Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 24

Văn bản gốc(Tây Tạng)

Trang 1 / 17 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཤུཀླ་བཛྲ་བཱ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཕག་མོ་དཀར་མོའི་སྒྲུབ་ཐབས། རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །བློ་ངན་སྲེག་བརྩོན་མི་སྙན་
འཇོམས་མཛད་པའི། །འགྲོ་ཚོགས་དུག་གཟིར་འབད་མེད་གྲོལ་བར་བྱེད། །རབ་མཉམ་བདེ་ལྡན་རྡོ་རྗེ་ཕག་ལྷ་མོ། །ཀོང་ཀ་སྦྱིན་བཏུད་སྒྲུབ་ཐབས་བྲི་བར་བྱ། །དེ་ལ་ནུབ་མོ་ཐུན་ཕྱེད་ལུས་
པ་དང་ཆོ་ག་བཞིན་དུ་ལངས་ཏེ། དུར་ཁྲོད་ལ་སོགས་པ་ཡིད་དང་མཐུན་པའི་གནས་ཞིག་ཏུ་ཙནྡན་ལ་སོགས་བྱུགས་ལ། མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་ཉེ་བར་བརྒྱན་ཏེ། དངོས་སུ་རོའི་
གདན་ལ། ཇི་ལྟར་བདེ་བར་འདུག་སྟེ། བྱམས་པ་ལ་སོགས་པ་སྔོན་དུ་སོང་བས་རང་གི་སྙིང་གར་ཡི་གེ་ཨཾ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧྲཱིཿ་དཀར་པོའི་འོད་ཟེར་གྱི་ཚོགས་ཀྱིས་
གསལ་བར་བྱ་སྟེ་རྡོ་རྗེ་ཕག་མོ་ལ་སོགས་པ། བླ་མ་དང་རྣལ་འབྱོར་མ་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་རྣམས་གནས་ཇི་ལྟ་བར་མདུན་དུ་ཡང་དག་པར་དམིགས་ལ། སྙིང་གའི་ས་

བོན་ལས་བྱུང་བའི་རབ་ཏུ་གཏུམ་མོ་དང་། གཏུམ་པའི་མིག་ཅན་མ་དང་། འོད་ལྡན་མ་དང་། སྣ་ཆེན་མ་དང་། དཔའ་བོའི་བློ་མ་དང་། མི་ཐུང་མ་དང་། ལང་ཀའི་དབང་ཕྱུག་མ་དང་། ཤིང་གྲིབ་མ་
སྟེ་ཐུགས་ཀྱི་འཁོར་ལོ་བརྒྱད་དང་། ཨེ་ར་བ་ཏི་དང་། རྡོ་རྗེ་འཇིགས་བྱེད་མ་དང་། རླུང་གི་ཤུགས་ཅན་མ་དང་། ཆང་འཐུང་མ་དང་། ལྷ་མོ་སྔོ་བསངས་མ་དང་། སུ་བཛྲ་དང་། ཧ་ཡ་ཀརྞ་དང་། ཁ་ག་ན་སྟེ་གསུང་
གི་འཁོར་ལོ་བརྒྱད་དོ། །འཁོར་ལོའི་ཤུགས་ཅན་མ་དང་། དུམ་སྐྱེས་མ་དང་། ཤཽཎྜི་ནཱི་དང་། འཁོར་ལོའི་གོ་ཆ་མ་དང་། སུ་བཱི་ར་དང་། སྟོབས་ཆེན་མ་དང་། འཁོར་ལོས་སྒྱུར་མ་དང་། བརྩོན་ཆེན་མ་སྟེ་སྐུའི་
འཁོར་ལོའི་བརྒྱད་རྣམས་སོ། །མདོག་ནི་སྔོན་མོ་དང་། དམར་མོ་དང་། དཀར་མོའོ། །མི་བསྐྱོད་པ་དང་། འོད་དཔག་མེད་དང་། རྣམ་པར་སྣང་མཛད་དབུལ་འཆང་བ་སྟེ། ཟླ་བའི་གདན་ལ་སྤྱན་གསུམ་པ་ཕྱག་རྒྱ་
ལྔ་རྣམ་པར་འཛིན་པའོ། །རྡོ་རྗེ་དང་། པདྨ་དང་། འཁོར་ལོ་དང་། ཐོད་པའི་ཕྲེང་བ་རྩེ་གསུམ་པ་དབུ་ལ་བཅིངས་ཤིང་བརྒྱན་པའོ། །གྲི་གུག་དང་། ཐོད་པ་དང་། ཁ་ཊྭཱཾ་ག་དང་ལྡན་པའི་ཕྱག་གི་ཡལ་ག་མཆོད་པས་སྦྲེལ་

བ་རྣམས་ཀྱིས་ཨ་ལ་སོགས་པ་རྣམས་ཀྱི་མཆོད་པ་སྔོན་དུ་འགྲོ་བས་མཆོད་པ་བྱས་ནས་ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། སླན་ཆད་མི་བྱེད་པར་སྡོམ་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་
པ་དང་། ལམ་བསྟན་པ་དང་། བདག་ཉིད་དབུལ་བ་དང་། གསོལ་བ་གདབ་པ་དང་། བསྐུལ་བ་རྣམས་ཆོ་ག་བཞིན་དུ་བྱས་ཏེ། བསོད་ནམས་ཡོངས་སུ་བསྔོ་བ་བྱས་ནས་སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒྲུབ་པར་བྱ་བའི་ཕྱིར་མགོ་བོར་ཐལ་མོ་སྦྱར་ཏེ། ཚིག་བརྗོད་པ་སྔོན་དུ་འགྲོ་བས་དེ་
བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །དེ་ལ་ཚིག་ནི་ཨོཾ་སརྦ་ཏ་ཐཱ་ག་ཏཱ་སཾ་ཤྲིཾ་ཏཱཿ་སརྦ་སཏྭ་ནི་སརྦ་སིདྡྷི་ཨཿ་སཾ་པརྱ་ནྟི་སརྦ་ཏ་ཐཱ་ག་ཏ་ཤྩ་ཨ་དྷིཥྛ་ན་ཏི། ཨོཾ་སྭ་བྷཱ་བ་ཤུདྡྷཿ་སརྦ་དྷརྨཱཿ་སྭ་བྷཱ་བ་ཤུདྡྷོ྅ཧཾ། དེ་ནས་མཆོད་བྱ་དང་། མཆོད་པ་དང་། མཆོད་པ་
པོ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པས་རྨི་ལམ་གྱི་ཤེས་པ་བཞིན་དུ་སོ་སོར་རང་གིས་རིག་པར་བྱ་བ་ལྷག་པར་མོས་པར་བྱ་སྟེ། སྙིང་གའི་འོད་ཟེར་གྱི་ཚོགས་ཀྱིས་སྣང་བ་མེད་པར་བྱས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་
སྭ་བྷཱ་པ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་ལ་ང་རྒྱལ་བྱའོ། །དེ་ནས་རང་གི་སེམས་པཾ་དམར་པོའི་གཟུགས་སུ་གྲུབ་སྟེ། དེ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོའི་སྟེང་དུ་ཨ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿ་དཀར་པོས་མཚན་པའི་རྡོ་རྗེ་ཅུང་ཟད་དམར་བ་བསྒོམས་ནས་
སྤྲོ་བ་དང་། བསྡུ་བ་སྔོན་དུ་འགྲོ་བས་དེ་ཡོངས་སུ་གྱུར་པ་ལས་ལོ་བཅུ་དྲུག་གི་རྣམ་པ། སྟོན་ཀའི་ཟླ་བ་ལྟར་དཀར་བ། སྤྱན་གསུམ་དམར་ཞིང་ཟླུམ་པ། ཅུང་ཟད་མཆེ་བ་གཙིགས་པའི་ཞལ་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་སྒྲ་ཕྱེད་བཅིངས་ཤིང་གྲོལ་བར་མཛེས་པའོ། །
རྡོ་རྗེ་ཕྲེང་བ་ནག་པོ་གཉིས་ཀྱི་དབུས་སུ་ཐོད་པ་གསུམ་བྱས་པའི་ཕྲེང་བ་དབུལ་བཅིངས་པའོ། །འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། ལག་གདུབ་དང་། སྐེ་རགས་ཀྱིས་བརྒྱན་པ་སྟེ། འགྱིང་བས་གཡས་པའི་ཕྱག་གིས་གཡས་ག་ན་གནས་པའི་དར་དཔྱངས་འབར་བ་

གསུམ་དང་ལྡན་པ། གོང་དུ་བསྟན་པའི་རྡོ་རྗེས་མི་ཤེས་པའི་སྐྱེས་བུ་འཇིགས་པར་བྱེད་པ་སྟེ། གཡོན་ན་འོག་ཏུ་རྡོ་རྗེ་རྩེ་གཅིག་པའི་སྟེང་རྡོ་རྗེ་རྩེ་ལྔ་པ། དབྱུག་པ་དཀར་པོའི་རྗེས་སུ་སོང་བའི་མགོ་བོ་སྐམ་པོ་དང་རློན་པ་ལ་སྣ་ཚོགས་རྡོ་རྗེ་ལ་གསེར་གྱི་བུམ་པའི་རྩ་བ་ནས་
བྱུང་བའི་སྒྲ་འཁྲོལ་བའི་དྲིལ་བུ་ཕྲ་མོ་དང་ལྡན་པ། སྣ་ཚོགས་དར་དཔྱངས་ཀྱིས་བརྒྱན་པའི་དཔུང་པ་ལ་རེག་པའི་ཁ་ཊྭཱཾ་ག་བསྣམས་པའོ། །བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པའི་སྣོད་འཛིན་པ། རློན་པ་ཁྲག་འཛག་པའི་རྒྱུ་མས་བརྒྱུས་པའི་མགོ་བོ་ཉི་ཤུ་རྩ་ལྔའི་ཕྲེང་བ་
འཕྱང་པ། པདྨ་དམར་པོའི་སྟེང་དུ་ཉི་མ་ལ་གནས་པའི་མི་ཤེས་པའི་སྐྱེས་བུ་ལ་གཡས་བརྐྱང་བའི་ཞབས་ཀྱིས་བཞུགས་པ། གོས་དང་བྲལ་བ་རབ་ཏུ་རྣོ་བའི་ཉི་མའི་འོད་འཕྲོ་བ་ཅན། བ་སྤུའི་ཕྲེང་བ་ཅན། གཟུགས་བརྙན་ལྟ་བུའི་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་
པ། ཕྱོགས་བཅུར་སྤྲུལ་བ་སྣ་ཚོགས་ཀྱིས་འགྲོ་བའི་དོན་བྱེད་པའི་མཆོག །ཉི་མ་ལ་གནས་པའི་ཡི་གེ་ཧྲཱིཿ་ས་མཚན་པའི་རྡོ་རྗེ་སྙིང་ག་ན་ཡོད་པའི་རྡོ་རྗེ་ཕག་མོར་བདག་ཉིད་བསམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ཚོགས་ཀྱིས་སེམས་ཅན་དེ་དག་
གཟུགས་སུ་བསྐྱེད་ལ་བདག་ཉིད་ལ་གཞུག་པར་བྱའོ། །རང་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོར་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་རང་གི་ལྟེ་བར་སྣ་ཚོགས་པདྨ་ལ་དཀར་ཞིང་དམར་བའི་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧྲཱིཿ་དཀར་པོ་བལྟས་ནས་སྔགས་ཀྱི་ཕྲེང་བ་དེ་བགྲང་
ཕྲེང་གི་རྣམ་པ་ལྟ་བུ་དཀར་པོ་འཁོར་ལོ་འཁོར་བའི་སྦྱོར་བ་ཞལ་གྱི་ཁུང་བུ་ནས་ཕྱིར་སྤྲོས་ཏེ། སངས་རྒྱས་ཀྱི་ཡོན་ཏན་དང་། སྨན་དང་། སྔགས་དང་། ནོར་བུ་དང་། སྐར་མ་དང་། བྲིས་པའི་བསྟན་བཅོས་དང་། སྒྱུ་རྩལ་ལ་སོགས་པའི་རིག་པ་བླངས་ཏེ་ལྟེ་བའི་
བུ་གར་བཅུག་ནས། རང་དང་གཞན་ཐམས་ཅད་ཀྱི་མི་ཤེས་པ་སྲེག་པའི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཀྱིས་བསྐུལ་བའི་ནམ་མཁའ་ལ་གནས་པའི་ཡེ་ཤེས་ཀྱི་ལྷ་མོ་མདུན་དུ་བལྟས་ལ་སྔོན་དུ་གསུངས་པའི་ཚོགས་ཀྱིས་ཨརྒྷ་ལ་སོགས་པ་སྔོན་

དུ་འགྲོ་བས་མཆོད་དེ་ཕཻཾ་གྱི་རྣམ་པའི་སྔགས་བརྗོད་ལ་སྔོན་བཞིན་འབར་བའི་ཕྱག་རྒྱ་བཅིངས་པས་དཔྲལ་བར་གཡོན་དུ་བསྐོར་ཞིང་དེ་བཅུག་སྟེ། དེ་ནས་གཅིག་ཏུ་གྱུར་པར་བསྒོམས་ལ་སྔགས་ཀྱི་ང་རྒྱལ་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཡོ་ག་ཤུདྡྷཿ་སརྦ་དྷརྨཱ་ཡོ་ག་
ཤུདྡྷོ྅ཧཾ། དེའི་སྙིང་གར་ས་བོན་དེ་ཡིས་བསྐུལ་ཏེ། ནམ་མཁའ་ལ་གནས་པའི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ། དེ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་བདུད་རྩི་ལྔས་གང་བའི་བུ་མ་པ་བསྣམས་པ་དང་། དེས་སྤྲུལ་
པ་སྣ་ཚོགས་པའི་རྔ་དང་། དུང་དང་། རྫ་རྔ་དང་། རྔ་བྲན་དང་། པི་ཝང་དང་། གླིང་བུ་དང་། གླུ་དབྱངས་ཀྱིས་ལྷ་དང་ལྷ་མ་ཡིན་གྱིས་འཇོ་འཇོ་རྣམས་ཆེད་དུ་བྱེད་པ་དང་། གུར་གུམ་དང་། ག་པུར་དང་། གླ་རྩི་དང་། དྲི་ཞིམ་པའི་མེ་ཏོག་གི་ཆར་རབ་ཏུ་འབབ་པ་དང་། ཇི་ལྟར་
བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་པ་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་བརྗོད་པར་བྱ་ཞིང་བདག་ལ་དབང་བསྐུར་བའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ།
ཞེས་བྱ་བ་འདིས་བྱིན་གྱི་བརླབས་ལ། དེ་ལ་སྣ་ཚོགས་པདྨ་དང་རྡོ་རྗེ་ལ་གནས་པའི་མི་བསྐྱོད་པས་སྤྱི་བོར་བྱིན་གྱིས་བརླབས་པར་བསམ་པར་བྱའོ། །དེ་ནས་དེས་སྤྲུལ་པའི་རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་དེས་སྤྲུལ་པའི་མཆོད་པ་རྣམ་པ་སྣ་ཚོགས་པ་
རྣམས་ཀྱིས་བདག་ཉིད་ལ་མཆོད་ལ། འོག་ནས་འབྱུང་བའི་རིམ་པ་བཞིན་དུ་བདུད་རྩི་མྱང་བ་བྱས་ནས་ཇི་སྲིད་འདོད་པ་བསྒོམ་པར་བྱའོ། །སྤྲོ་བ་དང་། བསྡུ་བ་དང་། འགྲོ་བས་མྱུར་བ་ལ་སོགས་པའི་སྐྱོན་དང་བྲལ་བས་སྔགས་བཟླས་པར་བྱ་སྟེ། དེ་ལ་སྔགས་
ནི་འདི་ཡིན་ཏེ། ཧྲཱིཿ་གལ་ཏེ་ལྡང་བར་འདོད་ན་སྔགས་ཀྱི་ཕྲེང་བ་ལྟེ་བར་བསམས་ལ་ཧྲཱིའི་ཡི་གེའི་ནང་དུ་བཅུག་སྟེ་མཆོད་པ་སྔོན་དུ་འགྲོ་བས་སྨོན་ལམ་བཏབ་སྟེ། བསོད་ནམས་ཡོངས་སུ་བསྔོ་བ་བྱས་ནས་ཡི་གེ་བརྒྱ་པ་ལན་གསུམ་དུ་བརྗོད་ལ། ལྷ་མོའི་ང་རྒྱལ་དང་

