Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 39

Văn bản gốc(Tây Tạng)

Trang 18 / 20 (50.000 ký tự/trang)
་ཚིག་སེམས་དཔའ་ལ་དེ་རྣམས་བཅུག་སྟེ་རང་གི་བྱ་བ་
བསྒྲུབ་པ་ལ་རྣམ་པར་གཞག་པའོ། །ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པས་དངོས་གྲུབ་དེ་རྣམས་ཡོད་ན་སྒྲུབ་པར་དཀའ་བ་ཡང་འགྲུབ་པར་སྟོན་ཏོ། །མངག་གཞུག་གི་གནས་སྐབས་ཡིན་པས་དབང་དུ་བྱེད་པ་ཡང་གསུངས་པ། ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། མདའ་
ལྔ་ཞེས་བྱ་བ་ནི་ལུས་མེད་དོ། །དེའི་སྦྱོར་བ་ནི་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་ཏོ། །འདི་སྐད་གསུངས་པ་ཡིན་ཏེ། ཤིན་ཏུ་དམར་བའི་གོས་དམར་པོ་དང་བཅས་པ་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ་གཡོན་བརྐྱང་བའི་ཚུལ་གྱིས་གནས་པ་འམ། རང་གི་གདན་ལ་གནས་པ་རང་གི་
རྗེས་སུ་མཐུན་པའི་ལྷའི་དཀྱིལ་འཁོར་པས་བཀོད་པ་ཇི་ལྟ་བ་བཞིན་དུ་འཇམ་པའི་རྡོ་རྗེའི་སྦྱོར་བ་བྱའོ། །བཅོ་བརྒྱད་པ་ལས་གསུངས་པ། དྲེགས་པ་ཡིས་ནི་ཁ་དོག་དབྱེ། །དེ་བཞིན་ཉམས་ཀྱི་སྙིང་པོའོ། །ཞེས་པ་དང་། ཆགས་ལས་ཐམས་ཅད་ཆགས་རང་བཞིན། །ཞེས་བྱ་བའི་
ཚིག་ལས་ཀྱང་ངོ་། །དེ་ནས་དེའི་ལག་པར་ཎཾ་གི་ཡི་གེས་གཞུའོ། །རཾ་གྱི་ཡི་གེས་ནི་མདའ་ལྔའོ། །ཨཾ་གི་ཡི་གེས་ནི་གཞུའི་རྒྱུད་དུ་བསྒོམས་ནས་དེའི་ཅོད་པན་ལ་དེའི་བདག་པོ་དེ་བཞིན་དུ་བསམས་ནས་མདུན་དུ་བསྒྲུབ་པར་བྱ་བ་ཁ་དོག་དམར་པོ་གོས་མེད་པ་འཇིགས་པ་དང་བཅས་
ཤིང་བཀའ་ནོད་པར་བྱེད་པ་འབེན་དུ་བྱའོ། །དེ་ནས་ཡི་གེ་ཨོཾ་གྱིས་གཞུ་འདྲེན་པ་དང་ཡི་གེ་ཨཿས་མདའ་འཕང་བར་བྱའོ། །ཡི་གེ་ཧཱུཾ་གིས་དཔྲལ་བ་དང་། མིག་གཉིས་དང་། སྙིང་ག་དང་། གསང་བར་ཡང་དང་ཡང་དུ་རང་གི་སྔགས་ཇི་ལྟ་བ་བཞིན་དུ་ཟློས་ཤིང་ཕུག་པར་བསམ་པར་བྱའོ། །
དེ་བཞིན་དུ་རང་གི་བདག་པོ་དང་དཀྱིལ་འཁོར་པས་ཀྱང་དེ་འབིགས་པ་ལྷུར་བྱེད་པ་བསམ་པར་བྱའོ། །བསྒྲུབ་པར་བྱ་བ་ཡང་མདའ་དམར་པོའི་འོད་ཟེར་གྱིས་ཁྱབ་པའི་ལུས་རང་གི་རྐང་པའི་དྲུང་དུ་མགོ་བོ་བཏུད་དེ། ཐལ་མོ་སྦྱོར་བ་བརྒྱལ་བ་དང་འདྲ་བ་བསྒོམ་པར་བྱའོ། །གང་རྣམས་

ཀྱིས་ཤེ་ན་གསུངས་པ། བྱིས་པའི་བློ་ནི་གྲགས་ཆེན་གྱིས། །ཞེས་བྱ་བ་ནི་གཞོན་ནུ་མའི་རྣམ་པ་ཡིན་པའི་ཕྱིར་དང་། སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཀྱི་རང་བཞིན་གྱི་ཕྱིར་བྱིས་པའི་བློ་ནི་འཇམ་པའི་རྡོ་རྗེའོ། །རང་གི་བདག་པོ་དང་དཀྱིལ་འཁོར་པ་རྣམས་ཀྱང་རབ་ཏུ་གྲགས་པ་
གྲུབ་པས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་གྲགས་པ་ཆེན་པོ་དང་ལྡན་པའོ། །སློབ་མ་བཅུག་པ་ལ་དཀྱིལ་འཁོར་བསྟན་པའི་ཆོ་ག་གསུངས་པ། ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། འདིའི་དོན་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་ནང་དུ་ཇི་ལྟ་བ་བཞིན་
སློབ་མ་གཞུག་པ་བྱས་ནས། དེའི་ཧཱུཾ་ཨཱཿཨོཾ་ཞེས་བྱ་བ་རྣམས་ཀྱིས་ཐུགས་རྡོ་རྗེ་ལ་སོགས་པ་དང་། རང་གི་ས་བོན་གྱིས་ཡེ་ཤེས་སེམས་དཔའ་གནས་ཇི་ལྟ་བ་བཞིན་དུ་སྒོམ་མོ། །མིག་གཉིས་སུ་ཡི་གེ་ཨོཾ་བཀོད་དེ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བསྟན་ཏོ། །གཞུང་འདིས་འབེབས་
པའི་སྦྱོར་བ་གཞན་གྱིས་བཤད་དོ་ཞེས་ལ་ལ་འདོད་དོ། དེ་ལ་འདིའི་ཆོ་ག་ནི་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་ཡི་གེ་ཧཱུཾ་ལ་སོགས་པས་གཞོན་ནུ་མ་དང་། གཞོན་ནུ་རྡོ་རྗེ་གསུམ་ལ་སོགས་པའི་གཟུགས་ཀྱིས་བསྐྱེད་ནས་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས་འབར་
བའི་ཨོཾ་མིག་གཉིས་སུ་བལྟས་ཏེ་མེ་ལོང་ལ་སོགས་པ་ལ་ལན་མང་དུ་ཇི་ལྟ་བ་བཞིན་དུ་བསྔགས་ཏེ་བསྟན་པར་བྱའོ། །ཇི་ལྟ་བ་བཞིན་དུ་གྱུར་པ་མཐོང་ངོ་། །བཀྲེས་སྐོམ་ཞེས་བྱ་བ་ལ་སོགས་པས། བཀྲེས་སྐོམ་ལ་སོགས་པ་ཉེ་བར་ཞི་བའི་ཐབས་གསུངས་པ། རྣམ་པར་
སྣང་མཛད་གཟུགས་ཆེན་པོ། །ཞེས་བྱ་བ་ནི་སྐུའི་རྡོ་རྗེའོ། །བསམས་ནས་དོན་རྣམས་ཐམས་ཅད་འབྱོར། །ཞེས་བྱ་བ་ནི་མངོན་པར་མཐོ་བ་དང་། ངེས་པར་ལེགས་པར་རྫོགས་པར་བྱེད་པའི་ཕྱིར་རོ། །བཾ་ནི་ཁའི་ནང་དུ་བསམ། །ཞེས་བྱ་བ་ནི་བུམ་པ་བཟང་པོ་སེར་པོའི་
རྣམ་པ་ལྟ་བུ་རང་གི་མ་མཆུ་ལ་བརྟེན་པའི་ཁར་བཾ་གྱི་ཡི་གེ་བསམས་ནས་སོ། །ཨོཾ་ནི་ལྕེ་ལ་བསམ་པར་བྱ། །ཞེས་བྱ་བ་ནི་ལྕེ་ལ་ཨོཾ་དཀར་པོ་འབར་བ་དང་བཅས་པ་བསམས་ནས་དེ་ཡང་ཟས་བཟང་པོ་ཐམས་ཅད་ཀྱིས་བཀང་བའི་བདུད་རྩི་འཛག་པར་བསམ་པར་བྱའོ། །ཡིད་བཞིན་

ནོར་བུས་བརྒྱན་པ་སྟེ། །ཞེས་བྱ་བ་ནི་དེའི་ཁར་ཟླ་བ་ཕྱེད་པ་ལ་ཐིག་ལེ་ཅུང་ཟད་ཁ་ཆོད་པ་དང་འདྲ་བའི་ཐིག་ལེ་ལས་བྱུང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསྒོམས་ནས་དེའི་འོད་ཟེར་རྣམས་ཀྱིས་ཐམས་ཅད་ཀྱི་སྨན་བཟང་པོའི་བདུད་རྩི་བླངས་ནས་དགུག་སྟེ་དབབ་པར་
བྱའོ། །དེ་ནས་རིམ་གྱིས་དེ་རྣམས་ཀྱི་བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་ཚིམ་པར་བསྒོམ་པར་བྱའོ། །ལ་ལ་དག་འདིར་ལྕེའི་རྩ་བའི་སྟེང་དུ་ཡི་གེ་བཾ་བསམས་ནས་དེའི་འོག་ཏུ་གནས་པའི་ཡི་གེ་ཨོཾ་བསྒོམས་ཞེས་ཉེ་བར་བསྟན་ཏོ། །སེམས་ཅན་ལེ་ལོ་ཅན་རྗེས་སུ་གཟུང་བའི་དོན་དུ་
དཔའ་བོ་རྡོ་རྗེའི་ཏིང་ངེ་འཛིན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དཔའ་བོ་ཆེན་པོ་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཕྱིར་ཆ་མེད་པ་གཉིས་སུ་མེད་པ་ཉིད་ཀྱི་དེའི་ངོ་བོ་ཉིད་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་བསྒོམ་པའི་ཚིག་
ཅེས་བྱ་བ་ལ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་སྒྲིབ་པ་ཐམས་ཅད་བཅོམ་པའི་ཕྱིར་རྡོ་རྗེ་སྟེ་དཔའ་བོའི་རྡོ་རྗེའོ། །དེའི་སྒོམ་པ་ནི་ཏིང་ངེ་འཛིན་ནོ། །གནས་མཆོག་ནི་བླ་ན་མེད་པའི་གནས་ཏེ་དེ་སྐྱེད་པའི་ས་བོན་ཞེས་བྱ་བའི་དོན་ཏོ། །ཡང་ན་དྲུག་པའི་དོན་ལ་འདིར་
དང་པོ་སྟེ་འདིའི་དོན་ནི་དཔའ་བོ་རྡོ་རྗེ་དེ་བཞིན་གཤེགས་པའི་མི་ཕྱེད་པ་བསྒོམ་པའི་གནས་ཀྱི་མཆོག་ཡི་གེ་བི་བཏོན་ནས་སོ། །ནམ་མཁའི་རྡོ་རྗེ་ལ་སོགས་པ་ལ་འདིའི་དོན་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་རྡོ་རྗེ་འཛིན་པ་སྔར་བསྒོམས་པས་ཡི་གེ་བི་ལས་བྱུང་བའི་རྡོ་རྗེ་སེར་པོ་ལ་སོགས་
པའི་རིམ་གྱིས་ཇི་སྐད་གསུངས་པའི་གཟུགས་སེར་པོ་དང་རྡོ་རྗེ་སེར་པོ་དང་རལ་གྲི་དང་། ནོར་བུ་དང་པདྨ་དང་ལྡན་པ་ལ་ཡིད་མི་བསྐྱོད་པས་དབང་བསྐུར་ཞིང་ཟླ་བའི་དཀྱིལ་འཁོར་ལ་གནས་པ་བསྒོམ་པར་བྱའོ། །ཐམས་ཅད་བརྩམ་པར་བྱ་ཞེས་བྱ་བ་ནི་ཤེས་རབ་བསྐྱེད་ནས་ལས་ཀྱི་
རྒྱལ་མཆོག་ཡན་ཆད་ཆོ་ག་བཞིན་དུ་བྱའོ། །དཔའ་བོའི་རྡོ་རྗེ་ཉིད་མི་ཕྱེད་པས་གཏིང་དཔག་དཀའ་བའི་དེ་བཞིན་ཉིད་རྒྱ་མཚོ་ཆེན་པོ་ལས་བྱུང་བ་ཉིད་ཀྱི་ཕྱིར་རླབས་སོ། །དེའི་མཐའ་ཡས་པའི་ཕྱོགས་སུ་སྤྲོས་པ་ནི་ཕྲེང་བས་ཏེ་དེ་ཉིད་ཀྱི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །ཤིན་

ཏུ་བསོད་ནམས་ཆུང་བའི་སེམས་ཅན་རྣམས་ལ་མདོར་བསྡུས་ནས་སྡིག་པ་ལ་སོགས་པ་ཉེ་བར་ཞི་བའི་དོན་དུ་ཙུན་དའི་ཏིང་ངེ་འཛིན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་ལ་ཕན་པའི་ཆེད་དུ་གསུངས་པ། ཀུན་ནས་དབྱངས་ཏེ་
ཙུན་དའོ། །དེ་ཉིད་རྡོ་རྗེ་སྟེ། ཏིང་ངེ་འཛིན་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ནམ་མཁའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་འདི་སྐད་གསུངས་པ་ཡིན་ཏེ། སྔར་རྡོ་རྗེ་འཛིན་པ་བསྒོམས་པས་ཙུན་ད་པདྨ་དཀར་པོ་ལས་ཡང་དག་པར་བྱུང་བ་པདྨ་དང་། རལ་གྲི་དང་། ནོར་བུ་དང་། འཁོར་ལོ་དང་
ལྡན་པ་དང་། ཕྱག་གཉིས་ཀྱིས་རང་སྣང་བའི་ཐབས་ལ་འཁྱུད་པ་ཕྱག་རྒྱ་བཞིས་རྒྱས་བཏབ་པ་བསྒོམ་པར་བྱའོ། །ལ་ལ་དག་ནི་ཟླ་བ་ལ་བཞུགས་པར་འདོད་དོ། །དེའི་དོན་འདིར་ཚིག་ཏུ་མི་མཚོན་པར་བསམ་པར་བྱའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་བསྐྱོད་པའི་དབུ་རྒྱན་ལ་བསྒོམས་
ནས་སོ། །སྔགས་ཀྱི་ཚིག་དགོད་ཅེས་བྱ་བ་ནི། ལས་ཀྱི་ཁྱད་པར་གྱི་དངོས་གྲུབ་ཀྱི་དོན་དུ་སྔགས་སྦྱར་བར་བྱའོ། །ཡང་ན་བདག་ཉིད་རིགས་ལྔ་དང་ལྡན་པའི་དོན་དང་། ཐབས་ལེགས་པར་སྦྱར་བའི་དོན་དུ་ཅི་རིགས་པར་སྔགས་བསྒོམ་པར་བྱའོ། །རྡོ་རྗེ་དམ་ཚིག་གི་ཡེ་ཤེས་ནི་མི་བསྐྱོད་པའོ། །
དེ་ཉིད་འོད་ཟེར་ཏེ། སྐུལ་བྱེད་མའི་སྤྲུལ་པའི་གཟུགས་ཅན་དེ་གང་ལ་ཏིང་ངེ་འཛིན་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སེམས་ཅན་དབུལ་པོ་རྣམས་རྗེས་སུ་གཟུང་བའི་དོན་དུ་ཛམྦྷ་ལའི་ཏིང་ངེ་འཛིན་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བསམ་པ་ཐམས་ཅད་ནི་ཡིད་ལ་འདོད་པ་ཐམས་
ཅད་དོ། །དེའི་ལོངས་སྤྱོད་པ་ནི་དུས་ཇི་ལྟ་བ་བཞིན་ཐོབ་པ་སྟེ། གང་ཏིང་ངེ་འཛིན་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཏིང་ངེ་འཛིན་རྡོ་རྗེའི་ཚུལ་ཞེས་བྱ་བ་ལ་ཏིང་ངེ་འཛིན་ཛམྦྷ་ལའི་རྣམ་པ་དེའི་མི་ཕྱེད་པ་མངོན་དུ་བྱེད་པའི་ཐབས་ཏེ། ཡི་གེ་ཛཾ་ཕྱུང་བ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀུན་
ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སོ། །ཆོ་ག་ཡིས་ཞེས་བྱ་བ་ནི་སྲིད་པ་བར་མའི་ཚུལ་གྱིས་ཛམྦྷ་ལའི་རྣམ་པས་འཛིན་པ་དེ་བཞིན་གཤེགས་པ་རྣམས་གནོད་སྦྱིན་གྱི་དབང་པོར་བསྐྱེད་ནས་མངོན་དུ་བྱེད་པས་དབབ་པར་བྱའོ། །རྡོ་རྗེ་བསྒོམས་

