Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 24

Văn bản gốc(Tây Tạng)

Trang 7 / 17 (50.000 ký tự/trang)
ག་བསྔལ་རྣམས་སོ། །འཁྲུལ་དང་ཞེས་པས་ཆོས་མ་ཡིན་པ་ལ་ཆོས་སུ་འཛིན་པའི་བློའོ། །ཇི་ལྟར་མུ་སྟེགས་པས་སེམས་ཅན་བསད་པས་མཐོ་རིས་ཐོབ་ཅེས་པ་ལྟ་བུའོ། འཐབ་རྩོད་
ཅེས་པ་ཕན་ཚུན་འགྱེད་པའོ། །ཉེས་སྐྱོན་ཞེས་པ་སྡིག་པའི་དྲི་མའོ། །ཡང་ན་སྙིགས་མའི་དུས་ཀྱི་སྐྱོན་རྣམས་སོ། །ཉོན་མོངས་ཞེས་པས་འདོད་ཆགས་ལ་སོགས་པའོ། །གདུང་བ་སྣ་ཚོགས་ཞེས་པས་སྣ་ཚོགས་པའི་འབྱུང་པོ་དང་། ཡི་དྭགས་ལ་སོགས་པའི་གནོད་པའོ། །འཇིགས་
པར་འགྱུར་ཞེས་པ་སྔོན་དུ་གསུངས་པའི་ཚིགས་བཅད་དང་ཡང་འབྲེལ་བ་སྟེ། དེ་དག་མི་འབྱུང་བའོ། །ཕན་ཡོན་གཞན་ཡང་གསུངས་པ། གང་ཞིག་ཅེས་པ་ནས་དངོས་གྲུབ་བརྒྱད་པོ་ཞེས་པ་དང་ཐོབ་པར་འགྱུར་ཞེས་པ་དང་འབྲེལ་ལོ། །གང་ཞིག་ནི་རྣལ་འབྱོར་པས་སོ། །ཡིད་ལ་
ཞེས་པ་སྙིང་པོའི་ཡིད་ཀྱིས་བྱེད་པའོ། །འཁོར་ལོའི་གསང་སྔགས་ཞེས་པ་གོང་དུ་བསྟན་པ་ལྟ་བུའོ། །བསྒོམས་ནས་ཞེས་པ་རིམ་པ་ལྟར་རོ། །འགོག་པའི་ཚིག་ཅེས་པས་ངག་ཏུ་བརྗོད་པ་སྤངས་པས་སོ། །ཟློས་བྱེད་ཅེས་པས་སྙིང་པོ་ཡིད་ལ་བཟླས་པ་སྟེ། འཁོར་ལོ་དང་བཅས་
པར་བསྒོམས་ནས་སོ། །དངོས་གྲུབ་བརྒྱད་པོ་རྣམས་དང་ཞེས་པས་མིག་སྨན་དང་རིལ་བུ་ལ་སོགས་པའོ། །མངོན་ཤེས་ལྔ་ཞེས་པས་ལྷའི་མིག་དང་། ལྷའི་རྣ་བ་དང་། ནམ་མཁའི་རྫུ་འཕྲུལ་དང་གཞན་གྱི་སེམས་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པའོ། །དེ་བཞིན་ཡོན་ཏན་ཞེས་

པས་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའོ། །ཡང་ན་ཆོ་འཕྲུལ་ཏེ་མུ་སྟེགས་ཀྱི་ཡོན་ཏན་བརྒྱད་ལྟ་བུའོ། །འཐོབ་པར་འགྱུར་བ་སྟེ། སྒྲུབ་པ་པོས་སོ། །གཞན་ཡང་ཕན་ཡོན་གསུངས་པ། ཉིན་རེ་བཞིན་ཞེས་པ་ལ་སོགས་པས་ས་རློག་བྱེད་པའི་
ཞལ་ནི་བསྒོམ་པ་གང་ཡིན་པ། ཞེས་པ་དང་འཆི་བ་ལས་རྒྱལ་བར་འགྱུར་ཞེས་པ་དང་འབྲེལ་བས་སོ། །དེ་ལ་ཉིན་རེ་ཞེས་པས་དུས་རྟག་ཏུ་བྱེད་པའོ། །ཐུན་རེར་ཞེས་པས་སྔ་དྲོ་ཉིན་ཕྱེད་ན་ཡང་བྱེད་པའོ། །འབད་ནས་ཞེས་པས་མཆོད་པ་ལ་སོགས་པ་རྒྱུན་མ་ཆད་པར་རོ། །
སེང་གེ་ནི་ཁྱབ་འཇུག་གོ། །འཕྲོག་བྱེད་ནི་དབང་ཕྱུག་ཆེན་པོའོ། །དབྱིག་གི་སྙིང་པོ་ནི་ཚངས་པའོ། །འཆི་བ་ཞེས་པ་ནི་ཁྱབ་འཇུག་ལ་སོགས་པས་ཀྱང་ཐུབ་པར་དཀའ་བའི་འཆི་བ་ལས་རྒྱལ་བར་འགྱུར་བའོ། །ཐུབ་པར་དཀའ་བའི་ཞེས་པ་གོ་བར་ཟད་དོ། །གཞན་ཡང་གསུངས་
པ། འཁོར་ལོ་དང་བཅས་ཞེས་པ་ལ་སོགས་པ་ནས། རྡོ་རྗེ་ཕག་ཞལ་ཅན་འདི་གང་ཞིག་སྒོམ་བྱེད་པ། །དེ་ལ་བུད་མེད་རྣམས་དང་ཞེས་པ་དང་། བསྒྲུབ་བྱ་རྣམས་ཀྱང་འབྱུང་ཞེས་པར་འབྲེལ་བའོ། །འཁོར་ལོ་དང་བཅས་ཞེས་པས་ཆོས་འབྱུང་གི་དབུས་སུ་སྔགས་ཀྱིས་གང་བའི་འཁོར་ལོ་
བསྒོམ་པ་དེ་ལའོ། །དེ་ལ་བུད་མེད་རྣམས་དང་ཞེས་པས་ཡིད་དུ་འོང་བའི་གཞོན་ནུ་མ་ལ་སོགས་པའོ། །རིག་པ་ཞེས་པས་ལྷའི་ཡང་འདོད་པའི་ཡུལ་ལྟ་བུའོ། །སྣ་ཚོགས་ཞེས་པས་སྒེག་པ་དང་གླུ་དང་རོལ་མོ་ལ་སོགས་པའི་འདུ་བྱེད་ལ་མཁས་པ་རྣམས་སོ། །གོས་དང་ཞེས་པས་
ཁྱད་པར་གྱི་ན་བཟའ་རྣམས་སོ། །བཟའ་ཞེས་པས་ཟན་ལ་སོགས་པའོ། །བཏུང་ཞེས་པས་སྦྱར་ཆང་ལ་སོགས་པའོ། །ནོར་ནི་རིན་པོ་ཆེ་ལ་སོགས་པའོ། །འབྲུ་ནི་འབྲས་སོ་བ་དང་ནས་ལ་སོགས་པའོ། །ས་གཞི་ནི་མཆོག་ཏུ་སྐྱེ་བའི་ནོར་གྱི་རྒྱུན་འབྱུང་བའི་སའོ། །ཁང་བཟངས་
ཞེས་པ་རིན་པོ་ཆེའི་གཞལ་ཡས་ཁང་ལ་སོགས་པའོ། །ལྷ་རྫས་ཞེས་པས་ལྷའི་འང་འདོད་ཡོན་ལ་སོགས་པའོ། །མལ་ཆ་ཞེས་པ་མཆོག་ཏུ་གྱུར་པའི་རིན་པོ་ཆེས་སྤྲས་པའི་ཁྲིའུ་ལ་སོགས་པའོ། །སྟན་ཞེས་པས་སེང་གེ་ལ་སོགས་པའི་གདན་ཡིན་པའོ། །སྒྲུབ་བྱེད་རྣམས་ཞེས་

