པོ་གཡོན་པ་ནི་དཀར་པོའོ། །འདི་ནི་སྨན་པ་གསོ་བ་ངན་པར་བྱས་པ་ལྟར། གཡས་པ་དཀར་བ་དང་གཡོན་
པ་ནག་པོར་འཆད་པ་ཡོད་མོད་ཀྱི། དེ་ནི་རྡུལ་གྱིས་བསྒོས་པ་ལྟ་བུ་སྟེ། འཇམ་པའི་རྡོ་རྗེ་ཞལ་མི་བསྐྱོད་པ་དང་འདྲ་བར་བསྒྲུབ་པར་བྱ་བའི་ཕྱིར་དེ་ལྟར་སྨྲས་སུ་ཟིན་ཀྱང་གཞུང་འདི་ནི་ལོག་པར་བསྒྲུབ་པ་ཡིན་ནོ། །ཕྱག་གཡོན་པ་གཉིས་ཀྱིས་རལ་གྲི་དང་མདའ་བསྣམས་པ་དང་ཕྱག་
གཡས་པ་གཉིས་ཀྱིས་ཨུཏྤལ་སྔོན་པོ་དང་གཞུ་བསྣམས་པར་འདོད་པ་དེ་ཡང་མི་རིགས་སོ། །གང་ཡང་དེས་ཤེས་རབ་འཁྱུད་པའི་ཕྱག་གཉིས་ན་རྡོ་རྗེ་དང་དྲིལ་བུ་བསྣམས་སོ་སྙམ་དུ་སེམས་པ་དེ་ཡང་ལེགས་པ་མ་ཡིན་ལ། གང་གི་ཕྱིར་འཁྱུད་པ་ལ་སོགས་པའི་བྱ་བས་ཕྱག་སྟོང་
པ་མ་ཡིན་ནོ་སྙམ་པ་དེ་ཡང་ལེགས་པ་མ་ཡིན་ཏེ། བཅོམ་ལྡན་འདས་ནི་སྐྱེས་བུ་ཐ་མལ་པ་དགའ་བ་ལ་ཉེ་བར་ལོངས་སྤྱོད་པ་ལྟར་ཕྱག་གཉིས་འབྲེལ་པ་མ་ཡིན་གྱི། གཞན་དུ་ན་ཤེས་རབ་དམ་པའི་རྒྱུ་མཐུན་པའི་ངོ་བོ་ཉིད་ཐབས་དང་བཅས་པར་གྱུར་པའི་རང་གི་ལུས་ཞེས་འོག་

ནས་བཤད་པས་དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་དོན་དང་ལྡན་པའི་ཤེས་རབ་དང་ཐབས་ཀྱི་ངོ་བོ་ཉིད་ཀྱི་རྒྱུ་མཐུན་པའི་ངོ་བོ་ཉིད་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དེ་དག་བཞུགས་པ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱི་རྩ་
བའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་རིགས་པ་མ་ཡིན་ནོ། །འོན་ཏེ་འདི་སྐད་དུ་རྡོ་རྗེ་དང་དྲིལ་བུ་ནི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་ཟེར་ན། རལ་གྲི་ཡང་ཤེས་རབ་ཀྱི་ངོ་བོ་ཡིན་པས་དེ་ཡང་མེད་པར་འགྱུར་ལ། རྡོ་རྗེ་ཐབས་ཀྱི་ངོ་བོ་ཉིད་ཡིན་པས་ན། མི་བསྐྱོད་
པ་ལ་སོགས་པ་ལ་དེ་ཡང་མེད་པར་འགྱུར་རོ། །དེ་བས་ན་འདིར་སྒྲུབ་པའི་ཐབས་མཛད་པས་ཇི་སྐད་བཤད་པ་མེད་བཞིན་དུ་བལྟ་བར་བྱ་བ་འདི་ཉིད་རིགས་པ་ཡིན་ཏེ། རྒྱུད་ཚད་མ་ཉིད་ཡིན་པའི་ཕྱིར་རོ། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན་པའི་ཞེས་བྱ་བ་ནི་གདུ་བུ་དང་དཔུང་
རྒྱན་དང་སྐ་རགས་དང་མུ་ཏིག་གི་དོ་ཤལ་དང་རྐང་གདུབ་ལ་སོགས་པ་དེ་དག་གིས་སྐུ་ལ་བརྒྱན་པའི་ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་ཐབས་ཀྱིས་འཁྱུད་པར་མཛད་པ་དང་མདངས་དང་ལྡན་པའི་འོད་འབར་བའི་རལ་གྲི་དང་མདའ་ཉིད་ཀྱིས་ཕྱག་བརྒྱན་ཅིང་བསྣམས་པ་དང་། ཨུཏྤ་
ལ་སྔོན་པོ་དང་གཞུ་བསྣམས་པར་མཛད་པ་གང་ཡིན་པ་དེའོ། །དེ་ཡང་ཤེས་རབ་རྣམ་པར་དག་པའི་ངོ་བོ་ཉིད་ནི་རལ་གྲི་སྟེ། རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཞེས་གསུངས་པ་དང་རྡོ་རྗེ་སྙིང་པོའི་རྒྱན་ལས་ཀྱང་། བདེ་གཤེགས་དྲི་མེད་ཤེས་རབ་ནི། །རྡོ་རྗེ་རྣོན་པོར་དེ་བཤད་དོ། །
ཞེས་གསུངས་པའི་ཕྱིར་རོ། །ཐུགས་རྗེ་ཆེན་པོས་འབིགས་པའི་ངོ་བོ་ཉིད་ནི་མདའོ། །རང་བཞིན་གྱིས་ཉེས་པའི་འདམ་ཐམས་ཅད་ཀྱིས་མ་གོས་པ་ནི་ཨུཏྤལ་སྔོན་པོའོ། །ཉེས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པས་དེ་བཞིན་གཤེགས་པའི་ཡོན་ཏན་མ་ལུས་པའི་གཞིར་
གྱུར་པ་ཉིད་ནི་གཞུའི་རྣམ་པར་དག་པ་ཡིན་ནོ། །མཐའ་ཡས་འོད་ལྡན་ཞེས་བྱ་བ་ནི་ཉི་མ་ལྟར་སྣང་བའི་གཟི་བརྗིད་ཚད་མེད་པ་དང་ལྡན་པའོ། །མ་ལུས་རིགས་རྣམས་འཕྲོ་བས་རྣམ་བརྒྱན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་

བོའི་རྣམ་པའི་རིགས་མ་ལུས་པ་དེ་གང་ཡིན་པ་དེ་ཉིད་དེ་ལ་སྐྱེས་ཤིང་དེ་རྣམས་འབར་བའི་འོད་དང་ལྡན་པས་རྣམ་པར་འཕྲོ་བས་རྣམ་པར་བརྒྱན་ཅིང་སྤུད་པར་བྱས་པའི་ནམ་མཁའ་མ་ལུས་པའི་ཁོངས་སུ་གཏོགས་པའི་དཀྱིལ་འཁོར་གང་གིས་མཛེས་པར་བྱས་པ་སྟེ། འདི་དག་
གིས་ནི་བཅོམ་ལྡན་འདས་ཀུན་དུ་བཟང་པོ་ཉིད་ཡིན་པར་སྟོན་ཏོ། །སྐྱོབ་པ་ཞེས་བྱ་བ་ནི་འདི་ལ་སྐྱོབ་པ་མངའ་བས་ན་སྐྱོབ་པའོ། །ཚད་མ་རྣམ་འགྲེལ་ལས། སྐྱོབ་པ་ཉིད་ཀྱིས་གཟིགས་ལམ་སྟོན། །ཞེས་བཤད་པས་ཇི་ལྟར་ཐུགས་སུ་ཆུད་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་
པའི་ལམ་སྟོན་པར་མཛད་པ་ལ་བྱ་སྟེ། འདི་ནི་སྐྱེ་མཆེད་དྲུག་རྣམ་པར་དག་པ་ལའོ། །ད་ནི་དོན་དམ་པའི་ཤེས་རབ་དང་ཐབས་བསྒོམས་པ་བསྟན་པ་ནི། དངོས་རྣམས་ཞེས་བྱ་བ་སྨོས་པ་ཡིན་ཏེ། གཟུང་བ་ནི་གཟུགས་ལ་སོགས་པའོ། །འཛིན་པ་ནི་མིག་ལ་སོགས་པ་
སྟེ་འདི་དག་ནི་དོན་དམ་པར་དངོས་པོ་མེད་ཀྱི་བྱིས་པ་སྐྱེ་བོས་བརྟགས་པ་ཙམ་དུ་ཟད་དོ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་འདི་ཡང་དག་པར་དངོས་པོ་མེད་ན་མིག་གིས་གཟུང་བར་བྱ་བའི་གཟུགས་དང་མིག་ལ་བརྟེན་ཏེ་མིག་གི་རྣམ་པར་ཤེས་པ་སྐྱེ་བས་ན་དེ་བཞིན་དུ་ཡིད་དང་ཆོས་
ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་ཇི་ལྟར་སྐྱེ་བར་འགྱུར། དེ་ནི་མ་ཡིན་ཏེ་གང་གི་ཕྱིར་གཟུགས་ལ་སོགས་པར་སྣང་བ་ལས་མ་གཏོགས་པར་དེ་ལས་གཞན་པའི་གཟུང་བར་བྱ་བའམ། དེ་འཛིན་པར་བྱེད་པ་ཅུང་ཟད་ཀྱང་ཉེ་བར་མ་དམིགས་ཏེ་དོན་དམ་པར་ན་སྟོང་པའི་གཟུགས་
སྣང་བའི་མཚན་ཉིད་ཙམ་དུ་ཡོད་པར་ཟད་དོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནང་གི་བདག་ཉིད་ཅན་ནི་ནང་གི་བདག་ཉིད་ཅན་གྱིས་སྟོང་ངོ་། ཕྱི་ནི་ཕྱིའི་ངོ་བོ་ཉིད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མིག་ནི་མིག་གང་བ་ཉིད་ཀྱིས་སྟོང་སྟེ། དེའི་རང་བཞིན་
དེ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པས་ན། ཡིད་དང་ཆོས་ནི་ཡིད་དང་ཆོས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་གསུངས་པ་ཡིན་ནོ། །དེ་ལྟར་ན་ཕྱི་རོལ་གྱི་དངོས་པོ་མེད་པས་གཟུང་བར་བྱ་བ་མེད་ལ་དེས་ན་འཛིན་

པར་བྱེད་པའི་མིག་ལ་སོགས་པ་དང་བྲལ་བས་འཛིན་པ་པོ་ཡང་མེད་པ་ཡིན་ནོ། །གཟུང་བ་དང་འཛིན་པ་རྣམ་པ་གཉིས་པོ་དང་བྲལ་བས་གཉིས་སུ་མེད་པའི་ཚུལ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་དེ་ཁོ་ན་ཉིད་ལ་གནས་ནས་འཛིན་པ་པོའི་རང་བཞིན་སེམས་ཙམ་ཡང་དོར་བར་
བྱའོ། །དེ་ལྟར་གཉི་ག་ཡང་མེད་པས་དངོས་པོ་མ་ལུས་པ་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པར་ཤེས་ནས་རྣམ་པར་བྱང་བ་རྣམ་པར་དག་པ་ནི་ཀུན་དུ་བཟང་པོ་ལྟ་བུའི་སེམས་ནི་གཉེན་པོ་བསྒོམས་པ་ཡིན་ཏེ། དེ་ལ་མངོན་པར་ཞེན་པ་མེད་པ་ནི་བསྒོམ་པར་བྱ་བ་དང་། སྒོམ་པ་པོ་དང་
བསྒོམས་པ་ཉེ་བར་མི་དམིགས་པ་ཡིན་ནོ། །དེ་ལྟར་ན་དེ་མེད་ཅིང་ཟད་པ་དང་སྤངས་པས་བྱིན་གྱིས་བརླབ་པར་བྱའོ། །འོག་ནས་བཤད་པའི་རྒྱུད་ལས་གསུངས་པའི་སྔགས་འདིས་བྱའོ། །ཨོཾ་ཞེས་བྱ་བ་ནི་ངེས་པ་སྟེ། རང་བཞིན་གྱིས་བདག་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་གྱུར་པའོ་
ཞེས་བྱ་བ་སྟེ་བསྒོམ་པའི་སྟོབས་ཀྱིས་སེམས་ཀྱི་ངོ་བོ་ཉིད་ལ་དམིགས་ནས་གློ་བུར་བའི་དྲི་མ་དང་བྲལ་བར་གྱུར་པའོ། །དེ་ཡང་། ཀུན་ནས་ཉོན་མོངས་རྣམ་པར་དག །དེ་ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །ཅེས་
བཤད་པ་ཡིན་ནོ། །འདིར་མན་ངག་ནི་འདི་ཡིན་ཏེ། རྒྱལ་བ་སྐྱེས་མཆོག་རྣམས་ཀྱི་དྲི་མེད་དངོས་བརྟེན་ནས། །ཕྱི་ཡི་མ་ལུས་སྤོང་བྱེད་གཉིས་དང་བྲལ་བ་ཡི། །སེམས་ལ་བརྟེན་ཏེ་སེམས་ནི་སེམས་ཙམ་ཉིད་དུ་རྟོགས། །དེ་ཡང་སྣ་ཚོགས་སྣང་བ་གཅིག་པ་ཉིད་མ་ཡིན། །སྣ་ཚོགས་
རེག་པས་དུ་མའི་གཟུགས་སུའང་མ་ཡིན་ཏེ། །དེ་ལྟར་ཐམས་ཅད་དངོས་པོ་མེད་པ་ཉིད་དུ་རྟོགས། །འདི་ལ་དངོས་རྣམས་རིམ་གྱིས་དེ་གཉིས་བཅས་འགྱུར་ལ། །སླར་ཡང་སེམས་དེ་ཉིད་ནི་དེ་ལྟར་བསྒོམ་པར་བྱ། །ཞེས་བྱ་བ་ཡིན་ནོ། །འདི་ནི་བསྙེན་པའི་དམ་ཚིག་གི་ཡང་དག་པའི་
སྦྱོར་བ་ཡིན་ཏེ། བསྙེན་པ་ནི་དེ་ཁོ་ན་ཉིད་ལ་བསླབ་པའོ། །དེའི་དམ་ཚིག་ནི་རིམ་གྱིས་འབྲས་བུ་ཐོབ་པའོ། །རྒྱུ་མཐུན་པའི་འབྲས་བུ་ཐོབ་པ་ནི་བསྙེན་པའོ། །བདག་གི་བླ་མའི་ཞལ་སྔ་ནས་ཀྱིས་ཀྱང་། སྟོང་ཉིད་ལ་སོགས་བསྙེན་པ་སྟེ། ཨོཾ་དང་མ་ཡི་ཐོག་མཐའ་ཅན། །