པས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དེ་རྣམས་རྡོ་རྗེ་འཛིན་པའི་ཞལ་དུ་བཅུག་སྟེ། བྱང་ཆུབ་ཀྱི་སེམས་ཞུ་བར་བྱས་པ་ཡི་གེ་ཧོ་གཉིས་དང་སྤེལ་བའི་ཡི་གེ་གསུམ་གྱིས་ལྷ་མོ་དེའི་པདྨའི་ནང་དུ་དབབ་པར་བྱ་སྟེ་བསྐྱེད་པར་བྱ་ཞེས་བྱ་བ་ལ། ཇི་ལྟ་བ་བཞིན་དུ་སྔར་
རྡོ་རྗེ་འཛིན་པ་བསྒོམས་པས་ཡི་གེ་ཛཾ་ལས་བྱུང་བ་བི་ཛ་པཱུ་ར་ལ་སོགས་པ་བསྒོམ་པའི་རིམ་གྱིས་མངོན་པར་བསྐྱེད་པའོ། །གནོད་སྦྱིན་ཆེན་པོ་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པའི་ཕྱིར་རོ། །རྟོག་པ་ཐམས་ཅད་བསྡུས་པ་ལས། །གང་ཞིག་
ཟད་པ་ཉོན་མོངས་ཀུན། །གང་ཞིག་ཟད་པ་དགྲ་ཉིད་དེ། །སྡིག་པ་ཟད་པ་ཉེ་བར་ལེན། །དེ་ནི་གནོད་སྦྱིན་ཞེས་སུ་བརྗོད། །ཅེས་གསུངས་སོ། །གནོད་སྦྱིན་གཟུགས་འཛིན་པ་ཞེས་བྱ་བ་ནི་མན་ངག་ལས་བྱུང་བ་ལྟོ་ཆེ་བ་གསེར་གྱི་མཆོག་ཅན་ཞལ་གསུམ་པ་ཕྱག་གཡས་པས་བི་ཛ་པཱུ་ར་དང་རལ་གྲི་བསྣམས་པ་གཡོན་ན་རིན་པོ་
ཆེ་སྐྱུག་པའི་ནེའུ་ལེ་དང་པདྨ་འཛིན་པ་རང་སྣང་བའི་ཤེས་རབ་མ་ལ་འཁྱུད་པའི་ཟླ་བའི་གདན་དང་མི་བསྐྱོད་པའི་ཅོད་པན་ཅན་བསྒོམ་པར་བྱའོ། །དེ་ལྟར་སྦྱོར་བ་དང་པོ་བསྟན་ནས་དཀྱིལ་འཁོར་རྒྱལ་པོ་མཆོག་བསྟན་པར་བྱ་བ་གསུངས་པ། སངས་རྒྱས་ལྔའི་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་
སོགས་པ་རྣམས་སོ། །ཆོ་ག་ཡིས་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་གཞུག་པ་སྔོན་དུ་སོང་བ་རང་སྣང་བའི་པདྨར་དཀྱིལ་འཁོར་སྤྲུལ་པ་ལ་སོགས་པའི་རིམ་གྱིས་སོ། །གནས་ལྔ་དག་ཏུ་ཞེས་བྱ་བ་ནི་རང་གི་ལུས་དང་ཤར་ལ་སོགས་པའི་ཕྱོགས་སུའོ། །འདི་ནི་ཉེ་
བར་མཚོན་པའི་དོན་ཡིན་པའི་ཕྱིར་འདིར་དཀྱིལ་འཁོར་པ་ཐམས་ཅད་བལྟ་བར་བྱའོ། །ལ་ལ་དག་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། རྣམ་པར་སྣང་མཛད་དང་། དོན་ཡོད་གྲུབ་པ་རྣམས་མགོ་བོ་དང་། དཔྲལ་བ་དང་། ཁ་དང་། སྙིང་ག་དང་། ལྟེ་བ་
རྣམས་སུ་གྲངས་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱ་སྟེ། དེ་ཕྱིར་སངས་རྒྱས་ལྔའི་ཞེས་བྱ་བ་གསུངས་སོ་ཞེས་འདོད་དོ། །རྡོ་རྗེ་བདུད་རྩིའི་ཆུ་ཞེས་བྱ་བ་ནི་རང་གི་ལག་པ་ལ་གནས་པའི་ཆུ་སྐྱེས་ཀྱི་ཟླ་བའི་དབུས་སུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ལ་གནས་པ་འཁོར་ལོ་དང་བཅས་པའམ།

རྡོ་རྗེ་འཛིན་པ་གཅིག་པུའི་གཟུགས་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་རྣམ་པར་མོས་པས་བདུད་རྩི་ལྔའི་ཆུས། རང་གི་རྗེས་སུ་མཐུན་པའི་ཛམྦྷ་ལ་ཇི་ལྟ་བ་བཞིན་དུ་ཕྱུང་སྟེ། མདུན་དུ་བཞག་ནས་དེའི་སྔགས་ཟློས་ཤིང་དེ་ལ་ཇི་ལྟ་བ་བཞིན་དུ་སྦྱིན་པར་བྱའོ། །དེའི་
སྨིན་མཚམས་ཀྱི་མཛོད་སྤུ་ལ་གནས་པ་ཛཾ་སེར་པོའི་འོད་ཟེར་རྣམས་ཀྱིས་སྒྲུབ་པ་པོ་འགེངས་པར་བསམ་མོ། །འདི་ནི་ཕྱི་རོལ་གྱི་ཆུ་སྦྱིན་པའི་ཆོ་གའོ། །ནང་གི་ཆོ་ག་ལ་མན་ངག་འདི་ཡིན་ཏེ། ཇི་ལྟ་བ་བཞིན་དུ་བདག་པོའི་སྦྱོར་བ་དང་ལྡན་པ་ཆོ་ག་བཞིན་དུ་རང་སྣང་བའི་ཆུ་སྐྱེས་ལ་དཀྱིལ་འཁོར་
གྱི་འཁོར་ལོ་འང་གཅིག་གིས་གཟུགས་ཀྱི་ཛམྦྷ་ལ་སྤྲུལ་པ་ནས་ཇི་ལྟ་བ་བཞིན་དེ་བཞིན་གཤེགས་པ་རྣམས་བདག་ལ་བཅུག་སྟེ། དེ་ལས་བྱུང་བའི་བྱང་ཆུབ་སེམས་བདུད་རྩིའི་ཆུ་ཨོཾ་ཨཱཿཛཾ་བྷ་ན་དེ་ཧི་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་སམ་ཡང་ན་ཕྲེང་བའི་སྔགས། ཨོཾ་ཨཱཿཨོཾ་ཛམྦྷ་ལ་ཛ་ལེནྡྲ་
ཡེ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་ལ་སྔགས་བཟླས་པས་ཇི་ལྟ་བ་བཞིན་དུ་དེ་ལ་སྦྱིན་པར་བྱའོ། །སླར་གཤེགས་པར་འདོད་ན་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་དེ་རིག་མ་དང་བཅས་པ་མི་བསྐྱོད་པའི་གཟུགས་ཀྱིས་དེའི་དབང་བསྐུར་བའི་གནས་སུ་སྤྲུལ་ཏེ་གཤེགས་སུ་གསོལ་ལོ། །མི་ཕྱེད་པ་དཔག་
ཏུ་མེད་པའི་རྫས་བསྒྲུབ་པ་དེའི་མཚན་ཉིད་དུ་གྱུར་པའི་ཕྱིར་རྡོ་རྗེ་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པའི་ཛམྦྷ་ལ་བཤད་དོ། །དེའི་དཔལ་ནི་རྫོགས་པ་ལ་སོགས་པའི་ཕུན་སུམ་ཚོགས་པར་གྱུར་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གནོད་སྦྱིན་མོ་བསྒྲུབ་པའི་ཆོ་ག་གསུངས་
པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་དེ་ཁོ་ན་ཉིད་ཀྱི་བསམ་པ་ཅན་གྱི་རྣལ་འབྱོར་པ་རྣམས་སོ། །འདོད་པའི་ལོངས་སྤྱོད་ཀྱི་དཔལ་ནི་གནོད་སྦྱིན་མོ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པས། གནོད་སྦྱིན་མོ་ཐམས་ཅད་
ཀྱི་ཀྵིཾ་ཉིད་ཐུན་མོང་དུ་བསྐྱེད་པའི་ས་བོན་ཡིན་པར་ཉེ་བར་སྟོན་ཏོ། །ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། འདིའི་དོན་ནི་རང་གི་དཀྱིལ་འཁོར་གྱི་དབུས་སུ་འཇམ་པའི་རྡོ་རྗེའི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ཏེ་མདུན་དུ་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཀྵིཾ་བསྒོམས་ནས་དེའི་འོད་ཟེར་གྱི་

ལྕགས་ཀྱུས་བཀུག་སྟེ་གནོད་སྦྱིན་གྱི་བུ་མོ་རྣམས་ཀྱིས་ནམ་མཁའ་གང་བར་བསམ་མོ། །དེ་ནས་དེའི་ས་བོན་ལ་ནམ་མཁའ་ན་གནས་པའི་གནོད་སྦྱིན་མོའི་ཚོགས་ནང་དུ་བཅུག་སྟེ། དེའི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལ་སོགས་པ་
ལས་གྲགས་པའི་གང་འདོད་པའི་གནོད་སྦྱིན་མོའི་གཟུགས་བསྐྱེད་པར་བྱའོ། །ལན་གསུམ་རྡོ་རྗེའི་བྱེ་བྲག་གི །ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་གཞུག་པ་སྔོན་དུ་སོང་བ་ཞི་བ་དང་སྡིག་པ་ལ་སོགས་པའི་དབྱེ་བས་བསྒྲུབ་པར་བྱའོ། །འདི་ཉིད་གསུངས་པ། རྡོ་རྗེ་འཇམ་པ་ཞེས་བྱ་བ་ལ་
སོགས་པ་ལ། མགོ་བོ་ལ་ནི་ཁྲོ་བོ་བསྒོམ། །ཞེས་བྱ་བ་ནི་གཤིན་རྗེ་གཤེད་པོས་བསྒྲུབ་བྱའི་མགོ་བོ་ལ་མནན་པའོ། །སྙིང་གར་ན་དེའི་སྔགས་མེ་འབར་བ་བཞིན་དུ་གདུང་བར་བསྒོམ་པར་བྱའོ། །གནོད་སྦྱིན་མོ་རྣམས་མཉམ་པ་ཉིད་ནི་ས་བོན་གཅིག་པ་ཉིད་ཀྱིས་གནས་པར་བསྒོམ་
པའི་རྡོ་རྗེར་བཤད་པའི་ཏིང་ངེ་འཛིན་གང་ཡིན་པ་ལ་དེ་སྐད་ཅེས་བྱའོ། །དམན་པའི་དངོས་གྲུབ་བསྒྲུབ་པ་རྣམས་ཀྱང་འདིར་དགེ་བའི་ཆོས་ཡོངས་སུ་སྨིན་པའི་དབང་གིས་ངེས་པར་དངོས་གྲུབ་མཆོག་ཏུ་འགྱུར་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཐམས་ཅད་ཀྱི་དངོས་
གྲུབ་ནི་མི་སྣང་བ་ལ་སོགས་པའི་ངོ་བོའོ། །དེ་རྣམས་ཀྱི་སྤྲུལ་པ་ནི་ངེས་པར་བསྒོམས་ནས་ཡང་དག་པའི་བྱང་ཆུབ་སྐྱེད་པར་བྱེད་པ་ཉིད་དེ། དེ་ཉིད་ནི་སྐུ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་གསུངས་པའོ། །འདི་རྣམས་ཀྱི་ལས་གང་འབྲས་བུའི་གཙོ་བོར་གྱུར་པ་གསུངས་པ་མི་སྣང་བ་
ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡིད་བཞིན་གྱི་ནོར་བུ་བཞིན་དུ་མ་ལུས་པའི་སེམས་ཅན་རྣམས་འདོད་པ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཀྱིས་ཡིད་བཞིན་གྱི་ནོར་བུའི་འོད་དང་འདྲ་བའོ། །ད་ནི་རྒྱུད་ཀྱི་དོན་རྟོགས་ཤིང་དབང་བསྐུར་བ་དང་ལྡན་པ་སྣང་བ་ཐོབ་པ་དང་དམ་ཚིག་ལ་གནས་པ་
རྣམས་ཀྱིས་ཕྲ་མོའི་སྦྱོར་བ་ལ་སོགས་པ་རྣམས་ཀྱིས་སེམས་བརྟན་པོར་བྱས་ལ། ལྷའི་གནང་བ་ཐོབ་པས་རང་གི་རྗེས་སུ་མཐུན་པའི་རིག་མ་དང་བཅས་པས་ཟླ་བ་དྲུག་ཏུ་རིག་པའི་བརྟུལ་ཞུགས་སྤྱོད་པ་གསུངས་པ། རང་ཚུལ་ཉིད་ཀྱིས་ཞེས་བྱ་བ་ནི་མངོན་སུམ་ཉིད་དུ་ཤིང་ལ་སོགས་པ་ལས་

བྱས་པས་རིགས་དང་རྗེས་སུ་འཚམ་པ་ཅོད་པན་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པར་བསྒོམ་མོ། །ལྷ་དེ་དང་དེ་རྣམས་ཀྱི་རྩ་བའི་ཕྱག་མཚན་ལ་སོགས་པ་གཟུང་བར་བྱ་སྟེ་མོས་པ་ཙམ་གྱིས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་དཔལ་སྣང་བ་འཆར་བ་ལས། །རོལ་
པ་དང་བཅས་ཡང་དག་སྦྱོར། །རང་གི་ང་རྒྱལ་ཡང་དག་གནས། །རབ་ཏུ་གྲགས་པའི་ཕྱག་མཚན་རྣམས། །ཆོ་ག་ཐམས་ཅད་རྒྱས་པ་ལས། །ཅོད་པན་ཡང་ནི་རྟག་ཏུ་འཛིན། །ཐམས་ཅད་སངས་རྒྱས་ཀྱིས་ནི་བརྒྱན། །ལུགས་མ་དང་ནི་བརྡུངས་མ་འང་རུང་། །བྲིས་དང་བཞག་དང་དེ་
བཞིན་དུ། །རལ་པའི་ཅོད་པན་གཞན་ཡང་ནི། །བཅོས་པའི་སྐྲ་སོགས་ཀྱིས་བརྒྱན་བྱས། །རལ་པ་དང་བྲལ་གཞན་ལ་ཡང་། །གདོན་མི་ཟ་བར་དེ་བཟུང་ངོ་། །དག་བྱེད་དོན་དུ་ཐ་སྙད་ལས། །བཟང་པོ་ལེགས་པར་སྦྱངས་པ་དང་། །ལེགས་པར་སྒྲིལ་བ་གསལ་བ་དང་། །རིན་
ནི་ཆུང་བ་རྣམས་དང་ནི། །མཆིང་བུ་སོགས་ཀྱིས་གསལ་བྱས་པ། །ཡང་དག་རྫོགས་པའི་སངས་རྒྱས་གཟུགས། །ཞེས་གསུངས་སོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ཀྱི་གཟུགས་བརྙན་བསྟན་ཏོ། །ཆོ་ག་བཞིན་དུ་ཐམས་ཅད་བྱ། །ཞེས་བྱ་བ་ནི་འཁྱིལ་པའི་
སྔགས་ཀྱིས་མངོན་པར་བསྔགས་པས་གོས་ལ་སོགས་པའི་རྒྱན་རྣམས་ཀྱིས་བརྒྱན་པའོ། །ཡང་དེ་ཉིད་ལས། དཔུང་པ་གཡོན་ལ་དཔུང་རྒྱན་ནོ། །གཡས་པ་ན་ནི་སོར་གདུབ་གསུམ། །ལུས་ངག་ཡིད་གསུམ་བསྲུང་དོན་དུ། །སངས་རྒྱས་ཀུན་གྱིས་གནང་བ་ཡིན། །ལག་གདུབ་རྣ་ཆ་
མགུལ་རྒྱན་ནི། །རབ་ཏུ་གསལ་ལ་རིན་ཆུང་བ། །ཐམས་ཅད་དུ་ནི་གཟུང་བར་བྱ། །ང་རྒྱལ་ཕྱིར་ནི་གུས་དང་བཅས། །ཞེས་གསུངས་སོ། །རེ་ཞིག་སྐུ་རྡོ་རྗེའི་སྦྱོར་བས་རིག་པའི་བརྟུལ་ཞུགས་དང་མཐུན་པའི་ཤེས་རབ་གསུངས་པ། བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་ལ། སྤྱན་གྱི་གོ་
འཕང་ལོངས་སྤྱོད་པའི། །ཞེས་བྱ་བ་ནི་དེའི་ཕྱག་མཚན་དང་བཅས་པའི་ཇི་སྐད་གསུངས་པའི་བཙུན་མོ་རང་སྣང་བར་བསྐྱེད་པར་བྱ་ཞེས་བྱ་བའི་དོན་ཏོ། །སྔགས་དང་རྒྱུད་ནི་ལེགས་པར་བསླབ། །ཅེས་བྱ་བ་ནི་སློབ་དཔོན་གྱི་ཡོན་ཏན་དང་ལྡན་པའོ། །དེ་ཉིད་དུ་དབང་བསྐུར་རྗེས་སུ་