པས་རྟ་དང་གླང་ལ་སོགས་པ་མཁོ་བའི་ཡོ་བྱད་རྣམས་སོ། །དེ་ཁོ་ན་བཤད་པ་ཞེས་བྱ་བ་དེ་ཁོ་ན་ཉིད་ཡེ་ཤེས་ཡང་དག་པའི་གྲུབ་པའི་འགྲེལ་པ་ལས་སློབ་མ་རྗེས་སུ་བཟུང་བའི་ཆོ་གའོ།། །།དེ་ནས་སྔགས་བཏུ་ལ་སོགས་པ་ནི་དེ་ནས་ཞེས་པ་ནས། སྔགས་བཏུ་བ་འདི་བརྗོད་
པར་བྱ། །ཞེས་པ་དང་འབྲེལ་པས། དེ་ནས་ཞེས་ཡེ་ཤེས་ཕབ་པའི་རྗེས་ཐོགས་ལའོ། །རྡོ་རྗེ་རྣལ་འབྱོར་མ་ཞེས་པ་ལྷ་མོའིའོ། །དེའི་སྔགས་དེ་ཕག་མོའི་སྙིང་པོའི་སྔགས་མངོན་དུ་བྱས་པའི་དོན་ཏོ། །ཐུགས་ལྟ་བུ་ཡིན་པས་ན་སྙིང་པོ་ཞེས་བྱའོ། །མཆོག་ཏུ་གྱུར་ཞེས་པ་གཙོ་
བོའོ། །རིམ་པ་བཞིན་ཞེས་པ་མཐར་གྱིས་འབྱུང་བའི་དོན་ཏོ། །རྣ་ནས་རྣ་དང་ཞེས་པས་རྣ་བ་གཅིག་ནས་རྣ་བ་གཅིག་ཏུ་འོངས་པའི་དོན་ཏོ། །དངོས་པོར་བྲིས་པ་ཡང་མེད་པའོ། །དེ་བཞིན་དུ་ཞེས་པས་ལུགས་མ་ཡིན་པ་ཞེས་གཞན་དུ་གྱུར་པ་བཀག་པའོ། །ཞལ་ནས་ཞལ་དུ་ཞེས་པས་
མར་མེ་གཅིག་ནས་མར་མེ་གཅིག་ཆད་པ་ལྟར། བླ་མ་གཅིག་གི་ཞལ་ནས་བླ་མ་གཅིག་གི་ཞལ་དུ་བརྒྱུད་པའོ། །འཁོར་ལོ་གསུངས་པ་སྔར་བརྗོད་ལྟ་བུར་ཞེས་པ་ལ་སོགས་པ་ནས་ཨཱ་ལི་ཞེས་པས་ཨ་དང་པོར་བྱས་པའི་དབྱངས་ཀྱི་ཡི་གེ་བཅུ་དྲུག་གོ། །ཀཱ་ལི་ཞེས་པ་ཀ་དང་པོར་བྱས་པའི་
ཧའི་བར་གསལ་བྱེད་སུམ་ཅུ་རྩ་གསུམ་མོ། །དེ་བྲི་བར་བྱ་ཞེས་པ་དང་འབྲེལ་ལོ། །ཇི་ལྟར་བྱས་ཏེ་ཞེ་ན། སྔར་བརྗོད་ལྟ་བུར་འཁོར་ལོ་ལྷའི་ཞེས་པས་སྔར་བརྗོད་པའི་འཁོར་ལོ་ནི་ཆོས་འབྱུང་གི་རྣམ་པ་བྲིས་པའི་དབུས་སུ་འདི་ཉིད་བྲི་བ་ཉིད་ཀྱི་དོན་ཏོ། །ལྟ་བུ་ཞེས་པའི་སྒྲས་ཆོས་འབྱུང་གི་རྣམ་
པ་ཙམ་དུ་གོ་བར་བྱས་པ་ལས་སྔར་གྱི་འཁོར་ལོར་ལྷ་མོའི་སྔགས་དང་བཅས་པས་ནི་མ་ཡིན་ནོ། །ལྷའི་ཞེས་པས་རླུང་གི་བདག་ཉིད་དོ། །ཚོགས་ཀྱི་ཞེས་པས་རླུང་བཞི་བཅུ་རྩ་དགུའོ། །གནས་ཞེས་པས་གྲངས་ཏེ་རེའུ་མིག་གོ། །ལྡན་པ་བྲི་ཞེས་པ་ནི་ཡི་གེ་དང་བཅས་པ་སྟེ། རེའུ་
མིག་བཞི་བཅུ་རྩ་དགུ་ཡང་ཆོས་འབྱུང་གི་རྣམ་པར་བྲིའོ། །དེ་ལྟར་དཔལ་སྡོམ་པ་ལས་གསུངས་པ། སྣ་ཚོགས་ཐམས་ཅད་ཆོས་འབྱུང་ལ། །ཞེས་སོ། །གཅིག་མ་ཚང་ཞེས་པ་ཀྵ་མེད་པ་སྟེ། དེ་ཡང་ཥ་དང་ཀ་ཡིག་གཉིས་ལོག་པ་ལས་འདི་གྲུབ་པས་དེས་ན་འདི་ཉིད་མ་གསུངས་པའོ། །

རིམ་བཞིན་དུ་ཞེས་པ་མཐའ་མ་ནས་རིམ་པ་ལྟར་རོ། །གདམས་ངག་ལས་བྱུང་བའི་འཁོར་ལོའི་རིམ་པ་ཡང་བྲི་བར་བྱ་སྟེ། ཟླ་བ་མེ་དང་མདའ་དང་ཐུབ་པ་ཉིད། །བུག་པ་དྲག་པོ་འདོད་པའི་རིམ་པ་ཡིས། །རེའུ་མིག་རྣམས་ཀྱིས་ཆོས་ཀྱི་འབྱུང་གནས་ཀྱི། །རྣམ་པར་བྱས་ལ་མན་
ངག་གིས་དགོད་དོ། །ཆོས་འབྱུང་དག་ཀྱང་བྲི་བའི་རྣམ་པ་ཡང་། །ཐོག་མར་རི་མོ་གསུམ་གྱི་རང་བཞིན་ལ། །གོང་ལྟར་ཡོད་བཞིན་རི་མོའི་དབུས་སུ་ནི། །དེ་བཞིན་དུ་ཡང་རི་མོ་དྲུག་དྲུག་གོ། །འདི་ནི་བདུན་གྱིས་བདུན་བསྒྱུར་ལས། །ཁྱིམ་ནི་གཡས་སྐོར་གྱིས་ནི་བྲི། །དང་པོར་རྩ་བར་ཨ་ཡིག་སྟེ། །
ཡི་གེ་ཧ་ནི་དབུས་སུ་འགྱུར། །འདི་གསུམ་རྣམ་དག་ཡོན་ཏན་གསུམ། །རླུང་ནི་རྣམ་དག་ཡི་གེ་ལ། །མདོར་ན་ཆོས་ཀྱི་འབྱུང་གནས་སུ། །རླུང་ནི་ཐིམ་པར་འདོད་པས་སོ། །ཨ་ཡིག་རང་བཞིན་ལྷ་མོ་ལ། །རྩ་བའི་གནས་སུ་རྣམ་པར་བཞག །ཧ་ཡི་རང་བཞིན་བཅོམ་ལྡན་འདས། །ཧེ་རུ་
ཀ་ནི་དབུས་སུ་བཞུགས། །ཞེས་སོ། །སྔགས་བཏུ་བ་གསུངས་པ། ཛྷ་འོག་ཅེས་པ་ལ་སོགས་པ་ནས། དང་པོར་ཉིད་དུ་གསུམ་བྲི་བྱ། །ཞེས་པ་དང་འབྲེལ་བའོ། །ཅི་སྟེ་ཞེ་ན། ཛྷ་འོག་ཌ་འོག་གནས་སྦྱར་བ། །ཞེས་པས་ཛྷའི་འོག་ན་གནས་པ་ཨའོ། །ཌའི་འོག་ན་ཨུ་ཡིག་གོ། །
ཧ་འོག་རྟེན་པས་རྣམ་པར་བརྒྱན། །ཞེས་པ་ཧའི་འོག་ན་གནས་པས་དེ་སྤྱི་བོར་བརྒྱན་པའོ། །དེ་ཉིད་གསལ་བྱེད་ཅེས་པས་ཨ་དང་ཨུ་གཉིས་སྦྱར་བས་ཨོ་ཡིག་གོ། །མའི་ཡི་གེ་ཐིག་ལེའི་གནས་སུ་བཞག་ལ། ཟླ་ཚེས་ནི་མན་ངག་གིས་གོ་བར་བྱ། དང་པོ་ཉིད་དུ་ཞེས་པ་ཨོཾ་
གྱི་ཡི་གེ་བྲི་བའི་དོན་ཏོ། །གསུམ་གསུམ་ཞེས་པས་ཨོཾ་ཨོཾ་ཨོཾ་ཞེས་སོ། །ཡིག་མཆོག་ཅེས་པས་ཐུན་མོང་མ་ཡིན་པའི་དོན་གོ་བར་བྱེད་པའོ། །ཟླ་ཚེས་དང་ཐིག་ལེ་ཡང་དག་པར་སྦྱར་བས། ཨུའི་རྣམ་པ་རླུང་གི་རང་བཞིན་ཡང་ཨ་སྟོང་པ་ཉིད་དུ་ཐིམ་པར་བྱེད་པའི་དོན་ཏོ། །འདི་ནི་ཨོཾ་གྱི་སྒྲ་
དོན་ཏེ་མན་ངག་གི་ལུགས་སོ། །གསུམ་དུ་བརྗོད་པ་ཉིད་ནི་ལུས་ངག་ཡིད་གསུམ་གྱི་རང་བཞིན་གཅིག་ཏུ་བྱེད་པའི་དོན་ཏོ། །དེ་ལ་འདིར་གསལ་བྱེད་ཅེས་པས་དེ་ཁོ་ན་ཉིད་དུ་རབ་ཏུ་གསལ་བར་བྱེད་པའི་དོན་ཏོ། །གཞན་གསུངས་པ། བྷ་སྟེང་རྟེན་དང་ཚ་སྟེང་གནས་པ་ནི། །ཞེས་པ་ལ་སོགས་