དེ་ཡི་འབྲས་བུ་རྒྱུ་མཐུན་པ། །ཞེས་བཤད་པ་ཡིན་ནོ། །དེ་ནི་ཉེ་བར་བསྒྲུབ་པ་བརྗོད་པར་བྱ་སྟེ། མིག་ལ་སོགས་པ་བྱིན་གྱིས་བརླབས་པ་ནི་ཉེ་བར་བསྒྲུབ་པ་ཞེས་བྱ་བར་བཤད་ལ། རྣམ་པར་སྨིན་པ་ནི་དེའི་འབྲས་བུ་ཡིན་ནོ། །དེ་འོག་ཅེས་བྱ་བ་ལ་སོགས་པ་ལ་དེ་འོག་ཅེས་བྱ་བ་ནི་དམ་
ཚིག་དང་བསྙེན་པའི་སྦྱོར་བའི་རྗེས་ཐོགས་ལའོ། །རང་གི་ས་བོན་ནི་སའི་སྙིང་པོ་ལ་སོགས་པ་སྟེ། ཀྵིཾ་ཛྲཱྀཾ་ཁཾ་གཾ་ཥྐཾ་སཾ་ཞེས་བྱ་བའོ། །ཇི་བཞིན་ཞེས་བྱ་བ་ནི་གོ་རིམས་མ་འཆོལ་བ་སྟེ། ཀྵིཾ་ལ་སོགས་པའི་ས་བོན་དྲུག་ལས་བྱུང་བའི་འཁོར་ལོ་དང་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་རལ་
གྲི་དང་། རྡོ་རྗེ་ལ་སོགས་པའི་གཟུགས་སུ་བྱུང་བས་མིག་དང་རྣ་བ་དང་། སྣ་དང་ལྕེ་དང་ལུས་དང་ཡིད་ལ་ཞུགས་ཏེ་ས་བོན་དེའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་པར་བྱས་ནས་སའི་སྙིང་པོ་ལ་སོགས་པ་ལྷ་རྣམས་བསྐྱེད་ལ་མིག་ལ་སོགས་པ་དེའི་རང་
བཞིན་དུ་བྱའོ། །སོགས་པའི་སྒྲས་ནི་ས་ལ་སོགས་པས་དེ་བཞིན་དུ་བྱིན་གྱིས་བརླབས་པ་དང་། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་རྣམ་པར་སྣང་མཛད་ལ་སོགས་པས་བྱིན་གྱིས་བརླབ་པར་བྱའོ། །ཉེ་བར་བསྒྲུབ་པའི་ཆོ་ག་འདིས་ནི་རེག་པ་རྣམ་པར་དག་པ་བཤད་པར་བྱ་སྟེ། དེ་
ཡང་། དེ་ཡི་འབྲས་བུ་རྣམ་སྨིན་ཡིན། །སྒྲུབ་པ་དག་གིས་བཤད་པར་བྱ། །ཞེས་བཤད་པ་ཡིན་ནོ། །དྲི་མེད་ཅེས་བྱ་བ་ལ་སོགས་པ་ལ་རང་གི་ཟླ་བའི་ཞེས་པ་རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེའི་ལྟེ་བ་ཞེས་པ་རྡོ་རྗེའི་ཆང་གཟུངས་ཀྱི་དབུས་སུ་གནས་པའི་ཡི་གེ་ཧཱུཾ་ལས་སྙིང་གར་ཐུགས་ཀྱི་
རྡོ་རྗེ་བསམ་པ་དང་། དེ་བཞིན་དུ་ཁ་དང་མགོ་བོར་པདྨ་དང་འཁོར་ལོ་དག་ལ་གནས་པའི་ཡི་གེ་ཨཱཿདང་ཨོཾ་ལས་བྱུང་བའི་གསུང་རྡོ་རྗེ་སྟེ་འོད་དཔག་ཏུ་མེད་པ་དང་སྐུ་རྡོ་རྗེ་སྟེ་རྣམ་པར་སྣང་མཛད་བསམ་པར་བྱའོ། །ཟླ་བའི་སྒྲ་སྨོས་པ་ཉིད་ཀྱིས་མེ་དང་དབང་ཆེན་དང་ཆུ་དང་རླུང་གི་དཀྱིལ་འཁོར་
གྱི་སྟེང་ན་སྣ་ཚོགས་པདྨ་ཡོད་པར་དཔག་པར་བྱའོ། །ཚིག་ལེའུར་བྱས་པ་ལས་དཀྱིལ་འཁོར་མ་སྨོས་ན་ཇི་ལྟར་འདི་ལྟར་དཔག་པར་བྱ་སྟེ། དེ་ནི་ལེགས་པ་མ་ཡིན་ནོ་ཞེས་བརྟག་པ་ནི་མི་བྱའོ། །ཅིའི་ཕྱིར་ཞེ་ན། དེ་སྐད་རྒྱུད་ལས་བཤད་པ་ལ། །འདིས་ནི་དཔལ་གསང་བ་འདུས་པའི་

རྒྱུད་ཀྱི་རིམ་པ་ཐམས་ཅད་སྟོན་པ་ཡིན་ནོ། །དེ་ཡང་བདག་གི་བླ་མའི་ཞལ་སྔ་ནས་ཀྱིས། རླུང་དང་ཆུ་དང་འབྲེལ་པ་དང་། །དེ་བཞིན་ཡང་ནི་དབང་ཆེན་མེ། །ཡཾ་བཾ་ལཾ་རཾ་ལས་བྱུང་བ། །མདོག་ནི་གྲངས་བཞིན་སྔོ་བ་དང་། །དཀར་དང་སེར་དང་དམར་བ་དང་། །བ་དན་གྱིས་
མཚན་བུམ་པར་ལྡན། །དབང་ཆེན་མཚམས་སུ་རྡོ་རྗེས་མཚན། །རླུང་ནི་གཞུ་ཡི་དབྱིབས་ཅན་ནོ། །ཆུ་ཡི་དཀྱིལ་འཁོར་ཟླུམ་པོ་སྟེ། །དབང་ཆེན་ཟུར་བཞི་པ་ཉིད་ཡིན། །མེ་ཡི་ཟུར་གསུམ་རྣམ་པ་སྟེ། །དེ་ཡི་དབུས་སུ་རྣམ་པར་བསྒོམ། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་སྙིང་
གར་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཐུགས་རྡོ་རྗེ་དེའི་གོང་བྲང་དུ་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ། ལྐོག་མར་ཆུའི་དཀྱིལ་འཁོར་གྱི་སྟེང་དུ་གསུང་རྡོ་རྗེ། མགོ་བོའི་ཐོད་པའི་ནང་དུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་སྐུ་རྡོ་རྗེ་བསམ་མོ། །ལ་ལ་ནི་ཐུགས་རྡོ་རྗེ་
ཉིད་ཡེ་ཤེས་སེམས་དཔའ་ཡིན་ནོ་ཞེས་འདོད་མོད་ཀྱི། དེ་ནི་བདེན་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྒྱུད་ལས། སྙིང་གའི་དབུས་ནས་ཕྲ་བ་ཡི། །ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམ། །ཡི་གེ་གནས་ཀྱི་མཆོག་གྱུར་པ། །དེ་ཡི་དབུས་སུ་ཆུད་པར་བསམ། །དེ་ལྟར་གནས་ནི་
བཞི་པོ་རུ། །ཞེས་གསུངས་པས་ཐུགས་དང་གསུང་དང་སྐུ་རྡོ་རྗེ་དང་བཞི་པ་ནི་ཡེ་ཤེས་སེམས་དཔའ་ཡིན་ནོ། །འོ་ན་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱིས་ཚིག་ལེའུར་བྱས་པར་ཅིའི་ཕྱིར་མ་གསུངས་ཤེ་ན། ལན་དུ་སྨྲས་པ་ཉིད་ཡིན་ཏེ། དང་པོར་ནང་པར་སྙིང་གའི་ཟླ་དབུས་སུ། །
དྲི་མེད་འོད་ཟེར་རབ་ཏུ་འཕྲོ་བའི་མཾ། །ཞེས་བྱ་བ་ལ་སོགས་པ་མང་དུ་སྨོས་པ་ཡིན་ནོ། །དེ་བས་ན་ཡེ་ཤེས་སེམས་དཔའ་མེད་པར་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་མི་འགྱུར་བར་ཤེས་པར་བྱས་ལ། སློབ་དཔོན་གྱིས་ཚིགས་སུ་བཅད་པར་མ་གསུངས་པའི་སོམ་ཉི་མི་བྱའོ། །ཡེ་
ཤེས་སེམས་དཔའ་ནི་དམ་ཚིག་སེམས་དཔའ་ལྟར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དུ་བསམ་པར་བྱའོ། །ཐུགས་རྡོ་རྗེ་ལ་སོགས་པ་ཡང་དེ་བཞིན་ནོ། །དེའི་ཐུགས་ཀའི་ཞེས་བྱ་བ་ལ་དེའི་ཞེས་བྱ་བ་ནི་དེ་རྣམས་ཀྱི་ཐུགས་ཀའི་ཡེ་ཤེས་ཀྱི་གཟུགས་ཅན་གྱི་ཡི་གེ་སྟེ། དེ་ལས་བྱུང་

བའི་འོད་ཟེར་གྱི་ཚོགས་རྣམས་སོ། །ཤེས་རབ་དམ་པ་ནི་རང་རང་གི་རིག་པ་སྟེ། དེ་རྣམས་དང་འདུས་པ་ནི་གཅིག་ཏུ་འདྲེས་པར་གྱུར་པ་ཡིན་ལ། དེའི་འོད་རྣམས་ཀྱིས་སྣང་ཞིང་གསལ་བའི་ངང་ཚུལ་ཅན་གྱིས་སོ། །དེས་ཇི་སྐད་སྟོན་པར་འགྱུར་ཞེ་ན། མི་བསྐྱོད་པ་ལ་སོགས་པའི་
སྙིང་པོའི་ས་བོན་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཚོགས་རྣམས་མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་ལ། ཚིགས་སུ་བཅད་པ་འདིས་བདག་ཉིད་བྱིན་གྱིས་བརླབ་པའི་ཕྱིར་གསོལ་བ་གདབ་པར་བྱའོ། །དཔལ་ལྡན་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་
པོ་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཐུགས་འཆང་བ་ཞེས་བྱ་བ་ནི་རྡོ་རྗེ་ལྟར་མི་ཕྱེད་ཅིང་གཡོ་བ་མེད་པའི་ཐུགས་གང་ལ་མངའ་བ་དེ་ནི་རྡོ་རྗེ་ཐུགས་འཆང་བ་སྟེ་མི་བསྐྱོད་པའོ། །སྐུ་གསུང་ཐུགས་གསུམ་པོ་རྡོ་རྗེ་ལྟར་མི་ཕྱེད་ཅིང་མི་གཡོ་བ་བསྒོམ་པ་གང་ཡིན་པ་དེ་ནི་རྡོ་རྗེ་མི་ཕྱེད་གསུམ་བསྒོམས་
པས་སོ། །འདིས་ནི་དོན་དམ་པར་ཐམས་ཅད་ཀྱང་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་ནོ་ཞེས་སྟོན་ཏོ། །དེང་བདག་ཅེས་བྱ་བ་ལ་སོགས་པ་ལ་བདག་ཐུགས་རྡོ་རྗེའི་རྣལ་འབྱོར་པ་རང་བཞིན་གྱིས་དབྱེར་མི་ཕྱེད་པའི་ཕྱིར་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་རློབ་པར་མཛད་དུ་གསོལ་ཞེས་པ་སྟེ།
བདག་གི་སེམས་ཐུགས་རྡོ་རྗེ་དང་མཉམ་པར་གྱུར་ཅིག་ཅེས་བྱ་བའི་བར་དུའོ། །ཐུགས་རྡོ་རྗེ་འབའ་ཞིག་ཏུ་མ་ཟད་ཀྱི། ཕྱོགས་བཅུ་ན་བཞུགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རྣལ་འབྱོར་པ་རྣམས་ཀྱིས་བདག་ལ་བྱིན་གྱིས་རློབ་པར་མཛོད་ཅིག་པའོ། །ཨོཾ་ཞེས་བྱ་བ་ལ་
སོགས་པ་ལ། ཐུགས་རྡོ་རྗེས་བྱིན་གྱིས་བརླབས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་བདག་གི་སེམས་ཐུགས་རྡོ་རྗེ་དང་འདྲ་བར་གྱུར་ཏོ་ཞེས་ཨོཾ་གྱིས་ངེས་པར་བྱས་པའོ། །ཡེ་ཤེས་སེམས་དཔས་བྱིན་གྱིས་བརླབས་པ་ཡང་རིམ་པ་འདི་ཉིད་ཀྱིས་
བྱའོ། །གསུང་རྡོ་རྗེའི་གསོལ་བ་གདབ་པའི་ཚིགས་སུ་བཅད་པ་གསུངས་པ་ནི། ཆོས་ཀྱི་གསུང་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆོས་ནི་རྡོ་རྗེ་ཆོས་ཏེ་འོད་དཔག་ཏུ་མེད་པའོ། །གསུང་ལམ་ནི་གསུང་གི་ངོ་བོ་སྟེ་ཆོས་ཐམས་ཅད་སྟོན་པ་ལ་དབང་དུ་གྱུར་པའི་ཕྱིར་རོ། །

དེ་ཉིད་ཀྱིས་ན་དཔལ་ལྡན་ནོ། །གསུང་ནི་རྡོ་རྗེ་ཅན་བདག་ལ། །གསུང་གིས་བྱིན་གྱིས་བརླབས་མཛོད་ལ། །བདག་གི་ངག་དེ་དང་འདྲ་བར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །སྐུ་རྡོ་རྗེའི་གསོལ་བ་གདབ་པའི་ཚིགས་སུ་བཅད་
པ་གསུངས་པ་ནི་དཔལ་ལྡན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །དེ་ནི་རང་བཞིན་གྱིས་ཤིན་ཏུ་མཛེས་པའི་རང་བཞིན་ཅན་གྱི་སྐུ་ཆེན་པོ་མངའ་བས་དཔལ་ལྡན་ཏེ་དེས་བདག་གི་ལུས་བྱིན་གྱིས་བརླབས་པར་མཛད་དེ། བདག་གི་ལུས་རྡོ་རྗེ་ལྟ་བུར་གྱུར་
ཅིག་ཅེས་བྱ་བའི་བར་དུའོ། །ཨོཾ་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །ལ་ལ་ནི། ཀུན་དུ་བཟང་པོའི་ཐུགས་གང་ཡིན། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་བྱིན་གྱིས་བརླབ་པའི་དོན་དུ་འདོད་མོད་ཀྱི། ལེའུ་བཅུ་གཉིས་པ་ལས་ཚིགས་སུ་བཅད་པ་གཉིས་པོ་ཉིད་
སྟོན་པས་ལེའུ་བདུན་པ་ལས་གསུངས་པ་དེ་ནི་གནས་སྐབས་གཞན་ཡིན་ཏེ་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་ཀྱིས། རྗེས་དྲན་བཅུ་དྲུག་དག་པ་རྣམས། །བྱེད་པ་ཡིན་ཞེས་དེར་གསུངས་པ། །དེ་ནི་ཐུགས་སོགས་བྱིན་བརླབ་པའི། །གནས་སྐབས་མིན་ཕྱིར་མ་བཤད་དོ། །ཞེས་
བཤད་པས་རྗེས་སུ་དྲན་པའི་སྐབས་སུ་ཀུན་དུ་བཟང་པོའི་ཐུགས་གང་ཡིན་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །སྐུ་གསུམ་བྱིན་གྱིས་བརླབས་པ་བསྟན་པ་འདིས་ནི་ཚོར་བ་རྣམ་པར་དག་པ་བསྟན་པ་ཡིན་ནོ། །ད་ནི་སྒྲུབ་པ་ཆེན་པོ་བརྗོད་པར་བྱ་སྟེ། སྒྲུབ་པ་ཆེན་པོ་ནི་དབང་
གི་འབྲས་བུའོ། །དེ་བཤད་པ་ནི་ནམ་མཁའ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་དོན་དམ་པར་ནམ་མཁའ་ལྟ་བུར་དངོས་པོ་མེད་པའི་ངོ་བོར་རྡོ་རྗེ་གསུམ་པོའི་མཚན་ཉིད་དེ་མཚན་དང་དཔེ་བྱད་ཀྱི་ཆ་ཤས་དང་བྲལ་བར་དམིགས་ཤིང་རྣམ་པར་བསམས་ནས་སྒྲུབ་པ་ཆེན་པོ་བརྩམ་པར་བྱའོ་
ཞེས་བྱ་བ་ནི་སློབ་དཔོན་གྱི་དགོངས་པ་ཡིན་ནོ། །སེམས་བརྟན་པར་བྱ་བའི་ཕྱིར་རྣལ་འབྱོར་ཆེན་པོ་ལ་ཡང་དང་ཡང་དུ་བསླབ་པར་བྱ་སྟེ། ཇི་སྐད་དུ། ཐམས་ཅད་ནམ་མཁའི་རང་བཞིན་ཏེ། །སེམས་ཀྱང་ནམ་མཁའི་རང་བཞིན་དུ། །རྣམ་པར་མི་རྟོག་ཉིད་བརྟེན་ན། །དོགས་