གནང་ཐོབ་མ། །སེམས་ཅན་དོན་བྱེད་པ་ལ་བཟོད། །ཕྱག་མཚན་ལྷན་ཅིག་ཡང་དག་ལྡན། །རིག་མ་ཡང་དག་འབད་དེ་གཟུང་། །རིག་པའི་བརྟུལ་ཞུགས་སྤྱད་པ་ནི། །རྣལ་འབྱོར་སྣོད་ལ་མཉམ་གཞག་པས། །ཞེས་གསུངས་སོ། །དེའི་དུས་ཀྱི་དམ་ཚིག་གསུངས་པ། རྟག་ཏུ་
གཞན་གྱི་ནོར་རྐུ་ཞིང་། །ཞེས་བྱ་བ་ལ་སོགས་པ་ལ། གཞན་གྱི་ནོར་ནི་གཟུང་བ་ལ་སོགས་པའི་མངོན་པར་ཞེན་པའོ། །དེ་རྐུ་བ་ནི་བདག་མེད་པ་གོམས་པས་སོ། །གསོད་པ་ནི་འཛིན་པ་ལ་མངོན་པར་ཞེན་པ་དང་བྲལ་བའོ། །དེ་ཉིད་བྱིས་པ་རྣམས་ཀྱིས་དེ་བཞིན་དུ་མ་རྟོགས་པའི་ཕྱིར་རྨད་དུ་བྱུང་བའོ། །
དེ་ཡང་ཐམས་ཅད་གསང་བ་ལས། །སེམས་ཅན་ཀུན་གྱི་ནོར་ཐམས་ཅད། །རང་གི་སེམས་ཀྱིས་ཆོས་ཀུན་བསྡུས། །ཆོས་ལ་བདག་མེད་སྦྱོར་བ་ཡིས། །བསད་ན་རང་ཉིད་འཆི་བའོ། །ཞེས་སོ། །ཡང་ན་གཞན་གྱི་ནོར་རྐུ་ཞེས་བྱ་བ་ལ་གཞན་ནི་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་ཕྱིར་སངས་རྒྱས་
སོ། །དེ་རྣམས་ཀྱི་ནོར་ནི་དེ་ཁོ་ན་ཉིད་ཤེས་པའོ། །གང་ཡང་གསང་བའི་སྙིང་པོ་བསྡུས་པ་ལས། ནོར་ཀུན་སངས་རྒྱས་ཐམས་ཅད་ཀྱིས། །དེ་ཉིད་དམ་པ་དྲི་མ་མེད། །ཅེས་སོ། །འདོད་ཆགས་རྡོ་རྗེ་གནས་སྤྱད་པ། །ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་རྟག་ཏུ་མངོན་དུ་བྱེད་པ་
ཞེས་བྱ་བའི་དོན་ཏོ། །འདས་ནས་ཞེས་བྱ་བ་ནི་གང་གི་ཚེ་དམིགས་པར་སྤྱོད་པ་འམ། ལྷག་པར་སྙིང་རྗེ་ལ་དམིགས་པ་མེད་ན་དེའི་ཚེ་འདིས་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་མི་འགྲུབ་པའོ་ཞེས་བྱ་བའི་དོན་ཏོ། །ཤུགས་ཀྱི་སྒྲ་ཉེ་བར་བཟུང་ནས་དེའི་སྙིང་རྗེ་ཆེན་པོ་དང་ལྡན་པ། ནུབ་པ་ཐོབ་པ་དང་གཞན་གྱི་
སེམས་ཤེས་པས་དཀོན་མཆོག་གསུམ་ལ་ཕན་པའི་དོན་དུ། ལེའུ་དགུ་པར་གསུངས་པའི་ཆོ་གས་སྒྲ་ཇི་ལྟ་བ་བཞིན་དུ་ཡང་བྱས་ནས་སྐྱོན་མེད་པར་འགྱུར་རོ་ཞེས་བྱ་བ་ནི་རྟོགས་པར་བྱ་བའི་དོན་དུ་བྱ་བ་སྟེ། དེ་བཞིན་དུ་གསུངས་པ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཡིས། །དགེ་བ་འམ་ནི་
མི་དགེ་བ་འམ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་དེ་ཡི་དབང་འགྱུར་ཡིན། །ཞེས་སོ། །འདོད་ཆགས་རྡོ་རྗེ་ལྕགས་ཀྱུ་མ། །ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ལ་སོགས་པའི་སྦྱོར་བས་ཀྱང་འདིའི་རིག་པའི་བརྟུལ་ཞུགས་བྱའོ་ཞེས་བསྟན་ཏོ། །རང་གི་ཕྱག་རྒྱའམ་ཞེས་

བྱ་བ་ལ་སོགས་པ་ལ་འདིས་ནི་ལྷ་ཐམས་ཅད་ཀྱི་རྣལ་འབྱོར་པའི་ཐུན་མོང་གི་རིག་པའི་བརྟུལ་ཞུགས་བསྟན་པའོ། །ལྷག་མ་ནི་གོ་སླའོ། །དངོས་གྲུབ་ཐམས་ཅད་ཀྱི་དོན་དུ་དཀྱིལ་འཁོར་དེ་ཉིད་དེ་ཁོ་ན་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རྡོ་རྗེའོ། །བྱང་ཆུབ་སེམས་གང་
དེ་རྡོ་རྗེ། །ཞེས་བྱ་བ་གསུངས་པའི་ཕྱིར་དེ་རྣམས་ཀྱི་མངོན་པར་བྱང་ཆུབ་པ་ནི་རྣམ་པ་ཐམས་ཅད་ཀྱི་ཡེ་ཤེས་སོ། །ལེའུ་གང་དུ་དེ་བཤད་པ་ལས་དེ་སྐད་ཅེས་བྱའོ། །དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལས་ལེའུ་བཅུ་དྲུག་པའི་བཤད་
པའོ།། །།དམ་ཚིག་གསུངས་པ་ལ་སོགས་པས་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། དེའི་ཕྱིར་གསུངས་པ་དང་མ་གསུངས་པའི་དམ་ཚིག་ཉེ་བར་བསྟན་པའི་དོན་དུ་ལེའུ་བཅུ་བདུན་པའི་དགོང་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་རྣམ་
པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་མི་བསྐྱོད་རྡོ་རྗེའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཡེ་ཤེས་ཆེན་པོའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པའི་རྒྱུ་ཡིན་པས་རྡོ་རྗེ་དབྱིངས་སོ། །ཇི་ལྟར་གནས་པའི་ཆོས་ཐམས་
ཅད་དེ་ཁོ་ན་ཉིད་དུ་རྟོགས་པས་མཁས་པ་ཆེ་ནི་ཤེས་རབ་དང་ལྡན་པའི་གཙོ་བོའོ། །སྐུ་རྡོ་རྗེ་ལ་སོགས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རང་བཞིན་ཉིད་ཀྱི་ཕྱིར། རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ་མོ། །དེ་ཉིད་སྣ་ཚོགས་ཀྱི་གཟུགས་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་
ཀྱི་བྱ་བ་རྫོགས་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་སུ་གསུངས་པའོ། །གསུངས་ཞེས་ཏེ་དམ་ཚིག་ལ་སོགས་པ་བལྟ་བར་བྱའོ། །རྡོ་རྗེ་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བདག་ཉིད་སྤྱིར་བོད་པའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་སྒོ་ནས་དེ་ལྟར་ཚིགས་
བཅད་ལྷག་མའི་དོན་བརྗོད་པར་བྱའོ། །རྡོ་རྗེ་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོས་སོ། །ཆོས་ཀྱི་དེ་ཁོ་ན་ཉིད་རིག་པ་ལ་དམ་ཚིག་བརྟན་པར་བྱ་བའི་དགོངས་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་རྟོགས་པར་

སླའོ། །དམ་ཚིག་བཞི་ནི་བསྲུང་བར་བྱ། །ཞེས་བྱ་བ་ནི་དགུ་པར་གསུངས་པའི་ཆོ་གས་སེམས་ཅན་དུ་ལྟ་བ་ལ་སོགས་པ་དང་བྲལ་བས་སམ། རིགས་ཐམས་ཅད་ཀྱི་ཐུན་མོང་སེམས་ཅན་གསད་པ་ལ་སོགས་པའི་དམ་ཚིག་བཞི་པོ་སྐྱོང་བ་ནའོ། །བཟའ་བའི་དམ་ཚིག་
སྤྱི་དང་ཁྱད་པར་དུ་བཤད་པའི་དོན་ཇི་ལྟ་བ་བཞིན་དུ་སྤྱོད་པའོ། །དེ་ཉིད་གསུངས་པ་ཤ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་འདིར་ཡང་མཆོག་གི་དངོས་གྲུབ་ཐམས་ཅད་ཀྱི་ཐུན་མོང་གི་དམ་ཚིག་གོ། །ཇི་སྐད་དུ་གང་ལེའུ་དྲུག་པ་ལས། ཤ་ནི་བཟའ་བར་བྱ་དོན་དུ། །ཤ་ཆེན་དག་ཏུ་བརྟགས་ནས་
བྱ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འགྲུབ། །གསང་བའི་དངོས་གྲུབ་ཐམས་ཅད་ལ། །ཞེས་སོ། །ཡང་བཅུ་གཅིག་པ་ལས། ཤ་ཆེན་དམ་ཚིག་མཆོག་གི་ནི། །རྡོ་རྗེ་གསུམ་མཆོག་གྲུབ་པར་བྱ། །ཞེས་པའོ། །འདིར་ཡང་ཁྱད་པར་བཤད་པ། གཟུགས་ཀྱི་ཕུང་པོའི་
ངོ་བོ་ཉིད་ཀྱི་ཕྱིར་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཉིད་ཀྱིས་དེའི་དམ་ཚིག་བསྟན་པའོ། །སྒྱུ་འཕྲུལ་དྲ་བ་ལས། ཤ་ཁམས་ལ་གནས་སངས་རྒྱས་ནི། །རྣམ་པར་སྣང་མཛད་མཆོག་ཆེན་པོ། །ཞེས་སོ། །སྒྲིབ་པ་རྣམ་པར་སེལ་བའི་སྐུའི་ཡེ་ཤེས་ཀྱི་རྣམ་པར་དག་པའི་ངོ་བོ་ཉིད་
ཀྱི་ཕྱིར་ཤའི་ཁམས་ལ་གནས་པ་ནི་མ་ཡིན་ནོ། །རྡོ་རྗེ་འཛིན་པས་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། །ཐེག་པ་ཆེན་པོའི་ཆེན་པོས་ཐེག་པ་ཐམས་ཅད་བསྡུས་པ་ཉིད་ཀྱི་ཕྱིར། རང་སངས་རྒྱས་ཀྱི་དམ་ཚིག་རེ་ཞིག་གསུངས་པ། དེ་ནས་ཞེས་བྱ་བ་ལ་
སོགས་པ་ལ། གཅིག་གི་བདག་ཉིད་དུ་གཏད་ནས་སངས་རྒྱས་པ་ནི་རང་སངས་རྒྱས་སོ། །དེ་རྣམས་ཀྱི་དམ་ཚིག་ནི་མི་འདའ་བའི་ཆོས་ཏེ། དཀྱིལ་འཁོར་དང་ནི་ངེས་དང་དུས། །བརྡ་དང་སྔགས་དང་ཕྱག་རྒྱ་དང་། །ལྷ་རྣམས་དང་ཡང་གྲུབ་པའི་མཐའ། །རྒྱལ་བ་རྣམས་ཀྱི་དམ་ཚིག་
བཤད། །ཅེས་བྱ་བ་ནི་གྲུབ་པའི་མཐའ་ལས་སོ། །ལུས་ཀྱི་ཞེས་བྱ་བ་ནི་ཚིག་གི་ལམ་ལས་འདས་པ་ཆོས་ཐམས་ཅད་ཅེས་རྟོགས་པར་བྱས་ནས་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་གཟུང་བའི་རྣམ་པར་རྟོག་པ་རབ་ཏུ་སྤངས་པའི་ཕྱིར་རོ། །གང་གི་བྱེ་བྲག་གིས་གང་ཉན་པར་འདོད་པ་

དེའི་རྣམ་པར་ཤེས་པ་ལ། དེ་ཉིད་ཀྱི་རྣམ་པར་མཐོང་བ་ཉིད་ཀྱིས་འདི་ལྟར་སྒྲ་མེད་ཀྱང་དེའི་དོན་སོ་སོར་རྟོགས་པར་གྱུར་ཅིག་ཅེས་སྔོན་གྱི་སྨོན་ལམ་གྱི་དབང་གི་མཐུས་ཀྱང་སྒྲ་བརྗོད་པ་ལ་མ་ལྟོས་པར་གཞན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་སོགས་པ་ལ་འཇུག་པར་བྱེད་དེ། དེའི་ཕྱིར་དེ་
རྣམས་ལུས་ཀྱིས་ཆོས་སྟོན་པའོ། །དེའི་ཕྱིར་གསུངས་པ། རྡོ་རྗེ་སྐུ་ལ་རབ་ཏུ་གནས། །ཞེས་བྱ་བ་ནི་སྐུ་རྡོ་རྗེའི་རབ་ཏུ་སྦྱོར་བས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་གཟུང་བའི་ངང་ཚུལ་ཏེ། །ཞེས་བྱ་བ་ནི་མེ་འབར་བ་དང་ཆུ་བྲུག་པའི་རྫུ་འཕྲུལ་ཡང་དག་པར་བསྟན་པས།
གདུལ་བྱ་རྣམས་དང་བ་བསྐྱེད་པའོ། །ཉན་ཐོས་ཀྱི་བསླབ་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དགེ་བ་བཅུའི་ཞེས་བྱ་བ་ནི། ཀུ་ཙི་ཏི་ངན་སོང་རྣམས་ཏེ་ས་ལན་ཏི་ནི་འགྲོ་བར་བྱེད་པ་སྟེ། ཕྱི་རོལ་དུ་གྱུར་པ་འདིས་འགྱུར་བས་ན་དགེ་བ་སྟེ། སྲོག་གཅོད་པ་ལ་སོགས་
ལས་ལྡོག་པའོ། །ཡེ་ཤེས་སྤངས་པ་ཞེས་བྱ་བ་ནི་དངོས་པོ་ལ་མངོན་པར་ཞེན་པའི་ཕྱིར་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་དང་བྲལ་བའོ། །དམན་པ་ནི་རང་གི་དོན་གཅིག་པུ་ལྷུར་བྱེད་པས་ཆུང་བའི་མོས་པ་ལ་ཡང་ཡོད་པ་དེ་རྣམས་ལ་དེ་བཞིན་དུ་གསུངས་པའོ། །ཚངས་པའི་དམ་ཚིག་
གསུངས་པ། གཏི་མུག་ཅེས་བྱ་བ་ལ་སོགས་པ་ལ། གཏི་མུག་ནི་ཆོས་ཐམས་ཅད་མི་དམིགས་པའི་ཡེ་ཤེས་ཏེ། དེ་ཁོ་ན་ཉིད་ཀྱིས་གཟུང་བར་བྱ་བ་ལ་སོགས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གང་ཡང་། གཉིས་མེད་ཡེ་ཤེས་ཆོས་རྣམས་ལ། །ང་རྒྱལ་བྱེད་པ་གཏི་མུག་
བཤད། །ཅེས་གསུངས་སོ། །དེ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་ཉིད་ཀྱི་ཕྱིར་ལམ་མོ། །དེས་གང་ལས་ཀྱི་ཉོན་མོངས་པའི་གཏི་མུག་དང་བྲལ་བ་སྟེ། དེ་ཉིད་རང་གི་དོན་གཅིག་པུ་མཐར་ཕྱིན་པའི་ཐབས་ཀྱི་ཡེ་ཤེས་དང་བྲལ་བ་ཉིད་ཀྱིས་གཉིས་ཀའི་འགྲོ་བའི་
འཇིགས་པ་སྐྱེ་བས་འཇིགས་ཤིང་མི་སྡུག་པའོ། །ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་དང་ལྡན་པ་སླར་གཅིག་ཏུ་གཞན་གྱི་དོན་ལྷུར་བྱེད་པ་ཉིད་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་སྟོན་པའོ། །འདི་སྐད་གསུངས་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་ཡི་གེ་ཨོཾ་གྱིས་བསྐྱེད་པ་མུ་སྟེགས་ཀྱི་ལུང་ལས་