པ་ལ། བྷའི་སྟེང་ན་ས་ཡིག་སྟེ། ཚ་སྟེང་གནས་པ་ཊ་སྟེ་གནས་དང་སྦྲེལ། ཞེས་པས་ཚའི་སྟེང་ན་གནས་པ་བ་ཡིན་ཏེ་ཊའི་སྟེང་ན་གནས་པ་ར་ཡིག་ལ་སྦྲེལ་ཞེས་པས་དེ་ཉིད་སྦྲེལ་བའོ། །དེ་རྗེས་བྲི་ཞེས་པས་སའི་རྗེས་སུ་བྲི་བའོ། །ཥ་འོག་བརྟེན་པ་ཌ་འོག་མར་བཅས་པ། །ཞེས་པ།
ཥའི་འོག་ན་བ་ཡིག་ལ་ཌའི་འོག་ན་ཨུ་ཡིག་སྟེ། བཅས་ཞེས་པ་དང་དེ་དང་ལྡན་པའོ། །ཤ་སྟེང་བརྟེན་པ་ཤ་སྟེ་གནས་དང་བཅས། །ཞེས་པ་ཤའི་སྟེང་ན་ད་ཡིག་ལ་བཅས་པ་དེ་དང་ལྡན་པས་ཥའི་སྟེང་ན་དྷ་ཡིག་གོ། །བྲི་བར་བྱ་ཞེས་པ་ཐམས་ཅད་གོ་བར་བྱའོ། །གཞན་ཡང་
གསུངས་པ། ལི་འོག་གནས་པ་ཉ་འོག་དང་ལྡན་པ། །ཞེས་པས། ལིའི་འོག་ན་གནས་པ་ཌ་ཡིག་ལ་དེ་དང་ལྡན་པའི་ཉའི་འོག་ན་ཨཱ་ཡིག་གོ། །པ་སྟེང་ཊ་འོག་ལྡན་པ་དེ་རྗེས་བྲི། །ཞེས་པ་པའི་སྟེང་ན་གནས་པ་ཀ་ཡིག་ལ་དེ་དང་ལྡན་པ་ནི་ཊའི་འོག་ཨི་ཡིག་སྟེ་དེ་རྗེས་བྲི་ཞེས་པའོ། །
ཕ་སྟེང་སོན་པ་ཋ་འོག་དང་ལྡན་པ། །ཞེས་པས་ཕའི་སྟེང་དུ་ན་ཡིག་ལ་དེ་ཡིས་སོན་པས་ཋའི་འོག་ན་ཨཱིའོ། །ཧ་ཊ་བར་གནས་ཨཻ་གཡོན་དང་བཅས་པ། །ཞེས་པས་ཧ་དང་ཊའི་བར་གནས་པ་ཡ་ཡིག་ལ། ཨཻ་བི་གཡོན་ནས་གནས་པ་ཨེ་ཡིག་སྟེ་དེ་དང་ལྡན་པའོ། །ཡང་གསུངས་པ། ས་ཙའི་
དབུས་གནས་པ་དང་བྷ་འོག་གནས། །ཞེས་པས་ཙ་དང་ས་ཡི་བར་དུ་ནི་བ་ཡིག་གོ། །བྷ་ཡི་འོག་ན་ཛ་ཡིག་ཡོད་པས། གནས་པ་ཋ་གཡས་དང་ནི་འབྲེལ་ཞེས་པས་ཋའི་གཡས་ན་ར་ཡིག་ཡོད་པས་དེ་འབྲེལ་པས་ཞེས་པས་བྷ་འོག་གི་ཛ་དང་སྦྲེལ་བས་དེ་རྗེས་ལ་ཞེས་པས་བྲི་བ་སྟེ། ཧ་ཐ་
དབུས་སོན་ཞེས་པས་ཧ་དང་ཐའི་བར་ན་ཝ་ཡིག་ལ་ཏ་གཡོན་བརྟེན་ཞེས་པས། ཏའི་གཡོན་ན་ཎ་ཡིག་ལ་ཋ་དང་ལའི་དབུས་ན་གནས་པ་ཕྱི་ནས་བྲི་ཞེས་པ། ཋ་དང་ལའི་དབུས་ན་ར་ཡིག་སྟེ་ཕྱི་ནས་བྲི་ཞེས་པས་མནན་པའོ། །ཡང་གསུངས་པ། ཆ་ཀུན་གྱི་ནི་མཐའ་དང་ཕ་བར་མ། །ཞེས་པས་
ཆ་ཀུན་གྱི་མཐའ་ནི་ཨཱཿཡིག་ལ་ཕ་དང་ཨཿའི་དབུས་སུ་ན་ཡིག་སྟེ། སྡེ་གསུམ་པའི་དང་པོ་གཡོན་ནས་འབྲེལ་ཞེས་པས་སྡེ་གསུམ་པའི་དང་པོ་ནི་ཊ་ཡིག་ལ་དེའི་གཡོན་ན་ཨཱི་སྟེ་དེ་དང་ལྡན་པའོ། །ལ་ཡི་འོག་ན་ཎ་སྟེང་དག་དང་ལྡན། །ཞེས་པས་ལའི་འོག་ན་གནས་པ་ཡང་ཡིན་ལ་དེ་དང་ལྡན་

པ་ནི་ཎ་སྟེང་ན་ཨེ་ཡིག་དང་ལྡན་པའོ། །ཚ་སྟེང་གནས་དང་ཞེས་པས་ཚའི་སྟེང་ན་བ་ཡིག་ལ། བྷ་འོག་ཋ་གཡས་ལྡན་ཞེས་པས་བྷའི་འོག་ན་ཛ་ཡིག་ལ་ཋའི་གཡས་ན་ར་ཡིག་སྟེ་བྲི་བར་བྱ་ཞེས་པའོ། །ཡང་གསུངས་པ། ཥ་འོག་གནས་པ་ཏ་སྟེང་དང་ལྡན་པ། །ཞེས་
པས། ཥ་ཡི་འོག་ན་བ་ཡིག་ལ་ཏའི་སྟེང་ན་ཨཻ་ཡིག་སྟེ་དེ་དང་ལྡན་པའོ། །ཎ་འོག་ཋ་སྟེང་དང་ལྡན་ཞེས་པས་ཎའི་འོག་ན་ར་ཡིག་ལ་ཋའི་སྟེང་ན་ཨོ་ཡིག་སྟེ། དེ་དང་ལྡན་པ་ནི་ཕྱི་ནས་ཡིན་ཞེས་པའོ། །ཕ་འོག་བརྟེན་དང་ཞེས་པས་ཕའི་འོག་ན་ཙ་ཡིག་སྟེ། ཕ་སྟེང་ཋ་འོག་མར་ལྡན་ཞེས་
པས་ཕའི་སྟེང་ན་གནས་པ་ན་ཡིན་ལ། ཋའི་འོག་མ་ཨཱི་ཡིག་སྟེ་དེ་དང་ལྡན་པའོ། །ལ་འོག་ཎ་སྟེང་ཞེས་པས་ལའི་འོག་ནས་ཡ་ཡིག་ལ་ཎའི་སྟེང་ན་ཨི་ཡིག་སྟེ། དེ་དང་ལྡན་པ་ཉིད་དོ། །ཡང་བརྗོད་པ། ཝ་འོག་གནས་པ་ཌ་འོག་སྟོང་པ་ཅན། །ཞེས་པས་ཌའི་འོག་ན་གནས་པ་ཨུ་ཡིག་ལ་སྟོང་པ་
ཞེས་པ་ཐིག་ལེ་སྟེ། ཟླ་ཚེས་དང་བཅས་པ་གདམས་ངག་གོ། །དེ་གཉིས་དང་ལྡན་པའི་གསུམ་པོ་ནི་ཝའི་འོག་ན་གནས་པའི་ཧ་ལ་སྦྱིན་པས་ཧ་ཡིག་ནི་གསུམ་དུ་བྱའོ། །ཨུ་ཡིག་ཐུང་བ་གསུམ་ཐིག་ལེ་དང་བཅས་པ་ཧ་ཡིག་ལ་བྱིན་པ་གསུམ་མོ། །གང་དུ་དཔལ་ཨ་ཝ་དྷཱུ་ཏཱི་པས་མཛད་པའི་
སྒྲུབ་ཐབས་ལས་ཧཱུཾ་རིང་པོའི་རབ་ཏུ་བྱེད་པ་བརྗོད་པའོ། །དེ་བཞིན་དུ་འདི་ནི་སྒྲུབ་ཐབས་ལོགས་པ་ཉིད་ཡིན་པས་སྐྱོན་དུ་འགྱུར་བ་མེད་དོ། །ཙ་སྟེང་ར་འོག་གནས་བཅས་ཞེས་པས་ཙའི་སྟེང་ན་གནས་པ་ཕ་ཡིག་ལ། རའི་འོག་ན་ཊ་ཡོད་པས་ཊ་ཡིག་དང་། སྟེང་བཅས་ཞེས་པའོ། །
གསུམ་ཞེས་པས་ཕཊ་གཅིག་བཏུས་པ་ལ་མན་ངག་གིས་གོ་བར་བྱའོ། །ཤ་འོག་གནས་པ་ཐ་འོག་དང་ལྡན་ཞིང་། །ཞེས་པས་ཤའི་འོག་ན་ས་ཡིག་ལ་ཐའི་འོག་ན་ཝ་ཡིག་སྟེ། ལྡན་པ་ནི་ཉའི་འོག་མ་དང་ཡང་ལྡན་པ་ཡིན་ཞེས་པས་ཉའི་འོག་མ་ཨཱ་ཡོད་པས་དེ་དང་ལྡན་
པའོ། །ཡང་བརྗོད་པ་སའི་གནས་ཞེས་པས་ས་དང་ཡའི་བར་ན་ཧ་ཡིག་ལ་ཛྷའི་གཡོན་བཅས་ཞེས་པས་ཛྷའི་གཡོན་ན་ཨཱ་ཡིག་ཡོད་པ་སྟེ་དེ་དང་ལྡན་པ་ཉིད་དོ། །གསང་ཆེན་ཡི་གེའི་རྣམ་པ་བརྗོད་གྱུར་པ། །ཞེས་པས་དེ་ལ་གསང་ཆེན་ནི་མི་སྟོན་པར་རབ་ཏུ་སྦེད་པའོ། །དེས་