པ་མེད་པ་ཉིད་རབ་སྐྱེ། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །ཕྱོགས་ཚོགས་ཞེས་བྱ་བ་ལ་སོགས་པ་ལ་ཕྱོགས་བཅུ་ཁྱབ་པའི་སངས་རྒྱས་ཀྱི་ཚོགས་རྣམས་སྙིང་པོའི་འོད་ཟེར་རྣམས་ཀྱིས་ཡང་དག་བསྐུལ་ཞེས་པ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་
བསྐུལ་བ་དང་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཟེར་གྱི་ཚོགས་ཀྱིས་སད་པར་བྱས་པའི་ཕྱོགས་བཅུའི་དཀྱིལ་འཁོར་ན་བཞུགས་པའི་དེ་བཞིན་གཤེགས་པའི་ཚོགས་ལས་བྱུང་བའི་འོད་ཟེར་གྱིས་སྒོ་ལས་སྐྱེས་པའི་སྤྱན་ལ་སོགས་པའི་ལྷ་མོའི་ཚོགས་ཕྱག་གི་མཐིལ་ན་བདུད་
རྩི་ལྔའི་ཆུས་ཡོངས་སུ་གང་བའི་བུམ་པ་བསྣམས་པས་དབང་བསྐུར་བ་དང་མི་བསྐྱོད་པས་རྣམ་པར་བརྒྱན་པའི་ཅོད་པན་དུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །རང་གི་རིགས་ཀྱི་གཙོ་བོ་ནི་འཇམ་པའི་རྡོ་རྗེའི་རིགས་ཀྱི་བདག་པོ་མི་བསྐྱོད་པ་ཡིན་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་
ཡེ་ཤེས་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །སྤྱི་བོར་བདུད་རྩིའི་དཀྱིལ་འཁོར་གྱི་སྟེང་དུ་མི་བསྐྱོད་པ་བསམ་པར་བྱའོ་ཞེས་བྱ་བ་ནི་སློབ་དཔོན་རྣམས་ཀྱི་མན་ངག་ཡིན་ནོ། །དབང་བསྐུར་བས་ནི་སྲེད་པ་རྣམ་པར་དག་པ་བསྟན་པ་ཡིན་ནོ། །འདི་ནི་སྒྲུབ་པ་ཆེན་པོ་སྟེ། འདིའི་
འབྲས་བུ་དབང་ཡིན་ནོ། །དེ་ལྟར་ཐབས་མངོན་པར་འདུས་བྱས་པའི་ཡན་ལག་བཞི་པོ་བསྟན་པ་ཡིན་ནོ་ཞེས་བདག་གི་བླ་མའི་ཞལ་སྔ་ནས་ཀྱིས་བཤད་པ་ཡིན་ནོ། །ཐབས་ཀྱི་བྱེ་བྲག་གིས་ཤེས་རབ་ཁྱད་པར་ཅན་དུ་འགྱུར་བས་ཐབས་བསྒོམས་ནས་ཤེས་རབ་བསྒོམ་པར་བྱའོ། །
འདིར་ལ་ལ་དག་ཡོངས་སུ་རྒོལ་བར་བྱེད་དེ་སྔར། ཕྱག་གཉིས་ཤེས་རབ་དམ་པ་འཁྱུད་པ་དང་། །ཞེས་བྱ་བ་འདིས་འདིའི་ཤེས་རབ་བསྟན་ཟིན་ནས། ཇི་ལྟར་ན་ཡང་ཤེས་རབ་བསྒོམ་པར་བྱ་ཞེ་ན། དེ་ནི་ལེགས་པ་མ་ཡིན་ཏེ། ཕྱག་གཉིས་ཤེས་རབ་དམ་པ་འཁྱུད་པ་དང་། །ཞེས་
བྱ་བ་བསྟན་པ་འདིའི་བཤད་པ་ནི་འདི་ཡིན་ཏེ། གཞན་དུ་ན་སྔར་ཡན་ལག་ཆ་ཤས་ཡོངས་སུ་རྫོགས་ཟིན་པས་འཇམ་པའི་རྡོ་རྗེ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ཡང་མི་འཐད་པར་འགྱུར་ན། ཇི་ལྟར་བསྟན་པར་བྱ་བའི་ཕྱིར་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་

པའི་བྱ་བ་འཐད་པ་དེ་བཞིན་དུ་ཤེས་རབ་བསྒོམ་པ་ཡང་རིགས་པ་ཉིད་ཡིན་ནོ། །གཞན་དག་ནི་དམ་ཚིག་གི་ཕྱག་རྒྱ་བྱིན་གྱིས་བརླབས་པའི་ཕྱིར་སློབ་དཔོན་གྱིས་འདི་གསུངས་པ་ཡིན་ནོ་ཞེས་འདོད་དོ། །རྒྱུད་ཀྱི་དོན་ལ་མངོན་པར་མི་མཁས་པ་ལ་ལའི་གཞུང་ནི་ཇི་ལྟར།
ཕྱག་གཉིས་ཤེས་རབ་དམ་པ་འཁྱུད་པ་དང་། །ཞེས་བྱ་བའི་ཚིག་རྣམས་འདིས་འཆད་པར་བྱེད་དེ། ཇི་ལྟར་འབྱར་བའི་ངང་ཚུལ་ནི་འབྱར་བ་སྟོང་པ་ཡིན་ཞེས་བྱ་བའི་བར་དུ་སྟེ་དེ་ལྟར་འཇམ་པའི་རྡོ་རྗེ་འབའ་ཞིག་ཉིད་རྣམ་པར་བསམས་ལ་དེ་བཞིན་ཞེས་བྱ་བ་ལ་སོགས་པས་ཤེས་རབ་བསྒོམ་
པར་བྱའོ་ཞེས་ཟེར་མོད་ཀྱི་འདི་ནི་ཤིན་ཏུ་ཡང་མི་འཐད་དེ་ཅིའི་ཕྱིར་རྒྱུད་ལས། སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་རྫོགས། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །དངོས་པོ་ཐམས་ཅད་བརྟག་པར་བྱ། །ཞེས་གསུངས་པ་ལ་ཇི་སྙེད་པ་ཞེས་བྱ་བ་འདིར་རྒྱ་ཆེར་བཤད་
པར་བྱེད་པ་དག་གིས་འདི་ན་སྔགས་ཀྱི་སྐྱེས་བུ་གང་ཇི་སྙེད་ཡོད་པ་དེ་ཐམས་ཅད་བསྐྱེད་པའི་དུས་ཀྱི་རྗེས་ཐོགས་ཉིད་ནས་ཤེས་རབ་དང་ཐབས་ཀྱི་སྦྱོར་བས་རྣམ་པར་བསྒོམ་པར་བྱའི་གཅིག་པུ་ནི་མ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་ཞེས་བྱ་བ་
ནི་རང་གི་ལྷ་འཇམ་པའི་རྡོ་རྗེ་ཅི་འདྲ་བ་དེ་དང་འདྲ་བའི་མདངས་མཛེས་པའི་ལྷ་མོ་གང་ཡིན་པ་རང་གི་སྙིང་པོ་མཾ་གྱིས་སྤྲུལ་ཞིང་བསྐྱེད་བར་བྱ་ཞིང་ཇི་ལྟར་འཇམ་པའི་རྡོ་རྗེ་ལ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་བྱ་བ་དེ་བཞིན་དུ་རིག་མ་ལ་ཡང་བྱའོ། །དེ་ཉིད་
ཀྱིས་ན་མིག་ལ་སོགས་པ་དགང་ཞིང་ཞེས་བྱ་བ་སྨོས་ཏེ། སའི་སྙིང་པོ་ལ་སོགས་པས་དགང་བ་དང་ཡི་གེ་གསུམ་རྣམ་པར་དགོད་པས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པ་དེས་རིག་མའི་ལུས་འོད་དང་ལྡན་ཞིང་འབར་བ་དང་བཅས་པ་གང་ཡིན་པ་སྟེ། དེ་ལྟར་ཐབས་དང་འདྲ་བར་
ཐུན་མོང་གི་མངོན་པར་འདུ་བྱ་བས་མངོན་པར་འདུས་བྱས་ནས། རྒྱུད་ལ་སོགས་པ་གསུངས་པའི་བྱིན་གྱིས་བརླབ་པའི་མཚན་ཉིད་གསུངས་པ་ནི། དེ་ཉིད་ཤེས་པས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མགོ་དང་ཞེས་བྱ་བ་སྤྱི་བོར་ཨོཾ་སྙིང་གར་ཧཱུཾ་ལྟེ་བར་སྭཱ་གསང་བའི་པདྨར་ཨཱཿསོགས་

པའི་སྒྲས་བརླ་གཉིས་ནས་བརྩམས་ཏེ་རྐང་པའི་མཐར་ཐུག་པའི་བར་དེར་ཡི་གེ་ཧཱ་བསམ་པར་བྱ་སྟེ། འདི་དག་གིས་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པ་སྟེ། དེ་བཞིན་གཤེགས་པ་ལྔས་ཡན་ལག་བྱིན་གྱིས་བརླབས་
པར་བསྒོམས་ལ། ས་གསུམ་པོ་ཁྱབ་པའི་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་ཀྱི་འོད་ཟེར་གྱི་ཕྲེང་བའི་ཚོགས་དམ་པ་གང་ལ་ཡོད་པའི་ཡི་གེ་ཨས་བྱིན་གྱིས་བརླབས་པའི་སྣ་ཚོགས་པའི་གསང་བའི་ལྟེ་བ་གང་ཡིན་པ་ཡི་གེ་ཧཱུཾ་ལས་པདྨ་འདབ་མ་བརྒྱད་པའི་གཟུགས་ཅན་གྱི་གསང་བའི་པདྨ་
ཆོས་འབྱུང་བའི་ཁོངས་སུ་ཆུད་པ་ཞེས་བྱ་བའི་བར་དུའོ། །ལྷའི་རྣམ་པར་དག་པ་གསུངས་པ་ནི་ཤེས་རབ་པདྨ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་སྤྲོས་པའི་ཚོགས་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་ཤེས་རབ་དམ་པ་སྟེ། དེའི་རྒྱུ་མཐུན་པ་ནི་རྒྱུ་དང་འདྲ་བའི་འབྲས་བུ་ཀུན་
རྫོབ་ཀྱི་བདེན་པའི་ཤེས་རབ་དང་ལྷན་ཅིག་ཏུ་འོག་ནས་བཤད་པའི་ཚུལ་གྱིས་སྔགས་པས་དགའ་བ་ཀུན་དུ་བརྩམ་པར་བྱ་སྟེ། ཤེས་རབ་ཐབས་ཀྱི་སྦྱོར་བ་དང་ལྡན་པས་དོན་དམ་པའི་ཡུལ་ལ་ཀུན་དུ་ཆགས་པའོ་ཞེས་བྱ་བའི་བར་དུའོ། །དེ་ལྟར་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་བདེ་བ་
ཆེན་པོ་ཉམས་སུ་མྱོང་བའི་དུས་སུ་ལྷའི་ང་རྒྱལ་ཁྱད་པར་ཅན་བསྐྱེད་པར་བྱ་བ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་དམ་པ་དང་ཀུན་རྫོབ་ཀྱི་ཆ་གཅིག་ཏུ་གྱུར་པའི་སྦྱོར་བས་རང་བཞིན་གྱི་སེམས་ཀུན་དུ་བཟང་པོ་ཉིད་དུ་ཡོངས་སུ་དགའ་བ་ལ་བརྩོན་པར་ཨོཾ་
ཞེས་བྱ་བར་ངེས་པར་བྱ་བའོ། །ཤེས་རབ་བསྒོམས་པས་ནི་ལེན་པ་རྣམ་པར་དག་པ་བསྟན་ལ། རྗེས་སུ་མཉེས་པ་ནི་ལས་ཀྱི་ཚུལ་ཡིན་པའི་ཕྱིར་སྲིད་པ་རྣམ་པར་དག་པ་ཡིན་ཏེ་འདི་དག་བསྟན་པས་ནི་མཐོང་བའི་ལམ་གྱི་ངོ་བོ་ཉིད་ཀྱི་ཡན་ལག་བཞི་པ་ནི་དང་པོའི་སྦྱོར་བ་ཡིན་ནོ། །ལ་ལ་
ནི་དབང་བསྐུར་བའི་མཐར་ཐུག་པ་ལ་དབང་པོའི་སྦྱོར་བ་ཡིན་པར་འདོད་དོ། །ད་ནི་ཤེས་རབ་དང་ཐབས་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་རྒྱལ་པོའི་མཆོག་གི་ཏིང་ངེ་འཛིན་བརྗོད་པར་བྱ་སྟེ། འདི་ནི་བསྒོམ་པའི་ལམ་གྱི་ངོ་བོ་ཉིད་ཡིན་ལ། དེ་བཤད་

པ་ནི་ཐུགས་ཀའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཐུགས་ཀའི་ཟླ་བ་ཞེས་བྱ་བ་ནི་ཐུགས་ཀའི་ཟླ་བའི་ནང་དུ་ཆུད་པའི་སྔགས་ཡི་གེ་མཾ་གྱི་འོད་རྣམས་ཀྱིས་ཕྱོགས་བཅུའི་དཀྱིལ་འཁོར་ན་བཞུགས་པའི་འོག་ནས་བཤད་པའི་སངས་རྒྱས་ཀྱི་ཚོགས་རྣམས་མ་ལུས་པར་
ཞུགས་པ་ཙམ་ཉིད་ཀྱི་ཧཱུཾ་གིས་བྱིན་གྱིས་བརླབས་པའི་གསང་བའི་རྡོ་རྗེ་མཐའ་མའི་ལམ་ནས་བྱུང་སྟེ། ཤེས་རབ་དམ་པའི་གསང་བའི་པདྨར་བྱུང་བའི་ནང་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་སུ་བལྟ་བར་བྱའོ། །རང་གི་སྙིང་པོ་ལས་བྱུང་བ་ཞེས་བྱ་བ་ནི་རང་གི་ས་བོན་ལས་བྱུང་
བའི་མཚན་མ་ལས་སྐྱེས་པའི་མ་ལུས་པའི་རང་གི་དཀྱིལ་འཁོར་བའི་འཁོར་ལོ་གསང་བའི་པདྨའི་ནང་གི་དབུས་སུ་རྣམ་པར་བསམས་ལ་དབང་བསྐུར་བ་དང་བདུད་རྩི་མྱང་བ་ལ་སོགས་པའི་མཐར་ཐུག་པ་བྱས་ལ་སེམས་བརྟན་པར་དབྱུང་བར་བྱའོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་རྣམས་
ལ་ཕན་ཕྱིར་ཞེས་བྱ་བ་སྨོས་ཏེ། སེམས་ཅན་མ་ལུས་པ་གདོན་པར་བྱ་བའི་ཕྱིར་སྔ་མ་བཞིན་དུ་གཞལ་ཡས་ཁང་གི་ནང་དུ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་ལྷ་མ་ལུས་པ་ཆོས་འབྱུང་བའི་ནང་དུ་རྣམ་པར་བསྒོམ་པ་ཡུན་རིང་
དུ་བསམས་ལ་དེའི་འོག་ཏུ་བླ་མའི་མན་ངག་གིས་དབྱུང་བར་བྱའོ། །ཇི་ལྟར་ཡང་དག་པར་དབྱུང་བར་བྱ་ཞེ་ན། བཛྲ་དྷྲྀཀ་ཅེས་བྱ་བ་དང་ཐུགས་རྡོ་རྗེ་ཞེས་བྱ་བ་སྨོས་ཏེ། ཐུགས་རྡོ་རྗེ་བསྐུལ་བ་འདིར་ཆོ་ག་བཞིན་དུ་ཞེས་བྱ་བ་དང་སྦྱར་ཏེ་བཛྲ་དྷྲྀཀ་ཅེས་རྒྱུད་ལས་གསུངས་པའི་སྔགས་ཀྱིས་
ཡོངས་སུ་བསྐུལ་བ་དང་སྐྱེ་བོ་དམ་པའི་དོན་མཛད་པ་སྟེ་གང་གིས་སེམས་ཅན་མ་ལུས་པའི་ཚོགས་ཀྱི་ཞེ་སྡང་སྤང་བའི་ཕྱིར་སྐུ་དང་ཞལ་དང་པོ་ནོར་བུ་སྔོན་པོའི་འོད་འདྲ་བ་སྟེ། ནོར་བུ་མཐོན་ཀ་ལྟ་བུའོ། །ཞལ་གཡས་དཀར་བ་གཡོན་པ་དམར་བའོ། །དམ་པ་དང་པོ་ནི་
དཔལ་རྡོ་རྗེ་སེམས་དཔའི་སྟེ། དེ་ལྟ་བུའི་མཚོན་ཆ་བསྣམས་པའི་ཕྱག་དང་ལྡན་པའོ། །དེ་བཞིན་དུ། ཁ་དོག་དཔག་ཏུ་མེད་པའི་འོད་ཚོགས་མངའ། །ཞེས་བྱ་བ་སངས་རྒྱས་ཀྱི་སྤྲུལ་པའི་ཚོགས་རྣམ་པར་འཕྲོ་བས་ཕྱོགས་ཀྱི་ཚོགས་མ་ལུས་པར་ཁྱབ་པའོ། །བློ་དང་