ལྡན་པས་ཆོས་ཐམས་ཅད་དེའི་གཟུགས་སུ་རྫོགས་པར་བལྟས་ལ་ཇི་ལྟར་བདེ་བས་གནས་པར་བྱའོ། །དེ་ལ་ཡི་གེ་བརྒྱ་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་ཝ། ཨ་
ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ་ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ་བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ་ཧཱུཾ་ཕཊ། ཅེས་བྱ་བའི་ཐུན་མཚམས་གཞན་ལ་ཡང་སྐད་ཅིག་ལྷ་མོའི་རྣམ་པ་
མངོན་དུ་བྱས་ལ། མཆོད་པ་ལ་སོགས་པ་མངོན་དུ་བྱས་པའི་ཇི་སྲིད་འདོད་ཀྱི་བར་བསྒོམས་ལ། སྔོན་བཞིན་དུ་བཟླས་པ་བྱས་ནས་གོང་དུ་བསྟན་པ་བཞིན་དུ་ཐམས་ཅད་བྱའོ། །མཚན་ཕྱེད་ཀྱི་ཐུན་མཚམས་སུ་སྔོན་བཞིན་ཐམས་ཅད་བྱའོ། །ཉལ་བའི་དུས་སུ་སྔས་
སུ་སངས་རྒྱས་དང་བླ་མ་དང་བྱང་ཆུབ་སེམས་དཔའ་བལྟས་ནས་ཡང་དག་པར་མཆོད་དོ། །དེ་ནས་ཡན་ལག་བརྒྱད་ཀྱིས་ཕྱག་བྱེད་པའི་བསམ་པས་སེང་གེའི་ཁྲི་ལ་ཉལ་བར་བྱའོ། །དེ་ནས་ཐོ་རངས་ཀྱི་ཐུན་མཚམས་སུ་ལྷ་མོ་རྣམས་ཀྱིས་བསྐུལ་ཏེ་སྔོན་བཞིན་དུ་
ཐམས་ཅད་བྱའོ།། །།ཡང་ན་རིམ་པ་འདིས་གནས་ཀྱི་ཕྱོགས་གཅིག་ཏུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བདེ་བའི་སྟན་ལ་འདུག་སྟེ། སྙིང་རྗེས་སེམས་ཅན་ལ་དམིགས་ཏེ། སྡིག་པ་བཤགས་པ་བྱས་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་
དུ་འགྲོ་བས་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་རང་གི་ལྕེ་པདྨའི་འདབ་མའི་རྣམ་པ་ལ། ཡི་གེ་ཧྲཱིཿ་འོད་འབར་བ་ཇི་སྲིད་འདོད་པར་བསྒོམས་ཏེ། བརྟན་པར་བྱས་ལ་བརྒྱ་ཕྱེད་ཀྱི་རི་ལུའི་ཕྲེང་བ་བགྲང་ཕྲེང་བྱས་ལ་ཐུན་མཚམས་གསུམ་དང་བཞིར་བཟླས་པ་བྱེད་པའི་རྣལ་འབྱོར་བ་
ཉལ་བའི་དུས་སུ་སྔོན་གྱི་ཆོ་གས་ཉལ་བར་བྱའོ། །དེ་ལྟར་བསྒོམ་པ་དང་། བཟླས་པའི་བདག་ཉིད་ཅན་ཆོ་ག་བཞིན་དུ་རྗེས་སུ་གནང་བ་ཐོབ་པ། འཇིག་རྟེན་གྱི་ཆོས་བརྒྱད་ལས་གྲོལ་བ། དད་པ་དང་ལྡན་པ། དམ་ཚིག་དང་སྡོམ་པ་ལ་གནས་པ། སྙིང་རྗེ་དང་ལྡན་པ།

དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་ཆེད་དུ་བྱེད་པའི་རྣལ་འབྱོར་པས་འབུམ་ཕྲག་བདུན་བཟླས་པས་བསྟན་བཅོས་དང་སྒྱུ་རྩལ་ཐམས་ཅད་ཀྱི་ཚོགས་ལ་མཁས་པར་འགྱུར་རོ། །འཛིན་བློ་རྣོ་ཞིང་དཔའ་བོ་འཇིགས་པ་མེད་པས་ཟིལ་གྱིས་མི་ནོན་ཅིང་རྩོད་པ་མཁན་དུ་འགྱུར་རོ། །
རིམས་དང་སྦྱར་བའི་དུག་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་ཟིལ་གྱིས་གནོན་པར་མི་ནུས་སོ། །ཅི་བཟས་པ་བདུད་རྩིར་འགྱུར་རོ། །སྔགས་ཀྱི་བཟླས་པ་འདི་འགྲུབ་ན་དེའི་སྔགས་ཀྱིས་ཐོད་ལེ་ཀོར་ལ་མངོན་པར་བསྔགས་ཏེ། གང་གི་ལག་པར་བྱིན་ན་དེ་རྨོངས་པ་ཡིན་
ཡང་སྙན་ངག་མཁན་ཆེན་པོར་འགྱུར་རོ། །དེའི་དྲི་ཙམ་གྱིས་སྦྲུལ་ལ་སོགས་པ་ཉེ་བར་མི་འགྱུར་རོ། །ཉེ་བར་འཚེ་བ་དེ་རྣམས་ཀྱིས་གཙེས་པ་གཞན་རྣམས་ལ་ཡང་དགོས་པ་ཐམས་ཅད་ནུས་པར་གྱུར། མང་དུ་བརྗོད་པར་ཅི་བྱ་སྟེ། བླུན་པོ་བདག་གིས་ཀྱང་བསྟན་བཅོས་ལ་ཉོན་
མོངས་པ་མ་བྱས་པར་མི་ཡེང་བའི་སེམས་ཀྱིས་སྔགས་འདི་འབུམ་ཕྲག་གཉིས་བཟླས་པས་ཤེས་རབ་སྒྲོན་མ་ཞེས་བྱ་བ་འདི་བྱས་སོ། །གང་ཡང་བརྟན་པའི་སེམས་ཀྱིས་ནི་གོང་དུ་བསྟན་པའི་ཡོན་ཏན་དང་ལྡན་པར་འགྱུར་ཏེ། དེ་ཀུན་ཤིན་ཏུ་མྱུར་བར་འགྲུབ་པར་འགྱུར་རོ། །ཤེས་
རབ་སྒྲོན་མའི་སྒྲུབ་ཐབས་ཀྱི་ཆོ་ག་སེམས་ཅན་གྱི་དབང་དུ་བྱས་ཏེ་དེ་འཕགས་པའི་བདེན་པ་བཞི་ལ་ཞུགས་པར་བྱ་བའི་ཕྱིར་དབང་དུ་བྱ་བའི་ཆོ་ག་བརྗོད་པར་བྱ་སྟེ། དེ་ལ་སྔོན་དུ་བསྟན་པའི་ཆོ་གའི་རིམ་པས་ཡོངས་སུ་རྫོགས་པའི་བཅོམ་ལྡན་འདས་མ། འོན་ཀྱང་ས་བོན་ཧྲཱིཿ་དམར་
པོ་དང་ཕྱག་མཚན་ཡོངས་སུ་གྱུར་པ་ལས་མདོག་དམར་པོ་བསྒོམས་ནས་ཡང་དག་པར་མཆོད་དེ། བསྟོད་པ་བྱས་ཏེ། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །ཞེས་བྱ་བའི་ཚིགས་བཅད་ཀྱིས་སོ། །དེ་ཉིད་གསུམ་ལས་ཡང་དག་པར་བྱུང་བ་ཁ་འོག་ཏུ་བལྟས་པའི་ཐོད་པ་གསུམ་གྱི་སྟེང་དུ་ཡི་
གེ་ཨཱཿ་དམར་པོ་ལས་སྐྱེས་པའི་པདྨའི་སྣོད་དུ་དམ་ཚིག་གིས་བཅུག་སྟེ། དབྱངས་ཡིག་བཅུ་དྲུག་དང་། ཀཱ་ལི་ལ་སོགས་པ་བཞི་བཅུ་རྩ་བཞི་གསལ་བྱེད་ཀྱིས་བྱིན་གྱིས་བརླབས་པར་བལྟས་ལ་འོག་ཏུ་ཡཾ་དང་རཾ་ཡོངས་སུ་གྱུར་པ་ལས་རླུང་དང་མེ་གཉིས་ཀྱི་དཀྱིལ་འཁོར་

འབར་ཞིང་ཚ་བར་བྱས་ལ། དམ་ཚིག་བཀོད་པའི་ས་བོན་གྱིས་དེ་བཞིན་གཤེགས་པའི་ཚོགས་བཀུག་སྟེ་ནང་དུ་གཞུག་པར་བྱའོ། །དབྱངས་ཡིག་དང་པོ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྐྱེས་པའི་ཟླ་བ་ལ་གནས་པའི་ཡི་གེ་ཧཱུཾ་གིས་བྱིན་
གྱིས་བརླབས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལས་འོད་ཟེར་གྱི་ཚོགས་སྤྲོས་པས་རྡོ་རྗེ་འཆང་ཡང་བཀུག་སྟེ། ཟླ་བ་དང་རྡོ་རྗེ་ཡང་དེར་ཞུགས་པ་ལས་ཤིན་ཏུ་སྦྱིན་པ་དང་། ཡ་ང་བ་ལ་སོགས་པའི་སྐྱོན་དང་བྲལ་ཏེ། དེའི་སྟེང་དུ་ཡི་གེ་ཨོཾ་བསམས་ལ། དེའི་འོད་ཟེར་གྱིས་དེ་
བཞིན་གཤེགས་པ་རྣམས་བདུད་རྩིའི་ངོ་བོར་གྲུབ་པ་དང་། འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་གནས་པའི་བདུད་རྩི་ཡང་དེ་ལ་བསྟིམ་མོ། །ཨོཾ་ཡང་དེར་ཐིམ་པ་ལས་ཇི་ལྟ་བ་བཞིན་རྫོགས་པའི་བདུད་རྩིར་བལྟས་ལ། ལན་གསུམ་དུ་དེ་ཉིད་གསུམ་གྱིས་བྱིན་གྱིས་བརླབས་ལ་
ཆོ་ག་བཞིན་དུ་བདུད་རྩི་མྱང་བར་བྱས་ཏེ། ཇི་སྲིད་འདོད་ཀྱི་བར་དུ་བསྒོམ་པ་བྱས་ནས་རང་གི་མིང་གི་ཡི་གེ་དང་པོ་ཡོངས་སུ་གྱུར་པ་ལས་བསྒྲུབ་བྱ་མདུན་དུ་བལྟས་ལ། སྔགས་ཀྱི་ཕྲེང་བ་དེ་ལས་བྱུང་བའི་འོད་ཟེར་གྱིས་དེ་བླངས་ཏེ་དེའི་ནང་དུ་ཐིམ་པར་བསམ་མོ། །སེམས་ཨ་ཡིག་
ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཤིན་ཏུ་དམར་བར་བསམས་ལ། སྔགས་ཀྱི་ཕྲེང་བ་དེ་ལས་བྱུང་བའི་ལྷ་མོ་མདོག་དམར་མོ་གཡོན་པའི་ཕྱག་ན་དྷཱིཿའི་རྣམ་པའི་ཞགས་པ་བསྣམས་པ། གཡས་པའི་ཕྱག་ན་དམར་པོ་ཁ་ཕྱེ་བ་ལྟ་བུའི་རྣམ་པའི་རྡོ་རྗེ་ལྕགས་ཀྱུ་བཟུང་
སྟེ། བསྒྲུབ་བྱ་སྔོན་དུ་བལྟས་པར་བསམས་ལ། ཨོཾ་ཨཱཿ་དྷཱིཿ་ཆེ་གེ་མོ་ཙིཏྟ་ཨཱ་ཀཪྵ་ཡ་ཧཱུཾ་ཛཿ་ཞེས་བྱ་བས་དེ་ལ་རྣལ་འབྱོར་པས་བཀའ་བསྒོའོ། །དེ་ནས་ལྷ་མོ་དེས་ཆོ་ག་བཞིན་དུ་ཞུགས་ཏེ་ཞགས་པ་འདིས་ཡང་དག་པར་བཟུང་ཞིང་ལྕགས་ཀྱུས་དགུག་ཅིང་ཇི་ལྟ་བ་བཞིན་དུ་རང་གི་
སེམས་ལ་ཞུགས་པར་བྱའོ། །ལྷ་མོའི་སྔགས་ཀྱི་ཕྲེང་བའི་ནང་དུ་ཞུགས་པར་བལྟའོ། །དེ་ནས་སྐྲ་གྲོལ་བ། མྱོས་པ་འགུལ་མི་ནུས་ཤིང་འདོད་པ་གཅིག་ཏུ་གཞན་གྱི་དབང་དུ་གྱུར་པ་ལས་ལག་པ་ཐལ་མོ་སྦྱོར་ཞིང་སྒྲུབ་པ་པོ་ལ་མངོན་དུ་ཕྱོགས་ནས་ཅི་བགྱི་བྱེད་པའོ། །རྡོ་རྗེ་ཕག་མོ་

དཀར་མོ་སྒྲུབ་པའི་ཐབས་སློབ་དཔོན་ཀོང་ཀ་སྦྱིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་རཀྵི་ཏའི་ཞལ་སྔ་ནས་དང་། ལོ་ཙཱ་བ་ཁམས་པ་བ་རི་དྷརྨ་ཀཱི་རྟིས་ཞུས་ཤིང་གཏན་ལ་ཕབ་པའོ། །༄༅༅། །རྒྱ་གར་སྐད་དུ། །ཤྲཱི་བཛྲ་བཱ་རཱ་ཧཱི་པྲ་ཛྙཱ་ཨཱ་
ལོ་ཀེ་ཀྲྀ་ཏྱ་སྟོ་ཏྲ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་ཕག་མོ་ཤེས་རབ་གསལ་བྱེད་མའི་བསྟོད་པ་ཞེས་བྱ་བ། དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །གཡས་བརྐྱང་གཡོན་བསྐུམ་གར་སྟབས་བཞེངས་པ་ནི། །གཟི་ལྡན་བལྟ་བས་མི་ངོམས་ཡིད་འཕྲོག་མ། །འཛུམ་ལྡན་ཟུར་
གཟིགས་སྒེག་མོའི་ཞབས་པད་ལ། །བདག་བློ་གུས་པས་སྤྱི་བོས་གུས་ཕྱག་འཚལ། །སྐྱབས་སེམས་ཚད་མེད་བཞི་བསྒོམས་རང་སྙིང་གར། །ཨོཾ་གྱུར་ཉི་སྟེང་ཧྲཱིཿ་དཀར་འོད་འཕྲོས་པས། ཁྱོད་སོགས་རྒྱལ་བ་སྲས་བཅས་སྒེག་མོའི་ཚོགས། །ཕྱག་འཚལ་མཆོད་སོགས་
གར་བྱེད་ལ་ཕྱག་འཚལ། །སྔགས་ཀྱིས་སྟོང་པར་རབ་སྦྱངས་པཾ་ཡིག་ལས། །པདྨའི་སྟེང་དུ་ཨཾ་གྱུར་ཉི་མའི་སྟེང་། །ཧཱུཾ་གྱུར་ཉི་དཀྱིལ་ཧྲཱིཿ་དཀར་རྡོ་རྗེས་མཚན། །ཡོངས་གྱུར་དཔའ་མོའི་སྐུ་ལ་ཕྱག་འཚལ་ལོ། །ཁྱོད་སྐུ་གཅེར་བུ་ཞལ་གཅིག་མཆེ་བ་གཙིགས། །
ཅུང་ཟད་ཁྲོས་པའི་སྨིན་གཡོ་སྤྱན་གསུམ་དམར། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་གྱིས། །སྐུ་བརྒྱན་འཇིགས་མེད་སྐུ་ལ་ཕྱག་འཚལ་ལོ། །ཆུ་ཤེལ་ལྟར་གསལ་དུང་གི་མདོག་འདྲ་ཞིང་། །སྣ་ཚོགས་འཁོར་ལོ་རྒྱན་ཆ་ལྔ་ཡིས་བརྒྱན། །ཡིད་འོང་སིལ་
སིལ་དར་དཔྱངས་འཕུར་ལྡིང་གིས། །རབ་དགྱེས་བཞད་མའི་གསུང་ལ་ཕྱག་འཚལ་ལོ། །ཕྱག་གཉིས་གཡས་པ་རྡོ་རྗེས་དབུགས་བྲལ་ལ། །བསྣུན་འཕྱར་གཡོན་པ་གྲུ་མོར་ཁ་ཊྭཱཾ་དང་། །བདུད་བཞིའི་ཐོད་ཁྲག་ཐུགས་ཀར་བསྣམས་ནས་གསོལ། །འཇིགས་རུང་སྒྲོགས་
པའི་གསུང་ལ་ཕྱག་འཚལ་ལོ། །སྣ་ཚོགས་པདྨའི་སྟེང་ན་ཉི་མ་ལ། །སྐྱེས་བུ་དབུགས་བྲལ་མགོ་བོ་གཡས་བསྟན་སྟེང་། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་གར་སྟབས་བཞུགས། །རྔམ་འཇིགས་དྲག་སྒྲོགས་གསུང་ལ་ཕྱག་འཚལ་ལོ། །དབུ་སྐྲ་བུང་བ་