ནི་མཆོག་ཐོབ་པར་བྱེད་པའི་རྒྱུ་ཡིན་པས་སོ། །ཡི་གེའི་རྣམ་པ་བརྗོད་གྱུར་པ་ནི་ཨཱ་ལི་དང་ཀཱ་ལིའི་སྙིང་པོ་དེ་ལས་བྱུང་བ་བརྗོད་པའོ། །གང་གིས་ཤེ་ན་རྡོ་རྗེའི་ལྷ་མོ་ཞེས་པས་རྡོ་རྗེ་ཕག་མོ་སྟེ་རབ་བསྔགས་མ་ལ་སོགས་པའོ། །རྣམས་ཀྱི་སྔགས་འདི་ནི་ཞེས་པ་ལྷ་མོ་དེ་དག་གི་སྔགས་སོ། །
སིནྡྷུ་ཇི་ལྟར་བྱ་ཞེ་ན་བྲི་ཞིང་ཞེས་པས། སིནྡྷུ་རའི་སྣོད་དམ་རིག་པས་བྲིས་པའི་སྣོད་ལའོ། །བརྗོད་ཅེས་པ་བསྒོམས་པས་ངལ་བའི་རྗེས་ལ་བཟླས་པའོ། །བསྒོམ་པར་ཞེས་པས་ལྷ་མོའི་པདྨར་འཁོར་ལོ་བསྒོམ་པའོ། །བྱ་བ་ཡིན་ཞེས་པས་དུས་ཐམས་ཅད་དུ་མཉམ་པར་བྱེད་པའོ། །
ཕན་ཡོན་བརྗོད་པ་ཡིད་བཞིན་ནོར་བུ་ཞེས་པ་ལ་སོགས་པ་ནས། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །སྒྲུབ་ཐབས་ན་བདེ་བའི་མཆོག་སྟེར་ཞེས་པ་དང་འབྲེལ་ལོ། །ཡིད་བཞིན་ནོར་བུ་ནི་རིན་པོ་ཆེའི་ཆར་འབེབས་པའི་ཁྱད་པར་རོ། །དཔག་བསམ་ཤིང་ནི་འབྲས་བུ་ལ་དགོས་འདོད་འབྱུང་བའོ། །
བུམ་པ་མཆོག་ཅེས་པ་བུམ་པ་བཟང་པོ་སྟེ། །ཟད་མི་ཤེས་པའོ། །དཔལ་ལྡན་ཞེས་པས་དཔལ་ནི་ཕུན་སུམ་ཚོགས་པའོ། །འདོད་པའི་འོ་མའི་བ་ཡང་ཞེས་པས་གང་འདོད་པ་ཐམས་ཅད་འབྱུང་བའོ། །དེ་དག་བསྒྲུབས་པས་ཞེས་པ་བཞི་པོ་བསྒྲུབས་པས་འགྲུབ་ན་ཚེ་འདི་ལ་ནོར་སྟེར་བ་ཙམ་
དུ་འགྱུར་བའོ། །འདིས་ནི་བདེ་བ་དང་བཅས་པའི་ནོར་རྣམས་སྟེར་བར་བྱེད་ཅེས་པས་འདིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀའི་དོན་ཐམས་ཅད་འགྲུབ་པར་འགྱུར་ཞེས་པའི་དོན་ཏོ། །དེ་ཁོ་ན་ཉིད་བཤད་པ་ཞེས་བྱ་བ་དེ་ཁོ་ན་ཉིད་ཡེ་ཤེས་ཡང་དག་པར་གྲུབ་པའི་འགྲེལ་པ་ལ་སྔགས་བཏུ་བའི་
ཆོ་གའོ།། །།མཆོད་པ་ཞེས་པ་ལ་སོགས་པ་ནས་གང་ཞིག་སྔགས་ཀྱི་རྒྱལ་པོ་གང་གི་སྤྱི་བོར་བཏགས་པས་དེ་ལ་བསྲུང་བར་འགྱུར་ཞེས་པ་དང་འབྲེལ་ལོ། །མཆོད་པའི་རྒྱུ་ཞེས་པས་སིནྡྷུ་ར་ལ་མཆོད་པ་བྱེད་པའི་དོན་དུའོ། །ཆོ་ག་ཞེས་པས་ཆོ་གའི་རིམ་པ་མཉམ་པའོ། །མཁས་པ་
ཞེས་པས་ལྷ་མོ་དེ་ཁོ་ན་ཉིད་ཤེས་པའོ། །སྣོད་ལ་བརྟེན་ཞེས་པས་སྣོད་ནི་མེ་ལོང་ལ་སོགས་པའོ། །བརྟེན་པ་ནི་སིནྡྷུ་ར་བཟང་པོའོ། །གང་ལ་ཞེས་པ་སིནྡྷུ་ར་ཉིད་བསྲུང་བར་བརྗོད་པའོ། །ཡང་ན་སྣོད་ནི་གྲོ་ག་ལ་སོགས་པའོ། །བརྟེན་པ་ནི་བསྲུང་བའི་དོན་དུ་འཁོར་ལོ་བྲི་བའི་དོན་

ཏོ། །དེས་ནི་ཞེས་པ་བྲིས་པ་དེས་སོ། །ཇི་ལྟར་བྱ་ཞེ་ན་བཏགས་ཞེས་པས་གང་བསྲུང་བ་དེའི་ལུས་ལའོ། །གང་དུ་གདགས་ཤེ་ན། མགོ་དང་མགུལ་བ་དཔུང་པ་ལ། །ཞེས་པ་མགོ་ལ་སོགས་པ་རྣམས་སུ་གདགས་པའོ། །བྱིས་པ་ཚུལ་ཞེས་པས་འཆང་བ་པོ་ལ་སོགས་
པའོ། །ཚུལ་བཞིན་ཞེས་པས་མཆོད་པ་བྱེད་པ་ལྟར་རམ་བྱས་པའི་རྗེས་ལ་བྱའོ། །བསྲུང་བར་བྱ་ཞེས་པ་རྗེས་སུ་སྦྱིན་པའོ། །ཕན་ཡོན་ཡང་གསུངས་པ། བསྲུང་བཅས་བྱིས་པ་མཐོང་ནས་ཀླུ་ལ་སོགས་པའང་སྐྲག་ནས་འབྱེར། །ཞེས་པ་དང་འབྲེལ་ལོ། །ལྟོ་འཕྱེ་ཙམ་དུ་མ་ཟད་
དེ་འབྱུང་པོ་དང་ཞེས་པས་མཁའ་ལ་རྒྱུ་བས་འཛིན་པའོ། །གདོན་དང་ཞེས་པ་ཀླུ་ལ་སོགས་པའོ། །མཚན་མོ་རྒྱུ་དང་ཞེས་པས་ཉིན་པར་མི་རྒྱུ་བའི་རིགས་སོ། །ཤ་ཟའི་ཚོགས་བཅས་ཞེས་པས་མང་དུ་འདུས་པ་སྟེ། དེ་དག་ཀྱང་བྱེར་ནས་འགྲོ་བའོ། །གཞན་ཡང་གང་ཞིག་མ་རུངས་
པའི་སེམས་ཅན་ཏེ། བྱིས་པ་འཇིགས་པ་ཞེས་པས་བྱིས་པ་ལ་འཇིགས་པ་སྐྱེ་ཞིང་དེ་དག་ཉམ་ཐག་པར་བྱེད་པའི་རིགས་སོ། །རབ་འཇིགས་ཞེས་པ་དེ་བས་གཞན་འཇིགས་པར་སྟོན་པའོ། །དེ་དག་ཀྱང་འབྱེར་བ་སྟེ། སྟོབས་ལྡན་སེང་གེས་ནགས་སུ་སྐྲག་ལ་མནར་བཞིན་འབྱེར། །
ཞེས་པས། སྟོབས་དང་ལྡན་པའི་སེང་གེ་མཐོང་ན་ནགས་ཀྱི་སྟག་ལ་སོགས་པ་ཡང་སྐྲག་ནས་ནགས་སུ་བྲོས་ནས་འགྲོ་བ་ལྟར་དེ་དག་ཀྱང་བྱེར་ནས་འགྲོ་ཞེས་པའི་དོན་ཏོ། །རྣལ་འབྱོར་པས་ཞེས་པ་ནས་གྲུབ་པ་འདི་ནི་བྲིས་ཏེ་ཞེས་པར་འབྲེལ་ལོ། །རྣལ་འབྱོར་གྱི་ནི་ཞེས་པས་རྒྱུ་འབྲས་
ཀྱི་རང་བཞིན་གྱི་ལྷ་མོའི་རྣལ་འབྱོར་རོ། །མན་ངག་དམ་པ་ཐོབ་ཅིང་ཞེས་པ་བླ་མ་དམ་པའི་ཞབས་ལ་གཏུགས་ནས་གདམས་ངག་བླངས་ཏེ། མངོན་སུམ་དུ་བྱས་པའོ། །གསལ་བ་ཞེས་པ་རབ་ཏུ་གསལ་བའི་ཡིད་དོ། །དྲི་མེད་ནི་རྣམ་པར་རྟོག་པའི་དྲི་མ་སྤངས་པའོ། །ཡེ་ཤེས་ནི་
རང་རིག་པའི་རང་བཞིན་ནོ། །ཡང་དག་གྲུབ་པ་ཞེས་པས་གདམས་ངག་མཆོག་ཏུ་གྱུར་པ་ཐོབ་ཅིང་རྙེད་པའོ། །འདི་བྲིས་ཏེ་ཞེས་པས་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེ་བའི་ཐབས་འདིའོ། །ཇི་ལྟར་གདམས་ངག་རྙེད་པ་ཡང་བརྗོད་པར་བྱ་སྟེ། དེ་ནས་ཞེས་པ་ལ་སོགས་པ་ནས་གདམས་ངག་