གསུངས་པའི་ཁ་དོག་དང་བཅས་པའོ། །སྐུ་རྡོ་རྗེས་དབང་བསྐུར་བའམ། རྡོ་རྗེ་འཛིན་པ་ཆེན་པོས་དབང་བསྐུར་བའི་ཚངས་པ་བསྒོམ་པར་བྱ་སྟེ། རྣམ་པར་སྣང་མཛད་ཀྱི་དམ་ཚིག་ལ་གནས་པས་བསྒོམ་པ་རྫོགས་པ་ལས་སྐུའི་རྡོ་རྗེ་ཉིད་ཐོབ་པ་སྟེ། དེའི་ཡོན་ཏན་དང་བཅས་
པ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཡི་གེ་ཨཱཿདང་ཧཱུཾ་དག་གིས་དྲག་པོ་དང་ཁྱབ་འཇུག་ཇི་ལྟ་བ་བཞིན་དུ་བསྐྱེད་པར་བསྒོམས་པས་རང་ཇི་ལྟ་བར་སྣང་བ་མཐའ་ཡས་དང་མི་བསྐྱོད་པའི་དམ་ཚིག་ལ་གནས་ནས་བསྒོམ་པ་རྫོགས་པ་ལ་དེ་དང་འདྲ་བའི་ནུས་པར་འགྱུར་རོ། །འདི་
རྣམས་ཀྱི་རིགས་ངེས་པ་གསུངས་པ། སྐུ་ལ་སོགས་པ་ནི་གོ་བར་སླའོ། །གནོད་སྦྱིན་མོ་ལ་སོགས་པའི་དམ་ཚིག་གསུངས་པ། ཁྲག་དང་ཤ་ཞེས་བྱ་བ་ལ་སོགས་པ་ལ། གནོད་སྦྱིན་མོའི་སྒྲས་འདིར་སྲིན་མོར་ཤེས་པར་བྱ་སྟེ་མན་ངག་གོ། །འདི་སྐད་གསུངས་པ་ཡིན་ཏེ་ཇི་ལྟ་བ་
བཞིན་དུ་བཀུག་པའི་སྲིན་མོའི་མདུན་དུ་ཤ་དང་ཁྲག་གིས་ཡོངས་སུ་གང་བའི་ཡོན་ཆབ་སྦྱིན་ནས་བདག་གི་ཆུང་མར་གྱུར་ཅིག་ཅེས་སྨྲའོ། །གནོད་སྦྱིན་མོ་ལ་ཡང་མེ་ཏོག་དཀར་པོ་དྲི་ཆུ་དང་བསྲེས་པས་སོ། །ཀླུ་མོ་རྣམས་ལ་ཡང་འོ་མ་དང་བཅས་པའི་ཡོན་ཆབ་སྦྱིན་ནོ། །ཡང་ན་
ཐམས་ཅད་ཉིད་ལ་བདུད་རྩི་རྣམ་པ་ལྔ་དང་བཅས་པའི་དྲི་ཆུའི་ཡོན་ཆབ་སྦྱིན་ནོ། །ལྷ་མ་ཡིན་གྱི་བུ་མོ་དགུག་པ་ནི་ཁྲོས་པས་དྲི་དང་མེ་ཏོག་ལ་སོགས་པ་དང་བཅས་པས་རང་གི་ལུས་ལ་བརྒྱན་ཏེ་བཟླས་པར་བྱའོ། །མིའི་བུ་མོ་དགུག་པ་ནི་ཙནྡན་དཀར་པོ་ལ་སོགས་པས་བྱུགས་པའི་ལུས་
སོ། །ལྷའི་བུ་མོ་དགུག་པ་ལ་ནི་ཨ་ཀ་རུའི་སྤོས་ལ་སོགས་པ་བདུག་པའོ། །གནོད་སྦྱིན་མོ་དགུག་པ་ལ་ནི་གུ་གུལ་གྱི་བདུག་པས་བདུགས་པ་དང་། དྲི་བཟང་པོ་དང་མེ་ཏོག་གི་ཚོགས་ཀྱིས་གཏོར་བའི་ཕྱོགས་གཅིག་ཏུ་གནས་པའོ། །ཀླུའི་བུ་མོ་དགུག་པ་ནི། འོ་མ་འཐུངས་
པས་གནས་པ་དང་། ནཱ་ག་གེ་སར་གྱིས་བདུག་པ་བསྲེགས་པ་ཞེ་སྡང་གིས་འཁྲུགས་པ་ལས་བྱུང་བའི་སེམས་སོ། །སྲིན་མོ་དགུག་པ་ནི་མིའི་ཚིལ་བུ་དང་ལྡན་པ་དང་། མིའི་ཐོད་པ་རུས་པའི་བདུག་པ་བསྲེག་ཅིང་བཟླས་པའོ། །མཁའ་འགྲོ་མའི་དམ་ཚིག་གསུངས་པ།

དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆང་ལ་སོགས་པ་རྟག་ཏུ་བཏུང་། །ཞེས་བྱ་བ་ནི་མྱོས་པར་བྱེད་པ་ཆང་ཡིན་ཏེ། གང་ཞིག་བཟའ་བཏུང་མྱོས་པ་ནི། །དེ་ནི་ཆང་ཞེས་བྱ་བར་དྲན། །ཞེས་པའི་ཚིག་ལས་སོ། །སོགས་པའི་སྒྲས་ནི་འབྲུའི་ཆང་ལ་སོགས་པ་བཟུང་སྟེ། དེ་ལ། སོ་
བ་ཤུན་པ་ལ་སོགས་མནན། །ཞེས་བྱ་འཇིག་རྟེན་ལ་གྲགས་ཆང་། །བཅོས་པ་བུར་ཤིང་སོགས་སྦྱོར་འདོད། །རྡོ་རྗེ་མཁའ་འགྲོ་མའི་སྦྱོར་བས། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པ་སྔོན་དུ་སོང་བས་དཔལ་སངས་རྒྱས་ཐམས་ཅད་
ཀྱི་རྒྱུད་ལ་སོགས་པ་ནས་རྙེད་པའི་ཡི་གེ་ཧྲི་ལ་སོགས་པའི་ས་བོན་ཕྱག་མཚན་ལ་སོགས་པའི་རིམ་གྱིས་ཞལ་གསུམ་པ། ཕྱག་དྲུག་པ་རང་གི་ཕྱག་མཚན་དང་བཅས་པ་འཇིགས་པ་ལ་སོགས་པའི་ཉམས་དང་ལྡན་པ། མི་བསྐྱོད་པའི་ཅོད་པན་ཅན་དཀར་མོ་ལ་སོགས་པའི་རྣལ་འབྱོར་
མའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །གནས་ཀྱི་མཚན་ཉིད་ཀྱིས་གསད་བྱ། །ཞེས་བྱ་བ་ནི་ཟླ་བ་ཕྱེད་པའི་མཐར་སོན་པའི་མཚན་མ་བརྟགས་ཏེ་དེའི་སྙིང་དགུག་པ་ལ་སོགས་པ་བྱེད་པའོ། །མཇུག་བསྡུ་བ་གསུངས་པ། རྣམ་པར་སྤྱོད་ཅེས་བྱ་བ་ལ་སོགས་པ་ལ། གང་གི་
གང་དམ་ཚིག་བསྟན་པ་ཡིན་པ་དེས་ངེས་པར་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ། །སྐུ་ལ་སོགས་པའི་དངོས་གྲུབ་ཀྱི་དམ་ཚིག་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདིའི་དོན་ནི་ཐམས་ཅད་དུ་རང་དང་གཞན་གྱི་ལུས་བསྐྱོད་པ་ནི་སྐུ་རྡོ་རྗེའི་རང་བཞིན་ནོ། །ཐམས་ཅད་དུ་
རང་དང་གཞན་གྱི་ངག་ཏུ་བརྗོད་པ་ལ་སོགས་པའི་སྒྲའི་ཚིག་གསུང་རྡོ་རྗེའི་རང་བཞིན་ནོ། །ཡིད་རྣམ་པར་གཡོ་བ་ཐམས་ཅད་ཐུགས་རྡོ་རྗེའི་རང་བཞིན་ནོ། །རྟག་ཏུ་རྣལ་འབྱོར་པས་བསྒོམས་ན་སྐུ་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་ཐོབ་བོ། །ཡེ་ཤེས་ལ་དབང་ཐོབ་པ་དང་ཡང་དག་པའི་
ཡེ་ཤེས་ལ་དབང་ཐོབ་པའི་རང་གི་དམ་ཚིག་རེ་ཞིག་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདིའི་དོན་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་རྫོགས་པ་ཐོབ་པ་ལས། ལྷུན་གྱིས་གྲུབ་པའི་སྙིང་རྗེས་གཞན་གྱི་དོན་ལྷུར་བྱེད་པ་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་

པའི་རྣལ་འབྱོར་པ་ཐ་དད་པའི་བློ་སྤངས་པས་སངས་རྒྱས་ལ་སོགས་པ་ལ་ཕྱག་མི་བྱ་སྟེ། བྱས་ན་བདག་དང་གཞན་དུ་བརྟགས་པས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་རྟོགས་པ་ལས་ཉམས་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས། ལྷག་མའི་རྣལ་འབྱོར་པས་ཕྱག་
བྱ་བའི་ཆོ་ག་གསུངས་པ། འདིར་འདིའི་ཆོ་ག་ནི། སྐུ་ལ་སོགས་པའི་དཀྱིལ་འཁོར་ལ་རྡོ་རྗེ་སེམས་དཔའི་བསམ་གཏན་ཏེ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་དམ། རང་གི་བདག་པོའི་ལྷ་ཕྱག་བྱ་བར་རུང་བ་ཐམས་ཅད་ཀྱི་མྱུར་བར་བསྒོམ་ན་མི་ཕྱེད་པའི་ཕྱག་རྒྱའོ། །དེ་ཉིད་སེམས་ཅན་གྱི་
ཁམས་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བསྟན་ཏོ། །ཆེན་པོའི་སྒྲུབ་པ་ཆེན་པོ་བྱས་པ་རྣམས་ཀྱི་ཡང་བདུད་རྩི་མྱང་བའི་ཆོ་ག་བསྟན་པ་གསུངས་པ། ནམ་མཁའི་དབྱིངས་ཞེས་བྱ་བ་ནི་གོ་བར་སླའོ། །རིག་པའི་བརྟུལ་ཞུགས་སྤྱད་པའི་ཁྱད་པར་གྱི་དམ་ཚིག་གསུངས་པ། དེ་ནས་
ཞེས་བྱ་བ་ལ་སོགས་པ་ལ། རྫས་ཀྱང་རྟག་ཏུ་དབྲོག་ཅེས་བྱ་བ་ནི། ཇི་ལྟ་བ་བཞིན་དུ་རྡོ་རྗེ་དང་པདྨར་བྱུང་བའི་བྱང་སེམས་ལེན་པའོ། །ཡང་ན་སྲིད་པའི་མངོན་པར་ཞེན་པ་བསལ་ལོ། །འདི་ནི་དངོས་གྲུབ་ཐམས་ཅད་ཀྱི་ཐུན་མོང་ངོ་། །མི་སྣང་བ་ཞེས་གཟུང་བ་ནི་ཉེ་བར་མཚོན་པའི་དོན་ཏོ། །
དབུ་རྒྱན་དག་ལ་བསམ་གཏན་བསམ། །ཞེས་བྱ་བ་ནི་རིག་པ་འཛིན་པའི་དངོས་གྲུབ་ཐོབ་ནས་རང་གི་ཅོད་པན་ལ་རང་གི་སངས་རྒྱས་བསྒོམས་ནས་གཞན་གྱི་རིག་པ་འཛིན་པ་རྣམས་མི་རྒྱལ་བའོ། །རིན་ཆེན་འབྱུང་ལྡན་ཉིད་རིག་པ་འཛིན་པ་ཐམས་ཅད་ཀྱི་ཅོད་པན་དུ་བསྒོམས་ནས་ཞེས་ལ་ལ་
དག་འདོད་དོ། །ལས་དང་པོ་པ་རྣམས་ཀྱི་ཏིང་ངེ་འཛིན་གཞན་གསུངས་པ། སྐུ་ཡི་རྡོ་རྗེ་ཁ་ཟས་ལ། །ཞེས་བྱ་བ་ནི་བཟའ་བའི་དུས་སུ་སྐད་ཅིག་གིས་སྐུ་རྡོ་རྗེའི་མོས་པ་བྱས་ནས་རང་གི་སྙིང་གའི་ཟླ་བ་ལ་འཁོར་ལོའི་བདག་པོ་དམིགས་ན་བཟའ་བ་ཇི་ལྟ་བ་བཞིན་དུ། ཡེ་ཤེས་ཀྱི་བདུད་རྩིར་
བྱས་ནས་ཞི་བའི་སྦྱིན་སྲེག་གི་ཆོ་ག་བཞིན་དུ་བཟའ་བར་བྱའོ། །དེའི་ཕྱིར་ཀུན་དུ་བཟང་པོའི་སྒྲུབ་ཐབས་ལས་ཟན་ཟ་བའི་ཚེ་ན་སྙིང་གའི་ཟླ་བ་ལ། འཁོར་ལོའི་གཙོ་བོར་རང་གི་གསང་སྔགས་ཀྱིས། །ཀུན་དུ་དམིགས་ཏེ་བྱང་ཆུབ་སེམས་ཀྱི་ནི། །ངོ་བོ་ཉིད་གྱུར་འོད་དང་ལྡན་པར་བསམ། །