ལྟར་གནག་མེ་ཏོག་ཐོད། །གཡས་གཡོན་རྒྱབ་འཕྱང་ཕྱེད་བཅིངས་ཐོར་ཚུགས་ན། །སེམས་ཅན་ཀུན་ལ་བརྩེ་བའི་མི་བསྐྱོད་འཛིན། །སྙིང་རྗེས་སྔགས་འཆང་ཐུགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ལྔ་མཚོན་གངས་རི་ལྟར་དཀར་བའི། །ཐོད་
སྐམ་ལྔ་ཡིས་ཁྱོད་ཀྱི་དབུ་ལ་བརྒྱན། །རྔམ་པའི་ཚུལ་གྱིས་བདུད་བཞི་འདུལ་ལ་བརྩོན། །བགེགས་འདུལ་རྔམ་མའི་ཐུགས་ལ་ཕྱག་འཚལ་ལོ། །ཟླ་བའི་འོད་ཟེར་བཅུ་དྲུག་ལོན་པའི་གཟུགས། །ལང་ཚོ་རབ་རྒྱས་སྒེག་མོའི་སྤྲུལ་པ་ཡིས། །ལྷ་མོ་སྣ་ཚོགས་
ཀུན་ནས་སྤྲོ་བསྡུ་བས། །བདག་མཆོད་དགྱེས་བཞིའི་ཐུགས་ལ་ཕྱག་འཚལ་ལོ། །མི་ཤེས་བློ་ཡི་རབ་རིབ་བསལ་བའི་ཕྱིར། །ལྟེ་བར་ཆུ་སྐྱེས་གེ་སར་གཡོ་བའི་དབུས། །ཚ་ཟེར་རྒྱལ་པོ་འོད་ཟེར་འབར་བའི་སྟེང་། །ཧྲཱིཾ་བཞུགས་འོད་དཀར་འཕྲོ་ལ་ཕྱག་འཚལ་
ལོ། །ཧྲཱིཿ་དཀར་དྷཱུ་ཏཱི་ནས་བཞུགས་ཞལ་ནས་འཐོན། །འོད་ཟེར་ཕྱོགས་བཅུར་འཕྲོས་ནས་སངས་རྒྱས་དང་། །མཁས་པའི་ཡོན་ཏན་བསྟན་བཅོས་སྒྱུ་རྩལ་སོགས། །འོད་ཀྱིས་ལྟེ་བར་སྡུད་ལ་ཕྱག་འཚལ་ལོ། །དེ་དག་མྱུར་བར་མགལ་མེའི་འཁོར་ལོ་བཞིན། །
ལྟེ་བ་ནས་ཞུགས་ཞལ་ནས་རབ་འཁོར་ཞིང་། །འོད་ཟེར་ཡོན་ཏན་དང་བཅས་གཏེར་བསྡུས་ནས། །རབ་འཁོར་ཤེས་རབ་སྩོལ་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་བློ་གྲོས་རྟ་བདུན་འོད་ཟེར་གྱིས། །གདུལ་བྱའི་བློ་ཡི་པད་ཚལ་རྒྱས་བྱེད་ཅིང་། །བློ་ངན་བློ་ཡི་མུན་པ་སེལ་
མཛད་པ། །ཕྲིན་ལས་འོད་ཚོགས་འཕྲོ་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཐབས་མཁས་ཐུགས་རྗེའི་རྒྱ་མཚོ་ལས། །འཇིགས་འཇོམས་དབང་སྡུད་དུག་སེལ་ཤེས་རབ་སོགས། །པད་འཁྲུངས་དངོས་གྲུབ་སྦྲང་རྩིས་གུས་ལྡན་གྱི། །བུང་བ་ཚིམ་པར་མཛད་ལ་ཕྱག་
འཚལ་ལོ། །ཁྱོད་ཀྱི་ཡོན་ཏན་མཐའ་ཡས་སངས་རྒྱས་མཁྱེན། །བདག་འདྲས་ཤེས་མིན་ས་བཅུའི་སེམས་དཔས་ཀྱང་། །བསྐལ་བརྒྱར་བརྗོད་ཀྱང་བརྗོད་པར་ག་ལ་ནུས། །དཔག་མེད་ཡོན་ཏན་མངའ་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་བློ་ཡིས་སྤྲུལ་པ་

ཡི། །ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་ཅི་མཆིས་རྣམས། །བློ་ཡིས་བླངས་ནས་གུས་པའི་ཡིད་ཀྱིས་མཆོད། །དུག་གསུམ་དབང་གིས་སྒོ་གསུམ་མི་དགེའི་ལས། །གང་བགྱིས་མ་ལུས་རྨོངས་པའི་ཡིད་ཀྱིས་བཤགས། །
རང་གཞན་དགེ་བ་ཇི་སྙེད་བགྱིས་ཀུན་ལ། །བདག་དང་དགའ་བའི་བློ་ཡིས་རྗེས་ཡི་རང་། །བླ་མེད་ཐེག་མཆོག་སྟོན་པའི་གསུང་རབ་ལ། །དྲི་མེད་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །སྲིད་པའི་རྒྱ་མཚོ་ཇི་སྲིད་མ་བསྐམས་པར། །དེ་སྲིད་ཡུན་དུ་བརྩེ་བས་བཞུགས་
སུ་གསོལ། །བདག་གིས་ཁྱོད་ཀྱི་ཡོན་ཏན་ཕྱོགས་ཆ་ཙམ། །གུས་པའི་ཡིད་ཀྱིས་བསྟོད་པའི་དགེ་བ་དེས། །བདག་ནི་འགྲོ་བའི་མ་རིག་མུན་སེལ་ཞིང་། །རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་ཤོག །དཔལ་རྡོ་རྗེ་ཕག་མོ་ཤེས་རབ་གསལ་བྱེད་མའི་བསྟོད་པ་སློབ་
དཔོན་ཀོང་ཀ་ན་པཱ་དས་མཛད་པ་རྫོགས་སོ།། །།པཎྜི་ཏ་རཏྣ་རཀྵི་ཏ་དང་། ལོ་ཙཱ་བ་དགེ་སློང་གྲུབ་པ་དཔལ་བཟང་པོས་བསྒྱུར་བའོ། །༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཡོ་གི་ནཱི་མ་ཧཱ་ནཱ་གོ་བྱ་ཧོ་མ་བི་དྷི་ནཱ་མ། བོད་སྐད་དུ། དཔལ་
རྡོ་རྗེ་རྣལ་འབྱོར་མའི་བཞེད་ཀྱི་སྦས་པའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་དཔལ་རྡོ་རྗེ་རྣལ་འབྱོར་མའི་བཞེད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་ཀྱི་ཚོགས་ཀྱི་དངོས་གྲུབ་བསྒྲུབ་པར་བྱ་བའི་
དོན་དུ་སྦྱིན་སྲེག་གི་བྱ་བ་བྱེད་པར་འདོད་པའི་སྔགས་པས་གྲུ་གསུམ་གྱི་རྣམ་པའི་ཐབ་ཁུང་བྱས་ཏེ། རྒྱར་ཅི་ཙམ་ཡོད་པའི་ཕྱེད་ཟབས་སུ་བརྐོས་ཏེ། ཁ་ཁྱེར་དང་བཅས་པ། པདྨ་དམར་པོ་ལ་སོགས་པའི་མདོག་ཅན་ཚད་མཉམ་ཞིང་མཛེས་པར་བྱས་པ། ཁ་ནུབ་ལ་
སོགས་པར་བལྟས་པའི་རིམ་པས་ཡང་དག་པར་འདུག་སྟེ། མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་ནས། ཐབ་ཁུང་དུ་བུད་ཤིང་གཞུག་པར་བྱའོ། །རཾ་གྱི་ས་བོན་ལས་སྐྱེས་པའི་མེ་ལྷ་དམར་པོ་བསྒོམས་ཏེ། རིལ་བ་སྤྱི་བླུགས་དང་མི་འཇིགས་པ་སྦྱིན་པ་དང་། དབྱུག་པ་

དང་ཕྲེང་བ་རྣམས་བསྣམས་པའོ། །དེ་ནས་ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པ་བྱས་ནས་ཡང་དག་པར་མཆོད་དེ། ལྕེའི་རྩེ་མོ་ལ་རཾ་བསྒོམས་ཏེ། དེ་ནས་བདུད་རྩི་ལྔ་ལ་སོགས་པའི་རྫས་དང་། འཇིག་རྟེན་པའི་རྫས་ཀྱིས་ཀྱང་། ཨོཾ་ཨགྣ་ཡེ་
སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བསྲེགས་ལ། སྔགས་དེ་ཉིད་ཀྱིས་དགང་བླུགས་ཀྱང་བསྲེག་པར་བྱའོ། །དེ་ནས་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་མེའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་ལྷག་པར་མོས་ཏེ། མཆོད་པ་ལ་སོགས་པ་བྱས་ལ། བདུད་རྩི་ལྔ་ལ་
སོགས་པའི་རྫས་གཙོ་མོ་དང་འཁོར་རྣམས་སོ་སོའི་སྔགས་ཀྱིས་སྦྱིན་སྲེག་བྱའོ། །ཞི་ལ་མར་ལ་སོགས་པའི་རྫས། །རྒྱས་ལ་མངར་བ་ཉིད་ཀྱང་ངོ་། །དབང་ལ་མངར་དང་ཚྭ་ཡིས་བྱ། །ཚ་བ་ལ་སོགས་མངོན་སྤྱོད་ལའོ། །ཞི་ལ་དཀར་པོའི་གཟུགས་སུ་སྟེ། །རྒྱས་
པ་སེར་པོ་རྣམ་པར་བསྒོམ། །དབང་ལ་དམར་པོར་བརྗོད་པ་སྟེ། །མངོན་སྤྱོད་ནག་པོར་རབ་ཏུ་གྲགས། །དངོས་གྲུབ་བསྒྲུབ་པའི་དུས་སུ་ནི། །མདོག་ནི་དམར་པོར་བསྒོམ་པར་བྱ། །དེ་ལྟར་བྱས་ན་མངོན་སྤྱོད་ཀྱི་འཁོར་ལོ་རང་གི་ལུས་ལ་བཅུག་ལ། གཏོར་མ་བྱིན་ཏེ།
ཚོགས་ཀྱི་འཁོར་ལོའི་རིམ་པས་འཇིག་རྟེན་ལས་འདས་པའི་མཆོད་པ་བྱས་ལ། རང་འདོད་པའི་དངོས་གྲུབ་བླང་བར་བྱའོ། །སྦྱིན་སྲེག་འདི་ནི་མི་བསྟན་ཅིང་། །རབ་ཏུ་འབད་པས་སྦྱར་བྱས་ནས། །དེ་ལ་དངོས་གྲུབ་དག་ཏུ་འགྱུར། །གཞན་དུ་དངོས་གྲུབ་སྐལ་བ་
མེད། །ཕྱག་རྒྱ་ཆེན་སོགས་འདོད་པ་ཡིས། །ཡིད་བཞིན་ནོར་བུ་ལྟ་བུའི་སྔགས། །ཡང་དག་དད་པས་སྦྱར་བྱས་ཤིང་། །དད་པའི་ས་ནི་བརྟན་པར་བྱ། །དཔལ་རྡོ་རྗེ་རྣལ་འབྱོར་མའི་བཞེད་ཀྱི་སྦས་པའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཀོང་ཀ་སྦྱིན་གྱིས་མཛད་པ་རྫོགས་སོ།། །།
པཎྜི་ཏ་དྷ་པ་ལ་ཧའུ་དང་། ལོ་ཙཱ་བ་རི་རིན་ཆེན་གྲགས་པས་བསྒྱུར་བའོ། །༄༅༅། །བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་དཔལ་རྡོ་རྗེ་རྣལ་འབྱོར་མའི་དགོངས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་

ཀྱི་དངོས་གྲུབ་བསྒྲུབ་པའི་ཕྱིར། སྦྱིན་སྲེག་གི་བྱ་བ་བྱེད་པར་འདོད་པའི་རྣལ་འབྱོར་པས་གྲུ་གསུམ་གྱི་རྣམ་པའི་ཐབ་ཁུང་བྱས་ཏེ་ལོགས་ཀྱི་ཕྱེད་དཔངས་སུ་སྟེ། ཁ་ཁྱེར་དང་བཅས་པའོ། །ཁ་དོག་དམར་པོ་ལ་སོགས་པས་ལེགས་པར་བྱུག་པ་བྱས་ཏེ། ནུབ་ཕྱོགས་སུ་མངོན་པར་
ཕྱོགས་པ་ལ་སོགས་པའི་རིམ་པས་ལེགས་པར་ཉེ་བར་གནས་ལ། མཆོད་པ་ལྔས་ཡང་དག་པར་མཆོད་དེ། ཐབ་ཁུང་དུ་བུད་ཤིང་བརྩིགས་ལ། ཧཱུཾ་གི་ས་བོན་ལས་ངེས་པར་བྱུང་བའི་མེ་ལྷ་ཁ་དོག་དམར་པོའི་རྣམ་པར་བསྒོམས་ཏེ། སྤྱི་བླུགས་དང་མི་འཇིགས་པ་
དང་། དབྱིག་པ་དང་ཕྲེང་བའི་ཕྱག་གོ། །དེ་ནས་ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པ་བྱས་ནས་ཡང་དག་པར་མཆོད་དེ། དེའི་ལྕེའི་རྩེ་མོ་ལ་རཾ་བཀོད་དེ། བདུད་རྩི་ལྔ་ལ་སོགས་པའི་རྫས་དང་། འཇིག་རྟེན་པའི་རྫས་རྣམས། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་
པའི་སྔགས་ཀྱིས་བསྲེག་སྟེ། སྔགས་འདི་ཉིད་ཀྱིས་དགང་བླུགས་དབུལ་ལོ། །དེ་ནས་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་མེའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་ལྷག་པར་མོས་པར་བྱས་ཏེ། མཆོད་པ་ལ་སོགས་པ་བྱས་ནས། བདུད་རྩི་ལྔ་ལ་སོགས་
པའི་རྫས་ཀྱིས་ལྷ་མོ་དང་ལྷ་མོ་རྣམས་ཀྱི་སྔགས་ཀྱིས་བསྲེག་པར་བྱའོ། །ཞི་བར་སྲེག་རྫས་མར་སོགས་ཏེ། །རྒྱས་པ་ཡང་ན་མངར་བ་ཉིད། །དབང་ལ་མངར་དང་ལན་ཚྭ་སྟེ། །དྲག་ལ་ཚྭ་དང་ཁ་སོགས་སོ། །ཞི་ལ་གཟུགས་ནི་དཀར་པོ་སྟེ། །རྒྱས་ལ་
སེར་པོ་རྣམ་པར་བསྒོམ། །དབང་ལ་དམར་པོ་ཞེས་བརྗོད་དེ། །དྲག་ལ་ནག་པོར་རབ་ཏུ་གྲགས། །དངོས་གྲུབ་བསྒྲུབ་པའི་དོན་དུ་ཡང་། །དམར་པོ་ཡང་ནི་བསྒོམ་པར་བྱ། །དེ་ལྟར་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོ་རང་གི་ལུས་ལ་བཅུག་སྟེ། །གཏོར་མ་བྱིན་
ནས་ཚོགས་ཀྱི་འཁོར་ལོའི་རིམ་པས་འཇིག་རྟེན་ལས་འདས་པའི་མཆོད་པ་བྱས་ཏེ་བདག་ཉིད་མངོན་པར་འདོད་པའི་དངོས་གྲུབ་བླང་བར་བྱའོ། །གསལ་པོར་སྦྱིན་སྲེག་འདི་མི་བྱ། །འབད་པས་གསང་བར་བྱ་བ་སྟེ། །དེ་ལས་དངོས་གྲུབ་འབྱུང་བར་འགྱུར། །གཞན་

དུ་དངོས་གྲུབ་སྐལ་བ་མེད། །ཕྱག་རྒྱ་ཆེ་སོགས་དངོས་གྲུབ་ནི། །ཡིད་བཞིན་ནོར་བུ་ལྟ་བུའི་སྔགས། །ཡང་དག་དད་པས་རྗེས་འབྲངས་ན། །སྔགས་རྣམས་ཡིད་བཞིན་ནོར་བུ་མཚུངས། །དེས་ན་ཕྱག་རྒྱ་ཆེ་སོགས་ནི། །འདོད་པས་དད་པ་བརྟན་
པར་བྱའོ། །དཔལ་རྡོ་རྗེ་རྣལ་འབྱོར་མའི་དགོངས་པའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཀོང་ཀ་སྦྱིན་གྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་བཛྲ་པཱ་ཎི་དང་། ལོ་ཙཱ་བ་མཚུར་ཛྙཱ་ན་ཨཱ་ཀ་རས་བསྒྱུར་བའོ། །༄༅༅། །དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་
ལོ། །བླ་མ་རྡོ་རྗེ་འཛིན་པ་ལ། །ཀུན་ནས་དད་པས་ཕྱག་བྱས་ཏེ། །དང་པོའི་ལས་ཅན་རྣལ་འབྱོར་པ། །རྗེས་སུ་གཟུང་ཕྱིར་སྦྱིན་སྲེག་བརྩམ། །འཇིག་རྟེན་འདི་དང་ཕ་རོལ་གྱི། །འདོད་པའི་དོན་ཀུན་སྦྱིན་སྲེག་གིས། །ཐོགས་པ་མེད་པར་འགྲུབ་པས་ན། །ཕན་གདགས་ཚར་
བཅད་ཐམས་ཅད་ལ། །ཐོག་མར་འགྲོ་བ་ལས་ཀྱི་མཆོག །བདག་དང་གཞན་ལས་དོན་གྱི་ཕྱིར། །བླ་མའི་རིམ་པ་ཇི་ལྟ་བར། །མཁས་པ་རྣམས་ཀྱི་རྗེས་འབྲང་བྲི། །སྲོད་དམ་སྔ་དྲོ་ཤར་ཕྱོགས་སུ། །ཁྲུ་གང་སོར་བཅུ་གཉིས་ཟབས་ཐབ། །ཟླུམ་པོ་བ་བྱུང་དཀར་རྩིས་
བྱུགས། །ཁ་ཁྱེར་སོར་བཞི་པས་བསྐོར་བའི། །དབུས་སུ་པདྨ་འདབ་བརྒྱད་པ། །སྟེང་དུ་རྡོ་རྗེ་རྩེ་ལྔ་པ། །མཚམས་སུ་རྡོ་རྗེ་རྩེ་གསུམ་དགོད། །ཀུ་ཤའི་རྩེ་མོ་ཕྱིར་བསྟན་པས། །བཀྲམ་སྟེ་ཐབ་ཏུ་ཤིང་བརྩིགས་ལ། །དྲི་དཀར་པོ་ཡི་ཆུས་བཀང་བའི། །མཆོད་ཡོན་འབྲུ་དང་
མེ་ཏོག་བཅས། །གཡས་སུ་བཞག་སྟེ་བྱིན་གྱིས་བརླབ། །མཆོད་པ་ལྔ་ཡང་དཀར་པོར་བཤམ། །དེ་བཞིན་གནོད་སྦྱིན་བུམ་པར་བྱ། །ནས་འབྲས་ཡོས་ཏིལ་ཡུངས་ཀར་ཞོ། །འོ་ཐུག་འབྲས་ཆན་འབྲས་ཡོས་དང་། །མངར་གསུམ་ལ་སོགས་གཡོན་བཞག་སྟེ། །རྩེ་མོའི་
ཚ་ལས་བྱུང་བའི་ཤིང་། །འོ་མ་ཅན་མཛེས་མཐོ་གང་ཚད། །དྲིས་བྱུགས་མར་དང་སྦྲང་རྩིས་སྦགས། །བུད་ཤིང་སྲོག་ཆགས་མེད་མ་རུལ། །ཡང་ན་བ་ལང་ལྕི་བ་ཡིས། །ཐབ་བཅས་ཅུང་ཟད་རབ་ཏུ་བརྩིག །ཡང་ན་བདུད་རྩི་ལྔས་བྱུགས་པའི། །མཎྜལ་སྟེང་དུ་ཟླུམ་པོར་