རྙེད་པ་སྟེ། ཞབས་ཀྱི་པདྨ་ལ་བརྟེན་པ་དང་ཞེས་པ་དང་འབྲེལ་བས། དེ་ཐོབ་དོན་དུ་ཞེས་པས་གང་དུ་མཆོག་འགྲུབ་པར་བྱེད་པའོ། །གུས་ཞེས་པ་སློབ་མའི་བྱེད་པའོ། །སྨྲ་ཞེས་པ་བླ་མའི་བྱ་བའོ། །རབ་ཏུ་སྦྱིན་པའི་ཞེས་པས་མན་ངག་སྦྱིན་པའི་དོན་ཏོ། །ཚུལ་རྣམས་དང་ཞེས་པས་
རྙེད་པའི་ཁྱད་པར་རོ། །ལུས་ངལ་བ་དང་ཞེས་པས་རྣམ་པ་སྣ་ཚོགས་པའི་སྒོ་ནས་བླ་མ་བསྟེན་པའོ། །རབ་བཏུད་རྣམས་ཀྱིས་ཞེས་པས་ཕྱག་འཚལ་བའོ། །བླ་མ་དམ་པའི་ཞེས་པ་རང་གི་བླ་མའོ། །སློབ་དཔོན་གྱིས་སྨོན་ལམ་གསུངས་པ། འཇིག་རྟེན་ཞེས་པ་ནས། དག་པའི་
བྱང་ཆུབ་སྣོད་གྱུར་ཅིག །ཅེས་པ་དང་འབྲེལ་པས་འཇིག་རྟེན་དག་ན་མ་བཞིན་ཕན་པ་ཞེས་པས་རང་གི་མ་ལྟར་ཀུན་ལ་ཕན་པར་བྱེད་པའོ། །མང་པོ་སྐྱེད་བྱེད་ཅེས་པས་དུ་མ་ལ་ཕན་པར་བྱེད་པ་སྟེ་དངོས་གྲུབ་གཉིས་སོ། །དེ་ཉིད་མཆོག་ཅེས་པས་གང་དུ་བྱང་ཆུབ་ཀྱི་རང་བཞིན་
ནི་མཆོག་གི་དངོས་གྲུབ་སྟེ། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སོ། །དེ་ནི་གང་ཡིན་པ་ཞེས་པ་མཆོག་ཐོབ་པའི་རྒྱུའོ། །དེ་བྱས་ཞེས་པས་རང་གིས་བྱས་པའི་དོན་ཏོ། །དགེ་བ་ཞེས་པས་རྒྱུད་ལ་བསྐྱེད་བྱའི་ཆོས་སོ། །ཇི་ལྟར་ཞེ་ན། སྐྱོན་བྲལ་ཞེས་པས་སྡིག་པ་མེད་པའོ། །དཔེ་ཡིས་བསྟན་པ་
ཟླ་བ་ཉ་བའི་འོད་ཅེས་པ་ལ་སོགས་པ་སྟེ། སྟོན་ཀའི་ཟླ་བ་ཉ་གང་བ་ལྟ་བུའི་འོད་དེ། ཡང་དག་གང་མཐོང་ཞེས་པ་དྲི་མ་དང་བྲལ་བའི་དགེ་བ་རང་གིས་མཐོང་བའོ། །དེས་ནི་ཞེས་པ་དགེ་བ་དེས་སོ། །འཇིག་རྟེན་རྩོད་པའི་དྲི་བྲལ་ཞེས་པས་འཇིག་རྟེན་ནི་ས་གསུམ་ལ་རྩོད་པའི་དྲི་མས་
རྣམ་པར་དཀྲུགས་པའི་ཞེས་པ་ནི་འཇིག་རྟེན་པའོ། །རྩོད་པ་དང་ལྡན་པ་དེ་ལས་སྐྱེས་པའི་དྲི་མ་ནི་སྡིག་པ་སྟེ་དེས་རྣམ་པར་འཁྲུགས་པའོ། །ཡང་ན་རྩོད་པ་ནི་གཟུང་འཛིན་ཏེ། འཐབ་མོ་ལ་སོགས་པའོ། །དྲི་མ་ནི་ཉོན་མོངས་པ་ལ་སོགས་པ་སྟེ། དེ་གཉིས་ཀྱིས་རྣམ་པར་འཁྲུགས་པ་
ནི་འཇིག་རྟེན་ནོ། །བྲལ་བ་ཞེས་པ་དེ་དག་སྤངས་པའོ། །རྫོགས་པའི་བྱང་ཆུབ་དག་པ་ཡིས་ནི་སྣོད་གྱུར་ཅིང་། །ཞེས་པས་རྩོད་པ་ལ་སོགས་པ་དང་བྲལ་ནས་སོ། །ཅི་བྱ་ཞེ་ན། དེའི་སྣོད་དུ་བྱེད་པ་སྟེ། གང་གི་སྣོད་ཅེ་ན་ཕྱག་རྒྱ་ཆེན་པོ་ཞེས་པ། ཕྱག་རྒྱ་ཞེས་དེ་ཐོབ་པར་བྱེད་པའོ། །

