Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 39

Văn bản gốc(Tây Tạng)

Trang 17 / 20 (50.000 ký tự/trang)
། །ཞེས་བྱ་བ་ལ་འདི་སྐད་གསུངས་
པ་ཡིན་ཏེ། མཚན་མ་ཐོབ་པ་ལ་སོགས་པས་དཔལ་རྡོ་རྗེ་འཛིན་པའི་རྣལ་འབྱོར་པ་རང་གི་དཀྱིལ་འཁོར་ལ་གནས་པ་རང་གི་རིགས་ཀྱི་བུ་མོ་ཆོ་ག་བཞིན་དུ་རང་སྣང་བར་བྱས་ནས། དེའི་མཁའི་དབྱིངས་སུ་རྡོ་རྗེ་བཅུག་པས་རྒྱས་པར་གྱུར་པ་ཟླ་བ་ཞུ་བ་ལས་བྱུང་བ་ཧཱུཾ་གི་ཡི་གེ་ལས་
ཇི་ལྟ་བ་བཞིན་དུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དཀར་པོ་ལ་སོགས་པའི་འོད་ཟེར་ལྔ་དང་ལྡན་པ་ནམ་མཁའ་ཁྱབ་པའི་རྡོ་རྗེ་འཛིན་པའི་རྣམ་པར་སྤྲོས་ནས་རང་གི་ལུས་ལ་སོགས་པ་ལ་བཅུག་པ་ནི་རྡོ་རྗེ་འཛིན་པ་ཆེན་པོའི་བདག་ཉིད་ཀྱི་བྱང་ཆུབ་ཐོབ་པའོ། །དེ་ཉིད་གསུངས་པ་
དེ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་འོད་འདྲ་ཞིང་། །ཞེས་བྱ་བ་ནི་འཁོར་ལོ་མ་གཏོགས་པ་དེའི་ཁ་དོག་ལ་སོགས་པ་དང་བཅས་པའོ། །གང་ཡང་བརྗོད་པ་པདྨ་ཞེས་བྱ་བ་ལ་སོགས་པས་པདྨ་དང་རྡོ་རྗེ་དག་གི་རྣམ་པར་དག་པ་ཞེས་ལ་ལ་དག་འདོད་དོ། །དེ་ནི་

བདེན་པ་མ་ཡིན་ཏེ། ཡི་གེ་ཧཱུཾ་ཞེས་བྱ་བ་ལ་སོགས་པས་ལེའུ་བདུན་པ་ལས་འདི་གསུངས་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཐམས་ཅད་ལ་སོགས་པ་རྣམས་ཀྱི་ཡེ་ཤེས་སུ་གྱུར་པའི་ཕྱིར་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་དེ་ལས་བྱུང་བ་སྒྲུབ་པ་པོའི་རྒྱུད་ལ་དེའི་གཟུགས་ཀྱིས་རྫོགས་
པ་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔར་བཤད་པའི་མི་སྣང་བའི་དངོས་གྲུབ་སྒྲུབ་པའི་དུས་སུ་དམ་ཚིག་ཉམས་སུ་བླངས་པ་གསུངས་པ། བུད་མེད་ཅེས་བྱ་བ་ལ་སོགས་པ་ལ། འདི་སྐད་གསུངས་པ་ཡིན་ཏེ། རིག་མའི་བརྟུལ་ཞུགས་སྤྱད་པའི་སྔགས་
པས་རང་གི་དཀྱིལ་འཁོར་ལ་གནས་པས་འཇམ་དཔལ་གྱི་རྣལ་འབྱོར་དང་ལྡན་པ་གསང་བའི་མཆོད་པ་ལས་བྱུང་བའི་ཕྱིར་རོ། །གསང་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཇི་ལྟ་བ་བཞིན་ཉེ་བར་ལོངས་སྤྱོད་པ་ན་གསུངས་པའི་ཕན་ཡོན་དུ་འགྱུར་རོ། །ཤ་ཞེས་བྱ་བ་ནི་རྟའི་ཤ་སྟེ་གང་
གསུངས་པ། རྟ་ཤ་དག་གི་དམ་ཚིག་གིས། །མི་སྣང་བ་ཡི་བདག་པོ་འགྲུབ། །ཅེས་པའོ། །བསྔགས་ནས་ནི་ཞེས་བྱ་བ་ནི་ཡི་གེ་གསུམ་གྱིས་བསྔགས་པའོ། །ཆོ་གས་ཞེས་བྱ་བ་ནི་སྦྱངས་པ་ལ་སོགས་པ་དང་ལྡན་པའོ། །བཤད་པ་ཆོ་ག་བཞིན་བླངས་ན། །ཞེས་བྱ་བ་ནི་
བཟའ་བ་ལ་སོགས་པ་རྟའི་ཤ་དང་བཅས་པ་སྦྱང་བ་ལ་སོགས་པ་སྔོན་དུ་སོང་བའི་ཡི་གེ་གསུམ་གྱིས་མངོན་པར་བསྔགས་ཏེ་རིག་མ་དང་བཅས་པས་བཟའ་བར་བྱའོ། །དེ་ཉིད་འོག་གི་ལམ་ནས་བྱུང་བ་ཁམ་ཕོར་ཁ་སྦྱར་དུ་གནས་པ་ཆོ་གས་ལེགས་པར་སྦྱངས་པའི་ཡི་གེ་གསུམ་མམ་རང་
གི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བསྔགས་ནས་ཟོས་ན་སངས་རྒྱས་ཀྱིས་ཀྱང་མི་མཐོང་ངོ་། །ཉི་མ་གཟས་ཟིན་པའི་ཚེ་སྒྲུབ་པོ་ཞེས་བྱ་བ་ནི་མན་ངག་གོ། །དེ་བཞིན་དུ་ཁྱི་ཤ་ལ་སོགས་པའི་སྒྲུབ་པས་ཀྱང་འགྱུར་རོ་ཞེས་བྱ་བ་གསུངས་པ། ཁྱི་ཤ་ཞེས་བྱ་བ་ལ་སོགས་པ་ལ་དེ་གོ་སླའོ། །
ད་ནི་བཤང་བ་དང་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་ལ་སོགས་པ་རིགས་ལྔ་དང་སྐུ་གསུམ་གྱི་བྱེ་བྲག་གིས་རི་ལུ་བརྒྱད་ཀྱིས་མི་སྣང་བ་བསྒྲུབ་པར་བཀོད་པའོ། །དེ་ལ་ག་བུར་ནི་བྱང་ཆུབ་ཀྱི་སེམས་སོ། །ཙནྡན་ནི་རྐང་མར་རོ། །གི་ཝང་ནི་སྙིང་ཕྲུག་གོ། །

ཨ་ག་རུ་ནི་རྣམ་པར་སྣང་མཛད་དོ། །གུར་གུམ་ནི་རང་བྱུང་གི་ཁྲག་གོ། །འདི་ཡང་མིང་གི་བྱེ་བྲག་ལས། །ག་བུར་ཁུ་བ་ཞེས་སུ་བརྗོད། །ཙནྡན་རྐང་དང་ཚིལ་མའོ། །ཨ་ཀ་རུ་ནི་དྲི་ཆེན་བཤད། །ཀུ་སུམྦྷ་ནི་ཁྲག་ཡིན་ཏེ། །གུར་གུམ་པད་སྐྱེས་ཁྲག་ཏུ་
བརྗོད། །སི་ཧླ་གཅི་བ་དག་ཏུ་བཤད། །ཁྲག་དང་བཅས་པའི་ཤ་དག་ནི། །གི་ཝང་མི་རྣམས་ཀྱི་ནི་འདོད། །ཅེས་གསུངས་སོ། །ལྷ་ཐམས་ཅད་ཀྱི་ནང་ནས་གང་འདོད་པས་མི་སྣང་བ་སྒྲུབ་པ་གསུངས་པ་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རི་ལུའི་
སྒྲུབ་པ་ནི། རིམ་པ་བཅུ་གཉིས་པར་ཤིན་ཏུ་གསལ་བར་བསྟན་པའི་ཕྱིར་འདིར་མ་བཤད་དོ། །ལྷ་ཡི་འཁོར་ལོར་རིགས་བརྟུལ་ཞུགས། །ཞེས་བྱ་བ་ནི་གཞན་ལ་མི་འགྲོ་བའི་ལྷའི་བུ་མོའོ། །གཟུགས་ཁམས་གནས་པ་ལ་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལ་སོགས་པ་ཐོབ་པར་
འདོད་པའི་འདོད་ཆགས་དང་བྲལ་བས་ཞེས་བྱ་བའི་དོན་ཏོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་གཞན་གྱིས་གཞོམ་པར་མི་ནུས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་བདག་ཉིད་ཆེན་པོ་གསུངས་པ། ཨེ་མའོ་ཞེས་པ་ནི་ངོ་མཚར་བ་སྟེ། བསམ་གྱིས་མི་ཁྱབ་པའི་ནོར་བུ་དང་སྔགས་དང་སྨན་
རྣམས་ཀྱི་མཐུ་ཡིན་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་དེ་མ་ཐག་ཏུ་གསུངས་པའོ། །གསང་བ་རྣམས་ཀྱི་གནས་ཡིན་ཏེ། །མི་འགྱུར་བ་ཞེས་བྱ་བ་ནི་རྫོགས་པ་ལ་བརྟན་པ་ཉིད་ཀྱིས་སོ། །ངོ་བོ་ཉིད་ཀྱིས་དག་ཅེས་བྱ་བ་ནི་དེ་ཉིད་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་སོ། །ཆོ་ག་
ཞེས་བྱ་བ་ནི་སྔགས་ཀྱི་ཐེག་པ་ཆེན་པོའོ། །ཤིན་ཏུ་དྲི་མེད་ཅེས་བྱ་བ་ནི་མི་བདེན་པར་བརྟགས་པ་ཐམས་ཅད་ཀྱི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །ད་ནི་ལྷ་ཐམས་ཅད་ཀྱི་དབང་བསྐུར་བའི་དོན་དུ་ངེས་པར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། །རྡོ་རྗེ་དག་པ་ཆོས་ཆེན་པོ། །
ཞེས་བྱ་བ་ནི་རྣམ་པར་དག་པའི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཆོས་ཀྱི་དེ་ཁོ་ན་ཉིད་འཛིན་པའི་ཕྱིར་རོ། །སེམས་དཔའི་རྡོ་རྗེ་སྦྱོར་བ་ཡིས། །ཞེས་བྱ་བ་ནི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །རྡོ་རྗེ་ཞེས་བྱ་བ་ནི་མི་བསྐྱོད་པའོ། །དེ་དག་གི་སྦྱོར་བ་ནི་རྒྱུ་དང་འབྲས་བུའི་

རང་བཞིན་ཕན་ཚུན་རྒྱས་འདེབས་པ་སྟེ་དེས་མཉེས་པའོ། །སངས་རྒྱས་རྡོ་རྗེ་ཅན་རྣམས་ཞེས་བྱ་བ་ནི་མི་བསྐྱོད་པ་དང་རྡོ་རྗེ་འཛིན་པ་དག་གི་དབང་ངོ་། །འདི་སྐད་གསུངས་པ་ཡིན་ཏེ། རྡོ་རྗེ་འཛིན་པས་མི་བསྐྱོད་པས་དབང་བསྐུར་བའོ། །རྡོ་རྗེ་འཛིན་པ་ཡང་མི་བསྐྱོད་པས་སོ། །སངས་
རྒྱས་བྱང་ཆུབ་ནི་རྡོ་རྗེ་འཛིན་པའོ། །དེའི་རབ་ཏུ་དབྱེ་བ་ནི། དེའི་རྒྱུ་མཐུན་པ་མི་བསྐྱོད་པ་སྟེ་ངེས་སོ། །རྡོ་རྗེ་ཅན་རྣམས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སོ་ཞེས་ལ་ལ་དག་འདོད་དོ། །འདི་ནི་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་རྡོ་
རྗེ་འཛིན་པ་ཆེན་པོ་ཐ་མི་དད་པའི་གནས་སྐབས་རིགས་ལྔའི་བདག་ཉིད་དུ་བརྗོད་པར་འདོད་པས་དེ་བཞིན་གཤེགས་པ་ལྔ་པོ་ཉིད་ཀྱིས་དབང་བསྐུར་བར་རིགས་སོ། །རྣམ་པར་སྤྲོས་པའི་གནས་སྐབས་ན། རིགས་ལྔ་རྣམས་དེའི་བདག་ཉིད་ཡིན་པར་བཤད་པར་འདོད་པས་འདི་ཉིད་དེ་བཞིན་
གཤེགས་པ་རྣམས་ལ་རིགས་པར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་རྒྱུ་དང་འབྲས་བུ་རྟོགས་པར་བྱ་བའི་དོན་དུ་རང་གི་བདག་པོ་ཉིད་དོ། །དེ་ལྟར་ཡིན་པ་ནི། འབྲས་བུས་རྒྱུ་ལ་རྒྱས་བཏབ་ཅིང་། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །ཅེས་བྱ་བ་ནི་བཅོ་བརྒྱད་
པ་ལས་གསུངས་པ་དང་མི་འགལ་ལོ། །རྡོ་རྗེ་འཛིན་པ་ལ་སོགས་པ་ཡང་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་ཉིད་ཀྱི་ཕྱིར་རོ། །གང་གསུངས་པ་སྡོམ་པའི་རྒྱུད་ཕྱི་མ་ལས། ཡུམ་ནི་ཤེས་རབ་ཕ་རོལ་ཕྱིན། །ཡབ་ནི་ཐབས་ལ་མཁས་པ་སྟེ། །རྡོ་རྗེ་འཛིན་པ་འདུལ་བའི་ཕྱིར། །
རིགས་རྣམས་ཀྱང་ནི་དེ་ལས་བྱུང་། །ཞེས་གསུངས་པའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་འདོན་པ་ལ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཉིད་ཡིན་པར་ཤེས་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་རང་གི་བདག་པོ་ཉིད་དོ། །གཞན་
དུ་ན་སྐུ་ལ་སོགས་པའི་དཀྱིལ་འཁོར་ལ་མི་བསྐྱོད་པ་བདག་པོའི་ནང་དུ་འདུས་པ་ན་ཐ་དད་པ་ཉམས་པ་ཡིན་ནོ། །གལ་ཏེ་སྐུ་རྡོ་རྗེ་ལ་སོགས་པའི་གཟུགས་ཉིད་དེའི་བདག་པོར་གྱུར་ན། དེ་བཞིན་དུ་དབང་བསྐུར་བ་ཡང་དེ་ཡིན་པར་འགྱུར་ཏེ། དེ་ཉིད་དེའི་དུས་སུ་འབྲས་བུའི་གཙོ་བོ་ཉིད་