བྱུག། །དེ་ནས་སློབ་དཔོན་སློབ་མར་བཅས། །ཁྲུས་བྱས་དྲིས་བྱུག་གོས་དང་རྒྱན། །ཆས་ཏེ་དེར་འདུག་ཞི་སེམས་ཀྱིས། །ཁྱབ་པའི་སྙིང་རྗེ་མངོན་བྱས་ཏེ། །སྲུང་བ་སྔོན་དུ་འགྲོ་བ་ཡིས། །རང་གི་རྣལ་འབྱོར་རྫོགས་པ་དང་། །གཉིས་སུ་མེད་པའི་མཆོད་བྱས་ནས། །
ནམ་མཁའ་ལ་ནི་བཞུགས་སུ་གསོལ། །དང་པོ་ཚམ་ངམ་སྔགས་ཀྱིས་ཐབ། །རྫས་དང་སྔགས་བདག་བཅས་པ་བསངས། །རྡོ་རྗེ་སེ་གོལ་བཅས་ནས་ནི། །མཚམས་བཅད་ཡན་ལག་བྱིན་བརླབས་ནས། །ཐབ་དེ་བྷྲཱུཾ་ལས་གཞལ་ཡས་ཁང་། །དག་པ་སྔོན་འགྲོ་ཆོས་
འབྱུང་དུ། །ཨོཾ་རཾ་ལས་སྐྱེས་པད་ཉི་མ། །ཧཱུཾ་ལས་མེ་ལྷ་དམར་སེར་བསྐྱེད། །ཞལ་གཅིག་ཕྱག་བཞི་ཐོར་ཚུགས་ཅན། །དབྱུག་པ་དང་ནི་སྐྱབས་སྦྱིན་དང་། །རིལ་བ་བགྲང་ཕྲེང་འཛིན་བལྟས་ལ། །གྲུབ་པའི་ལྷ་དང་གཉིས་མེད་བྱ། །དྲང་བའི་ཕྱག་རྒྱ་བཅས་ནས་སུ། །
ཧཱུཾ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཛཿ་ཧཱུཾ་བཾ་ཧོཿཨགྣ་ཡེ་ཨཱ་ཀཪྵ་ཡ་ཛཿ། པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་པས་མེ་ཏོག་བོར་ལ་གདན་ཕུལ་ཏེ།
བགེགས་བསལ་ལ་ཞབས་བསིལ་དབུལ་ལོ། །མེ་ཏོག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་ཨགྣ་ཡེ་ས་མ་ཡ་ཧཱུཾ་ས་མ་ཡ་ཧཱུཾ། ས་མ་ཡ་སྟྭཾ། ལྕེ་ལ་རྡོ་རྗེ་དཀར་པོ་བསམས་ལ། ཨོཾ་བཛྲ་ཛྭ་ལ་ཧཱུཾ་ཕཊ། སྙིང་གར་ཨ་ལས་རྡོ་རྗེ་བསྒོམ། །རྩེ་ལྔ་པར་ལྡན་ཕྱག་རྒྱ་ཆེ། །སྙིང་གར་
ཟླ་བ་ཧཱུཾ་རྡོ་རྗེ། །སྔར་བཞིན་རྡོ་རྗེ་འཛིན་པ་ཡིས། །དབང་བསྐུར་བ་ནི་བསམ་པར་བྱ། །ཧཱུཾ་རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །དམ་ཚིག་འདི་ལས་འདས་ན་ནི། །རིགས་རྣམས་མྱུར་དུ་ཐལ་བར་བྱེད། །ཨོཾ་ས་མ་ཡ་ཧཱུཾ་ཕཊ། བཛྲ་བནྡྷ་ཧཱུཾ། བདག་
གི་ལས་འདི་སྒྲུབས་ཞེས་བསྒོ། །དེ་ནས་མེ་སྦར་ཏེ། ཨོཾ་ཛྭ་ལ་རཾ་ཛྭ་ལ་རཾ། དགོན་པའམ་རྒྱུན་བཞག་བྱམས་སེམས་མེ། །རླུང་ཡབ་ཀྱིས་སྦར་མཆོད་པ་དབུལ། །མེ་ཏོག་དབུ་ལའོ། །སྤོས་ཤངས་ལའོ། །མར་མེ་མདུན་དུའོ། །དྲི་ཐུགས་ཀར་རོ། །ལྷ་བཤོས་ཞལ་དུའོ། །

ཞབས་བསིལ་དང་མཆོད་ཡོན་ཇི་ལྟར་རིགས་པར་དབུལ་ལོ། །དེ་ནས་རྫས་རྣམས་བུས་བར་དུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཡིས། །གཟར་བུ་བཟུང་སྟེ་སྲེག་རྫས་དབུལ། །ཨོཾ་ཨགྣ་ཡེ་ཧ་བྱ་དི་བྱ་དེ་བ་ཡེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དང་པོར་ཞུན་མར་ལན་
གསུམ་དབུལ། །དེ་ནས་སྲེག་རྫས་རིམ་པ་བཞིན། །ཕུལ་ཏེ་གཉིས་སུ་མེད་པར་བྱ། །ཨོཾ་བཛྲ་ཨ་ན་ལཱརྐ་མ་ཧཱ་དུཥྚ་ཛྭ་ལ་ཡ། སརྦ་བྷསྨི་ཀུ་རུ། ཏྲི་ཏ་ཧྲཱིཿ་ཛཿ་ཧཱུཾ་བཾ་ཧོཿ། མཐར་ཡང་མར་གྱི་དགང་བླུགས་དབུལ། །འཐོར་འཐུང་ཞབས་བསིལ་ཕུལ་ནས་ཀྱང་། །
བསྟོད་དེ་བཟོད་པར་གསོལ་བ་གདབ། །གནང་བར་བསྟོད་པ་བྱ་བ་ཡིན། །ཨོཾ་ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཀུན་གྱི་མགོན་འགྱུར་བ། །དགེ་བ་དྲི་མེད་ཕྱག་འཚལ་བསྟོད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །
འདོད་པ་ཐམས་ཅད་རབ་སྟེར་མཛད། །བདག་དང་གཞན་དོན་བསྒྲུབ་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལའོ། །མེ་ལྷ་དྲང་སྲོང་ཆེན་པོ་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་དང་ཡོན་བདག་མིང་འདི་ཞེས་བྱ་བ་ལ་སོགས་པའི་ཚེ་འདི་དང་ཕྱི་མའི་ལེགས་པའི་བར་དུ་
གཅོད་པའི་སྡིག་པ་དང་བགེགས་རྣམས་ཞི་བར་གྱུར་ཅིག །ཐབ་ཁུང་མེ་ཏོག་གཏོར་ནས་ནི། །མེ་ཡི་ལྷ་ལ་ལས་བཅོལ་ཏེ། །འབར་བའི་རྣམ་པ་ཉིད་དུ་བལྟ། །དེ་ནས་བསང་གཏོར་བྱས་ནས་ཀྱང་། །དག་པ་གསུམ་གྱི་ངང་ལས་དེར། །ཆོས་ཀྱི་འབྱུང་གནས་ཡངས་པ་
བལྟ། །དེར་ནི་འབྱུང་པོའི་རོ་སྟེང་དུ། །རང་སྙིང་ས་བོན་ལས་སྤྲོས་པའི། །འོད་ཟེར་ལྔ་ལྡན་ཧཱུཾ་སྤྲོས་ཏེ། །དེ་ལས་འཁོར་ལོ་གསུམ་གྱི་ལྷས། །དངོས་པོ་ཐམས་ཅད་རོ་གཅིག་པར། །བསྒྲུབས་ཏེ་སླར་ཞུགས་དཀྱིལ་འཁོར་བསྒོམ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ། །
བགེགས་བསལ་མཆོད་ཡོན་ཕུལ་ནས་སུ། །ཧཱུཾ་ཐུགས་རྗེ་ཆེན་པོ་རྒྱུན་གྱི་རྒྱུན། །གྲུབ་པའི་རྡོ་རྗེ་རྣལ་འབྱོར་མ། །སེམས་ཅན་ཐམས་ཅད་རྗེས་གཟུང་ཕྱིར། །འབར་བའི་ནང་དུ་བཞུགས་གསོལ་བ། །འཐོར་འཐུང་བྱས་ཏེ་མཆོད་པ་དང་། །གང་བའི་སྦྱིན་སྲེག་གསུམ་

བྱས་ལ། །མཆོད་ཅིང་སྣ་ཚོགས་མཆོད་བྱས་ནས། །རིམ་པ་བཞིན་དུ་སྲེག་བླུགས་དབུལ། །གྲུབ་པ་མོ་ཡི་སྔགས་གཞུག་སྟེ། །སརྦ་པཱ་པཾ་སརྦ་བིཔྷཾ། སརྦ་བྱཱ་དྷི་སརྦ་དུ་རྶྭཔྣ། སརྦ་དུ་རྨཱི་ཏེ། སརྦ་པྲེ་ཏེ། སརྦ་ཛྭ་རེ། སརྦ་ཨུ་པ་དྲ་བེ། སརྦཱ་ཀཱ་ལ་མྲྀ་ཏྱུ། ཤཱནྟིཾ་ཀུ་
རུ་སྭཱ་ཧཱ། སྦྱིན་སྲེག་བརྒྱ་སྟོང་བྱས་ནས་སུ། །མཆོད་པ་ཀུན་གྱིས་མཉེས་པར་བྱ། །བསྟོད་ཅིང་བཟོད་གསོལ་གསོལ་བ་གདབ། །དེ་ནས་གང་བའི་སྲེག་བླུགས་ཀྱི། །གཟི་བརྗིད་འབར་བའི་རྡོ་རྗེའི་ཞལ། །རབ་ཏུ་འབར་བ་དྲག་པོ་སྟེ། །ཡོ་བྱད་གཅིག་ཏུ་བསྲེས་པ་
དང་། །གཉིས་སུ་མེད་པའི་སྦྱིན་པར་བྱ། །ཅི་ནུས་པ་དང་ཅི་འབྱོར་པས། །ཤིན་ཏུ་རྣམ་པར་དག་པར་བྱ། །མི་འཆི་ལྔ་བཅས་དཔའ་བོ་ཡིས། །ཤིན་ཏུ་ཚིམ་པར་མཆོད་བྱས་ལ། །དེ་ནས་ཙཱ་རུ་ལ་འབད་པས། །སྤུན་དང་སྲིན་མོ་དགའ་སྟོན་བྱ། །དེ་ནས་གཞན་
ཡང་ནོད་པར་བྱ། །ཡི་གེ་བརྒྱ་པ་སྔོན་འགྲོ་བའི། །ཚིགས་བཅད་གསུམ་གྱིས་བཟོད་པར་གསོལ། །ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། །མན་ངག་བཞིན་དུ་དཀྱིལ་འཁོར་བསྡུ། །དཔལ་རྣལ་འབྱོར་མའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བཱ་རཱ་ཧཱི་ཀལྤཿསརྦྦཱརྠ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཀྱི་ཆོ་ག་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ཨོཾ་ཧྲཱིཾ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦྦ་དུཥྚཱ་ན་ཧཱུཾ་ཕཊ་སྭཱ་ཧཱ། གཏོར་
མ་བྱིན་ནས་བསམ་གཏན་བྱའོ། །ལྟེ་བའི་དབུས་སུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་དབུས་སུ་པདྨ་ཁ་དོག་དམར་པོ་འདབ་མ་བཞི་པ། དེའི་སྟེང་དུ་ཧྲཱིཿཡི་གེ་ཀལྤའི་མེ་འབར་བ་ཅན་དེ་ཡོངས་སུ་གྱུར་པ་ལས། བདག་རྡོ་རྗེ་ཕག་མོར་བསམ་
པ་ནི་སྐུ་མདོག་དམར་མོ་རོའི་གདན་ལ་ཞབས་གཡས་བརྐྱང་བས་བཞུགས་པ། གཅེར་བུ་སྐྲ་གྱེན་དུ་བརྫེས་པ་ཐོད་པའི་ཅོད་པན་ཅན་ཕྱག་རྒྱ་ལྔས་བརྒྱན་པ་ཕྱག་བཞི་པ་གཡས་ན་རྡོ་རྗེ་དང་ལྕགས་ཀྱུ་འཆང་བ། གཡོན་པ་ཁ་ཊྭཱཾ་ག་ཐོད་པ་དང་སྡིགས་མཛུབ་ཞགས་པ་འཆང་བའོ། །

ཞལ་གཅིག་སྤྱན་གསུམ་པ་ཞལ་ཁྲོ་གཉེར་ཅན་རྡོ་རྗེ་དབྱིངས་ཤིན་ཏུ་འཇིགས་པར་མཛད་པ། གསུས་པ་རྒྱས་པ་ལྗགས་འགྱུ་བའོ། །དེ་ལྟར་བསམས་ནས་ཡེ་ཤེས་སེམས་དཔའ་དགུག་གཞུག་བྱའོ། །དེ་ནས་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱངས་
ནས་མཉམ་པར་གཞག་པས་སྔགས་བཟླས་པར་བྱའོ། །ཨོཾ་བཛྲ་བཱ་རཱ་ཧཱི་ཨཱ་བེ་ཤ་ཡ་སརྦྦ་དུཥྚཱ་ནི་ཧྲཱིཾ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །ཨོཾ་ཧཱུཾ་ཧྲཱིཾ་ཧཾ་སྙིང་པོའོ། །འབུམ་ཡང་དག་པར་བཟླས་པར་གྱུར་ན་གྲུབ་པ་ལ་ཐེ་ཚོམ་མེད་དོ། །ཨོཾ་ཨཱཿཧྲཱིཾ་ཧཱུཾ་ཧཱཾ་ཧཿསྔགས་འདིས་ཤ་ཆེན་པོའི་ཕྱེ་མ་བྱས་
ཏེ་ཐང་སྐུའི་དྲུང་དུ་བདུག་པ་དབུལ་ལོ། །ཞག་ཉི་ཤུ་རྩ་གཅིག་གིས་འགྲུབ་སྟེ་འདི་གཞན་དུ་མ་ཡིན་ནོ། །ཨོཾ་ཧྲཱིཾ་ཧཾ་ཧཱཾ་ཧཿཧཱཿཧིཿཧཱིཿཧྲིཿཧྲཱིཿཕེཾ་ཕེཾ་ཕཊ་མཚན་མོ་གཏོར་མ་ཕུལ་ན་བདུད་ཐམས་ཅད་ཞི་བར་འགྱུར་བས་མཚན་མོ་གཏོར་བའི་ཉེ་སྤྱོད་དབུལ་བར་བྱའོ། །གོང་དུ་ཇི་སྐད་བཤད་པ་
གསང་བར་སྒྲུབ་ན་རྡོ་རྗེ་ཕག་མོས་བྱིན་གྱིས་རློབ་པ་དེ་ལ་ཐེ་ཚོམ་མེད་དོ། །དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཀྱི་ཆོ་ག་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་གཉིས་མེད་རྡོ་རྗེ་ཞབས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་
དཔལ་བཟང་པོས་རྩང་ཉང་རོ་ཅུང་བའི་གཙུག་ལག་ཁང་ཆེན་པོ་འོ་མ་ཕུག་གནས་རྙིང་དུ་ལེགས་པར་བསྒྱུར་བའོ། །༄༅༅། །རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །
དང་པོར་རེ་ཞིག་རྣལ་འབྱོར་པས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ལ་རྫོགས་པའི་བྱང་ཆུབ་ཏུ་བདེ་བ་ལ་དགོད་པར་བྱའོ་ཞེས་ཚད་མེད་པའི་རྣལ་འབྱོར་མངོན་དུ་བྱའོ། །དེ་ནས་རང་གི་སྤྱི་བོར་བླ་མ་བསྒོམ་པར་བྱའོ། །དེའི་རྗེས་ལ་སྙིང་གར་ཨཾ་ལས་ཟླ་བའི་དཀྱིལ་
འཁོར་བསམས་ལ། དེར་ཨོཾ་ཨོཾ་ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོ་འོད་ཟེར་སྣ་ཚོགས་འཕྲོ་བའི་ལུགས་ལས་བཟློག་པར་བསམ་མོ། །དབུས་སུ་ནི་བཾ་ཡིག་གོ། །དེའི་འོད་ཟེར་གྱིས་རང་