ཆེན་པོ་ནི་གོང་ན་མེད་པ་སྟེ། དེ་ཐོབ་པར་བྱེད་པའོ། །སྲིད་དང་ཞི་བ་མཉམ་གྱུར་ཞེས་པས་འཁོར་བའི་སྡུག་བསྔལ་མ་ལུས་པ་ཐམས་ཅད་བཅོམ་པའོ། །སེམས་ཅན་ཀུན་གྱི་དོན་བྱེད་པ་ཐོབ་པར་ཤོག་ཅེས་པ་གོ་བར་ཟད་དོ། །རྒྱུད་ལས་བྱུང་བའི་མཆོད་པའི་ཆོ་ག་བྲི་བར་
བྱ་སྟེ། དང་པོ་བཅོམ་ལྡན་འདས་མའི་ང་རྒྱལ་དུ་དམིགས་ལ། ཨོཾ་སུཾབྷ་ནི་སུཾབྷ་ཧཱུཾ་ཧཱུཾ་ཕཊ། ཨོཾགྲྀ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་ཧཱུཾ་ཧཱུཾ་ཕཊ། ཞེས་པ་ཞལ་བཞི་པའི་སྔགས་འདིས་ཕྱོགས་བཅིང་བར་བྱ་སྟེ། དེ་ནས་རབ་ཏུ་གཙང་
བའི་མེ་ལོང་ལ་སོགས་པ་ལ་གུར་གུམ་མམ་ཙནྡན་ལ་སོགས་པ་དྲི་བཟང་ལ་དམར་བ་དང་བཅས་པའི་རྫས་ལ་ཡི་གེ་གསུམ་བཟླས་ལ་བྱུག་གོ། །དེ་ནས་སྔོན་དུ་གསུངས་པའི་ཞལ་བཞི་པའི་སྔགས་ལ་ཤར་ལ་སོགས་པའི་ཕྱོགས་ལ་སྔགས་རེ་རེ་ཞིང་བརྗོད་ཅིང་ལག་པ་གཡོན་པས་
གཡོན་སྐོར་དུ་མཎྜལ་གྲུ་བཞི་པར་བྱའོ། །མཆོད་པ་ལ་སོགས་པ་མིང་གི་ཡི་གེ་ཉི་ཤུ་རྩ་བཞི་དང་། པཱི་ཐ་ཨུ་པ་པཱི་ཐ་ཀྵེ་ཏྲ་ཨུ་པ་ཀྵེ་ཏྲ་ཚནྡོ་ཧ་ཨུ་པ་ཚནྡོ་ཧ་མེ་ལ་པ་ཀ་ཨུ་པ་མེ་ལ་པ་ཀ་བི་ལ་ཝ་ཨུ་པ་པི་ལ་ཝ་ཤྨ་ཤཱ་ན་ཨུ་པཤྨ་ཤཱ་ན་ཞེས་བྱ་བར་བཤད་པའི་ལུགས་སོ། །དེ་ནས་ལག་པ་གཡོན་
པའི་མིང་མེད་རྩེ་མོས་ཟུར་དྲུག་པའི་དཀྱིལ་འཁོར་གྱི་དབུས་སུ་དགྱེས་པར་རོལ་པའི་བཾ་ཡིག་གོ། །ཤར་ལ་སོགས་པའི་ཕྱི་རིམ་པ་ལྟར་བཀྲ་ཤིས་བཞི་ཡང་བྲི་བར་བྱའོ། །དེའི་སྔགས་ནི། ཨོཾ་བཛྲ་རེ་ཁེ་ཧཱུཾ་སྭཱ་ཧཱ། འདིས་ནི་རི་མོ་བྱ་བའོ། །ཨོཾ་སུ་རེ་ཁེ་སརྦ་ཏ་ཐཱ་ག་ཏཱ་དྷི་ཏིཥྛནྟུ་སྭཱཧཱ།
འདིས་ནི་རི་མོ་དེ་བྱིན་གྱིས་བརླབ་པའོ། །དེ་ནས་རྐང་པ་མནན་ཞིང་གྱེན་དུ་བལྟ་བས་སྟེང་དུ་ཕེཾ་གྱི་སྒྲ་བརྗོད་པ་དང་། འབར་བའི་ཕྱག་རྒྱ་བཅིངས་ལ་གཡོན་སྐོར་དུ་བསྐོར་ཞིང་། ཛཿ་ཧཱུཾ་བཾ་ཧོཿ། ཞེས་པས་དགུག་པ་ལ་སོགས་པའི་སྔགས་ཀྱིས་འོག་མིན་ནས་སྤྱན་དྲངས་པའི་ལྷ་
མོ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། རབ་ཏུ་དགྱེས་པར་བྱ་སྟེ། དེ་ལ་འདིར་སྒེག་པ་ལ་སོགས་པའི་ཉམས་དགུ་དང་ལྡན་པ། རྣལ་འབྱོར་མ་དྲུག་དང་། ཕྱོགས་ཀྱི་བདག་པོ་བརྒྱད་དང་བཅས་པ་སྣ་ཚོགས་པའི་རྣལ་འབྱོར་མ་དང་། འབྱུང་པོ་དང་། ཡི་

དྭགས་དང་། ཤ་ཟ་དང་། མཁའ་འགྲོ་དང་། མཁའ་འགྲོ་མ་རྣམས་དང་ལྷན་ཅིག་ཏུ་ཤིན་ཏུ་རྣམ་པར་དག་པའི་དམ་ཚིག་གི་དཀྱིལ་འཁོར་ལ། དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་ན། གར་གྱི་རྣམ་པ་དང་ལྡན་པར་མངོན་དུ་ཕྱོགས་པ་ལ་སྔགས་བཏུ་བ་ནས་འབྱུང་བའི་སྙིང་པོའི་སྔགས་
ཀྱིས་མེ་ཏོག་དམར་པོས་མཆོད་པར་བྱའོ། །དེ་ནས་ཨོཾ་བཾ། ཧཾ་ཡོཾ་ཧྲིཾ་མོཾ་ཧྲིཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་འདི་དང་ཡི་གེ་གསུམ་གྱི་སྔགས་འདྲེས་པས་སོ་སོར་ཟུར་དྲུག་ཏུ་ལྷ་མོ་དྲུག་ལ་ཡང་མཆོད་པར་བྱའོ། །ཨོཾ་ཨཱཿ་ནན་ད་བརྟ་ཧཱུཾ་ཕཊ་ཅེས་པ་འདི་གཡུང་དྲུང་འཁྱིལ་པའི་སྔགས་ཏེ་ཕྱོགས་བཞི་རུ་
མཆོད་པར་བྱའོ། །ལུགས་འགའ་ཞིག་ནི་མཁའ་འགྲོ་མ་ལ་སོགས་པ་ལྷ་མོ་བཞིའི་དབུས་ན་སྔར་བཤད་པ་ལྟར་བཞུགས་པ་ལ་མཆོད་པར་བྱེད་དོ། །དེ་ནས་བསྟོད་པའི་མཆོད་པ་ལ་སོགས་པ་བྱས་ནས་མུཿཞེས་ནས་གཤེགས་པར་བྱའོ། །ཡང་ཇི་ལྟར་ནུས་པས་གོས་དང་བཏུང་བ་ལ་
སོགས་པས་གཞོན་ནུ་མ་ལ་མཆོད་པ་འདི་ནི་རབ་ཏུ་བརྗོད་པའོ། །མཆོད་པའི་ཆོ་གའོ།། །།གཏོར་མའི་ཆོ་ག་བརྗོད་པར་བྱའོ། །ཐོག་མར་པདྨའི་སྣོད་ལ་སོགས་པར་མཆོག་ཏུ་གྱུར་པའི་བཟའ་བ་དང་། བཏུང་བ་ལ་སོགས་པས་བཀང་ལ། དེ་ལྟར་གནས་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་
འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་ལ་ཨཱཿ་དཀར་པོ་ཡོངས་སུ་གྱུར་ནས་མི་མགོ་གསུམ་གྱི་སྒྱེད་པུའི་སྟེང་ན་གནས་པའི་པདྨའི་སྣོད་དུ་བསམས་ནས་དེ་ལྟར་དེའི་ནང་ན་གནས་པའི་བཟའ་བ་ལ་སོགས་པ་ལ། ཨོཾ་ཏྲཾ་ཨཾ་ཁཾ་ཧཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་བཱཾ་ལས་སྐྱེས་པའི་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་
རང་བཞིན་དུ་གྱུར་པ་ལ་རླུང་གི་དཀྱིལ་འཁོར་བསྐྱོད་པ་ལས་མེ་འབར་ནས་ས་བོན་བཅུས་བྱིན་གྱིས་བརླབས་པའི་རྫས་བཅུ་ཡང་ལྷན་ཅིག་ཏུ་ཞུ་ནས་ཉི་མ་སར་པའི་མདོག་ལྟ་བུའི་སྟེང་དུ་མཐོ་གང་ཙམ་ལ་དངུལ་ཆུའི་མདོག་ལྟ་བུའི་ཧཱུཾ་ལས་སྐྱེས་པའི་ཁ་ཊྭཱཾ་ག་ཐུར་དུ་བལྟ་བ་བསམ་པར་བྱའོ། །དེ་ནས་
ཐོད་པའི་རྫས་ཁོལ་བའི་རླངས་ཀྱིས་ཁ་ཊྭཱཾ་ག་ཞུ་ནས་ལྷུང་བས། རྫས་དེ་ཡང་དངུལ་ཆུའི་མདོག་ལྟ་བུ་ལ་བསིལ་བར་བསམ་པའོ། །དེའི་སྟེང་དུ་ཨཱ་ལི་དང་ཀཱ་ལིའི་རྣམ་པར་དག་པ་ཨོཾ་ཨཱཿཧཱུཾ་གསུམ་བལྟས་ནས་དེ་ལས་འོད་ཕྱོགས་བཅུར་འཕྲོས་པས་དཔའ་བོ་དང་དཔའ་མོའི་དབང་ཕྱུག་གི་ཡེ་ཤེས་

