Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 42
Văn bản gốc(Tây Tạng)
Trang 14 / 15 (50.000 ký tự/trang)
ེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་བྱ་བར་སྦྱར་ཏེ། རྡོ་རྗེ་ཐུགས་ཀྱིས་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་སྟེ། དེ་ཡང་ཐུགས་རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ པས་ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་རྗེ་གསུམ་སྟེ། དེ་ནི་མི་ཕྱེད་པ་ཡིན་ལ་དེ་བསྒོམ་པ་ནི་རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པ་སྟེ། དེའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །ཞེས་བྱ་བ་ནི་ཐུགས་རྡོ་རྗེའི་གཟུགས་ཅན་ཏེ། དེ་ རྣམས་ཀྱང་བདག་ལ་བྱིན་གྱིས་བརླབ་པའི་གནས་སུ་མཛད་དེ་བདག་བྱིན་གྱིས་རློབས་ཤིག་ཅེས་བྱ་བའི་བར་དུའོ། །བྱིན་གྱིས་བརླབ་པའི་སྔགས་ནི། ཨོཾ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །འདི་དག་གིས་ནི་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པ་གསུངས་པ་ཡིན་ནོ། །ད་ནི་ གསུང་རྡོ་རྗེར་བྱིན་གྱིས་བརླབ་པའི་ཕྱིར་ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་དེ་གསུང་གི་རྡོ་རྗེ་ཅན་གྱིས་བདག་བྱིན་གྱིས་བརླབ་པའི་གནས་སུ་མཛད་དུ་གསོལ་ཞེས་བྱ་བར་སྦྱར་རོ། །གསུང་ལམ་ཞེས་བྱ་བ་ལ། གསུང་ཉིད་ཀྱི་ལམ་ཡིན་པས་ན་གསུང་ལམ་སྟེ། དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་བཞུད་པར་མཛད་ཅིང་རྟག་ཏུ་བདག་མེད་པར་སྟོན་པའི་གསུང་ངོ་། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །ཞེས་བྱ་བ་ནི་གསུང་རྡོ་རྗེའི་གཟུགས་ཅན་ནོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཞེས་བྱ་བ་ནི་བཤད་ ཟིན་ཏོ། །གསུང་རྡོ་རྗེར་བྱིན་གྱིས་བརླབ་པའི་སྔགས་གསུངས་པ་ནི། ཨོཾ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེའི་སྐུས་བདག་བྱིན་གྱིས་བརླབ་པའི་གནས་སུ་མཛོད་ཅིག་ཅེས་བྱ་བར་སྦྱར་ཏེ་ལྷག་མ་ནི་སྔར་བཤད་པས་གོ་བར་མཛད་དོ། །སྐུ་རྡོ་རྗེར་བྱིན་གྱིས་བརླབ་པའི་སྔགས་ནི། ཨོཾ་ ཞེས་བྱ་བ་ལ་སོགས་པའོ། །འདི་དག་ནི་སྒྲུབ་པ་ཞེས་བྱ་བའི་ཡན་ལག་སྟེ། དེའི་འབྲས་བུ་ནི་སྐྱེས་བུ་བྱེད་པ་ཆུང་ངུ་ཞེས་བྱའོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྟེ། རྡོ་རྗེ་གསུམ་པོ་ནི་ནམ་མཁའ་ལྟ་བུའི་ངོ་བོ་ཉིད་དེ། དངོས་པོ་མེད་ པ་མཚན་ཉིད་བྲལ་བར་དམིགས་པར་བྱ་སྟེ། དེ་ལྟར་དམིགས་ཤིང་མཐོང་བ་དང་། ཐུབ་པའི་མཆོག་གི་འོད་ཟེར་ལས་བྱུང་བ་རིག་པའི་ཚོགས་ཕྱག་ན་བུམ་པ་ཐོགས་ཏེ། ཡེ་ཤེས་ཀྱི་ཆུས་དབང་བསྐུར་བ་དང་། རང་གི་རིགས་ཀྱི་བདག་པོར་སྣང་བའི་ཅོད་པན་དུ་འགྱུར་རོ་ ཞེས་བྱ་བར་སྦྱར་རོ། །མཚན་ཉིད་དག་དང་བྲལ་བར་ཞེས་བྱ་བ་ནི། གཟུང་བ་དང་། འཛིན་པའི་མཚན་ཉིད་དང་བྲལ་བའོ། །དེ་ཉིད་ཀྱིས་ན་ནམ་མཁའ་ལྟ་བུའི་ངོ་བོ་ཉིད་དོ། །ཕྱོགས་ཚོགས་ཀུན་ན་བཞུགས་པའི་ཐུབ་པའི་ཚོགས། །ཞེས་བྱ་བ་ལ་ཕྱོགས་ཀྱི་ ཚོགས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་ན། ཕྱོགས་ཀྱི་ཚོགས་ཀུན་ཏེ། དེར་བཞུགས་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྙིང་པོའི་འོད་ཟེར་རྣམས་ཀྱིས་ཡང་དག་པར་བསྐུལ་ཞེས་བྱ་བ་ལ། སྙིང་པོའི་འོད་ཟེར་ཏེ་ཡེ་ཤེས་སེམས་དཔའི་སྙིང་པོའི་འོད་ཟེར་རྣམས་ ཀྱིས་ཡང་དག་པར་བསྐུལ་བའོ། །འདིར་མན་ངག་ནི་ཐུགས་རྡོ་རྗེ་དང་གསུང་རྡོ་རྗེ་གཉིས་ཀྱི་བར་ན། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ཡེ་ཤེས་སེམས་དཔའི་གཟུགས་ཅན་ཟླ་བ་ལ་གནས་པའི་རལ་གྲིའི་ཆང་གཟུངས་ཀྱི་དབུས་ན་གནས་པའི་ཟླ་བ་ལ་བཞུགས་པ། ཐུགས་རྡོ་རྗེ་ལ་སོགས་ པ་བསྐྱེད་པའི་དུས་སུ་འདི་ལྟར་བལྟ་བར་བྱའོ། །ཐུབ་པའི་ཚོགས་འོད་ཟེར་གྱིས་བསྐུལ་བ་དང་། ཐུབ་པའི་མཆོག་རྣམས་ཀྱི་འོད་ཟེར་དེ་རྣམས་ལས་ཀྱང་བྱུང་བའི་རིག་པའི་ཚོགས་རྣམས་ནི་ཐུབ་པའི་མཆོག་གི་འོད་ཟེར་ལས་བྱུང་བའི་རིག་པ་སྟེ། དེའི་ཚོགས་ནི་ཕུང་པོ་ཡིན་ལ། དེའི་ཕྱག་ན་བུམ་པ་བསྣམས་པའི་བུམ་པ་དེ་རྣམས་ལས་ཡེ་ཤེས་ཀྱི་ཆུར་གྱུར་པས་དབང་བསྐུར་བ་དང་། འཇམ་པའི་རྡོ་རྗེའི་རྣལ་འབྱོར་པ་བདག་ཉིད་ཀྱི་རང་གི་རིགས་ཀྱི་གཙོ་བོར་སྣང་བའི་ཅོད་པན་དུ་གྱུར་པ་སྟེ། རང་གི་རིགས་ཀྱི་བདག་པོ་ནི་མི་བསྐྱོད་པ་ཡིན་ལ། དེས་བརྒྱན་ པའི་ཅོད་པན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་དབང་བསྐུར་བའི་འོག་ཏུ་འཇམ་པའི་རྡོ་རྗེའི་ཅོད་པན་ལ་མི་བསྐྱོད་པ་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་དག་ནི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། འདིའི་འབྲས་བུ་ནི་དབང་གི་འབྲས་བུ་ཆུང་ངུ་ཞེས་བྱའོ། །དེ་ བཞིན་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་བསྙེན་པ་ལ་སོགས་པའི་རིམ་གྱིས་རང་གི་ལྷ་དང་འདྲ་བའི་རིག་པ་སོ་སོར་རང་སྣང་བའི་མཚན་ཉིད་ཅན་བསམ་ཞིང་བལྟས་ལ་རིགས་ལྔ་ཀུན་དུ་བཀོད་དེ། དེ་བཞིན་གཤེགས་པ་རྣམས་རྗེས་སུ་མཉེས་པར་བྱ་བའི་ཕྱིར། དེ་དང་ཡང་དག་ པའི་དགའ་བ་བརྩམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །རང་གི་སྙིང་པོ་ནི་འཇམ་པའི་རྡོ་རྗེའི་ས་བོན་ཏེ། དེས་སྤྲུལ་པ་ནི་བསྐྱེད་པའོ། །དེ་ལྟར་ན་འདིས་ནི་འདིའི་བསྙེན་པ་སྟོན་ཏོ། །མིག་ལ་སོགས་པ་དག་ཅིང་ཞེས་བྱ་བ་ནི། སྔར་བཤད་པའི་སའི་སྙིང་པོ་ལ་སོགས་པའི་ས་བོན་རྣམས་ཀྱིས་མིག་ ལ་སོགས་པའི་ཀུན་དུ་དགང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདིས་ནི་ཉེ་བར་བསྒྲུབ་པ་སྟོན་ཏོ། །ཡི་གེ་གསུམ་པོ་ནི་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་སྟེ། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་སྒོ་ནས་བསྒོམ་པ་དེས་ལུས་འོད་དང་ལྡན་པར་གྱུར་པ་དེ་ནི་ཡི་གེ་འདིས་ནི་ཉེ་བར་བསྒྲུབ་པ་ སྟོན་ཏོ། །གསུམ་རྣམ་པར་བཀོད་པས་ལུས་ནི་འོད་དང་ལྡན་ཞེས་བྱ་སྟེ། འདིས་ནི་འདིའི་སྒྲུབ་པ་སྟོན་ཏོ། །སྒྲུབ་པ་ཆེན་པོ་མ་གསུངས་སུ་ཟིན་ཀྱང་། བསྙེན་པ་ལ་སོགས་པའི་ཉེ་བར་མཚོན་པ་ལས་དེ་བྱ་བར་ཤེས་པར་བྱའོ། །འདིའི་བསྙེན་པ་ལ་སོགས་པ་ནི་རྒྱུ་མཐུན་པ་ལ་ སོགས་པའི་འབྲས་བུ་བར་མ་ཡིན་ནོ། །དེ་ཉིད་ཤེས་པས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཁོ་ན་ཉིད་ཤེས་པས་མགོ་དང་སྙིང་ག་དང་ལྟེ་བ་དང་། གསང་བ་དང་། དེ་བཞིན་དུ་བརླ་གཉིས་ལ་སོགས་པར་ཡི་གེ་ལྔ་པོས་བྱིན་གྱིས་བརླབས་པའི་ཡན་ལག་ཅན་དུ་ཡང་དག་པར་བསམས་ ཏེ། དགའ་བ་ཀུན་དུ་བརྩམ་པར་བྱའོ། །ཞེས་བྱ་བར་སྦྱར་བར་བྱའོ། །ལྔ་པོ་གང་དག་གིས་ཤེ་ན། དེ་ནི་སྐུ་གསུང་ཐུགས་རྡོ་རྗེ་བཟང་རིགས་སོགས་ཞེས་བྱ་བ་གསུངས་ཏེ། སྐུ་རྡོ་རྗེའི་རིགས་ནི་དེ་བཞིན་གཤེགས་པའི་རིགས་སོ། །ཐུགས་རྡོ་རྗེའི་རིགས་ནི་རྡོ་རྗེའི་རིགས་ སོ། །སོགས་པའི་སྒྲས་ནི་རིན་པོ་ཆེའི་རིགས་དང་པདྨའི་རིགས་དང་། ལས་ཀྱི་རིགས་བསྡུའོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། ཨོཾ་ཧཱུཾ་སྭཱ་ཨཱཿཧཱ་ཞེས་གྲགས་པ་རྣམས། །འོད་ཀྱི་ཕྲེང་བ་དམ་པས་འགྲོ་གསུམ་ཁྱབ། །ཅེས་སྦྱར་ཏེ། ཡི་གེ་ལྔ་འཇིག་རྟེན་གསུམ་ཁྱབ་པའི་འོད་ ཀྱི་ཚོགས་དང་བཅས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཨ་ཡིས་སྣ་ཚོགས་པདྨའི་ལྟེ་བ་བྱས། །ཧཱུཾ་གིས་འདབ་མ་བརྒྱད་པོ་རྣམ་པར་སྤྲུལ། །ཞེས་བྱ་བ་ལ། ཡི་གེ་ཨས་སྣ་ཚོགས་ཤིང་མཛེས་པའི་ལྟེ་བ་བྱས་པའི་པདྨ་གང་ཡིན་པ་དེ་ནི། ཨ་ཡིས་སྣ་ཚོགས་པདྨའི་ལྟེ་བ་བྱས། ། ཞེས་བྱ་བ་ལ། ཡི་གེ་ཧཱུཾ་གིས་འདབ་མ་བརྒྱད་པ་རྣམ་པར་སྤྲུལ་ཞིང་བསྐྱེད་པ་གང་ཡིན་པ་དེ་ནི། ཧཱུཾ་གིས་འདབ་མ་བརྒྱད་པ་རྣམ་པར་སྤྲུལ། །ཞེས་བྱའོ། །ཇི་ལྟ་བུའི་དགའ་བ་བརྩམ་པར་བྱ་ཞེ་ན། ཤེས་རབ་དམ་པའི་རྒྱུ་མཐུན་ངོ་བོ་ཉིད། །ཐབས་དང་བཅས་པར་ གྱུར་པའི་རང་གི་ལུས། །ཞེས་བྱ་བ་གསུངས་སོ། །ཤེས་རབ་དམ་པ་ནི་བདག་མེད་པའི་ཡེ་ཤེས་ཏེ། ཡབ་ཏུ་གྱུར་པའི་རྡོ་རྗེ་སེམས་དཔའི་ཤེས་རབ་པོ། །དེའི་རྒྱུ་མཐུན་པའི་ངོ་བོ་ཉིད་ནི། འཇམ་པའི་རྡོ་རྗེའི་བདག་ཉིད་དེ། །དེས་ཐབས་དང་བཅས་ཤིང་ལྡན་པར་བྱུང་བའི་རང་གི་ ལུས་ཅན་གྱི་སྔགས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡིས་བདེ་གཤེགས་རྗེས་སུ་མཉེས་བྱ་ཞེས། །ཞེས་བྱ་བ་ནི། དེ་ལྟར་ཤེས་བཞིན་དུ་དེ་དང་བསྔགས་པས་ལྷན་ཅིག་དགའ་བ་བརྩམ་པར་བྱའོ། །རྗེས་སུ་མཉེས་པར་བྱ་བའི་གསང་སྔགས་གསུངས་པ་ནི་ཨོཾ་ཞེས་བྱ་བ་ལ་ སོགས་པ་གསུངས་པའོ། །འདི་དག་ནི་དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཐུགས་ཀའི་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བ་ལ་གནས་པའི་རལ་གྲིའི་ཆང་གཟུངས་ལ་འདུག་པའི་ཟླ་བ་ལ་བརྟེན་པའི་རང་གི་སྔགས་ནི་ཐུགས་ཀའི་ཟླ་བའི་སྔགས་ ཏེ། དེའི་འོད་ཅེས་བྱ་བ་ནི་འོད་ཟེར་ཏེ། དེ་རྣམས་ཀྱིས་མ་ལུས་པའི་སངས་རྒྱས་ཀྱི་ཚོགས་རྣམས་རང་གི་ལུས་ལ་བཅུག་ནས་ཡི་གེ་ཧཱུཾ་ལས་རྡོ་རྗེ་བསམ་པ་ནི་ཧཱུཾ་གི་རྡོ་རྗེ་སྟེ། དེ་ལས་བྱུང་བ་ནི་མཐུན་པའོ། །དེ་ཡང་དྲི་མ་མེད་པ་ཡིན་པས། ཧཱུཾ་གི་རྡོ་རྗེ་ལས་བྱུང་དྲི་མེད་པ། །ཞེས་བྱའོ། ། ཡིད་ཚུལ་དམ་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཚུལ་ལོ། །ཆུ་སྐྱེས་ལ་གནས་པ་ཞེས་བྱ་བ་ནི། ལྷ་མོའི་པདྨའི་ནང་ན་གནས་པ་སྟེ། དེ་རང་གི་སྙིང་པོ་ལས་བྱུང་བའི་དཀྱིལ་འཁོར་པ་མ་ལུས་པའི་གཟུགས་སུ་བསམས་ལ་ཆོ་ག་འདིས་དབྱུང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །མ་ལུས་པ་ཡང་ ཡིན་ལ་མི་བསྐྱོད་པ་ལ་སོགས་པའི་རང་གི་དཀྱིལ་འཁོར་པ་ཡང་ཡིན་པས་མ་ལུས་པའི་དཀྱིལ་འཁོར་པ་སྟེ། དེ་རྣམས་ཀྱི་གཟུགས་སུ་རང་གི་སྙིང་པོ་ལས་བྱུང་བ་སྟེ། རང་གི་ས་བོན་ལས་སྐྱེས་པར་བསམ་མོ། །ཆོ་ག་ཞེས་བྱ་བ་ནི་འོག་ནས་བཤད་པའི་ཆོ་གས་སེམས་བརྟན་པ་སྟེ། མཉམ་པར་གཞག་པའི་སེམས་དང་པདྨའི་ནང་ནས་འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར་ཞེས་བྱ་བ་འཇིག་རྟེན་ལ་ཕན་པའི་དོན་དུ་ཡང་དག་པར་དབྱུང་བར་བྱ་ཞིང་གདོན་པར་བྱའོ། །བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་ལ་ཐུགས་རྡོ་རྗེ་ཞེས་བྱ་བ་ནི་མི་བསྐྱོད་པའི་བདག་ཉིད་འཇམ་པའི་རྡོ་རྗེའི་ གཟུགས་ལ་གཞུག་པར་བྱའོ་ཞེས་སྦྱར་རོ། །སྐྱེ་བོ་དམ་པའི་དོན་མཛད་ཅེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཅན་ཐོབ་པར་འདོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ནོར་བུ་སྔོན་པོའི་འོད་འདྲ་ཡང་དག་འབར། །ཞེས་བྱ་བ་ལ། ནོར་བུ་ ཡང་ཡིན་ལ་སྔོན་པོ་ཡང་ཡིན་པས་ནོར་བུ་སྔོན་པོ་སྟེ། དེའི་འོད་དང་རང་གི་གཟུགས་འདྲ་བར་ཡང་དག་པར་འབར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཡས་དང་གཡོན་པའི་ཞལ་ནི་དཀར་དང་དམར། །ཞེས་བྱ་བ་ནི་ཞལ་གཡས་དཀར་ཞིང་གཡོན་དམར་བའོ། །དམ་པ་དང་ པོ་ལྟ་བུའི་ཕྱག་དང་ལྡན། །ཞེས་བྱ་བ་ནི། དམ་པ་དང་པོ་ནི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེ་དང་འདྲ་བར་ཕྱག་ན་རྡོ་རྗེ་དང་རལ་གྲི་དང་པདྨ་དང་ནོར་བུ་བསྣམས་པ་དང་ལྡན་པའོ། །ཁ་དོག་དཔག་ཏུ་མེད་པའི་འོད་ཚོགས་མངའ། །ཞེས་བྱ་བ་ནི་ཁ་དོག་དཔག་ཏུ་ མེད་པ་སྟེ་མདོག་དུ་མའི་འོད་ཀྱི་ཚོགས་ཀྱི་ཕུང་པོ་གང་ལ་མངའ་བའི་ཐུགས་རྡོ་རྗེ་དེ་ལ་ནི་དེ་སྐད་ཅེས་བྱ་སྟེ། དེ་བློ་དང་ལྡན་པ་སྟེ། ཤེས་རབ་དང་ལྡན་ཞིང་གཞུག་པ་པོའི་འཛིན་པ་སྤངས་པས་ལེགས་པར་བསྡུས་ཤིང་བཀུག་ནས་བདག་ཉིད་ལ་དངོས་པོ་ཐམས་ཅད་ཀྱིས་གཞུག་པར་ བྱ་ཞིང་བསྟིམ་པར་བྱའོ། །སྐུ་རྡོ་རྗེ་བསྐུལ་ལ་ཤར་ཕྱོགས་ཀྱི་པདྨ་དང་ཟླ་བའི་དབུས་སུ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་འཛིན་འདྲ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལྟ་བུ་སྟེ། དེ་དང་འདྲ་བའི་སྐུ་མདོག་དང་ཞལ་གང་ལ་མངའ་བ་དེ་ནི། རྡོ་རྗེ་འཛིན་འདྲའི་སྐུ་མདོག་ཞལ་ གྱིས་མཛེས། །ཞེས་བྱའོ། །དེ་ནི་འཁོར་ལོ་ལ་སོགས་ཕྱག་མཚན་བསྣམས། །ཞེས་བྱ་བ་ནི་འཁོར་ལོ་དང་རལ་གྲི་དང་པདྨ་དང་ནོར་བུ་བསྣམས་པའོ། །དེ་བཞིན་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་ཇི་ལྟར་བསྐུལ་བ་དེ་བཞིན་དུ་ཡང་དག་པར་བསྐུལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རིན་ ཆེན་འབྱུང་ལྡན་བསྐུལ་ལ་འཇམ་པའི་རྡོ་རྗེའི་གཡས་སུ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཞལ་གཞོན་ནུ་འདྲ་ཞེས་བྱ་བ་ལ། གཞོན་ནུ་ནི་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་སྟེ་དེ་དང་འདྲ་བའི་མདངས་ཀྱི་རང་བཞིན་གང་ལ་ཡོད་པ་དེ་ལ་ནི་དེ་སྐད་ཅེས་བྱ་སྟེ། ཞལ་དབུས་མ་སེར་པོ་ལ་གཡས་སྔོ་བ་གཡོན་དཀར་བའོ། །གཞན་ཡང་གཞོན་ནུ་དང་འདྲ་བ་ནི། བཙོ་མའི་གསེར་གྱི་མདངས་དང་འདྲ་བ་ལ། །ཞེས་བྱ་བ་སྟེ་གསེར་ཞུན་མའི་མདངས་དང་འདྲ་ཞིང་དེ་དང་མཚུངས་པའོ། །ཕྱག་དྲུག་མར་གད་རིན་ཆེན་ལ་སོགས་བསྣམས། །ཞེས་བྱ་བ་ལ་མར་ གད་རིན་ཆེན་ནི་ནོར་བུ་ཁ་དོག་ལྗང་གུ་སྟེ། དེ་ལ་སོགས་པ་ནི་རལ་གྲི་དང་། པདྨ་དང་། འཁོར་ལོ་དང་། འཁྱུད་པར་མཛད་པ་གང་ཡིན་པ་དེ་ནི་མར་གད་རིན་ཆེན་ལ་སོགས་བསྣམས་པ་སྟེ། དེ་ལྟ་བུས་མཛད་པའི་ཕྱག་དྲུག་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །འོད་དཔག་ ཏུ་མེད་པ་བསྐུལ་ལ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་ནུབ་ཏུ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། པདྨ་རཱ་ག་ལྟར་དམར་ཞེས་བྱ་བ་གསུངས་ཏེ། ཆུ་སྐྱེས་ལྟར་དམར་བ་ནི་པདྨ་རཱ་གའི་ནོར་བུ་སྟེ། དེ་དང་འདྲ་བར་མདངས་དམར་ཞིང་དམར་བའི་མདོག་ ཅན་ཏེ། པདྨ་རཱ་ག་ལྟར་དམར་བའོ། །ཞལ་གཉིས་དེ་དང་འདྲ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་ཞལ་གཡས་པ་དང་། གཡོན་པ་དེ་གཞོན་ནུའི་ཞལ་དང་འདྲ་བར་སྔོ་བ་དང་དཀར་བར་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འོད་ཟེར་འབར་ཞིང་ཞེས་བྱ་བ་ནི་གཅིག་ཏུ་འབར་བའི་མདངས་དང་ ལྡན་པའི་འོད་ཟེར་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཕྱག་ན་པདྨ་ལ་སོགས་མཚན་བསྣམས་པ། །ཞེས་བྱ་བ་ནི། པདྨ་དམར་པོ་དང་དེ་ལ་སོགས་པ་སྟེ། རལ་གྲི་དང་འཁོར་ལོ་དང་རིན་པོ་ཆེ་བསྣམས་པའི་ཕྱག་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །དོན་ཡོད་པར་གྲུབ་པ་ བསྐུལ་ལ་བྱང་དུ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །རིན་ཆེན་མར་གད་ལྟ་བུའི་མདོག་ལྡན་ཞིང་། །ཞེས་བྱ་བ་ནི་ནོར་བུ་ལྗང་གུ་དང་མདོག་འདྲ་བའོ། །སྔ་མ་ལྟ་བུའི་ཞལ་སོགས་ཕུན་ཚོགས་མངའ། །ཞེས་བྱ་བ་ནི་གཡས་དང་གཡོན་སྔོ་བ་དང་དཀར་བ་དང་རྒྱན་ལ་སོགས་པ་གཞན་ དག་སྔ་མ་བཞིན་དུ་བལྟ་བར་བྱ་སྟེ། དེ་ལྟ་བུའི་ཞལ་ལ་སོགས་པ་ཕུན་སུམ་ཚོགས་པ་མངའ་ཞིང་ལྡན་པ་སྟེ། སྔར་བཤད་པའི་དེ་བཞིན་གཤེགས་པ་དང་འདྲ་བའོ། །རལ་གྲི་ལ་སོགས་ཞེས་བྱ་བ་ནི། འཁོར་ལོ་དང་རལ་གྲི་དང་པདྨ་དང་རིན་པོ་ཆེ་རྣམས་དང་ལྡན་པའོ། །དེ་ཡང་ཁྱད་པར་ ཇི་ལྟ་བུ་ཞེ་ན། རལ་པ་ཅོད་པན་མཛེས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རལ་པ་དང་ཅོད་པན་ནི་རལ་པ་དང་ཅོད་པན་ནོ། །མཛེས་པ་ནི་མདངས་དང་ལྡན་པ་སྟེ། གང་གི་རལ་པ་དང་ཅོད་པན་མཛེས་པ་དེ་ནི་རལ་པ་ཅོད་པན་མཛེས་དང་ཞེས་བྱའོ། །སྣ་ཚོགས་པ་ཡང་ཡིན་ལ་རིན་པོ་ ཆེའི་མཆོག་ཀྱང་ཡིན་པས་སྣ་ཚོགས་པའི་རིན་ཆེན་མཆོག་སྟེ། དེ་རྣམས་ཀྱི་འོད་ཟེར་དེས་འབར་བའི་རྒྱན་དང་བཅས་པ་གང་ཡིན་པ་དེ་ནི་སྣ་ཚོགས་པའི་རིན་ཆེན་མཆོག་གི་འོད་ཟེར་འབར་བས་བརྒྱན་ཞེས་བྱའོ། །རིག་པའི་མགོན་དང་རབ་ཏུ་བཅས་པའི་སྐུ། །ཞེས་བྱ་བ་ལ་རིག་པའི་ མགོན་དང་བཅས་པའི་སྐུ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐམས་ཅད་ཀྱང་ཚུལ་འདི་ལྟར་བསམ་པའོ། །སྔར་སྐུ་རྡོ་རྗེ་ཉིད་ཀྱི་གདན་གྱི་མཆོག་ཟླ་བའི་དཀྱིལ་འཁོར་གྱི་མཚན་ཉིད་ཅན་ཡིན་པར་ནི་གསུངས་ཀྱི་གཞན་དག་ནི་མ་བཤད་པས་དེ་བཤད་པའི་ཕྱིར་རོ། །ཐམས་ ཅད་ཉི་མའི་དཀྱིལ་འཁོར་དག་ལ་བསམ། །ཞེས་བྱ་བ་གསུངས་ཏེ། འོག་མ་གསུམ་ཆར་ཉི་མའི་དཀྱིལ་འཁོར་ལ་བཞུགས་པར་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །མོ་ཧ་ར་ཏི་ཞེས་བྱ་བས་ལྷ་མོ་སངས་རྒྱས་སྤྱན་བསྐུལ་ལ། མེའི་ཕྱོགས་སུ་བསམ་ཞིང་བསྒོམ་པར་བྱའོ་ཞེས་ བྱ་བར་སྦྱར་རོ། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ལ་གནས་པ། །ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་རྒྱས་པ་ལ་བཞུགས་པའོ། །མཆོག་ཏུ་སྒེག་ཅིང་སྐུ་ཡི་རྡོ་རྗེ་འདྲ། །ཞེས་བྱ་བ་ལ། མཆོག་ཏུ་ཕུལ་དུ་བྱུང་བའི་སྒེག་ཅིང་མཛེས་ལ་སྐུ་རྡོ་རྗེ་འདྲ་བ་སྟེ། རྣམ་པར་སྣང་མཛད་དང་ ཚུལ་མཐུན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དྭེ་ཥ་ར་ཏི་ཞེས་བྱ་བས་ལྷ་མོ་མཱ་མ་ཀཱི་བསྐུལ་ལ། བདེན་བྲལ་གྱི་མཚམས་སུ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། དགའ་ཆེན་མཆོག་འདོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དགའ་ ཆེན་ནི་མཆོག་ཏུ་དགའ་བའི་བདེ་བ་སྟེ། དེ་ལ་མཆོག་ཏུ་འདོད་ཅིང་མངོན་པར་སྦྱོར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞལ་མཛེས་ཕྱག་རྣམས་ཐུགས་ཀྱི་གཙོ་བོ་འདྲ། །ཞེས་བྱ་བ་ནི་ཐུགས་ཀྱི་གཙོ་བོ་ནི་མི་བསྐྱོད་པ་ཡིན་ལ། དེ་དང་འདྲ་བའི་ཞལ་དང་ ཕྱག་མཛེས་པ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །རཱ་ག་ར་ཏི་ཞེས་བྱ་བས་གོས་དཀར་མོ་བསྐུལ་ལ། རླུང་གི་ཕྱོགས་སུ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཡོན་ཏན་རིན་ཆེན་མཐའ་ཡས་ཞེས་བྱ་བ་ནི། གང་གི་ཡོན་ཏན་མཐའ་ཡས་པ་ཉིད་རིན་པོ་ཆེ་ཡིན་པ་དེ་ལ་དེ་སྐད་ ཅེས་བྱའོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། དྲི་མེད་སྐུ་ནི་གསུང་གི་དབང་ཕྱུག་འདྲ། །ཞེས་བྱ་བ་གསུངས་ཏེ། གསུང་གི་དབང་ཕྱུག་ནི་འོད་དཔག་ཏུ་མེད་པ་སྟེ། དེ་དང་འདྲ་བར་དྲི་མ་མེད་པའི་སྐུ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྐུ་མདོག་ལ་སོགས་པ་ཐམས་ཅད་ དེ་དང་འདྲ་ཞེས་བྱ་བའི་དོན་ཏོ། །བཛྲ་ར་ཏི་ཞེས་བྱ་བས་སྒྲོལ་མ་བསྐུལ་ལ་དབང་ལྡན་གྱི་ཕྱོགས་སུ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དྲི་མེད་ཅེས་བྱ་བ་ལ་སོགས་པ་ལ་དྲི་མ་མེད་པ་ཡང་ཡིན་ལ། རིན་པོ་ཆེ་ཡང་ཡིན་པས་ན་དྲི་མེད་རིན་ཆེན་ཏེ། དེ་རྣམས་ཀྱི་འོད་ནི་དྲི་མེད་ རིན་ཆེན་འོད་ཅེས་བྱའོ། །དེའི་ཕྲེང་བ་ནི་ཕྲེང་དུ་གནས་པ་སྟེ། དེས་ཕྱོགས་ཀྱི་ཚོགས་ཞེས་བྱ་བ་ཕྱོགས་ཐམས་ཅད་ཁེབས་ཤིང་གཡོགས་པར་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རིན་ཆེན་དབང་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་དང་གཟུགས་དང་སྐུ་ མདོག་འདྲ་བའི་ཕྱིར་རིན་ཆེན་དབང་འདྲ་ཞེས་བྱའོ། །འདི་རྣམས་ཀྱི་ཕྱག་མཚན་བསྟན་པའི་ཕྱིར། ལྷ་མོ་འདི་རྣམས་ངེས་པའི་མཚན་མ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱན་ལ་སོགས་པ་ལྷ་མོ་འདི་རྣམས་ཀྱི་ཕྱག་མཚན་ནི་འཁོར་ལོ་བཟང་པོ་དང་། ཨུཏྤལ་དམར་པོ་དང་ པདྨ་དང་ཨུཏྤལ་སེར་པོ་དག་རིམ་པ་ཇི་ལྟ་བ་བཞིན་དུ་ངེས་པར་སྦྱར་རོ། །ལྷག་མ་རྣམས་ནི་བདག་པོ་ཇི་བཞིན་འདོད། །ཅེས་བྱ་བ་ལ་འདིར་ནི་མན་ངག་གི་དོན་ནི་སྤྱན་གྱི་ཕྱག་མཚན་ལྷག་མ་ནི་རལ་གྲི་དང་པདྨ་དང་རིན་པོ་ཆེའོ། །མཱ་མ་ཀཱི་ཡང་དེ་དང་འདྲའོ། །གོས་དཀར་མོའི་ རལ་གྲི་དང་འཁོར་ལོ་དང་རིན་པོ་ཆེའོ། །སྒྲོལ་མའི་རལ་གྲི་དང་པདྨ་དང་རིན་པོ་ཆེའོ། །དེ་ཉིད་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས། ཨོཾ་ཨཱཿཧཱུཾ་ཞེས་བྱ་བས་དབྱུང་བར་བལྟ་བར་བྱའོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། སྐུ་ལ་སོགས་པ་འདྲ་ བར་ཞེས་བྱ་བ་གསུངས་ཏེ། སྐུ་ནི་སྐུ་རྡོ་རྗེའོ། །སོགས་པ་ནི་ཐུགས་རྡོ་རྗེ་ལ་སོགས་པ་སྟེ། དེ་དང་འདྲ་ཞིང་མཚུངས་པའོ། །དེ་ཡང་གཟུགས་རྡོ་རྗེ་ནི་སྐུ་རྡོ་རྗེ་ལྟ་བུ་ལ་ཕྱག་མཚན་གྱི་གཙོ་བོ་ནི་མེ་ལོང་། ལྷག་མ་རལ་གྲི་དང་པདྨ་དང་རིན་པོ་ཆེ་བསྣམས་པའོ། །སྒྲ་རྡོ་རྗེ་ནི་ཐུགས་ རྡོ་རྗེ་དང་འདྲ་བ་ལ། འདིའི་ཕྱག་མཚན་གཙོ་བོ་ནི་པི་ཝང་སྟེ། ལྷག་མ་ནི་རལ་གྲི་དང་པདྨ་དང་རིན་པོ་ཆེའོ། །དྲི་རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་ལྟ་བུ་ལ་ཕྱག་མཚན་གྱི་གཙོ་བོ་ནི་དྲིས་བཀང་བའི་དུང་ཕོར། ལྷག་མ་ནི་རལ་གྲི་དང་པདྨ་དང་རིན་པོ་ཆེའོ། །རོ་རྡོ་རྗེ་ནི་གསུང་རྡོ་རྗེ་ལྟ་བུ་ལ་ འདིའི་ཕྱག་མཚན་གྱི་གཙོ་བོ་ནི་པདྨའི་སྣོད་རོ་ཞིམ་པོའི་ཁ་ཟས་ཀྱིས་བཀང་ལ། ལྷག་མ་ནི་རལ་གྲི་དང་པདྨ་དང་རིན་པོ་ཆེའོ། །རེག་རྡོ་རྗེ་ནི་དོན་ཡོད་པར་གྲུབ་པ་ལྟ་བུ་ལ་འདིའི་ཕྱག་མཚན་གཙོ་བོ་ནི་ལྷའི་གོས་སོ། །ལྷག་མ་ནི་རལ་གྲི་དང་པདྨ་དང་རིན་པོ་ཆེའོ། །ཆོས་ཀྱི་ དབྱིངས་ཀྱི་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་ལྟ་བུ་ལ། འདིའི་ཕྱག་མཚན་གྱི་གཙོ་བོ་ནི་ཆོས་འབྱུང་བའི་ཕྱག་རྒྱ། ལྷག་མ་ནི་རལ་གྲི་དང་པདྨ་དང་རིན་པོ་ཆེའོ། །དཀྱིལ་འཁོར་གྱི་ནི་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་རྡོ་རྗེ་ལ་སོགས་པ་དེ་དག་ནི་དཀྱིལ་འཁོར་གྱི་མེ་ལ་སོགས་པའི་ མཚམས་བཞི་དང་རྩ་བའི་སྒོ་སྟེ། ཤར་སྒོའི་ངོས་གཉིས་སུ་བསམ་པར་བྱའོ། །ཡ་མཱནྟ་ཀྲྀཏ་ཅེས་བྱ་བས། གཤིན་རྗེ་གཤེད་ཅེས་བྱ་བ་ནི་ཉི་མའི་བུ་མཐར་བྱེད་པ་སྟེ། གཤིན་རྗེའི་དགྲ་དེ་བསྐུལ་ལ་ཉི་མའི་གདན་ལ་ཤར་གྱི་སྒོར་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། ། ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། མཐའ་ཡས་འཇིགས་འོད་ཕྱོགས་ཀུན་ཁྱབ་དང་ལྡན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐའ་ཡས་ཤིང་ཚད་མེད་ལ་འཇིགས་ཤིང་སྐྲག་ཏུ་རུང་བའི་འོད་ཀྱིས་ཕྱོགས་ཐམས་ཅད་ཁྱབ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དུས་ མཐའི་མི་བཟད་སྤྲིན་གྱི་དཀྱིལ་འཁོར་མདོག །ཅེས་བྱ་བ་ལ། དུས་མཐའ་ནི་འཇིགས་པའི་དུས་སོ། །མི་བཟད་སྤྲིན་ནི་ཆར་སྤྲིན་ནག་པོ་སྟེ། དེའི་དཀྱིལ་འཁོར་ནི་ཕུང་པོའི་ཚོགས་ཏེ། དེ་དང་འདྲ་བའི་མདོག་གི་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། ། ཐུགས་ཀྱི་རྒྱལ་པོ་དག་དང་སྐུ་མཚུངས་པ། །ཞེས་བྱ་བ་ལ། ཐུགས་ཀྱི་རྒྱལ་པོ་ནི་མི་བསྐྱོད་པ་སྟེ། དེ་དང་མཚུངས་ཤིང་འདྲ་བ་དེ་ལ་དེ་སྐད་ཅེས་བྱའོ། །དྲག་པོའི་རིགས་འོད་དཔག་མེད་རྣམ་འཕྲོ་བས། །ཞེས་བྱ་བ་ལ། དྲག་པོའི་རིགས་ཀྱང་ཡིན་ལ། འོད་དཔག་ཏུ་མེད་པ་ རྣམ་པར་འཕྲོ་བ་ཡང་ཡིན་པས་དེ་སྐད་ཅེས་བྱ་སྟེ། དྲག་པོའི་ཚོགས་དེ་རྣམས་ཀྱི་འོད་ཟེར་དཔག་ཏུ་མེད་པས་གཟུགས་མཚན་པ་ཞེས་བྱ་བའི་དོན་ཏོ། །གཤིན་རྗེ་མཐར་བྱེད་འབྱིན་ཞེས་བྱ་བ་ནི་གཤིན་རྗེ་འཇོམས་པའོ། །གདུག་པའི་སྦྲུལ་གྱིས་ཡན་ལག་རྣམ་བརྒྱན་པ། ། ཞེས་བྱ་བ་ལ། ཤིན་ཏུ་གདུག་པའི་སྦྲུལ་ནི་ལྕེ་རྣམ་པར་བསྐྱོད་པ་དང་ལྡན་ཞིང་གདེངས་ཀ་རྣམ་པར་གཡོ་བ་སྟེ། དེས་ལུས་ཀྱི་ཡན་ལག་རྣམ་པར་བརྒྱན་པ་ནི་དཔུང་རྒྱན་དང་གདུ་བུ་ལ་སོགས་པར་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །པྲཛྙཱནྟ་ཀྲྀཏ་ཅེས་པས་ ཁྲོ་བོ་གཞན་གྱིས་མི་ཐུབ་པ་བསྐུལ་ལྷོ་ཕྱོགས་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་ལ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །བླ་མེད་འོད་ཅེས་བྱ་བ་ནི་འགྲོ་བ་མ་ལུས་པའི་མི་ཤེས་པ་སེལ་བར་བྱེད་པའི་འོད་བླ་ན་མེད་པ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །དྲག་ཅིང་ ཞེས་བྱ་བ་ནི་ཀུན་གྱི་མངོན་སུམ་དུ་རབ་ཏུ་གཏུམ་པར་སྣང་བའོ། །ཕྱག་སོགས་སྐུ་ཡི་རྡོ་རྗེ་འདྲ། །ཞེས་པ་ལ། སྐུའི་རྡོ་རྗེ་ནི་རྣམ་པར་སྣང་མཛད་དེ་ལ་ཞལ་དང་ཕྱག་དང་། སྐུ་མདོག་ལ་སོགས་པ་དེ་དང་འདྲ་བའོ། །གཞན་གྱིས་མི་ཐུབ་ཅེས་བྱ་བ་ནི་ཉོན་མོངས་པ་ལ་ སོགས་པའི་བདུད་གཞན་རྣམས་ཀྱིས་མི་ཐུབ་པའོ། །པདྨཱནྟ་ཀྲྀཏ་ཅེས་བྱ་བས་ཁྲོ་བོ་རྟ་མགྲིན་བསྐུལ་ལ། ནུབ་ཕྱོགས་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་ལ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཕྱོགས་ཀྱི་འཁོར་ལོ་འོད་ཀྱིས་མངོན་པར་ཁེབས་བྱེད་པ། །ཞེས་བྱ་བ་ལ། ཕྱོགས་ཀྱི་འཁོར་ལོ་ཞེས་པ་ཕྱོགས་ཀྱི་ཚོགས་ཐམས་ཅད་འོད་ཟེར་རྣམས་ཀྱིས་ཁྱབ་པར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འོད་མདངས་འཇིགས་དུས་མེ་འདྲ་འཇིགས་པར་ལྡན། །ཞེས་བྱ་བ་ལ་འོད་ཟེར་གྱི་ཚོགས་འཇིགས་པའི་དུས་ཀྱི་མེ་དང་འདྲ་བར་ཤིན་ཏུ་ འཇིགས་སྐྲག་པར་བྱེད་པ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཕྱག་ལ་སོགས་པ་གསུང་གི་རྡོ་རྗེ་འདྲ། །ཞེས་བྱ་བ་ནི་ཕྱག་དང་ཞལ་དང་སྐུ་མདོག་འོད་དཔག་ཏུ་མེད་པ་དང་འདྲ་ཞེས་བྱ་བའི་དོན་ཏོ། །གདུག་པ་དུ་མ་རྣམ་གནོན་འཇིགས་པའི་ཞལ། །ཞེས་བྱ་བ་ལ། གང་གིས་ གདུག་པ་དུ་མ་རྣམ་པར་གནོན་པར་མཛད་ཅིང་ཤིན་ཏུ་ཞལ་འཇིགས་སུ་རུང་བ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཐུབ་དབང་ཧ་ཧ་ཞེས་ནི་བཞད་པ་ཡིས། །རི་བོར་བཅས་པ་བསྒྱེལ་བས་སྐྲག་མཛད་པ། །ཞེས་བྱ་བ་ལ་ཧ་ཧ་ཞེས་བཞད་པ་སྟེ། གསང་མཐོ་ཞིང་དགོད་ ཅིང་གང་གིས་རི་བོ་རྣམས་སྒྱེལ་བར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བིགྷྣཱནྟ་ཀྲྀཏ་ཅེས་བྱ་བས་ཁྲོ་བོ་བདུད་རྩི་འཁྱིལ་པ་བསྐུལ་ལ་བྱང་ཕྱོགས་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་ལ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དཔའ་བོ་ཞེས་བྱ་བ་ནི་བགེགས་མ་ལུས་པ་རྣམ་ པར་འཇིག་པར་མཛད་པའོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། དུས་མཐའི་མེ་ལྟར་དྲག་པ་ཞེས་བྱ་བ་གསུངས་ཏེ། ཟད་པའི་དུས་ཀྱི་མེ་སྟེ་བྱིན་ཟ་ཤིན་ཏུ་དྲག་པ་ཡིན་པ་དང་འདྲ་བར་རབ་ཏུ་གཏུམ་ཞིང་དྲག་པའོ། །འཕགས་པ་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ ལས་རིང་དུ་གྱུར་པའོ། །ཞལ་སོགས་མི་བསྐྱོད་དང་མཚུངས་པ། །ཞེས་བྱ་བ་ནི། ཞལ་དང་ཕྱག་དང་སྐུ་མདོག་མི་བསྐྱོད་པ་དང་འདྲ་བའོ། །དབང་བསྐུར་བའི་དུས་སུ་འདི་དག་གི་ཅོད་པན་ལ་བདག་པོ་བསམ་པར་བྱའོ་ཞེས་བྱ་བ་དེ་བསྟན་པར་བྱ་བའི་ཕྱིར། རྣམ་པར་སྣང་ མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཤིན་རྗེ་གཤེད་པོ་ལ་སོགས་པ་ལ་ཡང་ཟློས་པ་དགག་པར་བྱ་བའི་ཕྱིར་རིམ་བཞིན་ནོ་ཞེས་བྱ་བ་སྟེ། གཤིན་རྗེ་གཤེད་ལ་སོགས་པའི་ཅོད་པན་ལ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། འོད་དཔག་མེད་དང་། མི་བསྐྱོད་པ་ རིམ་བཞིན་དུ་བསམ་པར་བྱའོ། །འདི་རྣམས་ཀྱི་ཕྱག་མཚན་བསྟན་པར་བྱ་བའི་ཕྱིར་ཐོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོ་བ་དང་། དབྱིག་པ་དང་། པདྨ་དང་རྡོ་རྗེ་ནི། ཐོ་བ་དབྱིག་པ་དེ་བཞིན་པདྨ་དང་། །རྡོ་རྗེ་ཞེས་བྱ་སྟེ། དེ་ལ་སོགས་པ་ནི་རལ་གྲི་ལ་སོགས་པ་བསྣམས་ པས་དེ་སྐད་ཅེས་བྱ་སྟེ། འདི་ཡི་ཕྱག་ནི་ཀུན་ལ་བསམ། །ཞེས་བྱ་བ་ནི། སྔར་བཤད་མ་ཐག་པ་དེ་རྣམས་ཕྱག་ཀུན་ན་བསྣམས་པར་བསྒོམ་པར་བྱའོ། །དེ་ལྟར་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལ། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཞེས་བྱ་བ་ནི་བཤད་མ་ཐག་པའི་རིམ་གྱིས་སོ། ། ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་ཤིང་གྲུབ་པའི་དཀྱིལ་འཁོར་ལ་དངོས་པོ་ཐམས་ཅད་ཀྱིས་བལྟས་ཤིང་བསམས་ནས་སྙིང་པོའི་སྔགས་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་སྙིང་པོ་སྟེ། དེའི་འོད་ཟེར་ཉིད་ལྕགས་ཀྱུ་ཡིན་ལ། དེས་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུ་དྲངས་ཤིང་བཀུག་ནས་དམ་ཚིག་གི་དཀྱིལ་འཁོར་གྱི་མདུན་ན་བཞུགས་པར་བདེ་བར་གཤེགས་པ་རྣམས་བསྒོམ་པར་བྱའོ། །འདིས་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་བཤད་པ་ཡིན་ནོ། །ཤེས་རབ་ཐབས་ཀྱི་རང་བཞིན་དྲི་ མེད་པའི། །ཏིང་འཛིན་ལས་བྱུང་དམ་པའི་བདེས་གང་བར། །འཁོར་ལོ་བསམ་མོ་ཞེས་བྱ་བར་སྦྱར་ཏེ། ཤེས་རབ་ནི་བུད་མེད་ཀྱི་ཚུལ་ལོ། །ཐབས་ནི་སྐྱེས་པ་ལྟ་བུ་སྟེ། །ཤེས་རབ་དང་ཐབས་དག་ནི་ཤེས་རབ་དང་ཐབས་སོ། །ཤེས་རབ་ཐབས་ཀྱི་རང་བཞིན་ནི་ཤེས་རབ་ དང་ཐབས་ཀྱི་ངོ་བོ་ཉིད་དོ། །ཤེས་རབ་དང་ཐབས་ཀྱི་རང་བཞིན་ཡང་ཡིན་ལ་དྲི་མ་མེད་པའི་ཏིང་ངེ་འཛིན་ཡང་ཡིན་པས་ན་ཤེས་རབ་ཐབས་ཀྱི་རང་བཞིན་དྲི་མ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ལས་བྱུང་བའི་དམ་པའི་བདེ་བ་ཡང་དེ་ཉིད་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། དེས་ཀུན་དུ་ གང་བར་འཁོར་ལོ་བསམ་པར་བྱའོ། །གཤིན་རྗེ་མཐར་བྱེད་ནི་གཤིན་རྗེ་གཤེད་དོ། །དེ་ཉིད་དང་པོར་བྱས་པ་གཞན་གྱིས་མི་ཐུབ་པ་ལ་སོགས་པ་གང་ཡིན་པ་དེ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་ཞེས་བྱ་སྟེ། དེ་རྣམས་ཀྱིས་བསྲུང་བར་བྱས་པ་ནི་བསྲུང་བའི་སྦྱོར་བ་བྱས་པའོ། ། རང་གི་སྙིང་པོས་ཞེས་བྱ་བ་ལ་སོགས་པ་ལ་རང་གི་སྙིང་པོས་མངོན་བཟླས་ཞེས་བྱ་བ་ནི་རང་གི་ས་བོན་གྱིས་མངོན་པར་བཟླས་པའོ། །ཙནྡན་བཟང་སོགས་མེ་ཏོག་གིས་མཛེས་དབུལ། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་དེ་ལ་མཆོད་ཡོན་དེ་ལྟ་བུ་དབུལ་བའོ། ། དེའི་འོག་ཏུ་དཀྱིལ་འཁོར་དེ་དང་དམ་ཚིག་གི་དཀྱིལ་འཁོར་གཉིས་གཅིག་ཏུ་བྱས་ལ་རང་དང་འདྲ་བར་མིག་ལ་སོགས་པ་ཀུན་དུ་དགང་ཞིང་། ཐུགས་དང་གསུང་དང་སྐུའི་བདག་ཉིད་དང་འདྲ་བར་བྱིན་གྱིས་བརླབ་ཅིང་རང་ལ་བྱས་པ་ལྟ་བུར་དབང་བསྐུར་བར་བསམས་ ལ་འབད་པས་མངོན་པར་མཆོད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །རང་ལ་བྱས་པ་ལྟ་བུར་དབང་བསྐུར་ཞིང་། །ཞེས་བྱ་བ་ནི་ཇི་ལྟར་བདག་ཉིད། ཕྱོགས་ཚོགས་ཀུན་ན་བཞུགས་པའི་ཐུབ་པའི་ཚོགས། །སྙིང་པོའི་འོད་ཟེར་རྣམས་ཀྱིས་ཡང་དག་བསྐུལ། །ཞེས་བྱ་བ་ལ་ སོགས་པས་དབང་བསྐུར་བ་དེ་བཞིན་དུ་དབང་བསྐུར་བར་བལྟའོ་ཞེས་བྱ་བའི་དོན་ཏོ། །འདིར་མན་ངག་ནི་དབང་བསྐུར་བའི་རྗེས་ཐོགས་ལ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་དབུ་རྒྱན་ལ་ནི་མི་བསྐྱོད་པའོ། །སྤྱན་གྱི་དབུ་རྒྱན་ལ་ནི་རྣམ་པར་སྣང་ མཛད་དོ། །མཱ་མ་ཀཱིའི་དབུ་རྒྱན་ལ་ནི་མི་བསྐྱོད་པའོ། །གོས་དཀར་མོའི་དབུ་རྒྱན་ལ་ནི་འོད་དཔག་ཏུ་མེད་པའོ། །སྒྲོལ་མའི་དབུ་རྒྱན་ལ་ནི་དོན་ཡོད་གྲུབ་པའོ། །གཟུགས་རྡོ་རྗེའི་དབུ་རྒྱན་ལ་ནི་རྣམ་པར་སྣང་མཛད་དོ། །སྒྲ་རྡོ་རྗེའི་དབུ་རྒྱན་ལ་ནི་མི་བསྐྱོད་པའོ། །དྲི་ རྡོ་རྗེའི་དབུ་རྒྱན་ལ་ནི་རིན་ཆེན་འབྱུང་ལྡན་ནོ། །རོ་རྡོ་རྗེའི་དབུ་རྒྱན་ལ་ནི་འོད་དཔག་ཏུ་མེད་པའོ། །རེག་རྡོ་རྗེའི་དབུ་རྒྱན་ལ་ནི་དོན་ཡོད་པ་གྲུབ་པའོ། །ཆོས་ཀྱི་དབྱིངས་རྡོ་རྗེའི་དབུ་རྒྱན་ལ་ནི་མི་བསྐྱོད་པའོ། །གཤིན་རྗེ་གཤེད་ལ་སོགས་པ་ལ་ནི་སྔར་བཤད་པའི་བདག་པོ་རྣམས་ སོ། །འདིར་ཡང་བསྙེན་པ་ལ་སོགས་པ་བརྗོད་པར་བྱ་དགོས་ཏེ། དཀྱིལ་འཁོར་ཡོངས་སུ་རྫོགས་པ་ནི་བསྙེན་པའོ། །མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་ཉེ་བར་བསྒྲུབ་པའོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི་སྒྲུབ་པའོ། །དབང་བསྐུར་བ་ནི་སྒྲུབ་པ་ཆེན་པོའོ། ། དེ་རྣམས་ཀྱི་འབྲས་བུ་ནི་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པ་དང་སྐྱེས་བུ་བྱེད་པ་དང་། དབང་གི་འབྲས་བུ་ཆེན་པོ་ཡིན་པར་ཤེས་པར་བྱའོ། །ཆོ་ག་ཡི་ནི་ཞེས་བྱ་བ་འོག་ནས་བཤད་པའི་རིམ་པ་སྟེ། དེས་མངོན་པར་མཆོད་པར་བྱ་ཞིང་རྗེད་པར་བྱའོ། ། ད་ནི་པད་ནང་ཞེས་བྱ་བ་ལ་སོགས་པས་ཆོ་ག་དེ་ཉིད་སྟོན་པ་སྟེ། རང་གི་ས་བོན་འོད་རྣམས་ཀྱིས། །ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་རྣམས་ཀྱིས་གཟུགས་ལ་སོགས་པས་ཐམས་ཅད་དྲངས་ནས་རང་གི་ལུས་ལ་བཅུག་སྟེ། རྡོ་རྗེའི་ལམ་ ནས་བྱུང་བ་དང་། །ཡང་དག་པའི་བྱང་ཆུབ་ཀྱི་ངོ་བོས་འོད་ཟེར་གྱི་དཀྱིལ་འཁོར་རང་གི་སོ་སོར་སྣང་བའི་པདྨའི་ནང་དུ་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། ཡང་དག་བྱང་ཆུབ་ཡིད་ཀྱིས་ཞེས་བྱ་བ་ལ། བྱང་ཆུབ་ཡིད་ཅེས་བྱ་བ་བྱང་ཆུབ་སེམས་ཀྱི་འོད་ཀྱི་དཀྱིལ་འཁོར་ ཞེས་པ་འོད་ཟེར་གྱི་ཚོགས་གང་དག་ཡིན་པ་དེ་ནི། ཡང་དག་བྱང་ཆུབ་ཡིད་ཀྱི་ངོ་བོ་ཡིས། །འོད་ཀྱི་དཀྱིལ་འཁོར་དག་ཏུ་ཞེས་བྱ་སྟེ། དེའི་ངོ་བོར་གཟུགས་ལ་སོགས་པ་པདྨའི་ནང་དུ་བསྒོམ་པར་བྱའོ། །ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ་ཤེས་རབ་ནི་རང་གི་སོ་སོར་ སྣང་བའི་རིག་པ་སྟེ། དེའི་བ་སྤུའི་བུ་ག་རེ་རེ་ནི་ཤེས་རབ་བ་སྤུ་རེ་རེ་སྟེ། དེ་རྣམས་ལས་བྱུང་བ་གང་ཡིན་པ་དེ་ཤེས་རབ་བ་སྤུ་རེ་རེ་ལས་བྱུང་བའོ། །འོད་ཟེར་ཡང་ཡིན་ལ་རྣམ་པ་སྣ་ཚོགས་པ་ཡང་ཡིན་པས་ན་འོད་ཟེར་རྣམ་པ་སྣ་ཚོགས་པའོ། །དེ་རྣམས་ཀྱི་རྒྱ་ཆེ་བ་ནི་ཀུན་དུ་ཁྱབ་ པའོ། །ཚོགས་ནི་བཀོད་པ་རྣམས་ཏེ། དེས་ན། འོད་ཟེར་རྣམ་པ་སྣ་ཚོགས་རྒྱ་ཆེན་ཚོགས། །ཞེས་བྱའོ། །དེ་ལྟར་ན་ཤེས་རབ་ཀྱི་བ་སྤུ་རེ་རེ་ལས་བྱུང་བ་ཡང་ཡིན་ལ་འོད་ཟེར་རྣམ་པ་སྣ་ཚོགས་པ་རྒྱ་ཆེན་པོའི་ཚོགས་ཀྱང་ཡིན་པས་ན་ཤེས་རབ་བ་སྤུ་རེ་རེ་ལས་བྱུང་བའོ། །འོད་ ཟེར་རྣམ་པ་སྣ་ཚོགས་རྒྱ་ཆེན་ཚོགས། །ཞེས་བྱ་བ་སྟེ། དེ་རབ་ཏུ་སྤྲོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། མ་ལུས་ནམ་མཁའི་གཏོས་ནི་ཀུན་དུ་ཁྱབ། །ཅེས་བྱ་སྟེ། གང་གིས་མ་ལུས་པའི་ནམ་མཁའི་གཏོས་ཏེ། ངེས་པར་ཁྱབ་པར་གྱུར་པ་དེ་ ལ་དེ་སྐད་ཅེས་བྱའོ། །ཀུན་དུ་ཞེས་བྱ་བ་ནི་ཐམས་ཅད་དུའོ། །དེ་ལས་ཞེས་བྱ་བ་ནི་འོག་ནས་བཤད་པའི་རིམ་པས་སོ། །བློ་དང་ལྡན་པས་རབ་ཏུ་སྤྲོ། །ཞེས་བྱ་བ་ནི་ཡིད་ཀྱིས་འདོན་ཞིང་སྤྲོ་བར་བྱ་བའོ། །འོད་ཀྱི་སྒོ་ལས་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ལ་སོགས་པའི་ལྷ་མོ་ རྣམས་ཀྱིས་རྒྱལ་བའི་དབང་པོ་རྣམས་ལེགས་པར་མཆོད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་བུས་ཤེ་ན། འོད་ཀྱི་སྒོ་ལས་ངེས་པར་བྱུང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་ཀྱི་བ་སྤུ་རེ་རེ་ལས་བྱུང་བའི་འོད་ཟེར་གྱི་སྒོ་རྣམས་ངེས་པར་བྱུང་བ་ཡིན་པས་ན་འོད་ཀྱི་སྒོ་ ལས་ངེས་པར་བྱུང་བའོ། །དྲི་མ་མེད་པ་ཡང་ཡིན་ལ་རྒྱན་ཀུན་ཡང་ཡིན་པས་ན་དྲི་མེད་རྒྱན་ཀུན་ཏེ། དེས་ཡན་ལག་ལེགས་པར་བརྒྱན་པར་གྱུར་པ་གང་ཡིན་པ་དེ་ནི། ཡན་ལག་དྲི་མེད་རྒྱན་ཀུན་གྱིས་ལེགས་བརྒྱན། །ཞེས་བྱ་སྟེ་དེ་རྣམས་ཀྱིས་སོ། །ཡང་དེ་རྣམས་ཀྱི་ཁྱད་ པར་བསྟན་པའི་ཕྱིར་མེ་ལོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ལོང་དང་། པི་ཝང་དང་། དྲིའི་དུང་ཆོས་དང་། རོའི་སྣོད་དང་། གོས་དང་ཆོས་ཏེ་དེ་ལ་སོགས་པ་མཚན་མ་རྣམས་ཀྱིས་རིམ་གྱིས་ཏེ། གོ་རིམས་ཇི་ལྟ་བ་བཞིན་དུ་རང་ཉིད་རྣམ་པར་སྒེག་པ་དང་བཅས་ ཤིང་མཛེས་ལ་རོལ་ཅིང་འཇེམ་པ་དང་བཅས་པའི་ལག་པ་འོད་ཅན་དམ་པ་རྣམས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་རྣམས་ཀྱིས་སོ། །ཡང་འདི་རྣམས་ཀྱི་ཁྱད་པར་བསྟན་པའི་ཕྱིར་འོད་ཀྱི་སྣང་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོད་ཀྱང་ཡིན་ལ་སྣང་བ་ ཡང་ཡིན་པས་ན་འོད་ཀྱི་སྣང་བ་སྟེ། དེས་སྤྲུལ་པ་ནི་སྣ་ཚོགས་པའི་མཆོད་པ་སྟེ་གཟུགས་ལ་སོགས་པའི་མཆོད་པའོ། །སྤྲིན་གྱི་དྲ་བ་ནི་མཆོད་པ་དེ་རྣམས་ཀྱི་སྤྲིན་གྱི་དྲ་བ་སྟེ། དེས་ཁྱབ་པས་ན་འདི་སྐད་ཅེས་བྱ་སྟེ། དེ་རྣམས་ཀྱིས་སོ། །གཞན་ཡང་ཁྱད་པར་ཇི་ལྟ་བུ་ ཞེ་ན། དངོས་རྣམས་སྒྱུ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་རྣམས་སྒྱུ་མ་ཞེས་བྱ་བ་ལ་སོགས་པ་ལ་མིག་ཡོར་ཙམ་དུ་སོ་སོར་སྣང་བ་ཙམ་དུ་ཟད་པས་ན་སྒྱུ་མ་དང་མཚུངས་པ་གང་ཡིན་པ་དེ་ནི་དངོས་རྣམས་སྒྱུ་མ་སྟེ། དེ་ལ་སོགས་པ་ནི་དངོས་པོ་སྒྱུ་མ་ལྟ་བུ་ལ་སོགས་པར་དེ་རྣམས་གྱུར་པ་ཡིན་ ནོ། །དེ་རྣམས་སོ་སོ་ཡང་དག་པར་རིག་པ་ནི་ཤེས་རབ་ཀྱི་སྣང་བའི་ལྟ་བ་དང་ལྡན་པས་འགྲོ་བ་དགའ་བར་བྱ་བའི་ཕྱིར་གར་དང་གླུ་ལ་སོགས་པ་ཡོངས་སུ་ཤེས་པའོ། །དེ་ལྟར་ན་དངོས་པོ་རྣམས་སྒྱུ་མ་ལ་སོགས་པ་དང་སོ་སོ་ཡང་དག་པར་རིག་པ་ལ་མཁས་ ཤིང་བྱང་ལ་དེ་ཉིད་ཤེས་པ་ཞེས་བྱ་བའི་བར་དུ་སྟེ་དེ་ཡིས་སོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། རྟོག་པ་མ་ལུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང་། །ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་ཅན་གྱི་རྟོག་པ་མ་ལུས་པ་ཐམས་ཅད་ ལས་ངེས་པར་གྲོལ་ཞིང་སྤངས་པ་སྟེ་དེ་ལ་དེ་སྐད་ཅེས་བྱའོ། །མཆོག་ཏུ་བདེ་བ་ནི་མཆོག་ཏུ་དགའ་བའི་བདེ་བའོ། །དེ་བསྐྱེད་པའི་རྒྱུར་གྱུར་པ་ནི་དེ་བསྐྱེད་པའི་མཚན་མར་གྱུར་པ་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། དེ་ལྟ་བུའི་གཟུགས་ལ་སོགས་པའི་ལྷ་མོ་རྣམས་སོ། །དེ་ བཞིན་ཕྱིའི་དྲི་སོགས་ཐམས་ཅད་ཀྱིས། །རྒྱལ་བའི་དབང་པོ་རྣམས་ནི་ལེགས་མཆོད་ཅིང་། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པའོ། །ཐ་དད་རྣམ་པར་རྟོག་ལས་རྣམ་པར་གྲོལ། །ཞེས་བྱ་བ་ནི་མཆོད་པར་བྱ་བ་དང་། མཆོད་པ་དང་མཆོད་པ་པོའི་རྣམ་པར་རྟོག་ པ་དང་བྲལ་བའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་མཆོད་པ་བྱིན་གྱིས་རློབ་པའི་སྔགས་བཤད་པ་ཡིན་ནོ། །ད་ནི་སྒྲའི་ཞེས་བྱ་བ་ལ་སོགས་པས་བསྟོད་པ་སྟོན་ཏེ། དེའི་རྗེས་ལ་ཞེས་བྱ་བ་ལ་མཆོད་པའི་རྗེས་ལ་རང་གི་ཡིད་ལྷག་པའི་ལྷ་རུ་གནས་པ་ལ་ཆོས་རྣམས་བསྟོད་ པའི་སྒྲ་ནི་བྱེད་པར་བསམ་མོ་ཞེས་བྱ་བར་སྦྱར་རོ། །དེ་ལ་སྒྲའི་ཡུལ་རྣམས་མ་ལུས་པ་ཐམས་ཅད་ལ་བསྟོད་པའི་མཚན་ཉིད་ཅན་གྱི་སྒྲའི་ཚིག་ཏུ་ངེས་པར་བརྟགས་ཤིང་བསྒོམས་ལ་རང་ཡིད་ལྷག་པའི་ལྷ་རུ་གནས་པ་ཞེས་བྱ་བ་ལའང་ཕྱི་རོལ་གྱི་ལྷའི་གཟུགས་མེད་ཀྱི། རང་གི་ ཡིད་ཉིད་ལྷག་པའི་ལྷ་ཡིན་ཏེ། གཙོ་བོའི་ལྷ་རང་གི་ཡིད་ཉིད་ཡིན་ལ། དེ་ལ་ཆོས་རྣམས་བསྟོད་པ་དེའི་སྒྲ་སྒྲོགས་པར་གྱུར་པའོ་ཞེས། འོག་ནས་བཤད་པའི་རིམ་གྱིས་བསྒོམ་པར་བྱའོ། །ཆོས་ཐམས་ཅད་བསྟོད་པ་བྱེད་པའི་སྒྲ་གང་གིས་བསྟོད་པ་བྱེད་པ་དེ་བསྟན་པར་ བྱ་བའི་ཕྱིར། མི་བསྐྱོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདུད་དང་ཉོན་མོངས་པ་ལ་སོགས་པ་རྣམས་ཀྱིས་དཀྲུག་པར་མི་ནུས་པས་ན་མི་བསྐྱོད་པའོ། །དེ་ཉིད་ནི་མི་ཕྱེད་པ་ཡིན་པས་ན་རྡོ་རྗེའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་ཆེན་པོ་མངའ་བས་ ན་ཡེ་ཤེས་ཆེན་པོའོ། །དེ་ལ་བོད་པ་ནི་རྡོ་རྗེ་དབྱིངས་ནི་ཞེས་བྱ་བ་སྟེ། མི་ཕྱེད་པའི་རིགས་མངའ་བའོ། །མཁས་པ་ཆེན་པོ་ཞེས་བྱ་བ་ནི་མཁྱེན་པ་ཆེན་པོ་དང་ལྡན་པའོ། །སྐུ་དང་གསུང་དང་ཐུགས་ཏེ་རྡོ་རྗེ་གསུམ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ན་རྡོ་རྗེ་གསུམ་མཆོག་གོ། །དཀྱིལ་འཁོར་གསུམ་ནི་ དཀྱིལ་འཁོར་གསུམ་གཅིག་ཏུ་བསྡུས་པ་ལ་དཀྱིལ་འཁོར་གསུམ་ཞེས་བྱ་སྟེ། དེ་ནི་དེ་ཁོ་ན་ཉིད་དོ། །དེ་ཉིད་གཅིག་ཏུ་བསྡུས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཆོས་སྟོན་པར་མཛད་པས་ན། རྡོ་རྗེ་དབྱིངས་ལ་ཕྱག་འཚལ་ལོ། །ཞེས་བྱའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ལ་ སོགས་པ་རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་གསལ་ཞིང་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དོ། །དེ་ཉིད་ནི་དག་པ་ཆེ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཞི་བ་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཞི་བའི་ལས་ལ་མངའ་ བརྙེས་པའོ། །དགའ་བ་ཆེ་ཞེས་བྱ་བ་ནི། དགའ་བ་ཆེན་པོ་ཞེས་བྱ་བ་མཆོག་ཏུ་དགའ་བའི་བདེ་བའི་ངོ་བོ་ཆེན་པོ་མངའ་བས་ན་དགའ་བ་ཆེན་པོ་སྟེ་དེ་ལ་བོད་པའོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མཆོག་དང་གཙོ་བོར་ གྱུར་པ་སྟེ། རང་བཞིན་གྱིས་འོད་གསལ་བ་ཡང་ཡིན་ལ་མཆོག་ཀྱང་ཡིན་ནོ་ཞེས་མཚམས་སྦྱར་བ་སྟེ་དེ་ལ་བོད་པའོ། །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི། ཀྱེ་རང་བཞིན་གྱིས་འོད་གསལ་བའི་ཆོས་རྣམས་སྟོན་པར་མཛད་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ་ཞེས་བོད་པའོ། ། རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ། རིན་ཆེན་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེའོ། །དེ་ཉིད་ནི་འགྲོ་བ་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པས་ན་རྒྱལ་པོ་སྟེ་དེ་ལ་བོད་པའོ། །ཤིན་ཏུ་ཟབ་པ་ཡིན་པས་ན་རབ་ཏུ་ཟབ་པའོ། །རྡོ་རྗེ་ནམ་མཁའ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་ དེས་ནམ་མཁའ་བཞིན་དུ་དྲི་མ་མེད་པའོ། །རང་གི་ངོ་བོ་ཉིད་ཀྱིས་རང་བཞིན་གྱིས་དག་པ་ཡིན་པས་ན་རང་བཞིན་དག་པའོ། །ཉོན་མོངས་པ་དང་ལས་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་ཀྱི་གོས་པ་དང་བྲལ་བ་གང་ཡིན་པ་དེ་ནི་གོས་པ་མེད་ཅེས་བྱའོ། །རྡོ་རྗེའི་སྐུ་ལ་ཕྱག་ འཚལ་ལོ། །ཞེས་བྱ་བ་ནི་སྐུ་རྡོ་རྗེའོ། །རྡོ་རྗེ་མི་འཆི་ནི་རྡོ་རྗེ་ཚེ་དཔག་ཏུ་མེད་པའོ། །དེ་ཉིད་ནི་ཁམས་གསུམ་གྱི་བདག་པོའི་འབྱོར་བ་མངའ་བས་ན་རྒྱལ་པོ་ཆེའོ། །གཟུང་བ་དང་འཛིན་པའི་རྟོག་པ་མ་ལུས་པ་དང་བྲལ་བས་ནི་མི་རྟོག་པའོ། །ནམ་མཁའ་རྡོ་རྗེ་ནི་སོ་སོར་རྟོག་པའི་ཡེ་ ཤེས་ཏེ། དེ་འཛིན་པར་མཛད་པས་ན་ནམ་མཁའ་རྡོ་རྗེ་འཛིན་ནོ། །འདོད་ཆགས་ཕ་རོལ་ཕྱིན་པ་ནི་འདོད་ཆགས་རྣམ་པར་དག་པ་སྟེ་དེ་མཉེས་པའོ། །རྡོ་རྗེའི་གསུང་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་ཆོས་སྟོན་པར་མཛད་པས་སོ། །དོན་ཡོད་པ་ནི་འབྲས་བུ་དང་བཅས་པའོ། །དེ་ ཉིད་ནི་མི་ཕྱེད་པས་ན་རྡོ་རྗེ་སྟེ་དེ་ལ་བོད་པའོ། །ཡང་དག་ཅིང་ཕྱིན་ཅི་མ་ལོག་པའི་རྣམ་པས་སངས་རྒྱས་པས་ན་རྫོགས་སངས་རྒྱས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་བསམ་པ་ཐམས་ཅད་རྫོགས་མཛད་པའོ། །དག་པ་ནི་རང་བཞིན་གྱིས་འོད་གསལ་བའི་ ངོ་བོ་སྟེ་དེ་ཉིད་ལས་ཡང་དག་པར་བྱུང་བས་ན་རང་བཞིན་དག་པ་ཉིད་ལས་བྱུང་བའོ། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །འབར་བའི་ཞེས་བྱ་བ་ལ་སོགས་པ་ལ་འབར་བ་ནི་འོད་དང་ལྡན་པ་སྟེ་དེ་ལྟ་ བུའི་ཨོཾ་གྱིས་བྱིན་གྱིས་བརླབས་པའི་རླུང་མེའི་དཀྱིལ་འཁོར་ལ་གནས་པའི་བདུད་རྩི་ལྔའོ། །དེ་ལ་དོན་ནི་འདི་ཡིན་ཏེ། རླུང་དང་མེའི་དཀྱིལ་འཁོར་ལ་པདྨའི་སྣོད་གནས་ཤིང་དེའི་བདུད་རྩི་ལྔ་བཞག་ལ་ཨོཾ་གྱིས་བྱིན་གྱིས་བརླབས་ཏེ། རབ་ཏུ་སྦར་ཞིང་ཀུན་དུ་འབར་བར་བྱས་ལ་ དེ་ནས་ཡི་གེ་གསུམ་མངོན་པར་བཟླས་ཏེ་ཐུབ་པའི་དབང་པོ་ནང་དུ་ཆུད་པར་བསམ་པར་བྱ་བ་དང་། ཡེ་ཤེས་ཉིད་དུ་བདུད་རྩི་སྟེ་ཁམས་གསུམ་པའི་འཆི་བ་ཉེ་བར་ཞི་བའི་ཕྱིར་རོ། །དེ་ལྟར་དེའི་ངོ་བོ་ཉིད་དུ་བསམས་ནས་རང་གི་ལྕེ་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པའི་བདག་ཉིད་ཅན་གྱི་ ལྕེ་བསམས་ལ། བདུད་རྩི་ལྔ་དེའི་སྙིང་གའི་ཟླ་བའི་དབུས་ན་མ་ལུས་པའི་རྒྱལ་བའི་འཁོར་ལོ་ལྟ་བུ་དེས་ཚིམ་པར་བྱ་ཞིང་བལྟ་བར་བྱའོ། །འདི་དག་ནི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །སྙིང་པོའི་ཞེས་བྱ་བ་ལ་སོགས་པ་ལ་སྙིང་པོའི་འོད་ཟེར་དཔག་ཏུ་མེད་པས་སྤྲུལ་པའི་ཐུབ་ པ་རྣམས་ཀྱིས་མི་ཤེས་པ་ཀུན་དུ་ངེས་པར་བསལ་ནས་འགྲོ་བ་མ་ལུས་པ་རྫོགས་པའི་སངས་རྒྱས་སུ་བྱས་ཏེ། རང་གི་སྔགས་ཀྱི་ནང་དུ་ཆུད་པར་བྱས་ལ། གཟུགས་ལ་སོགས་པའི་རྣམ་པ་མི་རྟོག་པ་ཞེས་བྱ་བ་ལ་སོགས་པས་བརྟགས་ནས་རང་གི་སྙིང་གར་དྲི་མ་མེད་པའི་ཟླ་བ་ལ་གནས་ པའི་མཚན་མ་ལ་གནས་པའི་གསང་སྔགས་དམ་པའི་གཟུགས་སུ་རང་གི་ཡིད་འོང་དང་ལྡན་པར་ཡོངས་སུ་བསྒོམ་པར་བྱའོ་ཞེས་སྦྱར་བར་བྱའོ། །སྙིང་པོའི་འོད་ཟེར་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་སྙིང་པོའི་འོད་ཟེར་རྣམས་ཏེ། དེ་དཔག་ཏུ་མེད་པས་སྤྲུལ་པ་ཡང་ཡིན་ ལ་ཐུབ་པའི་དབང་པོ་ཡང་ཡིན་པས་ན་སྙིང་པོའི་འོད་ཟེར་དཔག་མེད་ཀྱིས་སྤྲུལ་པའི་ཐུབ་པས་ཞེས་བྱ་བ་དེ་ལྟར་མཚམས་སྦྱར་ཏེ། བྱེད་པ་པོར་གྱུར་པ་དེ་རྣམས་ཀྱིས། མི་ཤེས་ཀུན་དུ་ངེས་བསལ་ནས། །ཞེས་བྱ་བ་ལ། མི་ཤེས་པ་སྟེ་མ་རིག་པ་ཀུན་དུ་དངོས་པོ་ཐམས་ ཅད་ཀྱིས་ངེས་པར་བསལ་ཞིང་སྤངས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུས་འགྲོ་བ་མ་ལུས་པ་རྫོགས་པའི་སངས་རྒྱས་སུ་བྱས་ནས། རང་གི་གསང་སྔགས་ནང་དུ་ཆུད་པར་བྱ། །ཞེས་པ་སྟེ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་སྙིང་པོའི་ནང་དུའོ། །གཟུགས་ལ་ སོགས་པ་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །གང་གི་ཕྱིར་རྣམ་པའི་ངོ་བོ་ཉིད་དེ་ཀུན་དུ་བརྟགས་པ་དང་གཞན་གྱི་དབང་གིས་མཚན་ཉིད་དང་བྲལ་ཞིང་སྤངས་པ་ཡིན་པའི་མངོན་སུམ་གྱི་མཚན་ཉིད་ཅན་གྱིས་མཐོང་ཞིང་སྣང་བ་ཡིན་པའི་རྒྱུ་དེས་ན་འཛིན་པ་པོ་ནི་མངོན་ སུམ་ལ་སོགས་པའི་རྣམ་པར་ཤེས་པར་ཡོད་པ་མ་ཡིན་ལ། གཟུགས་ལ་སོགས་པའི་མཚན་ཉིད་ཅན་གྱི་གཟུང་བ་རྣམས་ཀྱང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གཞན་པ་རྗེས་སུ་དཔག་པའི་མཚན་ཉིད་ཅན་གྱི་ཚད་མས་ཀྱང་གཟུགས་ལ་སོགས་པ་ཉེ་བར་དམིགས་པར་མི་འགྱུར་ ཏེ། འབྲེལ་པ་ཞེས་བྱ་བ་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱིས་ཀྱང་མཐོང་བ་མེད་པས་ཤེས་པ་མ་ཡིན་ཏེ། རྗེས་སུ་དཔག་པ་ནི་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་ཕྱོགས་ཀྱི་ཆོས་བཟུང་ནས་བསྒྲུབ་པར་བྱ་བ་དང་། སྒྲུབ་ པར་བྱེད་པའི་འབྲེལ་པ་དྲན་པ་ནི། ཕྱིས་རྗེས་སུ་དཔག་པ་འཇུག་པས་ན་རྗེས་སུ་དཔག་པ་ཞེས་བྱའོ་ཞེས་བྱ་བའི་ཚུལ་གྱིས་སོ། །བདེ་བ་ལ་སོགས་པ་རྣམ་པར་ཤེས་པ་གཟུགས་ལ་སོགས་པ་དེ་ཡོངས་སུ་འཛིན་པར་བྱེད་པའི་དབྱེ་བ་ནི་འགའ་ཡང་ཡོད་པར་མ་མཐོང་ལ་རྒྱུ་དེས་ ཅིག་ཅར་དེ་དུས་མཚུངས་པར་ཤེས་ཤིང་ཉེ་བར་དམིགས་པ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་དུ་བདེ་བ་ལ་སོགས་པའི་རྣམ་པར་ཤེས་པ་འདི་དག་ཡོངས་སུ་འཛིན་པ་པོར་ཡོད་པ་མ་ཡིན་ཞིང་འཛིན་པར་བྱེད་པར་མི་འགྱུར་རོ། །ཡང་ན་སེམས་ནི་གཟུགས་ལ་སོགས་ པའི་རྣམ་པ་དང་བྲལ་བ་སྟེ། གཟུགས་ལ་སོགས་པའི་རྣམ་པ་ཅན་གྱི་གཟུང་བའི་མཚན་ཉིད་དང་བྲལ་ཞིང་མེད་པ་མངོན་སུམ་སྟེ་རང་རིག་པའི་མངོན་སུམ་གྱིས་མཐོང་ཞིང་ཤེས་པ་དེ་ནི་འཛིན་པ་པོ་མ་ཡིན་ཏེ། གང་གི་ཕྱིར་གཟུགས་ལ་སོགས་པའི་རྣམ་པ་དང་བྲལ་བ་ཡིན་པ་དེས་ན་དེ་ ནི་འཛིན་པ་མ་ཡིན་ཏེ། གཟུང་བར་བྱ་བ་མེད་པས་འཛིན་པ་པོ་ཡང་མེད་དོ། །གང་གི་ཕྱིར་སེམས་གཟུགས་ལ་སོགས་པའི་རྣམ་པ་དང་བྲལ་བ་ཡིན་པ་དེས་ན་གཟུང་བ་རྣམས་ཀྱང་ཅི་ཡང་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་གཟུང་བ་མ་ཡིན་པའི་ཕྱིར་རོ། །ཀྱང་ཞེས་སྨོས་ པ་ནི་འཛིན་པ་པོའི་ཤེས་པ་ཡང་ཅུང་ཟད་ཀྱང་མེད་དོ་ཞེས་སྟོན་ཏོ། །དེ་བས་ན་སེམས་ནི་གཟུང་བ་དང་འཛིན་པ་ལས་ངེས་པར་གྲོལ་བ་ཡིན་ནོ། །འབྲེལ་པ་གཞན་གྱིས་ཀྱང་ནི་མཐོང་བ་མེད། །ཅེས་བྱ་བ་ནི་དེའི་བདག་ཉིད་ལ་སོགས་པའི་འབྲེལ་པས་ཀྱང་མཐོང་ཞིང་ཉེ་བར་ དམིགས་པ་མེད་དོ། །དེ་ཡང་རེ་ཞིག་ཤེས་པ་དང་ཤེས་བྱ་གཉིས་ནི་དེའི་བདག་ཉིད་ཅན་གྱི་མཚན་ཉིད་དུ་ཤེས་པར་བྱར་མི་རུང་སྟེ་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་དག་གིས་ཤེས་པ་ལས་ལོགས་ཤིག་ན་ཡང་ཤེས་བྱ་ཡོད་པར་ཁས་ལེན་པའི་ཕྱིར་རོ། །དེ་ལས་བྱུང་བའི་མཚན་ཉིད་ཅན་དུ་ འབྲེལ་པ་ཡང་མ་ཡིན་ཏེ་ཞེས་པ་ནི་ཤེས་བྱ་མེད་པར་ཡང་རྨི་ལམ་ལ་སོགས་པར་ཤེས་པ་གསལ་པོར་འབྱུང་བའི་ཕྱིར་རོ། །ཡུལ་ལ་སོགས་པ་ངེས་པ་ལས་རྣམ་པར་ཤེས་པ་སྐྱེ་བ་ཡིན་མོད་ཀྱི་དེ་ཡང་དེ་མ་ཐག་པའི་རྐྱེན་གྱི་དབང་ཉིད་ལས་ཡིན་གྱི་ཕྱིའི་ཤེས་བྱའི་བདག་ཉིད་ལས་ནི་ མ་ཡིན་ནོ་ཞེས་བྱ་བར་བལྟ་བར་བྱའོ། །ཡང་ན་ཡུལ་ལ་སོགས་པའི་ངེས་པ་ནི་རྨི་ལམ་ལ་སོགས་པ་དང་འདྲ་བར་གྲུབ་པ་ཡིན་ནོ། །བདེ་སོགས་དེ་ནི་ཡོངས་སུ་འཛིན་པས་ན། །བྱ་བ་འགའ་ཡང་ཡོད་པར་མ་མཐོང་སྟེ། །ཞེས་བྱ་བ་ནི་བདེ་བ་ལ་སོགས་པའི་ཤེས་པའི་བྱ་བ་གཟུང་ བ་སོ་སོར་རྟོག་པའི་མཚན་ཉིད་ཅན་གང་ཡིན་པ་དེ་ནི་ཡོངས་སུ་འཛིན་པ་ན་ཞེས་པ་གཟུགས་ལ་སོགས་པ་ཡོངས་སུ་འཛིན་པར་བྱེད་པའི་ཚེ་ན་བྱ་བ་འགའ་ཡང་ཡོད་པར་མ་མཐོང་སྟེ་མི་ཤེས་སོ། །ཅིག་ཅར་ཤེས་པའི་ཕྱིར་ནི་གཟུགས་སོགས་བཞིན། །འདི་དག་འཛིན་པ་པོར་ནི་ ཡོད་མ་ཡིན། །ཞེས་བྱ་བ་ནི་ཅིག་ཅར་དུས་མཚུངས་པར་ཤེས་ཤིང་ཉེ་བར་དམིགས་པར་གྱུར་པ་ན་ཇི་ལྟར་གཟུགས་ལ་སོགས་པ་གཞན་གྱི་འཛིན་པ་པོར་མི་འགྱུར་ཞིང་འཛིན་པར་བྱེད་པ་མ་ཡིན་ཏེ། གཅིག་ལ་གཅིག་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པ་མེད་པར་ བྱེད་པ་དེ་བཞིན་དུ་བདེ་བ་ལ་སོགས་པའི་རྣམ་པར་ཤེས་པ་ཡང་གཟུགས་ལ་སོགས་པ་དང་དུས་གཅིག་ཏུ་ཤེས་ཤིང་རྟོགས་པ་ན་གཟུགས་ལ་སོགས་པ་དང་འདྲ་བར་འཛིན་པ་པོར་འགྱུར་བ་མ་ཡིན་ཞིང་འཛིན་པ་པོར་མེད་དེ། དུས་མཚུངས་པར་ཉེ་བར་དམིགས་པ་དག་ནི་རྭ་གཡས་ པ་དང་གཡོན་པ་འདྲ་བ་གཅིག་ལ་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པ་ཉིད་ཡོད་པ་མ་ཡིན་ནོ། །གཟུང་བ་དག་ཀྱང་ཅི་ཡང་ཡོད་མིན་ཏེ། །ཞེས་ཇི་སྐད་བཤད་པའི་གཟུང་བ་མེད་པ་དེ་དེ་ལྟར་སྤྲོས་ནས་བསྟན་པར་བྱ་བའི་ཕྱིར་བཤད་པ་ཡིན་ལ། ད་ནི་སྤྱོད་པ་ ལ་སོགས་པ་ཚར་གཅད་པར་བྱ་བའི་ཕྱིར་དཀར་པོ་ལ་སོགས་པ་གང་ཞིག་མཐོང་བ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་དཀར་པོ་ལ་སོགས་པ་མཐོང་བ་སྟེ། སྔོན་གྱི་དུས་སུ་མཐོང་བ་གང་ཡིན་པ། །དེ་ཉིད་དུས་གཞན་དག་ཏུ་མཐོང་མི་འགྱུར། །ཞེས་བྱ་ བ་སྔར་ཉེ་བར་དམིགས་པའི་དཀར་པོ་ལ་སོགས་པ་དེ་ཉིད་དུས་ཕྱིས་མི་མཐོང་ཞིང་ཤེས་པ་མ་ཡིན་ནོ། །ཅིའི་ཕྱིར་མི་མཐོང་ཞེ་ན། འདི་གཉིས་རྟག་ཏུ་གཅིག་ལ་གཅིག་འགལ་བ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྔར་ཉེ་བར་དམིགས་པ་དང་ཕྱིས་ཉེ་བར་དམིགས་ པ་གཉིས་ཕན་ཚུན་འགལ་བ་ཡིན་པའི་ཕྱིར་སྔར་གྱི་དངོས་པོ་དུས་ཕྱིས་ཡོད་པ་མ་ཡིན་ཏེ། སྔོན་གྱི་ཤེས་དང་ཤེས་བྱ་ཡིས། །རང་བཞིན་གྱིས་ནི་རྗེས་འཇུག་ན། །སྔ་མའི་ཤེས་པ་ཕྱི་མར་འགྱུར། །དེ་བཞིན་ཕྱི་མ་སྔ་མར་འགྱུར། །ཞེས་བྱ་བའི་ཚུལ་གྱིས་སོ། །བདེ་བ་ལ་སོགས་དག་དང་མཚུངས། །ཞེས་བྱ་བ་ནི་ བདེ་བ་དང་སྡུག་བསྔལ་གཉིས་དང་འདྲ་བར་གཅིག་ལ་གཅིག་ཕན་ཚུན་འགལ་བ་ཡིན་ནོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་འགལ་བ་ཡིན་གྱི་ལན་འགའ་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །དེ་བས་ན་དངོས་པོ་རྣམས་ཀྱི་སྔོན་དང་ཕྱི་མའི་རང་བཞིན་གཅིག་པ་ཉིད་མ་ཡིན་ནོ་ཞེས་ བྱ་བར་གནས་སོ། །འདིས་ནི་རྒྱུན་དུ་རྟོགས་པའི་གཅིག་པ་ཉིད་ངེས་པར་བསལ་བ་ཡིན་ནོ། །ད་ནི་རིགས་པར་རྟོགས་པའི་གཅིག་པ་ཉིད་བསལ་བའི་ཕྱིར་བཤད་པ། འདིར་རིགས་པ་ཅན་ལ་སོགས་པ་དག་ནི་ཆ་ཤས་ཅན་གྱི་རང་བཞིན་གཅིག་པུ་འདི་ཉིད་རྡུལ་ཕྲ་རབ་གཉིས་ལ་ སོགས་པའི་རིམ་གྱིས་ཕྲ་རབ་རྣམས་ཀྱིས་བརྩམས་པའི་འབྲས་བུའི་རྫས་གང་ཡིན་པ་དེ་ནི་སྐད་ཅིག་མ་མ་ཡིན་པ་དང་གཅིག་པུ་ལས་འདའ་བར་མི་བྱེད་དོ་ཞེས་ཟེར་རོ། །དེ་རྣམས་ཀྱི་ཕྱོགས་འདི་ཡང་སྡིག་པ་ཅན་ལས་ཀྱང་སྡིག་པ་ཅན་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཐོག་ མཐའ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གཟུགས་ལ་སོགས་པ་གང་ཡིན་པ་འདི་དག་ནི་རང་བཞིན་གྱིས་གཅིག་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།ཐོག་མཐའ་ལ་སོགས་བྱེ་བྲག་སྣང་བས་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོག་མའི་སྒྲས་ནི་ཀ་བ་ལ་ སོགས་པའི་སྟེང་གི་ཆ་གཟུང་ངོ་། །མཐའ་མའི་སྒྲས་ནི་འོག་མའི་ཆ་གཟུང་ངོ་། །ཡང་སོགས་པའི་སྒྲས་ནི་དབུས་མའི་ཆ་གཟུང་ངོ་། །བྱེ་བྲག་ཅེས་བྱ་བ་ནི་ཆ་ཤས་ཉིད་དུའོ། །འདི་སྐད་སྟོན་པ་ཡིན་ཏེ། ཀ་བ་ལ་སོགས་པ་གཅིག་པུ་ཉིད་ལ་ཐོག་མ་དང་དབུས་དང་ཐ་མའི་ཆའི་ བྱེ་བྲག་གིས་རང་བཞིན་ཐ་དད་པར་ཉེ་བར་དམིགས་པ་ཡོད་པ་ལ་གཅིག་པ་ཉིད་དུ་ཁས་བླངས་ནས་ཁྱེད་ཅག་ལྟར་རང་ཉིད་སླུ་བར་ཇི་ལྟར་བྱེད། འདིར་ཡང་ཚད་མ་གཞན་དག་ནི་མེད་མོད་ཀྱི། འོན་ཀྱང་མངོན་སུམ་ཉིད་ཡིན་ནོ། །ཞེས་བསྟན་པའི་ཕྱིར་སྣང་བས་ན་ཞེས་བྱ་བ་སྨོས་ཏེ། མངོན་ སུམ་ཉིད་ཀྱིས་དེ་ལྟར་ཉེ་བར་དམིགས་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །འདིར་བཤད་པ། དཀར་པོ་ལ་སོགས་རྣམ་པ་ནི། །གཅིག་པུ་ལ་ཡང་ཤེས་པ་དག །ཐོག་མ་དབུས་མཐའི་དབྱེ་བ་ཡིས། །སྣ་ཚོགས་ཁོ་ནར་ཉེ་བར་དམིགས། །ཞེས་བྱ་བ་ཡིན་ནོ། །ཡང་ན་ཐོག་ མཐའ་ལ་སོགས་བྱེ་བྲག་སྣང་བས་ན། །གཟུགས་ལ་སོགས་པ་འདི་དག་གཅིག་མ་ཡིན། །ཞེས་བྱ་བ་ནི་རགས་པར་གཏོགས་པའི་གཟུགས་ལ་སོགས་པ་ནི་རང་བཞིན་གཅིག་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐོག་མཐའ་ལ་སོགས་བྱེ་བྲག་སྣང་བས་ན། །ཞེས་བྱ་བ་སྨོས་ཏེ། ཐོག་མ་དང་ཐ་མ་དང་དབུས་དང་ཤར་ལ་སོགས་པའི་དབྱེ་བ་རྣམས་སུ་ཤེས་པས་གཅིག་པ་ཉིད་ཅེས་བྱ་བ་ནི། དབྱེ་བ་མེད་པ་ལ་བྱ་ན་ཐོག་མ་དང་ཐ་མ་ལ་སོགས་པའི་དབྱེ་བ་ཡོད་པས་འདི་ནི་གཅིག་པ་ཉིད་མ་ཡིན་ཏེ། གཅིག་པ་ཉིད་དང་དུ་མ་ཉིད་ནི་ཕན་ཚུན་འགལ་བ་ཡིན་པས་གཅིག་ པ་ཉིད་དུ་བསྡུར་ཇི་ལྟར་རུང་། དེ་བས་ན་གཟུགས་ལ་སོགས་པ་ཆ་ཤས་ཅན་གཅིག་པ་ཉིད་དུ་མི་འགྲུབ་པོ། །ཆ་ཤས་ཅན་གཅིག་ཏུ་མ་གྱུར་ན་དེ་ལྟ་ན་ནི་རྡུལ་ཕྲ་རབ་འདུས་པ་ཉིད་ཡིན་པའི་ཕྱིར་རང་བཞིན་དུ་མ་ཞིག་ཡིན་ནོ་ཞེས། གང་ཞིག་སེམས་དཔའ་དེའི་ཕྱིར་ད་ནི་དུ་མ་ཉིད་ཀྱང་ དགག་པར་བྱ་བའི་ཕྱིར། དུ་མའི་གཟུགས་སུ་མིན་པའང་དེ་དང་འདྲ། །ཞེས་བྱ་བ་སྨོས་སོ། །དེ་ཅིའི་ཕྱིར་ཞེ་ན། ཕྲ་རབ་རྣམས་ཀྱང་མཐོང་བ་མ་ཡིན་པས། །ཞེས་བྱ་བ་སྨོས་ཏེ་རྡུལ་ཕྲ་རབ་རེ་རེའི་ངོ་བོར་ཡང་མཐོང་བ་མ་ཡིན་ཞིང་ཤེས་པ་མ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་ནི་རང་གི་ངོ་ བོར་སྣང་བ་མ་ཡིན་ཏེ། རྡུལ་ཕྲ་རབ་ཆ་ཤས་མེད་པ་དག་ནི་དེ་ལྟར་མི་སྣང་བའི་ཕྱིར་དུ་མའི་གཟུགས་སུ་མིན་པ་ཞེས་བྱ་བ་འདིས་བཀག་པ་ཡིན་ནོ། །དེ་དང་འདྲ་ཞེས་བྱ་བ་ནི་ཇི་ལྟར་ཆ་ཤས་ཅན་གྱི་ངོ་བོ་ལ་ཐོག་མ་དང་དབུས་དང་ཐ་མ་ལ་སོགས་པའི་དབྱེ་བ་ཉེ་བར་དམིགས་པས་གཅིག་ཏུ་མི་ འགྲུབ་པ་དེ་བཞིན་དུ་རྡུལ་ཕྲ་རབ་དུ་མའི་ངོ་བོ་ཡང་། དྲུག་གིས་ཅིག་ཅར་སྦྱར་བས་ན། །ཞེས་བྱ་བ་ལ་སོགས་པ་ཕྱོགས་ཀྱི་དབྱེ་བས་མེད་པར་སུན་ཕྱུང་བས་འགྲུབ་པ་མ་ཡིན་ནོ། །ཡང་ན་མིན་པའང་དེ་དང་འདྲ། །ཞེས་བྱ་བ་ཇི་ལྟར་གཟུགས་ལ་སོགས་པའི་རང་ བཞིན་གཅིག་པ་མེད་པ་ལྟར་དུ་མའི་རང་བཞིན་ཡང་དེ་བཞིན་ནོ་ཞེས་སྟོན་ཏོ། །དེ་ལྟར་རགས་པའི་གཅིག་པ་ཉིད་དང་དུ་མ་ཉིད་སུན་ཕྱུང་ནས་ཕྲ་བར་གཏོགས་པའི་གཅིག་པ་ཉིད་དང་དུ་མ་ཉིད་སུན་དབྱུང་བར་བྱ་བའི་ཕྱིར། རྡུལ་ཕྲན་ཆ་ཤས་མེད་པ་ཉིད་ཀྱང་ནི། །ཕྲ་རབ་དུ་མ་འདུས་པ་ ཡོད་མིན་པས། །ས་ཡི་དཀྱིལ་འཁོར་ལ་སོགས་པ་ཡི་གཟུགས། །བསགས་པ་འགའ་ཡང་འདིར་ནི་མེད་པར་འགྱུར། །ཞེས་བྱ་བ་སྨོས་པ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་ཡན་ལག་ཅན་ཉིད་མ་ཡིན་པས་གཞན་དག་རང་ཉིད་དུ་མ་ཉིད་དུ་མི་འདོད་ དེ། ཆ་ཤས་ནི་དུ་མའི་རང་བཞིན་ཡིན་པའི་ཕྱིར་དེ་བཀག་ནས་རྡུལ་ཕྲ་རབ་ཙམ་དུ་ཡོད་པར་ཁས་ལེན་པའི་ཕྱིར་རོ། །རྡུལ་ཕྲ་རབ་ཆ་ཤས་མེད་ན་ནི་རྡུལ་ཕྲ་རབ་དུ་མ་འདུས་པས་ཡོངས་སུ་བསྐོར་བ་ཡོད་པ་མ་ཡིན་པས་སའི་དཀྱིལ་འཁོར་ལ་སོགས་པའི་གཟུགས་བསགས་པའི་རབ་ཏུ་ དབྱེ་བ་མེད་པར་འགྱུར་རོ། །དེ་ཡང་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་འདི་དག་གི་གཞུང་ལུགས་ནི་རྡུལ་ཕྲ་རབ་རྣམས་ཕན་ཚུན་ཕྲད་པ་ལས་རྡུལ་ཕྲ་རབ་གཉིས་ལ་སོགས་པའི་རིམ་གྱིས་ཆ་ཤས་ཅན་དུ་མ་ལ་སོགས་པ་བསྐྱེད་པའི་སྒོ་ནས་ཆ་ཤས་ཅན་གྱི་རྫས་གཙོ་བོ་སྐྱེད་པར་བྱེད་པར་འདོད་ དོ། །དེ་ཡང་འདི་ལྟར་དཔྱད་པར་བྱ་སྟེ། དབུས་ཀྱི་རྡུལ་ཕྲ་རབ་གང་ཡིན་པ་དེ་ལ་རྡུལ་ཕྲ་རབ་གཞན་དག་འབྱར་བར་བྱེད་པ་ན། ཅི་བདག་ཉིད་ཐམས་ཅད་ཀྱིས་འབྱར་བར་བྱེད་དམ། འོན་ཏེ་ཆ་ཤས་ཀྱིས་འབྱར་བར་བྱེད། དེ་ལ་རེ་ཞིག་ཆ་ཤས་ཀྱིས་འབྱར་བར་ནི་མི་བྱེད་དེ། རྡུལ་ཕྲ་རབ་དེ་ཆ་ཤས་མེད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །བདག་ཉིད་ཐམས་ཅད་ཀྱིས་ཕྲད་ན་ནི་འགྲོ་བ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་གྱི་སའི་དཀྱིལ་འཁོར་ལ་སོགས་པའི་གཟུགས་ཅན་གྱི་བསགས་པར་མི་འགྱུར་ཏེ། གང་གི་ཕྱིར་རྡུལ་ཕྲ་རབ་ཐམས་ཅད་རྡུལ་ཕྲ་རབ་ གཅིག་གི་ནང་དུ་ཞུགས་པས་སའི་དཀྱིལ་འཁོར་ལ་སོགས་པའི་བསགས་པའི་མཚན་ཉིད་ཅན་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་རྡུལ་ཕྲ་རབ་ཡོད་པའི་ཕྱོགས་ཀྱང་ཁས་བླང་བར་མི་བྱའོ། །དེ་ཉིད་ཀྱི་ཕྱིར། དྲུག་གིས་ཅིག་ཅར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། ། དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ཕྱིའི་དོན་གཅིག་དང་དུ་མ་དང་བྲལ་བ་ཉིད་དུ་སུན་ཕྱུང་བ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པར་ཤེས་པ་ལ་ཡང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། གང་གི་ཕྱིར་རྣམ་པར་ཤེས་ པ་ལ་ཡང་ཕྱོགས་ཀྱི་ཆ་ཤས་ཀྱི་དབྱེ་བ་ཡོད་དོ། །དེ་བས་ན་སྔོན་པོ་ལ་སོགས་པ་སུན་དབྱུང་བ་གང་ཡིན་པ་དེ་དག་ཉིད་བློ་ལ་ཡང་ཁྱད་པར་མེད་པ་ཉིད་དེ། གཟུགས་ཅན་ཡིན་པའི་ཕྱིར་སྔོན་པོ་ལ་སོགས་པ་ནི་གཅིག་དང་དུ་མ་དང་བྲལ་བ་ཡིན་པ་དེ་ཤེས་པ་ལ་ཡང་མཉམ་མོ། ། དེ་ཡང་ཁོང་དུ་མ་ཆུད་པ་ལས་ལྡོག་པར་བརྟགས་པའི་ངོ་བོར་རྣམ་པར་འཇོག་པ་ན་ཕྱོགས་ཀྱི་ཆ་དང་ལྡན་པ་ཉིད་དུ་རྣམ་པར་འཇོག་པར་འགྱུར་ཏེ། གཟུགས་ཞེས་བྱ་བར་གཟུགས་ཡོད་པ་མ་ཡིན་ནོ་ཞེས་ཇི་སྐད་བཤད་པ་ཡིན་ཏེ། གཟུགས་ནི་ཆུ་དང་ཞེང་དང་ཕྱོགས་དང་ལྡན་ པ་ཡིན་ལ་འདི་ནི་རྣམ་པར་ཤེས་པ་ལ་ཡང་ཁྱད་པར་མེད་པར་ཡོད་ན་ཀུན་རྫོབ་ཏུ་ཡོད་པར་ཐལ་བར་ཇི་ལྟར་མཉམ་པར་འགྱུར་བ་མ་ཡིན། དེ་བས་ན་དེ་ཡང་དངོས་པོ་མེད་པ་ཉིད་དུ་གྱུར་པ་མ་ཡིན་ནོ། །དེ་ཡང་། དངོས་པོ་མེད་ལ་རྣམ་ཤེས་མེད། །གཞི་མེད་ཀུན་གཞིའང་ ཡོད་མ་ཡིན། །འདི་དག་རྟོག་གེ་ངན་པ་ནི། །རོར་གྱུར་པ་ཡིས་རྣམ་པར་བརྟགས། །ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་བས་དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པ་ཡིན་ནོ་ཞེས་བསྟན་ཏོ། །ཡང་ འདིར། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་དུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུའོ། །དེ་ལྟར་དངོས་པོ་ཐམས་ཅད་དངོས་པོ་མེད་པར་བསྟན་ནས། ད་ནི་ གྲུབ་པའི་དོན་ཉིད་ཀྱི་མཇུག་བསྡུ་བར་བྱ་བའི་ཕྱིར། དེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་མ་ཐག་པའི་རིག་པའི་ཚུལ་དེས་ན་འཛིན་པ་པོ་ལ་སོགས་པ་དང་བྲལ་བ་ཡིན་པས་རྒྱུ་བ་དེ་འགྲོ་བ་རྣམས་དང་། མི་རྒྱུ་བ་དེ་སེམས་མེད་པ་མ་ལུས་ཤིང་ལུས་པ་མེད་པའི་ དངོས་པོ་རྣམས་ནི་རང་རྒྱུད་ཀྱང་ཡིན་ལ། གཟུགས་ལ་སོགས་པར་བརྟགས་པ་ཡིན་ཞིང་རང་རྒྱུད་ཀྱི་རྣམ་པ་ཅན་གྱི་ངོ་བོ་ཉིད་གང་ལ་ཡོད་པའི་དངོས་པོ་དེ་ནི། རང་རྒྱུད་གཟུགས་སོགས་བརྟགས་པའི་ངོ་བོ་ཉིད། །ཅེས་བྱ་སྟེ། རང་གི་རྒྱུད་ཉིད་ཀྱང་གཟུགས་ལ་སོགས་པར་བརྟགས་པ་ ནི་ཕྱི་རོལ་གྱི་དོན་མེད་དུ་ཟིན་ཀྱང་རང་གི་བག་ཆགས་ཙམ་ལས་བྱུང་བའི་ཕྱིར་རོ། །ཡང་ན་གཟུང་བ་དང་འཛིན་པ་གཉིས་ཕན་ཚུན་ཕན་འདོགས་པར་མི་བྱེད་པ་དེ་ནི་རང་རྒྱུད་ཅེས་བྱའོ། །དེ་ལྟར་ན་གཟུགས་ལ་སོགས་པའི་རྣམ་པར་གཞག་པ་འདི་ཇི་ལྟར་བལྟ་བར་བྱ་ཞེ་ན། བརྟགས་ པའི་ངོ་བོ་ཉིད་ཅེས་བྱ་བ་སྨོས་ཏེ། བརྟགས་པ་ཉིད་ཀྱི་ངོ་བོ་ཉིད་དེ་རང་བཞིན་འདི་ལ་ཡོད་པས་ན་བརྟགས་པའི་ངོ་བོ་ཉིད་དེ་གཟུགས་ལ་སོགས་པ་འདི་དག་ཐམས་ཅད་ནི་བརྟགས་པའི་རང་བཞིན་ཅན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་པས་དོན་དམ་པར་གང་ཞིག་གང་ལས་ཐ་དད་པར་རྣམ་ པར་འཇོག་པར་མི་ནུས་སོ། །དེ་ཡང་ཁམས་གསུམ་པོ་འདི་དག་མ་ལུས་པ་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ལ་སོགས་ཇི་སྐད་གསུངས་པ་ལྟ་བུ་དང་། ཡང་རྟོག་པ་དག་པར་བྱ་བའི་ཕྱིར་འབད་པར་བྱ་བའོ་ཞེས་གསུངས་པ་དང་། དཔལ་བདེ་མཆོག་གི་རྒྱུད་ཕྱི་མ་ལས་ཀྱང་། རྟོག་པ་རྣམས་ནི་ཡོངས་དག་ཕྱིར། །དེས་ན་རྟོག་པར་ཡང་དག་བཤད། །ཅེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟ་མོད་ཀྱི་ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་པའི་རྟོག་པའི་འཁྲུལ་པ་ཉིད་ཀྱི་འཁོར་བ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་ཐ་མལ་པ་ཞེས་བྱ་བར་ བཤད་ལ། དེ་ནི་ཐར་པ་འདོད་པ་རྣམས་ཀྱི་ཕྱི་རོལ་དུ་མངོན་པར་ཞེན་པ་ཉིད་ལས་ངེས་པར་བཟློག་སྟེ། རང་རང་གི་ངོ་བོ་ཉིད་ལ་ངེས་པར་གཞག་པ་ཡང་ཡིན་ལ། རང་གི་ངོ་བོ་ཙམ་ལ་གཞག་པའི་རྣམ་པར་རྟོག་པ་ནི་འབྲས་བུ་ཁ་ན་མ་ཐོ་བ་མེད་པ་ཉིད་ཡིན་པས་དག་པ་ཞེས་བྱ་ བའི་མིང་འཐོབ་པར་འགྱུར་ཏེ། རང་གི་ངོ་བོ་ཙམ་ལ་གནས། །བློ་ཡི་དགའ་སྟོན་ཆེན་པོ་ཡིན། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུ་དང་། འདི་དག་ཐམས་ཅད་ནི་རྣམ་པར་རྟོག་པ་ཙམ་ལ་རག་ལས་ཤིང་དེའི་རང་བཞིན་ཡིན་པས་སྡུག་བསྔལ་བར་མཚན་ཉིད་གཅིག་པ་ དང་། སྐད་ཅིག་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་བདག་ཉིད་ཅན་ནི་སྲིད་པའི་ཉེ་བར་འཆིང་བ་ཡིན་ལ། དེ་རྣམ་པར་ལྡོག་པ་ཙམ་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་བཤད་པ་དེར་ཡང་ཁ་ཕྱི་རོལ་དུ་བལྟས་པའི་རྣམ་པར་རྟོག་པ་ལས་ངེས་པར་བཟློག་ པར་བྱ་བ་ལ་འབད་པར་བྱའོ་ཞེས་ངེས་པར་སྟོན་པ་ཡིན་ཏེ། རྣམ་པར་རྟོག་པ་ལ་ནི་ཕྱི་རོལ་དུ་མངོན་པར་ཞེན་པ་ལས་མ་གཏོགས་པའི་ཉེས་པ་དང་བཅས་པ་གཞན་ནི་ཡོད་པ་མ་ཡིན་ནོ་ཞེས་དེ་ལས་རྣམ་པར་ལྡོག་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ་རྣམ་པར་རྟོག་པ་ཁྱད་པར་ཅན་ ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་འཁོར་བ་དང་མྱ་ངན་ལས་འདས་པར་རྣམ་པར་གཞག་པ་འདི་དག་ཐམས་ཅད་བརྟགས་པ་ཙམ་གྱི་ངོ་བོ་ཉིད་ཡིན་པ་དེས་ན་མེད་པར་བསྒྲུབ་པའི་གཏན་ཚིགས་ཀྱི་དཔེར་སྦྱར་བར་བྱ་སྟེ། དེ་ནི་དེ་ལྟ་བུའི་དངོས་པོ་འདི་ནི་དྲི་ཟའི་གྲོང་ཁྱེར་དག་དང་ མཚུངས་ཤིང་འདྲ་བ་ཡིན་པ་སྟེ། ཇི་ལྟར་ན་ཆུ་བོ་དང་རི་ཉེ་བར་གྱུར་པ་ལས་ཕྱིའི་དྲི་ཟའི་གྲོང་ཁྱེར་མེད་དུ་ཟིན་ཀྱང་། ཁང་པ་དཀར་པོ་དང་། རྟ་དང་གླང་པོ་ཆེ་དང་། མི་ལ་སོགས་པ་འདྲ་བར་སྐྱེས་བུ་ལ་སོ་སོར་སྣང་བར་སྐྱེའོ། །དེ་བཞིན་དུ་འཛིན་པ་པོ་ལ་སོགས་པའི་ངོ་བོར་ མེད་དུ་ཟིན་ཀྱང་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ལས་བྱུང་བ་འཛིན་པ་པོ་ལ་སོགས་པའི་རྣམ་པར་སྣང་བ་སྐྱེ་བར་འགྱུར་རོ། །ཡང་ན་དྲི་ཟའི་གྲོང་ཁྱེར་ཞེས་བྱ་བ་ལ་ལོག་པའི་ངོ་བོ་ཉིད་ཡིན་པར་འཇིག་རྟེན་དུ་གྲགས་པས་དཔེ་དེ་ཉིད་དུ་ཉེ་བར་སྦྱར་བ་ཡིན་ཏེ། དཔེར་ན་དྲི་ཟའི་གྲོང་ཁྱེར་ ནི་མེད་ཀྱང་སྣང་བ་ཡིན་པ་དེ་བཞིན་དུ། འཁོར་བ་དང་མྱ་ངན་ལས་འདས་པ་ཡང་དེ་དང་འདྲ་བར་མཚུངས་པར་ལྟ་བ་ཡིན་ནོ་ཞེས་དྲི་ཟའི་གྲོང་ཁྱེར་དང་འདྲ་བའི་དཔེས་བསྟན་ཏོ། །དེས་ཁྱད་པར་བསྟན་པའི་ཕྱིར། རྒྱུ་དང་མི་རྒྱུའི་དངོས་པོ་མ་ལུས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ ཡིན་ཏེ། རྒྱུ་བ་ནི་མི་ལ་སོགས་པའོ། །མི་རྒྱུ་བ་ནི་རི་ལ་སོགས་པ་སྟེ་རྒྱུ་དང་མི་རྒྱུ་བ་དང་བཅས་པར་གནས་པའི་དངོས་པོའི་ཚོགས་ནི་རྒྱུ་དང་མི་རྒྱུ་བའི་དངོས་པོ་མ་ལུས་པ་ཞེས་བྱའོ། །དེ་བས་ན་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོ་འདི་རྣམས་ནི་ངེས་པར་བརྟགས་ ན་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །ཇི་སྐད་དུ། ཕྱི་དང་ནང་དུ་སྣང་བ་སྣ་ཚོགས་འདི། །ཡང་དག་ཉིད་དུ་ཅི་ཡང་ངེས་པ་མེད། །ཅེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེ་ཡང་མ་བརྟགས་ན་ཉམས་དགའ་བ་ཉིད་དུ་འདོད་པ་ཡིན་པའི་ཕྱིར་ཀུན་རྫོབ་ཀྱི་རང་ བཞིན་ཏེ། མ་བརྟགས་ན་ནི་ཉམས་དགའ་བའི། །སྐྱེ་དང་འགག་པའི་ཆོས་ཅན་རྣམས། །དོན་གྱི་བྱ་བ་བྱེད་ནུས་པའི། །རང་བཞིན་ཀུན་རྫོབ་ཡིན་པར་བཤད། །ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་བས་ན་སྔར་བཤད་པའི་ལྷའི་སྐུ་ལ་སོགས་པ་རང་གི་སྔགས་སུ་བཞུགས་ པ་ལ་འགལ་བ་མེད་དོ་ཞེས་ཉེ་བར་བསྡུ་བ་ཡིན་ནོ། །དེ་ཡང་གཟུང་བ་ལ་སོགས་པ་མེད་པར་བསྟན་པས་རང་གི་སེམས་ཉིད་ལ་རང་གི་སེམས་གཞུག་པ་ཡིན་ཏེ། མེ་ནི་མེ་ལ་གཞུག་པ་དང་འདྲ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་བལྟ་བར་བྱའོ། །གལ་ཏེ་ཇི་སྐད་བཤད་པའི་ཚུལ་གྱིས་ འཛིན་པ་པོ་ལ་སོགས་པ་མེད་པས་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཉིད་ཡིན་ན་དེ་ལྟ་ན་ནི་འཁོར་བ་འདི་ཡོད་པ་ཇི་ལྟར་འཐད། དེ་ལས་ཐར་པ་ནི་ཇི་ལྟར་འཐད་པར་འགྱུར་ཞེ་ན། དེའི་ཕྱིར་བདག་དང་བདག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་དང་བདག་གི་བ་དེ་ གཉིས་ཀྱི་རྣམ་པར་རྟོག་པ་ནི་བདག་དང་བདག་གིར་རྣམ་རྟོག་ཅེས་བྱ་སྟེ། བདག་ལ་སོགས་པ་མེད་པར་དེ་ལ་མངོན་པར་ཞེན། །ཞེས་བྱ་བའི་དོན་ཏོ། །དེའི་རྒྱུན་ནི་རྒྱུན་གྱིས་འཇུག་པའོ། །དེའི་ངོ་བོ་དག་གིས་ཞེས་བྱ་བ་དེ་རང་བཞིན་གྱིས་ནི་འཁོར་བ་ཡིན་ཏེ། དེར་ནི་ཞེས་པ་འདི་ ལྟར་གནས་པ་ན་དྲི་ཟའི་གྲོང་ཁྱེར་དང་འདྲ་བ་ཡིན་ཡང་དངོས་པོ་རྣམས་ལ་ལོག་པར་རྟོགས་པའི་དབང་གིས་འཁོར་བ་ན་འཁོར་བ་སྟེ། འདི་དང་གཞན་དུ་བདེ་འགྲོ་ལ་སོགས་པ་སྐྱེ་བའི་འཁོར་བ་མེད་བཞིན་དུ་ཡང་བྱིས་པ་རྣམས་ལ་དེ་ལྟར་སྣང་བ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །དག་ པའང་བདག་དང་བདག་གིར་རྟོག་པའི་རྣམ་པར་རྟོག་པའི་རྒྱུན་དེའི་ཕྱིན་ཅི་ལོག་མེད་པ་དེའི་རང་གི་ངོ་བོ་ཉིད་ཙམ་དེས་རྣམ་པར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱ་སྟེ། དེ་ཡང་གང་གི་ཚེ་དེ་ཁོ་ན་ཉིད་དུ་གཟུང་བ་ལ་སོགས་པ་ལས་རྣམ་པར་དབེན་པའི་སེམས་ལ་བདག་ལ་སོགས་པར་སྒྲོ་བཏགས་ པ་དེའི་ཚེ་འཁོར་བ་ཡིན་ལ། གང་གི་ཚེ་ཡང་བདག་ལ་སོགས་པར་སྒྲོ་བཏགས་པ་དང་བྲལ་བའི་རང་གི་ངོ་བོའི་དེ་ཉིད་མཐར་ཐུག་པ་དེའི་ཚེ་ནི་སེམས་ཀྱི་རྒྱལ་པོ་དེ་རྣམ་པར་དག་པ་ཡིན་ཏེ་བདག་དང་བདག་གིར་ལོག་པར་རྟོགས་པ་ལས་ལྡོག་པ་ཉིད་ནི་དག་པ་སྟེ། ཐར་པ་ཞེས་བྱ་བ་ཡིན་ པར་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་འདིར་ཇི་ལྟར། སྣང་བའི་དངོས་པོ་རྣམས་ལ་ཞི་བ་དང་། །སྲིད་པའི་ངོ་བོ་ཉིད་དག་ཆོས་ཉིད་ཀྱིས། །ཞེས་པས་སྟོང་པ་ཉིད་དུ་ནི་གང་གིས་འཁོར་བ་རྣམ་པར་སྤངས་ནས་མྱ་ངན་ལས་འདས་པ་ཚོལ་བར་བྱེད་པའི་དབྱེ་བ་ནི་འགའ་ཡང་ ཡོད་པ་མ་ཡིན་ཏེ་གཉིས་ཀ་ཡང་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། ཡང་དག་མ་མཐོང་འཇིག་རྟེན་དང་། །མྱ་ངན་འདས་པར་རློམ་པ་སྟེ། །ཡང་དག་མཐོང་བ་འཇིག་རྟེན་དང་། །མྱ་ངན་འདས་པར་རློམ་སེམས་མེད། །སྲིད་ པ་དང་ནི་མྱ་ངན་འདས། །འདི་གཉིས་ཡོད་པ་མ་ཡིན་ཏེ། །སྲིད་པ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །ཞེས་བཤད་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་རབ་འབྱོར་སོ་སོའི་སྐྱེ་བོའི་དེ་བཞིན་ཉིད་གང་ཡིན་པ་དང་། ཐམས་ཅད་མཁྱེན་པའི་དེ་ བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་དུ་གཅིག་པའོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་གསུངས་པ་སྟེ། དེ་བས་ན་ཀུན་རྫོབ་ཏུ་ཕན་ཚུན་དབྱེ་བ་ཡོད་དུ་ཟིན་ཀྱང་། དེ་ཁོ་ན་ཉིད་དུ་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ཅིའི་ཕྱིར་ཆོས་ཉིད་ཀྱིས་དབྱེ་བ་མེད་པ་ཡིན་ཞེ་ན། གང་གི་ ཕྱིར་གཟུང་བ་ལ་སོགས་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་གང་གི་ཕྱིར་གཟུང་བ་ལ་སོགས་པའི་ངོ་བོ་ཉིད་དང་བྲལ་ཞིང་མེད་པ་ཡིན་པར་ཐམས་ཅད་དུ་སྟེ། ཞི་བ་དང་སྲིད་པ་ཀུན་ལ་རྟག་ཏུ་སྟེ་དུས་ཐམས་ཅད་དུ་གྲུབ་པ་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པ་ ལས། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་། འཇིག་རྟེན་དུ་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་མི་འགྱུར་བ་ཉིད་ནི་ཡེ་ནས་གནས་པ་ཉིད་དོ་ཞེས་བྱ་བ་ཇི་སྐད་གསུངས་པ་ལྟ་བུའོ། །དེ་རུ་ སྣང་བའི་ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་དེ་རུ་སོ་སོར་སྣང་བ་དེའི་རང་བཞིན་ཡང་ཡིན་ཞིང་ཀུན་དུ་རྟོག་པ་ཡང་ཡིན་པས་དེ་རུ་སྣང་བའི་རང་བཞིན་ཀུན་དུ་རྟོག་སྟེ། དེ་ལས་གཞན་པའི་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ཅི་ཡང་ཡོད་པ་མ་ཡིན་ཏེ། ལོག་པའི་རྣམ་པར་ རྟོག་པ་དེ་ཉིད་གཅིག་པུར་ཟད་ཀྱི་དེ་ལས་གཞན་པའི་རྒྱུ་བ་དང་མི་རྒྱུ་བའི་ཕྱིའི་དངོས་པོ་མཐའ་ཡས་པ་ཅི་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། ། སྟོང་པ་ཉིད་ནི་དེ་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །ཞེས་བཤད་པ་ཡིན་པས། སེམས་ལས་གཞན་པའི་ང་རྒྱལ་གྱི་ཡུལ་བདག་ལ་སོགས་པ་འགའ་ཡང་ཡོད་པར་གྱུར་པ་མ་ཡིན་ནོ། །གཏན་ཚིགས་དེའི་ཕྱིར་སེམས་དེ་ཉིད་ང་རྒྱལ་གྱི་ཡུལ་ཡིན་གྱི། བདག་ལ་སོགས་པ་ཅི་ ཡང་ཡོད་པ་མ་ཡིན་ནོ། །དེ་ནི་ཞི་བ་དང་སྲིད་པ་གཉིས་ཀྱི་རང་བཞིན་བྱེ་བྲག་མེད་པ་ཉེ་བར་བསྡུ་བའི་ཕྱིར། རང་བཞིན་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱིས་པ་རྣམས་ཀྱིས་སོ་སོར་ཤེས་པར་གྱུར་པའི་ཀུན་རྫོབ་ཀྱི་རང་བཞིན་གང་ཞིག་ཡིན་པའི་ཀུན་རྫོབ་ཏུ་བྱིས་པས་ཤེས་པ་ དེའི་རང་གི་ངོ་བོ་དོན་དམ་པའི་རང་བཞིན་འཕགས་པས་མཁྱེན་པ་དེ་ཉིད་ནི་རང་ཉིད་ཀྱི་ངོ་བོ་ཞིག་ཡིན་ཏེ། གང་གི་ཕྱིར་ཀུན་རྫོབ་ཀྱི་རང་བཞིན་རིག་པ་དང་ལུང་གི་དབྱེ་བས་རྣམ་པར་དཔྱད་ན། ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ཞེས་པ་དེའི་ཕྱིར་དེ་དག་ཐམས་ཅད་བྱེ་བྲག་ མེད་པའི་བློས་དངོས་པོ་ཐམས་ཅད་དབྱེ་བ་མེད་པ་ཉིད་ཡིན་ཏེ། ཞི་བ་དང་སྲིད་པའི་རང་བཞིན་ཅན་གྱི་དངོས་པོ་ཐམས་ཅད་ནི་དབྱེ་བ་མེད་ཅིང་སྟོང་པ་ཉིད་དེ། དེའི་བློ་ནི་རྟོགས་པ་སྟེ། དེའི་རྒྱུར་གྱུར་པས་དབྱེ་བ་མེད་ཅིང་ཐ་དད་དུ་བྱ་བ་མེད་པས་ཞི་བ་དང་སྲིད་པའི་རང་བཞིན་ཅན་གྱི་དངོས་ པོ་ཐམས་ཅད་དབྱེ་བ་མེད་ཅིང་ངོ་བོ་ཉིད་གཅིག་པ་ཁོ་ན་ཡིན་ནོ། །དེ་ཡང་འདིར། དངོས་གཅིག་དངོས་པོ་ཀུན་གྱི་རང་བཞིན་ཏེ། །དངོས་གཅིག་དངོས་པོ་ཀུན་གྱི་རང་བཞིན་ཡིན། །དངོས་པོ་གཅིག་གི་དེ་ཉིད་གང་གིས་མཐོང་། །དེ་ཡིས་དངོས་པོ་ཀུན་གྱི་དེ་ཉིད་མཐོང་། །ཞེས་བཤད་ པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་། ཀུན་རྫོབ་དག་ནི་མ་གཏོགས་པར། །དེ་ཉིད་ཀྱང་ནི་དམིགས་མི་འགྱུར། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་པ་ཉིད་ནི་ཀུན་རྫོབ་ཡིན། །ཞེས་བཤད་པ་དང་། དེ་བཞིན་དུ་བརྒྱད་སྟོང་པ་ལས་ཀྱང་། ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། འཛམ་བུའི་གླིང་ན་ཤིང་ཐ་དད་པ་དང་། ཡལ་ག་ཐ་དད་པ་དང་། ལོ་མ་ཐ་དད་པ་དང་། མེ་ཏོག་ཐ་དད་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་ཐ་དད་པར་སྐྱེས་པ་དེ་རྣམས་ཀྱི་གྲིབ་མ་དེ་ནི་བྱེ་བྲག་མེད་ཅིང་ཐ་དད་པར་མི་མཐོང་སྟེ། འདི་ལྟ་སྟེ། གྲིབ་མ་ གྲིབ་མ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་ངོ་བོ་གཅིག་པར་བལྟ་བར་བྱ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཐམས་ཅད་ཅི་ཡང་ཡོད་པ་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་གང་བཤད་པ་དེའི་ ཕྱིར་སྣང་བར་གྱུར་པའང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣང་བར་གྱུར་པ་ནི་སོ་སོར་སྣང་བར་གྱུར་པ་སྟེ། གཟུགས་ལ་སོགས་པའི་ངོ་བོ་ཉིད་གཟུང་བར་བྱ་བའི་རང་བཞིན་གྱི་ཡུལ་རྣམས་གང་ཡིན་པ་དང་གང་གཞན་ཅི་ཡང་རུང་བ་སྟེ། འཛིན་པ་པོའི་རང་བཞིན་གྱི་ཤེས་པ་ནི་རྟོག་པ་སྟེ། བདག་ ཏུ་ཤེས་པ་དེ་ལྟ་བུའི་བདག་ཉིད་ཅན་དུ་གྱུར་པའི་གནས་དང་རྟེན་དུ་གྱུར་པའི་གཟུང་བ་དང་འཛིན་པ་དེ་དང་། དེའི་མཚན་ཉིད་དང་བྲལ་ཞིང་མེད་པར་གྱུར་པ་ཡིན་པས་མེད་པ་ནི་ཉེ་བར་མི་དམིགས་པའོ། །དེའི་ཕྱིར་དངོས་པོ་རྣམས་ཐ་དད་པར་གྱུར་ཅིང་རྣམ་པར་དབྱེ་བར་འགྱུར་ཏེ། དེ་ལྟར་ རྣམ་པར་དཔྱད་པ་ན་ཉེ་བར་དམིགས་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཞེས་པ་བཤད་མ་ཐག་པའི་ཚུལ་གྱིས་གཟུགས་ལ་སོགས་པ་ནི་སྣང་བ་ཙམ་དུ་ཟད་ཀྱི། ཕྱིའི་གཟུགས་ལ་སོགས་པ་འདི་དག་ཐམས་ཅད་ནི་ཅི་ཡང་ཡོད་པ་མ་ཡིན་ནོ། །ཡང་ན་ཐམས་ཅད་མེད་ ཅེས་བྱ་བ་ནི་གང་གི་ཕྱིར་བྲལ་བའི་མེད་པར་གྱུར་པ་ཕན་ཚུན་ལྡོག་པ་མེད་པ་ཉིད་ཀྱིས་རང་བཞིན་གཅིག་པ་ཉིད་དུ་འགྱུར་རོ། །དེ་བས་ན་ཆོས་ཉིད་ཀྱི་དབྱེ་བ་མེད་པ་ཉིད་ཡིན་ནོ་ཞེས་བལྟ་བར་བྱའོ། །དེ་ཡང་། སོ་སོའི་སྐྱེ་བོའི་ཤེས་པ་གང་། །རང་བཞིན་གྱིས་ནི་མྱ་ངན་ འདས། །དེ་ནི་སངས་རྒྱས་སྒྲར་བཤད་དེ། །བྱང་ཆུབ་སེམས་དཔའ་རྒྱལ་བ་བཞིན། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་བས་ན་དེ་ཁོ་ན་ཉིད་ལ་མ་ལྟོས་པ་ནི་སོ་སོའི་སྐྱེ་བོ་དང་། བཅོམ་ལྡན་འདས་ཐ་དད་པར་རྣམ་པར་གཞག་གི། དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་སེམས་པ་ནི་དབྱེ་བ་ འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་ཀྱིས་ཀྱང་། མཁས་པ་རྣམས་ཀྱིས་གང་བཤད་དེ། །འདི་ནི་དངོས་པོའི་སྟོབས་ཀྱིས་འོངས། །ཇི་ལྟ་ཇི་ལྟར་རྣམ་དཔྱད་པ། །དེ་ལྟ་དེ་ལྟར་རྣམ་བདེན་འགྱུར། །ཞེས་ཇི་སྐད་བཤད་པ་ ལྟ་བུའོ། །ད་ནི་དད་དང་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་རྣམ་པར་དག་པ་སྟོན་ཏེ་དད་པའི་སྟོབས་རྣམ་པར་དག་པ་དང་། བརྩོན་