བཞིན་གྱི་ལུས་ཁྱབ་པས་ཡོངས་སུ་དག་པ་ན། བདག་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་སྐུ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་མོ། བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་ཅན། ཕྱག་རྒྱ་ལྔའི་རྒྱན་དང་ལྡན་པ། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་འཇིགས་བྱེད་དང་
དུས་མཚན་ཞབས་ཀྱིས་གནོན་པ་གཡས་ན་རྡོ་རྗེ་དང་གྲི་གུག་གཡོན་ན་ཐོད་པ་ཁ་ཊྭཱཾ་ག་འཛིན་པའོ། །དེ་ནས་སླར་ཡང་ཡིག་འབྲུའི་ཚོགས་ཀྱི་འོད་ཟེར་གྱིས་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་ཐམས་ཅད་སྤྱན་དྲངས་ཏེ་བདག་ཉིད་ལ་གཞུག་གོ། །ཡང་དེ་ཉིད་ཀྱི་འོད་ཟེར་གྱིས་འགྲོ་
པ་དག་པར་བྱས་ནས་སླར་ལོག་སྟེ། སྔགས་ཀྱི་ཕྲེང་བ་དེ་ཉིད་ལ་གཞུག་པ་དང་། ཡིད་དང་ངག་གི་དབྱེ་བས་བཟླས་པ་བྱའོ། །དེ་ནས་བཾ་ཡིག་གི་འོད་ཟེར་གྱིས་ས་གསུམ་དང་། ལུས་དང་ཡི་གེའི་རིམ་གྱིས་བསམ་གྱིས་མི་ཁྱབ་པར་ཞུགས་པ་སྔོན་དུ་འགྲོ་བས་དེ་ཁོ་ན་ཉིད་
བསྒོམ་པར་བྱའོ། །ལས་དང་པོ་པའི་སྒོམ་པ་མདོར་བསྡུས་པ་དཔལ་ནཱ་རོ་པའི་ཞལ་གྱི་བརྒྱུད་པ་རྗེས་སུ་གནང་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་སུ་མ་ཏི་ཀཱིརྟིའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀཱིརྟིས་བསྒྱུར་བའོ།། །།
༄༅༅། །རྒྱ་གར་སྐད་དུ། ཤི་ཥྱ་ཨ་ནུ་གྲྀཧྞ་བིདྡྷིཿ། བོད་སྐད་དུ། གཞན་དོན་སློབ་མ་རྗེས་སུ་གཟུང་བའི་ཆོ་ག། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བ་བཤད་པར་བྱ། །བླ་མའི་བཀའ་དྲིན་རྗེས་དྲན་ནས། །སྣ་ཚོགས་སྒྲུབ་ཐབས་
འགྲུབ་དོན་དུ། །སློབ་མ་འབེབས་པའི་ཆོ་ག་མཆོག །དང་པོ་རེ་ཞིག་སློབ་དཔོན་གྱིས་སློབ་མ་རྗེས་སུ་གཟུང་བའི་དོན་དུའམ། ཤྲཱི་ཧེ་རུ་ཀ་ཞེས་བྱ་བའི་ཡི་གེ་བཞི་པོའི་དོན་དང་ལྡན་པས་རྣལ་འབྱོར་པས། རང་ཡིད་དང་མཐུན་པའི་གནས་སུ་འཇམ་པོའི་སྟན་ལ་
སོགས་པའི་གནས་སུ་ལག་པའི་སོར་མོ་རྣམས་ལ་སྔགས་བཀོད་ལ། བདུད་རྩི་ལྔ་དང་ཡང་དག་པར་ལྡན་པའི་བཏུང་བ་བཟང་པོ་པདྨའི་སྣོད་དུ་བཞག་ལ་ཆོ་ག་ཇི་ལྟ་བ་བཞིན་སྦྱངས་ཏེ་ཞུ་བའི་རྫས་ཀྱིས་བདག་ཉིད་ཁྲུས་བྱའོ། །དེའི་རྗེས་སུ་གནས་དང་། བདག་དང་

རྣལ་འབྱོར་སྲུང་བའི་དོན་དུ་སེ་གོལ་གཏོགས་པ་སྔོན་དུ་འགྲོ་བར་བྱས་ནས་སུམྦྷ་ནི་ལ་སོགས་པ་གདོང་བཞི་པའི་སྔགས་ཀྱི་སྒྲ་ཡིས་མཚམས་བཅད་པ་དང་། གོ་ཆའི་སྔགས་དྲུག་བཀོད་པ་དང་དག་པ་གསུམ་གྱི་སྔགས་བརྗོད་པ་དེ་ཉིད་ཀྱིས་སེམས་བསྲུང་
བར་བྱའོ། །དེ་ཡི་རྗེས་སུ་ཡོངས་སུ་དག་པའི་ས་གཞི་ལ་ཁྲུ་གང་ཙམ་གྱི་མཎྜལ་བྱུག་པར་བྱས་ཏེ། ཙནྡན་དམར་པོ་ལ་སོགས་པས་ཟུར་དྲུག་པའི་ཙི་ཀྲ་བྲིས་ཏེ། དེའི་དབུས་སུ་རྡོ་རྗེ་རྣལ་འབྱོར་མའི་ས་བོན་དགོད། ཟུར་དྲུག་ལ་འཁོར་ལོས་སྒྱུར་བའི་སྔགས་དགོད་པ་སྔོན་དུ་འགྲོ་
བས་མན་ངག་ཇི་ལྟ་བ་བཞིན་དུ་སྐད་ཅིག་གིས་དཔའ་མོ་དྲུག་དང་ལྡན་པའི་བཅོམ་ལྡན་འདས་མའི་དཀྱིལ་འཁོར་བསྐྱེད་ལ། །དེ་ནས་ཕྱི་རོལ་དུ་ཁྭ་གདོང་མ་ལ་སོགས་པ་རྣམ་པ་བརྒྱད་དང་། དུར་ཁྲོད་བརྒྱད་ཀྱིས་བརྒྱན་པར་བསམ་པར་བྱའོ། །དེ་ནས་ཨརྒྷ་ལ་སོགས་པས་ཡང་
དག་པར་མཆོད། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་ཆོ་ག་བཞིན་དུ་དགུག་པ་དང་། གཞུག་པ་དང་། བཅིང་པ་དང་། དགྱེས་པར་བྱ་བ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ལ་སོགས་པ་དང་། བདུད་རྩི་མྱང་བའི་མཐར་བསྟོད་པ་དང་བཟོད་གསོལ་བྱའོ། །སྔོན་དུ་
བསྙེན་པའོ། །དེ་ནས་སློབ་མ་རྗེས་སུ་བཟུང་བའི་སྔོན་དུ་ཚེས་བཅུ་ལ་དེ་བཞིན་དུ་མཎྜལ་བྱུགས་པའི་དབུས་སུ་ལྷའི་བཏུང་བ་བཟང་པོས་བཀང་བའི་དབྱངས་ཀྱི་སྣོད་ཡང་དག་པར་བཞག་ལ། དེའི་སྟེང་འཁར་བའི་སྣོད་དྲི་མ་མེད་པ་གུར་གུམ་ལ་སོགས་པས་ཕྱིས་ལ་སིནྡྷུ་རའི་ཕྱེ་མ་
བཙགས་ལ་གསེར་གྱི་སྨྱུ་གུས་ཆོ་ག་བཞིན་དུ་མངོན་པར་བྲིས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱས་ལ། མཆོད་པ་ལ་སོགས་པས་ཡང་དག་པར་མཆོད་ལ། །དེ་ཡི་རྗེས་སུ་བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི་རྐང་པ་བརྒྱད་དང་ལྡན་པ་དང་། རྡོ་རྗེ་དྲིལ་བུ་སྔོན་དུ་འགྲོ་བས་
བསྟོད་ལ། རས་དམར་པོས་གཡོགས་ལ་གཞག་གོ། །དེ་ནས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་ཕུལ་ལ། ཡི་གེ་བརྒྱ་པ་ལན་གསུམ་བཏོན་ལ་བཟོད་གསོལ་བྱའོ་ཞེས་སློབ་མ་རྗེས་སུ་གཟུང་བའི་ཕྱིར་མཆོད་པའི་ཆོ་གའོ།། །།དེའི་རྗེས་སུ་མཚན་ཉིད་ཐམས་ཅད་དང་

ལྡན་པའི་བུམ་པ་ཡང་དག་པར་གཞག་པར་བྱའོ། །རས་དམར་པོའི་མགུལ་ཆིངས་བྱས་པ་དང་། ཙཱུ་ཏ་ལ་སོགས་པའི་ལོ་མ་དང་ལྡན་པ་དང་། རིན་པོ་ཆེ་ལྔ་དང་། སྨན་ལྔ་དང་འབྲུ་ལྔ་དང་ལྡན་པར་བྱས་ལ། དེ་ཉིད་གྲུབ་པའི་འཁོར་ལོ་ལ་ཡེ་ཤེས་འཁོར་ལོ་དགུག་གཞུག་ལ་སོགས་
པ་བྱས་ལ། ཨརྒྷ་ལ་སོགས་པ་མཆོད་པ་མཐར་ཕུལ་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ལ་སོགས་པ་དང་། དབང་བསྐུར་བ་དང་། བདུད་རྩི་མྱང་བའི་བར་ཆོ་ག་བཞིན་བྱས་ལ། མཆོད་ཡོན་ལ་སོགས་པས་ཡང་དག་པར་མཆོད་ལ། རྐང་པ་བརྒྱད་པའི་སྔགས་ཀྱིས་
བསྟོད་པར་བྱའོ། །མེ་ཏོག་དམར་པོའི་ཕྲེང་བ་དང་ལྡན་པའི་རྡོ་རྗེ་བུམ་པའི་ཁར་བཞག་ལ། དེ་དག་གི་སྔགས་ཇི་སྲིད་འདོད་པའི་བར་དུ་བཟླས་ལ། མེ་ཏོག་དམར་པོ་གཏོར་བས་འཁོར་ལོ་དེ་ཉིད་ཞུ། །དེ་ཉིད་ཀྱི་ངོ་བོར་བལྟ་བར་བྱའོ་ཞེས་སློབ་མ་རྗེས་སུ་གཟུང་བ་ལས་བུམ་པ་ལྷག་
པར་གནས་པའི་ཆོ་གའོ།། །།དེ་ནས་དེའི་རྗེས་སུ་བླ་མ་དང་སངས་རྒྱས་དག་ལ་མི་ཕྱེད་པའི་གུས་པའི་ཡིད་ཅན་སློབ་མ་དམ་པས་མཎྜལ་བྱས་ལ་ཡང་ནས་ཡང་དུ་གསོལ་བ་གདབ་སྟེ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་ལ་ནི་སྐྱབས་སུ་མཆི། །དཔལ་ལྡན་རྡོ་རྗེ་
རྣལ་འབྱོར་མས། །བདག་ནི་བྱིན་གྱིས་བརླབ་ཏུ་གསོལ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རྗེས་སུ་དྲང་བའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་གསོལ། །ཞེས་སོ། །ཚེས་བཅུའི་དུས་སུ་ཐུགས་རྗེ་དང་ལྡན་པའི་བླ་མས་སློབ་
མའི་ལག་པ་ནས་བཟུང་ལ་འདི་སྐད་གསུངས་སོ། །རྟོག་པས་གཡོགས་པའི་སེམས་ཀྱིས་ནི། །ལེགས་པའི་སངས་ཕྱིར་བཟློག་པ་ལྟར། །དད་པའི་ཆུ་ཡིས་བཀྲུས་པའི་སེམས། །ཕན་པའི་སེམས་ཀྱིས་འདིར་གཞུག་བྱ། །དད་པ་མེད་པའི་སེམས་ཅན་ལ། །དཀར་
པོའི་ཆོས་རྣམས་མི་འབྱུང་སྟེ། །ཇི་ལྟར་ས་བོན་ཚིག་པ་ལ། །མྱུ་གུ་སྔོན་པོ་སྐྱེ་མི་སྲིད། །ཅེས་གསུངས་སོ། །ཇི་ལྟར་སློབ་མ་དད་ལྡན་གྱིས། །གསང་སྔགས་བྱིན་རླབས་བསྒྲུབ་པ་ལ། །ཡོན་དང་བཅས་པས་ཕྱག་བྱས་ནས། །ཐལ་མོ་སྦྱར་ཏེ་སྤྱི་བོར་གཞག །དེ་ཡི་

རྗེས་སུ་སློབ་དཔོན་གྱིས། །བུམ་པའི་ཆུ་ནི་གཟུང་བྱས་ནས། །ཆོ་ག་བཞིན་དུ་ཁྲུས་བྱས་ལ། །དེ་ནས་རས་དམར་པོས་གདོང་བཅིངས་ལ་ཐལ་མོ་སྙིང་གར་སྦྱོར་དུ་བཅུག་སྟེ། ཨུ་རྒྱན་གྱི་ཕྱོགས་སུ་ཁ་བལྟས་ཏེ། ཆོ་ག་བཞིན་དུ་སློབ་མ་གཞག །
དེ་ནས་སུམྦྷ་ནི་ལ་སོགས་པའི་སྔགས་ཀྱི་སྒྲས་བསྲུང་བ་དང་། མཚམས་བཅད་པ་བྱས་མཉམ་པར་བཞག་ལ། རྐང་འོག་རླུང་གི་དཀྱིལ་འཁོར་ནི། །གཞུ་ཡི་དབྱིབས་ཅན་དུ་བའི་མདོག །དེ་སྟེང་སྤྲུལ་པའི་འཁོར་ལོ་རུ། །གྲུ་གསུམ་མེ་ནི་འབར་བ་ལྟར། །ཕུང་པོ་ལ་
སོགས་དྲི་དག་ཕྱིར། །དག་པའི་སྔགས་ནི་བརྗོད་པར་བྱ། །རང་གི་ཕུང་པོ་སྒྱུ་མ་བཞིན། །སྤྲུལ་པ་རུ་ནི་ཡང་བསྒྲུབ་བྱ། །སྐད་ཅིག་གིས་ནི་ལྷ་མོ་བསམ། །ཕག་མོ་སྙིང་རྗེའི་བདག་ཉིད་ཅན། །ཀུན་ནས་ཀུན་དུ་སྐད་ཅིག་སྟེ། །སྐད་ཅིག་གིས་ནི་གསང་སྔགས་བརྗོད། །སྤྲུལ་
པའི་འཁོར་ལོ་ལ་སོགས་སེམས། །གཡུང་དྲུང་འཁྱིལ་པ་དགེ་བར་བལྟ། །སྨིན་མཚམས་གནས་པའི་ཐིག་ལེ་ནི། །དྲག་ཏུ་འཁོར་བའི་འཁོར་ལོར་བལྟ། །ཕྱག་རྒྱ་གཉིས་ཀྱི་སྦྱོར་བ་ཡིས། །སོ་སོར་བསྡུ་བའི་རིམ་པའོ། །བླ་མའི་མན་ངག་རིམ་གྱིས་ནི། །རིམ་པ་རྒྱས་
པར་ཤེས་པར་བྱ། །དེ་ལྟར་བསྟན་པའི་སེམས་ཀྱིས་ནི། །གྲུབ་པའི་རྟགས་ནི་འབྱུང་བར་འགྱུར། །ཡེ་ཤེས་ཐོབ་པའི་སློབ་མ་ལ། །དེ་ཡི་ཚེ་ནི་བ་སྤུ་ལྡང་། །མཆི་མ་འབྱུང་དང་ཆུ་འཛག་དང་། །ཚ་བ་དང་ནི་གྲང་བ་དང་། །འདར་བ་དང་ནི་གཡོ་བ་དང་། །ཨོཾ་ཏིཥྛ་བཛྲ་
ཞེས་བརྗོད་དེ། །དེ་དུས་བརྟན་པར་གྱུར་ཞེས་བརྗོད། །རང་བཞིན་དུ་ནི་གནས་པ་ལ། །བསྒོམ་པ་ཕྱི་ནས་བསྟན་པར་བྱ། །མཆོད་པ་གསང་སྔགས་ལྷ་མོ་ཡི། །ལྷན་ཅིག་སྐྱེས་པ་བདག་ཉིད་དོ། །ཞེས་སློབ་མ་རྗེས་སུ་གཟུང་བ་ལས་ཡེ་ཤེས་འབེབས་པའི་ཆོ་
གའོ།། །།དེ་ནས་ཡང་དག་རབ་བཤད་བྱ། །ཚོགས་ཀྱི་འཁོར་ལོའི་ཆོ་ག་མཆོག །དད་པ་ཆེན་པོའི་སྦྱིན་བདག་གིས། །སྦྱིན་པ་པོ་ནི་སྙིང་རྗེ་ལྡན། །རང་གི་ཁྱིམ་མམ་དབེན་པ་རུ། །ཙནྡན་ལ་སོགས་བྱུག་པར་བྱ། །བླ་ན་མེད་པའི་དོན་དུ་ནི། །ཚོགས་ཀྱི་འཁོར་