ལྡན་པ་ཞེས་བྱ་བ་ནི་སེམས་མི་གཡེང་བས་སོ། །ལེགས་བསྡུས་བདག་ཉིད་ཀྱི་ཞེས་བྱ་བ་ནི་པདྨའི་ནང་ནས་བྱུང་སྟེ་སེམས་ཅན་གྱི་ཚོགས་མ་ལུས་པའི་ཞེ་སྡང་སྤངས་པར་མཛད་ནས་དཔལ་འཇམ་པའི་རྡོ་རྗེར་བདག་ཉིད་གནས་པ་ལ་ཞུགས་ཤིང་ཡོངས་སུ་ཐིམ་པར་བྱའོ། །དངོས་
པོ་ཐམས་ཅད་ཀྱིས་ནི་ཞེས་བྱ་བ་ནི་སེམས་ཆུ་དང་འོ་མ་འདྲ་བར་ཏེ། འདི་ནི་དཔལ་གསང་བ་འདུས་པའི་རྒྱུད་ལས་འཇམ་པའི་རྡོ་རྗེ་དང་མི་བསྐྱོད་པ་གཅིག་པ་ཉིད་དུ་བསྟན་ཏོ། །ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པ་ལ་སྔགས་འདིས་རྣམ་པར་སྣང་མཛད་ཡང་དག་པར་དབྱུང་བར་བྱའོ། །
རྡོ་རྗེ་འཛིན་འདྲའི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དང་འདྲ་བར་སྐུ་མདོག་དཀར་ཞིང་ཞལ་གཡས་ནག་པ་གཡོན་དམར་བའོ། །འཁོར་ལོ་ལ་སོགས་ཞེས་བྱ་བ་ནི། ཕྱག་མཚན་འཁོར་ལོ་དང་རལ་གྲི་དང་པདྨ་དང་ཡིད་བཞིན་གྱི་ནོར་བུ་བསྣམས་པ་བསམ་པར་བྱའོ། །དེ་བཞིན་
ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་གཏི་མུག་རྣམ་པར་དག་པར་མཛད་ནས་ཤར་ཕྱོགས་སུ་སྣ་ཚོགས་པདྨ་དང་ཟླ་བའི་དབུས་སུ་བསམ་པར་བྱའོ། །རཏྣ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་ལ་རཏྣ་དྷྲྀཀ་ཅེས་བྱ་བའི་སྔགས་བརྗོད་ལ་རིན་ཆེན་འབྱུང་ལྡན་དབྱུང་བར་བྱའོ། །གང་དུ་ཞེ་ན་ལྷོ་
ཕྱོགས་སུའོ། །ཞལ་ནི་ཞལ་རས་ཏེ་གཞོན་ནུ་འདྲ་ཞེས་བྱ་བ་ནི་འཇམ་པའི་རྡོ་རྗེ་ལྟ་བུའོ། །བཙོ་མའི་གསེར་འདྲ་ནི་བསྲེགས་པ་ལས་བཏོན་པའི་གསེར་ཏེ་དེ་དང་སྐུ་མདོག་གི་མདངས་འདྲ་བ་ལ་རིན་པོ་ཆེ་དང་རལ་གྲི་དང་པདྨ་དང་འཁོར་ལོ་བཟང་པོ་བསྣམས་ཤིང་ཕྱག་གཉིས་ཀྱིས་རིག་
མ་ལ་འཁྱུད་པ་དང་བཅས་ན་ཕྱག་དྲུག་མངའ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཨཱ་རོ་ལྀཀ་ཅེས་བྱ་བ་ལ་སོགས་པ་ལ་ཨཱ་རོ་ལྀཀ་ཅེས་བྱ་བའི་སྔགས་ཀྱིས་འོད་དཔག་ཏུ་མེད་པ་དབྱུང་བར་བྱའོ། །ཇི་ལྟ་བུ་ཞེ་ན། པདྨ་རཱ་ག་ལྟར་དམར་བ་སྟེ་ནོར་བུ་པདྨ་རཱ་གའི་མདོག་ཅན་ནོ། །
ཞལ་གཉིས་དེ་དང་འདྲ་ཞེས་བྱ་བ་ནི་འཇམ་པའི་རྡོ་རྗེ་དང་འདྲ་བའོ། །འོད་ཟེར་དམར་ཞིང་ཞེས་བྱ་བ་ནི་འོད་ཀྱི་དཀྱིལ་འཁོར་དུ་ཁ་དོག་དམར་བའི་དབུས་ན་བཞུགས་པའོ། །ཕྱག་ན་པདྨ་ལ་སོགས་པ་ཞེས་བྱ་བ་ནི་པདྨ་དང་རལ་གྲི་དང་རིན་པོ་ཆེ་དང་འཁོར་ལོའི་མཚན་མ་བསྣམས་པས་ཕྱག་

བརྒྱན་པར་ནུབ་ཕྱོགས་སུ་བསམ་པར་བྱའོ། །པྲཛྙཱ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་ལ་པྲཛྙཱ་དྷྲྀཀ་ཅེས་བྱ་བའི་སྔགས་ཀྱིས་དོན་ཡོད་གྲུབ་པ་དབྱུང་བར་བྱའོ། །རིན་ཆེན་མརྒད་ལྟ་བུའི་མདོག་ལྡན་ཞིང་། །ཞེས་བྱ་བ་ནི་ནོར་བུ་མརྒད་ཀྱི་ཁ་དོག་འདྲ་བ་སྟེ། རྩ་དཱུར་
བ་སྔོན་པོ་ལྟར་མདོག་ལྗང་གུ་མངའ་བའོ། །སྔ་མ་ལྟ་བུའི་ཞལ་ཞེས་བྱ་བ་ནི་ཞལ་ལ་སོགས་པ་འཇམ་པའི་རྡོ་རྗེ་དང་འདྲ་བའོ། །སོགས་པའི་སྒྲས་ནི་འདིའི་ཞལ་གྱི་དབྱིབས་ཅུང་ཟད་དྲག་པར་སྟོན་པའོ། །རལ་གྲི་ལ་སོགས་བསྣམས་པ་ཞེས་པ་ནི་རལ་གྲི་དང་སྣ་ཚོགས་རྡོ་རྗེ་དང་
འཁོར་ལོ་དང་པདྨ་བསྣམས་པའོ་ཞེས་པའི་བར་དུ་སྟེ། དེ་ལྟར་བྱང་ཕྱོགས་སུ་བསམ་པར་བྱའོ། །རལ་པ་ཞེས་པ་ལ་སོགས་པ་ལ་རལ་པའི་ཚོགས་ཀྱི་སྟེང་དུ་མརྒད་དང་ཨིནྡྲ་ནཱི་ལ་དང་པདྨ་རཱ་ག་ལ་སོགས་པའི་ནོར་བུས་སྤྲས་པའི་ཅོད་པན་འཇོག་པར་མཛད་པ་དང་འཛམ་བུའི་ཆུ་
བོའི་གསེར་དང་མུ་ཏིག་དང་ནོར་བུས་སྤྲས་པའི་དོ་ཤལ་དང་གདུ་བུ་དང་དཔུང་རྒྱན་དང་སྐེ་རགས་དང་ཞབས་གདུབ་ལ་སོགས་པ་རྒྱན་སྣ་ཚོགས་པས་སྐུ་ལ་བརྒྱན་པ་ཡིན་པ་དང་རིག་མ་ནི་སྤྱན་ལ་སོགས་པ་སྟེ་དེ་རྣམས་ཀྱི་མགོན་དང་བཅས་པ་ནི་ཕན་ཚུན་ཕྱག་གཉིས་ཀྱིས་སྐུ་ལ་
འཁྱུད་པ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཅེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པ་སྟེ། དེ་རྣམས་ནི་སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་རྣམ་པར་བསམ་པར་བྱས་ལ་འཇམ་པའི་རྡོ་རྗེ་དང་རྣམ་པར་སྣང་མཛད་ནི་ཟླ་བའི་དཀྱིལ་
འཁོར་ལ་བཞུགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་ཅོད་པན་ལ་ནི་མི་བསྐྱོད་པ་བསམ་པར་བྱའོ། །ལྷ་མོ་རྣམས་བསྐྱེད་པ་གསུངས་པ་ནི་མོ་ཧ་ར་ཏཱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མོ་ཧ་ར་ཏཱི་ཞེས་བྱ་བའི་སྔགས་ཀྱིས་ལྷ་མོ་སྤྱན་དབྱུང་བར་བྱ་སྟེ། ཟླ་བའི་དཀྱིལ་
འཁོར་གྱི་དབུས་ན་མཆོག་ཏུ་སྒེག་པའི་ཉམས་དང་ལྡན་པ་ཞལ་དང་ཕྱག་མཚན་གྱི་ངེས་པ་སྐུའི་རྡོ་རྗེ་དང་འདྲ་བ་མེའི་ཕྱོགས་ཏེ་ཤར་དང་ལྷོའི་མཚམས་སུ་བསམ་པར་བྱའོ། །དྭེ་ཥ་ར་ཏཱི་ཞེས་བྱ་བ་ལ་སོགས་པ་ལ་དྭེ་ཥ་ར་ཏཱི་ཞེས་བྱ་བའི་སྔགས་ཀྱིས་ལྷ་མོ་མཱ་མ་ཀཱི་དབྱུང་བར་བྱ་

སྟེ། དགའ་བ་ཆེ་ཞེས་པ་བདེ་བ་ཆེན་པོའི་ངོ་བོ་མཆོག་ཏུ་དགའ་བ་ཆེན་པོའི་དགྱེས་པ་དམ་པ་གང་ཡིན་པ་དེ་ཞལ་དང་ཕྱག་དང་ཕྱག་མཚན་གྱི་རྣམ་པར་ངེས་པ་ཐུགས་ཀྱི་གཙོ་བོ་མི་བསྐྱོད་པ་དང་འདྲ་བ་མངའ་བ་བདེན་བྲལ་ཞེས་པ་ལྷོ་དང་ནུབ་ཀྱི་མཚམས་སུ་བསམ་པར་བྱའོ། །རཱ་ག་ཞེས་བྱ་
བ་ལ་སོགས་པ་ལ་རཱ་ག་ར་ཏཱི་ཞེས་བྱ་བའི་སྔགས་ཀྱིས་ལྷ་མོ་གོས་དཀར་མོ་དབྱུང་བར་བྱ་སྟེ། སེམས་ཅན་རྣམས་ལ་རྒྱས་པ་ཆེན་པོ་སྩོལ་བ་ཉིད་ཀྱིས་ནི་ཡོན་ཏན་རིན་པོ་ཆེ་མཐའ་ཡས་པའི་ངོ་བོ་ཉིད་གསུང་གི་དབང་ཕྱུག་འོད་དཔག་ཏུ་མེད་པ་ལྟར་སྐུ་ཤིན་ཏུ་དམར་ཞིང་དང་ལ་འབར་
བ་དང་ཞལ་དང་ཕྱག་དང་ཕྱག་མཚན་དེ་འདྲ་བ་གང་ཡིན་པ་རླུང་གི་ཕྱོགས་ཏེ་ནུབ་བྱང་མཚམས་སུ་བསམ་པར་བྱའོ། །བཛྲ་ཞེས་པ་ལ་སོགས་པ་ལ་བཛྲ་ར་ཏཱི་ཞེས་བྱ་བའི་སྔགས་ཀྱིས་ལྷ་མོ་སྒྲོལ་མ་དབྱུང་བར་བྱ་སྟེ། དེ་ཡང་དྲི་མ་མེད་པ་རིན་པོ་ཆེའི་ཕྲེང་བ་སྟེ་རིན་པོ་ཆེའི་འོད་ཀྱི་ཕྲེང་བ་གང་
ཡིན་པ་དེས་ནམ་མཁའི་ཁམས་ཀྱི་ཕྱོགས་ཀྱི་ཚོགས་མ་ལུས་པར་ཁེབས་ཤིང་གཡོགས་པ་སྐུ་མདོག་རིན་ཆེན་འབྱུང་ལྡན་ལྟར་སེར་ཞིང་ཞལ་དང་ཕྱག་དང་མཚོན་ཆ་ཡང་དེ་དང་འདྲ་བ་དབང་ལྡན་གྱི་ཕྱོགས་ཞེས་བྱ་བ་བྱང་ཤར་མཚམས་སུ་བསམ་པར་བྱའོ། །འཁོར་ལོ་བཟང་དང་ཞེས་བྱ་བ་
ལ་སོགས་པ་ལ་ཕྱག་གཡས་པའི་གཙོ་བོའི་ཕྱག་མཚན་སྤྱན་གྱི་ནི་འཁོར་ལོ་བཟང་པོ་སྟེ་འཁོར་ལོ་རྩིབས་བཅུ་གཉིས་པའོ། །མཱ་མ་ཀཱིའི་ནི་ཨུཏྤལ་དམར་པོའོ། །གོས་དཀར་མོའི་ནི་པདྨའོ། །སྒྲོལ་མའི་ནི་ཨུཏྤལ་གསེར་གྱི་མདོག་ཅན་དུ་བསམ་མོ། །ལྷག་མ་རྣམས་ནི་བདག་
པོ་ཇི་བཞིན་འདོད། །ཅེས་བྱ་བ་ནི་རང་གི་བདག་པོ་དང་འདྲ་བ་ལས་ཨུཏྤ་ལ་དང་པདྨ་སྟོན་ཏེ། དེས་ན་པདྨ་ཨུཏྤ་ལ་དེ་དག་གཅིག་ཏུ་སྦྱར་རོ། །ཅོད་པན་ལ་ནི་རང་གི་བདག་པོ་རྣམས་བསམ་མོ། །ལྷ་མོ་འདི་དག་ཐམས་ཅད་སྣ་ཚོགས་པདྨའི་སྟེང་ན་ཟླ་བའི་དཀྱིལ་འཁོར་གྱི་གདན་
ལ་ཐམས་ཅད་ཀྱང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རང་གི་བདག་པོའི་སྐུས་འཁྱུད་པ་བསམ་སྟེ་འདི་ལ་སློབ་དཔོན་གྱིས་ཚིག་ལེའུར་བྱས་པ་ལས་ཅིའི་ཕྱིར་དེ་སྐད་མ་གསུངས་ཞེས་པའི་སོམ་ཉི་མི་བྱ་སྟེ། རྒྱུད་ལས། རིག་པ་ཆེན་མོ་སྤྱན་ལ་སོགས། །རྟག་ཏུ་འདོད་པའི་དོན་