རང་གི་ཟས་ལ་དེ་ཉིད་གསུམ་བཟླས་ཏེ། །ཐམས་ཅད་མཉམ་པ་ཉིད་དུ་རྣམ་པར་དག །དེ་ཡིས་སྐུ་ཡི་རྡོ་རྗེ་ལ་སོགས་པ། །ལྷ་རྣམས་ཀུན་དུ་ཚིམ་པ་ཉིད་དུ་བྱ། །ཞེས་སོ། །ཕྱི་རོལ་རྡོ་རྗེ་འཛིན་པ་དང་། །ཞེས་བྱ་བ་ནི་ཕྱི་རོལ་དུ་གྱུར་པའི་མ་ལུས་པའི་ཡུལ་རྣམས་ལ་དེ་ཁོ་ན་ཉིད་ཀྱིས་ཆོས་ཀྱི་དབྱིངས་
ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རྡོ་རྗེ་འཛིན་པའི་རྣམ་པ་ཉིད་དུ་གཡོ་བ་དང་བརྟན་པའི་བདག་ཉིད་ཀྱི་རང་བཞིན་འདི་རྣམས་མོས་པར་བྱའོ། །དེ་ཡང་ཡུལ་གྱི་དབང་དུ་བྱས་ནས། དཔལ་ལྡན་རྡོ་རྗེ་འཛིན་པ་ལྟ་བུར་ནི། །ཆོས་ཉིད་ཀྱིས་ནི་ཕན་ཚུན་ཁྱད་པར་མེད། །ཅེས་སོ། །རྟག་པར་རྡོ་རྗེ་ཆོས་སུ་བྱ། །
ཞེས་བྱ་བ་ནི་རྡོ་རྗེ་ཆོས་རྟག་ཏུ་མདོ་འདོན་པ་ནའོ། །དམ་པའི་ཆོས་ཀློག་པ་ལ་སོགས་པའི་བྱ་བ་ལ་བསྒོམ་པར་བྱའོ། །འདི་སྐད་བརྗོད་པར་འགྱུར་ཏེ། དམ་པའི་ཆོས་ཀློག་པ་ལ་སོགས་པ་ལ་ཇི་ཙམ་ཚིག་འདོན་པ་དེ་དག་སྣང་བ་མཐའ་ཡས་ཀྱི་གཟུགས་ཀྱིས་ཕྱོགས་བཅུ་རྣམས་སུ་ཇི་ལྟར་
སྐལ་བ་དང་ལྡན་པ་རྣམས་ལ་ཆོས་སྟོན་པ་ལ་སོགས་པ་བྱས་ནས་ཡང་སླར་འོངས་ནས་རང་ལ་ཞུགས་པའོ། །འདིས་ནི་ཐམས་ཅད་ཀྱི་གནས་སྐབས་སུ་ཡང་ཐམས་ཅད་ཀྱི་དངོས་པོ་རང་བཞིན་གྱི་བདག་ཉིད་བཅོམ་ལྡན་འདས་སུ་བསྒོམ་པར་བྱ་ཞེས་གསུངས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་
ལས་དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་ངོ་བོར་བྱ། །རང་གི་ལྷག་ལྷའི་སྦྱོར་བ་ཡིས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །ཞེས་གསུངས་སོ། །དེ་ཁོ་ན་ཉིད་དུ་ནི་ཆོས་ཐམས་ཅད་རང་བཞིན་མེད་པའི་ཕྱིར་དེའི་ལྷག་པར་མོས་པ་ཉིད་གཙོ་བོར་དངོས་གྲུབ་ཐམས་ཅད་གྲུབ་པའི་
ཕྱིར་དམ་ཚིག་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་གྱིས་འདུལ་བ་རྣམས་ལ་རྟོགས་པར་འདོད་ནས་སོ་སོར་བདག་ཉིད་རིག་པའི་ཆོས་ཉིད་དམིགས་ནས། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ཏོ་ཞེས་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཛིན་པ་ཐམས་ཅད་
ཅེས་བྱ་བ་ནི་སངས་རྒྱས་ལ་སོགས་པའོ། །དེ་རྣམས་དང་རང་གི་སྙིང་པོ་རྡོ་རྗེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་གཉིས་སུ་མེད་པའི་ངོ་བོ་རྣམས་ངག་དང་ཡིད་ཀྱི་སྤྱོད་ཡུལ་མ་ཡིན་པར་བསམས་ཏེ། དེའི་ངོ་བོ་ཉིད་རྙེད་ནས་བརྗོད་བྱ་དང་བྲལ་བས་རྗོད་བྱེད་ཟློག་པས་ཅང་མི་གསུང་བར་བཞུགས་

པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དྲིས་པའི་ལན་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ལུས་ལ་སོང་བ་རྣམས་རང་བཞིན་གྱིས་མ་སྐྱེས་པའི་ངོ་བོ་ཉིད་ཀྱི་ཕྱིར་རང་བཞིན་མེད་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དོ། །རང་བཞིན་མི་འགྱུར་བ་ཉིད་ཀྱི་ཕྱིར་
མི་འགྱུར་བའོ། །དེའི་ཚིག་ནི་རང་གི་ངོ་བོ་ཉིད་ཀྱི་གནས་སྐབས་ཏེ། བཟུང་བ་ལ་སོགས་པ་རྣམས་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་པའོ། །དེའི་ཕྱིར་དེ་ཉིད་གསུངས་པ། ངོ་བོ་ཉིད་མེད་པའི་ཡི་གེའི་ཚིག་ཅེས་བྱའོ། །དཔྱད་ནས་ཞེས་བྱ་བ་ལ་སོགས་པ་ནི་བརྗོད་དུ་མེད་པའི་ཆོས་ཉིད་མངོན་སུམ་དུ་
བྱས་ནས་ཅང་མི་གསུང་བར་བཞུགས་པའོ། །དེ་ཉིད་གསལ་བར་གསུངས་པ། སྐུ་མི་འགྱུར་བ་མ་སྐྱེས་པ་ཞེས་བྱ་བ་ནི་གཅིག་དང་དུ་མ་ལ་སོགས་པའི་ངོ་བོས་སྐུ་མི་དམིགས་པའོ། །དེའི་ཕྱིར་དེ་ལ་བརྟེན་པ་ངག་དང་སེམས་དང་། དེ་བཞིན་དུ་ངོ་བོ་ཉིད་ཀྱི་རང་དང་སྤྱིའི་མཚན་ཉིད་
ཀྱིས་སྟོང་པའི་ཕྱིར་གསུང་ཞེས་བྱ་བ་ལ་སོགས་པའོ། །ཅི་སྟེ་ཇི་ལྟར་སྐུ་ལ་སོགས་པ་རྟག་པ་ཡིན་ཞེ་ན། གསུངས་པ་ནམ་མཁའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་ནམ་མཁའ་ནི་མ་སྐྱེས་པ་དང་། རབ་ཏུ་གནས་པ་མ་ཡིན་པ་དང་། ཐོགས་པ་མེད་པ་དང་། སྒྲིབ་པ་མེད་པ་དང་། གཞི་
མེད་པ་ཡིན་ཡང་ཐ་སྙད་ཙམ་དུ་ནམ་མཁའ་ཞེས་བརྗོད་དེ། དེ་བཞིན་དུ་སྐུ་ལ་སོགས་པ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རྒྱལ་བའི་ཡུམ་ལས། དཔེར་ན་ནམ་མཁའ་ནི་འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། མི་འགྱུར་བ་དང་། འདུས་མ་བྱས་པ་དང་། གནས་མེད་པ་དང་། རྣམ་
པར་གནས་པ་མེད་པ་དང་། མ་སྐྱེས་པ་དང་། འགོག་པ་མེད་པ་སྟེ་དེ་བཞིན་དུ་རབ་འབྱོར་ཆོས་ཐམས་ཅད་ཀྱང་ཡིན་ནོ་ཞེས་སོ། །དེ་ཉིད་གསུངས་པ། ལོག་པར་བཟུང་བ་ཞེས་བྱ་བ་ནི་ཇི་ལྟར་ཉེ་བར་བསྟན་པའི་དོན་ཐོབ་པར་བྱེད་པ་མེད་པས་ནམ་མཁའ་དམའ་བར་སྣང་བ་བཞིན་དུ་ཁམས་གསུམ་
པའི་ཤེས་པ་ཕྱིན་ཅི་ལོག་ཉིད་ཀྱིས་རྟོགས་པའི་དོན་ནི་ལོག་པར་གཟུང་བ་ཞེས་བྱའོ། །དེས་ན་བདེན་པ་མ་ཡིན་པའི་ཤེས་པས་ཟིན་པ་ཁས་བླངས་པ་བརྟག་པ་ཙམ་ལས་བྱུང་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་རྣམས་རང་གི་རྣམ་པར་རྟོག་པས་བྱས་ནས་དགག་པའི་དོན་ཏོ། །གསུངས་

པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱིངས་ནི་སྐྱེ་བའི་རྒྱུ་སྟེ་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐྱེད་པ་སྟེ། དེའི་རང་བཞིན་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་རྣམས་ཀྱི་སྤྱོད་པ་ནི་གདུལ་བྱའི་བསམ་པའི་དབང་
གིས་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་མན་ངག་བསྟན་པའོ། །དེ་འགྲོ་བས་རང་གི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་སྟེ་འདྲ་བར་བྱེད་པས་ན་འགྲོ་བ་དང་རྗེས་སུ་འགྲོ་བའོ། །དེའི་ཕྱིར་སྟོན་པ་དང་འདྲ་བ་ཉིད་འདིའི་རིག་པར་འགྱུར་རོ། །ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱིས་སེམས་ཅན་གྱི་བསམ་པའི་དབང་གིས་རེས་འགའ་ཡང་ཕྱི་རོལ་ལ་བརྟེན་ནས་ཆོས་ཀྱི་གཏམ་བྱས་ཏེ་དེ་བཞིན་དུ་འདིས་ཀྱང་བྱའོ་ཞེས་དགོངས་ནས། གསུངས་པ་ཡོད་པ་ཞེས་བྱ་བ་ལ་སོགས་པ་ནི་ཚངས་པ་ལ་སོགས་པ་རྡོ་རྗེ་མིང་གི་དབང་བསྐུར་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་
འཇིག་རྟེན་པའི་མངོན་པར་ཤེས་པ་ལྔ་ཙམ་ཐོབ་པ་དེ་ཡང་ཇི་ལྟར་གྱུར་པའི་ཆོས་ཀྱི་དེ་ཁོ་ན་ཉིད་མ་རྟོགས་པ་དང་ལྡན་པ་རེས་འགའ་དེ་བཞིན་དུ་འཆད་པར་འགྱུར་བའི་རྣམ་པར་རྟོག་པ་བྱེད་པར་འགྱུར་རོ། །རྣམ་པར་རྟོག་པ་དེ་ཉིད་གསུངས་པ། ཇི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་ལ། འདི་སྙམ་དུ་རྡོ་རྗེ་
འཛིན་པའི། རྡོ་རྗེ་དེ་ཁོ་ན་ཉིད་དེ་བཞིན་གཤེགས་པའི་ཡེ་ཤེས་མ་ཤེས་ནས་ཀྱང་ཞེས་བྱ་བ་མངོན་དུ་མ་བྱས་པར་ཆོས་ཀྱི་དེ་ཁོ་ན་ཉིད་སྟོན་པ་ནི། གང་གི་ཕྱིར་ཆོས་ཅུང་ཟད་ཀྱང་བདེན་པར་ཁས་མི་ལེན་ཏོ་ཞེས་སོ། །ཕྱིན་ཅི་མ་ལོག་པའི་ཆོས་སྟོན་པ་པོའི་དེ་བཞིན་གཤེགས་པ་རྣམས་
ནི་རང་བཞིན་མེད་པ་ཉིད་ཀྱང་དེ་ཁོ་ན་ཉིད་དུ་ཆོས་རྣམས་ཀྱི་ཆོས་ཉིད་དེ་འདིས་སྟོན་ཏོ་ཞེས། དེ་བཞིན་གཤེགས་པ་རང་གི་རྟོགས་པ་དང་མཉམ་པར་འདིའི་ཆོས་སྟོན་པ་འགལ་བ་མ་ཡིན་པར་ཆོས་སྟོན་པ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ལྟ་ཅི་སྨོས་ཞེས་བྱ་བ་
ནི་རེ་ཞིག་བྱང་ཆུབ་སེམས་དཔའ་རྣམས་ལྟ་ཞོག་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སྟོང་པས་འདིར་ཡོངས་སུ་མི་ཤེས་སོ། །དེ་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པས་ཀྱང་སྐུ་ལ་སོགས་པའི་རང་བཞིན་ཡོངས་སུ་མི་ཤེས་སོ། འདིར་རྒྱུ་གསུངས་པ། ངོ་བོ་ཉིད་མེད་ཅེས་

བྱ་བ་ལ་སོགས་པ་ལ་ངོ་བོ་ཉིད་མེད་པ་ནི་དེ་བཞིན་ཉིད་དོ། །དེ་ཉིད་རང་བཞིན་ཉིད་ཀྱི་ཕྱིར་མི་གཡོ་བ་ནི་མི་འགྱུར་བ་སྟེ། དེ་ལས་བྱུང་བ་ནི། དེ་རྟོགས་པ་ལས་སྐྱེ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བ་མེད་པའི་བདག་ཉིད་ནི་རྡོ་རྗེ་མངོན་པར་བྱང་ཆུབ་པའོ། །སེམས་ཅན་རྣམས་
ཀྱང་དེའི་ངོ་བོར་རྟོགས་པར་བྱ་བའི་ཆེད་དུ་གསུངས་པ། ཁོང་དུ་རྟོགས་པ་ཞེས་བྱ་བ་ལ་སོགས་པ་ལ་རང་བཞིན་གྱིས་རང་དང་ཕྱིའི་མཚན་ཉིད་དང་བྲལ་བའི་ཕྱིར་དངོས་པོ་ཐམས་ཅད་བྱང་ཆུབ་ལ་གནས་པ་སྟེ། སེམས་ཅན་ཐམས་ཅད་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་
ཕྱིར་སངས་རྒྱས་རྡོ་རྗེའོ། །འོ་ན་སངས་རྒྱས་རྣམས་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བའི་ཕྱིར་ཡིན་ལ། གཞན་རྣམས་ལ་ནི་དེ་ཡོད་པའི་ཕྱིར་ཇི་ལྟར་དེའི་ངོ་བོར་འགྱུར་ཞེས་བྱ་བའི་དགོས་པ་གསུངས། སྐུ་ཞེས་བྱ་བ་ལ་སོགས་པ་ལ་སྐུ་གསུམ་གྱི་བདག་ཉིད་ནི་སྐུ་རྡོ་རྗེ་ལ་སོགས་པ་
རྣམས་ཀྱི་དེ་ཁོ་ན་ཉིད་རང་བཞིན་མེད་པ་ཉིད་ཀྱི་རྡོ་རྗེ་ཆོས་ཉིད་དེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཉེ་བར་བཟུང་ནས་རྒྱུར་དེ་བྱས་ཏེ། དེའི་སྒོ་ནས་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཐོབ་པ་ལ་སངས་རྒྱས་རྡོ་རྗེ་ཞེས་འདོགས་ཏེ། ཀུན་རྫོབ་ཏུ་ནི་ཇི་ལྟར་སྣང་བ་བཞིན་དུ་གནས་ཏེ་གང་དང་ཡང་འགལ་བ་མེད་དོ། །
དེ་ཡང་ཀུན་དུ་བཟང་པོ་ལས། འདི་ནི་སྲིད་དང་ཞི་བའི་ངོ་བོ་དག །ཆོས་ཉིད་དབྱེ་བ་འགའ་ཡང་ཡོད་མ་ཡིན། །གང་ཕྱིར་བཟུང་བ་ལ་སོགས་པ་རྣམས་དང་། །བྲལ་བ་ཐམས་ཅད་དུ་ནི་རྟག་པར་གྲུབ། །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱང་མཚན་མ་མེད་པའི་ཏིང་ངེ་འཛིན་ལས་
བཞེངས་ཏེ། དེའི་དོན་གྱི་ལན་བསྟན་པའི་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ལ་སོགས་པ་རྣམས་ནི་རང་བཞིན་གྱིས་ཞི་བ་ཉིད་ཀྱི་ཕྱིར་དང་། རང་བཞིན་དག་ཅིང་བདག་མེད་པའོ། །ཆོས་ཀྱི་དབྱིངས་ཀྱི་ཆ་ཤས་མེད་པ་ཉིད་ཀྱི་རྟེན་དང་བརྟེན་པའི་དངོས་པོ་དང་བྲལ་བའི་ཕྱིར་
གནས་མེད་པའོ། །འདི་ལྟར་རྣམ་པར་གནས་པ་ནི་ཆོས་ཐམས་ཅད་བདག་མེད་པས་ཐུན་མོང་དང་ཅིག་ཤོས་ཀྱི་དངོས་གྲུབ་ཀྱི་མཚན་ཉིད་དུ་རྟོགས་པ་སྟེ། རྡོ་རྗེ་ལས་བྱུང་བ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །སྨྲ་བར་བྱེད་པ་ནི་སྒྲར་བྱེད་པ་དང་སྟོན་པར་བྱེད་པ་ཞེས་བྱ་བའི་

ཐ་ཚིག་གོ། །དེ་ཁོ་ན་ཉིད་ཀྱི་བདེན་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་སྨྲ་བར་བྱ་བ་མ་ཡིན་ནོ། །བདག་ལས་བྱུང་བ་ཕུང་པོ་རྣམས། །དེ་ནི་དམ་པའི་དོན་དུ་བརྫུན། །གང་གིས་ས་བོན་བརྫུན་ཡིན་ན། །དེ་ཡི་མྱུ་གུ་ཇི་ལྟར་བདེན། །ཞེས་བྱ་བ་རིག་པ་ལས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དྲིས་པ་
དང་། ལན་གྱི་རིམ་པས་འདིའི་དོན་ཉིད་གསལ་བར་བྱེད་དོ། །འདི་སྐད་གསུངས་ཏེ། དངོས་གྲུབ་ལ་སོགས་པ་ཡང་དེ་ཁོ་ན་ཉིད་ཀྱི་གནས་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །ཨེ་མའོ་རྡོ་རྗེ་ཨེ་རྡོ་རྗེ། །ཞེས་བྱ་བ་ནི་ངོ་མཚར་བའམ་དགའ་བར་གྱུར་པས་ལན་གཉིས་སུ་སྨོས་པའོ། །ངོ་མཚར་དང་
ནི་རྩོད་པ་དང་། ཁྲོ་དང་ཞུམ་དང་ངེས་བཟུང་དང་། །དད་དང་མཆོག་ཏུ་དགའ་བ་ལ། །ཚིག་གཅིག་ལན་གཉིས་སྨོས་པ་ཡིན། །ཞེས་གསུངས་སོ། །རྡོ་རྗེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཡང་ཆེན་པོའོ། །གང་དུ་ཞེས་བྱ་བ་ནི་དེ་བཞིན་ཉིད་དུའོ། །ལུས་དང་ངག་སེམས་མེད་ཅེས་བྱ་བ་ནི། སྐུ་
ལ་སོགས་པ་དམིགས་པ་མེད་པའི་ཕྱིར་རོ། །དེ་རུ་གཟུགས་ནི་ལུས་ལ་སོགས་པ་ལ་བརྟེན་པ་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ངོ་བོ་ཉིད་དོ། །རྣམ་པར་བསྒོམ་ཞེས་བྱ་བ་ནི་བརྟག་པར་བྱ་བ་སྟེ་ངོ་མཚར་བའོ། །རིག་པའི་བརྟུལ་ཞུགས་སྤྱད་པ་ཞག་བདུན་གྱི་བར་དུ་རང་གི་ལྷ་ཚིམ་པར་བྱས་
ནས་སྒྲུབ་པ་ལ་འཇུག་པར་བསྟན་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་གསུམ་ནི་ཚངས་པ་ལ་སོགས་པ་སྟེ། སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ལས་མཆོག་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་
ཕྱིར་རོ། །དེ་ལས་མཆོག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་བསམ་པའི་བདག་ཉིད་ཆེན་པོས་སོ། དེའི་ཕྱིར་ཡུམ་མཆོག་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་གསུངས་པ། རྡོ་
རྗེ་གསུམ་གྱི་དབང་ཕྱུག་མཆོག །ཅེས་སོ། །སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཏེ། དེའི་སྦྱོར་བས་བསྒོམ་པར་བྱ། དེའི་དབུས་སུ་ཇི་ལྟ་བ་བཞིན་དུ་སྐུ་རྡོ་རྗེའི་སྦྱོར་བ་བྱས་ནས་སོ། །སྤྱི་བོར་རྡོ་རྗེ་རབ་ཏུ་བསྒོམ། །ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་

པོའོ། །གང་གི་ཚེ་ཐུགས་ཀྱི་དཀྱིལ་འཁོར་དུ་སྐུའི་རྡོ་རྗེ་བསྒོམ་པ་དེའི་ཚེ་མི་བསྐྱོད་པ་བསྒོམ་པར་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་སྤྱི་བོར་མི་བསྐྱོད་པ་བསྒོམ་ཞེས་བྱ་བ་ལ་ལ་དག་ཟེར་རོ། །རྡོ་རྗེ་འཁོར་ལོ་འཛིན་བསམས་ན། །ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་འཛིན་པ་དང་བཅས་
པའི་རྣམ་པར་སྣང་མཛད་བསྒོམས་ན་མྱུར་དུ་བྱང་ཆུབ་ཐོབ་སྟེ་དང་པོའི་སྒྲུབ་པ་ཉིད་ལ་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་རིགས་ཀྱི་བྱེ་བྲག་གིས། །ཞེས་བྱ་བ་ནི་གང་རིགས་དང་འབྲེལ་བའི་ལྷ་དེའི་རིགས་ཀྱི་བདག་པོ་དེས་ཆོ་ག་བཞིན་ཚིམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ལ་ལ་དག་
བརྗོད་ཟིན་པའི་དབང་བསྐུར་བ་ཡང་འདིར་བསྟན་ཏོ་ཟེར་རོ། །དེའི་ཕྱོགས་ལ་ཉི་མ་བདུན་པོ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེ་དོན་ཇི་ལྟར་འགྱུར་བར་བསམ་མོ། །དབྱིངས་སུ་གྱུར་པའི་རྒྱལ་མོ་ཆེ། །ཞེས་བྱ་བ་ནི་ས་ལ་སོགས་པའི་ཁམས་ཀྱི་རང་བཞིན་རང་གི་རིམ་པ་ལ་གནས་པའི་རྒྱལ་མོ་ཆེན་མོ་
ནི་སྤྱན་ལ་སོགས་པ་རྣམས་སོ། །དེ་དག་ཀྱང་བསྐུལ་བའི་དོན་དུ་རང་གི་ལྷའི་སྐུ་མཉེས་པར་བྱེད་པར་རྣམ་པར་བསམ་པར་བྱའོ། །ལ་ལ་དག་བསྒྲུབ་བྱ་དགུག་པ་ན་མཉེས་པར་བྱེད་པ་སངས་རྒྱས་སྤྱན་བསྒོམ་པར་བྱའོ་ཞེས་འདོད་དེ། དེ་ནི་སྔར་གསུངས་པའི་ཕྱིར་འབྲེལ་བ་མེད་པའོ། །
ལག་པའི་ཕྱག་རྒྱ་མི་བཅིང་ངོ་། །ཞེས་བྱ་བ་ནི་སེམས་རྣམ་པར་གཡེང་བའི་རྒྱུའི་ཕྱིར་རོ། །ཆོ་ག་བཞིན་དུ་བཟའ་ཞེས་པ་ནི་སྦྱང་བ་ལ་སོགས་པ་སྔོན་དུ་སོང་བ་བཟའ་བའོ། །ཐམས་ཅད་ཆོ་ག་བཞིན་དུ་སྤྱད། །ཅེས་བྱ་བ་ནི་རིགས་དང་ཡོན་ཏན་དང་གཟུགས་ལ་སོགས་པ་མི་སྤྱད་པར་ཇི་
ལྟར་རྙེད་པ་བདེ་བར་གཤེགས་པ་མཆོད་པའི་དོན་དུ་རང་སྣང་བ་བཞིན་ལེགས་པར་སྦྱངས་ནས་ཉེ་བར་སྤྱད་དོ། །དམ་ཚིག་ཇི་སྙེད་ཡོད་པ་ཀུན། །ཞེས་བྱ་བ་ལ་སོགས་པ་ནི་རང་གི་ལུས་ལ་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་ཉིད་གསུངས་པ། རྡོ་རྗེ་གསུམ་གྱི་
དམ་ཚིག་གིས། །ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་གང་འདིར་དམ་ཚིག་གསུངས་པའོ། །དེ་རྣམས་ཀྱིས་ཇི་ལྟར་རྙེད་པས་རང་གི་ལྷ་ཆོ་ག་བཞིན་དུ་མཆོད་པར་བྱའོ། །ནང་གི་བདག་ཉིད་ཀྱི་ལྷ་རྣམ་པར་གཞག་པ་གསུངས་པ། ལྔ་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་

དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་རྣམས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །ཞེས་བྱ་བ་ནི་དབང་པོ་དང་ཡུལ་གྱི་བྱེ་བྲག་གིས་བཅུ་གཉིས་སོ། །དེ་དག་
ཉིད་ལས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་སོགས་པ་རྣམས་ཀྱི་དཀྱིལ་འཁོར་མཆོག་ནི་གནས་གཙོ་བོ་རྣམས་ཀྱི་སྟེ། མིག་ལ་སོགས་པའི་རང་བཞིན་རྣམས་ཀྱི་ཕྱིར། སའི་སྙིང་པོ་ལ་སོགས་པ་རྣམས་སོ། །རེག་བྱའི་སྐྱེ་མཆེད་ས་ལ་སོགས་པའི་འབྱུང་བ་རྣམས་ལ་ཁྱད་པར་གྱི་ལྷ་
གསུངས་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་གསུངས་པ་ཡིན་ཏེ། གང་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ནོ། །མིག་ལ་སོགས་པ་ནི་སའི་སྙིང་པོ་ལ་སོགས་པའི་རང་བཞིན་ནོ། །གཟུགས་ལ་སོགས་པའི་སྐྱེ་མཆེད་ནི། གཟུགས་
རྡོ་རྗེ་ལ་སོགས་པའི་རང་བཞིན་རྣམས་སོ། །སའི་ཁམས་ལ་སོགས་པ་ནི། སྤྱན་ལ་སོགས་པའི་རང་བཞིན་དུ་བལྟའོ། །འདི་ཉིད་དུ་ཡང་རྫོགས་པའི་རིམ་པ་བསྟན་པ་ནི། བླ་མའི་མན་ངག་ལ་ལྟོས་ནས་གསལ་བར་བྱའོ། །རྫོགས་པའི་རིམ་པ་བསྒོམ་པ་ལ་གནས་པའི་རྣལ་འབྱོར་
པས། ལྷ་ལ་སོགས་པ་དམིགས་པ་ལ་མངོན་པར་ཞེན་པ་ཤིན་ཏུ་མི་བྱ་བར་བསྟན་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ཀྱི་མཉམ་པ་ཉིད་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དེ་ཉིད་གནས་པ་སྟེ། གང་དུ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ། དོན་
དམ་པར་ཆོས་ཉིད་མངོན་དུ་བྱས་པ་དང་ལྡན་པ་དང་ཞེས་བྱ་བའི་དོན་ཏོ། །འཁོར་གྱི་དཀྱིལ་འཁོར་ལ་དམིགས་ནས་ཞེས་བྱ་བ་ལ། ཤེས་རབ་ཀྱི་སྤྱན་གྱིས་མི་དམིགས་པའི་ངོ་བོ་ཉིད་ཀྱིས། ཀུན་དུ་རིག་པས་བརྗོད་པར་བྱ་བ་ལ་སོགས་པའི་ཆོས་མི་སྲིད་པ་ཉིད་ཀྱི་ཕྱིར། ཅང་མི་གསུང་
བར་འགྱུར་རོ། །བརྙས་པ་མི་བྱ་བའི་དོན་དུ་སློབ་དཔོན་གྱིས་རང་གི་ངོ་བོ་ཡང་དག་པར་གསལ་བར་བྱ་བ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་ཞེས་བྱ་བ་ལ། ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་

པ། བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ཅེས་གསུངས་སོ། །དེ་ཉིད་རྡོ་རྗེ་སྟེ་མི་ཕྱེད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཆོས་ཀྱི་སྐུའི་བདག་ཉིད་རྡོ་རྗེ་འཛིན་པ་ཆེན་པོའོ། །མཚན་མིན་ཐམས་ཅད་ཡང་དག་སྤངས། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །
སྙན་པའི་ཚིག་དང་བདེན་པར་ལྡན། །དུལ་ཞིང་བརྟན་ལ་བརྩོན་འགྲུས་ཅན། །ཟབ་ཅིང་རྒྱ་ཆེ་དེ་ཉིད་ཤེས། །དད་དང་ཤེས་རབ་གཉིས་ལྡན་གཙང་། །འཇིག་རྟེན་ཆོས་ཀྱི་དྲི་མ་འདས། །སྒྱུ་དང་གཡོ་ནི་རྣམ་པར་སྤངས། །ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་རྣལ་འབྱོར་
པ་རྟག་ཏུ་དེའི་རྣལ་འབྱོར་ལ་རྣམ་པར་གནས་པ་ཉིད་ཀྱི་ཕྱིར། དེ་བཞིན་དུ་འདི་བལྟ་བར་བྱ་སྟེ། དེ་བཞིན་དུ་བརྟན་པར་བྱ་ཞེས་བྱ་བའི་དོན་ཏོ། །འདིས་ནི་སློབ་དཔོན་ཐམས་ཅད་ལ་གུས་པར་བྱ་བ་མདོར་བསྡུས་ནས་གསུངས་པ་ཡིན་ནོ། །གཉིས་སུ་དབྱེར་མེད་ཅེས་བྱ་བ་ལ་རྒྱུའི་དེ་ཁོ་ན་ཉིད་དང་
འབྲས་བུའི་དེ་ཁོ་ན་ཉིད་ལ་བརྟེན་པ་དག་དེ་ཁོ་ན་ཉིད་ཀྱིས་དབྱེར་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་ཐམས་ཅད་གསང་བ་ལས། རྒྱུ་ཉིད་ཇི་ལྟར་མཐོང་བ་ནི། །འབྲས་བུ་ཡང་ནི་དེ་ཉིད་དོ། །ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པས་ཞེས་བྱ་བ་ནི། སྤྱན་ལ་སོགས་པ་སྤྲུལ་
པའི་རང་བཞིན་རྣམས་སམ། བྱིན་གྱིས་བརླབས་པ་དང་། རྗེས་སུ་གཟུང་བའི་མཚན་ཉིད་ལ་སོགས་པ་རྣམས་ཀྱི་ཡང་དག་པར་མཆོད་པའོ། །འགྲོ་ཞིང་ཞེས་བྱ་བ་ནི། གཤེགས་སུ་གསོལ་ནས་འགྲོ་བ་ཞེས་བྱ་བའི་དོན་ཏོ། །ཕ་ཞེས་བྱ་བ་ནི་ཐབས་ཀྱི་རང་བཞིན་ཉིད་ཀྱིས་སོ། །མ་ཞེས་བྱ་
བ་ནི་ཤེས་རབ་ཀྱི་རང་བཞིན་ཉིད་ཀྱིས་སོ། །འདི་གཉིས་ཀའི་བདག་ཉིད་ཀྱིས་རྡོ་རྗེ་འཛིན་པ་སྟེ། དེ་བཞིན་དུ་ཡང་བཤད་པ། མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཡབ་ནི་ཐབས་ལ་མཁས་པ་སྟེ། །རྡོ་རྗེ་སེམས་དཔའ་གདུལ་བྱའི་ཕྱིར། །རིགས་དང་འབྱུང་བར་འགྱུར་བ་ཡིན། །ཞེས་
སོ། །སྟོན་པ་པོ་ཞེས་བྱ་བ་ནི་དྲག་ཤུལ་གྱི་དངོས་གྲུབ་སྟེར་བ་ལ་སོགས་པ་འཛུད་པའམ། ཞི་བ་ལ་སོགས་པའི་ལས་ལ་སྦྱོར་བའོ། །ཅིའི་ཕྱིར་ཡང་འདི་སློབ་དཔོན་ཉིད་དུ་ཐོབ་ཅེས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པའི་རིག་ནས་ཇི་ལྟར་ཐོབ་པ་སྟོན་པ་གསུངས་པ། ཉོན་