ལོ་བསྐོར་བར་བྱའོ། །དད་པ་ཆེན་པོའི་སྦྱིན་བདག་གིས། །དང་པོའི་བླ་མ་ཕྱག་འཚལ་ནས། །ཇི་ལྟར་འབྱོར་པ་ལྡན་པ་ཡིས། །ལྷ་རྣམས་ལ་ནི་སྙན་གསན་དབབ། །མཉམ་པར་གཞག་པའི་བླ་མ་ལ། །རྡོ་རྗེ་དྲིལ་བུ་ཡང་དག་ལྡན། །ཐོད་པ་ལ་སོགས་བརྒྱན་པ་ལ། །
རྣལ་འབྱོར་བཞི་དང་ཡང་དག་ལྡན། །ཐོག་མར་གཏོར་མ་མདུན་དུ་གཞག །ཆོ་ག་བཞིན་དུ་མཆོད་པར་བགྱི། །སྙན་གསན་ཕབ་པ་བྱོན་པ་ལ། །རྩ་བ་ཡིས་ནི་ཞབས་བཀྲུ་བྱ། །ཡོངས་སུ་སྦྱངས་པའི་ཁང་པ་རུ། །དེར་ཞུགས་གདན་གྱི་རིམ་པ་ལ། །རྒན་དང་གཞོན་
པའི་རིམ་པ་ཡིས། །བླ་མ་ཕྱག་འཚལ་འདུག་པར་བྱ། །སྐལ་བ་མེད་དང་ང་རྒྱལ་ཅན། །ཚོགས་ཀྱི་འཁོར་ལོར་སྤང་བར་བྱ། །བསྒོམ་པར་ལྡན་པ་ཤེས་བྱས་ལ། །དེ་ཚེ་མཆོད་པའི་ཆོ་ག་བྱ། །ཁྱད་པར་དུ་ནི་ཙནྡན་དང་། །གུར་གུམ་ལ་སོགས་ལྡན་པ་དང་། །མེ་
ཏོག་ཕྲེང་བ་དམར་བ་དང་། །མཆོད་པ་ལྔ་ཡིས་མཆོད་པར་བྱ། །ལས་ཀྱི་རྡོ་རྗེ་མཁས་པ་ཡིས། །དང་པོར་ལྕགས་ཀྱུ་གཟུང་བྱས་ལ། །སྦྲང་ངམ་བུ་རམ་སྦྱར་བའམ། །ཇི་ལྟར་རྙེད་པ་གཟུང་བྱས་ལ། །ཆོས་འདི་ལ་ནི་ཁྱོད་ལྟོས་ལ། །མེད་པའི་རྣམ་རྟོག་དོར་བྱས་ནས། །
ཁྱི་དང་བྲམ་ཟེ་གདོལ་པ་ཡང་། །རང་བཞིན་གཅིག་ཏུ་ཤེས་པར་གྱིས། །ཞེས་ཚིགས་སུ་བཅད་པ་འདིས་དབུལ་བར་བགྱིའོ། །རིན་ཐང་མེད་ལས་ལེགས་འོངས་ཆོས། །འདོད་ཆགས་དྲི་མ་དག་བྱའི་ཕྱིར། །གཟུང་བ་དང་ནི་འཛིན་པ་སྤངས། །དེ་ཉིད་ཀྱིས་ནི་ཕྱག་འཚལ་
ལོ། །ཞེས་པ་དེས་བླང་བར་བགྱིའོ། །ལས་ཀྱི་རྡོ་རྗེ་མཁས་པ་ཡིས། །ཐུན་མོང་དུ་ནི་དབུལ་བར་བགྱི། །བཟའ་བ་དང་ནི་བཏུང་བ་དང་། །ཉ་དང་ཤ་ནི་དེ་བཞིན་དུ། །བཟའ་བ་ལ་སོགས་རྫོགས་པ་ལ། །སློབ་དཔོན་གྱིས་ནི་བྱིན་བརླབ་བྱ། །ཡི་གེ་གསུམ་གྱིས་བྱིན་
གྱིས་བརླབས། །ཁ་དོག་དྲི་ཡང་དག་པར་བྱ། །ཨོཾ་སརྦྦ་བཛྲ་ཀཱ་མི་ནི་སརྦྦ་བཀྵཾ་མིང་ཤོ་དྷ་ནི་གུ་ཧྱ་བཛྲ་པཱ་ཎི་ཧཱུཾ་སྭཱ་ཧཱ། ཞེས་པས་སོ། །དེ་ནས་མདུན་དུ་མཎྜལ་བྱས། །པུས་མོ་ཕབ་ལ་ཐལ་མོ་སྦྱར། །སེམས་ཅན་ཀུན་གྱི་དོན་སླད་དུ། །དེ་ལ་སྨོན་ལམ་གདབ་པར་བྱ། །གནས་ལ་

སོགས་པ་བཅུ་ཡི་མིང་། །ས་དང་ཕ་རོལ་ཕྱིན་ལ་སོགས། །དཔའ་བོ་དཔའ་མོ་དབང་ཕྱུག་རྣམས། །གུས་པར་བདག་གི་ཕྱག་འཚལ་ལོ། །ལྷ་མོ་ཚད་མ་དམ་ཚིག་ཚད། །དེས་གསུངས་མཆོག་ཏུ་ཚད་མ་སྟེ། །བདེན་པ་དག་གི་ལྷ་མོ་ཡིས། །དེ་དག་
གིས་ནི་རྗེས་འཛིན་ཤོག །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་དུ་རྟོག་པས་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་བདག་ཕྱག་འཚལ། །དགའ་བས་བྱས་པའི་ཚོགས་འཁོར་ལ། །ཚིགས་བཅད་གསུམ་པོས་བསྟོད་བྱ་སྟེ། །སྙིང་རྗེ་
ལྡན་པའི་སྦྱིན་བདག་པོས། །ཇི་ལྟར་དགྱེས་པར་གསོལ་བར་ཞུ། །དེ་ནས་ལྷ་ལ་ཕུད་ཕུལ་ནས། །ཆོ་ག་བཞིན་དུ་བཟའ་བར་གྱིས། །བཏུང་བ་དགྱེས་པར་གྱུར་པ་ཡི། །རྡོ་རྗེའི་གླུ་ནི་བླང་བར་བྱ། །ཅང་ཏེའུ་ལ་སོགས་སྒྲ་དང་ནི། །སྣ་ཚོགས་ལྔ་ཡིས་ཡིད་འཕྲོག་བྱེད། །
སྔགས་དང་ཕྱག་རྒྱའི་རྣལ་འབྱོར་གྱིས། །མཆོག་ཏུ་དགའ་བར་གར་བྱའོ། །དེ་ནས་ཚོགས་ཀྱི་སློབ་དཔོན་གྱིས། །སྦྱིན་པ་པོ་ལ་དགྱེས་སེམས་དང་། །རྣལ་འབྱོར་མ་རྣམས་འདུས་པ་ཡིས། །བཀྲ་ཤིས་དེ་ལ་སྦྱིན་པར་བྱ། །ལག་པ་འཁྱུད་དང་སོ་རྩི་དང་། །ཁྱད་པར་
དུ་ནི་ཡོན་དང་བཅས། །ཁྲོ་བ་བྲལ་བའི་ཡོན་ཏན་གྱིས། །ཐུན་མོང་དུ་ནི་དབུལ་བར་བགྱི། །རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །དེ་སྲས་བཅས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་རྣམས་ཐེག་འབྱུང་བ། །ཆོ་ག་འདི་ལ་བཟོད་པར་མཛོད། །ཅེས་
པས་བཟོད་པར་གསོལ་བར་བྱ། །ལྷ་མོའི་ཚོགས་ཀྱི་འཁོར་ལོ་ལ། །ལྷག་པར་བསྡུས་པའི་གཏོར་མ་ནི། །འབྱུང་པོ་ཡི་དྭགས་ཀུན་ལ་སྦྱིན། །ཞེས་སློབ་མ་རྗེས་སུ་གཟུང་བ་ལས་ཚོགས་ཀྱི་འཁོར་ལོའི་ཆོ་གའོ།། །།ད་ནས་ཡང་དག་བཤད་བྱ་བ། །
གཞོན་ནུ་མའམ་རྣལ་འབྱོར་མ། །རྡོ་རྗེ་རྣལ་འབྱོར་མ་ཡི་དངོས། །ཆོ་ག་ལྡན་པས་མཆོད་པར་བགྱི། །ནག་པོའི་ཕྱོགས་ཀྱི་ཚེས་བཅུའམ། །དཀར་པོའམ་ནི་དེ་བཞིན་དུ། །དང་བའི་སེམས་ཀྱིས་སྙན་གསན་དབབ། །གུས་པའི་སེམས་ཀྱིས་ཁྲུས་སོགས་བྱ། །གཅིག་

གམ་གཉིས་སམ་བཞིའམ་ལྔ། །དྲུག་པོ་གཉིས་ནི་དེ་བཞིན་དུ། །ཇི་སྲིད་ཉི་ཤུ་རྩ་བཞི་དང་། །པཱུ་ཛ་ལ་སོགས་གནས་གནས་པ། །ཡིད་འོང་གནས་སུ་ཚུར་བཀུག་ལ། །དྲི་དང་མེ་ཏོག་ལ་སོགས་ལྡན། །ཀུ་ཤའི་ཆུན་པོ་གཟུང་བྱས་ནས། །དེ་ཡི་མདུན་དུ་གདན་
དུ་དབུལ། །གནས་ལ་སོགས་པ་བསྲུང་དོན་དུ། །སུམྦྷ་ནི་སོགས་སྔགས་ཀྱིས་གདབ། །ནུབ་ཕྱོགས་ཁ་ནི་བལྟར་བཅུག་ལ། །ཆོ་ག་བཞིན་དུ་ལྷར་བསྐྱེད་དེ། །སིནྡྷུ་ར་ཡིས་དཔྲལ་བར་བསྐུ། །གླ་རྩི་གུར་གུམ་ག་པུར་དང་། །ཁྱད་པར་དུ་ནི་ཙནྡན་བཅས། །ལག་
པ་རྐང་པ་གདོང་པ་དང་། །རྐང་མཐིལ་ལག་མཐིལ་བསྐུ་བར་བྱ། །མེ་ཏོག་དམར་པོའི་ཕྲེང་བས་བརྒྱན། །དེ་བཞིན་ན་བཟའ་དམར་པོ་དང་། །མིག་སྨན་ནག་པོ་སྤྱན་ལ་བསྐུ། །སྤོས་ཀྱི་དུ་བས་བདུག་པ་དང་། །ལྷ་ཡི་བཏུང་བ་ལྡན་པར་བྱ། །བཟའ་དང་བཅས་པ་ཡང་
དག་ལྡན། །གཏོར་མ་སྔོན་དུ་འགྲོ་བྱས་ལ། །ཙཱ་རུའི་སྒྲོན་མ་དབུལ་བར་བགྱི། །རྡོ་རྗེ་རྣལ་འབྱོར་མ་མཆོད་ལ། །སྔགས་ཀྱི་བཟླས་པ་ལྡན་པ་ཡིས། །དགེ་དང་མི་དགེ་ལས་བྱུང་བ། །དེ་ལ་རྟགས་ནི་རྟོགས་པར་འགྱུར། །བདེ་མཆོག་རྒྱུད་ལས་གསུངས་པ་བཞིན། །
རིམ་པ་རྒྱས་པར་ཤེས་པར་བྱ། །དེ་ཕྱིར་ཀུན་ནས་འབད་པ་ཡིས། །རྣལ་འབྱོར་ཤེས་པས་མཆོད་པར་བགྱི། །ཡོངས་སུ་རྫོགས་པའི་བྱང་ཆུབ་ཏུ། །འགྲོ་བའི་དོན་དུ་ཡོངས་སུ་བསྔོ། །སོ་རྩི་ཡོན་དུ་ཕུལ་བྱས་ནས། །ཆོ་ག་བཞིན་དུ་གཤེགས་སུ་གསོལ། །ཞེས་
སློབ་མ་རྗེས་སུ་གཟུང་བ་ལས་གཞོན་ནུ་མའི་མཆོད་པའོ།། །།དེ་ནས་ཡང་དག་རབ་བཤད་བྱ། །གཏོར་མ་ལས་ཀྱི་ཆོ་ག་ནི། །གཏོར་མའི་ལས་དང་བྲལ་བ་ལས། །དངོས་གྲུབ་མཆོག་ནི་དེ་ལ་མེད། །དེ་ཕྱིར་ཀུན་ལ་འབད་པ་ཡིས། །གཏོར་མས་མཆོད་པ་བྱེད་པ་
ལ། །འདོད་པའི་དོན་ནི་དེ་ཡིས་ཐོབ། །ཐམས་ཅད་རྒྱུད་ལས་གསུངས་པ་བཞིན། །དང་པོར་རེ་ཞིག་རྣལ་འབྱོར་བས་དཔལ་རྡོ་རྗེ་རྣལ་འབྱོར་མའི་རྣལ་འབྱོར་དང་ལྡན་པས། ཁ་ཟས་ལ་སོགས་པ་མདུན་དུ་ཡང་དག་པར་མཆོད་པར་སྦྱང་བར་བྱའོ། །ཡཾ་ལས་རླུང་གི་དཀྱིལ་འཁོར།

དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེ་ནས་ཨ་ཡིག་དཀར་པོ་ལས་པདྨའི་སྣོད་དཀར་པོ་དེ་མགོ་བོ་གསུམ་གྱི་སྒྱེད་བུའི་སྟེང་དུ་གཞག་གོ། །དེའི་ནང་དམ་ཚིག་གི་རྫས་ཀྱིས་བཀང་ལ། ཨོཾ་ཨཾ་ཏྲཾ་ཁཾ་ཧཱུཾ་ལཾ་མཾ་པཾ་ཏཱཾ་ཧཱུཾ་ངོ་། །དེ་རྣམས་ཀྱིས་བྱིན་གྱིས་བརླབས་ལ་
བདུད་རྩི་ལྔ་དང་སྒྲོན་མ་ལྔའི་ངོ་བོར་བསྒྲུབ་པར་བྱའོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཧཱུཾ་ལས་ཁ་ཊྭཱཾ་ག་དཀར་པོ་ཁ་ཐུར་དུ་བལྟས་པའོ། །དེའི་རྗེས་ལ་རླུང་གིས་མེ་སྦར་བས་ས་བོན་རྣམས་ཞུ་བར་གྱུར་པས། ཉི་མ་གཞོན་ནུ་ལྟ་བུའི་ཁ་དོག་འདྲ་བར་བལྟས་ལ། ཨོཾ་ཨཱཿ་ཧཱུཾ་གི་ཡི་
གེ་རྣམས་རིམ་གྱིས་སྟེང་ནས་སྟེང་དུ་གནས་པའི་སྐུ་གསུང་ཐུགས་ཀྱི་ལྷ་སྤྲོས་པ་ལས། འགྲོ་བའི་དོན་དུ་སྔོན་དུ་འགྲོ་བ་བྱས་ལ་ཇི་ལྟ་བ་བཞིན་དུ་དེ་རྣམས་ཞུགས་པར་བལྟས་ལ། དེ་ནས་ཧཱུཾ་ལ་སོགས་པ་རིམ་པ་བཞིན་དུ་ཞུགས་པར་བལྟའོ། །འབྲུ་གསུམ་གྱིས་བྱིན་གྱིས་
བརླབ་པར་བྱའོ། །དེ་ནས་འབར་བའི་ཕྱག་རྒྱ་བཅིངས་ལ་དེའི་སྔགས་དང་བཅས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་དུ་ཡང་དག་པར་བཞག་ལ། ཨརྒྷ་ལ་སོགས་པས་མཆོད་ལ་བདུད་རྩི་མྱང་བའི་ཆོ་གས་མཆོད་པར་བྱའོ། །མངོན་པར་འདོད་པའི་དོན་དུ་གདོན་པར་བྱའོ། །ལྷ་མོ་
ཚད་མ་དམ་ཚིག་ཚད། །དེས་གསུངས་མཆོག་ཏུ་ཚད་མ་སྟེ། །བདེན་པ་དག་གི་ལྷ་མོ་ཡིས། །དེ་དག་བདག་ལ་རྗེས་འཛིན་ཤོག །མཆོད་པོ་མཆོད་བྱ་མཆོད་པ་རྣམས། །མི་ཕྱེད་པར་ནི་བལྟ་བར་བྱ། །དེ་ནས་རྡོ་རྗེ་ཐལ་མོ་ཕྱེ་སྟེ། བདུད་རྩིའི་སྣོད་ལག་པའི་མཐིལ་དུ་
བཞག་ལ་གཡོན་དང་གཡས་སུ་བསྐོར་བར་བྱའོ། །ལྕེ་ཡི་རྡོ་རྗེའི་སྦྱོར་བ་ཡིས། །ལྷ་མོའི་ཚོགས་ནི་ཚིམ་པར་བྱས། །དེ་ནས་དུར་ཁྲོད་བརྒྱད་ལ་གནས་པའི་ཕྱོགས་སྐྱོང་རྣམས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལ་སོགས་པ་སྔགས་ཀྱིས་ཕྱོགས་རྣམས་ལ་གཡོན་སྐོར། མཚམས་
རྣམས་ལ་གཡས་སྐོར་གྱིས་ཕུལ་ལ། དེ་རྣམས་ཀྱི་བདུད་རྩི་མྱངས་པས་བདེ་བ་ཆེན་པོ་ཐོབ་པར་བསམས་ལ། དེ་ནས་མཆོད་པ་ལ་སོགས་པས་ཡང་དག་པར་མཆོད་པ་དང་། རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་ལ། མངོན་པར་འདོད་པའི་དོན་དུ་གསོལ་བ་