ཀྱི་ཕྱིར་རོ། །མི་བསྐྱོད་པ་ནི་ཤིན་ཏུ་རྣམ་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཉིད་ཀྱིས་ཤར་གྱི་ལིང་ཚེ་ལ་ངེས་པ་ཉིད་ཀྱི་ཕྱིར་དབང་བསྐུར་བར་མི་རིགས་སོ། །འདི་ལྟར་འགྱུར་ཏེ། རིན་ཆེན་འབྱུང་ལྡན་ལ་སོགས་པ་རྣམས་ལ་ཉེས་པ་ཅི་བྱས་ནས་གང་གིས་དེ་རྣམས་
མ་ཡིན་ཏེ་སངས་རྒྱས་རྣམས་ཀྱི་ཅོད་པན་མི་བསྐྱོད་པའོ་ཞེས། བཟང་པོ་ཞབས་ཀྱིས་ཚིག་དང་འགལ་བར་འགྱུར་རོ་ཞེ་ན། འགལ་མོད་བཀའ་མ་ཡིན་པས་སོ། །འགལ་བ་ཡང་མ་ཡིན་ཏེ་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་བཤད་པའི་ཕྱིར་རོ། །འདི་ལྟར་ཡང་
དེ་ལ་བདག་པོ་ལ་ནི་མི་བསྐྱོད་པ་ནང་དུ་བཅུག་ནས་རྣམ་པར་སྣང་མཛད་ལ་སོགས་པ་གདོན་པར་བྱ་སྟེ། དེའི་ཕྱིར་དེར་གནས་པའི་དེ་བཞིན་གཤེགས་པ་རྣམས་མི་བསྐྱོད་པའི་འབྲས་བུར་གྱུར་པ་སྟེ་དེའི་ཕྱིར་དེ་རྣམས་ལ་དེ་ཉིད་ཀྱིས་དབང་བསྐུར་བར་རིགས་སོ། །དེ་ལྟར་སྤྱན་ལ་
སོགས་པ་ཡང་ཐལ་བར་འགྱུར་བ་མ་ཡིན་ཏེ། རང་རང་གི་བདག་པོར་མོས་པས་སྟོན་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ན། རྒྱུ་ལ་འབྲས་བུས་རྒྱས་བཏབ་པ། །ཞེས་པ་དང་འགལ་བར་འགྱུར་རོ། །དེ་བཞིན་དུ་ཡིན་དུ་ཟིན་ཀྱང་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་སོགས་པ་བྱང་ཆུབ་
སེམས་དཔའ་རྣམས་བདག་པོ་ཉིད་ལ་དེའི་བདག་པོ་ཉིད་ཀྱིས་དབང་བསྐུར་བར་དེ་བཞིན་གཤེགས་པ་རྣམས་ལ་འགྱུར་རོ་ཞེས། དེ་ནི་འདོད་པ་ཡིན་ཏེ་འཇམ་པའི་རྡོ་རྗེ་དཀྱིལ་འཁོར་བཞིན་ནོ། །གཞན་ཡང་དེ་ཉིད་བསྡུས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིན་པོ་
ཆེའི་ཅོད་པན་ཅན་ཁམས་གསུམ་གྱི་རྒྱལ་པོའི་དབང་ཐོབ་པོ་ཞེས་གསུངས་སོ། །ཡང་འདི་ཉིད་དུ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་སངས་རྒྱས་ཀྱི་ཕྱག་རྒྱ་རྣམས་ཀྱི་སྟེང་ནས་ཡང་དག་པར་བརྩམས་ནས། ལོགས་བཞི་ལ་ཕྲེང་བས་དབང་བསྐུར་རོ་ཞེས་བྱ་བའི་ཚིག་ལས་
སོ། །རྣལ་འབྱོར་གྱི་རྒྱུད་ལས་ཀྱང་དེ་བཞིན་གཤེགས་པ་ལྔའི་ཅོད་པན་དང་ལྡན་པ་ཉིད་བསྟན་ཏོ། །རྣལ་འབྱོར་བླ་མ་ལས་ཀྱང་ངོ་། །དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ལས། རེ་ཞིག་སྤྱི་བོ་ཉིད་དང་དཔྲལ་བར་ཡང་། །ལོགས་དང་དེ་བཞིན་རྒྱབ་ཏུ་ནི། །

སངས་རྒྱས་ཐམས་ཅད་རིན་པོ་ཆེའི། །ཅོད་པན་མཆོག་ནི་མི་འགྱུར་བའོ། །ཞེས་གསུངས་པས་སོ། །དཔལ་སྒྱུ་འཕྲུལ་དྲ་བ་ལས་ཀྱང་། དབང་བསྐུར་རྫོགས་པའི་སངས་རྒྱས་པ། །དར་དང་ཕྲེང་བས་ཡང་དག་ལྡན། །ཅེས་གསུངས་པས་སོ། །རྣལ་འབྱོར་བླ་ན་མེད་པར་ཡང་
དེ་བཞིན་གཤེགས་པ་ལྔས་དབང་བསྐུར་བ་ཅན་ཉིད་དེ་གང་གསུངས་པ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སངས་རྒྱས་ལྔ་ཡི་ཅོད་པན་ནི། །གང་གིས་ཆོས་ཀྱི་རང་བཞིན་ཏེ། །ས་གསུམ་ན་ནི་ཆོས་འདོད་པས། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །ཞེས་གསུངས་
སོ། །དེ་བཞིན་དུ་དེ་དང་དེའི་རྣལ་འབྱོར་རྒྱུད་ལ་སོགས་པར་རང་གིས་རྟོགས་པར་བྱ་སྟེ། གཞུང་མངས་ཀྱིས་དོགས་ནས་བདག་གིས་མ་བྲིས་སོ། །དེའི་ཕྱིར་སེམས་དཔའ་རྡོ་རྗེ་ལ་སོགས་པའི་དོན་འདི་ཡིན་ཏེ། སེམས་དཔའ་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །འདིའི་སྦྱོར་བ་ནི་
ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་སྦྱོར་བས་ཏེ། སངས་རྒྱས་རྡོ་རྗེ་ཅན་རྣམས་མཉེས། །ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་སོ། །སངས་རྒྱས་བྱང་ཆུབ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་དོ། །དེ་རབ་ཏུ་དབྱེ་བ་ནི་གཙོ་བོར་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་
གཤེགས་པ་རྣམས་སོ། །དེས་རྡོ་རྗེ་འཛིན་པ་རྣམས་མཉེས་པར་འགྱུར་ཞེས་བྱ་བ་ནི། རྡོ་རྗེ་འཛིན་པ་ཆེན་པོ་ལས་ཏེ། དེ་བཞིན་གཤེགས་པ་ལྔ་རྣམས་ཀྱིས་འདིའི་དབང་བསྐུར་བ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་བྱས་ནས་གསུངས་པ། རྡོ་རྗེ་ཞེས་བྱ་བ་
ལ་སོགས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ། སའི་སྙིང་པོ་དང་སྤྱན་དང་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་དབུ་ལ་རང་རང་གི་རིགས་ཀྱི་བདག་པོ་བསམ་པར་བྱའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དྲུག །གཙུག་ཏོར་ཞེས་ནི་བསྟན་པ་ཡིན། །ཞེས་བཅོ་བརྒྱད་པའི་ཚིག་ལས་སོ། །
གཤིན་རྗེ་གཤེད་ལ་སོགས་པ་ལ་ཡང་རང་གི་རིགས་ཀྱི་བདག་པོས་དབང་བསྐུར་བར་བརྗོད་པར་བྱ་བ་གསུངས་པ། ཁྲོ་བོ་ཞེས་བྱ་བ་ལ་སོགས་པའོ། །རིག་པའི་རྒྱལ་པོ་ཆོས་མཆོག་རྣམས། །ཞེས་བྱ་བ་ལ་རིག་པའི་རྒྱལ་པོ་ནི་སའི་སྙིང་པོ་ལ་སོགས་པ་དང་སྤྱན་ལ་སོགས་པ་

ཡང་ངོ་། །ཆོས་མཆོག་ནི་རྡོ་རྗེ་བདག་པོར་གྱུར་པ་ཉིད་ཀྱི་ཕྱིར་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་སོ། །དཀོན་མཆོག་དཔལ་ནི་རྣམ་པར་བསྒོམ། །ཞེས་བྱ་བ་ནི་འདི་རྣམས་ཀྱི་རིན་པོ་ཆེས་མཚན་པའི་ཅོད་པན་བསྒོམ་པར་བྱ་སྟེ། འདི་རྣམས་ཉིད་རིག་པའི་རྒྱལ་མོ་
ཞེས་བྱ་བ་ལ་སོགས་པའི་མིང་དུ་བརྗོད་དེ་གང་བཅོ་བརྒྱད་པ་ལས། དམ་ཚིག་རྡོ་རྗེ་སོགས་དྲུག་དང་། །ས་ལ་སོགས་པ་རྣམ་པ་ལྔ། །འབྱུང་དང་འབྱུང་ལས་གྱུར་གྲགས་པ། །རིག་པའི་རྒྱལ་མོ་ཞེས་བྱར་བརྗོད། །གཟུགས་ཀྱི་རྡོ་རྗེ་ལ་སོགས་དྲུག །རྡོ་རྗེ་བདག་པོ་ཞེས་སུ་
དྲན། །ཞེས་གསུངས་སོ། །ལ་ལ་དག་ནི་རིག་པ་འཛིན་པ་རྣམས་ལ་དབང་བསྐུར་བ་ནི། དཀོན་མཆོག་དཔལ་ལོ་ཞེས་ལ་ལ་ཟེར་རོ། །རིགས་ཀྱི་རྒྱལ་མོ་ནི་སྤྱན་ལ་སོགས་པ་དང་འདྲ་བའི་སྐུལ་བྱེད་མ་ལ་སོགས་པའི་ལྷ་མོ་རྣམས་སོ། །གང་བཅོ་བརྒྱད་པ་ལས། ལོངས་
སྤྱོད་བཞི་ནི་མཐུ་ཆེན་པོ། །རིག་པའི་རྒྱལ་མོ་ཞེས་བྱར་གྲགས། །ཞེས་གསུངས་སོ། །དེའི་སྦྱོར་བས། ཚེ་དཔག་མེད་པ་རབ་ཏུ་བསྒོམ། །ཞེས་བྱ་བ་སྟེ་འཆི་བདག་གི་བདུད་ལས་རྒྱལ་བ་ཉིད་ཀྱིས་ཚེ་དཔག་ཏུ་མེད་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དོ། །དེ་
རྣམས་ཀྱི་རིགས་ཀྱི་དབྱེ་བས་སྐུལ་བྱེད་མ་ལ་སོགས་པ་རྣམས་ཀྱི་མགོ་བོ་ལ་རིགས་ཀྱི་བདག་པོ་བསྒོམ་པར་བྱའོ། །གང་མངོན་པར་རྟོགས་པ་ལ་མི་དགོས་པ་འདི་རྣམས་ཐ་དད་པར་བྱས་པའོ། །དེ་ལས་གཞན་དཀྱིལ་འཁོར་པ་མ་ཡིན་པ་རྣམས་རང་གི་རིགས་ཀྱི་བདག་
པོས་དབང་བསྐུར་བ་བསྟན་པའི་དོན་དུའོ། །རིག་པའི་རྒྱལ་མོ་ནི་རིག་པ་འཛིན་པ་སྟེ། དེའི་མགོ་བོ་ལ་སྣང་བ་མཐའ་ཡས་བསྒོམ་ཞེས་ལ་ལ་དག་འདོད་དོ། །ལས་ཐམས་ཅད་པའི་སྔགས་ནི་མངག་གཞུག་པའོ། །དེ་རྣམས་ལ་དོན་ཡོད་གྲུབ་པ་བསྒོམ་མོ། །འདིར་ཁྱད་པར་
གསུངས་ནས་སྤྱིར་གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་ཉིད་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་མགོ་བོ་ལ་རྡོ་རྗེ་འཛིན་བསྒོམ་པར་བྱ་སྟེ། སྣ་ཚོགས་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་སྒྱུ་འཕྲུལ་དྲ་བ་ལས། །

རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཀུན་གྱི་ཐུགས་ནི་ཡོངས་རྫོགས་བྱེད། །ཡང་དང་ཡང་དུ་བསྐུལ་བ་ཉིད། །ཐམས་ཅད་རྒྱལ་པོའི་ཐབས་ལ་གནས། །ཞེས་གསུངས་སོ། །དེའི་ཕྱིར་དབང་བསྐུར་བ་ཐམས་ཅད་བཅོམ་ལྡན་འདས་ཡིན་པར་བརྗོད་པར་བྱའོ། །གནོད་
སྦྱིན་མོ་ཡི་སྔགས་རྒྱུད་ལ། །ཞེས་བྱ་བ་ནི་གནོད་སྦྱིན་མོའི་དོན་དུ་སྔགས་ལ་གུས་པར་བྱེད་པའོ། །གཤིན་རྗེ་གཤེད་ནི་བརྟག་པར་བྱ། །ཞེས་བྱ་བ་ནི་གནོད་སྦྱིན་མོ་སྒྲུབ་པའི་ཕྱིར་རང་ཡང་འཇམ་དཔལ་གྱི་སྦྱོར་བ་དང་ལྡན་པས་དེའི་མགོ་བོ་ལ་གཤིན་རྗེ་གཤེད་བསྒོམ་པར་བྱ་སྟེ།
གནོད་སྦྱིན་མོ་ཐམས་ཅད་དེ་ལ་རག་ལས་པས་སོ། །དབང་བསྐུར་བའི་ལྷའི་གནས་ངེས་པར་གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་སངས་རྒྱས་ལ་སོགས་པ་མ་ལུས་པའི་སྦྱོར་བས་ལྷའི་སྤྱི་བོ་ནི་སྤྱི་གཙུག་གོ། །བསྐུར་བ་ནི་
དབང་བསྐུར་བ་བསྒོམ་པའོ། །འདི་ཉིད་ཀྱིས་ཐབས་ཀྱི་བཞིན་དུ་དེའི་ཤེས་རབ་ཀྱི་དབང་བསྐུར་བ་སྟོན་ཏོ། །བསམ་གཏན་རྡོ་རྗེ་འདི་ཡིས་ཞེས་བྱ་བ་ནི། གསུངས་མ་ཐག་པའི་དབང་བསྐུར་བའི་རིམ་གྱིས་བསམ་གཏན་གྱི་ལྷའི་དཀྱིལ་འཁོར་གྱིས་སོ། །སྔགས་མཉེས་པ་ཡི་
དཀྱིལ་འཁོར་ཏེ། །ཞེས་བྱ་བ་ནི་སྔར་གྱི་བསྙེན་པས་ལྷ་མཉེས་པར་བྱེད་པའི་དཀྱིལ་འཁོར་ཏེ། སྒྲུབ་པ་པོ་རྣམས་ལ་མངོན་པར་འདོད་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཕན་པར་བསྟན་པའོ། །དམ་ཚིག་ཆེན་པོ་སྒྲུབ་བྱེད་པ། །ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་
དངོས་གྲུབ་པའི་དཀྱིལ་འཁོར་ལ་ཡང་། འདི་ཉིད་ཀྱི་བསམ་གཏན་གྱི་འཁོར་ལོས་བྱའོ་ཞེས་སྔར་གྱི་དང་འབྲེལ་པའོ། །འདི་སྐད་གསུངས་པ་ཡིན་ཏེ། སྔར་གྱི་བསྙེན་པ་དང་སྒྲུབ་པའི་དུས་སུ་ཡང་ཇི་ལྟ་བ་བཞིན་དུ་དབང་བསྐུར་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །རང་གི་དངོས་
གྲུབ་ལ་སོགས་པ་ངེས་པའི་དོན་དུ་སྣོད་ལ་ལྷ་དབབ་པའི་སྦྱོར་བ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་རྡོ་རྗེ་རབ་ཏུ་བྱ། །ཞེས་བྱ་བ་ནི་སྣོད་ལ་ལྷ་འཇུག་པ་ལ་སོགས་པའི་དོན་དུ་མི་ཕྱེད་པར་དམིགས་པའོ། །བཟླས་དང་ཞེས་བྱ་བ་ནི་བཟླས་པར་བྱའོ། །

སྔགས་ཀྱི་སྦྱོར་བ་ཞེས་བྱ་བ་ནི་ཧཱུཾ་ལ་སོགས་པ་རྣམས་ཀྱིས་དབང་ཆེན་གྱི་དཀྱིལ་འཁོར་ལ་སོགས་པ་ཇི་ལྟ་བ་བཞིན་དུ་དགོད་པའི་སྦྱོར་བས་སོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན་གསུངས་པ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ལས་རྣམས་སྣ་ཚོགས་ཞེས་བྱ་བ་ནི་
དཀྱིལ་འཁོར་བྲི་བ་ལ་སོགས་པ་ཐམས་ཅད་རྨད་དུ་བྱུང་བ་རྫོགས་པའོ། །འདི་ཉིད་རྒྱས་པར་གསུངས་པ། རྡོ་རྗེ་ཆོས་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟ་བ་བཞིན་དུ་ཡི་གེ་ཨས་སྣང་བ་མཐའ་ཡས་ཀྱི་གཟུགས་སོ། །ཧཱུཾ་དང་ཨོཾ་དག་གིས་མི་བསྐྱོད་པ་དང་། རྣམ་པར་སྣང་
མཛད་ཀྱི་གཟུགས་སུ་སྣོད་བསྒོམས་ནས་སོ། །དེའི་གནས་གསུམ་དུ་ནི་རིགས་བརྟག་གོ། །ཞེས་བྱ་བ་ནི་སྙིང་ག་དང་མགོ་བོ་དང་། ལྐོག་མ་རྣམས་ལ་རང་གི་ས་བོན་ལས་བྱུང་བ་དབང་ཆེན་དང་། ཆུ་དང་རླུང་གི་དཀྱིལ་འཁོར་རྣམས་ལ་ཧཱུཾ་དང་ཧ་དང་ཨའི་ཡི་གེ་ལས་ཞེས་བྱ་བ་
རིགས་ངེས་པར་བྱའོ་ཞེས་ལ་ལ་དག་འདོད་དོ། །དེའི་སྟེང་དབང་ཆེན་དཀྱིལ་འཁོར་ལ། །ཧཱུཾ་ཡིག་ནག་པོ་དགོད་པར་བྱ། །ཐུགས་ཀྱི་རྡོ་རྗེ་རྫོགས་བྱས་ནས། །དེ་ཡི་ཡང་ནི་སྙིང་ག་རུ། །ཆུ་ཡི་དཀྱིལ་འཁོར་དབུས་སུ་ནི། །སྐུ་ཡི་རྡོ་རྗེ་ཁ་དོག་དཀར། །དཔའ་བོ་ཡི་གེ་ཧ་
ལས་བྱུང་། །བལྟས་ན་འོད་ཟེར་གྱིས་ནི་མཛེས། །དེ་ཡི་སྙིང་གར་རླུང་དཀྱིལ་འཁོར། །ཨ་ལས་པདྨ་རྡོ་རྗེ་ཅན། །དམར་པོ་འོད་ཟེར་འབར་བའི་མགོན། །རྣམ་པར་ངེས་རྫོགས་དེ་བཞིན་དུ། །བསྒྲུབ་བྱ་འོད་དཔག་མེད་པའི་གཟུགས། །ཞལ་དང་ཕྱག་དང་མཚོན་
ཆར་བཅས། །ཞེས་ལ་ལ་དག་འདོད་དོ། །དེ་ནས་ལྷ་དབབ་པར་འདོད་པས་ལྷ་དེ་རྣམས་གནོད་མཛེས་ཀྱིས་བཀུག་སྟེ། སྣོད་དེར་གཞུག་པར་བསམ་པར་བྱའོ། །སྣོད་དེའི་ཡང་རྐང་པའི་འོག་དག་ཏུ་མེ་དང་རླུང་གི་དཀྱིལ་འཁོར་ལ་གནས་པ་ཛྷཻཾ་གི་ཡི་གེས་བཏེག་པ་དང་ལྡན་པ་
ཧཱུཾ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་གང་བར་ལུས་ཐམས་ཅད་བསྒོམ་པར་བྱའོ། །དེ་ནས་བདུག་སྤོས་གཏུལ་ཞིང་ཧཱུཾ་ཧཿཨཿཛྷཻ་ཨཱ་བེ་ཤ་ཡ་སྟྭཾ་བྷ་ཡ་ར་ར་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པར་བྱའོ། །འདི་ལ་སོགས་པ་དབབ་པའི་ཆོ་ག་ཐམས་ཅད་བྱས་ནས་

