Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 24
Văn bản gốc(Tây Tạng)
Trang 10 / 17 (50.000 ký tự/trang)
་སླའོ། །སྡུག་ཕོངས་རྣམས་ལ་བརྩེ་བར་ལྡན། །ཞེས་བྱ་བ་ལ། སྡུག་པ་ནི་སྡུག་བསྔལ་བའོ། །ཕོངས་པ་ནི་རིགས་ལ་སོགས་པས་དམན་པའོ། །བྱཱ་ཀུ་ལི་ཞེས་བྱ་བ་ ལ་སོགས་པ་ལ། བློ་ཆུང་ཞེས་བྱ་བ་ནི་བློ་གྲོས་དམན་པའོ། །ངན་པར་སྨྲ་བ་ནི་གནས་མ་ཡིན་པར་སྨྲ་བའམ། སྐྱོན་སྒྲོགས་པ་ལ་དགའ་བའོ། །ཤེས་རབ་ཞེན་པ་ནི་གླེན་པའོ། །ལྷག་མ་ནི་བཤད་ཟིན་ཏོ། །ནོར་དང་བ་ལང་ཤིན་ཏུ་ཕྱུག །ཅེས་བྱ་བ་ནི་ནོར་རྣམས་དང་བ་ལང་ རྣམས་མང་བའོ། །ཁྱིམ་ན་ཆུང་མ་གསུམ་ལ་སོགས། །ཞེས་བྱ་བ་ནི་ཁྱིམ་གཅིག་ན་ཆུང་མ་གསུམ་ལས་མི་ཉུང་བར་ཡོད་པའོ། །ལྷག་མ་ནི་གོ་སླའོ། །ལྷན་ཅིག་ཚོང་གི་རྒྱུ་ཡིས་འཆི། །ཞེས་བྱ་བ་ལ། ལྷན་ཅིག་ཅེས་བྱ་བ་ནི་ནོར་རྣམས་དང་ལྷན་ཅིག་ཏུ་སྟེ། ནོར་དང་ བཅས་པར་བརླག་པར་འགྱུར་བའོ། །ཚོང་གི་རྒྱུ་ཡིས་འཆི་ཞེས་བྱ་བ་ནི་ཚོང་ས་ཉིད་དུ་འཆི་བའམ། ནོར་དོན་དུ་གཉེར་བའི་རྒྱུ་མཚན་ཉིད་ཀྱིས་འཆི་བའོ། །སྦྱོར་བ་བརྩམ་པའི་མཚན་མ་ལ། །ཡེ་ཤེས་ཅན་གྱིས་བགྲང་བར་བྱ། །ཞེས་བྱ་བ་ལ་སྦྱོར་བ་ཞེས་བྱ་བ་ནི་རོ་ཧི་ཏ་ལ་སོགས་ པའི་དུས་ཚོད་དོ། །མཚན་མ་ནི་ཇི་ལྟར་བསྟན་པ་བཞིན་དུ་བྲིས་པའོ། །གང་དུ་ཤེས་པར་བྱ་ཞེ་ན། བགྲང་བར་བྱ་ཞེས་པ་གསུངས་ཏེ་རེའུ་མིག་བཅུ་གཉིས་བྲིས་པའི་གནས་སུའོ། །སྭབྣ་ཞེས་བྱ་བ་ལ་སོགས་པ་ལ། མགོན་མེད་རྣམས་ཀྱི་རྩ་ལག་སྟེ། ཞེས་པ་ནི་ཕ་མ་ལ་སོགས་ པ་མེད་པ་རྣམས་ལ་དེའི་བྱ་བ་བྱེད་པའོ། །ལྷག་མ་ནི་གོ་སླའོ། །བདག་ཉིད་སེང་གེར་སེམས་པ་དང་། །ཞེས་བྱ་བ་ནི་བདག་ལས་བཟང་བ་གཞན་སུ་ཡང་ཡོད་པ་མ་ཡིན་ཏེ། བདག་འབའ་ཞིག་བཟང་པོ་སྙམ་པའི་ཁེངས་སེམས་ཡོད་པའོ། །ལྷག་མ་ནི་གོ་སླའོ། །གཞན་ ལས་བརྟེན་པས་འཚོ་བ་དང་། །ཞེས་བྱ་བ་ནི་རྒྱལ་པོའི་འཁོར་ལ་སོགས་པའི་ལས་ཀྱིས་འཚོ་བའོ། །ལྷག་མ་ནི་གོ་སླའོ། །ཀ་མ་ཞེས་བྱ་བ་ལ་སོགས་པ་ལ། ནོར་དང་འབྲུ་དང་གྲོང་དང་ནི། །ཕྱུགས་དང་རྟ་སོགས་བཞོན་པར་ལྡན། །ཞེས་བྱ་བ་ནི་གསེར་ལ་སོགས་ པའི་ནོར་རྣམས་དང་། །སཱ་ལུ་ལ་སོགས་པ་འབྲུའི་ཕུང་པོ་ལ་སྤྱོད་ཅིང་། གྲོང་ཁྱེར་བ་རྣམས་ཀྱི་དཔོན་པོར་བསྟབས་ནས། ཕྱུགས་ལ་སོགས་པ་མང་དུ་བསྟེན་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་གོ་སླའོ། །ད་ནི་རེའུ་མིག་བཅུ་གཉིས་སུ་བཀོད་པའི་ཉེ་བར་བསྡུ་བ་གསུངས་པ། སྦྱོར་ བའི་མཚན་མ་བསྟན་པ་རྣམས། །ངས་བཤད་པ་ལ་ཐེ་ཚོམ་མེད། །ཅེས་བྱ་བ་ལ། སྦྱོར་བ་ནི་རོ་ཧི་ཏ་ལ་སོགས་པའོ། །མཚན་མ་ནི་མཚོན་པར་བྱ་བ་སྟེ། རིམ་པ་དེ་དང་དེས་ཤེས་པར་བྱའོ། །ངས་བཤད་པ་ལ་ཐེ་ཚོམ་མེད། །ཅེས་བྱ་བ་ནི། ངས་ཇི་ལྟར་གསུངས་པའི་ ཚིག་ལ་ཡིད་གཉིས་མ་བྱེད་ཅིག་ཅེས་རྡོ་རྗེ་འཛིན་པའི་བཀའ་ལུང་ངོ་། །ད་ནི་སྐར་མ་ལ་སོགས་པ་མི་གསལ་བ་རྣམས་མཚན་ཉིད་ཀྱི་སྒོ་ནས་ཤེས་པར་བྱ་བའི་ཕྱིར། རོ་ཧི་ཏ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རོ་ཧི་ཏ་ཞེས་བྱ་བ་ནི། རོ་ཧི་ཏ་ལ་སྐྱེས་པའི་མིའོ། །ནི་ཞེས་བྱ་བ་ནི་ ངེས་པར་གཟུང་བ་སྟེ། ལྷ་ལ་མཆོད་པར་བྱེད་པར་རོ། །དེས་ནི་འདི་སྐད་དུ། རོ་ཧི་ཏ་ལ་སྐྱེས་པའི་མི་ནི་བྱིས་པ་ནས་བཟུང་སྟེ་ངེས་པར་ལྷ་མཆོད་པར་འགྱུར་བའོ་ཞེས་སྟོན་ཏོ། །མོ་ཧི་ཏ་ལ་ཞེས་བྱ་བ་ནི་མོ་ཧི་ཏ་ལ་སྐྱེས་པའི་མིའོ། །ནོར་ལ་བརྐམ་ཞེས་བྱ་བ་ནི་ནོར་ལ་སྲེད་ཅིང་ནོར་ རྙེད་པར་འགྱུར་བའོ། །བྷ་དྲ་ཁ་ཟས་བཟང་པོ་ཟ། །ཞེས་བྱ་བ་ནི་བྷ་དྲ་ལས་སྐྱེས་པའི་མིའི་རང་བཞིན་ངེས་པར་ཟས་བཟང་པོ་རྙེད་པར་འགྱུར་བའོ། །བྲྀ་ཥ་བྷ་ལ་མང་དུ་ཁྲོ། །ཞེས་བྱ་བ་ནི་བྲྀ་ཥ་བྷ་ལ་སྐྱེས་པའི་རང་བཞིན་ངེས་པ་ནི་ལྷག་པར་ཁྲོ་བ་ཞེས་པའི་དོན་ཏོ། །ཀུར་མ་ཞེས་ བྱ་བ་ལ་སོགས་པ་ནི་གོ་སླའོ། །འབྲེལ་པར་སྨྲ་ཞེས་བྱ་བ་ནི་མང་དུ་སྨྲ་བའོ། །རཎྜ་ལ་ནི་སྡིག་སེམས་ཅན། །མི་ཀི་ར་ནི་འཁྲིག་ལ་བརྟེན། །ཞེས་བྱ་བ་ཡང་གོ་སླའོ། །བི་དྲི་ཀ་ནི་གཉིད་ལོག་ཅིང་། །ཞེས་བྱ་བ་ནི། བི་དྲི་ཀ་ལ་སྐྱེས་པའི་མིའི་རང་བཞིན་ནི་གཉིད་ཆེ་བའོ། ། བྱཱ་ཀུ་ལི་ནི་བླ་རྡོལ་ལོ། །ཞེས་བྱ་བ་ནི། བྱཱ་ཀུ་ལི་ལས་སྐྱེས་པའི་མིའི་རང་བཞིན་ནི་གཉིད་ལོག་ཙམ་ན་བླ་རྡོལ་དུ་སྨྲ་བའོ། །སྭ་བྣ་ལ་རང་ཉིད་སེམས། །ཞེས་བྱ་བ་ནི་སེམས་པ་ལ་དགའ་བའི་བདག་ཉིད་དོ། །ཀ་མ་ཞེས་བྱ་བ་ལ་སོགས་པ་ལ། ཀ་མ་ལ་སྐྱེས་པའི་མིའི་ རང་བཞིན་ནི་གླུ་ལ་སོགས་པའི་རོལ་མོ་ལ་དགའ་བའོ། །དེ་ལ་ལུག་གི་ཆུ་ཚོད་གསུམ་ལ། ཐ་སྐར་དང་། བྲ་ཉེ་དང་སྨིན་དྲུག་གི་བཞི་ཆ་གཅིག་སྟེ་དགུའོ། །དེའི་འོག་ཏུ་ཁྱུ་མཆོག་གི་ཆུ་ཚོད་བཞི་ལ། སྨིན་དྲུག་གི་བཞི་ཆ་གསུམ་དང་། སྣར་ མ་དང་མགོའི་ཕྱེད་དོ། །དེའི་འོག་ཏུ་འཁྲིག་པའི་ཆུ་ཚོད་ལྔ་ལ། མགོའི་ཕྱེད་དང་ལག་དང་ནབ་སོའི་བཞི་ཆ་གསུམ་མོ། །དེའི་འོག་ཏུ་ཀརྐ་ཊའི་ཆུ་ཚོད་དེ་དང་འདྲ་བ་ལ། ནབ་སོའི་བཞི་ཆ་གཅིག་དང་། རྒྱལ་དང་། སྐག་གོ། །དེའི་འོག་ཏུ་སེང་གེའི་ཆུ་ཚོད་བཞི་ལ། མཆུ་དང་གྲེ་དང་དབོའི་བཞི་ཆ་གཅིག་གོ། །དེའི་འོག་ཏུ་བུ་མོའི་ཆུ་ཚོད་གསུམ་ལ་དབོའི་བཞི་ཆ་གསུམ་དང་། མེ་བཞི་དང་། ནག་པའི་ཕྱེད་དོ། །དེའི་འོག་ཏུ་སྲང་གི་ཆུ་ཚོད་ལྔ་ལ། ནག་པའི་ཕྱེད་དང་། ས་ག་དང་། ས་རེའི་བཞི་ཆ་གསུམ་མོ། །དེའི་འོག་ཏུ་སྡིག་པའི་ཆུ་ ཚོད་བདུན་ལ། ས་གའི་བཞི་ཆ་གཅིག་དང་། ལྷ་མཚམས་དང་། སྣྲོན་ནོ། །དེའི་འོག་ཏུ་གཞུའི་ཆུ་ཚོད་དྲུག་ལ། སྣྲུབས་དང་ཆུ་སྟོད་དང་། ཆུ་སྨད་ཀྱི་བཞི་ཆ་གཅིག་གོ། །དེའི་འོག་ཏུ་ཆུ་སྲིན་གྱི་ཆུ་ཚོད་དེ་འདྲ་བ་ལ། ཆུ་སྨད་ཀྱི་བཞི་ཆ་གསུམ་དང་། གྲོ་བཞིན་དང་ མོན་གྲུའི་ཕྱེད་དོ། །དེའི་འོག་ཏུ་བུམ་པའི་ཆུ་ཚོད་བདུན་ལ། མོན་གྲུའི་ཕྱེད་དང་། མོན་གྲེ་དང་། ཁྲུམས་སྟོད་ཀྱི་ཆ་གསུམ་མོ། །དེ་ནས་ཉའི་ཆུ་ཚོད་ལྔ་ལ། ཁྲུམས་སྟོད་ཀྱི་ཆ་གཅིག་དང་། ཁྲུམས་སྨད་དང་། ནམ་གྲུའོ། །དེ་ལྟར་ན་ལུག་ལ་སོགས་པའི་ཉི་མ་རྣམས་ནི་ སྐར་མ་གསུམ་གསུམ་ལ་ལོངས་སྤྱོད་པར་བལྟའི་རེ་རེར་མ་ཡིན་ནོ། །རོ་ཧི་ཏ་ལ་སོགས་པའི་སྒྲས་བརྗོད་པའི་ཆུ་ཚོད་གསུམ་ལ་སོགས་པའི་སྦྱོར་བ་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་ཞི་བ་ལ་སོགས་པའི་ལས་རྣམས་བྱའོ་ཞེས་བསྟན་པའི་ཕྱིར། རོ་ཧི་ཏ་ལ་ཞི་བའི་ལས། །ཞེས་བྱ་ བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ར་ཡི་ཁྱུ་མཆོག་གྲུབ་པ་སྟེ། །བདུད་རྩི་སྦྱོར་བ་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། ར་ནི་རྭ་ཅན་ནོ། །ཁྱུ་མཆོག་ནི་གཙོ་བོ་སྟེ། རོ་ཧི་ཏ་དང་མ་ཀ་ར་དང་རཎྜ་དང་མི་ཀི་ར་རྣམས་སོ། །དེ་དག་ནི་བྷ་དྲཱ་ལ་སོགས་པའི་རྭ་ལས་ལྟོས་ན་ཁྱུ་མཆོག་ ཡིན་ནོ། །གྲུབ་པ་ཞེས་བྱ་བ་ནི་བྱར་མེད་པ་སྟེ་ཤི་ཟིན་པ་དང་འདྲ་བའོ། །བྱར་མེད་པ་ཉིད་བསྟན་པའི་ཕྱིར། །བདུད་རྩིའི་སྦྱོར་བ་སྐྱེ་བར་འགྱུར། །ཞེས་བྱ་བ་སྨོས་སོ། །ཡང་ན་བསྟིང་བའི་ཚིག་གོ། །འཁོར་ལོ་བྲི་བའི་དུས་ལ་སོགས་པའི་ངེས་པ་བསྟན་པའི་ཕྱིར། །ཤར་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤར་ཕྱོགས་ཀྱི་རེའུ་ཆ་ལ་རོ་ཧི་ཏ་བཀོད་ལ། སོགས་ཀྱིས་ནི་དབང་ལྡན་གྱི་རེའུ་ཆ་ལ་སོགས་པར་མོ་ཧི་ཏ་ལ་སོགས་པ་དགོད་པར་བྱ་བའི་དོན་ཏེ། །སྔ་དྲོ་ནི་ཐོ་རངས་ཀྱི་དུས་སུའོ། །བརྩི་བ་ནི་བགྲང་བར་བྱའོ། །རོ་ཧི་ཏ་ལ་ནོར་བཏང་ན། །ཞེས་བྱ་ བའི་བསྟན་པ་བཤད་པའི་ཕྱིར། རོ་ཧི་ཏ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རོ་ཧི་ཏ་ལ་བཏང་བའི་ནོར་གལ་ཏེ་ལྡོག་པ་ན། ཕྱུག་ཅིང་རྒྱགས་པ་ཉིད་ཀྱང་ལྡོག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མོ་ཧི་ཏའི་ཡང་། གལ་ཏེ་ཅུང་ཟད་ནོར་གཏོང་ན། །ཞེས་བྱ་བ་ལ་སོགས་པའི་བསྟན་ པ་བཤད་པའི་ཕྱིར། མོ་ཧི་ཏ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མོ་ཧི་ཏ་ལ་ནོར་སྡུད་པ་ནི་གཞན་གྱིས་དགག་པ་སྟེ། གནོད་པར་བྱ་བར་མི་ནུས་པའོ། །བྷ་དྲཱ་ལ་ནི་ཁྱིམ་བརྩམས་ན། །དཔལ་དང་ཡང་དག་ཕྲད་པར་འགྱུར། །ཞེས་བྱ་བ་ནི་བྷ་དྲཱའི་སྦྱོར་བ་ལ་ཁྱིམ་བརྩིགས་ན་ དཔལ་དང་ལྡན་པར་འགྱུར་བའོ། །བྲྀ་ཥ་ལྷ་ཡི་རྣལ་འབྱོར་གྱིས། །སྔགས་ནི་ཀུན་དུ་གྲུབ་པར་འགྱུར། །ཞེས་བྱ་བ་ལ། བྲྀ་ཥའི་སྦྱོར་བ་ལ་ལྷ་སྟེ་སྟོན་པའི་སྐུ་གཟུགས་ལ་སོགས་པ་བརྩམས་པ་དང་། སྔགས་ཏེ་སྟོན་པའི་སྔགས་བཟླས་པ་བརྩམས་ན་ཀུན་དུ་སྟེ་ཀུན་ནས་ཡང་ དག་པར་འགྲུབ་པར་འགྱུར་བའོ། ཀུརྨའི་སྦྱོར་བས་བག་མ་བླང་། །ཐམས་ཅད་དུ་ནི་འབྲལ་མི་འགྱུར། །ཞེས་བྱ་བ་ལ། ཀུརྨའི་སྦྱོར་བ་སྟེ། དུས་ཚོད་ལ་བག་མ་བླངས་ན། དུས་ཐམས་ཅད་དུ་དགའ་ཞིང་མཛའ་ལ་མི་འབྲལ་བར་འགྱུར་བའོ། །མ་ཀ་ར་ལ་ཞིང་བཏབ་ན། །གདོན་ མི་ཟ་བར་འབྲུ་རྣམས་འཕེལ། །ཞེས་བྱ་བ་ནི། མ་ཀ་རའི་སྦྱོར་བ་ལ་ས་བོན་གདབ་པ་བརྩམས་ན་འབྲུ་རྣམས་འཕེལ་ཞིང་སྨིན་པར་འགྱུར་བའོ། །རཎྜར་བུད་མེད་བགྲོད་བྱས་ན། །ཤི་བར་འགྱུར་ཀྱང་མི་གཏོང་ངོ་། །ཞེས་བྱ་བ་ནི་རཎྜའི་སྦྱོར་བ་ལ་བུད་མེད་དང་ཆགས་པ་སྤྱད་ན་བུད་མེད་དེ་ སྐྱེ་བ་གཞན་དུ་ཡང་དེ་ཡིར་འགྱུར་བའོ། །མི་ཀི་ར་ལ་ཚོང་བྱས་ན། །གཏམས་པ་ད་ལྟ་ལེན་པར་སྣང་། །ཞེས་བྱ་བ་ནི་མི་ཀི་རའི་སྦྱོར་བ་ལ་ཚོང་བྱས་པས་ཐོབ་པའི་ནོར་ནི་སྐྱེ་བ་སྔ་མ་ལ་སོགས་པ་ལ་གཞག་པའི་ནོར་ལེན་པ་ལྟར་སྣང་བར་འགྱུར་རོ། །རྟག་ཏུ་བརྟན་པར་གཞག་ བྱ་བའི། །ལ་སོགས་བྷི་ཏྲི་ཀ་ལ་གཟུང་། །ཞེས་བྱ་བ་ནི་བྷི་ཏྲི་ཀའི་སྦྱོར་བ་ལ་གང་གཟུང་བ་དེ་ཡུན་རིང་དུ་གནས་པར་འགྱུར་བའོ་ཞེས་བྱ་བའི་དོན་ཏོ། །བྱ་གུ་ལི་ལ་མགྲོན་ཞུགས་ན། །འཚེ་བ་མེད་པར་གནས་སུ་ཕྱིན། །ཞེས་བྱ་བ་ནི། བྱ་ཀུ་ལིའི་སྦྱོར་བ་ལ། ཡུལ་མཐའ་འཁོབ་ཏུ་མགྲོན་ལམ་དུ་ཞུགས་ན་ ནད་དང་ཆོམ་པོ་ལ་སོགས་པའི་འཚེ་བ་མེད་པར་དེར་གནས་སུ་ཕྱིན་པའོ། །སྭཔྣས་ཐམས་ཅད་ཀུན་དུ་ནི། །ངེས་པར་རྟག་ཏུ་མངོན་པར་འོང་། །ཞེས་བྱ་བ་ནི་སྭཔྣའི་སྦྱོར་བ་ལ་གང་ཞིག་འགྲོ་བ་དེ་སླར་ཡང་ལྡོག་པར་འགྱུར་བའོ། །ཀ་མ་ལ་ནི་ནོར་བཏང་ན། །བཏང་བ་སླར་ལ་ ལྡོག་མི་འགྱུར། །ཞེས་བྱ་བ་ནི་གོ་སླའོ། །ཀླུ་རྣམས་ལ་ཡང་རོ་ཧི་ཏ་ལ་སོགས་པའི་སྒྲས་བརྗོད་པར་བསྟན་པའི་ཕྱིར། །རོ་ཧི་ཏ་ནི་ནོར་རྒྱས་བུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །འདི་དག་དུག་སྦྱོར་རིམ་པ་བཞིན། །བྱེ་བྲག་ཏུ་ནི་ཤེས་པར་བྱ། །ཞེས་བྱ་བ་ལ། སྦྱོར་བ་ཞེས་བྱ་བ་ནི་རོ་ཧི་ཏ་ལ་སོགས་པའོ། །དུག་གི་རིམ་པ་ཞེས་བྱ་བ་ཉིད་འདི་དག་ཅེས་བྱ་བ་སྟེ། ནོར་རྒྱས་ལ་སོགས་པའོ། །བྱེ་བྲག་ཏུ་ནི་ཤེས་པར་བྱ། །ཞེས་བྱ་བ་ནི་དེ་དག་སྦྱར་ཏེ། སོ་སོར་ཤེས་པར་བྱ་བའམ། གསོར་རུང་བ་དང་མི་རུང་བའི་བྱེ་བྲག་ཤེས་པར་བྱ་བའོ། ། དེ་ཉིད་ཀྱི་ཕྱིར་གསུངས་པ། རྭའི་ཁྱུ་མཆོག་ཅེས་བྱ་བ་ལ་སོགས་པ་དེ་བཤད་ཟིན་ཏོ། །གང་གིས་མཆེ་བས་མངོན་ཟིན་པ། །ཞེས་བྱ་བ་ནི་ཀླུ་གང་གིས་མཆེ་བས་ཟིན་པའི་སེམས་ཅན་ཏེ། དུག་སྦྱོར་རིམ་བཞིན་ཤེས་པར་བྱ། །ཞེས་བྱ་བ་སྔ་མ་དང་འབྲེལ་ལོ། །འཆི་བདག་དང་ནི་ ཕྲད་གྱུར་པའོ། །ཞེས་བྱ་བ་ནི་འོག་ནས་འབྱུང་བའི་ཚུལ་གྱིས་དུས་ལ་བབ་པ་དང་མ་བབ་པ་ཤེས་པར་བྱས་ལ། གལ་ཏེ་དུས་ལ་བབ་པའི་ཚེ་མཆེ་བ་བཞིས་ཟིན་ན་དེའི་ཚེ་སླར་ལྡོག་གོ་ཞེས་པའི་དོན་ཏོ། །དུག་བསྡུ་བ་ཡི་སྦྱོར་བ་དག །གཞན་ལ་དུག་ནི་སྦྱར་བར་བྱ། །ཞེས་བྱ་བ་ལ། གཞན་ལ་དུག་ནི་སྦྱར་བར་ཞེས་བྱ་བ་ནི་དུས་ལ་མ་བབ་པའི་སྦྱོར་བའི་དུག་རྣམས་ལའོ། །དུག་བསྡུ་བ་ཡི་སྦྱོར་བ་དག །ཅེས་བྱ་བ་ནི་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །འོག་ནས་འབྱུང་བའི་སྦྱོར་བས་འཆི་བའི་དུས་ལ་མ་བབ་པའི་མཆེ་བ་བརྒྱད་ཀྱིས་ཟིན་པ་འཕྲོག་པ་སྟེ། ཕོ་ཉ་ དང་། གཟུང་བའི་གནས་དང་། ཚེས་དང་། སྐར་མ་དང་། དུས་ཚོད་རྣམས་ལས་དུས་ལ་བབ་པ་དང་མ་བབ་པར་ཤེས་པར་བྱས་ལ་སྦྱར་རོ་ཞེས་པའི་དོན་ཏོ། །ད་ནི་ཟླ་བ་རྣམས་ཀྱི་ཉིན་ཞག་གི་ཆུ་ཚོད་ཀྱི་གྲངས་ངེས་པ་བསྟན་པར་བྱ་བའི་ཕྱིར། དུས་ཀྱི་མཚན་མ་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། དུས་ཀྱི་མཚན་མ་ཇི་བཞིན་དུ། །གོ་རིམས་རིམ་པ་བཞིན་དུ་བྱ། །ཞེས་བྱ་བ་ནི་རེའུ་མིག་བཅུ་གཉིས་ལ། དཔྱིད་ཟླ་འབྲིང་པོ་ལ་སོགས་པའི་ཟླ་བ་རྣམས་གཡོན་སྐོར་གྱིས་རེའུ་མིག་གང་དང་གང་ཡིན་པར་ཟླ་བ་དེ་དང་དེའི་མཚན་མ་བྲིས་ལ་བརྩིའོ་ཞེས་བྱ་བའི་ དོན་ཏོ། །དཔྱིད་ཟླ་འབྲིང་སོགས་རིམ་བཞིན་དུ། །ཞེས་བྱ་བ་ནི་ཉི་མ་བྱང་དུ་འགྲོ་བ་ན། དཔྱིད་ཟླ་འབྲིང་པོའི་གནམ་སྟོང་ནས་བཟུང་ནས་བརྩམ་པར་བྱའོ། །འགྲོ་བའི་ཚེ་ཞེས་བྱ་བ་ནི་འགྲོ་བའི་དུས་སོ། །བྱང་དུ་ཞེས་བྱ་བ་ནི་ལྷོར་འགྲོ་བ་དང་། བྱང་དུ་འགྲོ་བ་གཉིས་ལས་ལོའི་ རྩོམ་པ་ཡིན་པའི་ཕྱིར་བྱང་དུ་འགྲོ་བ་གཙོ་བོ་ཉིད་དུ་བསྟན་པའི་ཕྱིར་རོ། །ཇི་ལྟའི་དུས་བཞིན་མཚན་མ་ནི། །རིམ་གྱིས་རིམ་གྱིས་སྦྱར་བར་བྱ། །ཞེས་བྱ་བ་ནི་ཟླ་བ་གང་དང་གང་གི་ཉི་མ་དེ་དང་དེར་རེའུ་མིག་བཅུ་གཉིས་ལ། ཕྱི་རོལ་གྱི་རྩིས་ཀྱིས་བགྲང་བའི་རིམ་བཞིན་ཤེས་པར་བྱའོ། ། ཉིན་མོའི་ཆུ་ཚོད་སོ་སོར་ནི། །མཁས་པས་བཅུ་གཉིས་བཞིར་བསྒྱུར་བྱ། །མཚན་མོ་དྲུག་དང་བཅུ་གསུམ་བསྒྱུར། །ཆུ་ཚོད་མཁས་པས་བརྩམ་པར་བྱ། །ཞེས་བྱ་བ་ལ། ཉི་མ་བྱང་དུ་འགྲོ་བའི་ཚེ་གནམ་སྟོང་ནས་བཟུང་སྟེ། དཔྱིད་ཟླ་འབྲིང་པོའི་ཉི་མ་སོ་སོ་ལ་ཉི་མ་བཅུ་གཉིས་ སུ་བསྒྱུར་བ་སྟེ། ཉི་མ་ཉི་ཤུ་དང་ཡང་བཞི་བཞི་སྟེ། །ཆུ་ཚོད་ཉི་ཤུ་རྩ་བཞིའོ། །མཁས་པས་ཞེས་བྱ་བ་ནི་བརྩམ་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །མཚན་མོ་ཞེས་བྱ་བ་འདིར་ཡང་སོ་སོ་ཞེས་བྱ་བ་འདི་དང་སྦྱར་ཏེ། བཅུ་གསུམ་བསྒྱུར་ཞེས་བྱ་བ་ནི་བཅུ་ཕྲག་གསུམ་དུ་བསྒྱུར་བ་སྟེ་སུམ་ཅུའོ། ། དྲུག་ཅེས་བྱ་བ་ནི་གཞན་དྲུག་སྟེ། དེ་ལྟར་ན་ཆུ་ཚོད་སུམ་ཅུ་རྩ་དྲུག་གོ། །དེ་ལྟར་ཐམས་ཅད་དུ་སྦྱར་ཞིང་རྫོགས་པར་བྱའོ། །འདིའི་བསྡུས་པའི་དོན་ནི་དཔྱིད་ཟླ་འབྲིང་པོའི་ཉིན་མོ་རྣམས་ལ་ནི་ཆུ་ཚོད་ཉི་ཤུ་རྩ་བཞི་ཡིན་ལ་མཚན་མོ་རྣམས་ལ་ནི་ཆུ་ཚོད་སུམ་ཅུ་རྩ་དྲུག་ཡིན་ནོ་ཞེས་བྱ་ བ་འདི་ཡིན་ནོ། །རེའུ་མིག་དང་པོར་སོན་པའི་ཟླ་བའི་བསྟན་ནས། རེའུ་མིག་གཉིས་པའི་ཟླ་བའི་ཡང་བསྟན་པའི་ཕྱིར། རེའུ་མིག་དག་ནི་གཉིས་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེའུ་མིག་གཉིས་པ་ལ་ཞེས་བྱ་བ་ནི་རེའུ་མིག་གཉིས་པར་སོན་པའི་དཔྱིད་ཟླ་ཐ་ཆུངས་ཀྱིའོ། །ཉིན་མོ་ ཞེས་བྱ་བ་ནི་ཉི་མའི་ཆ་ལའོ། །དྲུག་དང་བཅུ་གཉིས་བསྒྱུར་ཞེས་བྱ་བ་ནི། ཉི་ཤུ་རྩ་དྲུག་གོ། །མཚན་མོ་ཞེས་བྱ་བ་ནི་མཚན་མོའི་ཆ་ལའོ། །བཞི་དང་བཅུ་གསུམ་བསྒྱུར་བ་ཞེས་བྱ་བ་ནི་སུམ་ཅུ་རྩ་བཞིའོ། །དབྱར་ཟླ་ར་བའི་བསྟན་པའི་ཕྱིར་གསུངས་པ། བརྒྱད་དང་ཞེས་བྱ་བ་ལ་སོགས་པ་ལ། བརྒྱད་དང་བཅུ་གཉིས་བསྒྱུར་བ་དག །ཅེས་བྱ་བ་ཉི་ཤུ་རྩ་བརྒྱད་དོ། །ཉིན་མོ་ཞེས་བྱ་བ་ནི་ཆུ་ཚོད་ཅེས་བྱ་བ་དང་སྦྱར་རོ། །གཉིས་དང་བཅུ་གསུམ་བསྒྱུར་བ་ཞེས་བྱ་བ་ནི་སུམ་ཅུ་རྩ་གཉིས་སོ། །ཆུ་ཚོད་སུམ་ཅུ་ཐམ་པ་ནི། །དབུས་ཀྱི་བི་ཤུ་གཉི་གར་སྦྱར། །ཞེས་བྱ་བ་ལ། དབུས་ཞེས་བྱ་ བ་ནི་ཟླ་བ་དྲུག་པོ་རྣམས་ཀྱི་དབུས་མའོ། །གཉི་ག་ཞེས་བྱ་བ་ནི་ཉིན་མཚན་གཉི་གའི་ཆ་ལ་སྟེ། ཉིན་མཚན་ཆ་གཉི་ག་ལ་ཆུ་ཚོད་སུམ་ཅུ་སུམ་ཅུ་མཉམ་པར་སྦྱར་བ་འདི་ནི་བི་ཤུ་ཞེས་བྱ་བར་སྦྱར་ཏེ། དབྱར་ཟླ་འབྲིང་པོའིའོ། །དབྱར་ཟླ་ཐ་ཆུངས་ཀྱི་གསུངས་པ། །གཉིས་མཐའ་བཅུ་ནི་ གསུམ་པ་དག །ཉིན་མོའི་ཆུ་ཚོད་ཅེས་པ་སྟེ། །བརྒྱད་དང་བཅུ་ནི་གཉིས་པོ་དག །དེ་ཡི་མཚན་མོའི་མཚན་མར་བྱ། །ཞེས་བྱ་བ་ལ། གཉིས་མཐའ་ཞེས་བྱ་བ་ནི་འདིར་གཉིས་ཉིད་མཐའོ། །གང་གི་ཞེ་ན། བཅུ་ནི་གསུམ་པ་དག་ཅེས་བྱ་སྟེ་སུམ་ཅུ་ཐམ་པའོ། །བརྒྱད་དང་བཅུ་ ནི་གཉིས་པོ་དག །ཅེས་བྱ་བ་ནི་ཉི་ཤུ་རྩ་བརྒྱད་དེ་མཚན་མོའི་ཆུ་ཚོད་ཅེས་བྱ་བའི་དོན་ཏོ། །སྟོན་ཟླ་ར་བའི་བསྟན་པའི་ཕྱིར་གསུངས་པ། བཞི་དང་ཞེས་བྱ་བ་ལ་སོགས་པ་ལ། བཞི་དང་བཅུ་གསུམ་ནི་སུམ་ཅུ་རྩ་བཞི་སྟེ། ཟླ་བ་དེའི་ཉིན་མོའི་ཆུ་ཚོད་དོ། །དྲུག་དང་བཅུ་ནི་གཉིས་ བསྒྱུར་བ། །ཞེས་པ་ནི་ཉི་ཤུ་རྩ་དྲུག་གོ། །སྟོན་ཟླ་འབྲིང་པོའི་གསུངས་པ་དྲུག་དང་ཞེས་བྱ་བ་ལ་སོགས་པ་ལ། དྲུག་དང་བཅུ་ནི་གསུམ་བསྒྱུར་བ། །ཞེས་བྱ་བ་ནི་སུམ་ཅུ་རྩ་དྲུག་གོ། །བཞི་དང་བཅུ་ནི་གཉིས་བསྒྱུར་བ། །ཞེས་བྱ་བ་ནི་ཉི་ཤུ་རྩ་བཞིའོ། །ལྷག་མ་ནི་གོ་སླའོ། །བྱང་ དུ་བགྲོད་པ་བཤད་ནས་ནི། །དེ་བཞིན་གཞན་གྱི་དུས་ཞེས་བྱ། །ཞེས་བྱ་བ་ལ། དཔྱིད་ཟླ་འབྲིང་པོའི་གནམ་སྟོང་ནས་བཟུང་ནས། ཉིན་ཞག་སུམ་ཅུ་ཞིང་ཟླ་བར་བྱས་པའི་ཟླ་བ་དྲུག་ཏུ་བྱང་དུ་འགྲོ་བ་བསྟན་ནས། ད་ནི་སྟོན་ཟླ་འབྲིང་པོའི་གནམ་སྟོང་ནས་བརྩམས་ནས། ཟླ་བ་དྲུག་ཏུ་ ནི་ཉི་མ་ལྷོར་འགྲོ་བར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྟོན་ཟླ་ཐ་ཆུངས་ཀྱི་གསུངས་པ་བཞི་དང་བཅུ་ནི་གསུམ་བསྒྱུར་ཞེས་བྱ་བ་ལ་སོགས་པ་ལ། གསུམ་ཞེས་བྱ་བ་ནི་བཅུ་ཞེས་པའི་ལྷག་མའོ། །དེས་ནི་སུམ་ཅུར་བསྒྱུར་བ་ཡིན་ལ། གཞན་བཞི་དང་སྦྱར་བས་སུམ་ཅུ་རྩ་བཞིར་ འགྱུར་རོ། །ཉིན་མོ་ནི་ཟླ་བ་དེའི་ཉི་མའི་ཆ་ལའོ། །དྲུག་དང་བཅུ་ནི་གཉིས་བསྒྱུར་བ། །ཞེས་བྱ་བ་ནི་ཉི་ཤུ་རྩ་དྲུག་གོ། །མཚན་མོའི་ཞེས་བྱ་བ་ནི་མཚན་མོའི་ཆ་ལའོ། །དགུན་ཟླ་ར་བའི་གསུངས་པ། གཉིས་དང་བཅུ་ནི་གསུམ་བསྒྱུར་བ། །ཞེས་བྱ་བ་ལ་སོགས་པ་ལ། །གཉིས་ དང་བཅུ་ཕྲག་གསུམ་དུ་བསྒྱུར་བ་ནི་སུམ་ཅུ་རྩ་གཉིས་སོ། །བརྒྱད་དང་བཅུ་ནི་གཉིས་བསྒྱུར་བ། །ཞེས་བྱ་བ་ལ། བརྒྱད་དང་བཅུ་ཕྲག་གཉིས་སུ་བསྒྱུར་བ་ནི་ཉི་ཤུ་རྩ་བརྒྱད་དོ། །དགུན་ཟླ་འབྲིང་པོའི་གསུངས་པ། བཅུ་ནི་གསུམ་དུ་བསྒྱུར་བ་དག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བི་ཤུ་ཞེས་བྱ་བ་ནི་དབྱར་ཟླ་འབྲིང་པོའི་བཞིན་དུ་བལྟ་བར་བྱའོ། །ཉིན་མོའི་ཞེས་བྱ་བ་ནི་ཉིན་མོའི་ཆའོ། །མཚན་མོ་ནི་མཚན་མོའི་ཆའོ། །བཅུ་ནི་གསུམ་དུ་བསྒྱུར་བར་བྱ། །ཞེས་བྱ་བ་ནི་སུམ་ཅུ་ཐམ་པ་སྟེ་ཆ་གཉི་ག་ལ་ཡང་སུམ་ཅུ་སུམ་ཅུར་ཤེས་པར་བྱའོ། །དགུན་ཟླ་ཐ་ཆུངས་ཀྱི་ གསུངས་པ། བརྒྱད་དང་ཞེས་བྱ་བ་ལ་སོགས་པ་ལ། བརྒྱད་དང་བཅུ་ནི་གཉིས་བསྒྱུར་བ། །ཞེས་བྱ་བ་ནི་ཉི་ཤུ་རྩ་བརྒྱད་དོ། །གཉིས་དང་བཅུ་ནི་གསུམ་བསྒྱུར་བ། །ཞེས་བྱ་བ་ནི་སུམ་ཅུ་གཉིས་སོ། །དཔྱིད་ཟླ་ར་བའི་གསུངས་པ། དྲུག་དང་ཞེས་བྱ་བ་ལ་སོགས་པ་ལ། དྲུག་ དང་བཅུ་ནི་གཉིས་བསྒྱུར་བ། །ཞེས་བྱ་བ་ནི་ཉི་ཤུ་རྩ་དྲུག་གོ། །བཞི་དང་བཅུ་ནི་གསུམ་བསྒྱུར་བ། །ཞེས་བྱ་བ་ནི། སུམ་ཅུ་རྩ་བཞིའོ། །ལྷག་མ་ནི་གོ་སླའོ། །དཔྱིད་ཟླ་འབྲིང་པོའི་ཉིན་ཞག་གི་ཆུ་ཚོད་རྣམས་ཉེ་བར་བསྡུ་བའི་ཕྱིར། སུམ་བརྒྱ་ལྔ་བཅུ་ལྔ་ གཉིས་ཀྱི། །དབུགས་ཀྱི་ཆུ་ཚོད་དུས་རྣམས་འདའ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སུམ་བརྒྱ་ནི་བརྒྱ་ཕྲག་གསུམ་མོ། །ལྔ་བཅུ་ནི་གྲངས་ལྔ་བཅུའོ། །ལྔ་གཉིས་ནི་བཅུ་སྟེ་བཅུ་དང་ལྔ་བཅུས་ནི་དྲུག་ཅུར་འགྱུར་རོ། །དབུགས་ནི་སྣ་སྒོའི་རླུང་རྒྱུ་བ་སྟེ། དེ་ལྟར་ ན་དབུགས་རྒྱུ་བ་སུམ་བརྒྱ་དྲུག་ཅུས། ཆུ་ཚོད་དུས་རྣམས་འདའ་ཞེས་བྱ་བ་ཆུ་ཚོད་གཅིག་ཏུ་འགྱུར་རོ། །ཆུ་ཚོད་དྲུག་ཅུའི་གྲངས་ཀྱིས་ནི། །ཉིན་མཚན་ཕྲུགས་གཅིག་ཏུ་ནི་བརྗོད། །ཅེས་བྱ་བ་ནི་གོ་སླའོ། །གཞུང་ཁ་ཅིག་ལས་ནི་སུམ་བརྒྱ་དང་ནི་དྲུག་ཅུའི་ ཞེས་འབྱུང་སྟེ། དེར་ཡང་དོན་དེ་ཉིད་ཡིན་ནོ། །ཟླ་བའི་གོ་རིམས་ཇི་བཞིན་དུ། །རིམ་པ་དེ་བཞིན་མཚན་མ་བྱ། །ཞེས་བྱ་བ་ལ། ཟླ་བའི་གོ་རིམས་ཇི་བཞིན་དུ་རེའུ་མིག་རྣམས་ལ་ཆུ་ཚོད་གསུམ་ལ་སོགས་པའི་མཚན་མའི་རིམ་པ་བཞིན་དུ་བྱས་ལ་བརྟག་པར་བྱའོ་ཞེས་ བྱ་བའི་དོན་ཏོ། །ཆུ་ཚོད་དབུགས་སོགས་རྫོགས་པ་དང་། །བི་ཤུ་མ་གཏོགས་རིམ་འཕེལ་འདྲི། །ཞེས་བྱ་བ་ལ་ཟླ་བ་བཅུ་གཉིས་ཀྱི་དབུགས་ཡོངས་སུ་རྫོགས་པའི་ཆུ་ཚོད་ལས། བི་ཤུའི་ཟླ་བ་གཉིས་མ་གཏོགས་པའི་ཟླ་བའི་ལྷག་མ་རྣམས་ཀྱི་ཉིན་དང་མཚན་གྱི་ཆུ་ཚོད་ འཕེལ་བ་དང་འབྲི་བ་ཕྲ་མོ་རྣམས་ཀྱང་སྔར་བཤད་པའི་རིགས་པ་ལས་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལས་དང་ལས་མིན་བྱེ་བྲག་བཞིན། །དབུགས་ནི་རིམ་གྱིས་གཟུང་བར་བྱ། །ཞེས་བྱ་བ་ལ། ལས་དང་ལས་མིན་བྱེ་བྲག་ནི། །ཞི་བ་ལ་སོགས་པ་དགེ་བའི་ལས་དང་མངོན་ པར་སྤྱོད་པ་ལ་སོགས་པ་དགེ་བ་མ་ཡིན་པའི་དབྱེ་བའོ། །དབུགས་ཀྱི་རིམ་གྱིས་གཟུང་བར་བྱ། །ཞེས་བྱ་བ་ནི་རླུང་ལ་སོགས་པ་སྦྱོར་བ་བཞིན་དབུགས་ཀྱི་རིམ་པས་སོ་སོར་གཟུང་བར་བྱ་བའོ། །དེ་ལ་རླུང་ནི་སོར་དྲུག་གོ། །མེ་ནི་སོར་བཞིའོ། །ཆུ་ནི་སོར་བཅུ་གཉིས་སོ། །དབང་ ཆེན་ནི་སོར་བཅུ་དྲུག་ཏུ་རྒྱུ་བར་ཤེས་པར་བྱའོ། །ཉི་ཁྲི་དང་ནི་ཞེས་པ་ལ་སོགས་པའི་ཉེ་བར་བསྟན་པ་བཤད་པའི་ཕྱིར། ཁ་དང་ར་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲ་ནི་གཉི་ག་དང་སྦྱར་བར་བྱའོ། །དེས་ན་ཁ་ལ་སོགས་པ་ཞེས་པར་འགྱུར་ཏེ། ཁ་ལ་སོགས་ པའི་ཡི་གེ་ཉི་ཤུ་རྩ་བཞི་དང་། ར་ལ་སོགས་པའི་ཡི་གེ་དྲུག་ནི་ཁ་དང་ར་སོགས་སོ། །དེས་ནི་ཉི་ཤུ་རྩ་བཞི་དང་དྲུག་གི་མཚན་མ་བྱ་བར་སྟོན་ཏོ། །དུས་ཚིགས་དང་ཞེས་བྱ་བ་ནི་དུས་དྲུག་གི་མཚན་མ་གཟུང་བར་བྱ་སྟེ། ཉི་ཤུ་རྩ་བཞི་དང་། དྲུག་ཕྲག་གཉིས་ཀྱིས་ནི་སུམ་ཅུ་རྩ་དྲུག་ཏུ་འགྱུར་ རོ། །བགྲོད་པ་གཉིས་ཀྱིས་མཚོན་པར་བྱ། །ཞེས་བྱ་བ་ནི་སུམ་ཅུ་རྩ་དྲུག་གི་མཚན་མ་དེ་ཉིད་མཉམ་པོ་གཉིས་བགོས་པས། བཅོ་བརྒྱད་བཅོ་བརྒྱད་དུ་འགྱུར་ཏེ། བཅོ་བརྒྱད་པ་ཕྲག་གཉིས་ཀྱི་མཚན་མ་བྱའོ། །གཉིས་པོ་དག་ནི་བཅུར་བསྒྱུར་བ། །ཞེས་བྱ་བ་ནི། གཉིས་པོ་དེ་ དག་བཅུ་བཅུར་བསྒྱུར་ལ་བརྩི་བ་སྟེ། དེས་ཀྱང་བརྒྱ་བརྒྱ་བཅུ་ཕྲག་གཉིས་སུ་འགྱུར་རོ། །དེ་ལས་བརྒྱ་ཕྲག་གཉིས་གཅིག་ཏུ་བསྲེས་ཏེ། ཉིས་བརྒྱའི་མཚན་མ་བྱས་ལ་བཅུ་ཕྲག་བརྒྱད་པ་གཉིས་ལས་བཅུའི་མཚན་མ་དང་དྲུག་གི་མཚན་མ་སོ་སོར་བྱས་ལ། བཅུ་དྲུག་གི་ མཚན་མ་བྱའོ། །དེའི་རྩར་ཐིག་ལེ་གཉིས་བཞག་པས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར་ཏེ། དེས་ནི་ལོའི་ཆུ་ཚོད་ཀྱི་གྲངས་ཀྱི་མཚན་མར་འགྱུར་རོ། །དེ་ཡིས་མཚན་མར་ལྡན་པ་ཡིས། །ཉིན་མཚན་གྱི་ནི་དབུགས་སུ་བརྩི། །ཞེས་བྱ་བ་ནི་ལོའི་ཆུ་ཚོད་ཀྱི་གྲངས་ཀྱི་མཚན་མ་དེ་ ཉིད་ཀྱིས། ཉིན་མཚན་གྱི་དབུགས་ཀྱི་མཚན་མ་ཡང་བསྟན་པ་ཡིན་ཏེ། སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱར་འགྱུར་རོ། །ད་ནི་ཆུ་ཞག་བརྩི་བ་བསྟན་པའི་ཕྱིར། ངག་གི་དབང་ཕྱུག་ཀུན་བཟུང་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ངག་གི་དབང་ཕྱུག་ནི་འདྲི་ བ་པོའི་ངག་གི་ཡི་གེ་རྣམས་སོ། །ཀུན་ནི་མཐར་ཐུག་པ་སྟེ། དཔེར་ན་མ་ཞེས་བྱ་བ་སྨོས་ན། ཀའི་མཐར་ཐུག་པ་ཉི་ཤུ་རྩ་ལྔའི་མཚན་མ་བྱའོ། །དེ་བཞིན་དུ་གསལ་བྱེད་གཞན་ལ་ཡང་སྦྱར་བར་བྱའོ། །དབྱངས་ཀྱི་ཡི་གེ་ཡང་གསལ་བྱེད་དང་ཕྲལ་ཏེ། དེ་ལྟ་བུའི་མཚན་མ་བྱ་ བར་བསྟན་པར་བྱ་བའི་ཕྱིར། དབྱངས་ཀྱི་མཚན་མ་མངོན་པར་གཞག །ཅེས་བྱ་བ་སྨོས་ཏེ་གོ་སླའོ། །ཡང་ན་ངག་གི་དབང་ཕྱུག་ནི་འདྲི་བ་པོའོ། །གཟུང་བ་ནི་མེ་ཏོག་སྟེ། མེ་ཏོག་གི་མིང་གི་ཡི་གེ་ཇི་སྙེད་ཡོད་པའི་མཚན་མ་སྔ་མ་ལྟར་བྲི་བའོ། །དེ་ནས་ཅི་ཞིག་བྱ་ ཞེ་ན། དྲུག་འགྱུར་དུ་ནི་བཞག་ནས་སུ། །ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བ་དང་སྦྱར་རོ། །དེས་ཀྱང་ཅི་ཞིག་བྱ་ཞེ་ན། མ་ནིང་གཉིས་ནི་སྤངས་ནས་སུ། །ས་ཡི་དབང་ཕྱུག་ཀུན་དུ་གཞག །ཅེས་བྱ་བ་ལ་སོགས་སྨོས་ཏེ། མ་ནིང་གཉིས་ནི་རྀ་རཱྀ་དང་ལྀ་ལཱྀའོ། ། སྤངས་པ་ནི་དོར་བའོ། །ས་ནི་རེའུ་མིག་བཅུ་གཉིས་སོ། །དེའི་དབང་ཕྱུག་ནི་ཨ་ལ་སོགས་པའི་དབྱངས་ཀྱི་ཡི་གེ་བཅུ་གཉིས་ཏེ། ཀུན་དུ་གཞག་པ་ནི་རིམ་པ་བཞིན་དུ་གཞག་པའོ། །དེའི་འོག་ཏུ་ཆོ་ག་བཞིན་དུ་བརྩི་བར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་གསུངས་པ། ཨ་ཡི་རིམ་པ་ལ་ བབ་ན། །ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ཇི་ལྟར་སྔོན་གྱི་ཨ་ཞེས་པས། དེ་བཞིན་ཐ་མ་གཟུང་བར་བྱ། །ཞེས་བྱ་བ་ནི་ཡི་གེ་ཨའི་འབྲས་བུ་ཡང་ཇི་ལྟ་བ་བཞིན་དུ་ཡི་གེ་ཨའི་འབྲས་བུ་ཡང་ཤེས་པར་བྱ་བའི་དོན་ཏོ། །ངག་གི་དབང་ཕྱུག་ཀུན་བཟུང་ནས། ཞེས་བྱ་བ་གོང་དུ་ ཐལ་བའི་འཕྲོ་བསྟན་པའི་ཕྱིར། དྲུག་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲུག་འགྱུར་དུ་ནི་བཞག་ནས་སུ། །ཞེས་བྱ་བ་ནི་སྔར་གྱི་ཡི་གེ་ཇི་སྙེད་ཡོད་པའི་མཚན་མ་དེ་ཡང་དྲུག་འགྱུར་དུ་བསྒྲེ་བའོ། །སྔ་མ་དེ་སུམ་འགྱུར་དུ་བྱ། །ཞེས་བྱ་བ་ནི་ངག་གི་ཡི་གེའི་གྲངས་ཇི་སྙེད་ཡོད་ པ་དེ་ཉིད་ནི་སྔ་མ་ཞེས་བྱ་སྟེ། དེ་ཉིད་དེའི་འོག་ཏུ་སུམ་འགྱུར་དུ་བསྒྲེ་བར་བྱའི་དྲུག་འགྱུར་དུ་བསྒྲེས་པ་ཇི་སྙེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སུམ་བརྒྱ་དྲུག་ཅུ་བསྲེས་ནས་ནི། །ཞེས་བྱ་བ་ནི་དེའི་འོག་ཏུ་ཡང་གྲངས་སུམ་བརྒྱ་དྲུག་ཅུ་ལྷག་པར་བསྣན་པའོ། །དེ་ནས་ཅི་ཞིག་ བྱ་ཞེ་ན། ས་བཞིན་དུ་ནི་བཅད་ནས་སུ། །ཞེས་བྱ་བ་སྨོས་ཏེ། ས་ནི་ས་བཅུ་གཉིས་སོ། །བཅད་པ་ནི་གཏུབ་པ་སྟེ་གྲངས་བཅུ་གཉིས་བཅུ་གཉིས་སུ་གཏུབས་ཏེ་བརྩི་བའོ། །ཡི་གེ་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ནི་ཨ་ལ་སོགས་པའོ། །ལྷག་མ་ནི་གྲངས་ཀྱི་ལྷག་མར་གྱུར་པ་སྟེ། ལྷག་མ་ནི་གྲངས་ཀྱི་དབྱེ་བས་ཡི་གེ་དེ་བཟུང་ལ། དགེ་བ་དང་མི་དགེ་བ་མཚོན་པ་སྟེ་སྔར་སྨོས་པ་བཞིན་བརྟག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མོ་གདབ་པ་བསྟན་པའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ན་རི་མོ་ཀྱག་ཀྱོག་བྲི། །དབྱངས་ཀྱི་དང་ པོ་ལ་སོགས་བགྲང་། །ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མའི་སྔགས་ཀྱིས་བཏབ་པའི་ཐོད་ལོ་ཀོར་གྱིས། གླང་གི་གཅིན་རྗེས་ལྟ་བུའི་རི་མོ་སྔགས་ལན་ཅིག་བཟླས་ནས། སེམས་ཀྱིས་ཅི་ཙམ་འདོད་པར་དྲངས་ལ། རི་མོ་ཐ་མ་ནས་བརྩམས་ཏེ། དང་ པོའི་བར་དུ་འབུར་བ་རྣམས་བགྲངས་ནས། གྲངས་ཀྱི་ཐ་མ་ཨ་ལ་སོགས་པའི་ཡི་གེ་གང་ལ་བབ་པའི་འབྲས་བུ་ཡིན་པར་བརྟག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་མེ་ཏོག་གཏོར་ནས་ན། ཞེས་བྱ་བ་ནི། ཡང་ན་སྔར་བྲིས་པའི་གནས་དེར་བློ་མི་གཡེང་བས་མེ་ ཏོག་གཏོར་ལ། དེ་བཞིན་ས་ནི་མཚོན་པར་བྱ། །ཞེས་བྱ་བ་རེའུ་མིག་གིས་གང་ཡིན་པས་དགེ་བ་དང་སྡིག་པ་མཚོན་པར་བྱའོ། །སྔ་དྲོ་རོ་ཧི་ཏ་དུས་སུ། །བདེན་པ་ཐམས་ཅད་བལྟ་བར་བྱ། །ཞེས་བྱ་བ་ནི་བཅུ་གཡག་དང་མོ་དེ་དག་རོ་ཧི་ཏའི་སྦྱོར་བ་ལ་བརྟགས་ན། དགེ་བ་ དང་དགེ་བ་མ་ཡིན་པ་ཐམས་ཅད་བདེན་པ་སྟེ་ངེས་པར་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་བསྟན་བཅོས་རབ་ཏུ་བསྔགས། །ཞེས་བྱ་བ་ལ། རྣལ་འབྱོར་གྱི་བསྟན་བཅོས་ནི་སྔགས་ཀྱི་ཚུལ་ལོ། །རབ་ཏུ་བསྔགས་པ་ནི་དགེ་བ་དང་སྡིག་པ་བརྟག་པའི་ཆོ་ག་དེ་དག་སངས་ རྒྱས་རྣམས་ཀྱིས་བསྟོད་པའོ། །བདག་གི་གདན་གྱི་རབ་ཏུ་བྱེད་པ་ལས་ཞེས་བྱ་བ་ལ། བདག་ཅེས་བྱ་བ་ནི་རང་གི་ལུས་ཏེ། དེ་རླུང་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་གནས་སུ་གྱུར་པས་གདན་ཏེ་གཞིའོ། །རབ་ཏུ་བྱེད་པ་ཞེས་བྱ་བ་ནི་གཞུང་འདིར་རླུང་གི་དེ་ཁོ་ན་ཉིད་ལ་སོགས་པ་རབ་ ཏུ་བཀོད་ཅིང་གསལ་བར་བྱས་པས་ན། འདི་ནི་རབ་ཏུ་བྱེད་པའོ། །དཔལ་གདན་བཞི་པའི་འགྲེལ་པ་དྲན་པའི་རྒྱུ་མཚན་ཞེས་བྱ་བ་ལས། བདག་གི་གདན་གྱི་རིམ་པར་ཕྱེ་བ་དང་པོའོ།། །།ད་ནི་འཆི་བའི་མཚན་མ་ཤེས་ནས། དེ་སླུ་བའི་རིམ་པར་ཕྱེ་བ་བསྟན་པར་བྱ་བའི་ ཕྱིར། ཡེ་ཤེས་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་དེ་ཉིད་ནི་བྱེ་བྲག་ཅེས་བྱ་བ་ན་དུག་འཕྲོག་པ་ལ་སོགས་པའོ། །ལུས་ཀྱི་མཚན་མ་ཇི་ལྟ་བུ། །ཞེས་བྱ་བ་ནི་ལུས་ལ་སྣང་བའི་འཆི་ལྟས་ཀྱི་མཚན་མའོ། །དེ་ཉིད་གང་ལ་བརྟེན་པར་བགྱི། །ཞེས་བྱ་བ་ནི་ སྔགས་ཀྱི་ཁོ་ན་ཉིད་གང་རྟེན་ལ་བཟློག་པའོ། །ལན་གསུངས་པ། ལུས་ཀྱི་མཚན་མ་སྟོན་པ་རྣམས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ཀྱི་མཚན་མ་སྟོན་པ་རྣམས། །ཞེས་བྱ་བ་ནི་ལུས་ལ་སྣང་བའི་དབུགས་རྣམ་པར་རྒོད་པ་ལ་སོགས་པ་འཆི་བར་སྟོན་པ་རྣམས་ཏེ། ཉོན་ ཅིག་ཅེས་བྱ་བ་དང་སྦྱར་རོ། །འཆི་བའི་དུས་ལ་བབ་པར་གནས། །ཞེས་བྱ་བ་ནི་ངེས་པར་འཆི་བའི་དུས་ལ་བབ་པར་གནས་པ་སྟེ་གྱུར་པའོ། །རྡོ་རྗེ་རྒྱལ་ཆེན་པོ་ཞེས་བྱ་བ་ལ། རྡོ་རྗེ་ནི་མི་བསྐྱོད་པའོ། །དེ་ཉིད་ནི་རྒྱལ་པོ་ཆེན་པོ་སྟེ་སྤྲུལ་པའི་སྐུ་རྣམས་ཀྱིས་མཛེས་པའི་ཕྱིར་རོ། །དེ་ སུའི་ཡིན་པ་དེ་ལ་ཡང་དེ་སྐད་ཅེས་བྱ་སྟེ། བོད་པའོ། །ཉོན་ཅིག་ཅེས་བྱ་བ་ནི་འོག་ནས་འབྱུང་བ་རྣམས་མཉན་པའི་ཕྱིར་གདམས་པའོ། །མཚན་མ་རྣམས་གསུངས་པ། དབུགས་ནི་རྣམ་པར་རྒོད་ཙམ་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། དབུགས་རྣམ་པར་རྒོད་པ་ནི་ཐ་མལ་ པར་གནས་པ་ལས་གཞན་དུ་གྱུར་པ་སྟེ། འཕེལ་བ་དང་བྲི་བའོ། །ལུས་ཅན་ཟླ་བ་དྲུག་གིས་འཆི། །ཞེས་བྱ་བ་ནི་གོ་སླའོ། །ཡང་ན་རྣམ་པར་རྒོད་པ་ཞེས་བྱ་བ་ནི། འཇུག་པ་དང་འབྱུང་བ་ལ་སོགས་པའི་གནས་ཕྱིན་ཅི་ལོག་ཏུ་གྱུར་པའོ། །རྣམ་པར་རྒོད་པ་ཇི་ལྟ་བུ་ཞིག་གིས་ཤེ་ན། འཇིགས་པ་ཅུང་ཟད་མཐོང་མིན་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིགས་པ་ཅུང་ཟད་མཐོང་བ་ནི་ཁ་ཅིག་ཏུ་གཟུགས་མི་སྡུག་པ་མཐོང་བས། འཇིགས་པ་སྟེ་སྐྲག་པར་བྱས་པའོ། །མཐོང་བ་ནི་ཉེ་བར་མཚོན་པ་སྟེ། ཁོན་དུ་འཛིན་པའི་སྒྲ་ཐོས་པ་ལ་སོགས་པས་སྐྲག་པ་ ཡང་གཟུང་བར་བྱའོ། །དེ་ལྟ་བུའི་འཇིགས་པ་མ་གཏོགས་པར་དབུགས་རྣམ་པར་རྒོད་པར་གྱུར་ན། དེའི་ཚེ་འཆི་བར་ངེས་པར་སྟོན་གྱི་གཞན་དུ་འཇིགས་པ་ལ་སོགས་པས་བྱས་པའི་དབུགས་རྣམ་པར་རྒོད་པས་ནི་མ་ཡིན་ནོ། །འགྲམ་པའི་མཚམས་ནི་བྱེ་གྱུར་ན། །ཞེས་བྱ་བ་ ནི་གལ་ཏེ་གློ་བུར་དུ་འགྲམ་པའི་མཚམས་ཀྱི་ཤ་མེད་ཅིང་རི་མོ་ཤོང་ཤོང་པོར་གྱུར་པ་དེའི་ཚེ་འཆི་བར་འགྱུར་བ་དེ་ཉིད་དུ་སྟོན་ཏེ། འདིར་ཡང་འཇིགས་པ་ཅུང་ཟད་མཐོང་མིན་ཞེས་བྱ་བ་དང་སྦྱར་རོ། །དེའི་ཚེ་དུས་ལ་བབ་པར་འགྱུར། །ཞེས་བྱ་བ་ནི་གདོན་མི་ཟ་བར་འཆི་བའི་སྤྱོད་ཡུལ་ ལ་རེག་པའོ། །དབུགས་ནི་ཆད་ཅིང་ཆད་འགྱུར་བ། །ཞེས་བྱ་བ་ནི་རྣམ་པར་རྒོད་པའི་ཉེ་བར་བསྟན་པ་སྟེ། ཐ་མལ་པ་ལས་གཞན་དུ་གྱུར་པའོ། །གང་གི་ཚེ་བརྟག་པར་བྱ་ཞེ་ན། སྔ་དྲོ་རོ་ཧི་ཏ་དུས་སུ། །ཞེས་བྱ་བ་སྨོས་ཏེ། ཐོ་རངས་ཀྱི་ཆུ་ཚོད་གསུམ་ལ་འཇིགས་པ་ལ་ སོགས་པས་བྱས་པ་མ་ཡིན་པའི་ལུས་ལ་སྣང་བའི་རྟགས་ཐམས་ཅད་ནི་ངེས་པ་ཉིད་དུ་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སྣ་ཡི་བར་ཤ་ཆད་གྱུར་ན། །ཞེས་བྱ་བ་ནི་སྣ་ཟམ་གྱི་ཤ་ཆད་པ་སྟེ། གང་གི་ཚེ་སྣ་ལ་གནས་པའི་རྩ་ཆད་པ་དེའི་ཚེ། སྣ་ཟམ་གྱི་ཤ་ཆད་པས་སྣ་ཡོན་པོ་ ཉིད་དུ་འགྱུར་རོ། །ཉི་མ་བདུན་ན་གདོན་མི་ཟ། །ཞེས་བྱ་བ་ནི་ཉིན་ཞག་བདུན་ན་འཆི་བར་ཐེ་ཚོམ་མེད་པའོ། །མིག་གི་ཆུ་ནི་ཆད་གྱུར་ན། །ཞེས་བྱ་བ་ལ། མིག་གི་ཆུ་ནི་མཆི་མ་སྟེ། ཆད་པ་ནི་ཟད་པའོ། །གང་གི་ཚེ་མིག་ལ་གནས་པའི་རྩ་ཆད་པ་ན། མིག་གི་མཆི་མ་ཟད་པར་འགྱུར་ པའོ། །དེ་བཞིན་ཉི་མ་ལྔ་ཡིས་འཆད། །ཅེས་བྱ་བ་ལ། འཆད་པ་ནི་སྲོག་ཟད་ཅིང་འགག་པ་སྟེ། ཉི་མ་ལྔ་ནས་འཆི་བར་འགྱུར་བའོ། །འགྲམ་པའི་ལོགས་ཀྱི་མཚན་མ་ཡི། །ཞེས་བྱ་བ་ནི་འགྲམ་པའི་ལོགས་ན་སྣང་བའི་མཚན་མ་སྟེ། གང་གི་ཚེ་འགྲམ་པའི་ལོགས་ན་གནས་ པའི་རྩ་ཆད་པ་དེའི་ཚེ། འགྲམ་པའི་ལོགས་ན་རི་མོ་ཤོང་ཤོང་པོ་རིང་པོ་སྣང་བའོ། །ཞག་གཅིག་ལས་ནི་མི་འཚོའོ། །ཞེས་བྱ་བ་ནི་གོ་སླའོ། །འགྲམ་པའི་ལོགས་དེ་ཉིད་ན་རི་མོ་ཤོང་ཤོང་པོ་ཁྲོན་པའི་ཁུང་བུ་ལྟར་སྣང་བས་ནི། ཟླ་བ་དྲུག་ན་འཆི་བར་འགྱུར་རོ་ཞེས་བྱ་བ་སྔ་མ་ དང་སྦྱར་རོ། །རྣ་བའི་ཆོལ་ཟངས་ལྟེབས་པ་ཡིས། །ཞེས་བྱ་བ་ལ་ཆོལ་ཟངས་ནི་གོ་བར་ཟད་དོ། །ལྟེབས་པ་ནི་ཆག་པ་སྟེ། གང་གི་ཚེ་རྣ་བ་གཉིས་ལ་གནས་པའི་རྩ་ཆད་པ་ན། རྣ་བའི་སྐོར་ཆག་པར་འགྱུར་རོ། །ཆུ་ཚོད་ལྔ་ན་གདོན་མི་ཟ། །ཞེས་བྱ་བ་ནི་ཆུ་ཚོད་ལྔ་ཚུན་ ཆད་ཀྱིས་ཐེ་ཚོམ་མེད་པར་འཆི་བར་འགྱུར་བའོ། །འདིར་ནི་ལྕེ་ཡི་ཐིག་ནག་ན། །ཞེས་བྱ་བ་ནི་གང་གི་ཚེ་ལྕེ་ལ་གནས་པའི་རྩ་ཆད་པ་དེའི་ཚེ་འདིར་ཏེ་ལུས་ལ་ལྕེའི་ཐིག་ལེ་ནག་སྟེ། ལྕེའི་རྩེ་མོ་ལ་སོགས་པ་ནག་པོར་སྣང་བའོ། །ལུས་ཅན་ཞག་གཉིས་འཆི་བར་ འགྱུར། །ཞེས་བྱ་བ་ནི་གོ་སླའོ། །སྟེང་འོག་སོ་ནི་འཐམས་པ་ན། །ཞེས་བྱ་བ་ལ། སྟེང་འོག་གི་སོ་འཐམས་པ་ནི་སོའི་ཕྲེང་བ་གཉིས་མཚམས་མེད་པ་སྟེ། གང་གི་ཚེ་སོའི་མཚམས་ན་གནས་པའི་རྩ་ཆད་པ་ན། སོ་འཐམས་པའི་མཚན་མ་སྣང་བར་འགྱུར་རོ། །ཞག་གསུམ་ འཆི་བདག་ཕྲད་པར་འགྱུར། །ཞེས་བྱ་བ་ནི་གོ་སླའོ། །མགྲིན་པའི་ལོགས་ཀྱི་ཕྱི་རོལ་རྩ། །ཞེས་བྱ་བ་ལ། གང་གི་ཚེ་མགྲིན་པ་གཉིས་ཀྱི་ལོགས་ན་གནས་པའི་རྩ་ཉམས་པ་དེའི་ཚེ། མགྲིན་པའི་ལོགས་གཉིས་སུ་ཁྱུར་ཁྱུར་པོ་མཐོན་པོར་འགྱུར་ཏེ་མཚན་མའོ། །ཟླ་བ་ཕྱེད་ན་ གདོན་མི་ཟ། །ཞེས་བྱ་བ་ནི་ཟླ་བ་ཕྱེད་ཚུན་ཆད་ན་ཐེ་ཚོམ་མེད་པར་བསྟན་པའི་ཕྱིར་འཆི་བའོ། །བྲང་གི་དྲ་བ་ཞོམ་གྱུར་ན། །ཟླ་ཕྱེད་སྨན་པས་གསོར་མི་རུང་། །ཞེས་བྱ་བ་ལ། བྲང་གི་དྲ་བ་ཞོམ་པ་ནི་ཁུང་བུ་བྲང་དུ་བྲོས་པ་སྟེ། གང་གི་ཚེ་བྲང་གི་དྲ་བ་ལ་གནས་པའི་རྩ་ཆད་པ་དེའི་ཚེ་བྲང་གི་དྲ་བ་ཞོམ་ པར་གྱུར་པའོ། །ཟླ་ཕྱེད་ཅེས་བྱ་བ་ནི་ཟླ་བ་ཕྱེད་ན་འཆི་བའོ། །ཐེ་ཚོམ་མེད་པར་བསྟན་པའི་ཕྱིར། །སྨན་པས་གསོར་མི་རུང་ཞེས་བྱ་བ་སྨོས་ཏེ་གོ་སླའོ། །སེན་མོའི་ཁྲག་ནི་མེད་པ་ཡིས། །ལུས་ཅན་ཉི་མ་བརྒྱད་ན་འཆི། །ཞེས་བྱ་བས། སེན་མོའི་ཁྲག་མེད་པ་ནི་གློ་བུར་དུ་དཀར་ པོར་གྱུར་པ་སྟེ། གང་གི་ཚེ་སེན་མོ་ལ་གནས་པའི་རྩ་ཆད་པར་གྱུར་པ་དེའི་ཚེ། གློ་བུར་དུ་སེན་མོ་དཀར་པོར་སྣང་བར་འགྱུར་བའོ། །ལུས་ཅན་ཉི་མ་བརྒྱད་ན་འཆི། །ཞེས་བྱ་བ་ནི་གོ་སླའོ། །འཆི་བའི་མཚན་མ་བརྒྱད་བཅས་པས། །ཞེས་བྱ་བ་ལ། བརྒྱད་ནི་གྲངས་བརྒྱད་དོ། ། བཅས་པ་ནི་དེ་དང་བཅས་པ་སྟེ་དགུ་པའོ། །དེ་ལྟར་ན་འཆི་ལྟས་ཀྱི་མཚན་མ་དགུ་ཡིན་པར་སྟོན་ཏོ། །འཆི་བའི་དུས་བབ་མཚོན་པར་བྱ། །ཞེས་བྱ་བ་ལ། དུས་བབ་ནི་དུས་ལ་བབ་པར་གནས་པ་སྟེ། སྔར་བསྟན་པའི་མཚན་མ་དགུ་ལུས་ལ་སྣང་བས་ལུས་ཅན་རྣམས་ཐེ་ཚོམ་ མེད་པར་འཆི་བ་ཉིད་དུ་མཚོན་པར་བྱ་བའོ། །དེ་ལྟར་འཆི་བའི་མཚན་མ་བསྟན་ནས། ད་ནི་འཆི་བ་སླུ་བ་བསྟན་པའི་ཕྱིར། སྣ་ཡི་བར་ཤ་ཆད་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣ་ཡི་བར་ཤ་ཆད་པ་ལ། །ཞེས་བྱ་བ་ནི་སྣའི་རྩ་ཆད་པ་དགང་བ་ལའོ། །ཡེ་ཤེས་ས་བོན་གྱིས་གཟིར་ བྱ། །ཞེས་བྱ་བ་ལ། ཡེ་ཤེས་ས་བོན་ནི་ཡེ་ཤེས་མཁའ་འགྲོ་མའི་ས་བོན་ཏེ་ཧཱུཾ་ངོ་། །གཟིར་བར་བྱ་ཞེས་བྱ་བ་ནི་ཧཱུཾ་གིས་བདུད་རྩིའི་རྒྱུན་འཇིགས་སུ་རུང་བས་གནས་ཏེ་ཚིམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཧཱུཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཡེ་ཤེས་མཁའ་འགྲོ་མ་འོག་ནས་ འབྱུང་བའི་གཟུགས་ཅན་གནས་དེར་བསྒོམས་ལ་དགང་བར་བྱ་སྟེ། འདི་ལྟར་རྩ་ཆད་པའི་སྒོ་ནས་ནི་འཆི་བར་འགྱུར་ལ། དེ་བཀང་བ་ལས་ནི་དེ་ལྡོག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ན་ཐམས་ཅད་དུ་ས་བོན་གྱིས་ཚིམ་པར་བྱ་བའམ། ལྷའི་རྣལ་འབྱོར་དུ་བསྒོམ་པར་བྱ་ བར་སྟོན་ཏོ། །མིག་གི་ཆུ་ནི་ཆད་པ་ན། །རྡོ་རྗེ་མ་ཡི་ས་བོན་གཟུང་། །ཞེས་བྱ་བ་ལ། མིག་གི་ཆུ་ཆད་པ་ནི་དེས་མཚོན་པའི་མིག་གི་རྩ་ཆད་པའི་ཚེ་ནའོ། །རྡོ་རྗེ་མ་ཡི་ས་བོན་གཟུང་། །ཞེས་བྱ་བ་ནི་གནས་དེར་རྡོ་རྗེ་མཁའ་འགྲོ་མའི་ས་བོན་ཡི་གེ་སུཾ་མམ། དེ་ཡོངས་སུ་གྱུར་ པ་ལས་བྱུང་བའི་རྡོ་རྗེ་མཁའ་འགྲོ་མའི་སྐུ་བདུད་རྩིའི་རྒྱུན་འཛག་པ་དང་ལྡན་པས་ལུས་ཚིམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཁུར་ཚོས་ལོགས་ཀྱི་མཚན་མ་ལ། །དྲག་མོའི་ས་བོན་གཟིར་བར་བྱ། །ཞེས་བྱ་བ་ནི་ཁུར་ཚོས་ལོགས་ཀྱི་རྩ་ཆད་པ་ལ་དྲག་མོ་མཁའ་འགྲོ་མའི་ས་ བོན་ཡི་གེ་ཀྵུཾ་ངམ། ས་བོན་གྱུར་པ་ལས་བྱུང་བའི་དྲག་མོ་མཁའ་འགྲོ་མའི་སྐུའི་བདུད་རྩིས་དགང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྣ་བའི་ཆོལ་ཟངས་ཞོམ་པ་ལ། །རོ་ལངས་མ་ཡི་ས་བོན་དགང་། ཞེས་བྱ་བ་ནི་རྣ་བའི་རྩ་ཆད་པ་ལ་གནས་དེར་རོ་ལངས་མའི་ས་བོན་ཡི་གེ་ཡུཾ་ངམ། ས་བོན་ཡོངས་སུ་གྱུར་པ་ལས་བྱུང་བའི་རོ་ལངས་མའི་བདུད་རྩིས་དགང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྕེ་ཡི་ཐིག་ནག་འདི་ལ་ནི། །གཏུམ་མོའི་ས་བོན་བསམ་པར་བྱ། །ཞེས་བྱ་བ་ནི་ལྕེའི་རྩ་ཆད་པའི་གནས་དེར་གཏུམ་མོའི་ཡི་གེ་ཧཱུཾ་ངམ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་ གཏུམ་མོ་བདུད་རྩི་དང་བཅས་པ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །སོ་དང་སོ་ནི་འཐམས་པ་ལ། །སེང་གེ་མོ་ཡི་ས་བོན་བརྡེག །ཅེས་བྱ་བ་ནི་སོའི་རྩ་ཆད་པ་ལ། སེང་གེ་མའི་ས་བོན་སྨྲཾ་དམ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་སེང་གེ་མོའི་གཟུགས་བདུད་རྩི་དང་བཅས་ པ་བརྡེག་པ་སྟེ། གཟུགས་ཤིང་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །མགྲིན་པའི་ལོགས་ཀྱི་ཕྱི་རོལ་རྩ། །སྟག་མོའི་ས་བོན་བརྡེག་པར་བྱ། །ཞེས་བྱ་བ་ནི་མགྲིན་པའི་ལོགས་ཀྱི་རྩ་གཉིས་ཆད་པའི་གནས་དེར་སྟག་མོའི་ས་བོན་ཧྨྲཾ་ངམ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་སྟག་མོ་ བདུད་རྩི་དང་བཅས་པར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །བྲང་གི་དྲ་བ་ཞོམ་པ་ལ། །ཅེ་སྤྱང་ས་བོན་གཟུང་བར་བྱ། །ཞེས་བྱ་བ་ནི་བྲང་གི་དྲ་བའི་རྩ་ཆད་པ་ན། དེར་ཅེ་སྤྱང་གི་ས་བོན་ཡི་གེ་ཡྨྲཾ་ངམ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་ལྷ་མོ་ཅེ་སྤྱང་མོ་བདུད་རྩི་དང་བཅས་པ་བསྒོམ་ མོ་ཞེས་བྱ་བའི་དོན་ཏོ། །ལག་པའི་སེན་ཁྲག་མེད་པ་ལ། །འུག་པ་མོ་ཡི་ས་བོན་གཟུང་། །ཞེས་བྱ་བ་ནི་ལག་པའི་སེན་མོ་ལ་གནས་པའི་རྩ་ཆད་པ་ལ། དེར་འུག་པ་མོའི་ས་བོན་ཡི་གེ་ཡུ་ཀྵྨྲ་ངམ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་ལྷ་མོ་འུག་པ་མོ་བདུད་རྩི་དང་བཅས་པ་བསྒོམ་ མོ་ཞེས་བྱ་བའི་དོན་ཏོ། །ཉེ་བར་བསྡུ་བ་བསྟན་པའི་ཕྱིར། །འཆི་ལྟས་ཡན་ལག་མཚན་མ་ནི། །ས་བོན་དེ་དག་དགོད་པས་བསྲུང་། །ཞེས་བྱ་བ་སྨོས་ཏེ། གང་གི་ལུས་ལ་འཆི་ལྟས་ཀྱི་མཚན་མ་སྔར་བཤད་པ་རྣམས་སྣང་ན། གནས་དེར་དེ་དག་ཅེས་བྱ་བ་ཡེ་ཤེས་མཁའ་འགྲོ་ མ་ལ་སོགས་པ་རྣམས་ཀྱི་ས་བོན་ཧཱུཾ་ལ་སོགས་པ་སྔར་བཤད་པའི་རིམ་པ་ལྟར་བཀོད་པས་བསྲུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་གནས་ཕྱིའི་སྲུང་བ་བསྟན་པའི་ཕྱིར། ཕྱི་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་ནས་ཡེ་ཤེས་འཁོར་ལོ་ནི། བྲི་བའི་ཆོ་གས་རྣམ་ ཤེས་བསྲུང་། །ཞེས་བྱ་བ་ལ། ཕྱི་ནས་ཞེས་བྱ་བ་ནི་གཞན་ནོ། །ཡེ་ཤེས་འཁོར་ལོ་ནི་འོག་ནས་འབྱུང་བའི་འཁོར་ལོའོ། །རྣམ་ཤེས་ནི་བསྒྲུབ་པར་བྱ་བའི་སྲོག་གོ། །སྲུང་བ་ནི་གོ་སླའོ། །གཞུང་གཞན་ལས་ནི། གཞན་དུ་སྲུང་བ་བཤད་པར་བྱ། །ཞེས་འབྱུང་སྟེ། དེར་ གཞན་ཞེས་བྱ་བ་ནི་ཚུལ་གཞན་གྱིས་སོ། །སྲུང་བ་ནི་སྲོག་གནས་པ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །སྲུང་བའི་ཆོ་ག་ཉིད་བསྟན་པའི་ཕྱིར། མ་བསྲེགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་བསྲེགས་ཁམ་ཕོར་གཉིས་ནི་མེས་མ་བཙོས་པའི་ཁམ་ཕོར་གཉིས་སོ། །གུར་ གུམ་གོ་རོ་ཙ་ན་ཡིས། །ཞེས་བྱ་བ་ནི་གུར་གུམ་དང་གོ་རོ་ཙ་ན་གང་ཡང་རུང་བས་སམ། ཡང་ན་དེ་གཉིས་བསྲེས་པས་སོ། །བྲི་ཞེས་བྱ་བ་ནི་འཁོར་ལོ་ཞེས་བྱ་བ་སྔ་མ་དང་སྦྱར་རོ། །འོག་གི་ཆ་ནི་རེའུ་མིག་དགུ། །ཞེས་བྱ་བ་ནི་ཁམ་ཕོར་འོག་མའི་གཞི་ལ། ཐིག་བཞི་བཏབ་པས་རེའུ་ མིག་གི་ཆ་དགུར་བྱ་བའོ། །དེ་བཞིན་སྟེང་ལ་བཅུ་གཉིས་བྱ། །ཞེས་བྱ་བ་ནི་ཁམ་ཕོར་སྟེང་མའི་གཞི་ལ་ཡང་སྔ་མ་ལྟར་ཐིག་བཞི་བཏབ་པས་དགུར་བྱས་ལ། སླར་ཡང་མཚམས་ཀྱི་རེའུ་མིག་བཞི་ལ་ཐིག་བཞི་བཏབ་པས་རེའུ་མིག་གི་ཆ་བཅུ་གཉིས་སུ་བྱ་བའོ། །དབུས་སུ་མིང་ནི་ བྲིས་ནས་སུ། །ཞེས་བྱ་བ་ནི་འཁོར་ལོའི་དབུས་ཏེ་སྙིང་པོའི་རེའུ་མིག་ལ། བསྒྲུབ་པར་བྱ་བའི་མིང་བྲི་བའོ། །དེ་བཞིན་ས་བོན་མངོན་པར་བསྐོར། །ཞེས་བྱ་བ་ནི་སྔགས་ཀྱི་ས་བོན་ཡི་གེས་མངོན་པར་བསྐོར་བ་སྟེ། སྔགས་ཀྱི་ཡི་གེ་དང་སྤེལ་བའི་མིང་བྲིའོ་ཞེས་བྱ་བའི་དོན་ཏོ། །སྤེལ་ བ་ཉིད་བསྟན་པའི་ཕྱིར་ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱག་འཚལ་དབྱངས་ནི་ཡི་གེ་ཨོཾ་སྟེ། ཕྱག་འཚལ་གྱི་སྒྲའི་རང་བཞིན་ནོ། །དང་པོ་ཞེས་བྱ་བ་ཐོག་མ་སྟེ། ཅིའི་ཞེ་ན། བསྒྲུབ་བྱའི་མིང་གིས་ཞེས་བྱ་བར་བལྟའོ། །བསྒྲུབ་བྱའི་མིང་ཡང་གང་དུ་ཞེ་ན། བསྲུང་ བའི་ཚིག་གི་སྔོན་དུ་བྱ། །ཞེས་བྱ་བ་སྨོས་ཏེ། རཀྵ་རཀྵ་ཞེས་བྱ་བའི་སྔོན་དུ་མིང་བྲི་ཞིང་མཐར་རཀྵ་ཞེས་བྱ་བའི་ཚིག་བྲི་བའོ། །སངས་རྒྱས་ལྔ་སོགས་ལྡན་པ་ཡི། །ས་བོན་མཐའ་རུ་གནས་པ་སྟེ། །ཞེས་བྱ་བ་ལ། མཐར་ནི་རཀྵ་ཞེས་བྱ་བའི་སྒྲའི་མཐའ་སྟེ། དེར་སངས་ རྒྱས་ལྔའི་ས་བོན་ཏེ་ཧཱུཾ་བྲི་བའོ། །སྲེག་བྱེད་ཡི་གེ་དེ་ཡི་མཐའ། །ཞེས་བྱ་བ་ལ། དེའི་མཐའ་ནི་ཡི་གེ་ཧཱུཾ་གི་མཐར་རོ། །སྲེག་བྱེད་ཀྱི་ཡི་གེ་ནི་སྭཱ་ཧཱ་སྟེ་དེ་བྲི་བའོ། །བསྡུས་པའི་དོན་ནི། ཨོཾ་དེ་བ་དཏྟ་རཀྵ་རཀྵ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བར་འགྱུར་ཏེ། རཀྵའི་སྒྲ་གཉིས་ནི་མན་ངག་ལས་ ཤེས་པར་བྱའོ། །སྟེང་སོགས་མུ་ཁྱུད་དབྱངས་ཡིག་དགོད། །ཅེས་བྱ་བ་ལ། སྟེང་གི་སྒྲ་ནི་ཕྱི་རོལ་གྱི་ཚིག་གོ། །མུ་ཁྱུད་ནི་ཁ་ཁྱེར་ཏེ། རེའུ་མིག་དགུའི་ཕྱི་རོལ་གྱི་རི་མོ་གཉིས་ཀྱི་བར་དུའོ། །དབྱངས་ཡིག་ཅེས་བྱ་བ་ནི། དབྱངས་ཀྱི་ཡི་གེ་བཅུ་དྲུག་གོ། ། ཁམ་ཕོར་སྟེང་མ་ལ་ཡང་དེ་བཞིན་དུ་བྲི་བར་ཤེས་པར་བྱའོ། །ཡང་ན་སྟེང་ཞེས་བྱ་བ་ནི་སྟེང་གི་ཁམ་ཕོར་རོ། །མུ་ཁྱུད་ཅེས་བྱ་བ་ནི་འོག་གི་ཁམ་ཕོར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །བསྐོར་བ་གཞན་གསུངས་པ། ཁ་ཕ་ཞེས་བྱ་བ་ལ་སོགས་པ་ལ་ཁ་ཞེས་བྱ་བ་ནི་ ཧཱུཾ་ངོ་། །ཕ་ཞེས་བྱ་བ་ནི་ཡུཾ་ངོ་། །ཉིས་འགྱུར་ཞེས་བྱ་བ་ནི་ཀྵུཾ་ངོ་། །ལྷ་མོ་རྡོ་རྗེ་མ་ཞེས་བྱ་བ་ནི། ལྷ་མོ་རྡོ་རྗེ་མའི་ས་བོན་ཡི་གེ་སུཾ་ངོ་། །སངས་རྒྱས་ལྔའི་ས་བོན་ཞེས་བྱ་བ་ནི་སངས་རྒྱས་ལྔ་ཕན་ཚུན་ལྡན་པའི་ས་བོན་ཏེ་ཧཱུཾ་ངོ་། །ཐམས་ཅད་ཕྱག་འཚལ་སྲེད་བྱེད་ མཐའ། །ཞེས་བྱ་བ་ལ། ཐམས་ཅད་ཀྱི་དངོས་པོར་ཕྱག་འཚལ་ཏེ། ཨོཾ་དང་ཐམས་ཅད་མཐར་སྲེག་བྱེད་དེ་སྭཱ་ཧཱ་དང་སྦྱར་རོ། །དེ་དག་གི་དོན་ནི་འདི་ཡིན་ཏེ། ཨོཾ་དེ་བ་དཏྟཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་སྭཱ་ཧཱ། ཨོཾ་དེ་བ་དཏྟཾ་རཀྵ་རཀྵ་ཡུཾ་ཧཱུཾ་སྭཱ་ཧཱ། ཨོཾ་དེ་བ་དཏྟཾ་རཀྵ་རཀྵ་ཀྵུཾ་ཧཱུཾ་སྭཱ་ཧཱ། ཨོཾ་དེ་བ་དཏྟཾ་རཀྵ་རཀྵ་སུཾ་ཧཱུཾ་སྭཱ་ཧཱ། རྣལ་འབྱོར་མ་རྣམས་ཀྱི་སྔགས་བཏུ་བའོ། །ཡི་གེ་ཧཱུཾ་གི་ཆ་ཤས་སངས་རྒྱས་ལྔར་བསྟན་པའི་ཕྱིར། དབྱུག་པ་འཇིག་རྟེན་དབང་ཕྱུག་མགོན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱུག་པ་ཞེས་བྱ་བ་ནི་ཡི་གེ་ཧའི་འོག་གི་ཆའི་རི་མོའོ། །འཇིག་རྟེན་ དབང་ཕྱུག་མགོན་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་སོ། །གྱ་གྱུ་ཞེས་བྱ་བ་ནི་ཞབས་སྐྱེད་དོ། །ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་མི་བསྐྱོད་པའོ། །ལུས་ཞེས་བྱ་བ་ནི་ཡི་གེ་ཧའི་སྟེང་གི་ཆའོ། །འཇམ་པའི་མཆོག་ཅེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །བུམ་པ་ཞེས་བྱ་བ་ནི་ཟླ་བ་ཕྱེད་པའོ། །བྱམས་ པ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའོ། །སྟེང་དུ་འབར་བའི་མ་ཡིག་ནི། །འཁོར་བ་ཐམས་ཅད་སྒྲོལ་བྱེད་པ། །ཞེས་བྱ་བ་ལ། མ་ཡིག་ཅེས་བྱ་བ་ནི་སྟེང་གི་ཐིག་ལེའོ། །འབར་བ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །འཁོར་བ་ཐམས་ཅད་སྒྲོལ་བྱེད་པ། །ཞེས་བྱ་བ་ནི། དེ་ལྟར་སངས་ རྒྱས་ལྔའི་ཡན་ལག་ལས་བསྡུས་པས་ནི་ཧཱུཾ་ངོ་། །དེ་ལ་ཤར་གྱི་ཕྱོགས་གནས་པ། །ལྷ་མོ་རྡོ་རྗེ་མཁའ་འགྲོ་མ། །ཞེས་བྱ་བ་ནི་སྔར་མཁའ་འགྲོ་མ་རྣམས་ཀྱི་སྔགས་བཏུ་བ་བསྟན་པའི་དགོད་པའི་གནས་དང་། ལྷ་མོ་གང་གི་ངོ་བོ་ཉིད་ཡིན་པ་སྟོན་པར་མཛད་པ་སྟེ། ཤར་གྱི་ཕྱོགས་གནས་པ་ཞེས་བྱ་བ་ནི། རེའུ་མིག་དགུའི་ཤར་ཕྱོགས་ཀྱི་རེའུ་ཆ་ལ་བྲི་བའོ། །དེར་ཅི་ཞིག་ཅེ་ན། ལྷ་མོ་རྡོ་རྗེ་མཁའ་འགྲོ་མ། །ཞེས་བྱ་བ་སྟེ། རྡོ་རྗེ་མཁའ་འགྲོ་མའི་རང་བཞིན་གྱི་སྔགས། ཨོཾ་དེ་བ་དཏྟཾ་རཀྵ་རཀྵ་སུཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའོ། །བྱང་དུ་དྲག་མོ་ཞེས་པའི་ས་བོན་ཉིད་ནི་སྦྱར་བར་བྱ་བ་ནི་དེ་བཞིན་དུ་གཡོན་སྐོར་ གྱིས་བྱང་ཕྱོགས་ཀྱི་རེའུ་ཆ་ལ། དྲག་མོ་ཞེས་བྱ་བ་དྲག་མོའི་རང་བཞིན་ཅན་གྱི་ས་བོན་ཞེས་བྱ་བ་ཨོཾ་དེ་བ་དཏྟཾ་རཀྵ་རཀྵ་ཀྵུཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་སྦྱར་བ་སྟེ་བྲི་བའོ་ཞེས་བྱ་བའི་དོན་ཏོ། །ནུབ་ཀྱི་ཕྱོགས་སུ་གནས་པ་ནི། །ཞེས་བྱ་བ་ནི་ནུབ་ཕྱོགས་ཀྱི་རེའུ་ཆ་ལ་གནས་པར་རོ་ ལངས་མའི་ས་བོན་ཞེས་བྱ་བ་ནི་རོ་ལངས་མའི་རང་བཞིན་གྱི་སྔགས། ཨོཾ་དེ་བ་དཏྟཾ་རཀྵ་རཀྵ་ཡུཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའོ། །སྦྱར་བ་ནི་བྲི་བའོ། །ལྷོའི་ཕྱོགས་ཞེས་བྱ་བ་ནི་ལྷོ་ཕྱོགས་ཀྱི་རེའུ་ཆ་ལའོ། །གཏུམ་མོའི་ས་བོན་ཞེས་བྱ་བའི་ཨོཾ་དེ་བ་དཏྟཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཞེས་བྱ་བའི་སྔགས་སོ། །རྫོགས་ པར་བསྟན་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་བྲི་བའོ། །དབང་ལྡན་དུ་ནི་སེང་གེ་མོ། །ཞེས་བྱ་བ་ལ་སོགས་པ་ལ་དབང་ལྡན་གྱི་མཚམས་སུ་སེང་གེ་མོའི་སྔགས་སྨྲཾ་ཞེས་བྱ་བ་དང་། མེ་མཚམས་སུ་ནི་སྟག་མོའི་སྔགས་ཧྨྲྱུཾ་ཞེས་བྱ་བ་དང་། བདེན་བྲལ་གྱི་མཚམས་སུ་ཅེ་སྤྱང་མོའི་ སྔགས་ཡྨྲཾ་ཞེས་བྱ་བ་དང་། རླུང་མཚམས་སུ་ནི་འུག་པ་མོའི་སྔགས་ཀྵྨཾ་ཞེས་བྱ་བ་རྣམས་གོ་རིམས་བཞིན་དུ་བྲི་བར་བྱའོ། །ཧཱུཾ་བྱེད་ཅེས་བྱ་བ་ནི་ཧཱུཾ་གི་སྒྲ་སྒྲོགས་པས་འཇིགས་པར་བྱེད་པའོ། །འུག་པ་མོ་ཞེས་བྱ་བ་ནི་མུན་པ་ཅན་ནོ། །སྔགས་བཞི་པོ་དེ་དག་ནི་མན་ངག་ལས་རྐྱང་པར་ ཤེས་པར་བྱའོ། །མཚམས་ན་གནས་པའི་ས་བོན་ནི། །བཞི་པོ་ཡི་གེ་དྲུག་གི་དངོས། །ཞེས་བྱ་བ་ནི་སེང་གེ་མོ་ལ་སོགས་པའི་ས་བོན་མཚམས་ན་གནས་པ་བཞི་པོ་དེ་དག་ནི་རེ་རེ་ཞིང་ཡང་ཡི་གེ་དྲུག་བརྩེགས་པའི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །སྔགས་དགོད་པ་ཉེ་ བར་བསྡུ་བ་བསྟན་པའི་ཕྱིར། ཕྱོགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་ལ་སོགས་པའི་རེའུ་མིག་ཇི་ལྟ་བ་བཞིན་དུ་སྨོས་པའི་ཚུལ་གྱིས་ས་བོན་དེ་དང་དེ་དག་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྟེང་གི་གནས་ནི་བཅུ་གཉིས་ལ། །དབྱངས་ཀྱི་ས་བོན་ གཞག་པར་བྱ། །ཞེས་བྱ་བ་ནི་སྟེང་གི་ཁམ་ཕོར་གྱི་རེའུ་མིག་བཅུ་གཉིས་ལ། དབྱངས་ཀྱི་ཡི་གེ་བཅུ་གཉིས་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འོག་གི་ཁམ་ཕོར་གྱི་དབུས་སུ་བྲི་བའི་སྔགས་དང་འདྲ་བར་སྟེང་གི་དབུས་སུ་ཡང་བྲིའོ་ཞེས་བསྟན་པའི་ཕྱིར། །ཕྱག་འཚལ་སྲེག་བྱེད་ མཐའ་དང་བཅས། །ཞེས་བྱ་བ་སྨོས་ཏེ། ཕྱག་འཚལ་ནི་ཨོཾ་མོ། །སྲེག་བྱེད་ནི་སྭཱ་ཧཱའོ། །བཅས་པ་ནི་ཧཱུཾ་ངོ་། །དེས་ནི་འདི་སྐད་དུ། །ཁམ་ཕོར་སྟེང་མའི་དབུས་ཀྱི་རེའུ་མིག་ལ། ཨོཾ་དེ་བ་དཏྟཾ་རཀྵ་རཀྵ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་བྲིའོ་ཞེས་བྱ་བར་སྟོན་ཏོ། །དེའི་ཤར་གྱི་རེའུ་ མིག་ལ་རྀ། བྱང་དུ་རཱྀ། ནུབ་ཏུ་ལྀའོ། །ལྷོར་ནི་ལཱྀའོ། །དེ་ཉིད་གསུངས་པ། ཕྱོགས་སུ་མ་ནིང་གཞག་པར་བྱ། །ཞེས་བྱ་བ་སྟེ། ཇི་ལྟར་བསྟན་པའི་རིམ་གྱིས་ཕྱོགས་སུ་མ་ནིང་གི་ཡི་གེ་བཞི་བྲི་བའོ། །མཚམས་རྣམས་སུ་ནི་མན་ངག་གིས་ན་དབྱངས་ཀྱི་ཡི་གེ་བརྒྱད་བྲི་ བར་གསུངས་ཏེ། དེ་ལ་དབང་ལྡན་གྱི་མཚམས་སུ་གཡས་སྐོར་གྱིས་ཨི་ཨཱི། མེ་མཚམས་སུ་ཨུ་ཨཱུ། བདེན་བྲལ་དག་ཏུ་ཨེ་ཨཻ། རླུང་མཚམས་དག་ཏུ་ཨོ་ཨཽ་བྲི་བར་བྱ་སྟེ་བསྡུས་པའི་དོན་ཏོ། །མ་ནིང་གི་ས་བོན་བཞི་ནི་འབར་མ་ལ་སོགས་པའི་ངོ་བོ་ཉིད་དེ། དེ་ ཉིད་བསྟན་པའི་ཕྱིར། འབར་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ཕྱག་འཚལ་སྲེག་པ་མཐར་གནས་པ། །ཞེས་བྱ་བ་ནི། ཇི་ལྟར་རེའུ་མིག་དགུ་པའི་དབུས་སུ་ཡི་གེ་ཧཱུཾ་དང་ཕྱག་འཚལ་དང་སྭཱ་ཧཱ་དང་སྤེལ་བ་ཇི་ལྟ་བ་བཞིན་དུ། འདིར་ཡང་རེའུ་མིག་བཅུ་གཉིས་ལ་ གནས་པའི་ཡི་གེ་རྣམས་ཀྱང་སྤེལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཨོཾ་དེ་བ་དཏྟཾ་རཀྵ་རཀྵ་ཧཱུཾ་སྭཱ་ཧཱ་ཞེས་པ་ལྟ་བུའོ། །གང་གི་ས་བོན་གང་ཡིན་པ་དེ་དང་དེའི་ཕྱོགས་ཀྱི་ངེས་པ་བསྟན་པའི་ཕྱིར། ཇི་ལྟའི་གནས་བཞིན་གཞག་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤར་ཕྱོགས་མཁའ་ འགྲོ་མ་ཡི་གནས། །ཞེས་བྱ་བ་ནི་ཤར་ཕྱོགས་ཀྱི་རེའུ་མིག་ལ་གནས་པའི་ས་བོན་རྀ་ནི་ལྷ་མོ་མཁའ་འགྲོ་མའི་ངོ་བོ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །བྱང་དུ་གནས་པ་འབར་མ་སྟེ། །ཞེས་བྱ་བ་ནི་བྱང་གི་རེའུ་མིག་ལ་གནས་པའི་ས་བོན་ནི་ལྷ་མོ་འབར་མ་སྟེ་རཱྀའོ། །ནུབ་ཏུ་འཇིབ་མར་ རབ་ཏུ་གསུངས། །ཞེས་བྱ་བ་ནི་ནུབ་ཀྱི་རེའུ་མིག་ལ་གནས་པའི་ས་བོན་ནི་ལྷ་མོ་འཇིབ་མ་སྟེ་ལྀའོ། །ལྷོ་རུ་འཕྲོག་བྱེད་དགོད་པར་བྱ། །ཞེས་བྱ་བ་ནི་ལྷོའི་རེའུ་མིག་ལ་གནས་པའི་ས་བོན་ནི་ལྷ་མོ་ཕྲོག་བྱེད་མ་སྟེ་ལཱྀའོ། །སྔར་བསྟན་པ་ཉེ་བར་བཤད་པའི་ཕྱིར། དབུས་སུ་མིང་ནི་ བྲི་བྱ་སྟེ། ཞེས་བྱ་བ་ལ། དབུས་སུ་ནི་འཁོར་ལོའི་དབུས་སོ། །མིང་ནི་བསྒྲུབ་པར་བྱ་བའི་མིང་སྟེ་སྔགས་དང་སྤེལ་ཏེ་བྲི་བའོ། །འོག་ཏུ་དེ་བཞིན་སྟེང་དེ་བཞིན། །ཞེས་བྱ་བ་ནི། འོག་གི་རེའུ་མིག་དབུས་ལ་མིང་བྲི་བ་བཞིན་དུ་སྟེང་གི་རེའུ་མིག་ལ་ཡང་བྲི་བའོ་ཞེས་བྱ་ བའི་དོན་ཏོ། །ཡང་ན་དབུས་ཞེས་བྱ་བ་ནི་ཕྱག་འཚལ་དང་། རཀྵ་རཀྵའི་སྒྲའི་དབུས་སུ་བསྒྲུབ་བྱའི་མིང་བྲི་བའོ། །འོག་ཏུ་དེ་བཞིན་སྟེང་དེ་བཞིན། །ཞེས་བྱ་བ་ནི་སྟེང་གི་ཁམ་ཕོར་རོ། །འོག་ཅེས་བྱ་བ་ནི་དབུས་ཏེ། འདིའི་དོན་ནི་ཇི་ལྟར་སྔར་གྱི་ཁམ་ཕོར་ལྟར་ འདིར་ཡང་བྲིའོ་ཞེས་བྱ་བ་ཡིན་ནོ། །གཉི་ག་ཞེས་བྱ་བ་ལ་སོགས་པ་ལ། གཉི་ག་ཁམ་ཕོར་གཉིས་སོ། །ཁ་སྦྱར་བ་ནི་གོ་སླའོ། །སྐུད་པ་དམར་པོས་དཀྲི་བ་ནི། སྐུད་པ་དམར་པོས་ཀུན་ནས་བཅིང་བའོ། །ཀུན་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མཆོད་ པ་གསུངས་པ། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ལ་ཉེ་བར་སྤྱོད་པའི་གཏོར་མ་ཞེས་བྱ་བ་ནི་ཤ་དང་ཉ་ཤ་དང་སྒོག་སྐྱ་དང་བཙོང་དང་ཁུར་སྐྱ་ལ་སོགས་པའི་ཚོགས་སོ། །དབུས་སུ་འཁྲུལ་འཁོར་བཞག་ནས་ནི། །ཞེས་བྱ་བ་ནི་སྔར་བཤད་པའི་མཎྜལ་གྱི་སྟེང་དུ་འཁྲུལ་ འཁོར་གཞག་པ་སྟེ། རྡོ་རྗེ་བསམས་ནས་རེག་བྱ་ལ། །ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟ་བུའི་འཁྲུལ་འཁོར་ཞེ་ན། མཁའ་འགྲོ་མ་ལྔ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁམ་ཕོར་ཁ་སྦྱར་གྱི་སྟེང་དུ་ཡེ་ཤེས་མཁའ་འགྲོ་མ་དང་། རྡོ་རྗེ་མཁའ་འགྲོ་མ་དང་། དྲག་མོ་དང་། རོ་ལངས་མ་དང་། གཏུམ་མོ་རྣམས་བསྒོམས་པའི་ཁམ་ཕོར་རོ། །བདག་ཉིད་རྡོ་རྗེ་ཅན་སྦྱོར་བས། །ཞེས་བྱ་བ་ནི། བདག་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མའམ། རྡོ་རྗེ་མཁའ་འགྲོ་མ་འཁོར་དང་བཅས་པ་བསྒོམ་པའོ། །རྡོ་རྗེ་སེམས་དཔའ་བདག་ཅེས་ བརྗོད། །ཅེས་བྱ་བ་ནི། དེའི་འོག་ཏུ་རྡོ་རྗེ་སེམས་དཔའི་ང་རྒྱལ་བྱ་བའམ། ཡང་ན་རང་བཞིན་མེད་པར་བསྒོམ་པའོ། །རྡོ་རྗེ་ལག་གི་ལག་རྩེ་རུ། །ཞེས་བྱ་བ་ནི་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱར་བཅས་པའི་སོར་མོའི་རྩེ་མོར་རོ། །རྡོ་རྗེ་བསམས་ནས་ཞེས་བྱ་བ་ནི་གོ་སླའོ། །རེག་བྱ་ཞེས་བྱ་ བ་ནི་ཁམ་ཕོར་ལ་རེག་པའོ། །ཡང་ན་ལག་གིས་རྡོ་རྗེ་ཐོགས་ཏེ་རེག་པའོ། །དབུས་སུ་བསྟན་པའི་ས་བོན་ནི། །ཞེས་བྱ་བ་ནི་ཁམ་ཕོར་གྱི་དབུས་སུ་བྲིས་པའི་སྔགས་གང་ཡིན་པ་སྟེ། ཨོཾ་དེ་བ་དཏྟཾ་རཀྵ་རཀྵ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའོ། །བརྒྱད་བརྒྱ་རུ་ནི་བཟླས་པར་བྱ། །ཞེས་བྱ་བ་ནི་གོ་ སླའོ། །ཕན་ཡོན་གསུངས་པ། ཚེ་རབས་སྔ་མའི་སྡིག་ལ་སོགས། །ལྷ་ལ་སོགས་ལ་བསྒོ་བར་བྱ། །ཞེས་བྱ་བ་ལ་སོགས་པ་ལ། ཚེ་རབས་སྔ་མ་ལ་སོགས་པ་ལ་བསགས་པའི་སྡིག་པ་རྣམས་ལྷ་ལ་བསྒོ་བ་སྟེ། ལྷ་རྣམས་ཀྱིས་མེད་པར་མཛད་པ་ཡིན་གྱིས་གཞན་དུ་ན་ཆོ་ག་ འདི་ཙམ་གྱིས་བསྒྲུབ་བྱའི་ལུས་བསྲུངས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་ཐམས་ཅད་གཟིར་བ་དང་། །འཆི་བའི་དུས་བབ་འབྱུང་མི་འགྱུར། །ཞེས་བྱ་བ་ནི། སྒྲུབ་པར་བྱེད་པའི་ལུས་ལ་ནད་དང་དུས་མ་ཡིན་པར་འཆི་བ་འབྱུང་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ནད་པ་གློར་ གཞག་སྦྱར་ནས་ནི། །ཞེས་བྱ་བ་ནི་ནད་པའི་གློར་འཁྲུལ་འཁོར་བཞག་ནས་སྔགས་བཟླས་པ་སྦྱར་ནའོ། །དུས་རྣམས་ཀུན་དུ་ནད་མི་འབྱུང་། །ཞེས་བྱ་བ་ནི་ནད་དང་བྲལ་བའོ། །ཡང་ན་དུས་རྣམས་ཀུན་དུ་ཞེས་བྱ་བ་ནི་སྔགས་བརྒྱད་བརྒྱ་བཟླས་པའི་འཁྲུལ་འཁོར་ཇི་སྲིད་དུ་གནས་པ་དེ་སྲིད་ དུ་དུས་མ་ཡིན་པར་འཆི་བ་དང་ནད་རྣམས་འབྱུང་བར་མི་འགྱུར་བ་སྟེ། དེ་ཉིད་ལ་སྔགས་བརྒྱད་བརྒྱ་བཟླས་པས་གལ་ཏེ་ནད་ཀྱིས་ཟིན་པ་ཡང་ནད་དང་དུས་མ་ཡིན་པར་འཆི་བ་ཟློག་པར་བྱེད་པའོ། །དེའི་ཚེ། ལུས་ཅན་ཚེ་ནི་ཟད་པ་ཡང་། །ཟླ་བ་དྲུག་ཏུ་གནས་པར་འགྱུར། །ཞེས་བྱ་བ་ནི། ནད་ པའི་གློར་གཞག་སྦྱར་ན་ནི། །ཞེས་བྱ་བ་དང་འབྲེལ་ཏེ། ནད་པའི་གློར་འཁྲུལ་འཁོར་བཞག་ནས་སྔགས་བཟླས་ན་ཚེ་ཟད་པ་རྣམས་ཀྱང་ཟླ་བ་དྲུག་ཏུ་ཚེ་ནུར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གནས་གཞན་དུ་ནི་བཞག་ནས་སུ། །རྟག་ཏུ་མཆོད་ལ་བརྩོན་པར་བྱ། །ཞེས་བྱ་བ་ནི་གློར་བཞག་པ་ལས་ གནས་གཞན་དུ་བཞག་ནས་ཀྱང་། མཆོད་པ་སྔོན་དུ་འགྲོ་བའི་སྔགས་བཟླས་ནས་སྔར་སྨོས་པ་ལྟར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེ་རྒྱ་ལྡན་སྦྱོར་བ་ཡིས། །རྣམ་ཤེས་གང་དུའང་འགྲོ་མི་འགྱུར། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་རྒྱ་ལྡན་གྱིས་ཁང་པའི་སྒོ་བསྲུངས་པའི་མི་ ཕྱིར་མི་འབྱུང་བ་ལྟར་ཆོ་ག་འདིས་བསྲུངས་པའི་ལུས་ལས་རྣམ་པར་ཤེས་པ་མི་འགྲོའོ་ཞེས་བྱ་བའི་དོན་ཏོ། །ད་ནི་དུག་གསོ་བ་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ཡང་ལས་ནི་བཤད་པར་བྱ། །ཞེས་བྱ་བར་སྦྱར་རོ། །གཞན་ཡང་བདག་གི་ དབུགས་དག་ནི། །དེར་ནི་རབ་ཏུ་བརྟག་པར་བྱ། །ཞེས་བྱ་བ་ལ་བདག་གི་དབུགས་ནི་བདག་ཉིད་ཀྱི་དབུགས་རྒྱུ་བའོ། །དེར་ནི་ཞེས་བྱ་བ་ནི་དུག་གསོ་བ་ལའོ། །རབ་ཏུ་བརྟག་པར་བྱ་ཞེས་བྱ་བ་ནི་དཔྱད་པ་ལ་འབད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དབུགས་ཀྱི་ གནས་ནི་མཚུངས་པར་ནི། །ཞེས་བྱ་བ་ནི་བདག་གི་དབུགས་སྣ་སྒོའི་ཕྱོགས་གང་ནས་རྒྱུ་བའི་ཕྱོགས་དེ་ནས་གལ་ཏེ་ཕོ་ཉ་སྨྲ་བར་བྱེད་ན། དེའི་ཚེ་དབུགས་དང་གནས་མཚུངས་པའོ། །ཐམས་ཅད་འགྲུབ་པར་གསུངས་པ་ཡིན། །ཞེས་བྱ་བ་ནི་དེའི་དུག་གསོ་བ་ལ་སོགས་པའི་ལས་དེ་དག་ འགྲུབ་པར་འགྱུར་བའོ། །དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། གཡས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཡས་ལ་གཡས་སུ་གནས་པ་ཞེས་བྱ་བ་ནི་བདག་གི་དབུགས་སྣ་སྒོ་གཡས་ནས་རྒྱུ་བའི་ཚེ། ཕོ་ཉ་ཡང་གཡས་སུ་གནས་པ་སྟེ། དབུགས་དང་གནས་ མཚུངས་པའོ། །གཡོན་ལ་གཡོན་དུ་གནས་ཞེས་བྱ་བ་ཡང་དེ་བཞིན་ནོ། །དེར་གནས་ནས་ནི་སྨྲ་བྱེད་པ། །ཐམས་ཅད་འགྲུབ་པ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་གོ་སླའོ། །སྤང་བར་བྱ་བ་བསྟན་པའི་ཕྱིར། །དབུགས་དང་འདྲི་བ་མི་མཐུན་པ། །གྲུབ་པ་རིང་བར་མཚོན་པར་བྱ། །ཞེས་ བྱ་བ་སྨོས་ཏེ། འདྲི་བ་ཞེས་བྱ་བ་ནི། ལྷ་སྦྱིན་མཆེ་བས་ཟིན་ན། དེ་ལ་ཇི་ལྟར་བགྱི་ཞེས་བྱ་བ་ལ་སོགས་པའི་ཚིག་གོ། །དབུགས་དང་མི་མཐུན་པ་ཞེས་བྱ་བ་ནི་གནས་མི་མཚུངས་པ་སྟེ། བདག་གི་དབུགས་སྣ་སྒོ་གཡས་ནས་རྒྱུ་ན། ཕོ་ཉ་གཡོན་དུ་གནས་ པའམ། གཡོན་ན་རྒྱུ་ན་གཡས་སུ་གནས་པ་སྟེ། དབུགས་ཀྱིས་སྟོང་པའི་སྣ་སྒོར་གཡས་པ་ཞེས་བྱ་བ་ནི་དོན་ཏོ། །དངོས་གྲུབ་རིང་བར་མཚོན་པར་བྱ། །ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་འགྲུབ་པ་དང་མི་འགྲུབ་པའི་དབུགས་བརྟགས་ལ་མཆེ་བས་ཟིན་པའི་གན་དུ་འགྲོ་ བའམ་མི་འགྲོ་བར་བྱའོ། །བརྟགས་པའི་རྣམ་པ་གཞན་གསུངས་ཏེ། སྐད་ཅིག་ཅེས་བྱ་བ་ལ་སོགས་པ་ལ། སྐད་ཅིག་ཅེས་བྱ་བ་ནི་དབུགས་ནང་དུ་འཇུག་པའོ། །སྲོག་ཅེས་བྱ་བ་ནི་ཕྱིར་འཕྲོ་བའོ། །སྦྱོར་བ་གཉིས་ཞེས་བྱ་བ་ནི་འདས་མ་ཐག་པའི་དབུགས་ཀྱི་སྦྱོར་བ་དེ་ གཉིས་ཏེ། དབུགས་ནང་དུ་འཇུག་པ་ལ་འདྲི་བ་དང་། ཕྱིར་འགྲོ་བ་ལ་འདྲི་བའོ། །ཤེས་བྱ་སྟེ་ཞེས་བྱ་བ་ནི་སྦྱོར་བ་དེ་གཉིས་ཀྱི་ནང་ནས་སྐད་ཅིག་གི་སྦྱོར་བ་ནི་གཟུང་བར་བྱ་བ་ཡིན་ལ། ཅིག་ཤོས་ནི་སྤང་བར་བྱ་བར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྐད་ཅིག་ཅེས་བྱ་བ་ལ་སོགས་པ་ལ། བྱ་བ་ཀུན་ནི་དགོས་པ་ཀུན་ནོ། །དེ་ཉིད་ཅི་ཞིག་ཅེ་ན། རྒྱས་པར་འགྱུར་བར་རབ་ཏུ་གྲགས། །ཞེས་བྱ་བ་སྨོས་ཏེ། རྒྱས་པ་ལ་སོགས་པ་ཐམས་ཅད་ཀྱང་འགྲུབ་ན། དུག་གསོ་བ་འབའ་ཞིག་ལྟ་ཅི་སྨོས་ཞེས་བྱ་བའམ། ཡང་ན་རྒྱས་ པར་འགྱུར་བ་ནི་རྫོགས་པར་འགྱུར་བ་སྟེ། བྱ་བ་ཀུན་ཉེ་བར་འགྲུབ་པའོ། །སྲོག་ལ་བྱ་བ་གང་བྱས་པ། །གྲུབ་པ་རིང་བར་ཐེ་ཚོམ་མེད། །ཅེས་བྱ་བ་ནི། སྲོག་གི་སྦྱོར་བས་གནས་ཏེ་འདྲི་བའི་བྱ་བ་རྣམས་ནི་རིང་བ་སྟེ། མི་འགྲུབ་པོ་ཞེས་བྱ་བའི་བར་དུའོ། །མཆེ་བ་ལ་སོགས་བསམས་ ནས་དུག །དེར་ནི་གསོ་བ་དག་ཏུ་བྱ། །ཞེས་བྱ་བ་ལ། སོགས་ཀྱི་སྒྲས་ནི་ནད་གཞན་ཡང་གཟུང་བར་བྱའོ། །བསམས་ནས་ཞེས་བྱ་བ་སྔར་སྨོས་པའི་ཚུལ་གྱིས་རུང་བ་དང་མི་རུང་བ་དཔྱད་ནས་སོ། །དེར་ནི་གསོ་བ་དག་ཏུ་བྱ། །ཞེས་བྱ་བ་ནི་གོ་སླའོ། །ཅི་ཞིག་དཔྱད་པར་བྱ་ཞེ་ན། སྦྱོར་སོགས་སྔགས་ཀྱི་མཚན་ཉིད་ཅན་ཏེ། རིམ་པར་ཕྱེ་བ་སྔ་མ་ལས་སྨོས་པའི་སྦྱོར་བའི་མཚན་ཉིད་དོ། །ཐམས་ཅད་རིག་པས་ཞེས་བྱ་བ་ནི་རྣལ་འབྱོར་པས་སོ། །ཀླུ་ལ་བསྒོ་ཞེས་བྱ་བ་ནི་བཀའ་བསྒོ་བ་ཤེས་ནས་ཀླུའི་ནད་གསོ་བའོ། །སྔར་སྨོས་པའི་མཚན་ཉིད་བསྟན་པའི་ ཕྱིར། སྦྱོར་བ་བཞི་ལ་སོས་བཏབ་པ། །འཆི་བར་འགྱུར་བར་ཐེ་ཚོམ་མེད། །ཅེས་བྱ་བ་སྨོས་ཏེ། སྦྱོར་བ་བཞི་ཞེས་བྱ་བ་ནི་རྭ་ཅན་བཞིའོ། །སོས་བཏབ་པ་ཉེ་བར་མཚོན་པ་སྟེ། ནད་ཐམས་ཅད་དོ། །ཡང་ན་སོས་བཏབ་པ་ཞེས་བྱ་བ་ནི་མཆེ་བའི་དུག་འབའ་ཞིག་གོ། ། སྦྱོར་བ་བཞི་ཞེས་བྱ་བ་ནི་བླ་མའི་མན་ངག་ལས་མི་ཀི་རི་ལ་སོགས་པ་སྟེ། མི་ཀི་རའི་སྦྱོར་བ་ལ་ནི་རིགས་ལྡན་གྱི་སོས་བཏབ་པའོ། །བི་ཏི་ཀ་ལས་ནི་མགོ་བརྒྱ་པས་སོ། །སྭ་པྣ་ལ་ནི་གཙིགས་པས་སོ། །ཀ་མ་ལ་ནི་དུས་ཀྱི་མཆེ་བས་ཏེ་སྦྱོར་བ་བཞི་པོ་དེ་ལ་ཟིན་པ་རྣམས་གདོན་མི་ཟ་བར་འཆི་ བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་ནི་གཟུང་བར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་གསུངས་པ། དུག་བསྡུ་བ་ཡི་སྦྱོར་བ་ཡིས། །གཞན་མ་ཐམས་ཅད་གསོ་བར་བྱ། །ཞེས་བྱ་བ་ལ། གཞན་བརྒྱད་པོ་ཐམས་ཅད་ལ་འོག་ནས་འབྱུང་བའི་དུག་འཕྲོག་པའི་སྦྱོར་བས་ གསོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འཕྲོག་པའི་སྦྱོར་བ་དེ་ཉིད་བསྟན་པའི་ཕྱིར། སོས་བཏབ་ལུས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་བོན་གྱི་ནི་དགོད་པས་དགོད། །ཅེས་བྱ་བ་ནི། བསྒྲུབ་པར་བྱ་བའི་ལུས་ཀྱི་ཡན་ལག་ལ་ས་བོན་གྱི་ཡི་གེ་བརྒྱད་ དགོད་པ་སྟེ་བསམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཡི་གེ་བརྒྱད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་བརྒྱད་ཀྱི་སྔགས་དག་ནི། །ཡན་ལག་བརྒྱད་པོ་རྣམས་སུ་དགོད། །ཅེས་བྱ་བ་ལ། ཡི་གེ་བརྒྱད་ཉིད་སྔགས་ཏེ། དེ་རྣམས་ཡན་ལག་བརྒྱད་པོ་ཞེས་བྱ་བ་མགོ་ལ་སོགས་པའི་ཡན་ལག་རྣམས་སུ་བཀོད་ཅིང་བསམ་པས་བསྲུང་བར་བྱ་སྟེ། འདི་ལྟར་མགོར་ནི་ཀྵུཾ་ངོ་། །སྣ་དང་རྣ་བ་གཉིས་དག་ལ་ནི་ཡུཾ་ངོ་། །མིག་གཉིས་སུ་ནི་ཧཱུཾ་ངོ་། །ཁ་རུ་ནི་སུཾ་ངོ་། །མགྲིན་པར་ནི་ སྨྲྱུཾ་ངོ་། །ནམ་མཚང་དག་ཏུ་ནི་ཧྨྲཾ་ངོ་། །སྙིང་གར་ནི་ཡྨྲཾ་ངོ་། །ལྟེ་བར་ནི་ཀྵྨཾ་ངོ་། །ཁ་དོག་དཀར་པོར་བསམས་པ་ཡི། །ཞེས་བྱ་བ་ནི་ས་བོན་དེ་དག་ཁ་དོག་སྣ་ཚོགས་ཡིན་མོད་ཀྱི། དུག་འཕྲོག་པའི་སྐབས་སུ་ནི་ཐམས་ཅད་དཀར་པོར་བསམ་མོ་ཞེས་བྱ་བའི་དོན་ཏོ། ། ས་བོན་རྣམས་ཀྱིས་ཡུ་ཡིད་དུག་དབྲོག །ཅེས་བྱ་བ་ལ། ཡིད་དུག་ཅེས་བྱ་བ་ནི་དུག་རྣམས་རང་གི་རྣམ་པར་རྟོག་པའི་བདག་ཉིད་ཀྱི་ཕྱིར་རོ། །ས་བོན་རྣམས་དབྲོག་ཅེས་བྱ་བ་ནི་སྔར་སྨོས་པའི་ས་བོན་རྣམས་ཀྱིས་འོག་ནས་འབྱུང་བའི་ཆོ་ག་ལྟར་དུག་གི་མཐུ་དབྲོག་པའོ། ། དཀྱིལ་འཁོར་དབུས་སུ་གནས་པ་ཡི། །ཞེས་བྱ་བ་ལ། དཀྱིལ་འཁོར་ནི་ལུས་སོ། །དེའི་དབུས་ནི་སྙིང་གའོ། །དེར་གནས་པའི་ཡེ་ཤེས་ནི་ཡི་གེ་ཧཱུཾ་སྟེ། དེས་རྣམ་པར་ཤེས་པ་བཅིང་བ་སྟེ་བསྡམ་པར་བྱ་བའོ། །ཡན་ལག་བསྲུང་བའི་སྦྱོར་བྱས་ནས། །དེའི་འོག་ཕྱི་རོལ་ བརྩམ་པར་བྱ། །ཞེས་བྱ་བ་ནི། སྔར་སྨོས་པའི་རིམ་གྱིས་དུག་གིས་ཟིན་པའི་ལུས་དང་པོར་བསྲུངས་ལ། དེའི་འོག་ཏུ་ཕྱིའི་ལས་བརྩམ་མོ་ཞེས་བྱ་བའི་དོན་ཏོ། །ཕྱིའི་ལས་གསུངས་པ། ཆུ་དང་འོ་མ་བསྲེས་པ་ཡིས། །ས་སྣོད་ཡོངས་སུ་དགང་བར་བྱ། །ཞེས་བྱ་བ་ལ་སོགས་པ་ སྟེ། ས་སྣོད་ནི་ས་ལ་སོགས་པའི་བུམ་པའོ། །ཆུ་དང་འོ་མ་བསྲེས་པས་དགང་བ་ནི་གོ་སླའོ། །ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པའི་དོན་ནི་བུམ་པ་གང་ཡིན་པ་དེའི་ནང་དུ་པདྨ་འདབ་མ་བརྒྱད་པ། དེའི་ལྟེ་བར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་སུཾ་ཡོངས་སུ་གྱུར་པ་ལས་བྱུང་ བའི་རྡོ་རྗེ་མཁའ་འགྲོ་མ་གདུགས་དཀར་པོས་བརྒྱན་ཅིང་མདོག་དཀར་མོ་ཕྱག་གཉིས་ན་ཁ་ཊྭཱཾ་ག་དང་། ཐོད་པ་བསྣམས་ཤིང་། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་སེམས་དཔའི་སྐྱིལ་ཀྲུང་ཅན། ཀླུ་བརྒྱད་ཀྱི་མགོའི་ཆ་རྣམས་གདན་ཟླ་བའི་དཀྱིལ་འཁོར་གྱི་འོག་ཏུ་བསྡུས་ནས་མནན་ཏེ་ བཞུགས་པར་བསྒོམ་པ་འདི་ཡིན་ནོ། །ད་ནི་པདྨའི་འདབ་མ་རྣམས་ལ་གནས་པའི་ཀླུ་རྣམས་བསྟན་པར་བྱ་བའི་ཕྱིར། །ཤར་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤར་གྱི་འདབ་མ་ལ་ནི་ནོར་རྒྱས་བུ་དཀར་པོའོ། །བྱང་དུ་ནི་འཇོག་པོ་སེར་པོའོ། །ནུབ་ཏུ་ནི་སྟོབས་ཀྱི་རྒྱུ་དམར་ པོའོ། །ལྷོར་ནི་པདྨ་སྔོན་པོའོ། །དབང་ལྡན་དུ་ནི་པདྨ་ཆེན་པོ་དཀར་སེར་རོ། །མེ་མཚམས་སུ་ནི་དུང་སྐྱོང་དཀར་སྔོའོ། །བདེན་བྲལ་གྱི་མཚམས་སུ་ནི་རིགས་ལྡན་སྔོན་དམར་པོ། །རླུང་མཚམས་སུ་ནི་འཁྱིལ་བ་ལྟུང་བ་དམར་སེར་ཏེ། དེ་དག་ནི་ཀླུ་བརྒྱད་དོ། །ཉེ་བར་བསྡུ་བ་བསྟན་ པའི་ཕྱིར། ཀླུ་བརྒྱད་པོ་ནི་བསམས་ནས་སུ། །མགོ་བོ་རྣམས་ནི་མནན་པར་བསྒོམ། །ཞེས་བྱ་བ་སྨོས་ཏེ། བཤད་ཟིན་ཏོ། །མཆོད་པ་བསྟན་པའི་ཕྱིར། རྫས་རྣམས་ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་རྣམས་ཀུན་ནི་མེ་ཏོག་དང་། བདུག་པ་དང་། དྲི་དང་། མར་མེ་དང་། ལྷ་བཤོས་རྣམས་སོ། །མེ་ཏོག་བདུག་སོགས་གཏོར་མ་སྦྱིན། །ཞེས་བྱ་བ་ནི་ཀླུའི་གཏོར་མ་སྦྱིན་པའོ། །བདག་ཉིད་ལྷ་ཡི་རྣལ་འབྱོར་ནི། །རྡོ་རྗེ་མཁའ་འགྲོ་མ་རུ་བསམ། །ཞེས་བྱ་བ་ནི། དུག་དབྲོག་པའི་དུས་འདིར་བདག་ཉིད་རྡོ་རྗེ་མཁའ་འགྲོ་མའི་ ལྷའི་རྣལ་འབྱོར་དུ་བྱ་བའོ། །རྨ་བྱའི་སྒྲོ་ཡི་ཆུན་པོ་ཡིས། །ཆུ་ཡི་སྦྱོར་བས་དྲང་བར་བྱ། །ཞེས་བྱ་བ་ནི་དྲངས་ཏེ་ཆུའི་ནང་དུ་ངོ་བོ་བའོ། །གང་ནས་དྲངས་ཤེ་ན། ཀུན་ནས་རྐང་པར་དྲངས་ནས་སུ། །ཞེས་བྱ་བ་སྨོས་ཏེ། མགོ་བོ་ལ་སོགས་པའི་ལུས་ཀུན་ནི་རྨ་བྱའི་སྒྲོའི་ཆུན་པོས་ བྱ་བས་ལ་རྐང་མཐིལ་གྱི་བར་དུ་དྲང་བའོ། །རྐང་པ་ནས་ནི་ཆུར་ཐིམ་བྱ། །ཞེས་བྱ་བ་ནི་བུམ་པའི་ཆུ་སྣོད་ཀྱི་ནང་དུ་དབོ་ཞིང་ལྷ་ལ་གསོལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དུག་དབྲོག་པའི་སྔགས་གསུངས་པ། ཨོཾ་ཧྲཱིཿ་ཊཊྚཎྚ་ར་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱ་བ་ནི་འདིར་མན་ངག་ལས་ཧཱུཾ་ གསུམ་དང་ཕཊ་གསུམ་དུ་བལྟ་བར་བྱའོ། །སྔོན་དུ་བསྙེན་པ་བྱ་བ་མ་གཏོགས་པར་མི་འགྲུབ་པར་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོར་རྡོ་རྗེ་སེམས་དཔའི་སྦྱོར་བས། བཱ་སུ་ཀི་ལ་སོགས་པའི་སྔགས་ཐམས་ཅད་འབུམ་ཕྲག་རེ་རེར་ བཟླས་པས་བསྙེན་པ་བྱ་བའོ། །སྔགས་དེ་དག་ཀྱང་གསུངས་པ། ཨོཾ་བཱ་སུ་ཀི་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དུག་དབྲོག་པའི་དུས་སུ། སྔགས་སྤེལ་བ་བསྟན་པའི་ཕྱིར། ཨོཾ་ཧྲཱིཿ་ཊཊྚཎྚར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨཱ་མུ་ཀ་སྱ་ཞེས་བྱ་བ་ནི་གཉིས་པའི་དོན་ གྱིས་དྲུག་པ་ཡིན་ནོ། །ཀུན་ནས་རྐང་པར་དྲངས་ནས་སུ། །ཞེས་བྱ་བ་ནི། ཉེ་བར་བསྟན་པ་གསུངས་པ། འོ་མའི་དབུས་སུ་དྲངས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨོཾ་བཱ་སུ་ཀི་ཧྲཱིཿ་ཊཊྚཎྚ་ར་དེ་བ་དཏྟན་ནི་རི་བ་ཤྱཾ་རུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ་ཞེས་བྱ་བའི་ སྔགས་དང་། སྔགས་གཞན་ཐམས་ཅད་ཀྱང་ཟློས་ཤིང་། མགོ་ནས་བརྩམས་ཏེ་རྐང་པའི་བར་དུ་བྱབས་ནས་དྲངས་ལ་ཆུར་དབོ་བར་བྱའོ། །ཕོ་བ་ཙམ་གྱིས་དེའི་ཚེ་འཕྲལ་དུ་འོ་མ་ནག་པོར་འགྱུར་རོ། །དུག་འཕྲོགས་ནས་འོ་མ་ནག་པོར་གྱུར་གྱི་འོག་ཏུ་བྱ་བའི་སྦྱོར་བ་བསྟན་པའི་ཕྱིར། ཡུངས་ཀར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀར་པོའི་སྒྲ་ནི་ཀུན་ལ་སྦྱར་བར་བྱའོ། །གསང་སྔགས་ཟློས་ཤིང་ཞེས་བྱ་བ་ནི། སྔར་སྨོས་པའི་སྔགས་ཐམས་ཅད་ཟློས་ཤིང་བརྡེག་པའོ། །བརྡེག་པ་ཙམ་གྱིས་བསྒྲུབ་བྱའི་སྙིང་འཕར་བ་ལ་སོགས་པར་འགྱུར་རོ། །དེ་ནས་ཅི་ ཞིག་བྱ་ཞེ་ན། སྙིང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་བསྡམས་ཏེ་གཟུང་བར་བྱ། །ཞེས་བྱ་བ་ནི་དེའི་སྙིང་གར་ཡེ་ཤེས་ཏེ་ཡི་གེ་ཧཱུཾ་བསྒོམས་པས་རྣམ་པར་ཤེས་པ་བཅིང་ཞིང་གཟུང་བར་བྱའོ། །དེ་ཙམ་གྱིས་ནི་དབུགས་གཡོ་བར་འགྱུར་རོ། །དེ་ནས་ཅི་ཞིག་ བྱ་ཞེ་ན། དབུགས་ནི་རྣམ་པར་གཡོས་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གི་དབུགས་ཀྱིས་གཟིར་བར་བྱ། །ཞེས་བྱ་བ་ནི་བདག་གི་སྣ་སྒོའི་རླུང་གིས་མཆེ་བས་ཟིན་པའི་སྣ་སྒོ་ནས་ཁོང་པར་ཐིམ་པར་བྱ་ཞིང་དགང་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཙམ་གྱིས་ནི་རྐང་ ལག་ལ་སོགས་པ་འདར་བར་འགྱུར་རོ། །དེ་ནས་ཅི་ཞིག་བྱ་ཞེ་ན། ཡན་ལག་ཐམས་ཅད་འདར་བ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་དབྱངས་ནི་བླང་བར་བྱ། །ཞེས་བྱ་བ་ནི་སྔགས་པ་བདག་ཉིད་ཀྱི་གླུ་བླང་བར་བྱ་བ་སྟེ། ཅི་ཞིག་ཅེ་ན་ཧཱུཾ་གི་གླུ་ཞེས་བྱ་བ་སྨོས་ཏེ། ཨོཾ་ཧཱུཾ་ཏྲེ་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་སེ་གོལ་གསུམ་སྔོན་དུ་གཏོགས་ལ་བླང་ངོ་ཞེས་བསྟན་པའི་ཕྱིར། སེ་གོལ་གསུམ་གྱིས་བླང་བར་བྱ། །ཞེས་བྱ་བ་སྨོས་ཏེ། སེ་གོལ་གསུམ་དང་བཅས་པའི་གླུ་བླངས་པ་ལས་མཆེ་བས་ཟིན་པ་ལྡང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། ། ནད་པ་ལངས་ནས་ཀྱང་རྡོ་རྗེ་མཁའ་འགྲོ་མར་དེའི་ལུས་བསྒོམས་ཏེ་བསྲུང་བར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། མཆེ་བས་ཟིན་པ་བླངས་ནས་ནི། །དེ་ཡི་ཡན་ལག་བསྲུང་བར་བྱ། །ཞེས་བྱ་བ་སྨོས་ཏེ་གོ་སླའོ། །དེའི་འོག་ཏུ་འོ་མའི་བུམ་པ་ཀླུས་བྱིན་གྱིས་བརླབས་པའི་གནས་སུ་ བསྐྱལ་བ་བསྟན་པའི་ཕྱིར། བསྡུས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །ད་ནི་དུག་སྔགས་ཀྱི་གཙོ་བོར་སྔར་བསྙེན་པ་བྱ་བ་བསྟན་པའི་ཕྱིར། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་གི་དོན་ནི་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་གིས་བསྐྱེད་པའི་རྡོ་རྗེ་ སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཉིས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། རྡོ་རྗེ་དང་དྲིལ་བུ་ཕྱག་གཡས་གཡོན་གྱིས་བསྣམས་པར་བདག་ཉིད་བསྒོམས་ལ། ཨོཾ་ཧྲཱིཿ་ཞེས་བྱ་བ་ལ་སོགས་པའི་སྔགས་འབུམ་ཕྲག་གསུམ་དུ་བཟླས་ན་ སྔར་བསྙེན་པ་བྱས་པར་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །དེར་ཡང་སྔར་འབུམ་ཕྲག་གསུམ་བཟླས་པས་བསྙེན་པས་བསྙེན་པ་བྱས་ལ་ཕྱིས་ཀྱང་གདོན་མི་ཟ་བར་འབུམ་ཕྲག་གཅིག་བཟླས་པར་བྱའོ། །དེ་ནས་སྒྲུབ་པོས་དུག་བསྡུས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་ བྱ་བ་ནི་བསྙེན་པའི་ཕན་ཡོན་གསུངས་པ་ཡིན་ནོ། །བསྒྲུབ་པར་བྱ་བ་མ་ཡིན་པའི་མཆེ་བའི་གནས་བསྟན་པའི་ཕྱིར། ཁ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐིག་ལེ་ཞེས་བྱ་བ་ནི་སྨིན་མའི་དབུས་སོ། །སྟེང་ཞེས་བྱ་བ་རྐན་ནོ། །སྣ་རྩེ་ནི་སྣ་སྒོ་གཉིས་སོ། །སྙིང་ག་ཞེས་ བྱ་བ་ནི་མཚན་ནོ། །གསང་བ་ཞེས་བྱ་བ་ནི་བཤང་བའི་ལམ་མོ། །རྐང་པའི་མཐེ་བོ་དག་ཅེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ལག་པའི་མཐེ་བོ་དག་ཀྱང་གཟུང་ངོ་། །ལྷག་མ་ནི་སྒྲ་ཇི་བཞིན་ནོ། །ཟིན་པ་གསོ་བར་མི་བྱ་སྟེ། །ཞེས་བྱ་བ་ནི་གསོར་མི་རུང་ཞིང་སྤང་བར་བྱ་ཞེས་བྱ་ བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། འཆི་བ་ཉིད་ཀྱི་རྒྱུ་རུ་གསུངས། །ཞེས་བྱ་བ་སྨོས་ཏེ། གནས་དེ་དག་ཏུ་ཟིན་པ་ཞེས་བྱ་བའི་ལྷག་མའོ། །ད་ནི་ཀླུའི་ཞར་ལ་འོངས་པས་ཆར་དབབ་པའི་ཆོ་ག་བསྟན་པའི་ཕྱིར། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་རྒྱལ་ཆེན་ པོ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་བོད་པའོ། །ཆར་པ་དབབ་པའི་ཆོ་ག་མཆོག །ཅེས་བྱ་བ་ལ། མཆོག་ནི་གཙོ་བོ་སྟེ་དམ་པའོ། །ཆུ་འགྲམ་དང་ནི་ཉེ་བའི་ཞེས་བྱ་བ་ནི་ཐ་མལ་པའི་ཆུ་རྒྱུན་གྱི་འགྲམ་དུའོ། །ས་ཕྱོགས་མཉམ་ནི་དགའ་བ་རུ། །ཞེས་བྱ་བ་ནི་ཀླུས་ བྱིན་གྱིས་བརླབས་པའི་མཚོ་འགྲམ་དུ་སྟེ། གནས་དེ་དག་གི་རླུང་མཚམས་སུ་དཀྱིལ་འཁོར་བརྩམ་པར་བྱའོ། །བླ་རེ་དག་ནི་བྲིས་ནས་སུ། །ཞེས་བྱ་བ་ལ་སོགས་པའི་དོན་ནི་གོ་སླའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་བྱ་བ་ནི་རྟ་བབས་མེད་པའི་སྒོ་བཞི་པའོ། ། ཀླུ་བརྒྱད་ཀྱིས་ནི་རྣམ་པར་བཀླུབས། །ཞེས་བྱ་བ་ནི། རྒྱལ་བ་ལ་སོགས་པའི་ཀླུ་བརྒྱད་ཀྱིས་རྟ་བབས་ལ་སོགས་པ་དང་འདྲ་བར་གྲྭ་དང་སྒོ་རྣམས་སུ་བརྒྱན་པའོ། །དེ་ཉིད་ཀྱི་ཕྱིར་མགོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒོ་རྣམས་སུ་ཕན་ཚུན་གདེངས་ཀ་གྱེན་དུ་ བསྒྲེང་བ་བསྣོལ་ཞིང་། ཕན་ཚུན་དུ་སྙིང་སྤྲད་པའོ། །མཇུག་མ་གཉིས་ཀྱིས་གྲྭ་རུ་མདུད། །ཅེས་བྱ་བ་ནི། གྲྭ་བཞིར་མཇུག་མ་བརྒྱད་ཀྱི་མདུད་པས་བརྒྱན་པའོ། །དེ་དག་ཀྱང་གང་དག་ཡིན་ཞེ་ན། ཤར་དུ་རྒྱལ་བ་བཟང་པོ་སྟེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་ སླའོ། །ཀླུ་བརྒྱད་ཀྱི་ནི་ར་བ་སྟེ། །ཞེས་བྱ་བ་ནི་འདས་མ་ཐག་པའི་ཀླུ་བརྒྱད་པོ་དེ་དག་ནི་ར་བ་འདྲ་བར་བསྐོར་བ་ཡིན་ཏེ། ཕྱོགས་ལ་སོགས་པར་རིགས་བརྒྱད་དགོད། །ཅེས་བྱ་བའི་ཚིག་འདི་དང་འབྲེལ་བར་བསྟན་པས་ན། སྔར་འདས་པའི་ར་བའི་ཀླུ་བརྒྱད་པོ་ དེ་དག་འོག་ནས་འབྱུང་བའི་རིགས་བརྒྱད་ཀྱི་མདོག་དང་འདྲ་བར་སྟོན་ཏོ། །སོགས་ཀྱིས་ནི་མཚམས་རྣམས་སུ་གཟུང་བར་བྱའོ། །དེ་ཡང་གང་དག་ཡིན་ཞེ་ན། ནོར་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ལ། དེའི་ཤར་གྱི་འདབ་མ་ལ་སོགས་པ་རྣམས་ལ་ནོར་རྒྱས་ལ་སོགས་པ་སྨོས་པའི་རིམ་བཞིན་དགོད་པར་བྱ་བ་སྟེ། དེ་དག་གི་ཁ་དོག་ཀྱང་སྔར་དུག་དབྲོག་པའི་སྐབས་སུ་བཤད་པ་བཞིན་དུ་བལྟ་བར་བྱའོ། །སྤྲིན་གྱི་དབང་ཕྱུག་རྒྱལ་པོ་བརྒྱད། །ཕྱོགས་བརྒྱད་ནས་ནི་དགུག་ པར་བྱ། །ཞེས་བྱ་བ་སྒྲ་སྒྲོགས་ལ་སོགས་པའི་སྤྲིན་བརྒྱད་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་དུ་བྲིས་ལ། ལྷུན་གྱིས་གྲུབ་པའི་གནས་ནས་བཀུག་པ་དང་བསྲེ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཀྱང་གང་ཞེ་ན། སྒྲ་སྒྲོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ སྒྲོགས་ནི་ཤར་དུའོ། །རྨུགས་པ་ནི་ཤར་ལྷོར་རོ། །དྲག་པོ་ནི་ལྷོར་རོ། །འཁྱིལ་པ་ནི་ལྷོ་ནུབ་ཏུའོ། །སྟུག་པོ་ནི་ནུབ་ཏུའོ། །གཏུམ་པོ་ནི་ནུབ་བྱང་དུའོ། །ཆར་འབེབས་ནི་བྱང་དུའོ། །རབ་ཏུ་གང་བ་ནི་བྱང་ཤར་དུའོ། །དེ་དག་ནི་བརྒྱད་པོ་ཞེས་བྱ་སྟེ། ཤར་ལ་སོགས་པའི་ ཕྱོགས་སུ་དགོད། །ཅེས་བྱ་བའི་དོན་ཡིན་ནོ། །ཇི་ལྟར་ཕྱོགས་ཀྱི་མདོག་ཏུ་བསམ། །ཞེས་བྱ་བ་ནི་ནང་གི་ཀླུ་རྣམས་དང་། མདོག་འདྲ་བར་བསམ་པ་སྟེ། འདི་དག་ནི་སྐྱེས་བུའི་གཟུགས་ཅན་གདེངས་ཀ་གཅིག་གིས་བརྒྱན་པའོ། །དབུས་སུ་རྡོ་རྗེ་མཁའ་འགྲོ་མ། །པདྨའི་ སྟན་ལ་ཡང་དག་བཞུགས། །ཞེས