བརྩོན་པ། །འདོད་པའི་ལོངས་སྤྱོད་དག་གིས་ནི། །ཇི་ལྟར་འདོད་པ་བསྟེན་ན་འགྲུབ། །ཅེས་གསུངས་པའི་ཕྱིར་དང་། དེ་བཞིན་དུ་ལེའུ་དང་པོ་ལས་ས་རྡོ་རྗེ་ལ་སོགས་པའི་ངེས་པ་གསུངས་པས་འདི་སྐད་དུ་བཤད་པར་བྱ་སྟེ། ས་རྡོ་རྗེ་དང་ཞེས་གང་གསུངས་
པ་དེ་ཐམས་ཅད་ཤེས་རབ་དང་ཐབས་གཉིས་སུ་མེད་པའི་རྣམ་པར་དག་པ་གཙོ་བོར་བྱས་པ་རྒྱུད་འདི་རྫོགས་པའི་བར་ལ་སྟོན་པས་དེའི་ཕྱིར་རྒྱུད་ཀྱི་དོན་མི་ཤེས་པས་རྣམ་པར་རྟོག་པའི་གོ་སྐབས་མི་འབྱེད་པའོ། །དེ་ཉིད་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་གྱི་འཁོར་ལོའི་
མཚམས་སུ་གྱུར་པ་མེའི་ཕྱོགས་སུ་སྤྱན་ལ་སོགས་པ་བཞི་པོ་དང་། དེ་བཞིན་དུ་རྩ་བའི་སྒོའི་ངོས་གཉིས་དང་གཡས་དང་གཡོན་ལོགས་སུ་གཟུགས་རྡོ་རྗེ་ལ་སོགས་པ་ལྷ་མོ་དྲུག་བསམ་པར་བྱའོ། །དེ་དག་ཀྱང་སྐུ་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་ལྔ་དང་
དྲུག་པ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་ལྟ་བུ་སྟེ། འདི་རྣམས་ཀྱི་ཐབས་ཀྱི་ངོ་བོ་ནི་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་བསམ་པར་བྱའོ། །གཟུགས་རྡོ་རྗེ་ནི་རྣམ་པར་སྣང་མཛད་ལྟ་བུ་ལ་རྩ་བའི་ཕྱག་གཉིས་ཀྱིས་སའི་སྙིང་པོ་ལ་འཁྱུད་པ་གཡས་ན་མེ་ལོང་
བསྣམས་པ། སྒྲ་རྡོ་རྗེ་ནི་མི་བསྐྱོད་པ་ལྟར་སྐུ་མདོག་གནག་པ་ལ་རྩ་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་འཛིན་པ་ལ་འཁྱུད་པ་ཕྱག་གཉིས་ཀྱིས་པི་ཝང་བརྡུངས་པ། དྲི་རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་དང་འདྲ་བ་ལ་ཕྱག་གཉིས་ཀྱིས་ནམ་མཁའི་སྙིང་པོ་ལ་འཁྱུད་པ་ཕྱག་གཉིས་ཀྱིས་ཙནྡན་ལ་སོགས་
པས་ཡོངས་སུ་གང་བའི་དུང་ཕོར་བསྣམས་པ། རོ་རྡོ་རྗེ་འོད་དཔག་ཏུ་མེད་པ་དང་འདྲ་བ་ལ་ཕྱག་གཉིས་ཀྱིས་འཇིག་རྟེན་དབང་ཕྱུག་ལ་འཁྱུད་པ་ཕྱག་གཉིས་ཀྱིས་བདུད་རྩི་ལྔས་ཡོངས་སུ་གང་བའི་ཐོད་པ་བསྣམས་པ། རེག་རྡོ་རྗེ་དོན་ཡོད་གྲུབ་པ་དང་འདྲ་བ་ལ་རྩ་བའི་ཕྱག་གཉིས་
ཀྱིས་སྒྲིབ་པ་རྣམ་པར་སེལ་བ་ལ་འཁྱུད་པ་གཉིས་ཀྱིས་གོས་བསྣམས་པ། ཆོས་ཀྱི་དབྱིངས་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་དང་འདྲ་བ་ལ་རྩ་བའི་ཕྱག་གཉིས་ཀྱིས་ཀུན་དུ་བཟང་པོ་ལ་འཁྱུད་པ་ཕྱག་ལྷག་མ་རྣམས་རང་གི་བདག་པོ་དང་འདྲ་བ་ལས་གཞན་དུ་ན་པདྨའི་གནས་སུ་ཨུཏྤ་ལའོ། །

བྱང་ཆུབ་སེམས་དཔའ་ལྔ་པོའི་ཞལ་དང་ཕྱག་དང་ཕྱག་མཚན་རྣམས་དེ་བཞིན་གཤེགས་པ་ལྔ་དང་འདྲ་མོད་ཀྱི། འོན་ཀྱང་སའི་སྙིང་པོའི་ཕྱག་གཡས་ན་ནི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ནོ། །སྒྲིབ་པ་རྣམ་པར་སེལ་བའི་ཕྱག་གཡས་ན་ནི་ཞི་བའི་ཕྱག་རྒྱའོ། །ཀུན་དུ་བཟང་པོ་ནི་རྡོ་རྗེ་
སེམས་དཔའ་དང་འདྲའོ། །མིག་ལ་སོགས་པ་དང་གཟུགས་ལ་སོགས་པ་ཐ་དད་པར་སོ་སོར་ཚིག་ལེའུར་བྱས་པ་ལས་མ་བཤད་ཀྱང་འདི་དག་ཤར་སྒོའི་ངོས་ནས་བརྩམས་ཏེ་བྱང་ཤར་གྱི་མཚམས་ཀྱི་བར་གྱི་གནས་སུ་བསྐོར་ཕྱོགས་སུ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་
སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ་པར་བྱའོ། །ཡ་མཱན་ཞེས་བྱ་བ་ལ་སོགས་པ་ལ་ཡ་མཱནྟ་ཀྲྀཏ་ཅེས་བརྗོད་ལ་གཤིན་རྗེ་གཤེད་དབྱུང་བར་བྱ་སྟེ། དེ་ཡང་མཐའ་ཡས་འཇིགས་འོད་ཕྱོགས་ཀུན་ཁྱབ་དང་ལྡན། །ཞེས་བྱ་བ་ནི་ཚད་མེད་ཅིང་མི་བཟད་པར་འཇིགས་པའི་
འོད་འབར་བའི་ཚོགས་གང་ལ་མངའ་བའོ། །དུས་མཐའ་མི་བཟད་སྤྲིན་གྱི་དཀྱིལ་འཁོར་མདོག །ཅེས་བྱ་བ་ནི་བསྐལ་པ་འཇིག་པའི་དུས་ཀྱི་སྤྲིན་གྱི་མདོག་ལྟར་མདངས་ནག་པོ་མངའ་བའོ། །ཐུགས་ཀྱི་རྒྱལ་པོ་ནི་མི་བསྐྱོད་པ་སྟེ། དེ་དང་སྐུ་མཚུངས་པ་ནི་སྐུ་མདོག་གནག་ཅིང་ཞལ་
ལྷག་མ་གཉིས་ཀྱང་དེ་དང་འདྲ་བར་དྲག་ཅིང་གཏུམ་པའི་གཤིན་རྗེ་གཤེད་ལྟར་སྣང་བའི་རིགས་ཀྱི་འོད་དཔག་ཏུ་མེད་ཅིང་ཚད་མེད་པར་རྣམ་པར་འཕྲོ་ཞིང་འབྱིན་པར་སྣང་ལ། དེ་རྣམས་ཀྱིས་གཤིན་རྗེ་གཤེད་ཀྱི་སྲོག་འཕྲོག་པར་མཛད་པའི་ངང་ཚུལ་ཅན་ཡིན་པས་གཤིན་རྗེས་མཐར་མཛད་
ཅིང་ཤིན་ཏུ་གདུག་པའི་སྦྲུལ་འཇོག་པོ་ལ་སོགས་པས་རལ་པ་བཅིངས་པ་མགུལ་རྒྱན་དང་ཕྱག་གདུབ་དང་ཞབས་ལ་སོགས་པར་བྱས་པས་སྐུ་ལུས་ཀྱི་ཡན་ལག་བརྒྱན་ཅིང་གདུལ་དཀའ་བ་འདུལ་བར་མཛད་པའི་དཔལ་དང་ལྡན་པ་སྟེ་དེ་ཉིད་ཀྱིས་ན་རང་བཞིན་གྱིས་དང་བའི་ངོ་བོ་ཉིད་དུ་གྱུར་པ་ཤར་གྱི་
སྒོར་ཉི་མའི་དཀྱིལ་འཁོར་ལ་རྣམ་པར་བསམ་པར་བྱའོ། །པྲཛྙཱན་ཞེས་བྱ་བ་ལ་སོགས་པ་ལ་པྲཛྙཱནྟ་ཀྲྀཏ་ཅེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དབྱུང་བར་བྱ་སྟེ། བླ་མེད་འོད་ཅེས་བྱ་བ་ཤེས་རབ་མཐར་བྱེད་ལྟ་བུའི་འོད་ཟེར་འཕྲོ་བར་གྱུར་པ་དང་སྐུའི་རྡོ་རྗེ་

ཞེས་བྱ་བ་ཞལ་དང་ཕྱག་དང་ཕྱག་མཚན་དང་སྐུ་མདོག་རྣམ་པར་སྣང་མཛད་དང་འདྲ་མོད་ཀྱི་འོན་ཀྱང་འདིའི་ཕྱག་གཡོན་དུ་འཁོར་ལོ་བསམ་པར་བྱའོ་ཞེས་བདག་གི་བླ་མ་བཞེད་དོ། །གཞན་ཡང་དྲག་པོ་ནི་ཁྱབ་འཇུག་འདུལ་བར་མཛད་པས་ཤིན་ཏུ་དྲག་ཅིང་གཏུམ་པའོ། །
པདྨ་ཞེས་བྱ་བ་ལ་སོགས་པ་ལ་པདྨཱནྟ་ཀྲྀཏ་ཅེས་བྱ་བའི་སྔགས་ཀྱིས་རྟ་མགྲིན་དབྱུང་བར་བྱ་སྟེ། དེ་ཡང་པདྨ་མཐར་བྱེད་ལྟ་བུའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ཕྱོགས་ཀྱི་འཁོར་ལོའི་ཚོགས་ཁེབས་ཤིང་གང་གིས་གཡོགས་པ་དང་འོད་ཀྱིས་འཇིག་པ་ཆེན་པོའི་དུས་ཀྱི་མེ་ལྟར་ཤིན་ཏུ་འབར་
བར་སྣང་བ་དང་ཕྱག་ལ་སོགས་པ་གསུང་གི་རྡོ་རྗེ་དང་འདྲ་ཞེས་བྱ་བ་ཞལ་དང་ཕྱག་དང་ཕྱག་མཚན་འོད་དཔག་ཏུ་མེད་པ་དང་འདྲ་བ་ཚངས་པ་དང་ཀུན་བགེད་གཞོན་ནུ་ལ་སོགས་པ་གདུག་པ་དུ་མ་རྣམ་པར་གནོན་པར་མཛད་པ་ཞལ་ཤིན་ཏུ་འཇིགས་སུ་རུང་བ་དང་ལྡན་པ་སྐྱེ་བོ་རྣམས་འཇིགས་པར་
བྱེད་པའི་ཧ་ཧ་ཞེས་བཞད་པའི་ཁྲོ་བོའི་བཞད་པ་ཆེན་པོས་ཏི་སེ་ལ་སོགས་པའི་རི་བོ་འཛིན་པར་བྱེད་པ་དང་། དེ་ན་གནས་པའི་ཐུབ་པའི་དབང་པོ་ཀུན་བགེད་གཞོན་ནུ་ལ་སོགས་པ་འཇིག་རྟེན་དུ་ཐུབ་དབང་དུ་སྒྲར་གྲགས་པ་གང་གིས་རྣམ་པར་འཇིག་ཅིང་གསལ་བར་མཛད་པ་ནུབ་ཕྱོགས་
ཀྱི་སྒོར་བསམ་པར་བྱའོ། །བིགྷྣཱན་ཞེས་བྱ་བ་ལ་སོགས་པ་ལ་བིགྷྣཱནྟ་ཀྲྀཏ་ཅེས་བྱ་བའི་སྔགས་ཀྱིས་བདུད་རྩི་འཁྱིལ་པ་དབྱུང་བར་བྱ་སྟེ། དཔའ་བོ་ནི་ཚོགས་ཀྱི་བདག་པོ་ལ་སོགས་པའི་བགེགས་རྣམས་འཇོམས་པར་མཛད་པའོ། །དུས་མཐའི་མེ་ནི་བསྐལ་པ་འཇིག་པའི་མེ་སྟེ། དེ་དང་
འདྲ་བར་དྲག་ཅིང་གཏུམ་པའི་ཁྲོ་བོ་རང་དང་འདྲ་བའི་ཚོགས་སྤྲོ་བར་མཛད་པ་དང་དེ་བཞིན་དུ་འཕགས་པའི་ཞལ་ལ་སོགས་མི་བསྐྱོད་པ་དང་མཚུངས་ཞེས་བྱ་བ་ནི་ཞལ་དང་ཕྱག་དང་ཕྱག་མཚན་སྐུ་མདོག་ཐུགས་རྡོ་རྗེ་དང་འདྲ་བ་བྱང་གི་སྒོར་བསམ་པར་བྱའོ། །རྣམ་པར་སྣང་མཛད་ཅེས་བྱ་
བ་ལ་སོགས་པ་ལ་གཤིན་རྗེ་གཤེད་ཀྱི་ཅོད་པན་ལ་ནི་རྣམ་པར་སྣང་མཛད་དོ། །ཤེས་རབ་མཐར་བྱེད་ཀྱི་ཅོད་པན་ལ་ནི་མི་བསྐྱོད་པའོ། །པདྨ་མཐར་བྱེད་ཀྱི་ཅོད་པན་ལ་ནི་འོད་དཔག་ཏུ་མེད་པའོ། །བགེགས་མཐར་བྱེད་ཀྱི་ཅོད་པན་ལ་ནི་མི་བསྐྱོད་པ་སྟེ་དེ་ལྟར་རིམ་བཞིན་དུ་བསམ་པ་

དང་གཤིན་རྗེ་གཤེད་ཀྱི་ཕྱག་གཡས་པར་ཐོ་བ། ཤེས་རབ་མཐར་བྱེད་ཀྱི་དབྱུག་པ། པདྨ་མཐར་བྱེད་ཀྱི་པདྨ། བགེགས་མཐར་བྱེད་ཀྱི་རྡོ་རྗེ་ཡང་རིམ་བཞིན་དུ་བསམ་མོ། །ལ་ལ་ནི་རྡོ་རྗེ་ཞེས་སྨོས་པས་སྣ་ཚོགས་རྡོ་རྗེ་ཡིན་པར་འདོད་དོ། །ཡང་འདི་དག་གོ་རིམས་བཞིན་དུ་རོ་ལངས་
མ་དང་གཞན་གྱིས་མི་ཐུབ་མ་དང་ཁྲོ་གཉེར་མ་དང་རལ་པ་གཅིག་མ་སྟེ་ལྷ་མོ་བཞི་དང་སྙོམས་པར་འཇུག་པས་བཞུགས་པར་བསམ་པར་བྱ་བ་དང་ཐམས་ཅད་ཀྱང་གཡོན་བརྐྱང་བའི་གནས་པས་སྣ་ཚོགས་པདྨའི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། ཞལ་མཆེ་བ་གཙིགས་
པ་དབུ་སྐྲ་གྱེན་དུ་བརྫེས་པ། སྨ་ར་སེར་བ་ལྗགས་བསྐྱོད་པ་ཞལ་གདངས་པ་ཁྲོ་བ་དང་བཅས་པ་བཞད་པ་དེ་ལྟར་ཡོངས་སུ་རྫོགས་པའི་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་སྔར་བཤད་པའི་ཚུལ་གྱིས་ཀུན་ནས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཀུན་དུ་བཟང་པོའི་རྣལ་
འབྱོར་པར་རྣམ་པར་བལྟས་ནས་དངོས་པོ་ཐམས་ཅད་ཀྱིས་ནི་ཞེས་པ་སའི་སྙིང་པོ་ལ་སོགས་པས་སྐྱེ་མཆེད་དྲུག་བྱིན་གྱིས་བརླབས་པས་རྫོགས་པར་བྱ་ཞིང་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་ཡང་རྫོགས་པར་བྱའོ། །སྙིང་པོའི་སྔགས་ནི་ཡེ་ཤེས་སེམས་དཔའི་ས་བོན་ཏེ།
དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རྣམ་པ་ཅན་གྱི་དེ་བཞིན་གཤེགས་པ་བཀུག་སྟེ་བཅུག་པ་བཅིངས་ནས་དབང་དུ་བྱ་སྟེ་ཡི་གེ་ཛཿམདོག་དམར་པོ་བསམས། དེའི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་
བཀུག་ལ་ཧཱུཾ་མདོག་ནག་པོས་དཀྱིལ་འཁོར་གྱི་དབུས་སུ་བཅུག་སྟེ་བཾ་མདོག་སེར་པོས་རེ་རེ་ཞིང་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐུགས་ཀ་དང་ལྐོག་མ་དང་སྤྱི་བོར་བྱིན་གྱིས་བརླབ་པ་བྱས་ལ་ཡི་གེ་ཧོཿམདོག་དཀར་པོས་དཀྱིལ་འཁོར་བ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་བྱིན་
གྱིས་བརླབ་པར་བྱའོ། །ད་ནི་བསྲུང་བའི་ཆོ་ག་གསུངས་པ་ནི་ཤེས་རབ་ཐབས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ་དོན་དམ་པའི་བདག་ཉིད་ཅན་ཤེས་རབ་དང་ཐབས་ཀྱི་ངོ་བོ་ཉིད་དོན་དམ་པར་མི་འགྱུར་བའི་རང་བཞིན་ཅན་གྱི་ཏིང་ངེ་འཛིན་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་