འབབ་པར་འགྱུར་རོ། །གང་གི་ཚེ་དབབ་པར་བྱ་བ་རིང་དུ་འཕར་བ་དེའི་ཚེ་དེའི་སྟེང་དུ་རྡོ་རྗེའི་རང་བཞིན་གྱི་རི་རབ་བོ། །དེའི་སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར་རོ། །དེའི་སྟེང་དུ་རྡོ་རྗེ་སེར་པོ་རྩེ་མོ་ལྔ་པའོ། །དེའི་སྟེང་དུ་ཡི་གེ་ཨའོ། །དེའི་སྟེང་དུ་རྣམ་པར་སྣང་མཛད་གནས་པར་
བསྒོམས་ནས་ལྡོག་པར་འགྱུར་རོ། །གལ་ཏེ་སྨྲ་བར་འདོད་ན་དེའི་ཚེ་ལྕེ་ལ་ཡི་གེ་ཨ་དམར་པོ་འབར་བའི་ཕྲེང་བ་དང་ལྡན་པ་བསྒོམས་ནས་བྷྲཱུཾ་ཧི་བཛྲ་ཞེས་བཟླས་ན་འདི་ལྟར་བདེན་པར་སྨྲ་བར་འགྱུར་རོ། །སླར་གཤེགས་སུ་གསོལ་བ་ནི། ཨོཾ་ཀྲི་དྷོ་བྷ་བ་ཞེས་བྱ་བ་ལ་སོགས་པ་སྔོན་དུ་
སོང་བ་ཧཱུཾ་ཧཿཨ་ཛྷཻ་མུཿཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །དབབ་པའི་མཚན་ཉིད་བསྟན་པའི་ཆེད་དུ་གསུངས་པ་བསྐུལ་ཞེས་བྱ་བ་ལ་སོགས་པ་ལ་བསྐུལ་བ་ནི་རབ་ཏུ་སློང་བའོ། །རེངས་པ་ནི་མི་གཡོ་བའི་དངོས་པོའོ། །ལྷ་ཆེན་པོ་ཞེས་བྱ་བ་ནི་འདས་པ་ལ་སོགས་པའི་ཡེ་
ཤེས་སོ། །སྡིག་པའི་ཆོས་རྣམས་ལས་རིང་དུ་སོང་བས་ན་འཕགས་པ་སྟེ། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་བཅོམ་ལྡན་འདས་ཀྱང་ངོ་། །དེའི་སར་སྐྱེས་པའི་ཡེ་ཤེས་ནི་འཕགས་པའི་སའོ། །དེ་ཉིད་བསྐུལ་བ་ནས་བརྩམས་ནས་བཞིའོ། །འདི་སྐད་གསུངས་པ་ཡིན་
ཏེ། ཇི་ལྟར་སྲིད་པར་སྔོན་དགེ་བའི་རྩ་བ་བསགས་པའི་སྟོབས་ལས་དབང་བསྐུར་བ་ལ་སོགས་པ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྐྱེད་པ་ཞེས་བྱ་བའི་བར་དུའོ། །ས་དང་བར་སྣང་དང་ས་བླ་ལ་གནས་པའི་ལྷ་དང་། འཕགས་པ་རྣམས་དབབ་པའི་དབང་གིས་བསྐུལ་བ་ལ་
སོགས་པའི་ཁྱད་པར་རོ་ཞེས་ལ་ལ་དག་འདོད་དོ། །བྱ་ཞེས་བྱ་བ་ནི་སྟ་གོན་ལ་གནས་པ་ལ་སོགས་པ་སྔོན་དུ་སོང་བའོ། །རྡོ་རྗེ་གྲུབ་པ་དག་གིས་ཀྱང་། །ཞེས་བྱ་བ་ནི་སེམས་བརྟན་པས་སོ། །ལོ་གྲངས་བཅུ་གཉིས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་བྲི་བའི་དོན་དུ་སྣོད་ཀྱི་
བྱེ་བྲག་ངེས་པར་བསྟན་པ་གསུངས་པའོ། །ཆོ་ག་ཐམས་ཅད་བྱས་ནས་ནི། །ཞེས་བྱ་བ་ནི་རིག་པའི་བཟླས་པ་ཉིད་དང་སེམས་བརྟན་པ་ཉིད་ཀྱིས་སློབ་མ་ལ་སོགས་པ་སྟ་གོན་ལ་གནས་པ་ལ་སོགས་པ་དང་དཀྱིལ་འཁོར་བྲི་བའི་ཡོ་བྱད་བྱས་ནས་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་

རྣམས་ཞེས་བྱ་བ་ལ་སོགས་པས་དབབ་པའི་དབང་དུ་བྱས་ནས་སྔགས་གསུངས་པའོ། །ཧཱུཾ་ཡིག་ཅེས་བྱ་བ་ལ་སོགས་པས་སྔགས་ཀྱི་དེ་ཁོ་ན་ཉིད་གསུངས་སོ། །སྔ་མ་བཞིན་དུ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ཇི་ལྟར་སྣང་བ་མཐའ་ཡས་ཀྱི་ཆོ་གས་དབབ་པའི་
ཆོ་ག་གསུངས་པ་དེ་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་པ་དབབ་པར་བྱའོ་ཞེས་སྟོན་ཏོ། །སྔར་གསུངས་པའི་མངོན་སྤྱོད་ཀྱི་ཆོ་ག་ལ་མ་གསུངས་པ་རྫོགས་པར་བདུད་རྩི་འཁྱིལ་པའི་འཆད་པར་འགྱུར་བའི་སྔགས་ཀྱི་སྦྱོར་བ་གསུངས་པ། དེ་ན་ཞེས་བྱ་བ་ལ་སོགས་པ་ལ། རྩེ་གཅིག་མ་གྱུར་པ་
ཡིས་ཀྱང་། །ཞེས་བྱ་བ་ནི་སེམས་དབང་དུ་བྱེད་པ་མ་ཐོབ་པས་ཀྱང་ངོ་། །བརྟུལ་ཞུགས་བརྟན་པས་ཞེས་བྱ་བ་ནི་མི་ཕྱེད་པའི་བསྒོམ་པ་ལ་སོགས་པ་ལ་ངེས་པར་གནས་པས་སོ། །སྦྱོར་བ་གཞན་མིན་པས་ཞེས་བྱ་བ་ནི། གང་གི་སྔགས་ཀྱིས་གང་གི་སྦྱོར་བ་གཞན་བྱ་བ་ལ་དེ་ཉིད་
ཀྱི་ཏིང་ངེ་འཛིན་གྱིས་དེ་བྱའོ། །དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་ལ་སོགས་པའི་སྒྲས་ནི་རྐང་པའི་རྡུལ་ལ་སོགས་པ་གཟུང་བར་བྱའོ། །སྦྱོར་བ་ནི་འདིར་བཅུ་བཞི་པ་ལས། དབྱུག་སྔོན་ཅན་དུ་རྟོགས་པར་བྱའོ། །གསང་བའི་སྦྱིན་སྲེག་གསུངས་པ། བ་ལང་ཤ་ཞེས་བྱ་བ་ལ་སོགས་པ་
ལ། བ་ལང་ཤ་ལ་སོགས་པ་རྣམས་ཀྱིས་དགྲའི་གཟུགས་བྱས་ནས་དགུག་པ་ལ་སོགས་པ་སྔོན་དུ་སོང་བས་དེའི་སྙིང་གར་མིང་དང་སྤེལ་བའི་སྔགས་གཞུག་པར་བྱ་སྟེ། གྲུ་གསུམ་དུ་དུར་ཁྲོད་ཀྱི་ས་དང་ཐལ་བས་མེའི་དཀྱིལ་འཁོར་ལ་འམ། རི་སུལ་ལ་སོགས་པའི་མཚམས་སུ་ཆོ་ག་
བཞིན་དུ་བདུད་རྩི་འཁྱིལ་པའི་ཞལ་དུ་སྦྱིན་སྲེག་བྱས་ནས་ཇི་སྐད་གསུངས་པར་འགྱུར་རོ། །ཤ་ཆེན་ཞེས་བྱ་བ་ལ་སོགས་པས་མི་ཤ་ཤིན་ཏུ་ནུས་པ་ཆེ་བར་བཤད་དོ། །ཆོས་མཆོག་ཅན་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པའི་རྣལ་འབྱོར་པའོ། །མིར་སྐྱེས་པ་ཉིད་ཀྱི་ཕྱིར་
དང་ཕྱིས་འབྱུང་བའི་མི་བསྐྱོད་པ་ཉིད་ཀྱི་ཕྱིར་བསྒྲུབ་བྱ་ནི་ཆོས་མཆོག་ཅན་ནོ་ཞེས་ཁ་ཅིག་འདོད་དོ། །ཆུ་བོ་འབབ་པའི་འགྲམ་གཉིས་ཞེས་བྱ་བ་ནི་ཆུ་བོའི་ངོགས་གཉིས་ཀྱི་ས་ལས་གཟུགས་བརྙན་བྱས་ནས་དེའི་མགོ་བྱང་ཕྱོགས་སུ་བསྟན་ནས། །དུག་ལས་བྱུང་བའི་ཚེར་མས་ཞེས་བྱ་

བ་ནི་དུག་དང་བཅས་པའི་སྡིག་པའི་ཚེར་མ་དང་། དུག་གིས་བཙོས་པའི་བིལ་བ་ལ་སོགས་པའི་ཚེར་མས་ཆེ་གེ་མོ་སོད་ཅིག་ཅེས་བསྐུལ་བ་དང་བཅས་པས་ཤིན་ཏུ་ཁྲོས་པའི་སྔགས་འདོན་ཅིང་ཀུན་དུ་དགང་བར་བྱའོ། །འབྲུ་མར་ཞེས་བྱ་བ་ནི་མིའི་ཚིལ་བུའོ། །ཤི་བའི་ལྕེ་དང་
དཔྲལ་བ་དང་སྙིང་དང་སྣ་དང་མིག་བླངས་ནས་སྒྲུབ་པའོ་ཞེས་ལ་ལ་དག་འདོད་དོ། །ད་དུ་ར་དག་དང་ཞེས་བྱ་བ་ནི་རིམ་པ་གསུམ་པའི་མྱོས་བྱེད་སྔོན་པོའོ། །འདི་རྣམས་ཀྱིས་མངོན་སྤྱོད་ཀྱི་སྔགས་བྲིས་ནས་གཞུག་པའོ། །སོལ་བ་ཞེས་བྱ་བ་ནི་འབྱུང་པོའི་ཉི་མ་ལ་མཚོན་གྱིས་བསད་པའི་
མི་རོ་ཉལ་སར་མྱོས་བྱེད་ཀྱི་ཤིང་བསྲེགས་པའི་སོལ་བའོ། །གོས་ཞེས་བྱ་བ་ནི་དུར་ཁྲོད་ཀྱིའོ། །སྲིན་པོའི་སྦྱོར་བ་ནི་བཅུ་བཞི་པར་གསུངས་པ་དེ་ཉིད་རབ་ཏུ་རྟོགས་པར་བྱའོ། །ཚ་བ་ཆེན་པོས་བཏབ་པར་འགྱུར། །ཞེས་བྱ་བ་ནི་གཅོད་པའི་མཐུས་སོ། །ལས་ཀྱི་ཚོགས་འདི་ཉིད་
བསྒྲུབ་པའི་ཕྱིར་བདུད་རྩི་འཁྱིལ་པའི་སྔགས་གསུངས་པ། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་སྦྱིན་སྲེག་ཅེས་བྱ་བ་ནི། མ་རུངས་པའི་ཆོ་གར་གསུངས་པའོ། །མ་ཡེངས་པའི་སེམས་ཀྱིས་ཞེས་བྱ་བ་ནི་སེམས་ལ་དབང་ཐོབ་པའི་རྣལ་འབྱོར་པས་སོ། །ཁྲོས་པའི་ལྷའི་སྦྱོར་བས་
མངོན་སྤྱོད་ཀྱི་སྦྱོར་བ་གསུངས་པ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟ་བ་བཞིན་དུ་སྡིག་པ་ཉེ་བར་འཕེལ་བར་བྱེད་པའི་སེམས་ཅན་གསད་པར་བྱ་བ་གསུངས་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། འདི་ཡང་བླ་མའི་མན་ངག་ལས་ཁ་སྦྱར་དབྱེ་བ་ལ་སོགས་
པར་ཤེས་པར་བྱའོ། །མཆུ་རིངས་ཞེས་བྱ་བ་ལ་སོགས་པ་ནི། ཀང་ཀ་ལ་སོགས་པ་བྱའི་ཁྱད་པར་རོ། །བསམ་པའི་སྦྲུལ་གྱི་སྦྱོར་བ་གསུངས་པ་སྦྲུལ་ནག་ཅེས་བྱ་བ་ལ་སོགས་པའོ། །དེས་ཟོས་པ་ཞེས་བྱ་བ་འདི་སྐད་གསུངས་པ་ཡིན་ཏེ། ཡི་གེ་ཁཾ་ལས་སྦྲུལ་ནག་ཏུ་
བསྒོམས་ནས། ཡི་གེ་ཧྲིའི་ལྕགས་ཀྱུས་ཧ་ལ་ཧ་ལའི་དུག་དེ་ལ་བཀུག་ནས། དེས་བསྒྲུབ་བྱའི་དཔྲལ་བར་ཟིན་པར་བསྒོམས་ན་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །ཡམས་ནི་ཉེ་བར་འཚེ་བའི་ནང་ངོ་། །གནོད་པ་ནི་སྲིན་པོ་ལ་སོགས་པས་བྱས་པའི་ཉེས་པའོ། །རབ་ཏུ་