ཅིག་ཅེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་བདག་ཉིད་ལ་སེམས་དཔའ་འདི་ལ་ཡོད་པས། བྱང་ཆུབ་སེམས་དཔའ་སྟེ། རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་ཀུན་དུ་འབྱུང་བ་ཞེས་བྱ་བ་ནི་རྡོ་རྗེ་སྟེ་མི་ཕྱེད་པས། གང་ལ་ཏིང་ངེ་འཛིན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཏིང་ངེ་འཛིན་གྱི་
དཀྱིལ་འཁོར་བྱ་བ་ནི། བསམ་གཏན་གྱི་དཀྱིལ་འཁོར་རོ། །དེའི་ཕྱིར་སེམས་བརྟན་པའི་རྣལ་འབྱོར་པས་བསམ་གཏན་བྱས་ནས་དཀྱིལ་འཁོར་དུ་གསང་བའི་དབང་ལ་སོགས་པ་བྱིན་པའི་ཕྱིར་ཐོབ་པའོ། །གྲུ་བཞི་ལྷམ་པ་རབ་ཏུ་མཛེས། །ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་ཏེ། ནང་གི་
དཀྱིལ་འཁོར་ཟླུམ་པོ་ཀ་བ་བརྒྱད་ཀྱིས་མཛེས་པར་བྱས་པ་ཉིད་དོ། །གང་སྨྲས་པ། བསམ་གཏན་གྱི་དཀྱིལ་འཁོར་གྲུ་བཞི་པ་རིམ་པ་གཅིག་པའི་དཀྱིལ་འཁོར་གྱི་བདག་པོའི་ཁ་དོག་བསྒོམ་པར་བྱ་ཞེས་པ་བསྟན་པའི་ཕྱིར། འདི་གསུངས་པ་ཡིན་ནོ་ཞེས་སོ། །དེ་ནས་གང་གསུངས་
པ། ཀུན་ཏུ་བཟང་པོ་ལས། ཀ་བ་བཟང་པོ་བརྒྱད་ཀྱིས་ཉེར་མཛེས་པ། །རྣམ་ཐར་བརྒྱད་པོ་རྣམ་པར་དག་པ་ཡིན། །ཞེས་པ་དེ་ཇི་ལྟར་རྟོགས་པར་བྱ་བ་བསམ་པར་བྱའོ། །གདུག་པ་རྣམས་ཀྱི་ཁྲག་དགུག་པའི་དོན་དུ་རྡོ་རྗེ་མཁའ་འགྲོའི་ཏིང་ངེ་འཛིན་གསུངས་པ། དེ་ནས་ཞེས་
བྱ་བ་ལ་སོགས་པ་ལ། འདིའི་དོན་ཇི་ལྟ་བ་བཞིན་དུ། རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པ་ལས། ཡི་གེ་ཧཱུཾ་དང་རྩེ་གསུམ་ལས་བྱུང་བ་ཁ་དོག་སྔོན་པོ་ཞལ་འགྱུར་ཞིང་མཆེ་བ་གཙིགས་པ། དབུ་སྐྲ་གྱེན་དུ་འཁྱིལ་པ་མི་བསྐྱོད་པས་དབུ་ལ་བརྒྱན་པ། ལྗགས་འདྲིལ་བ། གཡས་ཀྱི་ཕྱག་གིས་
རྩེ་གསུམ་དང་མིའི་རུས་པའི་ཕུར་བུ་འཛིན་པའོ། །གཡོན་གྱི་ཕྱག་ན་རྡོ་རྗེ་འབར་བ་དང་བཅས་པའི་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ། རྒྱུ་མའི་ཕྲེང་བས་བརྒྱན་པ་གཡོན་བརྐྱང་བའི་ཚུལ་དུ་བཞུགས་པས་དུར་ཁྲོད་ཀྱི་སའམ་ཉི་མའི་གདན་ལ་རྡོ་རྗེ་མཁའ་འགྲོ་མའི་གཟུགས་སུ་བདག་ཉིད་བསྐྱེད་ནས་
ནམ་མཁའ་ལ་ཡི་གེ་ཁཾ་གིས་སྒྱུ་མའི་སེམས་ཅན་རྣམས་ལ་རུས་པ་དང་ཤ་ལ་སོགས་པ་ལས་ཕྱི་རོལ་དུ་གྱུར་པ། ན་རི་ཀེ་ལ་བཞིན་དུ་ཁྲག་གིས་ཡོངས་སུ་བཀང་བ་སྤྲུལ་ཏེ། དེའི་སྙིང་གར་རྩེ་གསུམ་གྱིས་ཕུག་ལ་དེ་ནས་རང་གི་ལྕེ་ལ་ཡི་གེ་ཧྲིཿདམར་པོ་འོད་ཟེར་ལྔ་དང་བཅས་པ་བསྒོམས་ནས་དེའི་

འོད་ཟེར་རྣམས་སྦུ་གུའི་རྣམ་པ་ལྟ་བུས་བསྒྲུབ་བྱའི་སྙིང་གར་གཞུག་པར་བསྒོམ་མོ། །དེ་ནས་སྦུ་གུ་དེའི་ནང་ན་ཚུར་ལ་ཁྲག་གི་རྒྱུན་འདྲེན་པར་སེམས་མཉམ་པར་གཞག་པས་སྔགས་ཟློས་ཤིང་། རང་གི་ཁ་གང་བར་བསམ་པར་བྱའོ། །དེ་བཞིན་དུ་བསྒོམ་ཞིང་བཟླས་པས་
མཚན་མ་བྱུང་ནས་ཡང་འབུམ་བཟླས་ཏེ་དེས་འགྲུབ་པོ། །སངས་རྒྱས་ཉིད་ཀྱི་སྐུ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རྣལ་འབྱོར་པ་ཡང་ཏིང་ངེ་འཛིན་འདིས་ཁྲག་དགུག་པ་ལ་སོགས་པའི་གནོད་པ་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྫོགས་པའི་རིམ་པ་སྒོམ་པའི་རྣལ་འབྱོར་པས་ཀྱང་རྟག་ཏུ་དམ་ཚིག་དང་
སྡོམ་པ་ལ་གནས་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདིས་འདི་སྐད་དུ་གསུངས་ཏེ། རྣལ་འབྱོར་པ་རྣམས་ནི་བཟའ་བ་ལ་ཆགས་པར་མི་བྱ་བའོ། །ཆགས་པ་དང་བྲལ་བར་ཡང་མི་བྱ་ལ་ཐམས་ཅད་རང་བཞིན་མཉམ་པ་ཉིད་ཀྱི་རོས་མཉམ་
པར་བྱས་ཏེ། ཆོ་ག་བཞིན་དུ་ཉེ་བར་ལོངས་སྤྱད་པར་བྱའོ། །མཆོད་པའི་ཡོ་བྱད་མཆོག་ལྔའི་ཞེས་བྱ་བ་ནི་བརྩོན་འགྲུས་ལྔ་ལ་སོགས་པ་རྣམས་ཀྱིས་ཆོ་ག་བཞིན་དུ་ཐམས་ཅད་མཆོད་པར་བྱའོ། །ཕྱི་རོལ་གྱི་བུད་མེད་རང་སྣང་བར་བྱས་ནས་སྙོམས་པར་ཞུགས་ཏེ། བསྟེན་པ་རང་གི་བྱང་ཆུབ་
སེམས་ཀྱི་ཐིག་ལེ་ལས་བྱུང་བ་དེ་བཞིན་གཤེགས་པའི་ཚོགས་ལྷ་མོའི་པདྨའི་ནང་དུ་བཅུག་སྟེ། ཡེ་ཤེས་ཀྱི་བདུད་རྩིར་ཇི་ལྟ་བ་བཞིན་དུ་གསལ་བར་བྱས་ཏེ། རང་གི་ཁས་རོ་མྱངས་ནས། རང་གི་ལུས་ལ་གནས་པའི་ལྷའི་འཁོར་ལོ་མཉེས་པར་བྱའོ། །སེམས་ཅན་ཁམས་རྣམས་མཐའ་
ཡས་ཀྱི། །དམ་ཚིག་འཛིན་པའི་མ་རྣམས་ལ། །ཞེས་བྱ་བའི་དོན་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །དམ་ཚིག་འཛིན་པ་ཞེས་བྱ་བ་ནི་རང་སྣང་བ་བཞིན་དུ་བསྐྱེད་པའི་ལྷའི་སྦྱོར་བས་སམ། ཡང་ན་མཆོག་ཏུ་དམ་ཚིག་དང་སྡོམ་པ་བསྐྱང་བར་ལྷུར་བྱེད་པའོ། །སྤྱད་ཅེས་བྱ་བ་ནི་རང་གི་
རིག་མར་མོས་པས་སྙོམས་པར་ཞུགས་པས་ཚིམ་པར་བྱ་བའོ། །ལུས་དང་ངག་སེམས་ལོངས་སྤྱོད་ཀྱི། །ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་དོ། །གསང་བ་གསུམ་གནས་རྡོ་རྗེ་སྐྱེས། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་མཆོག་ཏུ་ཟག་པ་མེད་པ་བདེ་བ་ཆེན་པོའི་རང་བཞིན་ནོ། །

བསྒྲུབ་པར་བྱ་ཞེས་བྱ་བ་ནི་བདག་རྫོགས་པར་བྱ་བའོ། །བཟང་པོ་ཞེས་བྱ་བ་ནི་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་དགེ་བ་ཐམས་ཅད་སྐྱེད་པར་བྱེད་པའོ། །འདིར་ནི་ཡོང་ཡེ་འཇིག་མི་འགྱུར། །ཞེས་བྱ་བ་ནི་འདིར་ཐམས་ཅད་དུ་འགལ་བར་གྲགས་པའི་ལས་སྤྱོད་པ་ཡང་སེམས་ཅན་རྣམས་
ལ་ཕན་པའི་དོན་དུ་འཇུག་སྟེ། གང་གི་རྣམ་པས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤིག་པ་སྟེ། ཟད་པར་འགྱུར་བ་བདག་ལ་མེད་པ་སྟེ། ལྷག་པའི་བསམ་པ་བསྐྱེད་ནས་དེ་གཞན་ལ་ཕན་པ་བསྐྱེད་པའི་དོན་དུ་ལྷའི་སྦྱོར་བ་སྔོན་དུ་སོང་བས་ཐམས་ཅད་དུ་རྩོལ་བ་ལ་འཇུག་པར་བྱའོ་ཞེས་སྟོན་ཏོ། །
བསམ་པ་ཞེས་བྱ་བའི་ཚིག་ལ་ནི་འདིའི་དོན་ནི་རྟོགས་པར་སླ་བ་ཉིད་དོ། །བསྒོམས་པས་སྐྱོ་ན་སྐྱོ་བ་བསལ་བའི་དོན་དུ་ཆོ་ག་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ། བསྒོམ་པ་ལ་སོགས་པས་སྐྱོ་བའི་རྣལ་འབྱོར་པས། རང་གི་མགོ་བོར་མཐོ་གང་ཙམ་
སྤགས་པས་བདུད་རྩི་ལྔ་ཟླ་བའི་དཀྱིལ་འཁོར་གྱི་དབུས་ན་གནས་པ་སྟེ། དེ་ལ་གནས་པའི་ཡི་གེ་ཨོཾ་གྱི་འོད་ཟེར་གྱིས་མར་སར་བཞིན་དུ་ཁུ་བར་བྱས་ནས་བལྟས་ཏེ། དེ་ནས་གངས་བཞིན་དུ་བསིལ་བའི་བདུད་རྩིའི་རྒྱུན་གྱིས་མཚོག་མར་འབབ་པ་ནས་རྩ་མ་ལུས་པ་ནས་སྐུ་རྡོ་རྗེ་ལ་སོགས་པའི་ལུས་
ཐམས་ཅད་ཆོ་ག་བཞིན་དུ་ཚིམ་པར་བྱའོ། །མཆོད་རྟེན་བརྩིག་པ་ལས་མི་བྱ། །ཞེས་བྱ་བ་ནི་འདིའི་དོན་ནི་རྒྱུན་མི་འཆད་པར་སྒོམ་པར་འདོད་པའི་རྣལ་འབྱོར་པ་རང་གི་ལྷ་རྫོགས་པ་ཉིད་ནི་མཆོད་རྟེན་ཆེན་པོའི་ལས་སོ། །བཟླས་པ་དོན་དུ་གཉེར་བ་དང་། སྔགས་བརྗོད་པ་ཉིད་ནི་གླེགས་བམ་
ཀློག་པའོ། །ཕྱོགས་བཅུར་ཁྱབ་པ་སྤྲོས་པ་ལ་སོགས་པ་དང་ལྡན་པའི་དཀྱིལ་འཁོར་བསྒོམ་པ་ཉིད་དུ་ཤིན་ཏུ་རྒྱས་པའི་དཀྱིལ་འཁོར་ཏེ། གཞན་ཕྱིའི་སེམས་གཡེང་བའི་རྒྱུས་ཅི་ཞིག་བྱ། བསོད་ནམས་ཆུང་ངུ་བསགས་པའི་རྒྱུས་རྣལ་འབྱོར་པས་མཆོད་རྟེན་བརྩིག་པ་ལ་སོགས་པའི་ལས་
མི་བྱའོ། །གང་ཡང་རེས་འགའ་སྒོམ་པའི་སྦྱོར་བས་མངོན་པའི་ང་རྒྱལ་གྱིས་གནས་པ་དེ་རྣམས་ནི་བཀག་པ་མ་ཡིན་ཏེ། བསོད་ནམས་བསགས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཡང་ན། གླེགས་བམ་བཀླག་པར་མི་བྱའོ། །ཞེས་བྱ་བ་ནི་དོན་ལ་མི་ལྟོས་པར་ཀློག་པ་ཙམ་བཀག་པ་ཡིན་ནོ། །

དེ་ཡང་། སྐུ་ཡིས་འདིར་ནི་བཀླག་པར་བྱ། །ངག་གིས་བཀླགས་པས་ཇི་ལྟར་འགྱུར། །སྨན་དཔྱད་ཀློག་པ་ཙམ་གྱིས་ནི། །ནད་པ་ལ་ནི་ཇི་ལྟར་ཕན། །ཞེས་གསུངས་སོ། །སེམས་ལས་བྱུང་བ་ཞེས་བྱ་བའི་ཚིག་གཞན་ལ་ནི་འདིའི་དོན་སེམས་ལས་སྐྱེ་བས་
སེམས་ལས་བྱུང་བ་སྟེ། ཚོར་བ་དང་སེམས་པ་དང་། འདུ་ཤེས་དང་། འདུན་པ་དང་། རེག་པ་ལ་སོགས་པ་སྟེ། དེ་རྣམས་མི་བྱའོ། །སེམས་གཡེང་བ་རྣམ་པར་རྟོག་པའི་གོ་སྐབས་མི་སྦྱིན་པ་ཞེས་པའི་དོན་ཏོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པས་ནི་ཐ་མལ་པའི་འགྲོ་བ་
རྣམས་བཞིན་དུ་ཕྱག་མི་བྱའོ། །ཐམས་ཅད་དུ་མི་བྱ་བ་ནི་མ་ཡིན་ཏེ། ཕྱག་གི་ཆོ་ག་སྔར་བཤད་པ་ཉིད་ཀྱི་ཕྱིར་རོ། །གདུལ་བྱའི་སྐྱེ་བོའི་དབང་གིས་དུག་ཉེ་བར་ལོངས་སྤྱོད་པའི་ཆོ་ག་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བྷྲཱུཾ་འཁོར་ལོའི་དབུས་སུ་ཆུད་པར་བཞག་ཅེས་བྱ་བ་ནི་
གཙུག་ཏོར་འཁོར་ལོས་སྒྱུར་བ་ལ་སོགས་པའི་སྦྱོར་བ་དང་ལྡན་པས་རང་གི་ལག་པ་གཡོན་པ་ལས་ཡི་གེ་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་དུག་གི་དུམ་བུ་གཞག་པར་བྱའོ། །ལ་ལ་ནི་ཡི་གེ་ཐའི་དབྱིབས་ལྟ་བུ་འཁོར་ལོའི་ལྟེ་བ་ལ་ཞེས་ལ་ལ་དག་འདོད་དོ། །དེ་ནས་
དེ་ལ་འོད་ཟེར་དཀར་པོ་དང་བཅས་པའི་ཡི་གེ་གསུམ་དགོད་དེ། དེ་ནས་དེ་དཀར་པོར་བྱས་ནས། བདུད་རྩི་ལྟ་བུར་བསམས་ཏེ། སྲིན་ལག་གི་རྩེ་མོར་རེག་སྟེ། སོའི་རྒྱལ་པོ་གཉིས་ཀྱིས་དང་པོ་བཟུང་ནས་རང་གི་ལྷ་དཀར་པོའི་གཟུགས་ཀྱིས་མི་འཇིགས་པའི་སྦྱོར་བས་བཟའ་སྟེ། དུག་མེད་
པར་འགྱུར་རོ། །མུ་སྟེགས་ལ་སོགས་པ་དུག་ཟ་བ་རྣམས་ང་རྒྱལ་བཅག་པའི་ཕྱིར་དེ་བཞིན་དུ་ཁ་དོག་སེར་པོ་འབར་བ་དང་བཅས་པས་རེངས་པར་འགྱུར་རོ། །དུག་ཆེན་པོར་བྱེད་པ་ནི་ཁ་དོག་ནག་པོ་འོད་ཟེར་གྱི་ཧ་ལ་ཧ་ལའི་དུག་ཆེན་པོ་དེར་གཞུག་པར་བྱའོ། །དེ་བཞིན་དུ་ཤིན་ཏུ་མཐུ་དང་
བཅས་པས་ལྕི་བར་འགྱུར་རོ། །བསྐུལ་ན་ཤིན་ཏུ་མེ་འབར་བ་དང་འདྲ་བར་བསམ་པར་བྱའོ། །དེ་བཞིན་དུ་བསྒྲུབ་བྱའི་ལུས་ལ་གནས་པའི་དུག་དབྱུང་བ་ཡང་ཆོ་ག་བཞིན་དུ་བྱའོ། །ད་ནི་རྣམ་པར་གཡེང་བའི་གནས་སྐབས་སུ་རང་དང་གཞན་བསྲུང་བའི་དོན་དུ་བྲིས་པ་དང་བསྒོམ་པའི་ཕྱིར་