ཀྱི་བདུད་རྩི་བཀུག་ནས་དེའི་ནང་དུ་རབ་ཏུ་ཞུགས་ནས་བསམ་པའོ། །དེ་ནས་ཨོཾ་ལ་སོགས་པ་ཡང་རིམ་པ་ལྟར་ཞུ་ནས་ལྷུང་བས་ཡི་གེ་གསུམ་པ་དེའི་ཇི་ལྟ་བར་བྱིན་གྱིས་བརླབ་པོ། །དེ་ནས་འབར་བའི་ཕྱག་རྒྱ་བཅིངས་ལ་ཕེཾ་བརྗོད་པ་སྔོན་དུ་འགྲོ་བས། བཅོམ་ལྡན་འདས་མ་བཀུག་
ནས་བྱོན་པ་ལ་ཨརྒྷཾ་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་པར་བྱའོ། །ལག་པ་གཉིས་གྱེན་དུ་རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་ཚུལ་དུ་བྱས་པ་ལ་པདྨའི་སྣོད་བཞག་པའམ་བསམས་ནས་གཏོར་མ་བདག་གིར་བྱ་བའི་ཕྱིར་འདིར་བརྗོད་པར་བྱའོ། །ལྷ་མོ་རྣམས་ནི་ཚད་མ་དམ་ཚིག་ཚད་མ་སྟེ། །དེས་གསུངས་པ་ཡི་ཚིག་
ཀྱང་མཆོག་ཏུ་ཚད་མ་ལ། །བདེན་པ་འདི་དག་གིས་ཀྱང་ལྷ་མོ་འདི་རྣམས་ཀྱིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་ནི་འགྱུར་བར་ཤོག །ཅེས་སོ། །དེ་ནས་བདུད་རྩི་གཡོན་དུ་བསྐོར་ཞིང་། ཨོཾ་བཛྲ་ཨ་རལླི་ཧོ། །ཛཿཧཱུཾ་བཾ་ཧོཿབཛྲ་ཝཱ་རཱ་ཧཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ། ཞེས་པ་འདི་ལན་གསུམ་
བརྗོད་པས་དབུལ་བར་བྱའོ། །བཅོམ་ལྡན་འདས་མའི་ཧཱུཾ་དཀར་པོ་ལས་ལྗགས་རྡོ་རྗེ་སྦུ་གུའི་འོད་ཀྱིས་དྲངས་ནས་གསོལ་བར་བསམ་མོ། །དེ་ནས་གོ་ལ་ལ་སོགས་པ་ཕུལ་ལ། མཆོད་པ་དང་བསྟོད་པ་བྱས་ལ་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པར་ཞུ་བའོ། །དེ་ལ། སྲེད་དང་
ཞི་བ་མཉམ་པར་སྦྱོར་གྱུར་ཀུན་རྟོག་རླབས་བཅོམ་པ། །ནམ་མཁའ་བཞིན་དུ་དངོས་པོ་མཐའ་དག་དེ་ཉིད་ཁོ་ནར་མཁྱེན་པ་རྣམས། །ཤིན་ཏུ་ཕུལ་དུ་བྱུང་བའི་ཐུགས་རྗེའི་རྒྱུན་རྒྱས་སེམས་ཀྱི་ཆུ་བོའི་མགོན། །ལྷ་ཚོགས་རྣམས་ཀྱིས་བདག་ལ་རྗེས་སུ་འཛིན་པར་མཛོད་ཅིག་མཛོད། །
ཅེས་བརྗོད་པར་བྱའོ། །དེ་ནས་དུར་ཁྲོད་བརྒྱད་ལ་སོགས་པ་ན་གནས་པ་རྣམས་ལ། ཨོཾ་ཁ་ཁ་ཁ་ཧི་ཁཱ་ཧི་སརྦྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙོ་ནྨཱ་དཱ་པསྨ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ་ཨི་མཾ་བ་ལིཾ་གྲྀཧྞ་ནྟུ་ས་མ་ཡ་ར་ཀྵནྟུ་མམ་སརྦྦ་སིདྡྷི་མྨེ་པྲ་ཡཙྪནྟུ་ཡ་ཐེ་བཾ་ཡ་ཐཻ་ཥྚཾ་བྷུཉྫ་ཐ་པི་བ་ཐ་ཛི་གྷྲ་ཐ་མཱ་ཏི་ཀྲ་མ་ཐ་སརྦྦ་ཀར་ཏ་ཡ་
སཧྥུ་ཁ་བི་ཤུདྡྷ་ཡེ་ས་ཧ་ཡི་ཀཱ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ལན་གཉིས་ལ་སོགས་པ་བརྗོད་པས་དུ་མ་རྣམས་ལ་འདི་དག་གིས་བཟའ་བ་བདུད་རྩིའི་རྣམ་པ་ལྗགས་ཀྱིས་གསོལ་བར་བསམ་པའོ། །དེའི་རྗེས་ལ་གོ་ལ་ལ་སོགས་པ་ཕུལ་ནས་མཆོད་པ་དང་བསྟོད་པ་ཡང་བྱས་ལ། བརྡའི་ལག་

པས་སེ་གོལ་གཏོགས་ཤིང་དེ་ནས་ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །དེ་ཁོ་ན་ཉིད་ཡང་དག་པར་གྲུབ་པའི་རྒྱ་ཆེར་འགྲེལ་པ་དེ་ཁོ་ན་ཉིད་བཤད་པ་ཞེས་བྱ་བ། དཔལ་ལྡན་བི་ཀྲ་མ་ཤྲཱི་ལའི་གཙུག་ལག་ཁང་ཆེན་པོའི་དགེ་སློང་པཎྜི་ཏ་ཆེན་པོ་བརྩོན་འགྲུས་དཔལ་བཤེས་གཉེན་ཞབས་ཀྱིས་མཛད་པ་
རྫོགས་སོ།། །།བལ་པོའི་པཎྜི་ཏ་མཉྫུ་ཤྲཱི་དང་། ཛཻ་ཏ་ཀརྣའི་ཞལ་སྔ་ནས་ལེགས་པར་མཉན་ཏེ། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་གཙུག་ལག་ཁང་ཆེན་པོ་ཐར་པ་གླིང་དུ་བླ་མ་དམ་པའི་བཀས་ལེགས་པར་བསྒྱུར་བའོ། །སའི་སྟེང་དུ་ཉི་ཟླ་ལྟར་གྱུར་ཅིག། །།
༄༅༅། །རྒྱ་གར་སྐད་དུ། ཀྲོ་དྷ་བཱ་རཱ་ཧཱི་བཛྲ་ཡོ་གི་ནཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མ་ཕག་མོ་ཁྲོས་པའི་སྒྲུབ་ཐབས། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །བདེ་ཆེན་དཀྱིལ་འཁོར་དབུས་ན་ཉིད། །རྩེ་མོ་འཇིག་རྟེན་གསུམ་གྱི་མགོན། །སྟོང་ཉིད་སྙིང་རྗེའི་ཐིག་
ལེ་མཆོག །རྡོ་རྗེ་རྣལ་འབྱོར་མ་དཔལ་བསྟོད།། །།ཨོཾ་ཨཱཿཧཱུཾ། སྔགས་པས་རེ་ཞིག་ཤིན་ཏུ་ཉམས་དགའི་གནས་འདུག་ལ། །ལྟེ་དབུས་འཁོར་ལོ་པདྨོ་དཀར་རྒྱས་དྲི་མེད་སྟེང་། །བདེ་ཆེན་འབྱུང་གནས་རབ་ཏུ་དམར་བའི་དཀྱིལ་འཁོར་བསྒོམ། །དེ་སྟེང་རྒྱལ་བ་ལྷ་མོའི་ས་
བོན་ཧྲཱིཿ་ཡིག་བལྟ། །མེ་ཏོག་སྤོས་སོགས་སྣ་ཚོགས་མཆོད་པ་རབ་འབྱམས་དང་། །ཐུབ་པ་དགོས་པ་སྐྱེ་བའི་དོན་བསྒྲུབ་ཆོས་ཀྱི་སྒྲས། །མཁའ་ཁྱབ་བྱས་ནས་སླར་འོང་ཡོངས་གྱུར་འབར་བ་ཡི། །ཡེ་ཤེས་གྲི་གུག་རྡོ་རྗེས་མཚན་པ་གསལ་པོར་གྱུར། །དེ་ལས་སླར་ཡང་འཕགས་
ཚོགས་མཆོད་དང་འགྲོ་བ་ཡི། །དོན་བསྒྲུབས་བྱས་བྱུང་དེ་ཉིད་ཡོངས་གྱུར་ལྷ་མོའི་སྐུ། །དམར་མོ་འཇིགས་ཁྲོས་ཕག་ཞལ་བགྲད་གདངས་འགྱིང་བག་བརྟན། །གྲི་གུག་ཐོད་འཛིན་མི་མགོའི་ཕྲེང་བས་བརྒྱན་པའོ། །དེ་རྗེས་དེ་གཡས་གྲགས་སྙན་སྔོན་མོ་སྒེག་ཁྲོས་དང་། །གཡོན་དུ་རྣམ་
སྣང་གསེར་མདོག་གཞོན་ནུ་མ་རངས་ཚུལ། །མེ་ལོང་གཟུགས་ལྟར་རྩེ་གཅིག་བསམས་ནས་འོད་ཟེར་གྱི། །ལྕགས་ཀྱུ་རྣོན་པོས་ཡེ་ཤེས་སེམས་མར་རབ་གཞུག་བྱ། །དུས་གསུམ་རྒྱལ་བས་ཤིན་ཏུ་བྱིན་བརླབས་དབང་བསྐུར་བ། །བདེ་ཆེན་ཡེ་ཤེས་སྙིང་རྗེ་མཆོག་གི་རོ་མྱང་གཞི། །རྣམ་དག་