དྲག་པོ་ཡིས་ཞེས་བྱ་བ་ནི་འབར་བ་དང་བཅས་པའི་ཐོ་བའོ། །གཤེགས་པ་ནི་དུམ་བུ་གཉིས་སུ་བྱེད་པའོ། །གཏུབ་ཅེས་བྱ་བ་ནི་ཤིན་ཏུ་གཏུབ་པའི་སྟ་རེས་ཡན་ལག་དང་ཉིང་ལག་ཐམས་ཅད་གཤེགས་པའོ། །རྡོ་རྗེ་སེམས་དཔའ་དྲག་པོ་ཞེས་བྱ་བ་ལ།
དེའི་རྣལ་འབྱོར་པ་དགུག་པའོ། །ཇི་ལྟ་བ་བཞིན་དུ་བླ་མ་ལས་ཤེས་པར་བྱས་ནས་བསྒྲུབ་པར་བྱ་བའི་སྲུང་བ་ལ་སོགས་པ་ཕུར་བུས་གདབ་པར་གསུངས་པ། སྲུང་བ་ཞེས་བྱ་བ་ལ་སོགས་པས་སོ། །ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནི། བླ་མའི་མན་ངག་ལས་ཤེས་པར་བྱ་བའི་
ཁ་སྦྱར་དབྱེ་བ་བསྟན་ཏོ། །འགྱོད་པ་སྤང་བའི་ཕྱིར་གསུངས་པ། ཨེ་མ་ཧོ། །ཞེས་བྱ་བ་ལ་སོགས་པ་ལ། ངོ་བོ་ཉིད་ཀྱིས་དག་པས་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་དོ། །རྡོ་རྗེ་ཐེག་པ་བླ་ན་མེད། །ཅེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་
དང་ལྡན་པའི་མ་རུངས་པའི་ལས་རྣམས་ཀྱིས་ཀྱང་རྫོགས་པའི་བྱང་ཆུབ་བསྐྱེད་པ་ཉིད་ཀྱི་ཕྱིར་རོ། །མ་སྐྱེས་པ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པའི་ངོ་བོས་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་པ་རྣམས་ལའོ། །ལས་ཕྲན་ཚེགས་ཀྱི་གསང་བ་ཞེས་བྱ་བ་ནི་མ་ལུས་པའི་ཡེ་ཤེས་མ་ཐོབ་པས་
ཡེ་ཤེས་ལ་འཇུག་པ་ཅུང་ཞིག་ཐོབ་པའི་རྣལ་འབྱོར་པ་ནི་ཕྲན་ཚེགས་སོ། །དེ་རྣམས་ཀྱི་ལས་ཀྱི་གསང་བ་ནི། བྲི་བ་ལ་སོགས་པའི་བདག་ཉིད་དོ། །དེ་ལ་རྡོ་རྒྱུས་ཀྱི་སྦྱོར་བ་གསུངས་པ། རྡོ་རྒྱུས་ཞེས་བྱ་བ་ལ་སོགས་པ་ལ། འདིའི་དོན་ནི་གང་འདོད་པའི་སྦྱོར་བ་སྔོན་དུ་སོང་བ་ཁཾ་
གི་ཡི་གེ་བརྒྱ་རྩ་བརྒྱད་ཀྱིས་བསྔགས་པའི་རྡོ་རྒྱུས་དང་། དུར་ཁྲོད་ཀྱི་སོལ་བས་ཇི་སྐད་གསུངས་པའི་སྦྲུལ་བྲིས་ནས་དེའི་ཁར་ཡི་གེ་ཁཾ་ནག་པོས་སོས་འཛིན་པའི་བདག་ཉིད་ཀྱི་དུག་ཆེན་པོ་གཞུག་པར་བྱའོ། །དགུག་པ་ཞེས་བྱ་བ་ནི། ནམ་མཁའ་ལ་གནས་པའི་ཡི་གེ་ཧྲིའི་ཁམས་
གསུམ་ན་གནས་པའི་བརྟན་པ་དང་གཡོ་བའི་དུག་བཀུག་ནས་དེ་ཉིད་ལ་དབབ་པར་བསམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། འབབ་པར་འགྱུར་བ་རྣམ་པར་བསམ། །ཞེས་བྱ་བ་ལ་དེ་ནས་ཁཾ་གི་ཡི་གེས་སྦྲུལ་བསྐུལ་ནས་གང་གཟུང་བར་བྱ་བ་འཛིན་པར་བསམས་ན་ངེས་པར་

དེས་འཛིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བར་བྱ་བའི་མཚན་ཉིད་ཀྱིས། །ཞེས་བྱ་བ་ནི་གསུངས་མ་ཐག་པའི་བསྒོམ་པའི་རིམ་གྱིས་དུག་དང་ལྡན་པའི་སྦལ་པ་ལ་སོགས་པས་ཀྱང་གདུག་པ་འཛིན་དུ་གཞུག་གོ་ཞེས་བྱ་བའི་དོན་ཏོ། །དུག་ཐམས་ཅད་འཕོ་བ་ཞེས་བྱ་བ་ནི།
རྣམ་པར་སྣང་མཛད་ཀྱི་སྦྱོར་བ་སྔོན་དུ་སོང་བས་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས། ཨོཾ་དང་བཅས་པའི་འཁོར་ལོ་ལག་པ་གཡས་པར་ཐོགས་པར་བསམས་ནས་བྱས་པ་དེས་བསྒྲུབ་བྱའི་ལུས་ལས་དུག་བླངས་ནས་ནམ་མཁའ་ལ་སོགས་པ་ལ་འཕོ་བར་བྱའོ། །འདི་ཉིད་ཀྱི་ཆོ་གས་
དུག་ཡོད་པ་དུག་མེད་པར་བྱ་བ་དང་། དུག་མེད་པ་ནི་དུག་དང་བཅས་པར་བྱ་བའོ། །སྐྱུག་པ་དག་ཏུ་རྣམ་བསམས་ནས། །ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་རྣལ་འབྱོར་དང་ལྡན་པས་བསྒྲུབ་པར་བྱ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོའི་འོད་ཟེར་བསིལ་
བ་རྣམས་ཀྱིས་ལུས་ཐམས་ཅད་ལ་གནས་པའི་དུག་བཀུག་སྟེ། སྙིང་ག་དང་མགྲིན་པ་དང་དཔྲལ་བ་དང་། མགོ་བོ་ལ་བརྟེན་པ་ལ་ལན་གཉིས་གསུམ་དུ་བྱས་ནས་དེ་ཡང་རིམ་གྱིས་སྙིང་ག་ལ་གནས་པ་ཉིད་དང་། བསྒྲུབ་བྱ་ཁ་དོག་ནག་པོར་སྐྱུག་པར་བསྒོམ་པར་བྱའོ། །དབུགས་
ནག་པོ་ཕྱིར་འབྱུང་བ་བསྒོམ་པར་བྱའོ་ཞེས་ལ་ལ་དག་འདོད་དོ། །སྣང་བ་མཐའ་ཡས་ཀྱི་སྦྱོར་བས་ཉེ་བའི་དུག་ཐམས་ཅད་གསོ་བ་གསུངས་པ། འདབ་མ་བརྒྱད་ཅེས་བྱ་བ་ལ་སོགས་པ་ལ། འདིའི་དོན་ནི་ཡི་གེ་ཨ་ལས་བྱུང་བའི་པདྨ་འདབ་མ་བརྒྱད་པ་ལ་གནས་པ་ཨ་ཡིག་
དཀར་པོ་ལ་སོགས་པའི་འོད་ཟེར་ལྔ་དང་བཅས་པ་ལག་པ་གཡས་པར་བསམས་ནས་དེས་བྱབ་པར་བྱ་སྟེ། འབྲས་དང་སྡོམ་གྱི་དུག་ལ་སོགས་པ་མེད་པར་འགྱུར་རོ། །ཇི་ལྟར་ཞེ་ན་གསུངས་པ། འགུགས་པ་ཞེས་བྱ་བ་ལ་སོགས་པ་ལ། འགུགས་པའི་དུས་སུ་བཟུང་བའི་
དུག་གིས་ནག་པོར་བྱས་ནས། གཞུག་པ་ལ་ཡང་དུག་གཞན་དུ་འཕོས་པའི་ཕྱིར་འོད་ཟེར་དཀར་པོ་བསྒོམ་པར་བྱ་བའོ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་སྔར་གསུངས་པའི་བྱབ་པའི་སྦྱོར་བ་ལ་ཡང་བལྟ་བར་བྱའོ། །མདོར་བསྡུས་པས་སྡིག་པ་བསལ་བར་བྱ་བའི་ཆེད་དུ་

གསུངས་པ། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེའི་ཚིག་རྣམས་ཞེས་བྱ་བ་ནི། སྐུ་རྡོ་རྗེ་ལ་སོགས་པ་གང་འདོད་པ་འབྱིན་པའི་སྔགས་སོ། །དེ་འདྲ་བའི་གཟུགས་ནི་བསྒོམ་པར་བྱའོ་ཞེས་བྱ་བ་ནི་སྔགས་ཀྱི་རྗེས་སུ་མཐུན་པའི་ལྷའི་སྦྱོར་བ་བྱའོ། །
ནང་གི་རྡོ་རྗེ་བསྐུལ་བ་ཡིས། །ཞེས་བྱ་བ་ནི་སྒོམ་པ་སྔོན་དུ་སོང་བའི་སྔགས་བརྗོད་པས་སོ། །སྤྲེའུ་ཞེས་བྱ་བ་ལ་སོགས་པས་སྡིག་པའི་རྣམ་པ་གསུངས་པའོ། །དེས་ནི། ཕྱེ་མར་བརླག་པར་བསྒོམ་པར་བྱ། །ཞེས་བྱ་བ་ནི་འདི་སྐད་གསུངས་པ་ཡིན་ཏེ། རང་གི་དཀྱིལ་འཁོར་
ལ་མ་རུངས་པའི་རྣམ་པར་སྣང་མཛད་ལ་སོགས་པ་གང་འདོད་པའི་སྦྱོར་བ་དང་ལྡན་པས་སྔར་གྱི་བསྙེན་པ་བྱས་པའི་སེམས་བརྟན་པོས་ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པའི་སྔགས་གང་འདོད་པའི་སྙིང་པོ་རང་གི་གདན་ལ་གནས་པ་འོད་ཟེར་དང་བཅས་པ་སྡིག་པ་བྱས་པའི་ལྟེ་བར་བསྒོམ་
པར་བྱས་ནས། དེའི་སྙིང་གའི་ཡི་གེ་ཀཾ་ནག་པོ་སྒྲིབ་པ་ཐམས་ཅད་ཀྱི་བག་ཆགས་ཀྱི་ས་བོན་ལྟེ་བ་ལ་གནས་པའི་སྔགས་ཀྱི་འོད་ཟེར་གྱིས་གྱེན་དུ་འདེགས་པ་དང་ལྡན་པས་དེ་ཡང་ཇི་སྲིད་དུ་སྙིང་གར་ཕྱིན་ནས་རྣམ་པར་སྣང་མཛད་ཀྱི་གཟུགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་
པར་དག་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་གསལ་བར་བྱ་བའི་ཡེ་ཤེས་ཀྱི་མེའི་རང་གི་ངོ་བོར་གྱུར་པ་ན་དེའི་ཚེ་ཡི་གེ་ཀཾ་ཡང་སྣའི་རྩེ་མོར་བྱུང་སྟེ། ནག་པོའི་ཆ་བྱད་སྤྲེའུ་ལ་སོགས་པའི་གཟུགས་ཤིན་ཏུ་འཁྲུགས་པར་བསྒོམ་པར་བྱའོ། །དེ་ནས་རང་གི་ལག་པ་ལ་གནས་
པའི་འཁོར་ལོ་འབར་བ་ལ་སོགས་པས་ཨོཾ་ཨཱཿཛི་ན་ཛིཀ་སྡིག་པ་ཐམས་ཅད་ཆོམས་ཤིག །ཧཱུཾ་ཞེས་བྱ་བ་འདི་དེ་བཞིན་དུ་སྤེལ་བའི་སྦྱོར་བས་སྐུ་ལ་སོགས་པའི་སྔགས་བརྗོད་ཅིང་བརྒྱབ་པས་ཕྱེ་མར་བྱའོ། །བསྒྲུབ་བྱ་ཡང་སྡིག་པ་དང་བྲལ་བར་བལྟས་ལ། ཇི་ལྟ་བ་བཞིན་དུ་དེ་
བཞིན་གཤེགས་པ་ལ་སོགས་པ་བཀུག་ནས་དེའི་ལུས་ལ་གཞུག་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ངོ་བོ་ཉིད་ཡོངས་སུ་གྱུར་པར་བསྒོམ་པར་བྱ་སྟེ། དེ་ནས་སྔར་གྱི་བཞིན་དུ་དབང་བསྐུར་བར་བྱའོ། །དེ་དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པར་

འགྱུར་རོ། །དེའི་ཕྱིར་གསུངས་པ་དེ་ནས་བརྩམས་ཏེ་ཞེས་བྱའོ། །འདིའི་སྦྱོར་བས་ཕྱིའི་ནད་ཀྱང་བསལ་བར་བྱའོ། །རིམས་ལ་ཡང་མན་ངག་གི་ཁྱད་པར་བཤད་པ་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་ཡི་གེ་ཨོཾ་དཀར་པོ་དཔག་ཏུ་མེད་པའི་འོད་ཟེར་འཕྲོ་བ་ཚ་བའི་རིམས་ཀྱིས་བཏབ་
པའི་མགོ་བོ་ལ་བཀོད་དེ། དེའི་གངས་བཞིན་དུ་བསིལ་བའི་འོད་ཟེར་གྱིས་འོག་ཏུ་རིམས་ཁྱེར་བར་བསྒོམ་པར་བྱའོ། །འདི་ཉིད་ཀྱི་གྲང་བའི་རིམས་དང་བྲལ་བར་བྱེད་དོ། །འོན་ཀྱང་མེ་འབར་བའི་གཟུགས་བསྒོམ་པར་བྱའོ། །གང་གི་ཚེ་ཚིགས་ཀྱི་བར་རྣམས་མ་གྲོལ་བ་དེའི་ཚེ།
དེ་ལ་འབར་བའི་ཕཊ་གྱི་ཡི་གེ་བསྒོམ་པར་བྱའོ། །དེ་ནས་བྱུང་བའི་རིམ་གྱིས་རྐང་པ་དབུས་མ་རྐང་པ་གཡོན་པས་མནན་ཏེ་སྔར་གྱི་འཁོར་ལོར་བརྡེག་པར་བྱའོ། །རིམས་ཀྱི་རྣམ་པ་ནི་ལག་པ་གསུམ་པ་དང་། རྐང་པ་གསུམ་དང་མགོ་བོ་གསུམ་པ་རྣམས་སོ། །ཤིན་ཏུ་དམར་
བའི་རིམས་ལྟོ་བ་འཕྱང་བ་སྨ་ར་འབར་བ་སྐྲ་ཁམ་པ་གྱེན་དུ་འཁྱིལ་བ་དང་བཅས་པའོ། །གྲང་བ་ལ་ཡང་དཀར་པོའི་རང་བཞིན་དུ་སྐྲ་ཐུར་དུ་བསྙིལ་བ་བསྒོམ་སྟེ། ཆུའི་ཐིགས་པ་གྲང་བ་དང་བཅས་པ་ལ་འབྱུང་བའོ། །དེ་བཞིན་དུ་ཐུགས་རྡོ་རྗེ་ལ་སོགས་པའི་སྦྱོར་བས་ཀྱང་།
ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །རང་ལུས་ཞེས་བྱ་བ་ལ་སོགས་པས་སྦྱོར་བ་གཞན་གསུངས་པ་དེ་ལ་ཆོ་ག་ནི་འདི་ཡིན་ཏེ། ཕྱོགས་བཅུ་ན་གནས་པའི་མ་རུངས་པའི་རྡོ་རྗེ་འཛིན་པའི་རྡོ་རྗེའི་འོད་ཟེར་རྣམས་ཀྱིས་ནད་པའི་བདག་ཉིད་སྣང་བ་མེད་པར་བྱས་ནས་ཡང་། དེ་རྣམས་
ཉིད་རྗེས་སུ་གཟུང་བར་རྩོམ་ན་ཞི་བའི་སེམས་བསྒོམ་པར་བྱའོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱི་སྤྲིན་རྣམ་པར་ཤེས་པ་ལ་ཆར་པ་བཞིན་དུ་གཞུག་སྟེ། དེའི་ལུས་ལ་སོགས་པ་ཡོངས་སུ་གང་བར་བསྒྲུབ་པར་བྱའོ། །སྦྱོར་བ་འདིས་ཐུན་བཞིར་བརྒྱ་རྩ་བརྒྱད་ཉི་མ་
བདུན་བཟླས་པས་ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་རང་གི་ལྷའི་སྦྱོར་བས་ཀྱང་དེ་བྱའོ་ཞེས་གསུངས་པའོ། །བསྒོམ་པ་ལ་སོགས་པ་ལ་མངོན་པར་མོས་པ་ལ་རྨི་ལམ་ལ་སོགས་པ་རེ་ཞིག་དངོས་གྲུབ་ཀྱི་མཚན་མ་གསུངས་པ་དེ་ནས་

ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཀྱོ་བ་ཞེས་བྱ་བ་ལ་ཡེ་ཤེས་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཐུགས་སོ། །དེ་ཉིད་འཁོར་བ་དང་མྱ་ངན་ལས་འདས་པ་གཅིག་གི་མཐར་ལྷུང་བ་དགུག་པའི་ཕྱིར་ལྕགས་ཀྱུའོ། །དེ་ཡང་འདི་རང་བཞིན་གྱིས་འོད་
གསལ་བའི་ཕྱིར་འོད་པོ་ཆེའོ། །རྨི་ལམ་ན་བུད་མེད་ཀྱི་བདེ་བ་རྙེད་པ་ལྟར་དོན་བྱེད་པའི་ཕྱིར་རྨི་ལམ་ལྟ་བུའོ། །དོན་དམ་པར་བདེན་པ་མ་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱིས་མ་སྐྱེས་པའོ། །དེའི་ཕྱིར་རང་བཞིན་གྱིས་དྲི་མ་མེད་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་དག་པ་དེ་ཉིད་ལའོ། །
འཁྲུལ་པའི་རྡོ་རྗེ་རབ་ཏུ་གསུངས། །ཞེས་བྱ་བ་ནི་ཀུན་རྫོབ་ཏུ་དངོས་གྲུབ་འགྲུབ་པ་ལ་སོགས་པ་བཤད་པའོ་ཞེས་བྱ་བའི་དོན་ཏོ། །དོན་དམ་པར་གཉིས་སུ་མེད་པར་དངོས་པོ་ཐམས་ཅད་གནས་པས་སྒྲུབ་པ་པོ་གང་གིས་བསྒྲུབ་པར་བྱ་བ་གང་ཅུང་ཟད་ཀྱང་མེད་པའོ། །དེའི་ཕྱིར་
ཇི་ལྟར་ཀུན་རྫོབ་ཏུ་དངོས་གྲུབ་བསྒྲུབ་པ་དེའི་མཚན་མ་ཡང་དེ་བཞིན་དུ་རྨི་ལམ་ལྟ་བུར་འགྱུར་བ་གསུངས་པ། སྒྲུབ་པ་པོས་ནི་རྟག་ཏུ་མཐོང་། །ཞེས་པ་ལ་སོགས་པའོ། །དབྱེ་བ་རྣམ་པ་གཉིས་སུ་མཐོང་། །ཞེས་བྱ་བ་འདི་ཉིད་ནི་གཉིད་ལོག་པ་དང་མ་ལོག་པའི་གནས་སྐབས་ཀྱི་དབྱེ་
བས་སོ། །བྱང་ཆུབ་ཡེ་ཤེས་མཆོག་ཐོབ་པས། །ཞེས་བྱ་བ་ནི་བྱང་ཆུབ་མངོན་སུམ་དུ་བྱས་པའོ། །སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་བྱ་བ་ནི་འོག་མིན་ན་གནས་པའོ། །སེམས་ཅན་ཆེན་པོ་ཁམས་གསུམ་པས། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་
དུ་སྤྲུལ་པའི་སྐུའི་བདག་ཉིད་ལ་ལྷ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱེད་པར་མཐོང་བའོ། །ཆོས་ཀྱི་མཛོད་ཅེས་བྱ་བ་ནི་ཟབ་པ་དང་། རྒྱ་ཆེ་བའི་དོན་གསལ་བར་བྱེད་པའི་གསུང་རབ་ནི་མཛོད་དོ། །མཚན་མའི་མངོན་པར་ཞེན་པ་སྤང་བའི་ཆེད་དུ་རྨི་ལམ་དཔྱད་པ་གསུངས་པ། དེ་
ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་འདི་རྣམས་བརྟགས་པའི་དངོས་པོ་རྣམས་ཏེ། ནམ་མཁའ་བཞིན་རང་གི་སེམས་ནི་ཆོས་ཐམས་ཅད་ཅེས་བྱ་བ་འདིར་སྦྱར་རོ། །ཇི་ལྟར་ཞེས་གསུངས་པ། སེམས་ནི་དམིགས་པ་ལ་ཞེས་བྱ་བ་ནི་རང་རིག་པ་ཙམ་གྱི་མཚན་ཉིད་ལ་

ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་དེའི་བདག་ཉིད་དུ་གནས་པའོ། །འདིར་རྒྱུ་གསུངས་པ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་འདི་རྣམས་བརྟགས་པའི་དངོས་པོ་རྣམས་ཏེ་ནམ་མཁའ་བཞིན་དུ་ཐ་སྙད་ཙམ་གྱི་ཡུལ་རྣམས་ཡིན་ཏེ། དེ་ཁོ་ན་ཉིད་དུ་
ཡོད་པ་མ་ཡིན་པའི་མཚན་ཉིད་དོ། །དེས་ན། རིགས་པས་ཆོས་མེད་ཆོས་ཉིད་མེད་པའོ། །ཞེས་སོ། །སེམས་འཁྲུལ་པས་སྒྲོ་བཏགས་པ་ཙམ་དུ་འགྲོ་བ་འདི་དག་ཡང་དག་པ་མ་ཡིན་པར་ཤེས་ནས་ངོ་མཚར་དུ་གྱུར་རྨད་དུ་གྱུར་པའོ། །ཅི་ཞིག་ལགས་ཞེས་བྱ་བ་ནི་སྤང་བའོ། །
ཆོས་རྣམས་ངོ་བོ་ཉིད་མེད་པ། །ཞེས་བྱ་བ་ནི་རང་གི་མཚན་ཉིད་དང་བྲལ་བའི་ཕྱིར་རྫས་སུ་མེད་པའོ། །ནམ་མཁའ་ལ་ནི་ཞེས་བྱ་བ་ནི་མ་སྐྱེས་པ་ལའོ། །ནམ་མཁའ་བསྒོམ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའ་བསྒོམ་པ་འདི་ནི་ཀུན་རྫོབ་ཏུ་ཞེས་བྱ་བའི་
དོན་ཏོ། །དེ་ཡང་གསུངས་པ་སྡོམ་པ་བླ་མ་ལས། རྟོག་པ་མེད་པའི་ཆོས་རྣམས་ལ། །སེམས་ཅན་དོན་དུ་ཡོངས་བརྟགས་ན། །དེ་ཡིས་བརྟགས་པ་ཡང་དག་བཤད། །བརྟགས་པ་ཡིས་ནི་ཡོངས་སུ་དག།།ཅེས་སོ། །དེ་ཉིད་ཀྱི་དཔེས་དོན་གསུངས་པ་དེ་ནས་ཞེས་བྱ་བ་ལ་
སོགས་པ་ལ། ལྡན་པ་མ་ཡིན་ཞེས་བྱ་བ་ནི་དངོས་པོ་མེད་པའི་ཕྱིར་རོ། །མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་དེའི་བདག་ཉིད་ཀྱི་ཕྱིར་དངོས་པོ་ཐམས་ཅད་ཀྱིའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དཔེའི་རིགས་པས་སོ། །རྨི་ལམ་གྱི་དམ་ཚིག་ལས་བྱུང་བ་ཞེས་བྱ་བ་ནི་རྨི་ལམ་གྱི་
མཚན་མའི་རྒྱུ་ལས་བྱུང་བ་རྡོ་རྗེ་འཛིན་པ་ལ་སོགས་པ་གྲུབ་པའོ། །རྟག་ཏུ་མེད་པ་ཞེས་བྱ་བ་ནི་ཁ་དོག་ལ་སོགས་པ་མེད་པའི་ཕྱིར་མིག་ལ་སོགས་པ་གཟུང་བ་མ་ཡིན་པའོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་གཉེན་པོ་དང་བྲལ་བས་སོ། །དེ་ཡང་གསུངས་པ། ས་ཁམས་རྟག་ཏུ་
གནོད་བྱ་ཡིན། །མེ་ཆུ་རླུང་ནི་ཆེན་པོ་ཡིས། །དེ་ཡང་ཕན་ཚུན་གནོད་པར་ལྡན། །ནམ་མཁའ་རྟག་ཏུ་གནོད་པ་མེད། །ཅེས་སོ། །འདྲ་བ་མེད་པའི་ཕྱིར་རབ་ཏུ་མི་མཉམ་པའོ། །དཔྱད་པར་བྱ་བ་མེད་པའི་ཕྱིར་མི་སྣང་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་གསུངས་པའི་

རིགས་པས་སོ། །ལུས་ལ་སོགས་པའི་རྡོ་རྗེའི་དམ་ཚིག་ཏུ་གནས་པ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་དམ་ཚིག་གི་ཆོས་ཉིད་དོ་ཞེས་བྱ་བའི་སྒྲས་མཐར་ཐུག་པ་སྟེ། འདིས་ཀུན་དུ་བརྟགས་པའི་མངོན་པར་ཞེན་པ་བཀག་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་
ནི་གཞན་གྱི་དབང་གི་རང་བཞིན་བཀག་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བ་ཉིད་རྡོ་རྗེའི་གནས་ཏེ། དེ་བྱེད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྫོགས་པའི་བར་དུའོ། །རྨི་ལམ་ལ་བདག་མེད་པའི་གནས་སུ་རྗེས་སུ་རྟོགས་པར་
བྱ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་མ་སྐྱེས་པ་ཡང་རྨི་ལམ་བཞིན་དུ་དོན་གྱི་བྱ་བ་བྱེད་པར་རིག་པར་བྱའོ། །བརྟགས་པ་དང་བྲལ་བ་ཉིད་ཀྱིས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་འགལ་བ་མེད་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ཡིད་བཞིན་གྱི་ནོར་བུའི་དཔེས་བཤད་
དོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་དྲི་བ་དང་ལན་དག་གིས་སྔར་བཤད་པའི་དངོས་གྲུབ་ལ་དངོས་པོར་དམིགས་པ་བསལ་བའོ། །དེ་ལྟར་ན་ཡོངས་སུ་གྲུབ་པའི་རང་བཞིན་ཡིན་པར་འགྱུར་ཏེ། ནམ་མཁའ་ཞེས་བྱ་བ་ལ་སོགས་པས་རྟོགས་པར་བྱའོ། །རང་གི་སེམས་ཀྱི་
ཆོས་ཉིད་ལ་གནས་པ་ཞེས་བྱ་བ་ནི། རང་གི་སེམས་ཀྱི་ཆོས་ཉིད་སོ་སོར་རྟོགས་པའོ། །དེའི་མ་སྐྱེས་པའི་སྦྱོར་བ་བསྒོམ་ཞིང་ཅང་མི་གསུང་བར་འཁོད་པར་འགྱུར་རོ་ཞེས་བྱ་བ་ནི། ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པས་ངག་གི་གཡེང་བ་དང་བྲལ་བས་འཁོད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་
ཀྱི་ཞེས་བྱ་བ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ཐམས་ཅད་དུ་འགྲོ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་ཏེ། དེ་བཞིན་དུ་ཡང་བཅོམ་ལྡན་འདས་ཇི་ལྟར་ཐམས་ཅད་སེམས་ཡིན་ཞེས་དྲིས་པའི་ལན་དུ་གསུངས་པ་སྡོམ་པ་བླ་མ་ལས། བསམ་མེད་ཟབ་ཅིང་རྒྱ་ཆེ་བའི། །དངོས་གྲུབ་ཐམས་ཅད་
བདེ་བ་ཐོབ། །ཐམས་ཅད་ཁྱབ་པ་དྲི་མ་མེད། །བྱང་ཆུབ་སེམས་སུ་འདོད་བརྟན་པ། །ཞེས་སོ། །དེ་ཉིད་དམ་ཚིག་གི་སྙིང་པོ་སྟེ། ཐམས་ཅད་ཀྱི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེའི་རྡོ་རྗེ་བཞིན་དུ་མི་ཕྱེད་པ་ལས་བྱུང་བ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཀྱིས་

རྫོགས་པ་སྟེ། ལེའུ་གང་གསུངས་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལས་ལེའུ་བཅོ་ལྔ་པའི་བཤད་པའོ།། །།དེ་བཞིན་དུ་རྨི་ལམ་ལ་སོགས་པའི་མཚན་མ་ཉེ་བར་ཐོབ་ནས་རང་གི་དཀྱིལ་འཁོར་ལ་
གནས་ཏེ། དངོས་གྲུབ་བསྒྲུབ་པར་བྱའོ། །དེའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་རྡོ་རྗེའི་ལེའུ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་གི་ཞེས་བྱ་བ་ནི།
དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་བྱ་བ་ལ་སོགས་པ་ལེའུ་བཞི་པ་ལས་གསུངས་པའི་བསྟོད་པའི་ཚིག་གིས་སོ། །ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་ཕྱག་ན་གང་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ཡང་རྟོག་པ་ཐམས་ཅད་
བསྡུས་པ་ལས། གསུམ་པོ་མི་ཕྱེད་བདུད་རྣམས་ཀྱིས། །གང་ཡང་རྣམ་སྨིན་དེ་བཞིན་དུ། །བྱང་སེམས་རྡོ་རྗེ་རང་བཞིན་ནི། །སངས་རྒྱས་ཐམས་ཅད་བརྟན་པའི་སྐུ། །དེ་འདྲའི་རྡོ་རྗེ་གསང་ཆེན་ནི། །སངས་རྒྱས་ཀུན་གྱི་མཚོན་ཆ་དེ། །རྟག་ཏུ་ཕྱག་ཏུ་འཛིན་པས་
ན། །ཕྱག་ན་རྡོ་རྗེར་དེ་བརྗོད་བྱ། །ཞེས་གསུངས་སོ། །རྡོ་རྗེ་ཐམས་ཅད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི། སྐུའི་དཀྱིལ་འཁོར་རོ། །དེ་ཉིད་མཐོང་བ་ལ་སོགས་པས་ཀུན་ནས་ཉོན་མོངས་པ་ཐམས་ཅད་འཇོམས་པའི་ཕྱིར་སེང་གེའོ། །སངས་རྒྱས་ཐམས་ཅད་ལ་སོགས་པའི་རྒྱུ་
ཉིད་ཀྱི་ཕྱིར། དམ་ཚིག་གི་རྒྱལ་པོའོ། །དེ་སྤྲོས་པར་བྱེད་པའི་བྱེ་བྲག་ནི་བཀོད་པའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཆོ་གས་བྲི་བར་བྱ། །ཞེས་བྱ་བ་ནི་ས་བཟུང་བ་ལ་སོགས་པ་སྔོན་དུ་སོང་བས་རྩ་བའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་རྡོ་རྗེ་
སྲད་བུས་བསྐོར་བ་ཀ་བ་བརྒྱད་ཀྱིས་མཛེས་པའི་དཀྱིལ་འཁོར་ཟླུམ་པོ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་རྡོ་རྗེའི་གནས་སུ་བྱ། །ཞེས་བྱ་བ་ནི་ཕྱག་རྒྱ་ནི་ཕྱག་མཚན་ནོ། །དེ་ཉིད་རྡོ་རྗེ་རྣམས་ཏེ་སངས་རྒྱས་ལ་སོགས་པའི་རྟེན་ཏེ་གནས་སུ་བྱའོ། །རང་རང་གི་གནས་སུ་