གདབ་བོ། །ཆད་ལྷག་ཁ་བསྐང་བའི་དོན་དུ་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དོ། །དེའི་རྗེས་སུ་ཨོཾ་བཛྲ་མུཿཞེས་བརྗོད་ལ། པདྨའི་ཕྱག་རྒྱས་བསྐོར་བས་དགྱེས་པར་བྱས་ལ་ཉེ་བར་བསྡུས་ལ་བདག་ཉིད་ལ་གཞུག་གོ། །དེ་ནས་སེ་གོལ་གཏོགས་པ་སྔོན་དུ་འགྲོ་བས། ལྷག་
མའི་གཏོར་མ་བསྡུ་བྱ་སྟེ། །དམ་ཚིག་གིས་ནི་ཁ་བསྐང་ལ། །འབར་བའི་ཕྱག་རྒྱ་བཅིང་བར་བྱ། །དྲག་པོའི་ཧཱུཾ་ཡིག་གདོན་བྱས་ནས། །ལྷག་མ་གཏོར་མའི་སྣོད་དུ་དབུལ། །ཨོཾ་སརྦྦ་བྷ་ཀྵ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙྪི་ཥྚ་བྷ་ཀྵ་བྷྱཿ་སྭཱ་ཧཱ་ཞེས་གཤེགས་སུ་གསོལ། སློབ་མ་
རྗེས་སུ་གཟུང་བ་ལས་གཏོར་མའི་ཆོ་གའོ།། །།དེ་ནས་སྦྱིན་སྲེག་གི་ཆོ་ག་བཤད་པ། །རྡོ་རྗེ་རྣལ་འབྱོར་མ་མཆོད་དེ། །ཕྱི་དང་ནང་གི་དབྱེ་བ་ཡིས། །སྦྱིན་སྲེག་ཡང་ནི་གཉིས་སུ་འགྱུར། །ཕྱི་ཡི་ལས་ཀྱི་དབྱེ་བ་ཡིས། །སྦྱིན་སྲེག་ཡང་ནི་བཞི་རུ་བཤད། །
ནང་གི་སྦྱིན་སྲེག་གཉིས་སུ་ཤེས། །རོ་དང་ཚིམ་པར་བྱ་བའོ། །ཕྱི་ནི་འདི་རུ་བཤད་པར་བྱ། །རྡོ་རྗེ་རྣལ་འབྱོར་མ་བསྒྲུབ་པ། །དེ་བཞིན་ཆོ་ག་ལྷག་ཆད་དག །སྦྱིན་སྲེག་གིས་ནི་བསྐང་བར་བྱ། །རྣལ་འབྱོར་ནུབ་ཏུ་ཁ་བལྟས་ལ། །རྒྱན་ཆ་དམར་བ་ཡིས་བརྒྱན་
ལ། །སྐྱེ་གནས་ལྟ་བུའི་ཐབ་ཁུང་དུ། །ཕྱེད་ནི་བརྐོས་ལ་དམར་པོར་བྱ། །ཆ་གསུམ་དོར་བའི་དབུས་སུ་ནི། །རྡོ་རྗེ་དམར་པོ་འབར་བ་དགོད། །ཕྱི་རོལ་རྡོ་རྗེའི་ཕྲེང་བས་བསྐོར། །ཁྱད་པར་དུ་ནི་གྲི་གུག་བསྐོར། །གསང་སྔགས་བཞི་ཡི་བསྲུང་བྱ་དང་། །
མཚམས་དང་དེ་བཞིན་གཅད་པར་བྱ། །ཨརྒྷ་ལ་སོགས་སྣོད་ཀྱང་ནི། །སྲེག་པའི་རྫས་རྣམས་གཡོན་དུ་བཞག །ཡམ་ཤིང་འོ་མ་ཅན་ནི་བརྩིགས། །ཆོ་ག་ཡིས་ནི་བསང་བར་བྱ། །མེ་ནི་རཾ་ཡིག་ལས་བྱུང་བ། །རླུང་གཡབ་ཀྱིས་ནི་གཡབ་བར་བྱ། །ཞལ་
གཅིག་པ་ལ་ཁ་དོག་དམར། །སྤྱི་བླུགས་མཆོག་སྦྱིན་དབྱུག་པ་དང་། །བགྲང་ཕྲེང་དེ་བཞིན་འཛིན་པ་ལ། །ལག་པ་གཡས་དང་གཡོན་པ་ཡི། །མཐེ་བོང་གཉིས་ཀྱིས་དགུག་པར་བྱ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་ས་ཏྭ་མ་གྲི་ཧི་ཏྭ་ཨ་ཧུ་ཏི་མ་ཧཱ་ཨ་

སྨིན་སནྣི་ཧི་ཏོ་བྷ་བཱ། ཞེས་པས། ཡེ་ཤེས་མེ་ནི་དེ་ལ་གཞུག །དེ་ལ་འཐོར་འཐུང་མཆོད་ཡོན་སོགས། །ཁྲུས་ཀྱི་ཆོ་ག་དེ་བཞིན་དབུལ། །རཾ་ཡིག་ས་བོན་ལྕེ་ལ་བསམ། །དེ་ལ་དགང་བླུགས་དབུལ་བར་བྱ། །ཨོཾ་ན་མཿ་ས་མནྟ་བུདྡྷཱ་ནཱཾ།
ཨོཾ་ཨགྣ་ཡེ་ཨ་མུ་ཀ་སྱ་སརྦྦ་སིདྡྷི་ཀུ་རུ་ཞེས་སོ། །ཇི་ལྟར་དེ་ཉིད་རིམ་གསུམ་གྱིས། །སྲེག་རྫས་ཐམས་ཅད་བསྲེག་པར་བྱ། །བསྲེག་དང་བསྲེག་པའི་སྲེག་རྫས་རྣམས། །དོན་གྱི་ཁྱད་པར་སྒྲུབ་པར་བྱེད། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་
སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་ཉམས་པའིའོ། །ཨོཾ་བཛྲ་སམྦ་དེ་སྭཱ་ཧཱ། ཞོ་ཟན་གྱིའོ། །ཨོཾ་བཛྲ་བེ་གཱ་ཡ་སྭཱ་ཧཱ། གྲོའིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའིའོ། །ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ།
ཡམ་ཤིང་གིའོ། །ལྷག་མ་ཀུན་དེ་ཉིད་གསུམ་གྱིས་བསྲེག་པར་བྱའོ། །དེ་ནས་དགང་བླུགས་དབུལ་ལོ། །མཆོད་པ་དང་བསྟོད་པས་བསྟོད་ལ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ། སྙིང་རྗེའི་བདག་ཉིད་ཕག་མོ་ནི། །ཆོ་ག་བཞིན་དུ་བསམ་པར་བྱ། །ཆོ་ག་
ཡིས་ནི་ཡེ་ཤེས་དགུག །དམ་ཚིག་ལ་ནི་ཡང་དག་གཞུག །འཐོར་འཐུང་མཆོད་ཡོན་ལ་སོགས་དང་། །ཆོ་གའི་རིམ་པས་དེ་ལ་དབུལ། །ལྕེ་ལ་ཧཱུཾ་ཡིག་བྱུང་བ་ཡིས། །དེ་ལ་དགང་བླུགས་དབུལ་བར་བགྱི། །ལས་ཀྱི་དངོས་གྲུབ་བྱེ་བྲག་གིས། །སྲེག་རྫས་
ཀུན་ནི་བསྲེག་པར་བགྱི། །མཆོད་པས་མཆོད་ཅིང་བསྟོད་པས་བསྟོད། །བཟོད་པར་གསོལ་དང་དངོས་གྲུབ་བླང་། །ཡང་དང་ཡང་དུ་གསོལ་བྱས་ལ། །ཨོཾ་བཛྲ་མུཿཞེས་ཆོ་ག་བཞིན་དུ་གཤེགས་སུ་གསོལ། །ལྷག་པ་དང་ནི་ཆད་པ་ལས། །ཡོངས་སུ་རྫོགས་
པའི་དོན་དུ་ནི། །སྲེག་རྫས་ཀུན་ནི་བསྲེག་པར་བྱ། །ཡི་གེ་བརྒྱ་པ་གདོན་པར་བགྱི། །སློབ་མ་རྗེས་སུ་གཟུང་བ་ལས་སྦྱིན་སྲེག་གི་ཆོ་གའོ།། །།དེ་ནས་སྲུང་འཁོར་རབ་བཤད་བྱ། །རྡོ་རྗེ་སེམས་དཔའ་ཉིད་གསུངས་པ། །གང་ལ་བཏགས་པ་ཙམ་

གྱིས་ནི། །ནས་ཀུན་དང་ནི་བྲལ་བར་བྱེད། །གུར་གུམ་དང་ནི་གི་ཝང་བསྲེས། །རྒྱལ་གྱི་ཉི་མ་དགེ་བ་ལས། །རྩིབས་དྲུག་འཁོར་ལོ་བྲི་བར་བྱ། །གོ་ཆའི་སྔགས་ནི་མཁས་པས་དགོད། །སུ་མྦྷ་ལ་སོགས་སྔགས་དང་ནི། །རྡོ་རྗེ་ཕྲེང་བས་བསྐོར་བར་བྱ། །གཙང་
མའི་རས་དང་དར་ལའམ། །ཡང་ན་སྨྱུག་ཤུན་གྲོ་ག་ལ། །དབུས་སུ་མིང་ཡིག་སྲུང་བ་དང་། །མགྲིན་པའམ་ནི་དཔུང་པ་ལ། །ཡང་ན་སྤྱི་བོའི་གཙུག་ཏུ་ནི། །དུས་ནི་རྟག་ཏུ་བཅང་བར་བྱ། །འབྱུང་པོ་ལ་སོགས་འཇིགས་དང་བྲལ། །ཚེ་ནི་རིང་བ་ཐོབ་པར་འགྱུར། །
ཡང་ན་བུམ་པ་དཀར་པོ་ལ། །ཙནྡན་ཆུ་ཡིས་དགང་བར་བྱ། །དམ་པའི་འཁོར་ལོ་དེར་བཅུག་ལ། །ཆོ་ག་བཞིན་དུ་བསྒོམ་པར་བྱ། །གང་གི་ཁྱིམ་དུ་གཞག་པ་ལ། །དེ་ཡིས་སྡུག་བསྔལ་ཞི་བར་བྱེད། །མེ་ཏོག་དམར་པོས་དུས་གསུམ་དུ། །ཆོ་ག་བཞིན་དུ་རྟག་ཏུ་
མཆོད། །ཅེས་སློབ་མ་རྗེས་སུ་གཟུང་བ་ལས་སྲུང་བའི་འཁོར་ལོའི་ཆོ་གའོ།། །།དེ་ནས་གཞན་ཡང་རབ་བཤད་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་དང་། །སེམས་ཅན་འཚེ་བར་བྱེད་པ་དང་། །ད་ནི་སུམྦྷའི་ཆོ་ག་མཆོག །དུག་དང་སྐེ་ཚེ་
ལན་ཚྭ་དང་། །ནིམ་པ་དང་ནི་ད་དུ་ར། །དུར་ཁྲོད་སོལ་བ་ཚ་བའི་མར། །རང་གི་སྡིགས་མཛུབ་ཁྲག་དང་ནི། །དེ་དག་རྫས་ནི་བཟུང་བྱས་ནས། །མཁས་པ་ཡིས་ནི་སྦྱར་སྣག་བྱ། །ཁྲ་ཡི་སྒྲོ་ཡི་སྨྱུ་གུ་ཡིས། །མཉམ་པར་གཞག་པས་འཁོར་ལོ་བྲིས། །དུར་
ཁྲོད་རས་སམ་ཡང་ན་ནི། །མཚོན་གྱིས་བསད་པའི་གོས་ལ་ནི། །རྣལ་འབྱོར་ཁྲོས་པས་ལྷོར་བལྟས་པས། །ཆོ་ག་ཡིས་ནི་གསང་སྔགས་དགོད། །རྩིབས་དྲུག་འཁོར་ལོའི་དབུས་སུ་ནི། །ཧཱུཾ་ཡིག་གིས་ནི་སྤེལ་བར་བྱ། །དྲུག་པོ་མཱ་ར་ཡ་དང་ལྡན། །ཕྱི་རོལ་
ཧཱུཾ་གི་ཕྲེང་བས་བསྐོར། །གྲོག་མཁར་གྱི་ནི་ས་བླངས་ལ། །རྐང་རྗེས་དག་གིས་དང་ནི། །དེ་བཞིན་དྲི་ཆུ་སོང་བའི་སས། །བསྒྲུབ་བྱ་ཡི་ནི་གཟུགས་བྱས་ལ། །དེ་ཡི་སྙིང་གར་འཁོར་ལོ་གཞུག །དེ་ནས་ཁ་སྦྱོར་དབྱེ་བ་དང་། །ཐོད་པ་རུ་ནི་གཞག་བྱས་ལ། །དེ་

ལ་ཕུར་བུ་གདབ་པར་བྱ། །ཉི་ཤུ་གསུམ་མམ་ཉི་ཤུ་དགུ། །ཉི་མ་ཕྱེད་དམ་ནམ་ཕྱེད་ན། །མེ་ཡི་སྒྱེད་བུའི་འོག་ཏུ་སྦ། །བསྒྲུབ་བྱ་དེ་རུ་གནས་པ་ཡི། །ཤིན་ཏུ་བྲེད་ཅིང་འདར་བར་བྱེད། །ཁྲ་དང་འུག་པ་ཅེ་སྤྱང་དང་། །ཁྱི་དང་སྲིན་བུ་མེ་ཁྱེར་དང་། །
དེ་རྣམས་ཟ་བ་ཙམ་གྱིས་ནི། །རྡོ་རྗེ་འཛིན་པ་བརླག་པར་བྱེད། །ལས་འདི་ཤིན་ཏུ་སྦ་བར་བྱ། །སྙིང་རྗེ་ལྡན་པའི་རྣལ་འབྱོར་གྱིས། །བླ་མའི་བཀའ་ནི་ཐོབ་བྱས་ལ། །འདི་ནི་ངེས་པར་ཐོབ་པར་འགྱུར། །རྣལ་འབྱོར་སྙིང་རྗེ་བྲལ་བ་དང་། །བླ་མའི་མན་ངག་མེད་པ་ལས། །
འབྲས་བུ་ཐོབ་པར་མི་འགྱུར་རོ། །ཞེས་སློབ་མ་རྗེས་སུ་གཟུང་བ་ལས་སུམྦྷའི་ཆོ་གའོ།། །།དེ་ནས་ཕྱིར་བཟློག་འཁོར་ལོ་ནི། །བསྡུས་པ་ཡིས་ནི་བཤད་པར་བྱ། །བདག་ཉིད་སྲུང་བའི་སྦྱོར་བ་ལས། །སྔགས་དང་འཁོར་ལོས་ཟློག་པར་བྱེད། །རང་གི་ཁྱིམ་
མམ་དབེན་པ་རུ། །གཉིས་པ་ཐམས་ཅད་སྤངས་བྱས་ནས། །རྣལ་འབྱོར་དེ་ནི་མཆོག་བསྒྲུབ་བྱ། །ཐུབ་པ་ཡིས་ནི་དེ་ལྟར་བྱ། །ཨོཾ་ན་མོ་བྷ་ག་བ་ཏི་བཛྲ་བཱ་རཱ་ནི་ཧཱི། ཨུཥྞཱི་ཥ་ཙཀྲ་ཝ་རྟི་ནི། སརྦྦ་ལོ་ཀི་ཀ་ལོ་ཀོཏྟ་ར་ཎི་ཡནྟྲ་མནྟྲ་ཏནྟྲ་ཝི་ཤ་ཙུརྞྞ་པྲ་ཡོ་གི་དྷི་ནི་མ་མ་ཀྲྀ་ཏེ། ཡེ་ན་
ཀེ་ན་ཙིཏྟེ། ཀྲྀ་ཏ་ནི། ཀེ་རི་ཏ་ནི། ཏ་ན་སརྦྦ་ནི། ཚིནྡ་ཚིནྡ། བྷིནྡ་བྷིནྡ། ཀུ་ཊ་ཀུ་ཊ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བི་དྷྭཾ་སཱ་ཡ། བི་དྷྭཾ་སཱ་ཡ། ས་ཏ་ས་ཧ་པྲ་དྷ་བི་ཙུརྞྞ་ཡ་བི་ཙུརྞྞ་ཡ། ཨོཾ་ཨུཥྞཱི་ཥ་ཙ་ཀྲཱ་ཝརྟི་ནི། བཛྲ་བཱ་རཱ་ཧཱི། བྷྲུཾ་བྷྲུཾ་བྷྲུཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་
ཕཊ་ཕཊ་སྭཱ་ཧཱ། དེ་ནས་སྲུང་བའི་འཁོར་ལོའི་དབུས་སུ་གནས་པའི་དཔལ་རྡོ་རྗེ་ཕག་མོའི་རྣལ་འབྱོར་པས། རང་གི་སྙིང་གར་ཧཱུཾ་ལས་རྩིབས་དྲུག་པའི་འཁོར་ལོ་འཁོར་ལོས་སྒྱུར་བ་དྲུག་དང་ལྡན་པའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་པ་ལས། ཕྱོགས་མཚམས་རྣམས་སུ་ཁྭ་གདོང་མ་ལ་
སོགས་པ་རྣམ་པ་བརྒྱད་ཀྱིས་བསྐོར་བ་དང་། སྟེང་དང་འོག་ཏུ་མཁའ་སྤྱོད་མ་དང་ས་སྤྱོད་མ་བསམ་པར་བྱའོ། །དེའི་དབུས་སུ་དཔལ་རྡོ་རྗེ་ཕག་མོའི་ངོ་བོ་བདག་ཉིད་མན་ངག་ལ་གནས་པས་འཁོར་ལོ་དེ་ཉིད་གཡོན་སྐོར་དུ་མྱུར་དུ་འཁོར་བར་བསམ་པར་བྱའོ་ཞེས་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་