བ་དེ་ལས་བྱུང་ཞིང་སྐྱེས་པ་ཤིན་ཏུ་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་ངོ་བོར་གཅིག་ཏུ་མཐར་ཐུག་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསམས་ནས་དེ་ནས་དེའི་རྗེས་ལ་བསྲུང་བར་བྱའོ། །གང་གིས་ཤེ་ན་གཤིན་རྗེ་མཐར་བྱེད་ལ་སོགས་པས་བཤད་པ་ཞེས་སྨོས་
ཏེ་དེས་ཇི་ལྟར་བྱ་ཞེ་ན། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་རང་གི་ལུས་ལས་བྱུང་བ། གཟུགས་ཤིན་ཏུ་འཇིགས་སུ་རུང་བའི་ཁྲོ་བོ་རྣམས་ཀྱིས་བགེགས་དང་གདུག་པ་ཐམས་ཅད་རྣམ་པར་བསྲེག་པར་བསམས་ལ། དེ་དག་ཉིད་རྡོ་རྗེ་ལུ་གུ་རྒྱུད་དུ་ཡོངས་སུ་གྱུར་ནས་དེས་
སྟེང་དང་འོག་ཏུ་སྣ་ཚོགས་རྡོ་རྗེས་བྱིན་གྱིས་བརླབས་པ་ལས་བྱུང་བའི་རྡོ་རྗེའི་དྲ་བར་བསམ་པར་བྱའོ། །དེ་ལྟར་སྲུང་བའི་འཁོར་ལོ་བསྒོམས་ནས་དབང་བསྐུར་བ་ལ་སོགས་པ་མཆོད་པའི་ཆོ་ག་གསུངས་པ་ནི། རང་གི་སྙིང་པོས་ཞེས་བྱ་བ་ལ་
སོགས་པ་ཡིན་ཏེ། རང་གི་སྔགས་ཀྱིས་མཆོད་ཡོན་ལ་བཟླས་ལ་ཙནྡན་དང་གུར་ཀུམ་དང་ག་བུར་ལ་སོགས་པ་དང་མེ་ཏོག་སྟེ་མནྡཱ་ར་བ་དང་ཨུཏྤལ་དང་ཀ་ར་བཱི་ར་དང་ཛཱ་ཏི་དང་མ་ལི་ཀ་ལ་སོགས་པའི་མེ་ཏོག་དང་བཅས་པའི་མཆོད་ཡོན་གྱི་སྣོད་བཤམས་ལ་
དཀྱིལ་འཁོར་བའི་ལྷ་ཐམས་ཅད་ལ་མཆོད་ཡོན་གྱིས་དབང་བསྐུར་བར་བྱའོ། །འདིས་ནི་དར་དཔྱངས་ཀྱི་དབང་བསྐུར་བ་དང་ཕྲེང་བའི་དབང་བསྐུར་བ་ལ་སོགས་པ་ཡང་སྟོན་པ་ཡིན་ནོ། །དེ་ནས་རང་ལ་བྱས་པ་ལྟ་བུར་ཞེས་པ་བདག་ཉིད་ལ་བྱས་པ་དང་འདྲ་བར་སྙིང་པོའི་སྔགས་
ཀྱིས་བསྐུལ་བའི་ནམ་མཁའ་ལ་བཞུགས་པའི་སངས་རྒྱས་ཀྱི་ཚོགས་ཀྱི་འོད་ཟེར་གྱི་སྒོ་ལས་བྱུང་བའི་ལྷའི་ཚོགས་ཕྱག་ན་བདུད་རྩི་ལྔས་ཡོངས་སུ་གང་བའི་བུམ་པ་བསྣམས་པས་དབང་བསྐུར་བར་བྱའོ། །དེ་ལྟར་ཆོ་ག་འདིས་ཀུན་ནས་མངོན་པར་མཆོད་པར་བྱའོ། །པདྨ་
ཞེས་བྱ་བ་ནི་ཤེས་རབ་ཀྱི་གསང་བའི་པདྨའི་ནང་དུ་རང་གི་ས་བོན་འོད་རྣམས་ཀྱི་ཞེས་བྱ་བ་ཛཿཧཱུཾ་བཾ་ཧོཿཁཾ་རཾ་ཞེས་བྱ་བའི་འོད་ཟེར་རྣམས་ཀྱིས་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་ཐམས་ཅད་སྤྱན་དྲངས་ནས། ཡང་དག་བྱང་ཆུབ་ཡིད་ཀྱི་ངོ་བོ་ཡིན། །ཞེས་བྱ་བ་ཟླ་བའི་དཀྱིལ་

འཁོར་གྱི་རྣམ་པ་ཅན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་ལྔ་པའི་དཀྱིལ་འཁོར་པས་སོ། །དེ་ནས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དེ་ཉིད་ཤེས་རབ་བ་སྤུ་རེ་རེ་ལས་བྱུང་བ་ཞེས་བྱ་བ་བ་སྤུའི་བུ་གའི་ཚོགས་རེ་རེ་ལས་བྱུང་བའི་འོད་ཟེར་རྣམ་པ་སྣ་ཚོགས་ཏེ། ནག་པོ་དང་དཀར་པོ་དང་སེར་པོ་དང་དམར་པོ་དང་
ལྗང་གུའི་འོད་ཟེར་འཕྲོས་པའི་ཚོགས་རྒྱ་ཆེན་པོས་ནམ་མཁའི་ཁམས་ཀྱི་གཏོས་མ་ལུས་པར་ཀུན་ནས་ཡོངས་སུ་ཁྱབ་པར་གྱུར་ལ། དེ་བས་ན་བློ་དང་ལྡན་ཞིང་རྣལ་འབྱོར་ལ་མཁས་པས་རབ་ཏུ་སྤྲོ་བར་བྱའོ། །ཇི་ལྟར་སྤྲོ་བར་བྱ་ཞེ་ན་འོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། བ་སྤུའི་ཚོགས་རེ་རེའི་
ཁུང་བུ་ལས་ངེས་པར་བྱུང་བའི་འོད་ཀྱི་རྩེ་མོ་ལས་སྐྱེས་པའི་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་རྒྱལ་བའི་དབང་པོ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་པ་རྣམས་ལེགས་པར་མཆོད་པར་བྱའོ། །ཇི་ལྟ་བུས་ཤེ་ན་གང་གི་སྐུའི་ཡན་ལག་དྲི་མ་མེད་པའི་
འཛམ་བུའི་ཆུ་བོའི་གསེར་དང་ནོར་བུས་སྤྲས་པའི་དོ་ཤལ་དང་དཔུང་རྒྱན་དང་འོག་པག་དང་ཕྱག་གདུབ་དང་ཞབས་གདུབ་ལ་སོགས་པའི་རྒྱན་རྣམས་ཀྱིས་བརྒྱན་ཅིང་སྤུད་པ་གང་ཡིན་པ་དེ་མེ་ལོང་དང་པི་ཝང་སྟེ་དགུ་བོའི་རྒྱུད་མངས་དང་དྲི་སྟེ་ག་པུར་གུར་ཀུམ་ཙནྡན་གླ་རྩི་བཞི་པོ་ཆ་མཉམ་གྱིས་
ཡོངས་སུ་གང་བའི་དུང་ཕོར་དང་རོའི་སྣོད་དེ་བདུད་རྩི་ལྔས་ཡོངས་སུ་གང་བའི་ཐོད་པ་དང་གོས་ཏེ་རྒྱ་ཡུལ་གྱི་དར་མདོག་བཟངས་ལ་སོགས་པ་དང་ཆོས་འབྱུང་བ་སྟེ། ཆོས་འབྱུང་བའི་ཕྱག་རྒྱ་དང་སོགས་པ་ཞེས་བྱ་བས་གདུགས་དང་རྒྱལ་མཚན་ལ་སོགས་པའི་མཚན་མ་གཞན་དག་རིམ་
གྱིས་བསྣམས་པའི་ཕྱག་རྣམ་པ་གཉིས་དང་རྣམ་པར་སྒེག་པ་དང་བཅས་ཤིང་རོལ་པའི་མདངས་དང་ལྡན་པའི་གཟུགས་བརྙན་བྱུང་བ་མེ་ལོང་ལ་སྣང་བའི་འོད་ཀྱི་སྣང་བ་སྟེ། རང་གི་ལུས་ཀྱི་འོད་རྣམས་ཀྱིས་སྤྲུལ་པའི་མཆོད་པ་མེ་ཏོག་དང་བདུག་སྤོས་དང་མར་མེ་དང་དྲི་དང་གདུགས་དང་རྒྱལ་མཚན་
དང་བ་དན་ལ་སོགས་པའི་མཆོད་པའི་སྤྲིན་སྣ་ཚོགས་པ་དེ་རྣམས་སྒྱུ་མ་ལ་སོགས་པ་ལྟ་བུ་སྟེ་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་དང་བྲག་ཅ་དང་ཆུ་ཟླ་ལྟ་བུར་སོ་སོར་སྣང་བ་ནི་དངོས་པོ་རྣམས་དོན་དམ་པར་སྒྱུ་མ་ལ་སོགས་པ་སོ་སོར་ཡང་དག་པར་རིག་ཅིང་ཤེས་པ་སྟེ་དེས་འཇིག་རྟེན་པའི་ངོ་བོ་རིག་ཅིང་ལྟ་

བ་ལ་མཁས་པ་དེ་ཁོ་ན་ཉིད་དུ་ན་དངོས་པོ་མེད་པའོ། །རྟོག་པ་མ་ལུས་ཞེས་བྱ་བ་ལ་སོགས་པ་ལ་སོ་སོ་རང་གིས་རིག་པའི་མཆོག་ཏུ་དགའ་བའི་བདེ་བ་ཆེན་པོའི་ངོ་བོ་རབ་ཏུ་བསྐྱེད་པའི་རྒྱུར་གྱུར་པས་སོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་
དང་ཆོས་ཀྱི་དབྱིངས་རྡོ་རྗེ་ཞེས་བྱ་བ་མཆོད་པའི་ལྷ་མོ་རྣམས་དང་དེ་གཅིག་པུར་མ་ཟད་ཀྱི་དེ་བཞིན་དུ་ཕྱིའི་དྲི་མ་ལ་སོགས་པ་སྟེ། དྲི་དང་མེ་ཏོག་དང་བདུག་སྤོས་དང་མར་མེ་དང་ལྷ་བཤོས་དང་དར་དང་རིན་པོ་ཆེ་ལ་སོགས་པས་ཡང་དག་པར་མཆོད་པར་བྱའོ། །དེ་ལྟར་ཐ་དད་རྟོག་པས་ངེས་གྲོལ་
བྱ། །ཞེས་བྱ་བ་ནི་མཆོད་པར་བྱ་བ་དང་མཆོད་པ་པོ་དང་མཆོད་པ་ཉེ་བར་མི་དམིགས་པས་འཁོར་གསུམ་ཡོངས་སུ་དག་པས་ཡང་དག་པར་མཆོད་ལ། འདི་ལྟར་ང་རྒྱལ་བསྐྱེད་པར་བྱ་སྟེ། ཨོཾ་ཞེས་བྱ་བ་ལ་སོགས་པ་ལ་ངོ་བོ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཇིག་རྟེན་ལས་
འདས་པའི་རྡོ་རྗེའི་མཆོད་པའི་བདག་ཉིད་ནི་བདག་གོ་ཞེས་བརྗོད་ལ་སྙིང་གར་དཀྱིལ་འཁོར་གྱི་འཁོར་ལོ་བསམ་པར་བྱའོ། །ད་ནི་བསྟོད་པ་གསུངས་པ་ནི་སྒྲའི་ཡུལ་རྣམས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བྲག་ཅའི་སྒྲ་འདྲ་ཞེས་བྱ་བ་ནི་སྙིང་གར་གནས་པའི་དཀྱིལ་འཁོར་ལ་ཡེ་ཤེས་
སེམས་དཔའི་ས་བོན་ལས་བྱུང་བའི་འོད་ཟེར་གྱི་སྒོ་ལས་དེ་བཞིན་གཤེགས་པ་ལྔ་པོ་ལྟ་བུའི་སངས་རྒྱས་རྣམས་བསྒོམས་ལ་ཕྱི་དང་ནང་གི་བདག་ཉིད་ཅན་ཐམས་ཅད་སེམས་ཉིད་ཡིན་པར་ཡོངས་སུ་བརྟགས་ལ་སེམས་ཉིད་ཀྱིས་དེ་བཞིན་གཤེགས་པ་ལྔ་ལ་བསྟོད་པར་བྱའོ། །ཆོས་ཀྱི་
དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་མི་བསྐྱོད་པ་སྟེ། རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་བསྟོད་པ་ནི། མི་བསྐྱོད་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཀྱེ་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པ་རང་བཞིན་གྱིས་འགྱུར་བ་མེད་པ་ཐུགས་ཀྱི་མཐུས་ཆོས་ཀྱི་དབྱིངས་ཀྱི་
ཡེ་ཤེས་དང་ཤེས་བྱ་མ་ལུས་པའི་ངོ་བོ་ཉིད་ཡིན་ནོ། །རྡོ་རྗེ་དབྱིངས་ནི་མ་ལུས་པའི་ཡེ་ཤེས་ཀྱི་གཞིར་གྱུར་པའི་སྐུའི་ངོ་བོ་ཉིད་དོ། །མཁས་པ་ཆེན་པོ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་སོ་སོར་རྟོགས་པར་བྱེད་པའི་གསུང་གི་ངོ་བོ་ཉིད་དོ། །རྡོ་རྗེ་གསུམ་མཆོག་ནི་རྣམ་པར་དག་པའི་