ཕྱག་རྒྱ་མཚན་མའི་ངོ་བོས་དེ་བཞིན་གཤེགས་པ་ལ་སོགས་པ་དགོད་དོ་ཞེས་བྱ་བའི་དོན་ཏོ། །ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་བྲི་བ་ནི་མ་ཡིན་ཏེ། མུ་སྟེགས་རྣམས་ལ་ཕན་གདགས་ཕྱིར། །སངས་རྒྱས་བཙུན་མོ་རབ་ཏུ་སྦས། །
ཞེས་བྱ་བའི་ཚིག་ལས་སོ། །དགོད་པ་ཉིད་གསུངས་པ། དབུས་སུ་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ལ་འདི་སྐད་བརྗོད་པ་ཡིན་ཏེ། དབུས་སུ་རྣམ་པར་སྣང་མཛད་ཀྱི་ཕྱག་མཚན་བྲིས་ནས་དེའི་གནས་སུ་མི་བསྐྱོད་པའོ། །དཀྱིལ་འཁོར་པ་ལྷག་མ་རྣམས་ཀྱི་མཚན་མ་ནི་ཐུགས་ཀྱི་
དཀྱིལ་འཁོར་བཞིན་དུ་བྲི་བར་བྱའོ། །གང་གི་ཕྱིར་མི་བསྐྱོད་པ་འདིར་དབུས་སུ་ཡིན་པ་དེའི་ཚེ། དེའི་གནས་སུ་རྣམ་པར་སྣང་མཛད་ཀྱི་མཚན་མ་བྲི་བར་བྱའོ། །དེ་བཞིན་དུ་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་ལ་ཡང་གཞན་བདག་པོར་གྱུར་ན་དེའི་གནས་སུ་ཐུགས་རྡོ་རྗེའི་ཕྱག་རྒྱ་དགོད་
པར་བྱའོ། །མཆོད་པ་བྱ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །གསུང་གི་དཀྱིལ་འཁོར་དགོད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གསུང་རྡོ་རྗེའི་དམ་ཚིག་ནི། གསུང་གི་དཀྱིལ་འཁོར་ཏེ། གསུང་རྡོ་རྗེ་རྫོགས་པའི་རྒྱུའི་གཙོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ཡང་སྤྲོས་
པས་ཕྱོགས་ཐམས་ཅད་ཁྱབ་པས་སྤྲིན་བཀོད་པ་ཡིན་ཏེ་དེ་ལ་དམིགས་པས་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །ཆོས་བསྒོམ་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་སུ་བསྒོམས་པས་སོ། །ཉིད་ཀྱི་སྐུའི་དཀྱིལ་འཁོར་ཞེས་བྱ་བ་ནི་གཟུགས་དང་བཅས་པ་ཉིད་ཀྱི་ཕྱིར། སྐུའི་
དཀྱིལ་འཁོར་ཉིད་ཡིན་ཡང་འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་ཉིད་ཀྱིས་གསུང་རྡོ་རྗེའི་ཡོན་ཏན་ཐོབ་པའོ། །རིག་པའི་དབང་པོ་དབབ་པར་བྱ། །ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱི་རང་གི་རིགས་ཀྱི་རིག་མ་དང་བཅས་པ་དཀྱིལ་འཁོར་བྲི་བར་བྱ་བའི་དོན་དུ་ཇི་ལྟ་
བ་བཞིན་དབབ་པའོ། །ཆོ་ག་བཞིན་དུ་བྲི་བར་བྱ། །ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་གྱི་རྗེས་སུ་མཐུན་པའི་ཆོ་གའི་མཐར་ཐུག་པའོ། །དེའི་ཞེས་བྱ་བ་ནི་དཀྱིལ་འཁོར་གྱིའོ། །གནས་མཆོག་དེ་ཉིད་དུ་ཞེས་བྱ་བ་ནི་སྔར་གྱི་རིགས་པས་ལྷ་རྣམས་ཀྱི་ཕྱག་མཚན་བྲི་བར་

བྱ་ཞེས་བྱ་བའི་དོན་ཏོ། །འདི་སྐད་གསུངས་པ་ཡིན་ཏེ། ཇི་ལྟར་རྣམ་པར་སྣང་མཛད་བདག་པོར་གྱུར་པ་ལ་དེའི་གནས་སུ་མི་བསྐྱོད་པའི་ཕྱག་མཚན་བྲིའོ། །འདིར་ཡང་སྣང་བ་མཐའ་ཡས་ཀྱི་གནས་སུ་ཡང་དེ་བཞིན་ནོ། །དེ་ཉིད་ཀྱིས་སྐུ་དང་གསུང་གི་དཀྱིལ་འཁོར་བཤད་པ་ཡིན་ལ།
ཐུགས་ཀྱི་དཀྱིལ་འཁོར་ལེའུ་བཞི་པ་ལས་བསྟན་ཏོ། །དེའི་ཕྱིར་འདིར་ཐུགས་ལ་སོགས་པའི་དཀྱིལ་འཁོར་གསུམ་ངེས་པར་བསྟན་པས་གཙོར་སྐུ་གསུང་ཐུགས་བསྒྲུབ་པར་བྱའོ་ཞེས་སྟོན་ཏོ། །དེ་ཡང་གསུངས་པ། འཁོར་ལོ་གསུམ་ལ་གཏད་ནས་ནི། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པས། །
ཐུགས་དང་གསུང་དང་སྐུ་ཡི་གསང་། །སྐུ་གསུམ་རིམ་པ་དག་པ་ཉིད། །ཡེ་ཤེས་ལྔ་དང་སྐུ་གསུམ་ནི། །བསྒྲུབ་བྱ་འཁོར་ལོའི་སྦྱོར་དག་གི། །རྣམ་པ་ཐམས་ཅད་མཁྱེན་གྲུབ་ན། །མི་འགྲུབ་དེ་ལ་གཞན་ཅི་ཡོད། །ཅེས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཕྱོགས་འདི་ཉིད་ཀྱི་རིན་
ཆེན་འབྱུང་ལྡན་ལ་སོགས་པ་ཡང་ཇི་ལྟར་རིགས་པར་རྟོགས་པར་བྱའོ་ཞེས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་བདག་པོ་ཡིན་ན་དེའི་ཕྱག་རྒྱ་དབུས་སུ་གནས་པར་བྱས་ནས། དེའི་བདག་པོའི་དཀྱིལ་འཁོར་བཞིན་ལྷག་མའི་ཕྱག་རྒྱ་དགོད་པར་ཤེས་པར་བྱའོ། །དེའི་དཀྱིལ་འཁོར་གནས་
སུ་ཞེས་བྱ་བ་ནི་དེའི་མིང་དུ་འགྱུར་རོ། །སྲད་བུ་ལ་སོགས་པ་སྦྱང་བར་བྱ་བ་ལ་སོགས་པའི་དོན་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དཀྱིལ་འཁོར་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་རོ། །དེ་དག་གི་སྙིང་པོའི་སྲད་བུ་ནི་ཤེས་རབ་ཀྱི་སྲད་བུ་སྟེ། སྦྱར་བར་བྱ་བའི་ཕྱིར་
ཡི་གེའི་ཚིག་ནི་ས་བོན་ཏེ་འདི་ནི་ཉེ་བར་མཚོན་པའི་དོན་དུ་གསུངས་ཏེ་འདི་ནི་རྡུལ་ཚོན་སྦྱང་བར་བྱ་བའི་དོན་དུ་ཤེས་པར་བྱའོ། །སྔགས་ཀྱི་སེམས་པས་མི་བྱ་སྟེ། །ཞེས་བྱ་བ་ནི་ཡེ་ཤེས་འབེབས་པ་ཐོབ་པར་གྱུར་པས་སེམས་བརྟན་པ་ནུས་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །བྱས་
ན་ཉེས་པ་ཅི་ཡོད་ཅེ་ན་གསུངས་པ། བྱས་ན་བྱང་ཆུབ་རྙེད་པར་དཀའ། །ཞེས་བྱ་བ་ནི་དམ་ཚིག་ཉམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་མི་རློབ་སྟེ། ཡང་དག་པའི་ཡེ་ཤེས་ལ་དབང་བ་མི་ཐོབ་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་དེས་བྱ་ཞེ་ན་གསུངས་པ། དེ་བས་ཞེས་བྱ་

བ་ལ་སོགས་པ་ལ། དམ་ཚིག་ཚུལ་ཞེས་བྱ་བ་ནི་ལྷ་དབབ་པའི་ཆོ་ག་ངེས་པར་ཤེས་པའོ། །བྱིན་གྱིས་བརླབས་ཀྱིས་གནས་བསྒོམས་ལ། །ཞེས་བྱ་བ་ནི་དབབ་པའི་ས་བོན་དགོད་པ་ལ་སོགས་པའོ། །འདི་སྐད་གསུངས་པ་ཡིན་ཏེ། སྟ་གོན་ལ་གནས་པའི་རྗེས་ལ་
ནུས་པ་དང་ལྡན་པའི་རྣལ་འབྱོར་པས་གཞོན་ནུ་དང་གཞོན་ནུ་མ་དག་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པས་རང་གི་རིག་མ་དང་བཅས་པ་བཅུག་ནས་གཅོད་པ་བྱས་པས་དེ་ཉིད་ཀྱིས་རང་རང་གི་དཀྱིལ་འཁོར་ལ་ཐིག་གདབ་པ་ལ་སོགས་པ་བྱེད་དུ་གཞུག་གོ། །དཀྱིལ་འཁོར་
རྫོགས་པ་ལ་མཆོད་པ་ལ་སོགས་པ་དང་། སློབ་དཔོན་གྱི་ལས་གཞན་རྣལ་འབྱོར་པ་རང་གིས་བྱའོ་ཞེས་གསུངས་པ། བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྨད་པོ་ཆེ་ཞེས་བྱ་བ་ནི་སློབ་མ་ཡིད་ཆེས་པར་བྱ་བའི་ཆེད་དུ་དཀྱིལ་འཁོར་བདག་པོ་ལ་སོགས་པའོ། །དཀྱིལ་འཁོར་བསྒྲུབ་
པ་བསྟན་པ་གསུངས་པ། བཀུག་པ་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་བོའི་རྒྱལ་པོ་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པས་དགུག་པ་ལ་སོགས་པ་བྱས་ནས་ཞེས་ལ་ལ་དག་འདོད་དོ། །གནོད་མཛེས་ཀྱིས་དགུག་ཅེས་བྱ་བ་གཞན་གྱིའོ། །ཐམས་ཅད་ཉིད་དུ་ཕྱོགས་སྐྱོང་བ་ལ་
སོགས་པ་ཚིམ་པར་བྱ་བ་གསུངས་པ། ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་ལ། གཏོར་མའི་ཆོ་ག་ཡང་བླ་མའི་མན་ངག་ལས་ཤེས་པར་བྱའོ། །ད་ནི་ལས་དང་པོ་པ་རྣམས་ཀྱིས་ཐིག་གདབ་པའི་ཆོ་ག་གསུངས་པ། ཐིག་ཅེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་རབ་བསྒོམས་
ནས། །ཞེས་བྱ་བ་ནི་སྐུའི་དཀྱིལ་འཁོར་དུ་རང་རྣམ་པར་སྣང་མཛད་དུ་བྱས་ནས་སམ། ཡང་ན། རྡོ་རྗེ་སེམས་དཔའ་རབ་ཏུ་བསྒོམ། །ཞེས་བྱ་བ་ནི་ཐམས་ཅད་ཀྱི་བདག་པོ་ཉིད་ཀྱི་ཕྱིར་རྡོ་རྗེ་འཛིན་པར་བདག་ཉིད་བསྒོམས་ནས་སོ། །སློབ་མ་ཞེས་བྱ་བ་ནི་ཐེག་པ་ཆེན་པོར་རྗེས་སུ་སློབ་པ་དང་
ལྡན་པ་སྟེ། བདུད་རྩི་འཁྱིལ་པ་བསྒོམ་པར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །སྐུའི་དཀྱིལ་འཁོར་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་སློབ་མ་རྡོ་རྗེ་འཛིན་པའམ་བདུད་རྩི་འཁྱིལ་པར་བསྒོམ་པར་བྱའོ་ཞེས་ལ་ལ་དག་འདོད་དོ། །ལས་ཀྱི་གོ་འཕང་རྣམ་པར་བསྒོམ། །ཞེས་བྱ་བ་

ནི་སྲད་བུ་སྦྱང་བ་ལ་སོགས་པའོ། །འདི་ཡང་དཀྱིལ་འཁོར་གྱི་ཆོ་ག་ན་གསལ་བར་ཡོད་པས་འདིར་གཞུང་མངས་པའི་འཇིགས་པས་མ་བྲིས་སོ། །རྡོ་རྗེ་ཐིག་སྐུད་དག་ལ་དགོད། །ཅེས་བྱ་བ་ནི་ནག་པོ་ལ་སོགས་པའི་སྲད་བུ་རྣམས་ལ་ཧཱུཾ་ལ་སོགས་པའི་སྙིང་པོ་བཅུག་པ་ལ་སོགས་པ་སྔོན་དུ་སོང་བས་
མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པའི་རང་བཞིན་དུ་བྱའོ་ཞེས་བྱ་བའི་བར་དུའོ། །རྣམ་པ་ཉི་ཤུ་རྩ་ལྔར་ནི། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔ་རྣམས་ཀྱི་དཀྱིལ་འཁོར་རྣམས་ལ་རི་མོ་དགོད་པའི་བྱེ་བྲག་ལས་ཏེ། བསྡུས་ན་ཉི་ཤུ་རྩ་ལྔའོ། །དེ་བཞིན་གཤེགས་པ་ལྔ་པོ་
སོ་སོར་ཡེ་ཤེས་ལྔའི་བདག་ཉིད་ཚོན་ལ་བཅུག་ནས་ཚོན་རྩི་ཉི་ཤུ་ལྔའི་བྱེ་བྲག་གོ་ཞེས་ལ་ལ་དག་འདོད་དོ། །བྱེ་བྲག་གསུངས་པ། ཐམས་ཅད་ཉིད་ཀྱི་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་ལ་ཡང་ངོ་། །རྡོ་རྗེ་ཧཱུཾ་མཛད་བསྒོམ་པར་བྱ། །ཞེས་བྱ་བ་ནི་རང་གི་ཁ་དོག་གི་ཚོན་རྩི་
ལ་མི་བསྐྱོད་པ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་ཡང་ཐམས་ཅད་ཀྱི་དཀྱིལ་འཁོར་བསྒོམ་པར་བྱའོ་ཞེས་གསུངས་པ་སྐུ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་སྐུ་ནི་རྣམ་པར་སྣང་མཛད་དོ། །གསུང་ནི་སྣང་བ་མཐའ་ཡས་སོ། །དམ་ཚིག་ནི་དོན་ཡོད་གྲུབ་པའོ། །
མཆོག་ནི་རིན་ཆེན་འབྱུང་ལྡན་ནོ། །རྗེས་སུ་ཆགས་པའི་གཟུགས་ཉིད་ཀྱིས་མཆོག་ཏུ་བྱས་པའོ། །གནས་ལྔ་ཞེས་བྱ་བ་ནི་དཀྱིལ་འཁོར་ལྔ་རྣམས་ལའོ། །འདི་སྐད་གསུངས་པ་ཡིན་ཏེ། རིགས་ལྔའི་ལྷའི་དགོད་པའི་བྱེ་བྲག་གིས་དེའི་དཀྱིལ་འཁོར་རྣམས་ལ་གང་རིགས་དང་ལྡན་པའི་ལྷ་དབུས་
སུ་གནས་པར་འགྱུར་ཏེ། རིམ་གྱིས་ཐམས་ཅད་ཀྱི་ནང་དུ་དེའི་ཁ་དོག་གི་ཚོན་དགོད་པ་བྱས་པས་དེ་ཉི་ཤུ་རྩ་ལྔའི་བྱེ་བྲག་ཏུ་འགྱུར་རོ། །དེ་ཇི་ལྟར་འགྱུར་ཞེ་ན་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སེམས་བརྟན་པོའི་རྣལ་འབྱོར་པའོ། །
ཡང་ན་རྡོ་རྗེ་ཧཱུཾ་མཛད་བསྒོམ། །ཞེས་བྱ་བ་ནི་ལྷག་པ་དང་མ་ཚང་བའི་ཉེས་པ་ཞི་བར་བྱ་བའི་དོན་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་སྣང་བར་བྱ་ཞེས་བྱ་བའི་དོན་ཏོ། །སྐུ་དང་གསུང་དང་དམ་ཚིག་མཆོག །ཅེས་བྱ་བ་ནི་རིགས་ལྔའི་རང་བཞིན་འཆད་པར་འགྱུར་བའི་

