Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 24
Văn bản gốc(Tây Tạng)
Trang 11 / 17 (50.000 ký tự/trang)
་བྱ་བ་ནི་དཀྱིལ་འཁོར་དེའི་དབུས་སུ་པདྨའི་ལྟེ་བ་ལ་རྡོ་རྗེ་མཁའ་འགྲོ་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅི་འདྲ་ཞེ་ན། ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །པདྨ་སྦྲུལ་གྱིས་བསྐོར་ནས་སུ། །སྦྲུལ་ གྱི་གདན་དུ་སྦྱར་བར་བྱ། །ཞེས་བྱ་བ་ནི་སྔར་སྨོས་པ་ལྟར་པདྨའི་འདབ་མ་རྣམས་ཀླུ་བརྒྱད་ཀྱིས་བསྐོར་ནས། ཀླུ་རྣམས་ཀྱི་མགོ་བོ་བརྒྱད་ལྷ་མོའི་གདན་གྱིས་མནན་པར་བྲིའོ། །མཆོད་པ་བསྟན་པའི་ཕྱིར། མཆོད་པ་རྒྱ་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོ་མའི་ཁམ་ཕོར་ བརྒྱད་ལ་སོགས་པས་མཆོད་པར་བྱ་བའོ། །མར་མེ་སྣ་ཚོགས་རིག་པས་མཆོད། །ཅེས་བྱ་བ་ལ། སྣ་ཚོགས་ནི་མཆོད་པ་སྣ་ཚོགས་སོ། །རིག་པ་ནི་རིག་པ་ཅན་ཏེ་རྣལ་འབྱོར་པའོ། །ལྷག་མ་ནི་གོ་སླའོ། །རྣལ་འབྱོར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། ཡེ་ཤེས་མཁའ་ འགྲོར་བདག་བསྒོམས་པའི། །ཡེ་ཤེས་ཅན་གྱི་རྣལ་འབྱོར་པ། །ཞེས་བྱ་བ་ལ། ཡེ་ཤེས་ཀྱི་རང་བཞིན་གྱི་མཁའ་འགྲོ་མ་ནི་ཡེ་ཤེས་མཁའ་འགྲོ་མ་སྟེ། རྡོ་རྗེ་མཁའ་འགྲོ་མར་བསྒོམ་པའོ། །བསྒོམ་པ་ནི་ཉེ་བར་མཚོན་པ་སྟེ་སྔགས་ཟློས་པ་ཡང་གཟུང་བར་བྱའོ། །དེ་ཉིད་ ནི་ཡེ་ཤེས་ཏེ་དེ་དང་ལྡན་པའོ། །དེས་ནི་སྔར་དཀྱིལ་འཁོར་བྲིས་ནས། དེའི་འོག་ཏུ་བདག་ཉིད་རྡོ་རྗེ་མཁའ་འགྲོ་མར་བསྒོམས་ཏེ་སྔགས་བཟླས་པར་བསྟན་ཏོ། །ཉེ་བར་སྤྱོད་པའི་སྔགས་སོ་ཞེས་བྱ་བ་ནི་བསང་གཏོར་དང་ཉེ་རེག་ལ་སོགས་པའི་སྔགས་སོ། །ཨོཾ་བཱ་ སུ་ཀི་ཞེས་བྱ་བ་ལ་སོགས་པ་ནི་ཀླུ་བརྒྱད་ཀྱི་སྔགས་སོ། །ཨོཾ་གྷི་ལི་གྷི་ལི་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡི་གེ་ཋ་རྣམ་པ་གསུམ་ནི་ཡི་གེ་ཕཊ་རྣམ་པ་གསུམ་དུ་བསྒྱུར་བར་བྱ་སྟེ། དེས་ན་ཕཊ་ཕཊ་ཕཊ་ཅེས་བྱ་བར་འགྱུར་རོ། །ལག་པ་ཀུན་དུ་བསྐོར་ནས་སུ། །ཕྱོགས་ བརྒྱད་དུ་ནི་བསྟན་པར་བྱ། །ཞེས་བྱ་བ་ནི་ལག་པ་གཉིས་པདྨར་བསྐོར་ཞིང་ཕྱོགས་བརྒྱད་དུ་སྤྲིན་རྣམས་ལ་བསྟན་པས། སྤྲིན་རྣམས་འགུགས་པར་འགྱུར་ཏེ། ཇི་སྐད་དུ། སྔར་ཕྱོགས་བརྒྱད་ནས་ནི་དགུག་པར་བྱ། །ཞེས་སྨོས་པའི་ཕྱིར་རོ། །གཡོན་པ་ཁུ་ཚུར་ བཅངས་ནས་སུ། །ཞེས་བྱ་བ་ལ་སོགས་པའི་ཕྱག་རྒྱ་ནི་གོ་སླའོ། །ཀླུའི་རྒྱལ་པོ་བརྒྱད་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི་ཀླུ་བརྒྱད་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། སྔགས་སྔ་མ་དང་སྦྱར་ལ་བསྟན་པར་བྱའོ། །དེ་བཞིན་དུ་སྤྲིན་རྣམས་ཀྱི་སྔགས་དང་ཕྱག་རྒྱ་ཡང་དབྱེར་མེད་པར་སྦྱར་ལ་སོ་ སོར་བསྟན་པར་བྱའོ། །ཨོཾ་བཛྲ་ཌཱ་ཀི་ནཱི་བཪྵ་བཪྵ་པ་ཡ་ཧཱུཾ་ཕུཿསྭཱ་ཧཱ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མའི་ཆར་འབེབས་པའི་རྩ་བའི་སྔགས་སོ། །འདི་ཀླུ་རྣམས་དང་སྤྲིན་རྣམས་ཀྱི་ཆར་འབེབས་པའི་སྔགས་ཀྱང་ཡིན་མོད་ཀྱི། རྡོ་རྗེ་མཁའ་འགྲོ་མ་གཙོ་མོ་ཡིན་པའི་ཕྱིར་དེའི་རྩ་བའི་སྔགས་ སུ་སྦྱར་བར་བྱའོ། །སྔོན་དུ་བསྙེན་པ་འབུམ་ཕྲག་ནི། །གསུམ་དུ་བྱས་ནས་བཟླས་པར་བྱ། །ཞེས་བྱ་བ་ནི་སྔགས་དེ་ཉིད་ཀྱིས་སྔར་བསྙེན་པ་སུམ་འབུམ་བྱའོ། །རྣལ་འབྱོར་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་ལ། འདི་རྣམས་ཞེས་བྱ་བ་ནི་སྔགས་འདི་རྣམས་ཀྱི་སྔོན་དུ་བསྙེན་པ་ ཞེས་བྱ་བ་དང་སྦྱར་ཏེ། བསྙེན་པ་བྱས་ནས་ལས་ཞེས་བྱ་བ་དཀྱིལ་འཁོར་བྲི་བ་ལ་སོགས་པ་ཆར་དབབ་པའི་ལས་རྣམས་ངེས་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །གཞན་ཡང་དགེ་དང་སྡིག་པའི་ཞེས་བྱ་བ་ལ་སོགས་པ་ལ། གཞན་ཡང་ཞེས་བྱ་བ་ནི་མཚན་ མ་གཞན་ཏེ། སྔར་སྨོས་པའི་རླུང་གི་མཚན་མ་ལས་གཞན་པ་ཕོ་ཉའི་མཚན་མའོ། །མིག་ཡོན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འཇིགས་པའི་གོས་ཞེས་བྱ་བ་ནི་གོས་ནག་པོའོ། །དབྱིག་པ་ཐོགས་པ་ནི་གོ་བར་ཟད་དོ། །བུད་མེད་རྣམས་དང་འགྲོགས་ཏེ་འོང་། །ཞེས་བྱ་ བ་ནི་བུད་མེད་དང་ལྷན་ཅིག་འགྲོགས་ཏེ་འོང་བའོ། །དུ་བ་ནི་དུད་མོས་འདེབས་པའོ། །སྐྲ་ལྷུག་པ་ནི་སྐྲ་སིལ་བུར་བཤིགས་པའོ། །སོགས་པའི་སྒྲས་ནི་མེད་པ་དང་བརླག་པ་ལ་སོགས་པའི་སྒྲ་སྒྲོགས་པའོ། །གཅེར་བུ་ནན་གྱིས་སྨྲ་བ་དང་། །ཞེས་བྱ་བ་ལ། གཅེར་བུ་ནི་ གོས་མེད་པའོ། །ནན་གྱིས་སྨྲ་བ་ནི་སྟོབས་ཀྱིས་བཀྲི་བ་ལ་སོགས་པ་སྨྲ་བའོ། །སྦྱོར་བཞིས་འཆི་བར་སྟོན་པ་ཡིན། །ཞེས་བྱ་བ་ནི་ཀར་དང་བི་ཏྲི་ཀ་དང་། སྭསྣ་དང་ཀ་མ་ནའི་སྦྱོར་བ་བཞི་ལ་ཕོ་ཉ་འོངས་པ་དག་ནི་ནད་པ་འཆི་བ་ཉིད་དུ་སྟོན་པ་ཡིན་ནོ། །ཕོ་ཉ་ ཇི་བཞིན་བདག་ཉིད་ལ། །བརྟག་ནས་རྣམ་པ་གཉིས་སུ་བྱ། །ཞེས་བྱ་བ་ནི་ཕོ་ཉ་ཇི་ལྟ་བ་བཞིན་དུ་བདག་ཉིད་ལ་ཡང་སྔར་སྨོས་པ་ལྟར་དབུགས་ཀྱི་མཚན་མ་བརྟགས་ནས་འགྲུབ་པ་དང་མི་འགྲུབ་པ་གཉིས་ལ་འགྲོ་བའམ་མི་འགྲོ་བ་གཉིས་སུ་བྱའོ་ཞེས་བྱ་བའི་དོན་ ཏོ། །དེ་ཉིད་ཀྱི་ཕྱིར། དེ་ཚེ་སྔགས་པ་འགྲོ་འདོད་ན། །གྲུབ་པ་ཉམས་འགྱུར་ཐེ་ཚོམ་མེད། །ཅེས་བྱ་བ་སྨོས་ཏེ། མཚན་མ་ངན་བཞིན་དུ་འགྲོ་བར་འདོད་ཀྱང་གྲུབ་པ་ཉམས་པ་སྟེ། མི་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་གི་གདན་གྱི་རབ་ཏུ་བྱེད་ པ་ཞེས་བྱ་བ་ལ། བདག་གི་གདན་ནི་བཤད་ཟིན་ཏོ། །རབ་ཏུ་བྱེད་པ་ཞེས་བྱ་བ་ནི་གཞུང་འདིས་འཆི་ལྟས་རྣམས་ཤེས་ནས་འཆི་བ་སླུ་བ་ལ་སོགས་པ་གསལ་བར་བྱེད་པས་ན་རབ་ཏུ་བྱེད་པའོ། །དཔལ་གདན་བཞི་པའི་འགྲེལ་པ་དྲན་པའི་རྒྱུ་མཚན་ཞེས་བྱ་བ་ལས་བདག་གི་ གདན་གྱི་རིམ་པར་ཕྱེ་བ་གཉིས་པའོ།། །།ཐ་མལ་པའི་ཕུང་པོ་ལ་སོགས་པའི་ཡོངས་སུ་སྤོང་བ་སྔོན་དུ་འགྲོ་བས་ལྷར་བསྒོམ་པ་བསྟན་པའི་ཕྱིར། སྟོང་པ་ཉིད་ཀྱི་རིམ་པར་ཕྱེ་བ་གསུངས་པ། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་རྩོམ་པའི་ ཁྱད་པར་དག །ཅེས་བྱ་བ་ནི་ལྷའི་རྣལ་འབྱོར་རྩོམ་པའི་ཆོ་གའི་ཁྱད་པར་རོ། །གང་གི་སྔགས་རྣམས་འཚལ་བར་བགྱི། །ཞེས་བྱ་བ་ནི། སྔགས་རྣམས་ཇི་ལྟར་འཚལ་བར་བགྱི། །ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་གཟུང་བ་ཇི་ལྟར་ལགས། །ཞེས་བྱ་བ་ ནི་ཞི་བ་ལ་སོགས་པའི་དངོས་གྲུབ་ཀྱི་མཚན་མའི་ཡེ་ཤེས་གཟུང་བ་སྟེ། ཇི་ལྟར་སེམས་ལ་བརླན་པར་བགྱི། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ལ་ཉན་པར་འཚལ། །ཞེས་བྱ་བར་སྦྱར་རོ། །ལན་གསུངས་པ་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ལ་དེ་ཁོ་ན་ཞེས་བྱ་བ་ནི་ཕྱིན་ ཅི་མ་ལོག་པའོ། །ལྷའི་བདག་ཉིད་ཅེས་བྱ་བ་ནི་བདག་ལྷའི་བསྒོམ་པའི་བདག་ཉིད་དོ། །ཡང་ན་བདག་ཉིད་ལྷར་བྱ་བའི་ཕྱིར་རོ། །ཉོན་ཅིག་ཅེས་བྱ་བ་ནི་འོག་ནས་འབྱུང་བ་རྣམས་མཉན་པའི་ཕྱིར་གདམས་པའོ། །མཉན་པར་བྱ་བ་དེ་ཉིད་གསུངས་པ། དང་པོར་ཞེས་བྱ་བ་ ལ་སོགས་པ་ལ། དང་པོར་ཞེས་བྱ་བ་ནི། ལྷར་བསྒོམས་པའི་དང་པོ་སྟེ། དུས་དང་པོར་དེར་ལུས་སྟོང་པ་ཉིད་དུ་བསྒོམས་ནས་དེའི་འོག་ཏུ་ལྷར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ལུས་ཅན་དྲི་མ་བཀྲུ་བར་བྱ། །ཞེས་བྱ་བ་ལ། དྲི་མ་ནི་གཟུང་བ་དང་འཛིན་པ་ལ་སོགས་པར་མངོན་པར་ ཞེན་པའོ། །དྲི་མ་དེ་སྟོང་པ་ཉིད་ཀྱིས་བཀྲུས་ནས་ལྷར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བཤད་པའི་ཕྱིར། དང་པོ་གཟུགས་ནི་སྟོང་སོགས་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཙུགས་ཤིང་བརྟགས་པས་ན་གཟུགས་ཏེ་ཕུང་པོ་ལྔའོ། །སྟོང་པ་ཞེས་བྱ་བ་ནི་གཟུགས་དེའི་རང་ བཞིན་ཉིད་དོ། །སོགས་པའི་ཚིག་གིས་ན་མཚན་མ་མེད་པ་དང་། སྨོན་པ་མེད་པ་གཟུང་བར་བྱ་སྟེ། གཟུགས་དེའི་ངོ་བོ་ཉིད་དང་མཚན་མ་དང་རྣམ་པར་རྟོག་པ་རྣམས་རང་བཞིན་མེད་པའི་ཕྱིར། རྣམ་པར་ཐར་པའི་སྒོ་གསུམ་དུ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ཕུང་པོ་ལྔ་འབའ་ཞིག་ རྣམ་པར་ཐར་བའི་སྒོ་གསུམ་གྱིས་སྦྱང་བར་མ་ཟད་ཀྱི། གཞན་ཡང་བསྡུ་བར་བསྟན་པའི་ཕྱིར། ཇི་སྲིད་བཅོ་བརྒྱད་ཡིད་ཉིད་དེ། །ཞེས་བྱ་བ་སྨོས་སོ། །ཇི་སྲིད་ཅེས་བྱ་བ་ནི་བསྡུ་བའོ། །གང་ཞེ་ན། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཅེས་ བྱ་བ་དང་དབང་པོའི་ཁམས་དྲུག་དང་། གཟུགས་དང་། སྒྲ་དང་། དྲི་དང་རོ་དང་རེག་བྱ་དང་། ཆོས་ཞེས་བྱ་བ་ཡུལ་དྲུག་དང་། དེ་དག་ལ་བརྟེན་ཏེ་སྐྱེས་པའི་རྣམ་པར་ཤེས་པའི་ཁམས་དྲུག་དྲུག་སྟེ། བཅོ་བརྒྱད་པོ་དེ་དག་ཀྱང་སྔ་མ་ལྟར་རྣམ་པར་ཐར་པའི་སྒོ་གསུམ་གྱིས་ སྦྱང་ངོ་ཞེས་བྱ་བའི་དོན་ཏོ། །ཡིད་ཉིད་དེ་ཞེས་བྱ་བ་ནི་དེ་དག་ཉེ་བར་བརྟགས་ན་ཚད་མར་གྱུར་པ་ནི། རང་གི་སེམས་འབའ་ཞིག་གོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཕྱི་རོལ་ན་དོན་ཡོད་དུ་ཟིན་ཀྱང་། དེ་དག་རྣམ་པར་གཞག་པ་ནི་སེམས་འབའ་ཞིག་ལ་རག་ལས་པ་ཡིན་ཏེ། དེ་ནི་རང་ གི་ངང་གིས་གསལ་ཞིང་ཐམས་ཅད་ཉམས་སུ་མྱོང་བ་ཙམ་ཡིན་པའི་ཕྱིར་རོ། །ད་ནི་སྟོང་པ་ཉིད་ཀྱི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར། གཟུགས་ཁམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ཞེས་བྱ་བ་ནི་དཀར་པོ་དང་སེར་པོ་དང་། རིང་པོ་དང་། ཐུང་ངུ་ལ་སོགས་པ་མིག་གི་ཡུལ་དུ་ གྱུར་པ་རྣམས་ཏེ་བཀྲ་བའི་ཕྱིར་རོ། །དེ་ཉིད་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཁམས་ཏེ་གཟུགས་ཀྱང་ཡིན་ལ་ཁམས་ཀྱང་ཡིན་པས་ན་གཟུགས་ཁམས་སོ། །སྟོང་པ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་ངོ་བོ་ཉིད་དེ་དེ་ཡང་འདི་ལྟར་རྣམ་པར་ཤེས་པའི་སྣང་བ་ཡིན་པས། རྣམ་པར་ཤེས་པ་ལས་ཐ་དད་པའི་གཟུང་བ་དང་འཛིན་པས་སྟོང་པ་ཡིན་གྱི། རྣམ་པར་ཤེས་པའི་སྣང་བས་ནི་མ་ཡིན་ཏེ་ཆུ་ཟླ་བཞིན་ནོ། །ཆུ་ཟླ་ཡང་ཟླ་བའི་ངོ་བོ་ཉིད་ཀྱིས་སྟོང་གི །ཆུ་ཟླ་ཉིད་ཀྱང་མེད་པ་མ་ཡིན་པ་བཞིན་ནོ། །ཅི་གཟུགས་ལ་སོགས་པའི་ཁམས་སྣང་བ་ལས་ཐ་དད་ པར་ཡོད་དམ་ཞེ་ན་མ་ཡིན་ཏེ། དེ་ཉིད་བརྟག་མི་བཟོད་པའི་ཕྱིར། ཆུ་ཟླ་ལྟར་བདེན་པ་དང་བརྫུན་པའི་ཐ་སྙད་དང་བྲལ་བའི་ཕྱིར་དེ་ཉིད་དེ་ལྟར་བརྗོད་དོ། །དེ་ཉིད་དུ་ནི་སྒྲ་ཡང་བྱ། །ཞེས་བྱ་བ་ནི་སྒྲའི་ཁམས་ཀྱང་དེ་ལྟར་གཟུང་བ་ལ་སོགས་པས་སྟོང་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འདི་ ལྟར་གཞན་ལ་ཡང་སྦྱར་བར་བྱའོ། །དེ་ཉིད་དུ་ནི་གཟུགས་ཀྱང་བྱ། །ཞེས་བྱ་བ་ལ། རིག་ཅིང་ཉམས་སུ་མྱོང་བས་ན་གཟུགས་ཏེ་བདེ་བའི་ངོ་བོ་ཉིད་ཆོས་ཀྱི་ཁམས་ཀྱི་རང་བཞིན་གྱི་ཡུལ་ལོ། །ཡུལ་རྣམས་ཀྱི་རྗེས་ལ་མིག་ལ་སོགས་པའི་དབང་པོ་རྣམས་སྟོང་པར་བསྟན་པའི་ཕྱིར། མིག་གི་བདག་ཉིད་སྟོང་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ལ་སོགས་པ་ཡང་བརྟགས་ན་འཛིན་པ་ལ་སོགས་པའི་རང་བཞིན་མེད་པའི་ཕྱིར། རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་ཉིད་དོ། །དེ་དག་མེད་ན་དེ་དག་ལ་བརྟེན་ཏེ་སྐྱེ་བའི་རྣམ་པར་ཤེས་པ་རྣམས་ཀྱང་ ཇི་ལྟར་ཡོད་དེ་སྟོང་པ་ཉིད་ལ་སོགས་པའོ་ཞེས་བསྟན་པའི་ཕྱིར། དབུས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དབུས་སུ་ཅི་ལྟར་བརྟག་པར་བྱ། །ཞེས་བྱ་བ་ནི་དབུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་ཇི་ལྟར་གཟུང་བར་བྱ་སྟེ། འདི་དག་ཐམས་ཅད་ནི་སེམས་ཀྱི་བརྟགས་པ་ཙམ་མོ་ཞེས་བྱ་ བའི་བར་དུའོ། །དེ་ཉིད་ལ་འཇུག་པར་བྱ་བའི་ཕྱིར་སྣང་བ་མེད་པའི་ཏིང་ངེ་འཛིན་གསུངས་པ་ཡིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་ཅེས་བྱ་བ་ནི་རྣམ་པར་རིག་པའོ། །ནམ་མཁར་ཐིམ་ནས་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་གི་མེ་འབར་བས་ཐམས་ཅད་བསྲེགས་ཏེ། ཐལ་བ་ཙམ་ཡང་ མེད་པར་བྱས་པས་སྣང་བ་མེད་པར་ཐིམ་པའོ། །དེ་ཉིད་ཀྱི་ཕྱིར། ཐམས་ཅད་སྟོང་པར་བསམ་པར་བྱ། །ཞེས་བྱ་བ་སྨོས་ཏེ། མདོར་བསྡུས་པའོ། །བསྟན་པ་དེ་ཉིད་བཤད་པའི་ཕྱིར། །གླིང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །སོགས་པ་ཞེས་བྱ་བའི་སྒྲས་ནི་རྒྱ་མཚོ་དང་ རླུང་གི་དཀྱིལ་འཁོར་ལ་སོགས་པའི་བར་དུ་གཟུང་ངོ་། །སྟེང་ཞེས་བྱ་བ་ནི་ནམ་མཁའ་ལ་སྤྱོད་པའོ། །འོག་ཅེས་བྱ་བ་ནི་ས་འོག་ན་སྤྱོད་པའོ། །བར་ཞེས་བྱ་བ་ནི་ས་སྟེང་ན་སྤྱོད་པ་སྟེ། འཇིག་རྟེན་གསུམ་པོ་དེ་ཉིད་ནི་ཁམས་གསུམ་མོ། །ཐམས་ཅད་ཅེས་བྱ་བ་ནི་སྣོད་དང་བཅུད་ཀྱི་དབྱེ་ བ་རྣམ་པ་གཉིས་སོ། །ཉེ་བར་བསྡུ་བ་གསུངས་པ། ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེ་ལྟར་དངོས་པོ་ཐམས་ཅད་སོ་སོར་བཤིག་ནས་བདག་ཉིད་ཀྱང་ནམ་མཁའི་ངོ་བོ་ཉིད་དུ་བྱ་བའི་ཕྱིར། བདག་གི་དངོས་པོ་ཟད་པར་བྱ། །ཞེས་བྱ་བ་སྨོས་ཏེ། མཐར་བདག་གི་ལུས་ ཀྱི་གཟུགས་ལ་སོགས་པའི་རྣམ་པར་རྟོག་པ་བསྲེགས་པས་བཤིག་ནས་སྣང་བ་མེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་འདྲེས་པ་དམིགས་པར་བྱ། །ཞེས་བྱ་བ་ནི་དངོས་པོའི་ཡུལ་མ་ལུས་པ་ནམ་མཁའི་ངོ་བོ་ཉིད་ཀྱི་རོར་རོ་གཅིག་ཏུ་བསྲེས་ནས་དམིགས་པ་སྟེ། ལྷར་བསྒོམ་པར་བྱའོ་ ཞེས་བྱའོ་ཞེས་པའི་དོན་ཏོ། །རྣལ་འབྱོར་པས་ཞེས་བྱ་བ་ནི་རྣལ་འབྱོར་ཅན་ནོ། །མཁས་པས་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པ་སྟོང་པའི་བློ་ཅན་ནོ། །ཡེ་ཤེས་གཟུང་བ་ཅི་ལྟར་ལགས། །ཞེས་བྱ་བའི་ལན་བསྟན་པར་བྱ་བའི་ཕྱིར། མཉམ་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདས་མ་ཐག་པའི་ཚུལ་གྱིས་ནམ་མཁར་ཐིམ་པའི་སྟོང་པ་ཉིད་བསམས་ནས་དེའི་དབུས་སུ་དེ་སྣང་བ་མེད་པའི་རང་བཞིན་ལ་བལྟས་ནས་ཞེས་བྱ་བ་ནི་ཡེ་ཤེས་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་མཚན་མ་བརྟག་པར་བྱ། །ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་དེར་ཞི་བ་ལ་སོགས་པའི་ དངོས་གྲུབ་ཀྱི་མཚན་མ་སྟེ། ལྟས་བརྟགས་པ་སྟེ་དཔྱད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་མཚན་མ་ཉིད་ཡེ་ཤེས་ཏེ། འདིས་ཞི་བ་ལ་སོགས་པའི་དངོས་གྲུབ་ཤེས་པར་བྱེད་པའི་ཕྱིར་རོ། །དེར་ཞེས་བྱ་བ་ནི་དུས་དེའི་ཚེའོ། །དེ་ཉིད་གསུངས་པ་མར་མེ་ཞེས་བྱ་བ་ལ་སོགས་པ་ ལ་གང་གི་ཚེ་མར་མེ་ལྟ་བུའི་འོད་སྣང་བ་དེའི་ཚེ་ཞི་བའི་ལས་འགྲུབ་པར་ཤེས་པར་བྱ་བའོ། །དམར་པོ་རྡུལ་གྱིས་རྒྱས་པར་འགྱུར། །ཞེས་བྱ་བ་ལ། རྡུལ་ནི་འོད་དོ། །རྒྱས་པ་ནི་རྒྱས་པར་འགྱུར་བའོ། །ཉི་མའི་ཞེས་བྱ་བ་ལ་སོགས་པའོ། ཆགས་པའི་ལས་ཞེས་བྱ་བ་ནི་དབང་དུ་ བྱ་བའོ། །སོགས་པའི་ཚིག་གིས་ན་དགུག་པ་དང་། མནན་པ་ལ་སོགས་པ་གཟུང་བར་བྱའོ། །མཐར་ནི་དུ་བ་གནག་མཐོང་ན། །ཞེས་བྱ་བ་ལ། མཐར་ཏེ་ཏིང་ངེ་འཛིན་གྱི་མཐར་དུ་བ་ལྟར་གནག་པ་མཐོང་ནའོ། །མངོན་སྤྱོད་དུ་ནི་རབ་ཏུ་གྲགས། །ཞེས་བྱ་བ་ནི་གོ་སླའོ། །རླུང་གི་ མདོག་ལྟར་འཁྲུགས་པ་ཡིས། །ཞེས་བྱ་བ་ནི། རླུང་གི་མདོག་ལྟར་སྔོ་ལ་ལང་ལོང་དུ་འཁྲུགས་པའོ། །དེ་ཡི་མོད་ལ་བསྐྲད་པར་འགྱུར། །ཞེས་བྱ་བ་ཡང་གོ་སླའོ། །ཟླ་བ་དཀར་པོའི་འོད་ཟེར་ལྟར། །ཞེས་བྱ་བ་ནི་འོད་ཤིན་ཏུ་དཀར་བའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཡུན་རིང་དུའོ། ། རྣལ་འབྱོར་གྲུབ་པར་ཤེས་པར་བྱ། །ཞེས་བྱ་བ་ནི་གོ་སླའོ། །ཅི་ཞིག་ཅེ་ན། བློ་ལྡན་འགྲོ་བ་ཡང་དག་གནས། །ཞེས་བྱ་བ་སྟེ། འདིས་ནི་འགྲོ་བ་རྣམས་ཀྱི་དངོས་པོ་འདས་པ་དང་མ་འོངས་པ་ལ་སོགས་པ་ཤེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་སྟོང་པ་ཉིད་ཀྱི་རྗེས་ལ་ལྷ་ བསྒོམ་པ་བསྟན་པར་བྱ་བའི་ཕྱིར། དེ་འོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་འོག་ཅེས་བྱ་བ་ནི་སྟོང་པ་ཉིད་བསྒོམས་པའི་མཐར། རྣལ་འབྱོར་ལས་བྱུང་བ་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་དུ་བསྐྱེད་པའོ། །གང་གི་ཞེ་ན། མྱུ་གུ་ལ་སོགས་མཚོན་པར་བསམ། ། ཞེས་བྱ་བ་ལ་སྟོང་པ་ཉིད་ཀྱིས་སྦྱངས་པའི་ལུས་ཀྱི་ཞིང་ས་ལ་ལྷའི་ས་བོན་དང་སྐུའི་མྱུ་གུའི་རིམ་གྱིས་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་ཡང་དང་ཡང་དུ་སྟོན་པར་འགྱུར་རོ། །འདིར་ནི་ཕྱོགས་ཙམ་ཞིག་གསུངས་པ་ཡིན་ཏེ། དངོས་པོའི་ཡུལ་ཐམས་ཅད་སྟོང་ པ་ཉིད་དུ་སྐད་ཅིག་གཉིས་ལ་སོགས་པའི་བར་དུ་རྣལ་འབྱོར་པ་གལ་ཏེ་གནས་པར་གྱུར་ན། ལྷའི་ས་བོན་ལ་སོགས་པའི་རིམ་གྱིས། འདས་པ་དང་མ་འོངས་པ་ཤེས་པ་ལ་སོགས་པའི་འབྲས་བུ་སྨིན་པར་འགྱུར་རོ་ཞེས་བྱ་བ་ནི་མན་ངག་གོ། །སྟོང་པ་ཉིད་མ་གཏོགས་པར་ལྷའི་རྣལ་ འབྱོར་འབའ་ཞིག་གིས་སྐྱོན་ཅིར་འགྱུར་ཞེ་ན། གང་ཞིག་སྟོང་ཞེས་བསྒོམ་པ་ནི། །མྱུར་དུ་སེམས་དཔའ་གྲོལ་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། གང་ཞིག་ཅེས་བྱ་བ་ནི་རྣལ་འབྱོར་པའོ། །སྟོང་ཞེས་ཞེས་བྱ་བ་ནི་སྟོང་པ་ཉིད་བསྒོམས་ནས་སོ། །བསྒོམ་པ་ཞེས་བྱ་བ་ནི་ལྷར་བསྒོམས་ ནས་སོ། །དེ་ནི་མྱུར་དུ་གྲོལ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སེམས་དཔའ་ཞེས་བྱ་བ་ནི་སེམས་སོ། །ཡང་ན་ཕྱག་ན་རྡོ་རྗེ་ལ་བོད་པའོ། །དེ་ཡང་ཇི་ལྟ་བུ་ཞིག་ཅེ་ན། ཡེ་ཤེས་ཀྱིས་ནི་ཤེས་བྱ་བལྟ། །ཤེས་བྱས་འགྲོ་བ་བརྟག་པར་བྱ། །ཞེས་བྱ་བ་སྨོས་ཏེ། ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སོ། །ཤེས་བྱ་ནི་ཕུང་པོ་ལ་སོགས་པ་སྟེ། བརྟག་པ་ནི་དེའི་རང་བཞིན་དུ་བྱ་བའོ། །ཤེས་བྱས་འགྲོ་བ་བརྟག་པར་བྱ། །ཞེས་བྱ་བ་ལ་ཤེས་བྱ་ཞེས་བྱ་བ་ནི་ལྷའོ། །འགྲོ་བ་ནི་རང་བཞིན་ནོ། །བརྟག་པ་ནི་དཔྱད་པ་སྟེ་ལྷའི་རང་ བཞིན་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་མཐར་ཐུག་པར་དཔྱད་ན། དེ་ནི་མྱུར་དུ་གྲོལ་བར་འགྱུར། །ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །ལུས་ཅན་དྲི་མ་བཀྲུ་བར་བྱ། །ཞེས་བྱ་བ་ཉེ་བར་བཤད་པའི་ཕྱིར། ཕ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕ་ཞེས་བྱ་བ་ནི་བདག་ དང་བདག་གིར་འཛིན་པའི་བདག་ཉིད་ཀྱི་གཏི་མུག་སྟེ། ཇི་ལྟར་ཕ་འགྲོ་བ་རྣམས་ཀྱི་སྐྱེད་པ་པོ་ཡིན་པ་བཞིན་དུ། གཏི་མུག་གིས་ཀྱང་ཡུལ་རྣམས་བསྐྱེད་པའི་ཕྱིར་རོ། །མ་ཞེས་བྱ་བ་ནི་སྲེད་པ་སྟེ་ཇི་ལྟར་མས་བུ་རྣམས་འཆི་བར་གྱུར་ཀྱང་མི་གཏོང་བ་ལྟར་སྲེད་པས་ཀྱང་སྐྱེས་བུ་ རྣམས་ཡུལ་རྣམས་མི་གཏོང་བསམ་དང་ཆོས་མཐུན་པའི་ཕྱིར་རོ། །བསད་ཅེས་བྱ་བ་ནི་དེ་དག་གཞོམ་པའོ། །བྲམ་ཟེ་གཙང་མ་གཉིས་བཟུང་ནས། །ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་སྟེ་ཆོས་ཀྱི་བརྡས་བསྟན་པའོ། །བཟུང་བ་ནི་རྒྱུ་བ་བསྡམས་པའོ། །རྒྱལ་པོའི་ཡུལ་ འཁོར་བཅས་བཅོམ་ནས། །ཞེས་བྱ་བ་ལ་རྒྱལ་པོ་ཞེས་བྱ་བ་ནི་ང་རྒྱལ་ཏེ་ལྷག་པར་རློམ་སེམས་པའི་ཕྱིར་དང་ཐམས་ཅད་སྤྲོ་བའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། ཐམས་ཅད་ང་རྒྱལ་ཉིད་ལས་བྱུང་། །ཞེས་བྱ་བའོ། །ཡུལ་འཁོར་ཞེས་བྱ་བ་ནི་ལུས་ཏེ་ཉོན་མོངས་ པ་ལ་སོགས་པ་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། །བཅས་ཞེས་བྱ་བ་ནི་རྗེས་སུ་རྒྱུ་བ་སྟེ་ལུས་དང་ལྷན་ཅིག་རྒྱུ་བའི་ཕྱིར་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་སོ། །བཅོམ་ནས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྣང་བ་མེད་པར་བྱས་པ་སྟེ། དེས་ནི། ལུས་ཅན་དྲི་མ་ དག་པར་འགྱུར། །ཞེས་བྱ་བ་དང་སྦྱར་རོ། །གཞུང་འདི་ནི་མུ་སྟེགས་ཅན་ལ་ཡང་ཡོད་མོད་ཀྱི་སྤང་བར་ནི་མི་བྱ་སྟེ། ཐམས་ཅད་དུ་འགལ་བ་མེད་པའི་ཕྱིར་རོ། །འདིས་ནི་ལེའུ་འདིའི་བསྡུས་པའི་དོན་ཏོ། །བདག་གི་ཞེས་བྱ་བ་ལ་སོགས་པ་ནི་ཞི་བ་ལ་སོགས་པའི་མཚན་མ་དང་ བཅས་པའི་སྟོང་པ་ཉིད་ཡེ་ཤེས་རབ་ཏུ་གསལ་བར་བྱེད་པས་ན་རབ་ཏུ་བྱེད་པའོ། །དཔལ་གདན་བཞི་པའི་འགྲེལ་པ་དྲན་པའི་རྒྱུ་མཚན་ཞེས་བྱ་བ་ལས་བདག་གི་གདན་གྱི་རིམ་པར་ཕྱེ་བ་གསུམ་པའོ།། །།ད་ནི་སྟོང་པ་ཉིད་ཀྱི་མཐར་ལྷའི་རྣལ་འབྱོར་ཕྱོགས་ཙམ་ཞིག་བསྟན་ པར་བྱ་བའི་ཕྱིར། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་རིམ་པར་ཕྱེ་བ་བཞི་པ་གསུངས་ཏེ། རྡོ་རྗེ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའོ། །ཉོན་ཅིག་ཅེས་བྱ་བ་ནི་གཉིས་སུ་མེད་པ་ཞེས་བྱ་བ་དང་འབྲེལ་ཏོ། །ཇི་བཞིན་ལམ་ཞེས་བྱ་བ་ནི་ལམ་ལྟར་གནོན་པའི་ཕྱིར་རོ། །གཉིས་སྤངས་ཞེས་བྱ་བ་ནི་ གཟུང་བ་ལ་སོགས་པ་དང་བྲལ་བ་སྟེ། དེ་ཉིད་ཀྱིས་ན་གཉིས་སུ་མེད་པའོ། །དེ་དག་གིས་ནི་ལྷའི་རྣལ་འབྱོར་གཉིས་སུ་མེད་པ་ཉིད་བྱང་ཆུབ་ཆེན་པོར་བགྲོད་པའི་ལམ་མོ་ཞེས་བྱ་བར་སྟོན་ཏོ། །ཇི་ལྟར་ཞེ་ན་འཁོར་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁོར་བ་ཉིད་རྒྱ་མཚོ་ སྟེ་བྱིས་པ་རྣམས་ཀྱིས་བརྒལ་དཀའ་བའི་ཕྱིར་རོ། །སྡུག་བསྔལ་བ་རྣམ་པར་དཀའ་བས་ན་རབ་འཇིགས་པའོ། །ཆུ་ཡི་དགྲ་ནི་དམ་པས་གང་། །ཞེས་བྱ་བ་ལ་ཆུའི་དགྲ་ནི་ཆུ་སྲིན་ལ་སོགས་པ་སྟེ། འདིར་འདོད་ཆགས་ལ་སོགས་པའི་ཆུ་སྲིན་ལ་སོགས་པའི་དགྲ་དམ་པ་སྟེ་མི་ བཟད་པ་རྣམས་ཀྱིས་གང་བའོ། །དབུས་སུ་བྱིང་བའི་ལུས་ཅན་རྣམས། །ཞེས་བྱ་བ་ནི་འཁོར་བའི་རྒྱ་མཚོ་དེའི་ནང་དུ་བྱིང་བའི་ལུས་ཅན་རྣམས་སོ། །དེ་དག་ཅི་ཞིག་ཅེ་ན། སྒྲོལ་བའི་མཚན་ཉིད་ཅེས་བྱར་བརྗོད། །ཅེས་བྱ་བ་སྨོས་ཏེ། མཚན་ཉིད་ཅེས་བྱ་བ་ནི་མཚོན་པར་བྱ་བ་ སྟེ་ལྷའི་རྣལ་འབྱོར་རོ། །སྒྲོལ་བ་ཞེས་བྱ་བ་ནི་སྒྲོལ་བར་བྱེད་པ་སྟེ། འཁོར་བའི་རྒྱ་མཚོ་ལས་ལུས་ཅན་རྣམས་སྒྲོལ་བར་བྱེད་པའི་ལམ་མོ། །བརྗོད་ཅེས་བྱ་བ་ནི་དཔག་ཏུ་མེད་པའི་ཐུབ་པ་ཐམས་ཅད་ཀྱིས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ བསྟན་པའི་ཕྱིར། མཚོན་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚོན་བྱ་ནི་ལྷའི་རྣལ་འབྱོར་རོ། །མཚན་ཉིད་ནི་དེ་བརྟག་པའི་བྱ་བའོ། །འདིས་མཚོན་པས་ན་མཚོན་པ་པོ་སྟེ། བྱེད་པ་པོ་རྣལ་འབྱོར་པའོ། །རྣམ་ཤེས་དང་ནི་ཡེ་ཤེས་ཏེ། །ཞེས་བྱ་བ་ལ་རྣམ་ཤེས་ནི་ཤེས་བྱའོ། ། ཡེ་ཤེས་ནི་རྣམ་པར་རིག་པ་སྟེ། མཚན་བྱ་ལ་སོགས་པ་དེ་དག་གི་གཟུང་བ་དང་འཛིན་པའི་མཚན་ཉིད་དོ། །ཡེ་ཤེས་ཀྱིས་ནི་ཤེས་བྱ་བལྟ། །ཞེས་བྱ་བ་ལ། ཡེ་ཤེས་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །ཤེས་བྱ་ནི་ཕུང་པོ་ལ་སོགས་པ་སྟེ། དེར་དེ་དག་བྱ་བའོ། །ཤེས་བྱའི་ འགྲོ་བ་བརྟག་པར་བྱ། །ཞེས་བྱ་བ་ལ། ཤེས་བྱ་ནི་མཚོན་བྱ་ལ་སོགས་པའོ། །འགྲོ་བ་ནི་དེའི་རང་བཞིན་ནོ། །བརྟག་པ་ནི་དཔྱད་པ་སྟེ། དེའི་རང་བཞིན་གཟུང་བ་དང་། འཛིན་པ་དང་བྲལ་བའི་རང་བཞིན་གྱི་ཡེ་ཤེས་ཏེ། དེ་ཉིད་ནི་གཉིས་སུ་མེད་པའོ། །འགྲོ་བ་བརྟགས་ པའི་སེམས་ཀྱིས་ནི། །ཞེས་བྱ་བ་ནི་ཤེས་བྱའི་རང་བཞིན་ཁོང་དུ་ཆུད་པའི་རྣལ་འབྱོར་པས་སོ། །ཅིར་འགྱུར་ཞེ་ན། ཇི་ལྟར་འདོད་བཞིན་མངོན་པར་འགྲོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་སུ་མེད་པའི་ལྷའི་རྣལ་འབྱོར་གྱི་ལམ་འདིས་ཇི་ལྟར་འདོད་པ་བཞིན་ཏེ། རྫོགས་པའི་བྱང་ཆུབ་ཏུ་བགྲོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་རིག་པའི་ལམ་གྱི་ཕན་ཡོན་གཞན་བསྟན་པའི་ཕྱིར། ཞགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གླང་ཆེན་མྱོས་བཅིངས་ལྟར་ཞེས་བྱ་བ་ནི་ཇི་ལྟར་ཞགས་ པས་བཅིངས་པའི་གླང་པོ་ཆེ་མྱོས་པ་ཞགས་པས་བཅིངས་སུ་ཟིན་ཀྱང་ལོངས་སྤྱོད་ཁྱད་པར་ཅན་ཐོབ་པ་ཡིན་ནོ། །དེ་བཞིན་དུ་འཁོར་བའི་ཞགས་པས་བཅིངས་པའི་རྣལ་འབྱོར་པ་ཡང་དེ་དང་འདྲ་སྟེ། འཁོར་བའི་ཞགས་པས་གནད་རྨོངས་པ། །ཞེས་བྱ་བ་ལ། གནད་ནི་རང་བཞིན་ཡོངས་སུ་ཤེས་པའི་ཡེ་ཤེས་ཏེ་རྨོངས་ པ་ནི་དེར་ཞུགས་པའོ། །སུ་ཞིག་ཅེ་ན་རྣལ་འབྱོར་པ་སྟེ་གླང་པོ་ཆེ་ལྟ་བུའོ། །སྟོང་པ་ཉིད་ཕྲག་གཅིག་ཅེས་བྱ་བ་ནི། ཉེ་བར་མཚོན་པ་ཙམ་སྟེ། ཅི་ཞིག་ཅེ་ན་དཔག་ཏུ་མེད་པའི་ཚེ་རབས་སྔ་མའོ། །འགྲོ་ལས་འགྲོའོ་ཞེས་བྱ་བ་ནི་ཚེ་རབས་སྔ་མའི་འགྲོ་བ་སྐད་ཅིག་སྐད་ཅིག་ཅིང་བླངས་ པའི་འཁོར་བ་དེས་བཅིངས་སུ་ཟིན་ཀྱང་། སྟོང་པ་ཉིད་རྗེས་སུ་རྟོགས་པའི་ལྷའི་རྣལ་འབྱོར་བསྒོམས་པས་ནི་རྫོགས་པའི་བྱང་ཆུབ་གྲུབ་པར་མ་གྱུར་ཀྱང་། ཤི་བའི་དུས་ལ་བབ་པ་ན། །འགྲོ་བ་ཁྱད་པར་ཅན་དུ་འགྲོ། །ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་སྔོན་དུ་ཞེས་བྱ་བ་ལ་ སོགས་པ་ལ། སྔོན་དུ་མཚན་ཉིད་བསྟན་པ་བཞིན། །ཞེས་བྱ་བ་ནི། ཡིད་ནི་ནམ་མཁར་ཐིམ་ནས་སུ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པའོ། །སྟོང་པ་ཉིད་བསྒོམས་ནས་ཅི་ཞིག་བྱ་ཞེ་ན། སྟོང་པའི་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོང་པ་ཉིད་ཀྱིས་སྦྱངས་ པའི་ལུས་ཀྱི་ཞིང་ས་ལ་བློ་དང་ལྡན་པ་སྟེ། ཆོས་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་བློ་དང་ལྡན་པས་ས་བོན་ཏེ་ལྷ་རྣམས་ཀྱི་ས་བོན་བཏབ་ཅིང་བཙུགས་ནས་འབྲས་བུ་སྨིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཕུང་པོ་ལ་སོགས་པའི་ལུས་ལ་དེ་བཞིན་གཤེགས་པའི་ས་བོན་ གདབ་པར་རུང་ཞེ་ན། དཔེའི་སྒོ་ནས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གདོལ་པའི་ཁང་པ་ནི་རིགས་ངན་གྱི་ཁང་པའོ། །མེས་བསྲེག་པ་ནི་མེས་རེག་པས་བསྲེགས་པའོ། །ལྷ་ཡིས་བྱིན་གྱིས་བརླབས་པར་རབ་ཏུ་བརྗོད། །ཅེས་ བྱ་བ་ལ། ལྷ་ནི་ལྷ་རྣམས་ཏེ་བྱིན་གྱིས་བརླབས་པ་ནི་དེར་སྐུ་གདུང་དང་རི་མོ་ལ་སོགས་པ་གཞག་པའོ། །དེ་འབའ་ཞིག་ཏུ་མ་ཟད་དེ། རིགས་ཅན་དགེ་དང་མཁས་པ་ཀུན་དུ་གནས། །ཞེས་བྱ་བ་སྨོས་ཏེ། རིགས་ཅན་ཉིད་དགེ་བ་སྟེ། རྒྱལ་པོ་དང་བྲམ་ཟེ་ལ་སོགས་པའོ། ། མཁས་པ་ནི་རིགས་པ་རྣམས་ལ་བྱང་བ་དང་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཅན་ལ་སོགས་པ་སྟེ། དེར་གནས་པའོ། །དེ་བཞིན་ཏིང་ངེ་འཛིན་གྱིས་ཀུན་བཤིག་ནས། །ཞེས་བྱ་བ་ལ། ཏིང་ངེ་འཛིན་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནོ། །ཀུན་ཞེས་བྱ་བ་ནི་ལུས་ཀྱི་ཁང་པའོ། །བཤིག་པ་ནི་ སྟོང་པ་ཉིད་ཀྱི་མེ་ལྕེས་སྣང་བ་མེད་པར་བྱས་པའོ། །ས་བོན་དགོད་པས་རབ་ཏུ་དགོད་པར་བྱ། །ཞེས་བྱ་བ་ནི་ལྷ་རྣམས་ཀྱི་ས་བོན་དགོད་པས་ལྷའི་དྲི་གཙང་ཁང་ལ་སོགས་པ་དང་འདྲ་བའི་གནས་སུ་བྱའོ་ཞེས་བྱ་བའི་དོན་ཏོ། །ཡི་གེ་བརྒྱད་ཀྱི་སྔགས་རྣམས་ནི། །གནས་དང་ གནས་སུ་བརྟག་པར་བྱ། །ཞེས་བྱ་བར་སྦྱར་རོ། །ཉེ་བར་བཤད་པ་དང་། གང་གི་སྔགས་རྣམས་འཚལ་བར་བགྱི། །ཞེས་བྱ་བའི་ལན་བསྟན་པའི་ཕྱིར། སྟེང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷའི་རྣལ་འབྱོར་ལ་སོགས་པ་རྫོགས་པར་བྱས་ཀྱི་འོག་ཏུ། ས་བོན་དགོད་པས་རབ་ཏུ་ དགོད་པར་བྱ། །ཞེས་བྱ་བར་སྦྱར་རོ། །སྟེང་དུ་ཞེས་བྱ་བ་ནི་རྐན་ལའོ། །མེའི་ས་བོན་ཞེས་བྱ་བ་ནི་མེའི་རང་བཞིན་གྱི་ས་བོན་ཏེ་ཡི་གེ་ཀྵུཾ་ངོ་། །ས་ཡི་ས་བོན་རྣམ་པ་གཉིས། །ཞེས་བྱ་བ་ནི་ས་རྣམ་པར་དག་པའི་རང་བཞིན་གྱི་ས་བོན་ཧཱུཾ་རྣམ་པ་གཉིས་སོ། །སྦྱར་བ་ནི་དགོད་པའོ། །སྟོང་སོགས་ རླུང་གི་ས་བོན་ནི། །ཞེས་བྱ་བ་ནི། སྟོང་པ་ཉིད་རྣམ་པར་དག་པའི་རླུང་གི་ས་བོན་ཏེ་ཡུཾ་ངོ་། །སྣ་དང་རྣ་བ་དག་ལ་ཞེས་བྱ་བ་ནི་སྣ་དག་དང་རྣ་བ་དག་ལ་ཞེས་བྱ་བར་སྦྱར་ཏེ། གནས་དེ་དག་ཏུ་བསམ་པ་ནི་བསྒོམ་པའོ། །བདུད་རྩི་ཆུ་ཡི་ས་བོན་ནི། །ཞེས་བྱ་བ་ནི་བདུད་རྩིའི་ས་བོན་ནི་སུཾ་སྟེ། དེ་ཉིད་ནི་ཆུའི་ཁམས་རྣམ་པར་དག་པའོ། །ལྕེ་ཡི་དབང་པོ་དབང་ཕྱུག་གཙོ། །ཞེས་བྱ་བ་ལ། ལྕེའི་དབང་པོ་ཉིད་དབང་ཕྱུག་སྟེ། བདུད་རྩི་ལ་སྤྱོད་པའི་དབང་ཕྱུག་གོ། །དེ་ཉིད་ཀྱི་ཕྱིར་གཙོ་བོའོ། །གང་གིས་བརྩེགས་པ་རིམ་བཞིན་གཟུང་། །ཞེས་བྱ་བ་ལ། གང་གི་ཞེས་བྱ་བ་ ནི་གནས་གང་དང་གང་གི་ས་བོན་གང་དང་གང་ཡིན་པ་སྟེ། གནས་བཞི་རུ་ནི་སྦྱར་བར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །བརྩེགས་པ་ཞེས་བྱ་བ་ནི་ཡི་གེ་མ་ལ་སོགས་པ་ཐིག་ལེའི་བར་དུ་རིམ་བཞིན་དུ་གཞག་པའོ། །དེ་ཉིད་བསྟན་པའི་ཕྱིར་མགྲིན་པར་ཞེས་བྱ་བ་ལ་སོགས་པ་སྨོས་ ཏེ། གཏི་མུག་ས་བོན་ཞེས་བྱ་བ་ནི་གཏི་མུག་རྣམ་པར་དག་པའི་ས་བོན་ཏེ་སྨྲཾ་ངོ་། །དེ་བཞིན་དཔུང་པར་ཉོན་མོངས་སོ། །ཞེས་བྱ་བ་ནི་དཔུང་པ་གཉིས་སུ་ཞེ་སྡང་རྣམ་པར་དག་པའི་ས་བོན་ཧཱུཾ་ངོ་། །སྙིང་གའི་ཕྱོགས་སུ་གཡོ་བ་སྟེ། །ཞེས་བྱ་བ་ལ་གཡོ་བ་ནི་རླུང་སྟེ། དེ་རྣམ་པར་དག་ པའི་ས་བོན་ཡྨྲཾ་སྙིང་གར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ལྟེ་བའི་རྩ་བར་ཕྱུགས་ཡིན་ནོ། །ཞེས་བྱ་བ་ལ། ཕྱུགས་ནི་འུག་པ་སྟེ། དེའི་ས་བོན་ཀྵྨྲྱུཾ་ལྟེ་བའི་རྩ་བར་དགོད་དོ་ཞེས་བྱ་བ་དང་སྦྱར་རོ། །ཡན་ལག་བརྒྱད་དུ་ས་བོན་ནི། །བརྒྱད་པོ་བཀོད་པས་བསྲུང་བར་བྱ། །ཞེས་བྱ་བ་ ལ། སྔར་བཤད་པའི་ཚུལ་གྱིས་བཀོད་པའི་ས་བོན་བརྒྱད་པོ་ཉིད་ནི་གོ་ཆ་ལྟ་བུ་སྟེ། དེས་ཀུན་དུ་སྦར་བར་བྱ་ཞིང་བསྲུང་ངོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་མཁའ་འགྲོར་བདག་བྱས་ཏེ། །ལུས་ནི་ས་བོན་ལྡན་པར་བྱ། །ཞེས་བྱ་བ་ནི་གཞུང་ཉེ་བར་བསྡུ་བ་ཡིན་ཏེ་དང་པོ་ལྷ་མོ་ཡེ་ཤེས་ མཁའ་འགྲོ་མར་བདག་ཉིད་བྱས་ལ་དེའི་འོག་ཏུ་ས་བོན་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏེ། ཡེ་ཤེས་མཁའ་འགྲོ་མ་ནི་ཉེ་བར་མཚོན་པའོ། །ཡེ་ཤེས་མཁའ་འགྲོ་མའི་གཟུགས་བསྟན་པའི་ཕྱིར་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །སྟེང་དུ་རྡོ་རྗེ་དབུ་རྒྱན་ཅན། ། ཞེས་བྱ་བ་ལ་སྟེང་ནི་དབུ་རྒྱན་གྱི་རྩེ་མོ་སྟེ། དེར་རྡོ་རྗེས་མཚན་པའི་དབུ་རྒྱན་གང་ལ་ཡོད་པ་དེ་ལ་སྐད་ཅེས་བྱ་བའོ། །དར་གྱི་ཐོད་ནི་མཛེས་པས་བཅིངས། །ཞེས་བྱ་བ་ནི་དར་གྱི་དབུ་རྒྱན་བཅིངས་ཤིང་ཀུན་དུ་འཕངས་པས་མཛེས་པར་བྱས་པའོ། །སྤྱན་གསུམ་ཞེས་བྱ་བ་ནི་ཞལ་གསུམ་ པོ་སོ་སོ་རེ་རེ་ཞིང་ཡང་སྤྱན་གསུམ་གསུམ་མོ། །ཁྲོ་ཞིང་བཞད་པ་ཞེས་བྱ་བ་ལ། བཞད་པ་ནི་གཡོན་པའི་ཞལ་ལོ། །ཁྲོ་བ་ནི་གཡས་པའི་ཞལ་ཏེ་རྩ་བའི་ཞལ་ནི་འདིར་འཇོ་སྒེག་ཏུ་བལྟ་བར་བྱ་བའོ། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །ཞེས་བྱ་བ་ནི་ཤིན་ཏུ་དཀར་ བའི་ཁ་དོག་ཅན་གྱི་ན་བཟའ་མནབས་པའོ། །རལ་གྲི་དགྲ་སྟ་རྡོ་རྗེ་དང་། །ཞེས་བྱ་བ་ནི་ཕྱག་གཡས་ན་ཞེས་བྱ་བའི་ལྷག་མ་སྟེ། མཚན་མའི་ཕྱག་རྒྱ་མངོན་པར་བསྣམས། །ཞེས་བྱ་བ་དང་འབྲེལ་ཏོ། །གཡོན་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སངས་རྒྱས་སྤྲིན་ཞེས་བྱ་བ་ནི། རྣམ་པར་ སྣང་མཛད་ལ་སོགས་པའི་ཚོགས་སོ། །ལྷག་མ་ནི་གོ་སླའོ། །དབུགས་མི་གཡོ་བར་བསྒོམ་པར་བྱ། །ཞེས་བྱ་བ་ལ། དབུགས་མི་གཡོ་བ་ནི་གང་དུ་དབུགས་ཀྱི་རྒྱུ་བ་མེད་པའོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མར་བསྒོམ་པ་སྟེ་ཇི་སྲིད་དུ་ལུས་ལ་དབུགས་ཐིམ་པར་གྱུར་ ཅིང་སེམས་དང་འདྲེས་པར་གྱུར་གྱི་བར་དུ་བསྒོམ་པ་སྟེ། འདིས་ནི་དམིགས་པ་རྩེ་གཅིག་པ་སྟོན་ཏོ། །ད་ནི་ཕྲ་མོའི་རྣལ་འབྱོར་གསུངས་པ། ཡིད་ཅེས་བྱ་བ་ལ་སོགས་པ་ལ། ཡིད་ཅེས་བྱ་བ་ནི་ཡི་གེ་ཧཱུཾ་ངོ་། །ཡེ་ཤེས་རྣམ་ཤེས་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྣམ་གྲངས་སོ། །ཤེལ་དང་ འདྲ་བར་བསམ་པར་བྱ། །ཞེས་བྱ་བ་ནི་ཡི་གེ་ཧཱུཾ་དེ་ཁ་དོག་དཀར་པོར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ཨཱ་ལི་ཀཱ་ལི་རབ་སྦྱོར་བས། །དེ་ཡི་ས་བོན་གཟུང་བྱ་སྟེ། །ཞེས་བྱ་བ་ལ་དེའི་ཞེས་བྱ་བ་ནི་ཡིད་ལ་སོགས་པའི་རང་བཞིན་གྱི་ས་བོན་དེའོ། །གཟུངས་སྔགས་བྱ་སྟེ་ཞེས་བྱ་བ་ནི་བཏུ་བའོ། ། ཅི་ཞིག་ཅེ་ན། ཨཱ་ལི་ཀཱ་ལི་རབ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨཱ་ལི་ཞེས་བྱ་བ་ནི་ཡི་གེ་ཨཱུ་རིང་པོའོ། །ཀཱ་ལི་ཞེས་བྱ་བ་ནི་ཡི་གེ་ཧའོ། །ཐིག་ལེ་ནི་རྗེས་སུ་འགྲོ་བའི་སྒྲ་ཡིན་པའི་ཕྱིར་གཉི་གའོ། །དེ་གང་དུ་བསྒོམ་ཞེ་ན། སྨིན་པར་ཐིགས་པའི་གནས་དག་ཏུ། །ཞེས་བྱ་བ་ ལ་སྨིན་པར་ཞེས་བྱ་བ་ནི་གོ་སླའོ། །ཐིགས་པའི་གནས་ཞེས་བྱ་བ་ནི་ཐིག་ལེའི་གནས་ཏེ། གནས་དེར་ཡེ་ཤེས་ཅན་གྱི་ས་བོན་བསྒོམ། །ཞེས་བྱ་བ་ཡི་གེ་ཧཱུཾ་གིས་ས་བོན་ཁ་ཐུར་དུ་བལྟས་པར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་དབུགས་མི་གཡོ་བར་བསྒོམ་པར་བྱ་ཞེས་བྱ་ བ་དང་འབྲེལ་ཏོ། །དེ་ཡང་དང་པོར་ལྷའི་ཏིང་ངེ་འཛིན་གོམས་པའི་འོག་ཏུ་ས་བོན་ཐིག་ལེའི་གཟུགས་ཅན་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ཁ་ཐུར་དུ་བལྟས་ཤིང་བདུད་རྩིའི་རྒྱུན་འཛག་པ་དང་ལྡན་པའི་ཏིང་ངེ་འཛིན་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །དེའི་མཐར་སྔགས་ཀྱི་བཟླས་པ་བསྟན་པའི་ཕྱིར། སངས་རྒྱས་ལྔ་ཡིས་བརྒྱན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ལྔ་ཡིས་བརྒྱན་པ་ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །དེ་ཉིད་ཅི་ཞིག་ཅེ་ན། ཡི་གེའི་ས་བོན་ཏེ། ཡེ་ཤེས་མཁའ་འགྲོ་མའི་ས་བོན་ནོ། །སྔགས་དེ་ཉིད་ཀྱི་བཏུ་བ་བསྟན་པའི་ཕྱིར། རླུང་དང་མེའི་བདུན་དོན་ལ། ། ཞེས་བྱ་བ་སོགས་པ་སྨོས་ཏེ། དེ་ལ་རླུང་ནི་ཡི་གེ་ཡའོ། །དེའི་བདུན་པ་ནི་ཡི་གེ་སའོ། །མེ་ནི་ཡི་གེ་ར་སྟེ། དེའི་བདུན་པ་ནི་ཧའོ། །དེ་དག་ཉིད་ནི་སྒྲའི་དོན་ཏེ། རླུང་དང་མེའི་བདུན་པ་ཞེས་བྱ་བའི་སྒྲའི་དོན་ཡིན་པའི་ཕྱིར། གཟུང་ལ་ཞེས་བྱ་བར་སྦྱར་རོ། །རིགས་ཀྱི་ནང་ན་གཅིག་གི་ཚིག་ ཡིན་ནོ། །རྡོ་རྗེ་མ་ཡི་ས་བོན་བསྐུལ། །ཞེས་བྱ་བ་ལ། རྡོ་རྗེ་མའི་ས་བོན་ནི་རླུང་གི་བདུན་པ་ཡི་གེ་ས་ལ་བྱ་སྟེ། སྐུ་ལ་ཞེས་བྱ་བ་ནི་མེའི་བདུན་པའི་ས་བོན་ཧའི་ཟླ་ཚེས་སུ་སྦྱར་བའོ། །ཅིའི་ཕྱིར་ཞེ་ན། ཟླ་ཚེས་དང་རྡོ་རྗེ་མེའི་ས་བོན་གཉི་ག་བདུད་རྩི་འཛག་པའི་རང་བཞིན་དུ་ཆོས་མཐུན་པའི་ཕྱིར་ ས་ཡང་ཟླ་ཚེས་སུ་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ཅི་འདྲ་ཞེ་ན། སྒྲ་དང་ཐིག་ལེས་ཡང་དག་མནན། །ཞེས་བྱ་བ་སྨོས་ཏེ། དེ་ལ་སྒྲ་ཞེས་བྱ་བ་ནི་ཨཱུ་རིང་པོའོ། །དེ་ནི་མེའི་བདུན་པ་ཡི་གེ་ཧའི་གདན་དུ་སྦྱར་བར་བྱའོ། །ཐིག་ལེ་ནི་ཟླ་ཚེས་ཀྱི་སྟེང་དུ་ཐིགས་པས་མནན་པ་སྟེ་ བསྡུས་པས་ཧཱུཾ་ཞེས་བྱ་བར་འགྱུར་རོ། །ཆར་པའི་རྒྱུན་ཞེས་བྱ་བར་བརྗོད། །ཅེས་བྱ་བ་ལ། ཡི་གེ་ཧཱུཾ་གི་ས་བོན་དེ་ཉིད་བདུད་རྩིའི་ཆར་འཛག་པའི་ཕྱིར་ཆར་པའི་རྒྱུན་ཏེ། དེ་བཟླས་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །ས་བོན་དེ་ཡང་ཇི་ལྟར་བཟླ་ཞེ་ན། ཐོག་མ་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། ཐོག་མ་ནི་ཧཱུཾ་གི་དང་པོར་རོ། །བླ་མའི་ཡི་གེ་ཞེས་བྱ་བ་ནི་ཡི་གེ་ཨོཾ་མོ། །སྲེག་བྱེད་ཡི་གེ་མཐར་བཟླས་བྱ། །ཞེས་བྱ་བ་ལ། སྲེག་བྱེད་ཀྱི་ཡི་གེ་ནི་སྭཱ་ཧཱའོ། །མཐར་ནི་ཧཱུཾ་གི་མཐར་ཏེ་བསྡུས་པས། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །ཏིང་ངེ་འཛིན་དང་ལྡན་པ་ཡི། ། བློ་གྲོས་ཅན་གྱིས་སུམ་འབུམ་བཟླ། །ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མའི་ཏིང་ངེ་འཛིན་ཐོབ་པའི་སྔགས་པས་སྔར་འདས་མ་ཐག་པའི་སྔགས་འབུམ་ཕྲག་གསུམ་དུ་བཟླས་པར་བྱ་བ་སྟེ། དེས་ནི་སྔར་བསྙེན་པ་བྱས་པར་འགྱུར་རོ། །བཟླས་དང་ལྡན་པའི་ རྣལ་འབྱོར་པ། །དེ་ཡིས་བསམ་པ་ཐམས་ཅད་འགྲུབ། །ཅེས་བྱ་བ་ནི། རིམ་པ་དེ་ལྟར་བསྒོམ་པ་དང་བཟླས་པར་ལྡན་པའི་རྣལ་འབྱོར་པ་གང་ཡིན་པ་དེས་ནི་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་བའོ། །བསམ་པ་ཐམས་ཅད་གང་ཞེ་ན། ལས་བརྒྱད་ལ་སོགས་དངོས་གྲུབ་ རྣམས། །ཞེས་བྱ་བ་སྨོས་ཏེ། དེ་ལ་ལས་བརྒྱད་ཅེས་བྱ་བ་ནི་ཞི་བ་དང་རྒྱས་པ་དང་། དབང་དང་། དགུག་པ་དང་། མངོན་པར་སྤྱོད་པ་དང་། བསྐྲད་པ་དང་། དབྱེ་བ་དང་། བཅིངས་པ་རྣམས་སོ། །སོགས་ཀྱིས་ན་དངོས་གྲུབ་ཆེན་པོ་བརྒྱད་ལ་སོགས་པ་གཟུང་བར་བྱའོ། །སྔོན་ དུ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྔོན་དུ་སྟེ། ལས་བརྒྱད་ལ་སོགས་པའི་དངོས་གྲུབ་མངོན་དུ་བསྒྲུབས་ནས་ཕྱིས་བྱང་ཆུབ་ཀྱང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འགྲུབ་ཅེ་ན། བསྙེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྙེན་པ་ནི་བཤད་ཟིན་ཏོ། །དེ་འོག་ལས་རྣམས་བརྩམས་ བྱས་ན། །ཞེས་བྱ་བ་ནི། ཕྱིས་སྒྲུབ་པའི་དུས་སུ་སྔགས་སྤེལ་བ་དང་བཅས་པས་ཞི་བ་ལ་སོགས་པའི་ལས་རྣམས་བརྩམས་ཤིང་བསྒྲུབས་ན་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་འཆང་ཆེན་པོའི་སྔགས་བསྟན་པའི་ཕྱིར། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་ གོ་སླའོ། །སྔོན་དུ་རྡོ་རྗེའི་ཚིག་བརྗོད་ལ། །ཞེས་བྱ་བ་ནི་བཛྲ་ཞེས་བྱ་བའི་ཚིག་སྔགས་ཀྱི་དང་པོར་གདོན་པའོ། །སྡེ་ཚན་དང་པོའི་དང་པོ་གཟུང་། །ཞེས་བྱ་བ་ལ་སྡེ་ཚན་དང་པོ་ནི་ཀའི་སྡེ་ཚན་ཏེ། དེའི་ཡི་གེ་དང་པོ་ནི་ཀ་ཉིད་དོ། །དེ་བཞིན་སྡེ་ཚན་བཞི་པ་ཡི། །ཡི་གེ་དང་པོ་བཟུང་ནས་ནི། །ཞེས་བྱ་བ་ ལ། སྡེ་ཚན་བཞི་པ་ནི་ཏའི་སྡེ་ཚན་ནོ། །དེའི་ཡི་གེ་དང་པོ་ནི་ཏ་ཉིད་དོ། །ཉིས་འགྱུར་ཞེས་བྱ་བ་ནི་ཏ་ཉིས་བརྩེགས་སུ་བྱའོ། །རེ་ཕ་སྟེང་དུ་གཞག་ཅེས་བྱ་བ་ནི་ཏ་ཉིས་བརྩེགས་ཀྱི་སྟེང་དུ་ཡི་གེ་ར་གཞག་པའོ། །དེ་བཞིན་ཨི་དང་རེ་ཕ་སྦྱར། །ཞེས་བྱ་བ་ནི་དེའི་འོག་ཏུ་ཡི་གེ་ར་གཞག་པ་ཡི་གེ་ཨི་སྟེང་དུ་སྦྱར་ བའོ། །གང་ཞིག་སྡེ་ཚན་གཉིས་པ་ཡི། །ཡི་གེ་གཉིས་པ་ཐིག་ལེ་ཅན། །ཞེས་བྱ་བ་ནི་སྡེ་ཚན་གཉིས་པ་ཙའི་སྡེ་ཚན་གྱི་ཡི་གེ་གཉིས་པ་ཚའི་འགྲམ་ན་ཐིག་ལེ་གཞག་པ་དང་ལྡན་པའོ། །ལྕགས་ཀྱུ་ཡིས་ནི་གཟིར་བར་བྱ། །ཞེས་བྱ་བ་ལ་ལྕགས་ཀྱུ་ནི་ཡི་གེ་ཨི་ཐུང་ངུ་སྟེ་དེ་ཚའི་སྟེང་དུ་སྦྱར་བའོ། ། བཞི་པ་ཡི་ནི་གསུམ་པར་བཅས། །ཞེས་བྱ་བ་ནི་སྡེ་ཚན་བཞི་པའི་ཡི་གེ་གསུམ་པ་དང་གློ་ན་གནས་པ་དང་བཅས་པའོ། །ལན་གཉིས་སུ་ནི་བཟླས་པར་བྱ། །ཞེས་བྱ་བ་ནི་དེ་ལན་གཉིས་སུ་བརྗོད་པ་སྟེ་ཚིནྡ་ཚིནྡ་བྱ་བར་འགྱུར་རོ། །སངས་རྒྱས་ལྔ་ཡིས་བརྒྱན་པ་དང་། །ཞེས་བྱ་བ་ལ། སངས་རྒྱས་ ལྔ་ནི་ཡི་གེ་ཧཱུཾ་སྟེ་བརྒྱན་པ་ཞེས་བྱ་བ་ནི་དེའི་འོག་ཏུ་ཡི་གེའི་ཧཱུཾ་གདོན་པས་སྔགས་དེ་མཛེས་པར་བྱས་པའོ། །སྔོན་དུ་ཕྱག་འཚལ་ཡི་གེ་སྟེ། །ཞེས་བྱ་བ་ནི་སྔགས་དེ་ཐམས་ཅད་ཀྱི་སྔོན་ཏེ་ཐོག་མར་ཕྱག་འཚལ་བའི་ཡི་གེ་ཨོཾ་གདོན་པར་བྱའོ། །ཡི་གེ་དྲག་པོ་མཐའ་རུ་སྦྱོར། །ཞེས་བྱ་བ་ལ། ཡི་གེ་དྲག་པོ་ནི་ཡི་གེ་ཕཊ་དོ། །མཐའ་རུ་སྦྱར་བ་ནི་སྔགས་ཐམས་ཅད་ཀྱི་མཐའ་རུ་བཟླ་བ་སྟེ་བསྡུས་པས། ཨོཾ་བཛྲ་ཀརྟ་རི་ཚིནྡ་ཚིནྡ་ཧཱུཾ་ཕཊ་ཅེས་བྱ་བར་འགྱུར་རོ། །སྔགས་འདིའི་ཕན་ཡོན་བསྟན་པའི་ཕྱིར། ས་བོན་འདི་བཟླས་རྣལ་འབྱོར་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅིང་བ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་མོ། །དེས་ན་སྔགས་འདི་བཟླས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་བསྟན་པའི་ཕྱིར། ལག་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལག་གཉིས་སོར་མོ་བསྣོལ་ནས་ནི། །ཞེས་བྱ་བ་ནི་དང་པོ་ལག་པ་རྡོ་རྗེ་ བཅིང་བར་བྱ་སྟེ། དེའི་འོག་ཏུ་རྡོ་རྗེ་ཁུ་ཚུར་གཉིས་སུ་བྱའོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ཉིད་བཟའ་བ་ལྟ་བུར་སྦྱར། །ཞེས་བྱ་བ་ནི་དེའི་འོག་ཏུ་ཁུ་ཚུར་གཡོན་པ་བཟའ་བ་ལྟ་བུར་ཁའི་ཕྱོགས་སུ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཁུ་ཚུར་གཡས་པ་ཅི་ཞིག་བྱ་ཞེ་ན། ཁྲོ་བོ་དང་ཞེས་ བྱ་བ་ལ་སོགས་པ་སྨོས་ཏེ། ཁྲོ་བོ་དང་ནི་དབུ་མ་བརྐྱང་། །ཞེས་བྱ་བ་ནི་མཛུབ་མོ་དང་གུང་མོ་བརྐྱང་བའོ། །གཉི་ག་ཕན་ཚུན་དྲུད་པར་བྱ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལ་ཁུ་ཚུར་གྱི་མཚན་ཉིད་ནི་མཐེ་བོ་ནང་དུ་བཅུག་སྟེ། སོར་མོ་ལྷག་མ་རྣམས་ཀྱིས་མནན་པའོ། ། དགྲ་ཡི་མགྲིན་པ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་རྣ་བ་དང་སྣ་ལ་སོགས་པ་གཟུང་བར་བྱ་སྟེ། དེ་ཉིད་ཀྱིས་ན་དངོས་པོ་ཐམས་ཅད་ཅེས་བྱ་བ་སྨོས་སོ། །ཡིད་ཅེས་བྱ་བ་ནི་དེ་དག་ཐམས་ཅད་ནི་ཡིད་ཀྱིས་རོལ་པ་སྟེ། མགོ་བཅད་པ་ལ་ སོགས་པ་ཡིད་ཀྱིས་རོལ་ཅིང་རྫོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆུ་ལ་སོགས་པ་ཀུན་ཞེས་བྱ་བ་ནི། ཆུ་རླབས་གཡོ་བ་དང་ཆར་འབབ་པ་ལ་སོགས་པའོ། །བཅིང་བ་ནི་མནན་པའོ། །གང་ཡང་སྡེ་ཚན་ཐ་མ་ཡི། །ཡི་གེ་གསུམ་པ་གཟུང་བར་བྱ། ། ཞེས་བྱ་བ་ལ། སྡེ་ཚན་ཐ་མ་ནི་པའི་སྡེ་ཚན་ཏེ། ཀ་ལ་སོགས་པ་སྡེ་ཚན་ལྔའི་ཐ་མ་ཡིན་པའི་ཕྱིར་རོ། །དེའི་ཡི་གེ་གསུམ་པ་ནི་བའོ། །དེ་བཞིན་སྡེ་ཚན་གསུམ་པ་ཡི། །ཡི་གེ་གསུམ་པ་ཉིད་དང་ནི། །ཞེས་བྱ་བ་ནི་ཡི་གེ་ཌའོ། །དེ་ཡི་ས་བོན་གསུམ་པ་ལ། །ཞེས་བྱ་བ་ནི་ས་བོན་ གསུམ་པའི་སྒྲས་ནི་ཡི་གེ་ཝ་གཟུང་བར་བྱའོ། །དེའི་ཞེས་བྱ་བ་ནི་བ་དང་ཝ་འདྲ་བའི་ཕྱིར་རོ། །སྟེང་དུ་ཨེ་ཞེས་བྱ་བར་སྦྱར། །ཞེས་བྱ་བ་ནི་གོ་སླ་སྟེ། དེ་དག་གིས་ནི་བ་ཌ་ཝེ་ཞེས་བྱ་བར་འགྱུར་རོ། །སྡེ་ཚན་ལྔ་པའི་དང་པོ་ལ། །ཞེས་བྱ་བ་ནི་ཡི་གེ་པའོ། །ལྕགས་ཀྱུ་ཡིས་ནི་གཟིར་བར་ བྱ། །ཞེས་བྱ་བ་ལ་ལྕགས་ཀྱུའི་སྒྲ་ནི་ཡི་གེ་ཨི་ཐུང་ངུ་ལ་བྱ་ལ། གཟིར་བ་ནི་དེ་དེའི་སྟེང་དུ་སྦྱར་བའོ། །ཚེག་དྲག་ཡི་གེ་དབུས་བྱས་ཏེ། །ཞེས་བྱ་བ་ལ་ཚེག་དྲག་གི་ཡི་གེ་ནི་ཝའོ། །དབུས་སུ་བྱ་བ་ནི་དེའི་འོག་ཏུ་གདོན་པའོ། །ཐ་མ་རྡོ་རྗེ་ཅན་དང་སྦྱར། །ཞེས་བྱ་བ་ལ་རྡོ་རྗེ་ཅན་ནི་ཡི་ གེ་ཧའོ། །རེ་ཕ་གློ་ན་ལྕགས་ཀྱུ་ཅན། །ཞེས་བྱ་བ་ནི་གཉི་ག་སྦྱར་ཏེ་འོག་ཏུ་ར་བཏགས་ཤིང་གློར་ལྕགས་ཀྱུ་སྟེ་ཨཱི་རིང་པོ་སྦྱར་བའོ། །མཐར་ནི་དྲག་པོའི་ཡི་གེ་དང་། །ཞེས་བྱ་བ་ནི་ཡི་གེ་ཕཊ་མཐར་སྦྱར་བའོ། །དང་པོར་ཕྱག་འཚལ་གཞག་པར་བྱ། །ཞེས་བྱ་བ་ནི་གོ་སླའོ། །བསྡུས་ པ་ལས་ཨོཾ་བ་ཌ་ཝེ་པི་ཝ་ཧྲཱི་ཕཊ་ཅེས་བྱ་བར་འགྱུར་རོ། །བཅིང་བ་ཡི་ནི་སྔགས་སུ་གྲགས། །ཞེས་བྱ་བ་ནི་འདི་ནི་ཆར་ལ་སོགས་པ་འཆིང་བའི་སྔགས་སོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་གསུངས་པ། ལག་པ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། ལག་གཉིས་ཐལ་མོ་སྦྱར་ ནས་སུ། །ཞེས་བྱ་བ་ནི་གོ་སླའོ། །སྲིན་ལག་གཉིས་ནི་ཕན་ཚུན་དཀྲི། །ཞེས་བྱ་བ་ནི་རྩ་བའི་བར་དུ་སྲིན་ལག་གཉིས་གདོན་པའོ། །ཁྲོ་བོ་གཉིས་ཀྱིས་མནན་པར་བྱ། །ཞེས་བྱ་བ་ནི་མཛུབ་མོ་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་རྩེ་མོ་ནས་དགུག་པའོ། །མཐེ་བོ་གཉིས་ནི་དབུས་ སུ་སྦྱར། །ཞེས་བྱ་བ་ནི་མཐེ་བོ་གཉིས་ཀྱི་རྩེ་མོ་གུང་མོ་གཉིས་ཀྱི་རྩ་བར་གཟུགས་པའོ། །ལྷག་མ་ནི་གོ་སླའོ། །སྤྲིན་གྱི་ལྷ་ཚོགས་སྲེག་པར་བྱེད། །ཅེས་བྱ་བ་ནི། སྤྲིན་གྱི་ལྷ་ལ་སོགས་པ་བཅིངས་པར་འགྱུར་བའོ། །ལྷག་མ་ཡང་གོ་སླའོ། །བདག་གི་གདན་ཞེས་བྱ་བ་ལ་སོགས་པ་ ལ། ལྷའི་རྣལ་འབྱོར་ལ་སོགས་པའི་བརྗོད་པར་བྱ་བའི་རིམ་པར་ཕྱེ་བ་བཞིས་བསྟན་པ་དེ་ནི་བདག་གི་གདན་ཞེས་བྱ་བའི་རབ་ཏུ་བྱེད་པ་སྟེ། རྫོགས་པ་ནི་མཐར་གཏུགས་པའོ། །དཔལ་གདན་བཞི་པའི་འགྲེལ་པ་དྲན་པའི་རྒྱུ་མཚན་ཞེས་བྱ་བ་ལས། བདག་གི་གདན་གྱི་རིམ་པར་ཕྱེ་བ་བཞི་ པའོ།། །།ད་ནི་གཞན་གྱི་གདན་ལ། ཞི་བ་ལ་སོགས་པའི་སྦྱིན་སྲེག་དང་། གཏོར་མ་སྦྱིན་པ་དང་སློབ་མའི་མཚན་ཉིད་བསྟན་པའི་ཕྱིར། རིམ་པར་ཕྱེ་བ་དང་པོ་གསུངས་པ་ལྷའི་ཞེས་བྱ་བ་ལ་སོགས་པ་ལ། ལྷ་ཡི་གཟུགས་ནི་ཇི་ལྟ་བུ། །ཞེས་བྱ་བ་ནི། ཞི་བ་ལ་སོགས་པའི་སྦྱིན་ སྲེག་གི་བྱ་བ་ལ། ལྷའི་གཟུགས་ཏེ་ལྷའི་རྣལ་འབྱོར་ཇི་ལྟ་བུ་སྟེ། ཅི་འདྲ་བ་ཞིག་བལྟ་བར་བགྱི། །ཞེས་བྱ་བ་ལྷག་མ་ཡིན་ནོ། །ཞི་བའི་སྦྱིན་སྲེག་ལ་སོགས་དང་། །ཞེས་བྱ་བ་ནི། ཞི་བ་ལ་སོགས་པའི་སྦྱིན་སྲེག་གི་བྱ་བ་སྟེ། ཇི་ལྟར་ལགས་ཞེས་བྱ་བ་དང་འབྲེལ་ཏོ། །གཏོར་མར་ལྡན་པ་ ཞེས་བྱ་བ་ལ། གཏོར་མ་ནི་སྦྱིན་སྲེག་གི་ཡན་ལག་ཏུ་གྱུར་པའོ། །ལྡན་པ་ནི་སྦྱོར་བ་སྟེ། གཏོར་མ་སྦྱིན་པའི་དུས་ཀྱི་ལྷའི་རྣལ་འབྱོར་རོ། །ཇི་ལྟར་ལགས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལས་ཉན་པར་འཚལ། །ཞེས་བྱ་བའི་ཚིག་སྔ་མ་དང་འབྲེལ་ཏོ། །ཡང་ན་ཞི་བ་ལ་སོགས་པའི་སྦྱིན་སྲེག་གི་བྱ་ བ་ཇི་ལྟར་ལགས། ལྷའི་གཟུགས་ཀྱི་སྦྱོར་བ་ནི་ཅི་འདྲ། གཏོར་མ་དག་ནི་ཇི་ལྟར་སྦྱིན། །ཞེས་བྱ་བར་སྦྱར་རོ། །སོགས་པའི་སྒྲས་ནི། སློབ་མའི་མཚན་ཉིད་ཇི་ལྟར་བལྟ། །ཞེས་བྱ་བ་གཟུང་ངོ་། །ལན་བསྟན་པའི་ཕྱིར། གཟུགས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ ཞེས་བྱ་བ་ནི་ལྷའི་གཟུགས་ཀྱི་སྦྱོར་བའོ། །བསམ་པ་ནི་བསྒོམ་པའོ། །སོགས་ཀྱིས་ནི་གཏོར་མ་ལ་སོགས་པ་གཟུང་བར་བྱའོ། །རྩེ་གཅིག་ཅེས་བྱ་བ་ནི་སེམས་མ་ཡེངས་པ་སྟེ། ཉོན་ཅིག་ཅེས་བྱ་བ་དང་འབྲེལ་ཏོ། །སྔགས་དང་ཕྱག་རྒྱ་སྦྱིན་སྲེག་གི། །ཞེས་བྱ་བ་ལ་ སྔགས་དང་ཕྱག་རྒྱ་ནི་འོག་ནས་འབྱུང་བའི་སྔགས་དང་ཕྱག་རྒྱའི་ཚོགས་སོ། །ཅི་ཞེ་ན། སྦྱིན་སྲེག་གི་ཞེས་བྱ་བ་སྨོས་ཏེ། སྦྱིན་སྲེག་གི་བྱ་བ་དང་འབྲེལ་བའིའོ། །བཟླས་དང་བསམ་གཏན་བསྒོམ་པ་རྣམས། །ཞེས་བྱ་བ་ལ། བཟླས་པ་ནི་སྔགས་པ་ཞེས་བྱ་བའི་ཉེ་བར་བཤད་པའོ། ། བསམ་གཏན་བསྒོམ་པ་ཞེས་བྱ་བ་ནི། གཟུགས་ཞེས་བྱ་བའི་ཉེ་བར་བཤད་པ་སྟེ། སྦྱིན་སྲེག་གི་དུས་སུ་ལྷའི་བསམ་གཏན་དང་། སྔགས་བཟླ་བ་དང་ཕྱག་རྒྱ་བཅིང་བ་རྣམས་ཉོན་ཅིག་ཅེས་བྱ་བར་སྦྱར་རོ། །སྔོན་དུ་མེ་ཡི་ལས་སོགས་ལ། །བློ་ཅན་བཟླས་པ་ཤེས་པར་བྱ། །ཞེས་ བྱ་བ་ལ། མེའི་ལས་ནི་སྦྱིན་སྲེག་གི་ལས་སོ། །བློ་ཅན་ནི་བློ་གྲོས་དང་ལྡན་པ་སྟེ། བློ་གྲོས་དང་ལྡན་པའི་སྔགས་པས་མེའི་ལས་ཀྱི་སྔོན་དུ་བཟླས་པ་ཤེས་པར་བྱས་ལ་བཟླས་པའི་ལས་ཀྱི་སྔོན་དུ་ཡང་མེའི་ལས་བྱ་བར་ཤེས་པར་བྱའོ་ཞེས་ཕན་ཚུན་དུ་ཐོག་མཐའ་ཅན་དུ་སྦྱར་རོ། །ས་ནི་སྦྱངས་ མ་ཐག་ཏུ་ཡང་། །སྟེགས་བུའི་མཚན་ཉིད་འབད་དེ་བྱ། །ཞེས་བྱ་བ་ལ། དང་པོ་སྦྱིན་སྲེག་གི་ཕྱིར་འོག་ནས་འབྱུང་བའི་ཕྱག་རྒྱ་ལ་སོགས་པས་སྦྱངས་ནས། སྟེགས་བུའི་མཚན་ཉིད་ཅེས་བྱ་བ་ལ། ཐབ་ཁུང་རང་བཞིན་འབད་པས་བྱ། །ཞེས་བྱ་བ་ཐབ་ཁུང་གི་མཚན་ཉིད་ལ་བྱང་བས་ བརྐོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སོར་བརྒྱད་ལ་སོགས་བརྩམས་ནས་ནི། །ཇི་སྙེད་ཁྲུ་གང་བར་དུ་གཟུང་། །ཞེས་བྱ་བ་ལ། སོར་བརྒྱད་ནས་བརྩམས་ཏེ་ཁྲུ་གང་གི་བར་དུ་གཟུང་བའམ། ཡང་ན་སོར་བརྒྱད་ནས་བརྩམས་ནས། ཇི་སྙེད་ཅེས་བྱ་བ་ཁྲུ་གང་གི་བར་དུ་བཟུང་ལ། ཁྲུ་གང་ནས་བརྩམས་ཏེ། ཇི་སྙེད་ཁྲུ་སྟོང་གི་བར་དུ་གཟུང་ངོ་ཞེས་ཟུར་གཉིས་སུ་སྦྱར་རོ། །བརྒྱད་པ་དགྲ་ནི་འཇོམས་པ་སྟེ། ཞེས་བྱ་བ་ལ་སོགས་པས་ནི་ཐབ་ཁུང་གི་ཚད་ཀྱི་དབྱེ་བ་རྣམས་ལས་ཀྱི་བྱེ་བྲག་དང་སྦྱར་བ་ཡིན་ནོ། །དེ་ལ་བརྒྱད་པ་ནི་སོར་བརྒྱད་པའི་ཚད་དོ། །དགྲ་ འཇོམས་པ་ནི་མངོན་སྤྱོད་ཀྱི་སྦྱིན་སྲེག་བྱ་སྟེ་དེ་དེར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་བཅུ་པས་རྒྱས་པར་འགྱུར། །ཞེས་བྱ་བ་ནི་རྒྱས་པའི་སྦྱིན་སྲེག་གི་ཕྱིར་སོར་བཅུ་པའི་ཐབ་ཁུང་བྱ་བའོ། །བཅུ་གཉིས་པས་ནི་དབང་དུ་སྡུད། །ཅེས་བྱ་བ་ནི་དབང་གི་སྦྱིན་སྲེག་གི་ཕྱིར་སོར་བཅུ་གཉིས་པའི་ མེ་ཐབ་བྱ་བའོ། །བཅུ་བཞིས་དེ་བཞིན་ཞི་བ་ཉིད། །ཅེས་བྱ་བ་ནི་ནད་ལ་སོགས་པ་བསལ་བའི་སྦྱིན་སྲེག་གི་ཕྱིར་སོར་བཅུ་བཞི་པའི་མེ་ཐབ་བྱ་བའོ། །ཐབ་སོར་བཅུ་དྲུག་ཚད་ཀྱིས་ནི། །རིགས་རྣམས་མངོན་པར་འཕེལ་བར་བྱེད། །ཅེས་བྱ་བ་ནི་བུ་དང་ཚ་བོ་ལ་སོགས་པའི་རིགས་མ་ སྐྱེས་པ་སྐྱེད་པ་དང་། སྐྱེས་པ་གནས་པར་བྱ་བའི་ཕྱིར་སོར་བཅུ་དྲུག་པའི་མེ་ཐབ་བྱའོ། །མཐེབ་སོར་བཅོ་བརྒྱད་གནས་ཀྱིས་ནི། །བ་ལང་རིགས་སོགས་མངོན་པར་འཕེལ། །ཞེས་བྱ་བ་ལ་གནས་ཞེས་བྱ་བ་ནི་ཐབ་ཁུང་ངོ་། །བ་ལང་རིགས་ལ་སོགས་ཞེས་བྱ་བ་ལ་སོགས་ཀྱི་ཚིག་གིས་ ནི་རྟ་དང་གླང་པོ་ལ་སོགས་པ་གཟུང་ངོ་། །ལྷག་མ་ནི་གོ་སླའོ། །རྒྱར་ནི་ཆ་གསུམ་བགོས་པ་ལས། །ཆ་གཉིས་སུ་ནི་བརྐོ་བར་བྱ། །ཞེས་བྱ་བ་ནི། རྒྱའི་ཚད་སྔར་སྨོས་པ་ཆ་གསུམ་དུ་བགོས་པ་ལས་ཆ་གཅིག་བོར་ཏེ་ཟབས་སུ་ཆ་གཉིས་བརྐོ་ཞེས་བྱ་བའི་དོན་ཏོ། །ཐབ་ཁུང་ཀུན་གྱི་ཐུན་ མོང་གི་མཚན་ཉིད་དོ། །བརྐོས་པ་ཡི་ནི་བརྒྱད་ཆ་ཡིས། །ཞེས་བྱ་བ་ནི་ཟབས་སུ་བརྐོས་པའི་ཆ་བརྒྱད་པས་སོ། །ཅི་ཞིག་བྱ་ཞེ་ན། ཁུང་བུ་ཡི་ནི་ཁ་ཁྱེར་བྱ། །ཞེས་བྱ་བ་སྨོས་ཏེ། ཐབ་ཁུང་གི་ཁར་ནི་བྱ་བའོ། །ཁ་ཁྱེར་གྱི་ནི་ཕྱེད་ཆ་ཡིས། །ཕྱི་རོལ་གྱི་ནི་མུ་ཁྱུད་བྱ། །ཞེས་བྱ་བ་ནི་ ཁ་ཁྱེར་ཕྱི་རོལ་དུ་དེའི་ཕྱེད་ཀྱི་ཚད་ཀྱི་མུ་ཁྱུད་ཀྱིས་བསྐོར་བའོ། །མུ་ཁྱུད་ཆ་བརྒྱད་ལྷག་པ་ལ། །པདྨའི་འདབ་མ་དེའི་ཆ་བརྒྱད། །ཅེས་བྱ་བ་ལ་མུ་ཁྱུད་ཆ་བརྒྱད་དུ་བགོས་པའི་ཆ་གཅིག་ཚུན་ཆད་ལྟེ་བར་བྱ་བ་ལ། ཆ་བརྒྱད་པོ་རྣམས་ལས་ལྷག་མ་ནི་པདྨའི་འདབ་མར་བྱའོ་ཞེས་བྱ་བའི་དོན་ཏོ། ། ཡང་ན། མུ་ཁྱུད་ཆ་བརྒྱད་ལྷག་པ་ལ། །ཞེས་བྱ་བ་ནི་ཐབ་ཁུང་གི་མུ་ཁྱུད་ཆ་དགུར་བགོས་ལ། ཕྱི་རོལ་གྱི་ཆ་གཅིག་དགུ་པས་ནི། པདྨའི་མུ་ཁྱུད་བྱའོ་ཞེས་བྱ་བའི་དོན་ཏོ། །པདྨའི་འདབ་མ་དེའི་ཆ་བརྒྱད། །ཅེས་བྱ་བ་ནི་པདྨ་དེའི་འདབ་མ་བརྒྱད་དུ་བྱ་བའོ། །གང་དུ་ཞེ་ན། པདྨ་ཡི་ནི་ ཕྱི་རོལ་དུ། །ཞེས་བྱ་བ་སྨོས་སོ། །ཚད་ཅི་ཙམ་ཞེ་ན། སོར་གཅིག་པ་ཡི་ཞེས་བྱ་བ་སྨོས་ཏེ། ར་བ་བྱ་ཞེས་བྱ་བ་ནི་པདྨའི་འདབ་མ་ཉིད་ར་བ་དང་འདྲ་བས་ར་བའོ། །ཐབ་ཁུང་ནང་དུ་རྡོ་རྗེ་རྣམས། །པདྨའི་སྟེང་དུ་གཞག་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ མཚན་མ་རྡོ་རྗེ་དང་། མཁའ་འགྲོ་མ་རྣམས་ཀྱི་མཚན་མ་རྣམས་ཐབ་ཁུང་གི་ནང་དུ་པདྨའི་སྟེང་དུ་བྲི་བའོ། །ལས་ཀྱི་བྱེ་བྲག་གིས་དབྱིབས་ཀྱི་བྱེ་བྲག་བསྟན་པའི་ཕྱིར། མངོན་སྤྱོད་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་པར་སྤྱོད་པའི་ལས་ལ་དབྱིབས་གྲུ་གསུམ་དུ་བྱའོ་ཞེས་བྱ་ བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །རྒྱས་པ་ལ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ནི་ཀུན་ནས་ཟླུམ་པ་དང་སྦྱར་བའོ། །ཟླ་བ་ཕྱེད་པ་ཞེས་བྱ་བ་ནི་ཟླ་བ་ཚེས་བརྒྱད་པའི་དབྱིབས་ལྟ་བུའོ། །ཟུར་བརྒྱད་པ་ཞེས་བྱ་བ་ནི་རིན་པོ་ཆེ་ལྟར་ཆ་བརྒྱད་པའོ། །རིམ་གྱིས་རིམ་གྱིས་སྦྱར་བར་བྱ། །ཞི་དང་ རྒྱས་དང་དབང་སོགས་རྣམས། །ཞེས་བྱ་བ་ནི་གཞུང་ཉེ་བར་བསྡུ་བ་སྟེ། ཞི་བ་ལ་སོགས་པའི་ལས་རྣམས་གྲུ་བཞི་ལ་སོགས་པའི་ཐབ་ཁུང་དུ་ཇི་སྐད་སྨོས་པའི་རིམ་བཞིན་དུ་སྦྱར་བར་བྱ་བའི་དོན་ཏོ། །ཐབ་ཁུང་ནང་དུ་ཞེས་བྱ་བ་ལ་སོགས་པ་ཉེ་བར་བཤད་པའི་ཕྱིར། སངས་རྒྱས་ལྔ་ཡི་ མཚན་མ་རྣམས། ཇི་བཞིན་ཕྱོགས་སུ་དགོད་པར་བྱ། །ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་དང་མཁའ་འགྲོ་མ་རྣམས་སམ། ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་རྣམས་སོ། །ཇི་བཞིན་ཕྱོགས་སུ་དགོད་པར་བྱ། །ཞེས་བྱ་བ་ལ། དབུས་སུ་ནི་རྡོ་རྗེའོ། །ཕྱོགས་ ཀྱི་འདབ་མ་བཞི་ལ་ནི་ཁ་ཊྭཱཾ་ག་རྣམས་སོ། །ཁ་ཁྱེར་གྱི་ནི་གནས་བཞི་རུ། །ཞེས་བྱ་བ་ནི་ཁ་ཁྱེར་གྱི་ཤར་ལ་སོགས་པའི་ཕྱོགས་ཆ་བཞིར་རོ། །སངས་རྒྱས་མཚན་མས་བརྒྱན་པར་བྱ། །ཞེས་བྱ་བ་ནི་རིམ་བཞིན་དུ་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་རྣམས་བྲི་བའོ། །ཟླ་ཕྱེད་རྡོ་རྗེས་ཤིན་ཏུ་ མཛེས། །ཞེས་བྱ་བ་ནི་ཟླ་བ་ཕྱེད་པ་ལ་གནས་པའི་རིན་པོ་ཆེ་དང་རྡོ་རྗེའོ། །གྲྭ་དང་གྲྭ་རུ་ཀུན་དུ་གཞག །ཅེས་བྱ་བ་ནི་ཕྱི་རོལ་དུ་མུ་རན་གྱི་གྲྭ་བཞིར་བྲི་བའོ། །ཇི་བཞིན་སྟན་གྱི་གནས་སུ་ཡང་། །མཐེབ་སོར་བཅུ་གཉིས་དག་ཏུ་ནི། །འཕངས་སུ་ཁྲུ་ཕྱེད་ལྡན་པ་ཡི། །ཏི་སེ་གངས་ནི་མཛེས་པར་ གཞག །ཅེས་བྱ་བ་ལ་སྟན་གནས་ཞེས་བྱ་བ་ནི་སློབ་དཔོན་གྱི་སྟན་གྱི་མཐའ་གཡོན་ཕྱོགས་སུའོ། །ཏི་སེ་གངས་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །འཕངས་སུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་ནམ་འཕངས་དང་ཆུ་ཞེང་དུའོ། །ཁྲུ་ཕྱེད་ལྡན་པ་ཞེས་བྱ་བ་ནི་ཚད་དེ། ཕྱེད་དང་ལྡན་པའི་ཁྲུ་ཕྱེད་དོ། ། འདིས་ནི་མཐོ་ཕྱེད་དང་གཉིས་སུ་འགྱུར་རོ། །མཐེབ་སོར་བཅུ་གཉིས་ཞེས་བྱ་བ་ནི་དེའི་དྲུང་དུ་ས་སྐས་སོར་བཅུ་གཉིས་སུ་བྱ་བའོ། །འདབ་མ་བརྒྱད་ཀྱི་གནས་རྣམས་སུ། །ལྷ་མོ་རྣམས་ནི་རིམ་བཞིན་དགོད། །ཅེས་བྱ་བ་ལ། འདབ་མ་བརྒྱད་ནི་ཕྱི་རོལ་མུ་ཁྱུད་ཀྱི་འདབ་མ་རྣམས་ལའོ། །ལྷ་མོ་ རྣམས་ཞེས་བྱ་བ་ནི་ལྷ་མོ་རྣམས་ཀྱི་མཚན་མ་སྟེ། དགོད་པ་ནི་རིམ་བཞིན་དུ་བྲི་བའོ། །དེ་ལ་ཤར་གྱི་འདབ་མ་ལ་ནི་མཁའ་འགྲོ་མའི་མཚན་མ་ལག་པ་གཉིས་ཁར་བཅུག་པའོ། །བྱང་དུ་ནི་འབར་མའི་མཚན་མ་ཐལ་མོ་སྤྱི་བོར་སྦྱར་བའོ། །ནུབ་ཏུ་ནི་འཇིབ་བྱེད་མའི་མཚན་མ་སྙིམ་པ་ ནས་ཁྲག་འཐུང་བའོ། །ལྷོར་ནི་འཕྲོག་བྱེད་མའི་མཚན་མ་སོར་མོ་གཏུན་ཤིང་གི་ཚུལ་དུ་བྱེད་པའོ། །དབང་ལྡན་ལ་སོགས་པའི་མཚམས་བཞིར་ནི་སེང་གེ་མོ་དང་སྟག་མོ་དང་། ཅེ་སྤྱང་མོ་དང་འུག་པ་མོ་རྣམས་ཀྱི་མཚན་མ་ལྕགས་ཀྱུ་འབའ་ཞིག་ཏུ་བྲི་བར་བྱའོ། །མཚན་མ་རྣམས་ཀྱི་ ཁ་དོག་བསྟན་པའི་ཕྱིར། རྣལ་འབྱོར་པ་ཡིས་དེ་ཡི་ཚད། །ཁྱད་པར་དུ་ནི་སྦྱར་བར་བྱ། །ཞེས་བྱ་བ་སྨོས་ཏེ། དེའི་ཚད་ཅེས་བྱ་བ་ནི། མཚན་མ་རྣམས་ཏེ་སོ་སོའི་ཐབ་ཁུང་དུ་གཞལ་ཞིང་བཙུགས་པས་སོ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་ཁྱད་པར་རོ། །སྦྱར་བ་ནི་དེའི་མདོག་ཏུ་བྱ་ བའོ། །ཨོཾ་ཧི་ལི་ཞེས་བྱ་བ་ལ་སོགས་པ་ལ་ཉེ་བར་སྤྱོད་པ་ཞེས་བྱ་བ་ནི་སྲེག་རྫས་རྣམས་ལ་བསང་གཏོར་བྱ་བ་ལ་སོགས་པའི་སྔགས་སོ། །ས་སྦྱང་བ་ལ་སོགས་པ་ནས་བརྩམས་པའི་ལས་རྣམས་ལ་བདག་ཉིད་ཡེ་ཤེས་མཁའ་འགྲོ་མར་བསྒོམ་པ་བསྟན་པའི་ཕྱིར། ཡེ་ཤེས་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། རང་གི་ལུས་ཞེས་བྱ་བ་ནི་སློབ་དཔོན་གྱི་ལུས་སོ། །ཡེ་ཤེས་མཁའ་འགྲོར་བསྒོམས་པ་ཡིས། །ཞེས་བྱ་བ་ནི། ཚིག་ནི་ལྷ་རུ་སྤྲུལ་པར་བྱ། །ཞེས་བྱ་བ་དང་སྦྱར་རོ། །ཆོ་ག་བསྟན་པའི་ཕྱིར། བདག་གི་ཡན་ལག་བརྒྱད་པོ་རུ། །ཐམས་ཅད་བཀོད་པས་བསྲུང་བྱ་སྟེ། །ཞེས་བྱ་བ་ སྨོས་ཏེ་འདི་ནི་བསྡུས་པའོ། །དེ་ཉིད་བཤད་པའི་ཕྱིར་ལྕེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྕེ་ལ་ཆུ་འདི་ཉིད་དང་ནི་ཞེས་བྱ་བ་ལ་འདི་ཉིད་ཅེས་བྱ་བ་ནི་བདུད་རྩི་སྟེ། ཆུ་ཞེས་བྱ་བ་ནི་དེ་ཉིད་ཆུའི་རང་བཞིན་གྱི་ཕྱིར་རོ། །དེ་རྣམ་པར་དག་པའི་ས་བོན་སུཾ་ལ་ཡང་དེ་སྐད་ ཅེས་བྱའོ། །ནམ་མཁའ་རྣ་བ་སྣ་དག་ལ། །ཞེས་བྱ་བ་ལ། ནམ་མཁའི་དེ་ཁོ་ན་ཉིད་ནི་ས་བོན་ཡུཾ་དོ། །ས་ཞེས་བྱ་བ་ནི་ས་རྣམ་པར་དག་པའི་ས་བོན་ཧཱུཾ་ངོ་། །མེ་ཞེས་བྱ་བ་མེ་རྣམ་པར་དག་པའི་ས་བོན་ཧཱུཾ་ངོ་། །ཚངས་པ་ཞེས་བྱ་བ་ནི་སྟེང་གི་ཚངས་པའི་གནས་ཏེ། རྐན་ནས་སྤྱི་གཙུག་ གི་བར་དུའོ། །འདི་དག་ནི་རྡོ་རྗེ་མཁའ་འགྲོ་མ་དང་། རོ་ལངས་མ་དང་། གཏུམ་མོ་དང་། དྲག་མོ་རྣམས་ཀྱི་རང་བཞིན་གྱི་ས་བོན་དུ་རིམ་བཞིན་དུ་ཤེས་པར་བྱའོ། །མགྲིན་པ་ཞེས་བྱ་བ་ལ་སོགས་པ་ལ། རྨོངས་པ་ཞེས་བྱ་བ་ནི་གཏི་མུག་སྟེ། དེ་རྣམ་པར་དག་པའི་ས་བོན་སྨྲྱུཾ་ངོ་། ། དེ་ཉིད་ནི་ལྷ་མོ་སེང་གེ་མའི་རང་བཞིན་ཡིན་པས་དེད་དཔོན་ཏེ། ལྟག་འོག་ཏུ་སྦྱར་བར་བྱའོ། །གཡོ་བ་ཞེས་བྱ་བ་ནི་རླུང་སྟེ། དེ་རྣམ་པར་དག་པའི་ས་བོན་ཡྨྲྱུཾ་ངོ་། །ཉོན་མོངས་ཞེས་བྱ་བ་ནི་སྡང་བ་སྟེ། དེ་རྣམ་པར་དག་པའི་ས་བོན་ཧྨྲྱུཾ་ངོ་། །ཐོང་ཀ་ཞེས་བྱ་བ་ནི་དཔུང་པའོ། །ཕྱུགས་ཞེས་ བྱ་བ་ནི་འུག་པ་སྟེ། དེའི་ས་བོན་ཀྵྨྲྱུཾ་ངོ་། །དེ་དག་ནི་སེང་གེ་མོ་དང་། སྟག་མོ་དང་། ཅེ་སྤྱང་མོ་དང་། འུག་པ་མོ་རྣམས་ཀྱི་རང་བཞིན་གྱི་ས་བོན་རིམ་བཞིན་དུ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ཡན་ལག་བརྒྱད་ཀྱི་སྲུང་བ་འདི། །ལྷ་རྣམས་སུ་ནི་ཤེས་བྱས་ལ། །ཞེས་བྱ་བ་སྨོས་ཏེ། གོ་ཆའི་ས་བོན་རྣམས་ལྷ་མོ་རྣམས་ཀྱི་རང་བཞིན་དུ་མོས་པར་བྱའོ་ཞེས་བྱ་བའོ་དོན་ཏོ། །ཇི་ལྟར་ཞེ་ན། བ་དན་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་དན་གསུམ་གྱི་ཕྱག་རྒྱ་ཞེས་བྱ་བ་ནི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ཏེ། སོར་མོ་ལྷག་མ་གསུམ་བརྐྱང་བའོ། །ཡན་ལག་ བརྒྱད་དུ་གཏུགས་ཏེ་བསྲུང་། །ཞེས་བྱ་བ་ནི་སྤྱི་བོ་ལ་སོགས་པའི་གནས་བརྒྱད་དུ་ཕྱག་རྒྱ་དེས་གཏུགས་ནས་སྔར་སྨོས་པའི་ས་བོན་རྣམས་དགོད་པའོ། །ད་ནི་གོང་དུ་ཐལ་བའི་ཡེ་ཤེས་མཁའ་འགྲོ་མ་ལ་དྲན་པ་བསྐྱེད་པའི་ཕྱིར་དང་། ས་སྦྱང་བའི་དུས་སུ་ཡང་ཡེ་ཤེས་མཁའ་འགྲོ་མ་ བསྒོམ་པ་བསྟན་པའི་ཕྱིར། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་མཁའ་འགྲོའི་བདག་ཉིད་དུ། །ཞེས་བྱ་བ་ནི། རང་གི་ལུས་ནི་བསྒོམ་པར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟར་ཞེ་ན། བདག་གི་ལུས་ནི་སྤྲུལ་བྱས་ཏེ། །ཞེས་བྱ་བ་སྨོས་ཏེ། བདག་གི་ལུས་བསྒྱུར་ བས་སོ། །ཀུནྡ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱག་ན་ཁ་ཊྭཱཾ་རྡོ་རྗེ་སྟེ། །ཞེས་བྱ་བ་ལ་རྡོ་རྗེ་ནི་གཡས་སུའོ། །ཁ་ཊྭཱཾ་ག་ནི་གཡོན་དུའོ། །མཉམ་པར་གཞག་པས་ཞེས་བྱ་བ་ནི། འཇིག་རྟེན་དང་ཆོས་ལ་རྒྱབ་ཀྱིས་ཕྱོགས་པས་སོ། །དབུགས་མི་གཡོ་བར་བསྒོམ་པར་བྱ། ། ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་ནས་ས་ནི་སྦྱང་བྱས་ཏེ། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་རིམ་གྱི་དོན་ཏེ། དང་པོ་རང་གི་ལུས་ལྷར་བསྒོམས་ནས་ས་སྦྱང་བར་བྱས་ལ། དེ་ནས་ནི་ཐབ་ཁུང་བརྐོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་གཡས་པ་བརྐྱང་ནས་ སུ། །རྡོ་རྗེ་བསྒོམས་ནས་ས་ལ་བསྣུན། །ཞེས་བྱ་བ་ནི། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས། ལག་པ་གཡས་པ་ཀུན་ནས་བརྐྱང་བའི་དབུས་སུ། ཡི་གེ་ཧཱུཾ་ལས་གྱུར་པའི་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ། རྡོ་རྗེ་དང་ལྡན་པའི་ལག་པ་དེས་མཁའ་འགྲོ་མ་ལྔའི་གནས་སུ་སྔགས་འདི་ཟློས་ བཞིན་དུ་བསྣུན་ལ་ས་གཞི་རྡོ་རྗེའི་རང་བཞིན་དུ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །རྫས་སྦྱང་བ་བསྟན་པའི་ཕྱིར། །ལག་གཉིས་ཁུ་ཚུར་ཁ་སྦྱར་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་དོན་ནི་ལག་པ་གཉིས་ཀྱི་ཁུ་ཚུར་ཁ་སྦྱར་ཏེ། གུང་མོ་གཉིས་བརྐྱང་ནས་རྩེ་སྤྲད་ལ་བསྟན་ནས་ གཟུང་བར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །ཕྱག་རྒྱ་འདི་ནི་དག་བྱེད་པའོ། །ཞེས་བྱ་བ་ལ། འདི་ཞེས་བྱ་བ་ནི་འདས་མ་ཐག་པའོ། །དག་བྱེད་པ་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་མར་ལ་སོགས་པའི་རྫས་ཐམས་ཅད་དག་པར་བྱེད་པའི་ཐུན་མོང་གི་ཕྱག་རྒྱའོ། །འོན་ཀྱང་སྔགས་ནི་སོ་ སོར་སྦྱར་བར་བྱའོ། །དེ་ལ་སྔགས་གསུངས་པ། ཨོཾ་ཤྲིཾ་སྭཱ་ཧཱ་མར་སྦྱང་བའི་སྔགས་སོ་ཞེས་བྱ་བ་ནས་ཇི་སྲིད་དུ་ཡམ་ཤིང་སྦྱང་བའི་སྔགས་སོ་ཞེས་བྱ་བའི་བར་དུ་སྟེ་གོ་སླའོ། །མེ་ལྷ་བསྐྱེད་པའི་ཆོ་ག་བསྟན་པའི་ཕྱིར། མེ་དབུས་པདྨ་བསམས་ནས་སུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ། མེ་དབུས་པདྨ་བསམས་ནས་སུ། །ཞེས་བྱ་བ་ནི་བསྟན་པའོ། །བགྲང་ཕྲེང་ཞེས་བྱ་བ་ལ་སོགས་པ་ནི་བཤད་པའོ། །མེ་ཡི་ལྷ་ནི་དགུག་པར་བྱ། །ཞེས་བྱ་བ་ནི་སེམས་དཔའ་གཉིས་པའི་ཆོ་ག་བསྟན་པའོ། །གཡོན་པ་ཁུ་ཚུར་ཞེས་བྱ་བ་ལ་སོགས་པ་ནི་བཤད་པ་སྟེ། ཐབ་ ཁུང་གི་དབུས་སུ་ཇི་ལྟར་གྲགས་པའི་མེ་སྦར་ལ། མེའི་དབུས་སུ་པདྨ། པདྨའི་དབུས་སུ་རཾ་ཡོངས་སུ་གྱུར་པ་ལས་ཉི་མ་ལ་བཞུགས་པའི་མེ་ལྷ་རལ་པ་སེར་སྐྱའི་ཐོར་ཚུགས་ཅན་མདོག་བུ་རམ་ལྟར་དམར་སེར་དུ་འདུག་པ། ལག་པ་གཡས་གཡོན་གྱིས་བགྲང་ཕྲེང་དང་སྤྱི་བླུགས་ཐོགས་པ། མེ་ འབར་བས་འཁྲུགས་པའི་ནང་ན་གནས་པར་བསམས་ལ། གཡོན་པ་ཁུ་ཚུར་བཅིངས་ནས་སུ། །ཞེས་བྱ་བ་ལ་ལག་པ་གཡོན་པའི་ཁུ་ཚུར་ཐབ་ཀྱི་ཕྱི་རོལ་གྱི་ཀུ་ཤའི་ཁྲེས་པོ་ལ་བཞག་ནས། མཛུབ་མོ་དང་གུང་མོ་བརྐྱང་སྟེ་གུང་མོའི་ཚིགས་གསུམ་པ་ལ། མཛུབ་མོའི་རྩེ་མོ་བཀུག་སྟེ་ བཙུགས་ནས་བསྐྱོད་པའི་ཕྱག་རྒྱ་འདི་དང་། ཨོཾ་ཨཱ་གཙྪ་ཨཱ་གཙྪ་ཨགྣེ་ཛཿ་སྭཱ་ཧཱ་ཞེས་བྱ་བའི་སྔགས་འདིས་ཡེ་ཤེས་ཀྱི་མེ་ལྷ་བཀུག་ལ། ཨརྒྷལ་སོགས་པ་བྱིན་ཏེ། པདྨའི་གདན་ལ་བཞུགས་པ་རུ། །ཐབ་ཁུང་དབུས་སུ་བསྒོམ་པར་བྱ། །ཞེས་པས་དམ་ཚིག་གི་མེ་ལྷ་ལ་ཐིམ་ ནས་གཉིས་སུ་མེད་པར་བསྒོམ་པར་བྱའོ། །དེ་ནས་མཆོད་པ་བསྟན་པའི་ཕྱིར། །དེར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེར་ནི་ཞེས་བྱ་བ་སྔར་སྨོས་པའི་རིམ་གྱིས་བཀུག་ལ། ཨརྒྷ་དང་ཞབས་བསིལ་ལ་སོགས་པ་ཕུལ་ཏེ། དམ་ཚིག་གི་མེ་ལྷ་དང་གཉིས་སུ་མེད་པར་བསྟིམས་ལ། ཅི་ འབྱོར་པའི་མེ་ཏོག་ལ་སོགས་པ་ནས་ལྷ་བཤོས་ཀྱི་བར་དུ་དངོས་པོ་ལྔས་མཆོད་ནས་སྲེག་བླུགས་གསུམ་གསུམ་བྱ་ཞེས་བྱ་བར་སྦྱར་རོ། །གང་དུ་ཞེ་ན། མེ་དབུས་མེ་ལྷའི་ལྕེ་ལ་ནི། །ཞེས་བྱ་བ་སྟེ་གོ་སླའོ། །གང་ལས་ཤེ་ན་ཀུན་ལས་ཏེ་སྲེག་རྫས་ཐམས་ཅད་ལས་སོ། །ལག་གཉིས་ཞེས་བྱ་ བ་ལ་སོགས་པ་ལ། དབུ་མ་ཀུན་དུ་བརྐྱང་བར་བྱ། །ཞེས་བྱ་བ་ནི་གུང་མོ་གཉིས་ཤིན་ཏུ་བརྐྱང་སྟེ་བསྐྱེད་པའོ། །ཅུང་ཟད་དབྱེ་ཞེས་བྱ་བ་ནི་སོར་མོ་ལྷག་མ་རྣམས་ཆུང་ཟད་ཁ་སྦྱར་བའོ། །པདྨའི་ཚུལ་ཞེས་བྱ་བ་ནི། པདྨ་ཁ་བྱེ་བའི་ཕྱག་རྒྱ་འདི་མེ་ལྷ་ལ་བསྟན་ནས། ཨོཾ་ཨགྣེ་ཛུ་ཧཱུ་ཛུ་ཧཱུ་ སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་མཉེས་པར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། དེ་ནས་འབད་པས་སེ་གོལ་གསུམ་གཏོགས་པས་འབར་བར་ཐིམ་པར་བསྒོམ་ཞེས་བྱ་བ་སྨོས་ཏེ། སེ་གོལ་ལན་གསུམ་གཏོགས་ལ་སྤྱན་དྲངས་པའི་མེ་ལྷ་མེ་འབར་བའི་གཟུགས་སུ་ཐིམ་ནས་རོ་གཅིག་ཏུ་གྱུར་ པར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །མེ་ཡི་དབུས་སུ་ཀུན་རིག་པས། །དེ་ནས་སྦྱང་བ་བརྩམ་པར་བྱ། །ཞེས་བྱ་བ་ནི་མེའི་དབུས་སུ་རང་གི་འདོད་པའི་ལྷ་བསྒོམས་ནས་སྦྱིན་སྲེག་བྱ་བའི་དུས་སུ་སྲེག་རྫས་ཐམས་ཅད་བསང་གཏོར་བྱ་བས་སྦྱང་བ་བརྩམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་ པ་ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ཧཱུཾ་ཊ་ཊི་ཕཊ་ཅེས་བྱ་བ་ནི་སྔགས་སོ། །རྡོ་རྗེར་བཅས་པའི་ལག་པ་ཡིས། །མེ་ཏོག་ཡུངས་ཀར་ཆུ་ཡིས་ནི། །ཕྱོགས་ཀུན་དུ་ནི་གཏོར་ནས་སུ། །མེ་ཡི་ནང་དུ་བླུགས་པར་བྱ། །ཞེས་བྱ་བ་ལ། རྡོ་རྗེར་བཅས་པའི་ལག་པ་ཞེས་བྱ་བ་ནི་རྡོ་རྗེ་གཟུང་བའི་ལག་ པས་སོ། །མེ་ཏོག་ཡུངས་ཀར་ཆུ་ཡིས་ནི། །ཞེས་བྱ་བ་ནི་མེ་ཏོག་དང་ཡུངས་ཀར་བཅས་པའི་ཆུས་སོ། །ཕྱོགས་ཀུན་དུ་ནི་གཏོར་ནས་སུ། །ཞེས་བྱ་བ་ནི་རྫས་ཀུན་ལ་གཏོར་བ་དང་། མེའི་ཕྱོགས་མཚམས་རྣམས་སུ་གཏོར་བའོ། །མེ་ཡི་ནང་དུ་བླུགས་པར་བྱ། །ཞེས་བྱ་བ་ནི་གོ་ སླའོ། །སྦྱང་བ་ནི་མེ་དང་རྫས་སྦྱང་བའོ། །སྔགས་ནི་སྔགས་འདི་ཉིད་དོ། །ཕྱག་རྒྱ་ནི་སྔར་སྨོས་པའི་ལག་གཉིས་ཁུ་ཚུར་ཁ་སྦྱར་ཏེ་ཞེས་བྱ་བ་ལ་སོགས་པ་ལ་རྫས་དག་པར་བྱེད་པའི་ཕྱག་རྒྱའོ། །ཨོཾ་བཛྲ་པྲཱ་ཀཱ་ར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལག་པ་གཉིས་ནི་བརྐྱང་ནས་ སུ། །ཕན་ཚུན་རྩེ་མོ་རེག་པར་བྱ། །ཞེས་བྱ་བ་ནི་མགོ་བོའི་སྟེང་དུ་སྙིམ་པའི་ཕྱག་རྒྱ་སོར་མོའི་རྩེ་མོ་རེག་པ་ཙམ་དུ་བཅའ་བའོ། །ལྷག་མ་ཡང་གོ་སླའོ། །གཡོན་པ་ཁུ་ཚུར་བཅངས་ནས་སུ། །མཐེ་བོ་འོག་ཏུ་བརྐྱང་བར་བྱ། །ཞེས་བྱ་བ་ནི་ལག་པ་གཡོན་པ་ཁུ་ཚུར་བཅངས་ནས་ བཟློག་སྟེ་མཐེ་བོའི་རྩེ་མོ་ས་ལ་བཙུགས་པའོ། །ལྷག་མ་ནི་གོ་སླའོ། །མེ་ལ་སྦྱིན་སྲེག་བྱས་ནས་འདོད་པའི་ལྷ་ལ་སྦྱིན་སྲེག་བྱ་བ་བསྟན་པའི་ཕྱིར། ཉི་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་དོག་དམར་སོགས་ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གིས་ཁ་དོག་དཀར་པོ་ལ་སོགས་པ་ ཡང་གཟུང་བའོ། །སྦྱོར་བའི་གདན་ཞེས་བྱ་བ་ནི། སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པའོ། །ལས་ཀྱི་མདོག་ཏུ་བསྒོམ་པར་བྱ། །ཞེས་བྱ་བ་ནི་ཁ་དོག་དམར་སོགས་ཞེས་བྱ་བའི་བཤད་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །འདི་དག་གི་དོན་ནི་མེའི་དབུས་སུ་ པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་མོ་ལྔ་པ་ལྟེ་བར་ཧཱུཾ་གི་ས་བོན་གྱིས་མཚན་པ་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། དམར་པོ་ལ་སོགས་པའི་ཁ་དོག་ཅན་རྒྱན་དང་ན་བཟས་བཀླུབས་པ་ཕྱག་གཡས་དང་གཡོན་ན་རྡོ་རྗེ་དང་ཁ་ཊྭཱཾ་ག་བསྣམས་ པའི་རང་གི་འདོད་པའི་ལྷ་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་སེམས་དཔའི་སྐྱིལ་ཀྲུང་ཅན་དུ་བསྒོམ་པ་འདི་ཡིན་ནོ། །ཡེ་ཤེས་ཀྱི་སེམས་དཔའ་སྒྲུབ་པ་བསྟན་པའི་ཕྱིར། རྡོ་རྗེས་གཟུགས་ནི་བསྐྱེད་ནས་སུ། །རང་གི་དབུགས་ལས་བྱུང་བ་ཡི། །བདག་གི་ལུས་ནི་གང་ཡིན་ ལ། །ཡེ་ཤེས་མཁའ་འགྲོ་བསྟིམ་པར་བྱ། །ཞེས་བྱ་བ་སྨོས་ཏེ། བདག་གི་དབུགས་ལས་བྱུང་བ་ཞེས་བྱ་བ་ནི། བདག་གི་དབུགས་ལས་སྤྲོས་པའི་ཡེ་ཤེས་ཀྱི་སེམས་མའོ། །བདག་གི་ལུས་ནི་གང་ཡིན་ལ། །ཞེས་བྱ་བ་ནི་བདག་གི་རང་བཞིན་དང་དབྱེར་མེད་པས་ན། བདག་གི་ལུས་ཏེ་མེའི་ནང་དུ་བསྐྱེད་པའི་དམ་ཚིག་སེམས་མའོ། །ལྷག་མ་ནི་གོ་སླའོ། །ཨོཾ་ཋ་ཋ་ཞེས་བྱ་བ་ལ། ཋའི་གནས་སུ་ཧཱུཾ་བརྗོད་པར་བྱ་སྟེ། དེས་ན་ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །དབྱུག་པ་ཞེས་བྱ་བ་ནི་བླུགས་གཟར་རོ། །སྣོད་ཅེས་བྱ་བ་དགང་གཟར་རོ། ། རྫས་རྣམས་སྦྱང་བའི་སྔགས་གསུངས་པ་ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའོ། །དེ་ཉིད་རྩ་བའི་སྔགས་ཡིན་པར་བསྟན་པའི་ཕྱིར། རྩ་བའི་སྔགས་དང་ཕྱག་རྒྱའོ། །ཞེས་བྱ་བ་སྨོས་སོ། །ཕྱག་རྒྱ་ཞེས་བྱ་བ་ནི། ལག་གཉིས་ཁུ་ཚུར་ཁ་སྦྱར་ཏེ། །ཞེས་བྱ་བ་ལ་སོགས་པ་ལ་རྫས་དག་པར་བྱེད་ པའི་ཕྱག་རྒྱ་ཉིད་གཟུང་སྟེ། ཕྱག་རྒྱ་འདིས་ནི་སྔགས་སོ་སོ་དང་སྦྱར་ནས་མེ་ལ་སྦྱིན་སྲེག་བྱ་བའི་རྫས་རྣམས་སྦྱོང་བ་བཞིན་དུ་རྩ་བའི་སྔགས་འདི་འདི་དང་སྦྱར་ནས་འདོད་པའི་ལྷ་ལ་སྦྱིན་སྲེག་བྱ་བའི་རྫས་རྣམས་ཀྱང་སྦྱང་བར་བྱའོ། །མཆོད་པ་སྣ་ཚོགས་ཀྱི་སྔགས་དང་ཕྱག་རྒྱ་བསྟན་པའི་ཕྱིར། ལག་པ་གཡས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །བརྐྱང་བ་དེ་ཉིད་ཀྱི་ཞེས་བྱ་བ་ནི་ཁུ་ཚུར་བཅངས་ཏེ་སོར་མོ་གསུམ་པོ་དགྲོལ་ཐབས་སུ་བརྐྱང་བའོ། །དེ་ཉིད་ཀྱི་ཕྱིར། འོག་ནས་ཁུ་ཚུར་དེ་ཉིད་ལས། །ཞེས་བྱ་བ་སྨོས་སོ། །མེ་ཏོག་གི་ཕྱག་རྒྱ་ལས་ཞེས་བྱ་བ་ནི་ཁུ་ཚུར་བཅངས་ནས་ དབུ་མ་བསྒྲེང་བའོ། །ལྷག་མ་ནི་གོ་སླའོ། །ལག་པ་གཉིས་ཀ་བརྐྱང་སྟེ། མཐེ་བོ་གཉིས་གུང་མོའི་རྩར་བཙུགས་ལ། བསྐྱོད་པ་དང་ཞེས་བྱ་བ་ནི་གཏོར་མའི་ཕྱག་རྒྱ་སྟེ། དེ་དག་ཀྱང་གོ་སླའོ། །མེ་ཡི་ཁ་ཡི་ནང་དུ་ནི། །ལན་རེ་བཟླས་ཤིང་ལན་རེ་སྦྱིན། །ཞེས་བྱ་བ་ནི་དགང་བླུགས་ཀྱི་ སྔགས་ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་ལན་རེ་བཟླས་པ་གང་བའི་སྦྱིན་སྲེག་མེ་ལྷའི་ཞལ་དུ་ལན་རེ་ཞིང་དབུལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབུས་སུ་གོང་བུ་བསྲེག་པར་བྱ། །ཞེས་པ་ལ། དབུས་སུ་ནི་རང་གི་འདོད་པའི་ལྷའི་ཞལ་དུའོ། །གོང་བུ་ཞེས་བྱ་བ་ནི་གང་བའི་སྦྱིན་སྲེག་གི་ཚིག་ བླ་དགས་སོ། །བདུན་ལས་ལྷག་པ་ཀུན་བཟུང་ནས། །ཞེས་བྱ་བ་ནི་དང་པོ་གང་བའི་སྦྱིན་སྲེག་བདུན་སྦྱིན་པ་དང་། ལྷག་མ་སྟེ་བསྡུ་བའི་སྦྱིན་སྲེག་གི་དགང་བླུགས་ལྔ་གཟུང་བར་བྱ་བའོ། །འབད་དེ་རྫོགས་པའི་མཐའ་རུ་ནི། །ལྷག་མ་དག་ནི་བསྲེག་པར་བྱ། །ཞེས་བྱ་བ་ནི་ དང་པོ་མེ་ལྷའི་ཁར་དགང་བླུགས་འབད་པས་ལན་ཅིག་ཕུལ་ནས་དེའི་འོག་ཏུ་ལྷག་མ་སྟེ་རྫས་གཞན་རྣམས་ལ་སྲེག་བླུགས་དབུལ་བར་བྱ་ཞིང་དེ་བཞིན་དུ་རང་གི་འདོད་པའི་ལྷ་ལ་ཡང་དང་པོར་དགང་བླུགས་ཕུལ་ལ་དེའི་མཐར་ལྷག་མ་སྲེག་བླུགས་དབུལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་དག་ གིས་ནི་འདི་སྐད་དུ། མེའི་ཁར་དང་པོ་དགང་བླུགས་གཅིག་བྱིན་ལ། དེ་ནས་རྫས་ཐམས་ཅད་ཀྱི་སྲེག་བླུགས་སྦྱིན་ཏེ་དེའི་འོག་ཏུ་ཡང་དགང་བླུགས་གཅིག་བྱིན་ལ། དེ་ནས་ཡང་མེའི་ནང་དུ་རང་གི་འདོད་པའི་ལྷའི་ཞལ་དུ་དགོད་པའི་སྦྱིན་སྲེག་གཅིག་བྱས་ལ། ལྷག་མ་སྲེག་བླུགས་ ཕུལ་ཏེ། དེའི་མཐར་ཡང་དགང་བླུགས་གཅིག་ཕུལ་ལ་བཟོད་པ་གསོལ་ནས། སླར་ཡང་མེའི་ལྷ་བསྒོམས་ལ་དེའི་ཁར་དགང་བླུགས་གཅིག་བྱིན་ཏེ། སྔ་མ་བཞིན་དུ་ལྷག་མ་སྲེག་བླུགས་བྱིན་ལ། དེའི་འོག་ཏུ་ཡང་དགང་བླུགས་གཅིག་བྱིན་ནས། དེ་ཐམས་ཅད་ཀྱི་མཐར་ ཡོན་བདག་གི་ལག་པས་མེའི་ཁར་དགང་བླུགས་གཅིག་སྟེར་དུ་གཞུག་སྟེ། དེ་ཙམ་གྱིས་ནི་དགང་བླུགས་རྣམ་པ་བདུན་རྫོགས་པ་ཡིན་ཏེ། འདི་ནི་གདན་བཞི་པར་གནས་པ་ཡིན་ནོ། །བསྲེགས་པ་ཟིན་ནས་ལྷ་རྣམས་ནི། །བདག་གི་ལུས་ལ་ཐིམ་པར་ བསྒོམ། །ཞེས་བྱ་བ་ནི་སྦྱིན་སྲེག་རྫོགས་ནས་ནི་རང་གི་འདོད་པའི་ལྷ་བསྡུས་ཏེ་རང་གི་ལུས་ལ་ཐིམ་པར་བསྒོམ་པའོ། །དགང་བླུགས་ཀུན་ལ་རྫོགས་པ་རུ། །སྔགས་དང་ཕྱག་རྒྱ་རྫོགས་པར་བྱ། །ཞེས་བྱ་བ་ནི་དགང་བླུགས་བདུན་པོ་ཀུན་ལ་སྔགས་དང་ཕྱག་རྒྱ་དང་སྦྱར་རོ་ཞེས་ བྱ་བའི་དོན་ཏོ། །ད་ནི་བསྡུ་བའི་སྦྱིན་སྲེག་དགང་བླུགས་ལྔ་དང་ལྡན་པ་བསྟན་པའི་ཕྱིར། སྣོད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དགང་བླུགས་བདུན་དང་བཅས་པའི་སྦྱིན་སྲེག་རྫོགས་ནས། སླར་ཡང་མེའི་དབུས་སུ་རང་གི་འདོད་པའི་ལྷ་བསྒོམས་ལ། མར་གྱིས་བཀང་བའི་ གཟར་བུ་ཆེན་པོ་དང་ཆུང་ངུ་ཁ་སྤྲད་དེ། དགང་བླུགས་གཅིག་ཕུལ་ལ། དེ་ནས་སྲེག་བླུགས་ཕུལ་ནས། མཐར་ཡང་དགང་བླུགས་དབུལ་ལོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་དེའི་འོག་ཏུ་མེ་ལ་ཡང་དགང་བླུགས་གཉིས་སྦྱིན་ནོ་ཞེས་ཟེར་རོ། །དྲངས་ནས་དབུགས་ཀྱི་ དངོས་གྱུར་ཏེ། །རང་གི་ལུས་ལ་ཐིམ་པར་བྱ། །དེ་ནས་རང་གི་ལུས་ཉིད་དུ། །མཁས་པ་ཡིས་ནི་བསྒོམ་པར་བྱ། །ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་གཤེགས་སུ་གསོལ་བ་སྟེ། བརྡ་ཕྲད་པར་ཟད་དོ། །དབུས་སུ་མེ་ཡི་ལྷ་ཉིད་ནི། །མཁས་པ་ཡིས་ནི་བསམས་ནས་ཀྱང་། ། ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་རང་གི་དབུས་ལ་བསྡུས་ཀྱི་འོག་ཏུ་མེ་ལ་བསང་གཏོར་ལ་སོགས་པ་བྱས་ནས། སྔར་བསྟན་པའི་ཚུལ་གྱིས་དབུས་སུ་མེ་ལྷ་བསྒོམས་ལ། ལྷག་མ་ལན་གསུམ་བསྲེགས་ནས་སུ། །ཞེས་བྱ་བ་ལ། གང་བའི་སྦྱིན་སྲེག་རྣམ་པ་གསུམ་སྦྱིན་ཏེ། མཆོད་དང་གཏོར་མ་སྦྱིན་པར་བྱ། །ཞེས་བྱ་བ་ནི་མཆོད་པ་དང་གཏོར་མ་ལ་སོགས་པ་བྱིན་ཏེ། བཟོད་པ་གསོལ་བར་བྱ་བའོ། །བཀྲ་ཤིས་དབྱངས་ནི་བླངས་ནས་སུ། །དེར་ནི་ཕྱག་རྒྱ་སྦྱར་བར་བྱ། །ཞེས་བྱ་བ་ནི་བཀྲ་ཤིས་ཀྱི་གླུ་དང་བཅས་པའི་ཕྱག་རྒྱ་བཅའ་བའོ། །ཕྱག་རྒྱ་ ཡང་འདིར། ལག་གཉིས་ཐལ་མོ་སྦྱར་ནས་སུ། །ཞེས་བྱ་བ་ལ་སོགས་པ་པདྨའི་ཚུལ་གྱི་ཕྱག་རྒྱའོ། །དེ་ལྟར་ན་དང་པོར་ནི་དགང་བླུགས་ཀྱི་སྦྱིན་སྲེག་བདུན་ནོ། །དེའི་འོག་ཏུ་ཡང་རྣམ་པ་ལྔ་སྟེ་བསྡུས་པས་བཅུ་གཉིས་སུ་འགྱུར་བར་ཤེས་པར་བྱའོ། །སྦྱིན་སྲེག་ལས་ཀྱིས་ཕྱེ་བ་ གཞན། །མདོར་བསྡུས་རྒྱས་པ་མིན་པར་བཤད། །ཅེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་བྱེ་བྲག་གིས་དབྱེ་བའི་རྫས་རྣམས་མདོར་བསྡུས་ཏེ་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སཱ་ལུ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །ཡམ་ཤིང་ནི་བུད་ཤིང་བསྟན་པའི་ཕྱིར། འོ་མ་ ཅན་གྱི་ཤིང་ལྔ་ལས། །ཞེས་བྱ་བ་སྨོས་ཏེ། ཨ་མྲ་དང་། བ་ཏ་དང་། ནྱ་གྲོ་དྷ་དང་། བར་ཀ་ཏ་དང་། ཨ་ཤྭཏྠ་སྟེ་ལྔ་པོ་དེ་དག་ནི་འོ་མ་ཅན་གྱི་ཤིང་ལྔའོ། །སོར་མོ་བཅུ་བཞིར་ལྡན་པའི་ཚད། །ཅེས་བྱ་བ་ནི་ཁྱད་པར་གྱི་ཡམ་ཤིང་བསྟན་པའོ། །ཞི་བའི་དུས་ལ་བབ་པ་ན། །ཞེས་བྱ་ བ་ནི་གང་གི་ཚེ་ཞི་བ་བྱེད་པ་དེའི་ཚེ་འདས་མ་ཐག་པའི་རྫས་དེ་དག་བསྲེག་པ་དེ་ནི་ཆོ་གའི་མཆོག་སྟེ། གཙོ་བོ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །རྒྱས་པའི་རྫས་བསྟན་པའི་ཕྱིར། ཏིལ་ནག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་བར་ཟད་དོ། །ཡམ་ཤིང་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། བུད་ ཤིང་ཡང་དེ་དག་ཉིད་ལས་གཟུང་བར་བྱའོ། །སྒྲུབ་པོས་ཁྱད་པར་བསྲེག་པར་བྱ། །ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གིས་ཕྱེ་བའི་ཐུན་མོང་མ་ཡིན་པའི་སྲེག་རྫས་སོ་ཞེས་བྱ་བའི་བར་དུའོ། །དབང་གི་ལས་ཀྱི་རྫས་བསྟན་པའི་ཕྱིར། ཏིལ་ནི་དམར་དང་གནག་པ་དང་། །ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། ཏིལ་ནག་པོ་དང་། དམར་པོ་སྟེ། མེ་ཏོག་དམར་པོ་ལ་བྱའི་ཏིལ་ནི་མ་ཡིན་ནོ། །ནཱ་ག་གེ་སར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཐང་ཤིང་ཞེས་བྱ་བ་ལ་སོགས་པ་ལ། ཀླུ་ཤིང་ཞེས་བྱ་བ་ནི་ནཱ་ག་གེ་སར་གྱི་ཤིང་ངོ་། །ཆགས་པའི་ལས་ཞེས་བྱ་བ་ནི་དབང་དུ་བསྡུ་བ་དང་ དགུག་པའི་ལས་སོ། །མངོན་སྤྱོད་ཀྱི་རྫས་བསྟན་པའི་ཕྱིར། ཏིལ་ནག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལ་ཏ་ག་ནག་ཆེན་འབྲས། །ཞེས་བྱ་བ་ནི་བ་ལ་ཏ་ཀིའི་འབྲས་བུ་དང་། ནག་པོ་ཆེན་པོའི་འབྲས་བུ་ཞེས་བྱ་བ་གཉིས་སུ་སྦྱར་རོ། །ཁྲག་ཅེས་བྱ་བ་ནི་ཐ་མལ་པའི་ཁྲག་གང་ ཡང་རུང་བའོ། །ལུང་ཏང་ཞེས་བྱ་བ་ལ་སོགས་པ་ལ། སྒུར་པོའི་ཤིང་ཞེས་བྱ་བ་ནི་ཚེར་མ་སྒུར་པོ་ཅན་ཞེས་གྲགས་པའི་ཤིང་ངོ་། །ལྷག་མ་ནི་གོ་བར་ཟད་དོ། །བསྐྲད་པའི་ལས་ཀྱི་རྫས་བསྟན་པའི་ཕྱིར། ཡུངས་ཀར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསེར་ ཤིང་ཞེས་བྱ་བ་ནི་ད་དུ་རའོ། །འདིར་ཡང་ཡམ་ཤིང་གི་ཚད་ནི་མངོན་སྤྱོད་ཀྱི་ཚད་ལས་ལྟོས་པའི་ཕྱིར་མ་སྨོས་སོ། །ལྷག་མ་ཡང་གོ་བར་ཟད་དོ། །བཅིང་བའི་ལས་ཀྱི་རྫས་བསྟན་པའི་ཕྱིར། ཉ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །འདིར་ཡང་ཡམ་ཤིང་གི་ཚད་ ནི་སྔ་མ་བཞིན་ནོ། །དེ་ལྟར་ན་ཐང་ཤིང་དང་། ནྱ་གྲོ་དྷ་དང་། ཀླུ་ཤིང་དང་། བ་ཤ་ཀ་དང་། ལུང་ཏང་དང་། སྒུར་པོ་དང་། བ་ལ་ཏ་ཀ་དང་། གསེར་ཤིང་དང་། བྱ་རོག་གི་ཚང་གི་ཤིང་བུ་དང་། སོ་ཤ