དེ་ལ་དེ་ཉིད་ཀྱི་འབྲས་བུ་སྨིན་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སློབ་མ་རྗེས་སུ་གཟུང་བ་ལས་ཕྱིར་བཟློག་པའི་འཁོར་ལོ་དང་བསྒོམ་པ་དང་བྲི་བའི་ཆོ་གའོ། །རྡོ་རྗེ་རྣལ་འབྱོར་མའི་ཞལ་གྱི་མན་ངག་བླ་མ་བ་རནྡྲ་རུ་ཙེས་མཛད་པ་རྫོགས་སོ།། །།
བླ་མ་བལ་བོ་ལོ་ཙཱ་བ་དང་ཡེ་ཤེས་རྡོ་རྗེ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་ལ་
ཕྱག་འཚལ་ལོ། །རྣམ་པར་རྟོག་པའི་ཞགས་པས་བཅིངས་པ་གཅོད་བྱེད་མ། །དཔལ་ལྡན་རྡོ་རྗེ་ལྷ་མོའི་ཞབས་ཀྱི་པདྨ་ལ་ཕྱག་འཚལ། །དེ་ཡིས་ཇི་ལྟར་གསུངས་པའི་མན་ངག་གདམས་ངག་རྣམས། །རྣམ་པར་གནོན་པའི་སྡེ་ལྡན་དོན་དུ་སྒྲུབ་ཐབས་བྲི། །འཇིགས་
པའི་དུར་ཁྲོད་དང་ནི་རི་བོའི་རྩེ་ཉིད་དམ། །ཆུ་བོ་དང་ནི་རྒྱ་མཚོ་དག་གི་འགྲམ་དག་གམ། །དེ་ལྟར་གཞན་ཡང་ཡིད་དུ་འོང་བའི་གནས་རྣམས་སུ། །རང་འདོད་བསྒྲུབ་ཕྱིར་སྦྱོར་བ་འདི་ཉིད་བསྒོམ་པར་བྱ། །སྙིང་གར་པད་དབུས་པཾ་ཡིག་བལྟ་བར་བྱ་བ་ནི། །མེ་ཏོག་བནྡྷུ་ཛི་
བའི་རྣམ་པ་ལྟ་བུ་སྟེ། །དེ་ཡི་འོད་ཟེར་སྤྲོས་པས་ནམ་མཁའ་ལ་གནས་པ། །བདེ་གཤེགས་ལ་སོགས་ཚོགས་རྣམས་ཀུན་དུ་གང་བ་བལྟ། །ཐུགས་ཀའི་ས་བོན་འོད་ཟེར་ལས་བྱུང་སྣ་ཚོགས་པས། །མེ་ཏོག་སོགས་ཀྱིས་ལྷ་རྣམས་ཡང་དག་མཆོད་པ་དང་། །མཆོད་པ་
བདུན་གྱི་བྱེ་བྲག་རྒྱལ་བས་གསུངས་བཞིན་བྱ། །ཚངས་པའི་གནས་བཞི་རྣམས་ཀྱང་བསམ་པར་བྱ་བའོ། །འདི་ནི་དེ་ལྟར་སྡིག་པ་བཤགས་པ་ལ་སོགས་རྣམས། །དེ་བཞིན་ངེས་པར་རིམ་པ་ཇི་ལྟ་བ་བཞིན་དུ། །བདག་གིས་སྡིག་པ་བགྱིས་པར་གྱུར་པ་མ་ལུས་པ། །ཁྱེད་
རྣམས་ཀུན་གྱི་སྔོན་དུ་སོ་སོར་བཤགས་པར་བགྱི། །བླ་མ་ལ་སོགས་རྣམས་ཀྱིས་བསོད་ནམས་བགྱིས་པ་གང་། །དེ་རྣམས་མ་ལུས་ཀུན་ལ་རྗེས་སུ་ཡི་རང་ངོ་། །བྱ་བ་བྱས་པ་བྱེད་པར་འགྱུར་བ་གང་དག་རྣམས། །དགེ་བ་དེས་ནི་སེམས་ཅན་མ་ལུས་རྒྱལ་བར་སྨོན། །དཀོན་

མཆོག་གསུམ་ལ་ངེས་པར་ཡང་དག་སྐྱབས་སུ་མཆི། །འགྲོ་བ་བདེ་ལ་འགོད་ཕྱིར་ཆོས་ནི་རྒྱལ་པོར་འགྱུར། །རྒྱལ་བ་རྣམས་ཀྱི་ལམ་ལ་ཡང་དག་གནས་པར་བགྱི། །མགོན་པོ་བཞེས་ཤིག་བདག་གི་ལུས་ནི་དབུལ་ལགས་ཀྱི། །ཇི་ལྟར་འཇིག་
རྟེན་པ་ཡི་རང་གི་བུ་ཉིད་ཀྱིས། །བྱ་བ་བརྩེ་དང་ལྡན་པས་ངེས་པར་བྱེད་པ་ལྟར། །དེ་ལྟར་གཞན་གྱི་བུ་ཉིད་རྣམས་ལ་དེ་བཞིན་དུ། །བྱམས་པ་དེ་ཡིས་ཞེ་སྡང་ཉམས་པ་བྱམས་པའོ། །སྡུག་བསྔལ་རྒྱུ་ལས་བྱུང་བའི་སྡུག་བསྔལ་རང་བཞིན་ལས། །འཇིག་རྟེན་མ་ལུས་རབ་
ཏུ་གདོན་པར་འདོད་པ་ཡིས། །སྲོག་གཅོད་ལས་དང་མི་མཐུན་ཕྱོགས་ཀྱི་བསམ་པ་ཡི། །འགྲོ་ལ་སྙིང་རྗེ་རྣམ་པར་བསམ་པར་བྱ་བའོ། །སེམས་ཅན་བགྲང་བར་མི་ནུས་གདོན་གྱིས་མི་ལང་བ། །འདི་ལྟར་མི་ནུས་སེམས་དཔའ་འཇོམས་པར་ནུས་པ་ཡིས། །སྲོག་ཆགས་
སངས་རྒྱས་ཡིན་ནོ་ཞེས་པ་གོ་བྱས་པས། །ཡང་དག་སྐྱེས་པའི་བརྩོན་འགྲུས་དགའ་བར་འགྱུར་པའོ། །འདི་ནི་བདག་གི་འདི་ནི་བདག་གོ་ཞེས་སྐྱེས་པའི། །ད་ལྟའི་སེམས་ཉིད་དེ་དང་དེ་ནི་གཏི་མུག་སྟེ། །དེ་ཉིད་ཉམས་པར་བྱེད་པ་ཡོངས་སུ་འཛིན་པ་རྣམས། །དེ་ལྟར་
ཡོངས་སུ་སྤང་བ་བསམ་པ་བཏང་སྙོམས་སོ། །རྟེན་ཅིང་འབྲེལ་བ་ལས་བྱུང་ཆུ་ཟླ་དང་མཚུངས་པར། །ཕྱི་དང་ནང་དག་བརྫུན་པར་བལྟས་པར་བྱས་པ་དང་། །སྭ་བྷཱ་བ་ཤུདྡྷཱ་ལ་སོགས་པའི་སྔགས་བཟླས་ནས། སྔགས་པས་སྟོང་པ་ཤིན་ཏུ་རྟོགས་པར་བྱ་བ་སྟེ། དེ་དག་གི་
སྔགས་གཉིས་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿ་སརྦྦ་དྷརྨཱཿ་ས་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱ་ཏྨ་ཀོ྅ཧཾ། གཞན་ཡང་དེ་ལ་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་ཉིད། །འོད་ཟེར་ཀུན་དུ་སྤྲོ་ཞིང་འབར་བ་བལྟ་བར་བྱ། །དེ་ལས་ས་གཞི་དེ་ནས་གཞན་ཡང་ར་བ་དང་། །བླ་རེ་
མདའ་ཡི་དྲ་བ་རྣམས་ནི་བལྟ་བར་བྱ། །ཤར་དང་བྱང་ལ་སོགས་པའི་རིམ་བཞིན་ཕྱོགས་རྣམས་ལ། །གནོད་མཛེས་ལ་སོགས་སྔགས་བཞིས་དགོད་པར་བྱས་པ་དང་། །དེ་ཡི་འོད་ཟེར་ཚོགས་ལས་རབ་ཏུ་བྱུང་བ་ཡིས། །ཕྱི་རུ་རབ་བཞི་རྣམས་བསྒོམ་པར་བྱ་བའོ། །བྱ་རོག་

གདོང་ལ་སོགས་པའི་ལྷ་མོ་བརྒྱད་རྣམས་ནི། །གནོད་མཛེས་ལ་སོགས་རྣམས་ལས་རབ་ཏུ་སྤྲོ་བྱ་སྟེ། །བདུད་རྣམས་ཧཱུཾ་ལས་བྱུང་བའི་འོབས་བརྒྱད་བཀུག་བྱས་ལ། །སྔགས་རྣམས་བརྗོད་ལ་གདབ་ཅིང་བརྡུང་བར་བྱ་བའོ། །ར་བ་དེ་ཉིད་ནང་ན་དུར་ཁྲོད་ཡང་དག་གནས། །དབུས་
སུ་གནས་པ་སྟེང་གི་རང་བཞིན་ཡངས་པ་ལ། །སྟོན་ཀའི་ཟླ་བ་དང་མཚུངས་གྲུ་གསུམ་ཡང་དག་བལྟ། །ཆོས་ཀྱི་འབྱུང་གནས་དབུས་ན་ཆུ་སྐྱེས་དང་ལྡན་པ། །དེ་ཡི་དབུས་སུ་ཟླ་བ་ཉི་མ་རིམ་པས་གནས། །དབུས་སུ་སྟན་ལ་གནས་པའི་འོད་ཟེར་འཕྲོ་བ་ཡི། །ས་བོན་བཾ་ཡིག་ཕྱི་རུ་
ཤིན་ཏུ་དག་པ་ལ། །གསལ་བ་ཇི་ལྟ་བ་བཞིན་རབ་ཏུ་བསྒོམ་པར་བྱ། །ས་བོན་ལས་བྱུང་འོད་ཟེར་དཔག་མེད་འཕྲོས་པ་ཡིས། །སྐྱེ་བོ་མ་ལུས་བྱང་ཆུབ་སྣོད་དུ་མཛད་འགྱུར་བས། །སླར་ཡང་ས་བོན་དེ་ཉིད་ལས་ནི་རྣལ་འབྱོར་མས། །མ་ལུས་པ་རྣམས་འདུས་པར་ཡང་དག་བསྒོམ་
བྱའོ། །ཟླ་བ་ཉི་མ་ས་བོན་ལས་བྱུང་སྤྱན་གསུམ་མ། །གུར་གུམ་དང་འདྲ་ཕྱག་གཉིས་ཞལ་གཅིག་མ་ཉིད་ཀྱིས། །འཇིགས་བྱེད་དུས་མཚན་མ་ནི་གན་རྐྱལ་བསྒྱེལ་བ་ཡི། །གཡས་བརྐྱང་ཞབས་ཀྱིས་མགོ་དང་ནུ་མར་རབ་ཏུ་མནན། །ཕྱག་གཡོན་སྟེང་དུ་བསླང་བས་པ་ད་སྣོད་བཟུང་
བ་ལས། །རྒྱུན་དུ་འབབ་པའི་ཁྲག་ཉིད་རབ་ཏུ་འཐུང་བར་མཛད། །གཡོན་པ་ལས་གཞན་གྲི་གུག་དང་བཅས་ཤིང་ལོ་འདྲ། །སྡིགས་མཛུབ་ས་གཞིར་མཛད་པས་སྡང་བའི་ཚོགས་རྣམས་འཇོམས། །གཡོན་པའི་ཕྱོགས་སུ་ཁ་ཊྭཱཾ་ག་ཡིས་ཡང་དག་མཛེས། །མི་མགོ་ཁྲག་འཛག་པ་རྣམས་
ཀྱིས་ནི་རབ་ཏུ་འཕྱང་། །གཡེར་ཁ་སིལ་སིལ་སྒྲ་སྒྲོགས་པ་ཡིས་རྐང་གདུབ་ལྡན། །ཞལ་ཉིད་མཆེ་བ་དག་ནི་རབ་ཏུ་གཙིགས་པར་མཛད། །དབུ་སྐྲ་རབ་ཏུ་གྲོལ་བར་ཡང་དག་གནས་པ་ལ། །སྣ་ཚོགས་རྡོ་རྗེས་དབུ་ཡི་སྟེང་ནས་མནན་པར་མཛད། །རྡོ་རྗེ་ཕྲེང་བའི་དབུས་སུ་ཐོད་པའི་ཟེ་
འཕྲོ་ལྔ། །དེ་དང་བཅས་པའི་རྒྱན་གྱིས་དཔྲལ་བར་ཡང་དག་སྤྲས། །འཁོར་ལོ་རྣ་ཆ་ཡིད་དུ་འགྲོ་བའི་མགུལ་རྒྱན་དང་། །མཛེས་པའི་ལག་གདུབ་དག་དང་སྐ་རགས་ཉིད་དག་དང་། །དཔྲལ་བ་དང་ནི་མགྲིན་པ་རྣམས་དང་ནི། །ལག་མགུལ་གཉིས་དང་རྐེད་པ་དག་དང་བཅས་རྣམས་

བརྒྱན། །འོད་ཟེར་ཚོགས་ཀྱིས་ཁམས་གསུམ་མ་ལུས་ཁྱབ་པར་མཛད། །ཤིན་ཏུ་གཞོན་པའི་ཆ་ལུགས་ཡང་དག་བཟུང་སྟེ་གནས། །བདེ་བ་ཆེན་པོའི་རོ་ཡིས་ཡང་དག་གང་བ་ཡི། །བཅོམ་ལྡན་འདས་མའི་སྐུར་ནི་བདག་ཉིད་བསྒོམ་པར་བྱ། །དེ་ནས་ལྟེ་བ་
དང་ནི་སྙིང་ག་ཁ་རྣམས་དང་། །མགོ་དང་སྤྱི་གཙུག་དག་དང་ལུས་རྣམས་མ་ལུས་ལ། །སྔགས་རྣམས་མ་ལུས་པ་ཡི་གོ་ཆ་བགོ་བྱས་ལ། །ཡེ་ཤེས་སྤྱན་དྲངས་ནས་ནི་དམ་ཚིག་ལ་གཞུག་བྱ། །སྙིང་ག་ལ་གནས་ཟླ་སྟེང་བཾ་གྱི་འོད་ཟེར་ལས། །མེ་ཏོག་ལ་སོགས་དཔག་ཏུ་མེད་པས་མཆོད་
བྱས་ལ། །ནམ་མཁའ་ལ་གནས་དམ་ཚིག་པ་ལ་གཞུག་པ་ནི། །མར་ལ་མར་ཞུགས་ལྟར་རམ་ཆུ་ལ་ཆུ་ཞུགས་ལྟར། །ནམ་མཁའ་གནས་པས་སྔགས་བརྗོད་ནས་ནི་དབང་བསྐུར་རོ། །དེ་བཞིན་གཤེགས་པ་ལ་སོགས་རྣམས་ཀྱང་བལྟ་བྱས་ནས། །ལྷག་མ་ཅུང་ཟད་ནུས་པའི་ཐིག་
ལེ་ལས་བྱུང་བ། །རྣམ་པར་སྣང་མཛད་གཙུག་ཏོར་ཉིད་དུ་བལྟ་བར་བྱ། །ནམ་མཁའ་ལ་གནས་ལྷ་མོ་རྣམས་ཀྱིས་མཆོད་པ་དང་། །བསྟོད་པ་རྣམས་ཀྱིས་ཀྱང་ནི་ཕག་མོ་ཚིམ་པར་བལྟ། །གསུང་བར་འགྱུར་བའི་རིམ་པས་དག་པར་བྱས་པ་ཡི། །བདུད་རྩི་རྣམས་ནི་ཡང་དག་
མྱང་བར་བྱས་པ་དང་། །ཕྱོགས་བཞི་རྣམས་སུ་འོད་ཟེར་དཔག་མེད་སྤྲོས་པ་ཡིས། །འགྲོ་བ་རྣམས་ཀྱི་དོན་རྣམས་མ་ལུས་བྱས་གྱུར་ནས། །སླར་ཡང་གཟུགས་བརྙན་མ་ལུས་ས་བོན་ཉིད་ལ་གཞུག །ངལ་བར་མ་གྱུར་བར་དུ་ཡང་ནས་ཡང་དུ་བྱ། །དེ་ནས་རང་ཉིད་བརྟན་
པར་བྱ་དོན་དུ། །ལྟེ་བ་ལ་གནས་ཉི་ཟླ་ཁ་སྦྱར་དབུས་ཉིད་དུ། །བཾ་གི་ནཱ་ད་ཤིན་ཏུ་ཕྲ་བ་ལས་བཞེངས་པ། །ཤིན་ཏུ་ཕྲ་བའི་རི་མོ་འོད་ཟེར་འབར་བ་བལྟ། །འདི་ནི་གདམས་ངག་ལས་བྱུང་ལམ་རྣམས་མ་ལུས་པ། །དམིགས་པ་མེད་པའི་རྣལ་འབྱོར་རྣམ་པར་བསྒོམ་བྱས་ན། །
སེམས་ཅན་དོན་རྣམས་རྫོགས་པའི་རྒྱུ་རུ་འགྱུར་བའོ། །གལ་ཏེ་རྣམ་པར་བསྒོམས་པས་ངལ་བར་གྱུར་པ་ན། །སྔགས་པས་སྔགས་རྣམས་ཆོ་ག་བཞིན་དུ་བཟླ་བར་བྱ། །རྒྱལ་བ་ཉིད་ཀྱི་ཡ