སྐུ་རྡོ་རྗེ་ལ་སོགས་པ་ཉིད་ཀྱིས་དམ་པར་གྱུར་པའོ། །དཀྱིལ་འཁོར་གསུམ་ནི་སྐུའི་དཀྱིལ་འཁོར་ལ་སོགས་པའི་ཚུལ་གྱིས་འགྲོ་བ་མ་ལུས་པ་ཐམས་ཅད་ཀྱི་ངོ་བོར་གྱུར་པའོ། །རྡོ་རྗེ་དབྱིངས་ནི་ཐོས་པ་ལ་སོགས་པས་བསྒྲུབ་པར་བྱ་བའོ། །ཕྱག་འཚལ་ལོ་ཞེས་བྱ་བ་ནི་རྣམ་པ་
ཐམས་ཅད་དུ་བདག་ཉིད་ཀྱི་དངོས་པོ་དབུལ་བ་དང་ཁྱེད་ཀྱི་སྐུ་མངོན་པར་འདོད་པས་ཁྱོད་ལ་རབ་ཏུ་འདུད་པར་བགྱིད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ལ་ཀྱེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡེ་ཤེས་ཀྱི་སྣང་བ་མ་ལུས་པའི་ངོ་བོ་ཉིད་མེ་ལོང་
ལྟ་བུའི་ཡེ་ཤེས་ཀྱི་དགའ་བ་ཆེ་བ་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བས་རྡོ་རྗེ་ཞི་བའོ། །ཟད་པ་དང་མི་སྐྱེ་བའི་ཚུལ་གྱིས་བྱ་བ་བྱས་པས་དགའ་བ་ཆེན་པོ་སྟེ། མངོན་པར་འདོད་པའི་དོན་གྲུབ་པས་དགའ་བ་ཚད་མེད་པ་བརྙེས་པའོ། །རང་བཞིན་འོད་གསལ་ཞེས་བྱ་བ་
ནི་གློ་བུར་བའི་དྲི་མ་དང་བྲལ་བས་ན་འདུས་མ་བྱས་པའོ། །མཆོག་གི་མཆོག་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་ཆ་དང་བྲལ་བས་དམ་པའི་དམ་པར་གྱུར་པའོ། །སྟོན་པ་རྡོ་རྗེ་ནི་འགྲོ་བ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་སྟེ་དེ་ལ་ཕྱག་འཚལ་ལོ་ཞེས་པའོ། །རིན་ཆེན་རྒྱལ་པོ་ཞེས་བྱ་བ་ལ་
སོགས་པ་ལ་ཀྱེ་བཅོམ་ལྡན་འདས་རིན་ཆེན་རྒྱལ་པོ་རབ་ཏུ་དང་བའི་འོད་འབར་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཅན་རབ་ཏུ་ཟབ་པ་ཚད་མེད་པའི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཐམས་ཅད་ཀྱི་སྤྱོད་པ་ཅན་རྣམ་པ་ཐམས་ཅད་དུ་མི་ཕྱེད་པས་རྡོ་རྗེ་ནམ་མཁའོ། །རང་བཞིན་གྱིས་ཉེས་བས་མ་གོས་
པས་ན་དྲི་མེད་ནམ་མཁའོ། །ཉེས་པ་ཐམས་ཅད་ཟད་པས་ན་རང་བཞིན་དག་པའོ། །སླར་ཡང་ཉེས་པ་མི་འབྱུང་བས་གོས་པ་མེད་པའོ། །རྒྱ་ཆེ་བའི་ངོ་བོ་ཉིད་དུ་གྱུར་པས་རྡོ་རྗེའི་སྐུ་སྟེ་གདུལ་བྱ་སྐལ་བ་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྟོན་པའི་སྐུ་མངའ་བ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་
པའོ། །རྡོ་རྗེ་མི་འཆི་ཞེས་བྱ་བ་ལ་སོགས་པ་ལ་ཀྱེ་བཅོམ་ལྡན་འདས་རྡོ་རྗེ་མི་འཆི་བ་ཚད་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཅན་ནུས་པ་ཐམས་ཅད་ཀྱིས་མི་ཐུབ་བས་ན་རྒྱལ་པོ་ཆེའོ། །མི་རྟོག་ཅེས་བ་ནི་གདུལ་བྱ་ཇི་ལྟ་བ་བཞིན་དུ་ཆོས་རྣམས་ངེས་པར་སྟོན་པར་མཛད་

པའོ། །ནམ་མཁའ་རྡོ་རྗེ་འཛིན་ཞེས་བྱ་བ་ནི་ཚིག་དང་ཚིག་ཅན་གྱི་འཛིན་པ་ལ་སོགས་པ་ཐམས་ཅད་ལས་ངེས་པར་གྲོལ་བའོ། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །ཞེས་བྱ་བ་ནི་འགྲོ་བ་རྣམས་ལ་སོ་སོར་གཟིགས་ནས་ཆོས་སྟོན་པ་ལ་སོགས་པས་སེམས་
ཅན་ཐམས་ཅད་མགུ་བར་མཛད་པའོ། །རྡོ་རྗེའི་གསུང་ནི་ཡོན་ཏན་དང་འདྲ་བར་མཐའ་ཡས་ཤིང་ཚད་མེད་པའི་གསུང་དབྱངས་ངེས་པར་སྒྲོགས་པ་ལ་ཕྱག་འཚལ་ལོ་ཞེས་པའོ། །དོན་ཡོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་ཀྱེ་བཅོམ་ལྡན་འདས་དོན་ཡོད་རྡོ་རྗེ་སྒྲུབ་པ་པོའི་མངོན་པར་
འདོད་པ་ཇི་ལྟར་བརྩམ་པར་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྫོགས་པའི་སངས་རྒྱས་ཏེ་ཐམས་ཅད་མཁྱེན་པ་ཉིད་བརྙེས་པར་མཛད་པའོ། །བསམ་པ་ཐམས་ཅད་རྫོགས་མཛད་པ། །ཞེས་བྱ་བ་ནི་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་ལ་སོགས་པའི་ངོ་བོ་ཉིད་ལྟ་བུའོ། །རང་
བཞིན་དག་པ་ཉིད་ལས་བྱུང་། །ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་གཟུངས་དང་ཐབས་གཞན་ཡང་རང་བཞིན་དག་པར་གྱུར་པས་འགྲོ་བའི་དོན་ཐོབ་པར་མཛད་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་འཚང་རྒྱ་བ་ཉིད་ཀྱིས་ཐོགས་པ་མེད་པའི་ཐུགས་ཐམས་ཅད་དང་ལྡན་
པ་ལ་ཕྱག་འཚལ་ལོ་ཞེས་པའོ། །དེ་ནས་དོན་དམ་པར་ཀུན་དུ་བཟང་པོ་ཉིད་ཡིན་པས་ཐུགས་ཐམས་ཅད་ནི་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ལྷ་རེ་རེ་ཞིང་བསྟོད་པ་མ་བྱས་པ་ཡིན་ནོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་རྣམ་པར་དག་པའི་ངོ་བོ་ཉིད་དང་ཡེ་ཤེས་ལྔའི་རང་
བཞིན་ནོ། །དེ་བཞིན་གཤེགས་པ་ལྔ་ཡིན་ཏེ། དེ་ཡང་། གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང་། །གདུལ་བྱའི་དབང་གིས་ཁྲོ་ལ་ཁྲོ་བ་དང་། །འདོད་ཆགས་ཅན་ལ་ཆགས་པ་ཅན་ལྟར་སྟོན། །བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་ཇི་སྐད་བཤད་པ་ལྟ་
བུའོ། །ད་ནི་འབར་བའི་ཨོཾ་གྱིས་ཞེས་བྱ་བ་ལ་སོགས་པས་བདུད་རྩི་མྱང་པ་བཤད་པར་བྱ་སྟེ། བདུད་རྩི་ལྔ་པོ་དེས་སྙིང་གའི་ཟླ་བའི་དབུས་སུ་ཆུད་པའི་ཟླ་བའི་དཀྱིལ་འཁོར་ལ་ཞུགས་པའི་དཀྱིལ་འཁོར་བ་རྣམས་དེས་ཚིམ་ཞིང་མགུ་བར་བྱའོ། །དེ་ཡང་ཡི་གེ་ཨོཾ་འབར་ཞིང་འོད་

དང་ལྡན་པའི་གཟུགས་ཅན་དེས་བྱིན་གྱིས་བརླབས་ལ་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པའི་ཐོད་པའི་དབུས་ན་བདུད་རྩི་ལྔ་པོ་གནས་པ་རླུང་དང་མེའི་དཀྱིལ་འཁོར་དག་གིས་རབ་ཏུ་སྦར་བས་གོང་བུ་དམར་པོ་ལྟ་བུར་བསམས་ལ་ཡི་གེ་ཨ་ཡིས་ཁྲག་ཞུ་བ་ལྟ་བུའི་རང་བཞིན་ལ་ཨོཾ་གྱིས་བདུད་
རྩི་དཀར་པོར་བྱས་ནས་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་ལྔས་བྱིན་གྱིས་བརླབས་པར་བསམས་ལ་རང་གི་ས་བོན་གྱིས་ཡེ་ཤེས་ལྔའི་བདུད་རྩིའི་རང་བཞིན་དུ་བྱས་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་འོད་ཟེར་གྱིས་བཀུག་པའི་ལྕེས་སྙིང་
གའི་ཟླ་བར་ཆུད་པའི་དཀྱིལ་འཁོར་གྱི་འཁོར་ལོ་དེས་ཚིམ་པར་བྱའོ། །དེ་ཡང་། ཟླ་ཉི་རྡོ་རྗེ་ཆུ་དང་དྲི་མར་མེ། །ཐོད་པ་ལ་གནས་མེ་དང་རླུང་དག་གིས། །ལེགས་སྦར་ལྕགས་སྲེག་གོང་བུ་ལྟ་བུར་ནི། །ཧཱུཾ་གི་ས་བོན་དག་གིས་རྣམ་པར་བསྒོམ། །ཡི་གེ་ཨ་བརྗོད་དེར་ནི་ཕབ་
པ་དང་། །ཅུང་ཟད་བྲོ་ཞིང་ཁྲག་འདྲར་རྣམ་བསམས་ལ། །ཨོཾ་མམ་རཾ་མམ་རང་གི་ས་བོན་གྱིས། །སངས་རྒྱས་ཕབ་སྟེ་བྱིན་བརླབས་བྱང་ཆུབ་སེམས། །རབ་དཀར་ཧཱུཾ་གི་རྡོ་རྗེ་ལྕེ་ཡིས་སྙིང་གར་གནས། །རང་གི་འཁོར་ལོ་མ་ལུས་དེས་ཚིམ་བྱ། །ཞེས་བཤད་པ་ཡིན་ནོ། །
འདི་ནི་བསྒོམ་པའི་ལམ་གྱི་ངོ་བོ་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ཡང་དང་པོར་འབྱིན་པ་ལ་སོགས་ནས་བདུད་རྩི་མྱང་བའི་མཐར་ཐུག་པ་མདོར་ན། ཏིང་འཛིན་འཁོར་ལོའི་རྒྱལ་པོ་མཆོག་ཏུ་ཡང་དག་བཤད། །ཅེས་ཇི་སྐད་འབྱུང་བ་ལྟ་བུའོ། །ད་ནི་ལས་
ཀྱི་རྒྱལ་པོའི་མཆོག་ཐོབ་པའི་འབྲས་བུའི་སྤྱོད་པའི་རང་བཞིན་བཤད་པ་ནི་སྙིང་པོའི་འོད་ཟེར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྙིང་པོའི་འོད་ཟེར་དཔག་མེད་ཀྱིས། །ཞེས་པ་ཡེ་ཤེས་སེམས་དཔའི་ས་བོན་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་སྤྲུལ་པའི་ཐུབ་པའི་མཆོག་སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་མི་ཤེས་པ་ཐམས་ཅད་ཀུན་དུ་ངེས་པར་གསལ་བའི་སེམས་བརྟན་པར་བྱས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེས་འགྲོ་བ་མ་ལུས་པ་རྫོགས་པའི་སངས་རྒྱས་སུ་བྱས་ལ་རང་གི་གསང་སྔགས་ཀྱི་ནང་དུ་ཆུད་པར་སྣང་བར་བྱས་ཏེ་རང་གི་སེམས་

ལ་དབང་དུ་གྱུར་པས་དེ་ལྟར་སྤྲུལ་པ་ཡིན་པའི་ཕྱིར་ཡེ་ཤེས་ལ་ནི་མི་ཤོང་བ་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྦྱོར་བས་སེམས་བརྟན་པར་བྱས་ནས། དོན་དམ་པའི་བདག་ཉིད་ཅན་གྱི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བསྒོམ་པར་གསུངས་པ་
ཡིན་ཏེ། ཤེས་རབ་ཐབས་ནི་མཉམ་སྦྱོར་བ། །བསྒོམ་པའི་རྣལ་འབྱོར་པ་མཆོག་གིས། །ཕྱག་རྒྱ་ཆེ་དང་མཉམ་སྦྱོར་བའི། །བསྒོམ་པ་རྒྱལ་བས་གསུངས་པ་ཡིན། །ཞེས་བཤད་པས། རེ་ཞིག་རིམ་པ་འདིས་དང་པོར་ཤེས་རབ་བསྒོམ་པར་བྱའོ། །ཅི་གཟུགས་ལ་སོགས་
པས་ཇི་ལྟར་བྱིས་པས་ཡོངས་སུ་བརྟགས་ཤིང་མཐོང་བ་རྣམས་ཇི་ལྟར་རྣམ་པར་ཤེས་པའི་རང་བཞིན་ཡིན་ཞིང་དོན་དམ་པར་སྟོང་པ་ཡིན་ནམ་འོན་ཏེ་ཀུན་རྫོབ་ཙམ་གྱི་རང་བཞིན་ཅན་ཡིན་ཞེ་ན། དེ་གསུངས་པ་ནི་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གཟུགས་སུ་
རུང་བས་ན་གཟུགས་ཏེ། ཁ་དོག་དང་དབྱིབས་ཀྱི་དབྱེ་བས་རྣམ་པ་གཉིས་སོ། །ཁ་དོག་ནི་སྔོན་པོ་ལ་སོགས་པའོ། །དབྱིབས་ནི་མཉམ་པ་དང་མཐོ་བ་དང་དམའ་བ་ལ་སོགས་པའོ། །སོགས་པའི་སྒྲས་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བསྡུ་
བའོ། །གཟུགས་ལ་སོགས་པ་གང་ཡིན་པ་འདི་དག་ནི་ཐོག་མ་མེད་པའི་དུས་ཡིན་གྱི་མ་རིག་པའི་བག་ཆགས་ཀྱི་མིག་སེར་གྱིས་ཉེ་བར་བཅོམ་པའི་མིག་གིས་རྟོག་པ་མང་པོའི་བཟོས་བསྒྲུབས་པ་ལས་སྣང་བ་ཡིན་པ་དེའི་རྣམ་པ་ཞེས་པ་གཟུགས་ཀྱི་རང་བཞིན་ནི་ངོ་བོ་ཉིད་སྟོང་པ་ཡིན་ཏེ།
བཅོམ་ལྡན་འདས་ཀྱིས་རབ་འབྱོར་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་སྟེ། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ་ཞེས་ཇི་སྐད་གསུངས་པ་དེ་ལྟ་བུ་སྟེ། ཚོར་བ་ལ་སོགས་པ་ཡང་དེ་བཞིན་ནོ། །གཞན་ཡང་། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་བུར་དག་དང་
མཚུངས། །འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་ཤེས་སྒྱུ་མ་ལྟ་བུའོ་ཞེས། །དེ་ཉིད་གཟིགས་པས་བཀའ་སྩལ་ཏོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །མངོན་སུམ་གྱི་ཤེས་པས་མཐོང་བ་ཡིན་ནོ། །ངོ་བོ་ཉིད་ཀྱིས་སྟོང་པ་ཇི་ལྟར་ཡིན་ཞེ་ན་དེ་ནི་