ཟློག་པའི་འཁོར་ལོ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། འདི་ཡང་བླ་མའི་མན་ངག་ལས་ཆོ་ག་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་མིག་སྨན་གྱི་དངོས་གྲུབ་བཤད་པར་འདོད་ནས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཞི་གནས་ཞེས་བྱ་བ་ནི་དུར་ཁྲོད་དོ། །ཡང་ན་ལྷ་ཆེན་པོའི་
གནས་སོ། །ཐོད་པར་དབབ་པར་བྱ་ཞེས་བྱ་བ་ལ། འདི་སྐད་གསུངས་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་བདུད་རྩི་འཁྱིལ་པའི་སྦྱོར་བའི་བཟླས་པ་བྱས་ནས། མཚན་མ་བྱུང་ནས་ཨོཾ་ཧུ་ལུ་ཧུ་ལུ་ཞེས་བྱ་བ་ལ་སོགས་པའི་སྔགས་འབུམ་བཟླས་ནས། ལམ་གྱི་བཞི་མདོ་ལ་སོགས་པ་ཐོད་པ་དང་། ལག་པ་དང་།
རྐང་པ་ལ་སྔགས་པ་འདུག་ནས་ཐོད་པ་གསུམ་གྱི་སྒྱེད་པོ་བྱས་ཏེ། ཚིལ་ཆེན་གྱིས་གང་བའི་ཐོད་པའི་ཕྲུ་བ་ཅིག་བཞག་ལ་དེ་ལ་ཨརྐའི་བལ་ལ་པདྨའི་སྐུད་པས་དཀྲིས་པའི་སྡོང་བུས་བཤང་བ་ལ་སོགས་པ་དང་བཅས་པ་དུར་ཁྲོད་ཀྱི་མེས་སྦར་ལ་མར་གྱི་ངོའི་ཚེས་བཅུ་བཞི་ལ་བདུད་རྩི་འཁྱིལ་པའི་
སྦྱོར་བ་བྱས་ནས་ཨོཾ་ཧུ་ལུ་ཧུ་ལུ་ཞེས་སོགས་པའི་སྔགས་བཟླས་ནས་ཐོད་པ་ལ་མིག་སྨན་དབབ་པར་བྱའོ། །དེ་ནས་མིག་སྨན་ཐོད་པ་ལ་གནས་པའི་སྟེང་དུ་ལག་པས་མནན་ཏེ། སྔགས་བརྒྱ་རྩ་བརྒྱད་ཟློས་ཤིང་དེ་ལས་འབར་བ་ལ་སོགས་པའི་དངོས་གྲུབ་གསུམ་དུ་འགྱུར་ཏེ། འབར་བས་ནི་འདོད་
པའི་ཁམས་སུ་རིག་པ་འཛིན་པའི་བདག་པོར་འགྱུར་རོ། །དུ་བས་ནི་མི་སྣང་བའི་བདག་པོར་འགྱུར་རོ། །དྲོ་བས་ནི་རིང་པོ་ན་གནས་པའི་སའི་གཏེར་མཐོང་བ་དང་། རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །མཚན་མ་མ་བྱུང་བས་ཀྱང་སྐྱེ་བོ་ཐམས་ཅད་དབང་དུ་འགྱུར་རོ། །
ད་ནི་ཆེ་བའི་བདག་ཉིད་བཤད་པས། རྒྱུད་ཡང་དག་པར་རྫོགས་པའི་ཐུན་མོང་མ་ཡིན་པའི་རྒྱུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གསང་བ་ཞེས་པའི་རིགས་གསུམ་སྟེ། གསང་བ་ཞེས་བྱ་རིགས་གསུམ་མོ། །ཞེས་བྱ་བའི་ཚིག་ལས་སོ། །དེ་ཉིད་ཆོས་ཀྱི་དབྱིངས་དེའི་བདག་ཉིད་
ཀྱིས་རྟེན་དུ་གྱུར་པ་ཉིད་ཀྱི་ཕྱིར་མི་འགྱུར་བའི་གནས་སོ། །ཡི་གེའི་ཚིག་ནི་དེ་རྣམས་དུ་དང་ལྡན་པ་ཞེས་བྱ་བ་ནི་འདིའི་འདྲི་བའོ། །ཡི་གེ་གསུམ་ཞེས་བྱ་བ་ནི་ལན་ནོ། །གང་ཞིག་ལགས་ཞེས་བྱ་བ་ནི་དྲིས་པའོ། །ལན་གསུངས་པ་སྐུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་

པ་ཐམས་ཅད་དང་ཡེ་ཤེས་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་གསུམ་གྱི་བདག་ཉིད་དུ་འདུས་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །དེ་བཞིན་གཤེགས་པ་བྱུང་བ་ཡང་དེ་ལྟ་བུར་གྱུར་པའི་ཆོས་སྟོན་པ་རྙེད་པར་དཀའ་བ་ཉིད་དུ་གསུངས་པ། དེ་
ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ངས་མ་གསུངས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དང་། ཐ་མི་དད་པའི་ཆོས་ཀྱི་སྐུ་ཉིད་ཀྱིས་མར་མེ་མཛད་པ་ལ་སོགས་པ་རྣམས་སུ་ང་རྒྱལ་བྱས་ནས་སོ། །དེ་ཡང་ཆོས་མངོན་པ་ལས། ཚོགས་དང་ཆོས་ཀྱི་སྐུ་དང་ནི། །འགྲོ་
བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པ་ཉིད། །ཅེས་གསུངས་པ་ནི་གྲུབ་པའི་མཐའོ། །ཅིའི་ཕྱིར་དེ་རྣམས་ཀྱིས་མ་གསུངས་ཤེ་ན། སྐལ་བ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ཆེན་པོས་གདུལ་བྱའི་འགྲོ་བ་མེད་པའི་ཕྱིར་རོ། །འབད་པ་ནི་
བསམ་པ་ཕུན་སུམ་ཚོགས་པའོ། །རྩོལ་ཀྱང་ཞེས་བྱ་བ་ནི་སྦྱོར་བ་ཕུན་སུམ་ཚོགས་པའོ། །བྱང་ཆུབ་ཐོབ་པར་མི་འགྱུར་བ་ཞེས་བྱ་བ་ནི་ཐབས་མེད་པར་གྱུར་པ་ཉིད་ཀྱི་ཕྱིར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་གིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་བྱང་ཆུབ་སེམས་
དཔའི་ཐེག་པ་ཡིན་པའི་ཕྱིར། དེ་ཉིད་ཀྱིས་རིགས་ངེས་པ་ཉིད་ཀྱང་བྱང་ཆུབ་པར་མི་འགྱུར་ཏེ། ས་བཅུ་པའི་དབང་ཕྱུག་ཉིད་ཀྱང་མངོན་པར་བྱང་ཆུབ་པའི་སྒྲུབ་པའི་བརྩོན་འགྲུས་མེད་པར་ཐལ་བར་འགྱུར་རོ། །སངས་རྒྱས་ཞེས་བྱ་བའི་གྲངས་སུ་ནི་འགྲོ་སྟེ། དཀྱིལ་འཁོར་དུ་བཅུག་
པ་ལ་སོགས་པ་ལ། རིགས་ངེས་པར་བྱས་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཡང་། དེ་ཁོ་ན་ཉིད་རྟོགས་པར་གྱུར་ཀྱང་ས་བདུན་པའི་བར་དུ་ཉན་ཐོས་ཀྱི་ཐེག་པར་ལྷུང་བར་སྲིད་པའི་ཕྱིར་སངས་རྒྱས་ཉིད་དུ་མ་བརྗོད་དོ། །སྡུག་བསྔལ་གསུམ་ལ་ཞེས་བྱ་བ་ནི་སྡུག་བསྔལ་བ་
དང་ཡིད་མི་བདེ་བ་དང་། སྨྲེ་སྔགས་འདོན་པའི་རྣམ་པ་རྣམས་ལུས་ལ་སོགས་པའི་སྡུག་བསྔལ་འབྱུང་བར་མ་བྱེད་ཅིག །ཡི་གེ་ནི་ཐུན་མོང་ཞེས་བྱ་བ་ནི་ཐུན་མོང་གི་ཚིག་འདི་ཁྱེད་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཏེ། དེ་བཞིན་དུ་ངེད་ཀྱང་བྱང་ཆུབ་སེམས་དཔའི་གནས་སྐབས་ན་

ཡང་མི་ཤེས་པ་ཉིད་དོ། །དེའི་རྒྱུ་གསུངས་པ་གསང་བ་གསུམ་གྱི་ཡི་གེ་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་ནི་འདིའི་སྐུ་གསུམ་གྱི་བདག་ཉིད་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱི་བག་ཆགས་དང་བཅས་པའི་ཉོན་མོངས་པ་མ་ལུས་པའི་གཉེན་པོར་གྱུར་པ་གསལ་བའི་གནས་སྐབས་ན། མཐར་ཡང་
དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། དེའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟག་ཏུ་སྤྱོད་ཡུལ་མ་ཡིན་པའི་ཕྱིར། ཁྱོད་ཀྱིས་སྡུག་བསྔལ་བྱ་བར་མི་རིགས་སོ། །རྡོ་རྗེ་གསུམ་ཡིག་སྔགས་ཀྱི་མཆོག །ཕྱག་རྒྱ་ཆེན་པོ་རྣམས་བསྒོམས་པ། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །ཞེས་
བྱ་བ་ལེའུ་བཅུ་གཅིག་པ་ལས་གསུངས་པའི་ཁུ་བར་གྱུར་པའི་རྗེས་ལ་དེའི་རྡོ་རྗེ་འཛིན་པ་བཞེངས་པའི་དོན་དུ་ལྷ་མོ་བཞིའི་གླུས་བསྐུལ་བ་ནི་བསྟན་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་ནི་རྡོ་རྗེ་ཐུགས་ཞེས་བྱ་བ་ནི་ཤིན་ཏུ་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་
མི་ཕྱེད་པའི་ངོ་བོ་ཉིད་ཀྱིས་མི་བསྐྱོད་པའི་ཕྱིར་རྡོ་རྗེ་དང་འདྲ་བའི་ཐུགས་ཡོད་པ་དེ་ནི་རྡོ་རྗེའི་ཐུགས་སོ། །ཕན་པ་དང་བདེ་བ་ཉེ་བར་བསྡུ་བའི་མཚན་ཉིད་རྗེས་སུ་བཟུང་བས་འདོད་པའི་ཁམས་ལ་སོགས་པར་གནས་པ་རྣམས་ཤིན་ཏུ་བསྲུང་བ་ཉིད་ཀྱི་ཕྱིར་དབང་ཕྱུག་གོ། །དེས་ན་དེར་གནས་པའི་
སེམས་ཅན་གྱི་ཁམས་ཀྱི་དབང་དུ་བྱས་ཏེ། བདག་ལ་བསྐྱབ་ཏུ་གསོལ་ཞེས་བྱ་བ་ནི་སྟོང་པ་ཉིད་དུ་རོ་གཅིག་པས་བདག་དང་བྲལ་བར་མ་མཛད་ཅིག་པ་སྟེ། བདག་ལ་མ་ལྟོས་པར་སེམས་ཅན་གྱི་དོན་མི་ནུས་ཞེས་བྱ་བའི་དོན་ཏོ། །སྐྱོབ་པའི་ཐབས་གསུངས་པ། དགའ་བའི་ཡིད་འོང་དོན་ཆེན་
འདོད་པས་ཞེས་བྱ་བ་ལ་དགའ་བའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཉིད་སྡུད་པར་བྱེད་པའི་དགའ་བའོ། །དེ་ཉིད་ཤིན་ཏུ་བདག་དང་ལྷན་ཅིག་པའི་ངོ་བོ་ཡིད་དུ་འོང་བ་དེ་ལ་དེ་སྐད་ཅེས་བྱའོ། །དོན་ཆེན་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དགའ་བའི་ཡིད་འོང་ཡང་ཡིན་ལ་
དོན་ཆེན་ཡང་ཡིན་པས་དགའ་བ་ཡིད་འོང་དོན་ཆེན་ནོ། །དེ་ལ་འདོད་པ་ནི་སེམས་ཅན་ཐམས་ཅད་དེའི་གཟུགས་སུ་བསྐྱེད་པར་འདོད་པ་སྟེ་དེའི་རྒྱུ་རྣམས་ཀྱིས་སོ། །བདག་ལ་དགྱེས་པར་ཞེས་བྱ་བ་ནི། དེའི་གཟུགས་སུ་གསལ་བར་མཛོད་ཅིག་པའོ། །སེམས་ཅན་ཡབ་ཆེན་བཞིན་དུ་ནི་

སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཉེ་བར་སྡུད་པའི་ཕྱིར་ཡབ་ཆེན་ནོ། །མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་སྟེར་བའི་ཕྱིར་གཉེན་མཆོག་གོ། །གལ་ཏེ་བདག་དང་བྲལ་བར་མི་འདོད་ན། དེའི་ཚེ། བདག་ལ་དགྱེས་པར་མཛད་དུ་གསོལ། །ཞེས་བྱ་བ་དང་
འབྲེལ་ཏོ། །གཞན་དུ་ནམ་མཁའ་དང་མཉམ་པར་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་གནས་པས། བྱམས་པ་ཉམས་པར་འགྱུར་རོ་སྙམ་དུ་དགོངས་པའོ། །རྣམ་པར་སྣང་མཛད་ཀྱི་སྒོ་ནས་སྤྱན་ཞེས་བྱ་བས་བསྐུལ་བ་གསུངས་པ། རྡོ་རྗེ་སྐུ་ཁྱོད་ཅེས་བྱ་བ་ནི་མི་འགྱུར་བའི་ཆོས་ཀྱི་སྐུའི་
ངོ་བོ་ཉིད་ཀྱི་ཕྱིར་རོ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པའི་བཀའ་བསྒོ་བའི་ཕྱིར་སེམས་ཅན་མང་པོ་ལ་དགའ་བའི་འཁོར་ལོའི་བཀའོ། །སངས་རྒྱས་ནི་ཤེས་པ་སྟེ། དོན་གྱི་དངོས་པོ་ཐམས་ཅད་ཀྱི་བྱང་ཆུབ་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་
དོན་དམ་པར་ཕན་པ་ནི་སངས་རྒྱས་ཉིད་དང་འདྲ་བ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་གཟུགས་བསྟན་པའི་ངང་ཚུལ་འདི་ལ་ཡོད་པས་དོན་དམ་པ་རྗེས་སུ་ཕན་སྟོན་པའོ། །དེའི་ཕྱིར་འདོད་ཆགས་ཀྱི་སེམས་ཅན་རྣམས་ལ་སྡུག་བསྔལ་བསྐྱབ་པར་འདོད་པས་སོ། །འདོད་
ཆགས་དམ་ཚིག་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་ཏེ། བདག་ལ་དགྱེས་པར་ཞེས་པ་དང་འབྲེལ་པའོ། །བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ལས་འདས་པའི་དངོས་པོ་མཐའ་དག་སོ་སོར་རྟོགས་པས་ཀུན་རྫོབ་དང་དོན་དམ་པ་སྟོན་པ་ཉིད་ཀྱི་ཕྱིར། །ཁྱོད་ནི་རྡོ་རྗེ་གསུང་ངོ་། །
མཐོ་རིས་དང་ཐར་པའི་ཕུན་སུམ་ཚོགས་པ་ལས་སྐྱེས་པའི་དགའ་བའི་འཇིག་རྟེན་པའི་དགོས་པའི་དོན་ནི་འཇིག་རྟེན་དོན་ཏོ། །དེ་ཉིད་གཞན་ལ་