དཀྱིལ་འཁོར་དུ་གཞུག་པའི་སྔགས་རྣམས་སོ། །གནས་ལྔ་དག་ཏུ་ཞེས་བྱ་བ་ནི། མགོ་བོ་དང་། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། རོ་སྨད་དུ་བསྒོམ་པར་བྱའོ། །གཞན་ནི་ཡང་ཞི་བའི་སྒྲུབ་པས་མི་གཟིགས་པ་ལ། སངས་རྒྱས་ཀྱི་བྱིན་གྱིས་བརླབ་པའི་དོན་དུ། བདག་
པོ་གཉིས་པ་གནོད་མཛེས་བསྒོམ་པའམ། རྡོ་རྗེ་འཛིན་པ་ཡང་མགོ་བོ་དང་མགྲིན་པ་ལ་སོགས་པ་རྣམས་སུ་བསྒོམ་ཞེས་འཆད་དོ། །བུམ་པ་དགོད་པའི་ཆོ་ག་གསུངས་པ། དགོད་པ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ནི་བུམ་པ་ལ་དགོད་པར་བྱ་བ་ལྷ་རྣམས་ཀྱི་བཟླས་པའི་ངོ་བོའོ། །རྒྱུད་ཅེས་
བྱ་བ་ནི་སྨན་ལྔ་ལ་སོགས་པ་རྣམས་སོ། །བདག་པོ་ཞེས་བྱ་བ་ནི་ཇི་ལྟར་རང་གི་བུམ་པའི་བདག་པོའི་ལྷ་རྣམས་སོ། །དེ་དང་དེ་རྣམས་ཀྱིས་ཇི་ལྟར་ཆོ་ག་བཞིན་དུ་སྦྱངས་པའི་རས་ལ་སོགས་པས་ཉེ་བར་མཛེས་པར་བྱས་ལ། རང་གི་ལྷའི་སྦྱོར་བས་གནས་ཇི་ལྟ་བར་བུམ་པ་དགོད་པར་བྱའོ། །
སྦྱིན་སྲེག་གི་ཆོ་ག་སྟོན་པ་གསུངས་པ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། ཏིང་ངེ་འཛིན་གནས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བ་བྱས་པས་སོ། །རྟག་པ་ཞེས་བྱ་བ་ནི་ཇི་ལྟར་ཆོ་ག་རྗེས་སུ་བསྒྲུབ་པར་བྱ་བའོ། །སྦྱིན་སྲེག་ཅེས་བྱ་བ་ནི་སྲེག་རྫས་བསྲེག་པའོ། །དེ་
ཡང་ཕྱི་དང་ནང་དང་བླ་ན་མེད་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །ཞི་བ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་བཞིའོ། །དེ་ལ་བཤད་པ་ཞེས་བྱ་བ་ལ་སོགས་པས་ཕྱིའི་གསུངས་པའོ། །དབུས་སུ། རང་གི་ལྷ་ཡི་གཟུགས་བསམས་ཏེ། །ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ཆོ་གར་གསུངས་
པའི་ཐབ་ཁུང་དུ་ལས་ཀྱི་རྗེས་སུ་མཐུན་པ་ཇི་ལྟ་བ་བཞིན་དུ་མེ་ལ་དགང་བླུགས་བྱིན་ནས་དེའི་དབུས་སུ་ཆོ་ག་བཞིན་དུ་ལྷ་བསྒོམས་ནས་དེའི་ཞལ་དུ་ཇི་ལྟར་བརྗོད་པའི་སྦྱིན་སྲེག་དབུལ་ཏེ་ཇི་ལྟ་བའི་ཆོ་གས་བསྲེག་པར་བྱའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་
གསུངས་པའི་ལྷའི་སྦྱོར་བས་སྦྱིན་སྲེག་བྱ་ཞེས་སོ། །གསུངས་པ་ཞེས་བྱ་བ་ནི་རྒྱུད་གཞན་དུ་སྦྱིན་སྲེག་གི་ཆོ་གས་ལྷག་མ་ཤེས་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །དེའི་ཕྱིར་གང་འདིར་མ་ཚང་བ་རྒྱུད་གཞན་དུ་གསུངས་པའི་ཆོ་གས་ཁ་བསྐང་བར་བྱའོ། །གང་དག་ཏུ་ནི་རང་ཉིད་ཀྱི། །

ལས་ཀྱི་ཆོ་ག་རྣམས་མེད་པ། །དེ་ནི་སྤྱི་ཡི་རྒྱུད་དག་ལས། །གསུངས་པའི་ཆོ་ག་མཁས་པས་བསྟན། །ཞེས་སོ། །ནང་གི་མཉམ་ཉིད་ཀྱང་། ཉོན་མོངས་རྡོ་རྗེ་ཞི་དོན་དང་། །ཏིང་འཛིན་གསོ་བར་བྱ་བའི་ཕྱིར། །རང་གི་བདག་པོའི་ལྷ་སྦྱོར་བས། ཆོག་བཞིན་ཡིད་ཀྱིས་ལོངས་སྤྱོད་བྱ། །
ཞེས་སོ། །དེ་ཡང་སྣང་བའི་རྡོ་རྗེ་འཆར་བ་ལས། །སྦྱིན་སྲེག་རྣམ་པ་བཞི་རུ་བཤད། །དུས་བཞི་དག་ཏུ་གོ་རིམས་བཞིན། །ཞི་རྒྱས་དབང་དང་མངོན་སྤྱོད་མིང་། །སྡིག་པ་གཞོམ་ཕྱིར་ཞི་བ་དང་། །རྒྱས་ལ་བསོད་ནམས་ཡོངས་སུ་བཟུང་། །དབང་ལ་ཆགས་པ་སྒོམ་པ་སྟེ། །གསོད་པ་རྟོག་པ་
ཐམས་ཅད་ཟད། །ཕུང་སོགས་བུད་ཤིང་བསྲེག་པའི་ཕྱིར། །མ་སྐྱེས་པ་ཡི་སྦྱོར་བ་ཡིས། །ཡེ་ཤེས་མེ་ནི་བྱུང་ནས་ཀྱང་། །བླ་མེད་སྦྱིན་སྲེག་ཆེན་པོ་འདི། །ཞེས་བྱའོ། །དེ་ཡང་དཔལ་བདེ་བ་དམ་པ་རྟོགས་པ་ལས། །གང་ཞིག་རྟོག་པ་མེད་པའི་སེམས། །ཐབ་ཁུང་སྒྲ་ཡིས་མཚོན་པའོ། །
དབེན་པའི་མེ་ཡི་དབུས་སུ་ནི། །གཟུགས་ལ་སོགས་པའི་ཕུང་པོ་ལྔ། །སྦྱིན་སྲེག་བྱ་སྟེ་མཐའ་དག་འདིར། །རྫས་རྣམས་སེམས་ལས་བྱུང་བ་ནི། །གཟུགས་ལ་སོགས་པ་གང་ཞིག་དངོས། །སྲེག་རྫས་སུ་ནི་རབ་ཏུ་གྲགས། །ཞེས་གསུངས་སོ། །དེའི་ཕྱིར་ཡེ་ཤེས་ཞབས་ཀྱི་ཞལ་སྔ་
ནས་ཀྱང་། ཕྱི་ཡི་སྦྱིན་སྲེག་ཆོ་གས་བསྒྲེ་བྱ་ཞིང་། །ཡིད་ཀྱི་འང་ཡིད་ཉིད་ཀྱིས་ནི་བྱ་བ་སྟེ། །ཕུང་པོའི་བུད་ཤིང་རྣམ་པར་བསྲེག་པ་ཡི། །ཡེ་ཤེས་འབར་བ་བླ་ན་མེད་པར་བཤད། །ཅེས་གསུངས་སོ། །རྣམ་པར་སྣང་མཛད་སྦྱོར་བ་ཡིས། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ།
རང་གི་སྙིང་པོས་རྣམ་པར་སྣང་མཛད་དུ་བྱས་པའི་སློབ་མ་ཡང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ་ལུས་ལ་སོགས་པ་ལ་ཡི་གེ་ཨ་དམར་པོའི་འོད་ཟེར་གྱི་ཕྲེང་བ་བསྒོམས་ནས་ཆོ་ག་བཞིན་དུ་འཇུག་པའམ་དབབ་པའོ། །དེ་བཞིན་དུ་དཀྱིལ་འཁོར་གཞན་ལ་ཡང་དཀྱིལ་འཁོར་གྱི་བདག་
པོ་བསྒོམས་ནས་ཇི་སྐད་དུ་གསུངས་པའི་ཆོ་ག་བྱའོ། །བསྒོམས་ནས་རྡོ་རྗེ་གཟུང་བར་བྱ་བ་ནི་རྡོ་རྗེ་གསུམ་གྱིས་ཁས་བླང་བར་བྱའོ། །དེའི་ཕྱིར་གསུངས་པ། བྱིན་གྱི་རླབས་ནི་རབ་ཏུ་སྩོལ། །ཞེས་བྱ་བ་ནི་འདི་སྐད་གསུངས་པ་ཡིན་ཏེ། སློབ་མ་གཞུག་པའི་ཆོ་གས་རང་ཡང་འཇུག་པར་བྱ་སྟེ།

བདེན་པ་བསྒྲགས་པ་ལ་སོགས་པ་ཇི་སྲིད་ཆོ་ག་བཞིན་དུ་རྗེས་སུ་བསྒྲུབས་ནས་ཇི་ལྟ་བ་བཞིན་དུ་སྡོམ་པ་གཟུང་བ་ལ་སོགས་པ་བྱས་པའི་སློབ་མས་མེ་ཏོག་ཐོགས་ལ་གདོང་གཡོགས་ཏེ། སྔགས་བྲིས་པ་ཡི་ཅོད་པན་བྱས་ནས་ནི། །རས་དམར་པོ་ཡི་གོས་གྱོན་རྒྱན་འཛིན་པ། །ཆོ་ག་
བཞིན་དུ་དེ་ནི་གཞུག་པར་བྱ། །དེ་ལ་དབབ་པའི་དོན་དུ་སྙིང་གར་ཡང་། །ཕྱག་མཚན་གྱི་ནི་ལྟེ་བའི་དབུས་སུ་ནི། །ལྷག་པའི་བདེ་ཆེན་པད་རག་ཁ་དོག་ཅན། །དབྱངས་ཀྱི་ཡི་གེ་ཐ་མའི་འོད་དམར་བ། །སྙོམས་ཞུགས་ལས་བྱུང་དེ་ནི་སློབ་མའི་ལུས། །དམར་བའི་འོད་ཟེར་གྱིས་ནི་མ་ལུས་
པ། །ལེགས་པར་བཙོས་པ་ཀུན་དུ་བསྒོམ་པར་བྱ། །རང་གིས་སེ་གོལ་གཏོགས་པར་བྱེད་གྱུར་པ། །ཡི་གེ་ལྔ་པོ་དེ་ཉིད་བརྗོད་པར་བྱ། །ཨ་ཁཾ་བི་ར་ཧཱུཾ་ཞེས་བྱ་བ་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་སྔགས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་སློབ་མ་ཐམས་ཅད་གཞུག་པར་
བྱའོ། །དེ་ལ་བྱང་ཆུབ་སྤྱོད་མཆོག་དང་། །གཞན་གྱི་ཐེག་པ་འམ་དགེ་བ་ཡིས། །སངས་རྒྱས་ཡེ་ཤེས་རྙེད་པ་མིན། །ཇི་ལྟར་དབང་སོགས་བྱིན་པ་ལས། །ཞེས་བྱ་བའི་ཚིག་ལས་དབང་བསྐུར་བ་ཉིད་ཀྱིས་དངོས་གྲུབ་བསྒྲུབ་པ་ལ་སྐལ་བ་དང་ལྡན་པའི་ཕྱིར་དབང་བསྐུར་བའི་ཆོ་ག་གསུངས་པ་དེ་
ལ་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའི་ཁམས་ཞེས་བྱ་བ་ནི་ནམ་མཁའ་ཐམས་ཅད་དོ། །སངས་རྒྱས་ཀུན་གྱིས་ཞེས་བྱ་བ་ནི་བུམ་པ་འཛིན་པ་རྣམས་ཀྱིས་སོ། །དེ་ལས་བྱུང་བའི་མཆོད་པའི་ཡོ་བྱད་རྣམས་ཀྱིས་ནམ་མཁའ་ཁྱབ་པར་བསྒོམས་ནས་སོ། །རྡོ་རྗེ་སྐུ་གསུམ་སྔགས་ཀྱིས་ནི། །
ཡུངས་ཀར་དག་གི་ཞེས་བྱ་བ་ནི་རྡོ་རྗེའི་འོད་ཟེར་རྣམས་ཀྱིས་དེ་རྣམས་ལ་ཇི་ལྟ་བ་བཞིན་དུ་བསྐུལ་བར་བྱའོ། །དེ་ནས་དེ་རྣམས་ལ་རང་ཉིད་ཀྱིས་དབང་སྦྱིན་པར་བྱེད་དོ། །ཡང་ན་ཞེས་བྱ་བ་ལ་ནི་ཕྱོགས་གཞན་ནོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྦྱོར་བས་
སོ། །དམ་ཚིག་མཆོག་ཅེས་བྱ་བ་ནི་སྤྱན་ལ་སོགས་པ་རྣམས་ཀྱིས་སོ། །འདི་སྐད་གསུངས་པ་ཡིན་ཏེ། རྡོ་རྗེ་འཛིན་པའི་སྦྱོར་བ་དང་ལྡན་པས་བུམ་པའི་ནང་དུ་སོང་བའི་བདེ་བར་གཤེགས་པ་རྣམས་འདོད་ཆགས་ཆེན་པོའི་མེས་ཞུ་བར་གྱུར་པ་སྤྱན་ལ་སོགས་པས་བཟུང་བར་དམིགས་ཏེ།

དེ་ཉིད་ཀྱི་སྤྱན་ལ་སོགས་པས་དབང་བསྐུར་བར་བསམ་པར་བྱའོ། །རྡོ་རྗེ་རྣམ་པར་སྣང་མཛད་བསམ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་ལ་སོགས་པ་ལ་སློབ་མའི་གཙོ་བོ་དཀྱིལ་འཁོར་གྱི་བདག་པོའི་གཟུགས་སུ་བསམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །
དགོད་པར་བྱ་ཞེས་བྱ་བ་ནི་ཡི་གེ་གསུམ་གྱིས་སོ། །དབང་བསྐུར་བའི་དུས་སུ་བླ་མས་བརྗོད་པར་བྱ་བའི་ཚིགས་བཅད་དང་། སློབ་མས་ཀྱང་གསོལ་བ་འདེབས་པའི་ཚིགས་བཅད་ནི་དེ་ལ་འདི་ཞེས་བྱ་བ་ལ་སོགས་པས་སོ་སོར་ངེས་པར་བསྟན་པར་གསུངས་སོ། །སྙིང་གར་བདག་པོ་
གཞག་པར་བྱ། །ཞེས་བྱ་བ་ནི་སློབ་མའི་སྙིང་གར་ཡེ་ཤེས་སེམས་དཔའ་བསྟེན་པར་བྱ་ཞེས་པའི་ཆོ་ག་ལ་གནས་པས་བསྒོམ་པར་བྱ་བའི་དོན་ཏོ། །སྔགས་ཀྱི་ཡི་གེའི་ཚིག་བྱིན་ལ། །ཞེས་བྱ་བ་ནི་མིག་དག་ལ་ཡི་གེ་ཨོཾ་དཀར་པོ་འོད་ཟེར་དང་བཅས་པ་རྣམ་པར་བཀོད་དེ་དམ་ཚིག་ཀྱང་
ཇི་ལྟ་བ་བཞིན་དུ་བྱིན་ལ། དཀྱིལ་འཁོར་དག་ནི་བསྟན་པར་བྱ། །ཞེས་བྱ་བ་ནི་ཇི་ལྟ་བའི་ཆོ་ག་བཞིན་མིག་དབྱེ་བ་བྱས་ནས་ཤར་ཕྱོགས་ཀྱི་སྒོ་ནས་བརྩམས་ཏེ། ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་དེ་དང་དེ་ཉེ་བར་བསྟན་པར་བྱའོ། །དམ་ཚིག་གསང་བ་
བསྒྲག་པར་བྱ། །ཞེས་བྱ་བ་ནི་གདུལ་བྱའི་སྐྱེ་བོའི་དབང་གིས་སྦས་པའི་དོན་རྫོགས་པའི་བྱང་ཆུབ་ལ་སེམས་ཅན་གདུལ་བར་བྱ་བའི་ཐབས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ་སྲོག་ཆགས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ཏེ་འདིའི་དོན་གྱི་བྱེ་བྲག་བླ་མའི་ཚིག་ལས་ཤེས་
པར་བྱའོ། །དེ་བཞིན་དུ་དབང་བསྐུར་བའི་དམ་ཚིག་དང་སྡོམ་པ་ལ་གནས་པ་དེའི་འདོད་པའི་ལྷའི་སྔགས་ལ་སོགས་པ་བྱིན་པ་གསུངས་པ། སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཀྱིས་བསྐུལ་བ་སྨྲ་བ་ཡིས། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། །རང་ཉིད་ཀྱིས་
སྔགས་བརྒྱ་རྩ་བརྒྱད་བཟླས་ནས་སློབ་མ་ལ་བྱིན་ཏེ། བཅོམ་ལྡན་བདག་གིས་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་བྱ་བ་འདིས་སྔར་གྱི་ཕྱེད་ནི་རང་གིའོ། །