མ་ཡིན་ཏེ། སོ་སོར་སྣང་བ་གང་ཡིན་པ་དེ་ཐམས་ཅད་ནི་བདེན་པ་མ་ཡིན་ཏེ། དཔེར་ན་རབ་རིབ་ཅན་གྱིས་ཟླ་བ་གཉིས་ལ་སོགས་པ་མཐོང་བ་དང་འདྲའོ། །འོན་ཏེ་འཁྲུལ་པ་མེད་པའི་ཤེས་པ་ནི་མངོན་སུམ་ཡིན་པར་བཤད་པས་རབ་རིབ་ཅན་གྱིས་ཟླ་བ་གཉིས་ལ་སོགས་པ་ནི་མངོན་སུམ་
ལྟར་སྣང་བ་ཡིན་གྱི། དེ་མངོན་སུམ་མ་ཡིན་ཏེ། མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་བཤད་པ་ཡིན་ནོ། །གལ་ཏེ་དེ་སྐད་ཟེར་ན་དེ་ལྟ་ན་ནི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་ཡིན་པས་ཐམས་ཅད་ཡང་དག་པའི་རྣལ་འབྱོར་པར་འགྱུར་ཏེ། ཚུ་རོལ་མཐོང་བ་ཅན་དུ་ནི་མི་འགྱུར་
ཏེ། །ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའི་ཕྱིར་རོ། །དེ་ཡང་། གལ་ཏེ་ཇི་ལྟར་གྲགས་པ་འདི། །ཆོས་རྣམས་ངོ་བོ་ཇི་བཞིན་ཡིན། །ཡང་དག་དོན་མཐོང་གྲོལ་འགྱུར་བས། །འགྲོ་བ་ཐམས་ཅད་ཅིས་མི་གྲོལ། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་ལ་སློབ་དཔོན་གྱིས་
མངོན་སུམ་ནི་རྣལ་འབྱོར་པ་དང་ཅིག་ཤོས་ཀྱི་སྟེ་རྣམ་པ་གཉིས་སུ་བཤད་པས་ཐ་སྙད་ཙམ་ཁོ་ནར་རྨི་ལམ་ལ་སོགས་པ་དང་འདྲ་བར་ཇི་ལྟར་ཤེས་པའི་དོན་མ་འཁྲུལ་པ་ཙམ་གང་ཡིན་པ་དེ་ལ་འཁྲུལ་པ་མེད་པ་ཞེས་བཤད་དོ། །དེ་ཉིད་ཀྱིས་ནི། གཟུང་བ་རྣམས་ཀྱང་ཅུང་ཟད་ཡོད་མིན་ལ། །
ཞེས་བྱ་སྟེ། སེམས་དེའི་གཟུང་བར་བྱ་བ་གཟུགས་ལ་སོགས་པ་དེ་དག་ཀྱང་ཡོད་པ་མ་ཡིན་ཏེ། དེ་གཉིས་གཟུང་བ་དང་འཛིན་པ་པོའི་དངོས་པོར་མ་གྲུབ་པའི་ཕྱིར་རོ། །ཚད་མ་གཉིས་ཉིད་ཡིན་པས་མངོན་སུམ་དུ་འདོད་པར་མི་འཐད་ཀྱང་རྗེས་སུ་དཔག་པས་ཡོད་པར་འཐད་དོ་ཞེ་ན་
དེར་ཡང་། གཞན་པའི་འབྲེལ་པའི་ཡིད་ཀྱང་མཐོང་བ་མེད། །ཅེས་བྱ་བ་སྨྲས་ཏེ། ཤེས་པ་དོན་དང་ལྷན་ཅིག་པའི་རྟགས་དང་། རྟགས་ཅན་གྱི་འཛིན་པ་མེད་པས་གཞན་པའི་རྗེས་སུ་དཔག་པས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འབྲེལ་པ་ནི་གཉིས་སུ་གནས་ཏེ། དེའི་
བདག་ཉིད་དང་། དེ་ལས་བྱུང་བའི་མཚན་ཉིད་ཅན་ནོ། །དེ་ལ་རེ་ཞིག་དེའི་བདག་ཉིད་ཅན་ནི་མ་ཡིན་ཏེ་ཐག་རིང་བ་དང་། ཉེ་བ་ལ་སོགས་པའི་དབྱེ་བས་གསལ་བ་དང་མི་གསལ་བའི་ཤེས་པ་མི་འབྱུང་སྟེ། ཤེས་པ་དང་ཡུལ་གཅིག་ཏུ་གྱུར་ན་དེ་ལྟ་བུའི་རྣམ་པ་མི་སྲིད་དོ། །དེ་ལས་

བྱུང་བའི་མཚན་ཉིད་ཅན་ཡང་མ་ཡིན་ཏེ། སྟན་ཁྲ་བོ་ལ་སོགས་པའི་ཤེས་པ་ཡང་སྣ་ཚོགས་པས། རྣམ་པ་དང་འདྲ་བའི་ཤེས་པའི་བྱེ་བྲག་ཐ་དད་པར་ཐལ་བར་འགྱུར་ན་ཕྱོགས་རྒྱ་ཆེ་བས་ན་སྣ་ཚོགས་པར་གནས་པའི་ཡོངས་སུ་འཛིན་པས་ཤེས་པ་དེ་ལྟར་
སྐྱེ་བ་ཡོད་པ་མ་ཡིན་པས་གང་གིས་སྣ་ཚོགས་པ་ཉིད་དུ་བསྒྲུབ་པར་བྱ་བའི་ཕྱིར་ཤེས་པ་དུ་མ་སྐྱེ་བར་རྟོག་པ་ལེགས་པ་མ་ཡིན་ཏེ། གཟུགས་མེད་པ་ནི་ཡུལ་ན་གནས་པ་མི་སྲིད་པའི་ཕྱིར་རོ། །དེ་ཡང་། གང་ཕྱིར་དེ་ཡོད་ངེས་ཤེས་པའི། །ཤེས་པ་དོན་དང་ལྷན་ཅིག་ཉིད། །
དེ་ཡི་བདག་ཉིད་དེ་ལས་བྱུང་། །འབྲེལ་པ་གང་ཡང་ཡོད་མ་ཡིན། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །འདིར་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་ལ་སོགས་པས་སྨྲས་པ། ཤེས་པ་ནི་དགའ་བ་དང་། ཡོངས་སུ་གདུང་བ་ལ་སོགས་པའི་རང་བཞིན་ཅན་དབྱིབས་མེད་པར་ང་
རྒྱལ་གྱི་གནས་སུ་གྱུར་པ་ནང་ན་གནས་པ་ཉམས་སུ་མྱོང་བ་ཡིན་པས། སྔོན་པོ་ལ་སོགས་པ་ནི་དགའ་བ་དང་ཡོངས་སུ་གདུང་བ་ལ་སོགས་པའི་རང་བཞིན་མ་ཡིན་ཞིང་དབྱིབས་ལ་སོགས་པར་མ་གྲུབ་པ་ཡང་མ་ཡིན་པ་དང་། ང་རྒྱལ་གྱི་གནས་ཀྱང་མ་ཡིན་པས་དེའི་ཕྱིར་ཤེས་པ་ལས་ཕྱི་རོལ་
དུ་གྱུར་པ་ཉིད་དུ་ཉམས་སུ་མྱོང་བ་ཡིན་པས་ཉམས་སུ་མྱོང་བའི་དབྱེ་བ་ཡོད་པའི་དངོས་པོ་ལ་དབྱེ་བ་མེད་པར་སེམས་དང་བཅས་པས་བྱར་ཇི་ལྟར་རུང་ཞེ་ན། དེ་ལ་ཡང་བདེ་བ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། བདེ་སོགས་ཞེས་པ། བདེ་བ་དང་། སྡུག་བསྔལ་ལ་སོགས་
པའི་རང་བཞིན་ཅན་འཛིན་པ་པོ་ཤེས་པ་དེ། གཟུགས་ལ་སོགས་པ་འཛིན་པའི་བྱ་བའི་ཁྱད་པར་འཛིན་པའི་མཚན་ཉིད་ཅན་འགའ་ཡང་ཡོད་པར་མ་མཐོང་ངོ་། །ཅིག་ཅར་རང་རྒྱུད་དུ་སྣང་བ་གཉིས་ལ། ཅུང་ཟད་ནི་གཟུང་བར་བྱ་བ་ཡིན་ལ། ཅུང་ཟད་ནི་འཛིན་པ་པོ་ཡིན་ནོ་
ཞེས་བྱ་བའི་སོ་སོར་ངེས་པའི་རྒྱུ་ཡང་མ་མཐོང་ངོ་། །དེ་བས་ན་ཅིག་ཅར་དུས་མཚུངས་པར་ཡུལ་དང་ལྷན་ཅིག་ཤེས་པར་གྱུར་ཅིང་། ཡོངས་སུ་གཅོད་པར་བྱེད་པས་ན་འཛིན་པ་པོ་མ་ཡིན་པ་ནི། གཟུགས་ལ་སོགས་པ་དང་འདྲ་སྟེ། ཇི་ལྟར་གཟུགས་འཛིན་པ་པོ་མ་ཡིན་པ་དེ་

བཞིན་དུ། ཤེས་པ་ཡང་འཛིན་པ་པོ་མ་ཡིན་ནོ། །དེ་ཡང་རབ་འབྱོར་ཆོས་རྣམས་ཀྱིས་ཆོས་རྣམས་མི་ཤེས་སོ་ཞེས་ཇི་སྐད་རྒྱ་ཆེར་གསུངས་པ་ལྟ་བུའོ། །དེ་ཅིའི་ཕྱིར་ཞེས་རྟོགས་ན། དཀར་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀར་པོ་ལ་སོགས་པ་གང་ཞིག་སྔར་མཐོང་བ་ཉིད་དུས་ཚོད་
གཞན་དག་ཏུ་མི་མཐོང་སྟེ། ཅིའི་ཕྱིར་ཞེ་ན། སྐད་ཅིག་མ་ཡིན་པས་སྡོད་པ་མེད་པ་ཉིད་ཡིན་པའི་ཕྱིར། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྐད་ཅིག་མ་རྣམས་ནི་མཚན་ཉིད་ཐ་དད་པ་ཡིན་པའི་ཕྱིར་རོ། །མཐོང་བ་ཉམས་སུ་མྱོང་བ་ལས་ཐ་དད་པ་ཡོད་པར་
བསྒྲུབ་པ་ཡང་དེ་ལ་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཕན་ཚུན་འགལ་བས་མི་མཐུན་པ་གཅིག་ལ་གཅིག་ལྷན་ཅིག་གནས་པ་མ་ཡིན་པའི་ཕྱིར་ཏེ། ཇི་ལྟར་བདེ་སོགས་ཞེས་པ་བདེ་བ་དང་སྡུག་བསྔལ་དག་མི་མཐུན་པ་ཡིན་པ་དེ་བཞིན་དུ། སྔོན་མཐོང་བ་དང་། ཕྱིས་
མཐོང་བ་དང་། འདི་དག་ཀྱང་རྟག་ཏུ་ངོ་བོ་ཉིད་ཀྱིས་འགལ་བ་ཡིན་ནོ། །གཟུང་བའི་རྣམ་པར་སྣང་བ་གང་ཡིན་པ་འདི་དག་ཀྱང་གཅིག་དང་དུ་མ་ཉིད་དུ་མི་འཐད་པས་རང་གི་ངོ་བོར་མེད་པ་ཉིད་ཡིན་པ་དེ་ནི་ཐོག་མཐའ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཟུང་བའི་རྣམ་པར་སོ་སོར་སྣང་
བ་གང་ཡིན་པ་དེ་ནི་གཅིག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་དེ་ལ་ཐོག་མཐའ་ལ་སོགས་པའི་བྱེ་བྲག་སྣང་བ་དང་། དོན་བྱེད་པའི་ནུས་པའི་དབྱེ་བ་ཡང་མཐོང་བས་གང་ལ་ཕྱོགས་ཀྱི་ཆ་ཡོད་པ་དེ་ནི་གཅིག་པ་ཉིད་མི་རིགས་པ་ཞེས་བྱ་བའི་ཚུལ་གྱིས་སོ། །རང་བཞིན་གཅིག་དང་
བྲལ་བས་དུ་མ་ཡང་མ་ཡིན་ནོ། །དཀར་པོ་ལ་སོགས་པ་སོ་སོར་སྣང་བའི་ཆ་དང་ལྡན་པ་རྣམས་ལ་ཕྲ་རབ་ཏུ་བརྟགས་པའི་ཤེས་པ་ཡང་རིགས་པ་མ་ཡིན་ཏེ། ཕྲ་རབ་རྣམས་ཀྱི་རང་བཞིན་གཟུང་དུ་མེད་པའི་ཕྱིར། མངོན་སུམ་དུ་འཛིན་པར་ཁས་མི་ལེན་ལ་དེ་ཡང་ཕྲ་རབ་རྣམས་ནི་ཡན་
ལག་མེད་པ་ཆ་ཤས་མེད་པ་ཡིན་ཏེ། ཡན་ལག་མེད་པའི་ཕྱིར་ཆ་ཤས་མེད་པས། རྡུལ་ཕྲ་རབ་གཞན་དང་འདུས་པ་དང་བྲལ་བ་ཡིན་ནོ། །གལ་ཏེ་ཡོད་ན་ཤར་ལ་སོགས་པའི་མདུན་རྒྱབ་དང་། ལོགས་གཉིས་དང་སྟེང་དང་འོག་སྟེ་ཕྱོགས་དྲུག་ཏུ་གནས་པས་ཕྲ་རབ་དྲུག་འདུས་པ་ཡིན་

པར་འཐད་ལ། འདུས་པ་དེས་ན་ཆ་ཤས་དྲུག་འགྱུར་ཏེ། །དྲུག་གིས་ཅིག་ཅར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །ཞེས་བཤད་པའི་ཕྱིར་རོ། །དེ་བས་ན་རྡུལ་ཕྲ་རབ་མ་གྲུབ་པས་ཕྲ་རབ་བསགས་པ་ལས་གྱུར་པའི་སའི་དཀྱིལ་འཁོར་ལ་སོགས་ཏེ། གླིང་
བདུན་ལ་སོགས་པས་རྣམས་བསགས་པར་བརྟག་པ་ཡང་འཐད་པ་མ་ཡིན་ཏེ། དེ་བས་ན་གཟུང་བར་བྱ་བའི་རང་གི་ངོ་བོ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་འགྲོ་བ་འདི་དག་ཇི་ལྟར་སྣང་བ་ཡིན་ཞེ་ན། དེའི་ཕྱིར་དེ་བས་འཛིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བས་ཞེས་པ་དེའི་
ཕྱིར་གཅིག་དང་དུ་མའི་རང་བཞིན་དུ་མི་འཐད་པའི་ཕྱིར། འཛིན་པ་པོ་ལ་སོགས་པ་དང་བྲལ་བས་གཟུང་བ་དང་། འཛིན་པ་མེད་པའི་ཕྱིར་འགྲོ་བ་འདི་དག་ནི་རང་རྒྱུད་ཅན་ཡིན་གྱི། དབང་ཕྱུག་ལ་སོགས་པ་གཞན་ལས་སྐྱེ་བ་ནི་མ་ཡིན་ནོ། །རང་རྒྱུད་རྣམ་པ་ཐམས་ཅད་དུ་ནི་མ་ཡིན་ཏེ། ཀུན་རྫོབ་ཏུ་
རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་རོ། །རྒྱུ་མེད་པར་གྱུར་ན་ནི་རྟག་ཏུ་ཡོད་པའམ། མེད་པ་ལ་སོགས་པ་ངེས་པར་འགྱུར་བའི་ཕྱིར་རོ། །གཟུགས་སོགས་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་ནི་རྟགས་པའི་ངོ་བོ་ཉིད་ཡིན་ཏེ། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་
བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་དེ་ལྟར་བལྟ་བར་བྱ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དྲི་ཟའི་གྲོང་ཁྱེར་དག་དང་མཚུངས་པ་ཡིན། །ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པར་སླུ་ཞིང་སྙིང་པོ་མེད་པ་ཉིད་དུ་བལྟ་བར་བྱ་བ་སྟེ། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་
པའི་དོན་དུ་ཡོད་མ་ཡིན། །ཞེས་བཤད་པ་ལྟ་བུའོ། །གལ་ཏེ་དེ་ལྟ་ཡིན་ན་འཁོར་བ་དང་མྱ་ངན་ལས་འདས་པར་ཇི་ལྟར་རྣམ་པར་གཞག་ཅེ་ན། དེའི་ཕྱིར་བདག་དང་བདག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ནི་ཉོན་མོངས་པ་ཅན་གྱི་ཡིད་ང་རྒྱལ་ཅན་གྱི་རང་བཞིན་ཅན་བདག་མེད་
པ་བཞིན་དུ་བདག་དང་བདག་ཏུ་རློམ་སེམས་པའོ། །བདག་ནི་བུ་དང་ཆུང་མ་དང་ནོར་ལ་སོགས་པའོ། །དེ་གཉིས་ཀྱི་རྒྱུན་ནི་རྒྱུན་དུ་འཇུག་པ་གང་ཡིན་པ་སྟེ་འདིའི་འཇུག་པ་ནི་ཕན་འདོགས་པ་དང་གནོད་པའི་དངོས་པོའི་བག་ཆགས་ཀྱི་མཚམས་སྦྱོར་བའི་དབང་གིས་འདི་ནི་བདག་ཡིན་

པས་འདི་དག་དགོས་སོ་ཞེས་ལོག་པར་རྟོགས་པའི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པས། མཐོང་བ་ཉིད་ལས་ནི་འཁོར་བར་རྣམ་པར་བཞག་ལ་དག་པའང་ཕྱིན་ཅི་ལོག་དེ་མེད་པའི་རང་གི་ངོ་བོ་ཙམ་གྱིས་བདག་དང་བདག་གི་རྣམ་པར་རྟོག་པ་སྤངས་པས་ནི་མྱ