ཕྱིས་ཀྱི་ཕྱེད་ནི་སློབ་མས་གདོན་པར་བྱའོ། །སྔགས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན་དང་ཞེས་བྱ་བ་ནི་སྔགས་བྱིན་པའི་སྒྲུབ་པའི་མན་ངག་སྦྱིན་པར་བྱའོ། །འདིས་ནི་བུམ་པའི་དབང་གི་ཆོ་ག་ཟུར་གྱིས་གསུངས་པའོ། །ཕྲེང་བའི་དབང་ལ་སོགས་པ་ཡང་འདི་ཉིད་ཀྱི་ནང་
དུ་གཏོགས་པར་གྱུར་པ་དཀྱིལ་འཁོར་གྱི་ཆོ་ག་ལས་བྱེ་བྲག་ཤེས་པར་བྱའོ། །རྒྱུད་འདིར་དབྱེ་བ་བཞི་གཙོར་བསྟན་པའོ། །དེ་ཡང་བཅོ་བརྒྱད་པ་ལས། དབང་གི་དབྱེ་བ་བཞི་དག་ཏུ། །རྒྱུད་འདི་ལས་ནི་རབ་ཏུ་གསུངས། །བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་ལ་ནི་གསང་བའི་
དབང་། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །དེ་ལྟར་དེ་བཞིན་བཞི་པའོ། །ཞེས་གསུངས་སོ། །གསང་བ་སྦྱིན་པ་བརྩམ་པར་བྱ། །ཞེས་བྱ་བ་ནི་སྡོམ་པ་བཟུང་བ་ལ་བུམ་པའི་དབང་བྱིན་ནས་ཇི་ལྟ་བ་བཞིན་དུ་གསང་བའི་དབང་སྦྱིན་པར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྟན་
པའི་ཕྱིར་ཟུར་གྱིས་གསུངས་པ། རྣམ་པ་འདི་བཞི་ཞེས་བྱ་བ་ལ་སོགས་པ་ལ་འདི་རྣམས་ནི་སྤྱན་ལ་སོགས་པའོ། །གསང་ཆེན་ཞེས་བྱ་བ་ནི་གདུལ་བྱ་མ་ཡིན་པའི་སྐྱེ་བོ་ལ་གསང་བའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འདི་དག་སྦས་པའོ། །རྡོ་རྗེ་ཅན་ནི་ཀུན་ཞེས་བྱ་བ་ནི་རྣམ་པར་
སྣང་མཛད་ལ་སོགས་པ་རྣམས་ཀྱིའོ། །སྔགས་ཀྱི་འཁོར་ལོ་བུད་མེད་གཟུགས། །ཞེས་བྱ་བ་ནི་བུད་མེད་ཀྱི་རྣམ་པའི་ལྷའི་ཚོགས་ཀྱིས་ཐམས་ཅད་དུ་གནས་པའོ། །སེམས་ཅན་དོན་ཕྱིར་སྤྱོད་པ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་དུ་བྱ་བས་སོ། །འདི་སྐད་གསུངས་པ་ཡིན་ཏེ། རྣམ་
པར་སྣང་མཛད་ལ་སོགས་པ་ཉིད་དེ་བཞིན་གཤེགས་པ་རྣམས་ཏེ། གདུལ་བྱ་རྣམས་བདེ་བས་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་གཞུག་པའི་དོན་དུ་སྤྱན་ལ་སོགས་པའི་གཟུགས་ཀྱིས་གནས་སོ། །དེའི་ཕྱིར་འདི་རྣམས་རང་དང་གཞན་ལ་ཕན་པའི་དོན་ཇི་ལྟ་བར་བསྟན་པར་བྱའོ། །འདིས་
གཟུངས་ཀྱི་དཀྱིལ་འཁོར་ཡང་འདིར་ཟུར་གྱིས་བསྟན་པའོ། །གཞན་དུ་ན་བུད་མེད་སངས་རྒྱས་ཉིད་དུ་མི་བྱེད་དོ་ཞེས་བྱ་བ་ཐེག་པ་གཞན་ལས་བཀག་པ་སྲིད་པའི་ཕྱིར་རོ། །རྡོ་རྗེ་འཛིན་མཆོག་གང་ཡིན་པའི། །ཞེས་བྱ་བའི་ཚིག་ལས་སྐྱེས་པའི་ལྷའི་འབྲས་བུ་དང་བཅས་པ་ཉིད་ཀྱིས་

བུད་མེད་ཀྱི་ལྷ་དཀྱིལ་འཁོར་གྱི་བདག་པོར་མ་བསྟན་པར་འགྱུར་རོ། །ཐུགས་ཀྱི་དཀྱིལ་འཁོར་ལ་སོགས་པ་བཤད་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དཀྱིལ་འཁོར་གསུངས་ཏེ། བཅུ་པར་ཡང་དེ་ལ་འདི་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་དཀྱིལ་འཁོར་གསུངས་པའོ། །བརྒྱད་པར་
དཔག་ཚད་བརྒྱའི་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་དཀྱིལ་འཁོར་གསུངས་ཏེ། དེའི་ཕྱིར་འདིར་ཡང་རྩ་བའི་རྒྱུད་ལ་སོགས་པའི་ཚུལ་གྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དཀྱིལ་འཁོར་རྣམ་པ་བཞིར་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འདི་རྒྱུད་གཞན་དང་འབྲེལ་པས་ཡོངས་སུ་རྫོགས་
པ་དང་ལྡན་པས་རྒྱུད་ཀྱི་རྒྱལ་པོ་ཡིན་ཞེས་བྱའོ། །ལ་ལ་དག་བུད་མེད་ཀྱི་གཟུགས་ཞེས་བྱ་བ་ནི་བུད་མེད་ཀྱི་སྒྲ་ལས་བཞག་སྟེ་ཨི་ཐུང་ངུར་ཀློག་པར་བྱེད་དོ། །འཁོར་ལོའི་གནས་སུ་ཡི་གེ་འཁྲུལ་པས་རྡོ་རྗེར་འདོད་དོ། །འདི་ལྟར་སྟོན་ཏེ་རྣམ་པ་འདི་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་རྣམས་
ཏེ་རྣལ་འབྱོར་པ་ཐམས་ཅད་ཀྱིས་མི་འདའ་བར་བྱ་བ་རྡོ་རྗེ་གསུམ་གྱི་རང་བཞིན་རྣམས་སོ། །སེམས་ཅན་དོན་སྤྱོད་དགོངས་ལྡན་པའོ། །ཞེས་སོ། །ཚིག་འདི་ནི་པོ་ཏི་གང་ན་གང་ཡོད་པ་མ་ཡིན་པ་དང་། སྔར་གྱི་སློབ་དཔོན་རྣམས་གང་གིས་ཀྱང་དེ་བཞིན་དུ་མ་བཤད་དོ། །དེ་ལྟར་ཡང་ཡེ་ཤེས་
ཞབས་ཀྱི་ལམ་ལ་ཞུགས་པའི་དཔལ་སྡེའི་ཞལ་སྔ་ནས། དེ་ཉིད་གསུངས་པ། སྤྱན་ལ་སོགས་པའི་ལྷ་མོ་དེ་རྣམས་ནི། །དེ་རྣམས་བཞི་པོ་རྣམས་སུ་བརྗོད་པ་ཡིན། །སྣང་མཛད་ལ་སོགས་རང་བཞིན་ཐོབ་པ་ཡིན། །རྡོ་རྗེ་བདག་པོ་ཞེས་པ་སློབ་མ་ལ། །ཤེས་རབ་ཡེ་ཤེས་དབང་གི་མཐར་
ཐུག་པ། །འདི་དག་བྱ་བ་ཆོ་ག་བཞིན་དུ་བལྟ། །ཞེས་སོ། །དཀྱིལ་འཁོར་ཐམས་ཅད་དུ་དམ་ཚིག་ངེས་པར་བྱ་བ་གསུངས་པ། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ། ཡི་གེ་ཡཾ་ལས་བྱུང་བ་རླུང་གི་དཀྱིལ་འཁོར་ལ་གནས་པའི་རཾ་ལས་སྐྱེས་པའི་མེའི་དཀྱིལ་
འཁོར་དུ་གནས་པའི་ཨའི་ཡི་གེ་ལས་བྱུང་བ་ཐོད་པའི་དབུས་སུ་བི་མུ་ར་མ་ཤུ་ཞེས་བྱ་བ་ལྔ་རྣམས་རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པ་བསྒོམས་ནས་དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བ་བར་སྣང་ལ་གནས་པའི་རྡོ་རྗེ་བསྒོམས་ནས། དེ་ལ་དེའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་

རྣམས་བཀུག་ནས་གཞུག་པར་བྱའོ། །དེ་ནས་བདུད་རྩི་བྱིན་གྱིས་བརླབ་པའི་ས་བོན་གྱི་འོད་ཟེར་རྣམས་ཀྱི་བདུད་རྩིའི་རྒྱུན་གྱིས་ཐོད་པ་དེའི་རྡོ་རྗེ་ཞུ་བར་བྱས་ནས་གཞུག་པར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་སྦར་ཏེ། ཨོཾ་གྱིས་བྱིན་གྱིས་བརླབས་པའི་ཡེ་ཤེས་ཀྱི་བདུད་རྩིར་འགྱུར་
ཏེ། ཡི་གེ་གསུམ་གྱིས་མངོན་པར་བསྔགས་པ་ལྷ་རྣམས་དང་བཅས་པ་ཉེ་བར་ལོངས་སྤྱོད་དོ། །བཤང་བ་ལ་སོགས་པ་སྦྱར་བས་ཡིད་ཆེས་པར་དཀའ་བ་ཡིད་ཆེས་པའི་དོན་དུ་གསུངས་པ། བཤང་བ་ལ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་གསང་བའི་ཚིག་དག་གིས། །ཞེས་བྱ་བ་ནི་སེམས་
བརྟན་པའི་རྣལ་འབྱོར་པས་ཆོ་གས་ལེགས་པར་སྦྱངས་པའི་བདུད་རྩི་ལྔ་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་གྱི་སངས་རྒྱས་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཡི་གེ་ཨོཾ་དཀར་པོ་འོད་ཟེར་འབར་བ་དང་བཅས་པ་བསྒོམ་པར་བྱ་སྟེ། ཇི་སྐད་དུ་གསུངས་པ་བཞིན་དུ་འགྱུར་རོ། །འདི་ཉིད་
སྒྲུབ་པ་བཤད་པ་སྒྲུབ་པ་ཞེས་བྱ་བ་ལ་སོགས་པ་ལ་དམ་ཚིག་ཆེན་པོ་རྣམས་ཡེ་ཤེས་ཀྱི་བདུད་རྩིའི་བདག་ཉིད་དུ་བསྐྱེད་པའོ། །ནན་ཏན་དུ་ནི་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་མཉམ་པར་གཞག་པའི་སེམས་ཀྱིས་སོ། །འདིའི་འབྲས་བུ་གསུངས་པ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་
ལ། སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཉིད་དོ། །སྟོབས་དང་ཞེས་བྱ་བ་ནི་ཀླུ་ཆེན་པོ་རྣམས་ཀྱི་སྟོབས་ལ་སོགས་པའོ། །བརྩོན་འགྲུས་ཞེས་བྱ་བ་ནི་དགེ་བ་བསྐྱེད་པར་སྤྲོ་བའོ། །རྡོ་རྗེ་དགུག་པའི་མཆོག་དག་ཀྱང་། །ཞེས་བྱ་བ་ནི་དངོས་གྲུབ་ལ་སོགས་པ་ཐམས་ཅད་
གྲུབ་པའོ། །དཀྱིལ་འཁོར་དག་ནི་ཐམས་ཅད་འགྲུབ། །ཅེས་བྱ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་སོགས་པ་ཡང་རྣལ་འབྱོར་པས་དམ་ཚིག་སྒྲུབ་པ་ནི་འགྲུབ་པའོ། །དཀྱིལ་འཁོར་དག་ལ་ཞེས་བྱ་བའི་ཚིག་ལ་ནི་སྒྲུབ་པའི་དཀྱིལ་འཁོར་དུ་དམ་ཚིག་བསྒྲུབ་པར་བྱའོ་ཞེས། སྒྲུབ་པའི་ཆོ་
ག་གསུངས་པ། ཁམ་ཕོར་ཁ་སྦྱར་ཞེས་བྱ་བ་ལ་ཁམ་ཕོར་ཁ་སྦྱར་གྱི་དབུས་སུ་ཐོད་པ་གནས་པར་བྱས་ནས་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ་བསྒྲུབ་པར་བྱའོ། །ནམ་མཁའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་མངག་གཞུག་པའི་སྒྲུབ་པ་གསུངས་པ། འདིའི་དོན་ནི་གང་འདོད་པའི་ལྷ་

སྦྱོར་བ་དང་ལྡན་པ་ཕྲ་མོའི་སྦྱོར་བ་བསྒོམས་པས་སེམས་བརྟན་པོར་བྱས་ནས་རང་གི་དཀྱིལ་འཁོར་ལ་གནས་པའི་མདུན་དུ་ནམ་མཁའ་ལ་ཡི་གེ་ཧྲིཿབསྒོམས་ལ་དེའི་འོད་ཟེར་གྱིས་བསྐུལ་ནས་བྱོན་པའི་དེ་བཞིན་གཤེགས་པས་ནམ་མཁའ་གང་བར་བལྟས་ཏེ། དེ་ཡང་དེར་ཐིམ་
པར་བྱས་ནས་ཨཿཁཾ་ཁ་ཞེས་བྱ་བའི་ཡི་གེ་གསུམ་བསྒོམ་པར་བྱའོ། །ལ་ལས་ནི་ཨཱ་ཁཾ་བི་ཞེས་བྱ་བར་འདོད་དོ། །དེ་ནས་ཡི་གེ་གསུམ་ལས་བྱུང་བའི་རིགས་དང་རྗེས་སུ་མཐུན་པ་གང་འདོད་པའི་ཁྲོ་བོའི་གཟུགས་སུ་བསྒོམས་ནས། གསུངས་མ་ཐག་པའི་ཡི་གེ་གསུམ་གྱིས་སྐུ་ལ་
སོགས་པ་བྱིན་གྱིས་བརླབ་པར་བྱའོ། །ལ་ལ་དག་ཀྱང་ས་བོན་གྱིས་གོ་རིམས་བཞིན་ཕྱག་ན་རྡོ་རྗེ་ལ་སོགས་པ་མངག་གཞུག་སྒྲུབ་པར་བརྗོད་དོ། །མི་བསྐྱོད་པ་ནི་རབ་ཏུ་བརྟག །ཅེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་མངག་གཞུག་གི་དབུ་ལ་ཉི་མའི་གདན་ལ་མི་བསྐྱོད་པ་བསྒོམ་པར་བྱའོ། །ལ་ལ་དག་
སྙིང་གར་ཟེར་རོ། །དེ་ལྟར་གཞན་རྣམས་ལ་ཡང་རིགས་ཀྱི་བདག་པོར་བསྒོམ་པར་བྱའོ། །དེའི་ཕྱིར་ཚེ་དཔག་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བསྐུལ་ཞེས་བྱ་བ་ནི་མངག་གཞུག་པ་བསྐྱེད་པ་ལ་བྱིན་གྱིས་བརླབ་པའི་དོན་དུ་གྲུབ་པའི་མངག་གཞུག་པ་ལ་བཀའ་བསྒོ་བ་སྦྱིན་པར་
བྱའོ། །འོད་ཆེན་སྡུག་བསྔལ་ཆེན་པོ་ཡིས། །ཞེས་བྱ་བ་ནི་སྡུག་བསྔལ་ཆེན་པོའི་རྒྱུ་རྣམས་ཀྱིས་ཏེ་རྩེ་གསུམ་ལ་སོགས་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་བསྐུལ་བ་གསུངས་པ། འདི་སྐད་གསུངས་པ་ཡིན་ཏེ། དེའི་སྙིང་གར་ཡི་གེ་ཨོཾ་བསྒོམས་
ནས་དེའི་འོད་ཟེར་ལས་བྱུང་བའི་རྩེ་གསུམ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་སྔགས་འདོན་ཅིང་ཡེ་ཤེས་པའི་སྙིང་གར་གདབ་པར་བྱའོ། །དེ་ནས་དེ་རྣམས་ཀྱིས་དེ་བྱིན་གྱིས་བརླབ་བོ། །དེས་བྱིན་གྱིས་བརླབས་པ་ལས་གྲུབ་པ་སྟེ་བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ། །གཏོང་བ་ལ་
སོགས་པའི་སྦྱོར་བ་གསུངས་པ། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་བསྐུལ་བ་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་སྦྱོར་བས་སྔ་མ་བཞིན་དུ་ཡི་གེ་ཨཱ་ལས་བྱུང་བའི་ལྕགས་ཀྱུས་ཨོཾ་ཁཾ་ཁ་ཞེས་བྱ་བ་འདོན་ཅིང་སྙིང་གར་གདབ་པོ། །དམ་ཚིག་གཏོང་བ་ཞེས་བྱ་བ་ནི།

དེ་བཞིན་གཤེགས་པའི་ཁྲོ་བོ་རྣམས་ཕྱོགས་བཅུ་རྣམས་སུ་བསྐུལ་བའོ། །དམ་ཚིག་བོད་པ་ཞེས་བྱ་བ་ནི་སྔགས་འདོན་པ་སྔོན་དུ་སོང་བས་བཀའ་བསྒོ་བ་སྟེར་བའོ། །དམ་ཚིག་བཅིང་བ་ཞེས་བྱ་བ་ནི་དམ