མཆོད་པས་སྔོན་དུ་མཆོད་ལ་དེ་ཉིད་རྗེས། །རྫས་དང་ཡིད་ཀྱིས་སྣ་ཚོགས་མཆོད་སྤྲིན་རབ་འབྱམས་སྤྲོ། །མགྲིན་པ་ལག་པ་ལུས་ཀྱི་གནས་རྣམས་བྱིན་རླབས་ཀྱིས། །དག་པར་བྱ་བ་རྣལ་འབྱོར་ཆེན་པོའི་ང་རྒྱལ་ཅན། །དམ་ཚིག་མཆོད་རྫས་ཆང་གི་མཆོད་པ་དང་བཅས་ལ། །
དེ་ཡིས་མཉེས་གྱུར་སྙིང་གི་པདྨོའི་འདབ་མ་ཡི། །སྔགས་ཕྲེང་གིས་བསྐོར་སེམས་ཀྱི་ཧྲཱིཿ་ཡིག་བྱི་རུའི་མདོག །སྙིང་གི་མུན་སེལ་མཁའ་ལ་ཉི་ལྟར་གསལ་བར་བལྟ། །བརྩེ་བའི་རླུང་བསྐྱོད་ཡེ་ཤེས་འོད་ཟེར་མེ་འབར་བས། །འགྲོ་རྣམས་ཀུན་གྱི་ལུས་ངག་ཡིད་ཀྱི་སྡིག་བསྲེགས་ནས། །
སླར་འོང་འོད་ཀྱིས་རང་ཉིད་སྙིང་གི་མུན་པ་དང་། །དེ་ཡི་ཉེར་བསྡོགས་དྲི་མ་མ་ལུས་རྣམ་པར་བསལ། །མཐའ་དག་སྣ་ཚོགས་རང་སེམས་དྲི་མེད་བདག་ཉིད་དེ། །དེ་བདག་བདག་ཉིད་མཁའ་ལྟར་སྤྲོས་བྲལ་རྣམ་པར་དབེན། །དེ་ཉིད་འདིར་ནི་བདེ་ཆེན་ཁྲོ་མོའི་སྐུར་བསྟན་པ། །ཟབ་མོའི་སྤྱོད་
ཡུལ་དཔའ་བོ་རྣམས་ཀྱིས་བསྒོམ་པར་བྱ། །ཨོཾ་ཀྲོ་དྷ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། །ཨོཾ་བཛྲ་ཝརྞྞ་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། འབུམ་ཕྲག་གཅིག་དང་གསུམ་དང་བཞི། །ལྔ་བཟླས་མ་ཡེངས་ཡིད་ཅན་གྱིས། །བགེགས་སྐྲོད་གྲོང་ཁྱེར་བསྡུ་བ་དང་། །གྲོང་རྡལ་
འཇིག་དང་དོན་ཀུན་སྒྲུབ། །དཔལ་ལྡན་མཁའ་འགྲོ་ལྷ་གསུམ་གྱི། །རྣལ་འབྱོར་ཟབ་མོ་བླ་མའི་བཀའ། །ལེགས་རྙེད་སྔགས་གྲུབ་བསྔགས་པའི་ཕྱིར། །དཔལ་འཛིན་གྱིས་བྱས་མཆོག་གྲུབ་རྒྱུ། །དཔལ་རྡོ་རྗེ་རྣལ་འབྱོར་མ་ཕག་མོ་ཁྲོས་པའི་སྒྲུབ་ཐབས། སློབ་དཔོན་དཔལ་འཛིན་
གྱིས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་བྷ་དྲ་དང་། བོད་ཀྱི་ལོ་ཆུང་གནུབས་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །།ཨོཾ་ཀྲོ་དྷ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཝརྞྞ་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། འབུམ་ཕྲག་གཅིག་གིས་བགེགས་རྣམས་
སྐྲོད། །གསུམ་གྱིས་གྲོང་ཁྱེར་སྡུད་པར་བྱེད། །བཞི་ཡིས་གྲོང་རྡལ་འཇིག་པ་དང་། །ལྔ་ཡིས་དོན་ཀུན་སྒྲུབ་པར་བྱེད། །དཔལ་རྡོ་རྗེ་རྣལ་འབྱོར་མ་ཕག་མོ་ཁྲོས་མའི་གསང་སྔགས་ཀྱི་རིམ་པའོ།། །།སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཁམས་གསུམ་པ་ཡི་ངོ་བོ་ཉིད། །བསྐལ་པའི་

མེ་ལྟར་འབར་བའི་འོད། །རྡོ་རྗེ་རྣལ་འབྱོར་མ་དཔལ་འདུད།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་སྟོ་ཏྲ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པ། །རྡོ་རྗེ་མཁའ་སྤྱོད་མ་ལ་ཕྱག་འཚལ་ལོ། །ཧྲཱིཿ་ལས་གྱུར་པའི་མཁའ་སྤྱོད་ནི། །ཉོན་མོངས་གདུང་བ་བསིལ་བའི་
ཕྱིར། །མཁའ་ལ་དྲི་མེད་པད་ཟླའི་སྟེང་། །ལང་ཚོ་ཤིན་ཏུ་མཛེས་པ་ལ། །བཅུ་དྲུག་ལོན་པ་ལྟ་བུའི་ཚུལ། །འཁོར་བའི་སྐྱོན་གྱིས་མ་གོས་ཕྱིར། །སྟོན་ཟླའི་མདོག་ལྟར་འོད་ཟེར་འཕྲོ། །འགྲོ་རྣམས་གཉིད་ལས་སད་མཛད་ཕྱིར། །གྲག་སྟོང་ཧཱུཾ་དང་ཕཊ་སྒྲ་སྒྲོགས། །བདེ་དང་སྟོང་པ་
ལྷན་ཅིག་སྐྱེས། །གཉིས་སུ་མེད་པའི་ཟུང་འཇུག་ཐུགས། །མཁའ་ལ་སྤྱོད་ཕྱིར་ཞབས་གཉིས་ནི། །རྒྱབ་ནས་ཕྲག་པ་གཉིས་ལ་བཀལ། །འགྲོ་རྣམས་མཁའ་སྤྱོད་འདྲེན་པའི་ཕྱིར། །བྷ་ག་རྒྱས་ཤིང་ཤིན་ཏུ་ཡངས། །ཐབས་ཤེས་གཉིས་སུ་མེད་པའི་ཕྱིར། །སྐུ་སྨད་རུས་པའི་རྒྱན་
དང་བཅས། །ཆགས་ཤིང་བདེ་བརྒྱས་པའི་ཕྱིར། །སྐུ་ཤ་རྒྱས་ཤིང་ནུ་མ་འབུར། །མ་རིག་རྩད་ནས་གཅོད་པའི་ཕྱིར། །ཕྱག་གཡས་གྲི་གུག་མཁའ་ལ་འཕྱར། །གཉིས་མེད་བདུད་རྩི་མཛེས་པའི་ཕྱིར། །ཕྱག་གཡོན་ཐོད་པ་མཁའ་ལ་འཛིན། །འགྲོ་བའི་དོན་ལ་དགྱེས་མཛད་
ཕྱིར། །ཞལ་ནི་འཛུམ་ཁྲོ་དག་དང་ལྡན། །ཕྱོགས་བཅུའི་སངས་རྒྱས་གཟིགས་པའི་ཕྱིར། །སྤྱན་གསུམ་མཁའ་ལ་དྲག་ཏུ་གཟིགས། །སྐུ་ལྔ་ཡོངས་སུ་རྫོགས་པའི་ཕྱིར། །དབུ་ལ་ཐོད་སྐམ་ལྔ་ཡིས་བརྒྱན། །ཆོས་ཉིད་འགྱུར་བ་མེད་པའི་ཕྱིར། །དབུ་སྐྲ་མཐོན་མཐིང་
ཤིན་ཏུ་གནག །ཉོན་མོངས་བག་ཆགས་བསྙིལ་བའི་ཕྱིར། །རུས་བཅས་ལྕང་ལོས་སེ་སྟོད་ནོན། །སྒེག་པའི་ཉམས་དང་ལྡན་པའི་ཕྱིར། །འགྱིང་ཚུལ་དར་གྱི་ཅོད་པན་མཛེས། །ཡོན་ཏན་ཀུན་གྱིས་བརྒྱན་པའི་ཕྱིར། །དབུ་རྒྱན་སྙན་ཆ་དཔུང་རྒྱན་དང་། །མགུལ་རྒྱན་དོ་
ཤལ་དོ་ཤལ་ཕྱེད། །ཕྱག་གདུབ་ཞབས་གདུབ་རྒྱན་རྣམས་ནི། །རིན་པོ་ཆེ་ཡིས་རབ་ཏུ་སྤྲས། །རྣམ་རྟོག་སྤངས་ཕྱིར་མི་མགོའི་ཕྲེང་། །བརྒྱ་ཕྱེད་དག་གིས་ག་ཤལ་བྱས། །ཉོན་མོངས་བུད་ཤིང་བསྲེག་པའི་ཕྱིར། །མེ་རི་དཀར་པོའི་གསེབ་ན་བཞུགས། །སྒྱུ་མའི་དོན་དང་

ལྡན་པའི་ཕྱིར། །འཇའ་འོད་ཚོགས་ཀྱིས་ཀུན་ནས་བསྐོར། །མཁའ་སྤྱོད་མ་ལ་ཕྱག་འཚལ་བསྟོད། །དད་བརྩོན་དམ་ཚིག་ལྡན་པ་ཡིས། །མཆོད་བསྟོད་གསོལ་བ་བཏབ་གྱུར་ན། །ཡང་དག་མཁའ་སྤྱོད་གནས་སུ་ནི། །འདྲེན་མཛད་ཁྱོད་ལ་ཕྱག་
འཚལ་བསྟོད། །མདུན་གྱི་མཁའ་ལ་ལྷ་མོ་ཁྱོད་བཞུགས་ནས། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པ་དང་། །བེམས་རིག་བྲལ་ཚེ་བར་ཆོད་མེད་པ་རུ། །ཡང་དག་མཁའ་སྤྱོད་ཐུགས་སུ་དྲང་དུ་གསོལ། །མཁའ་སྤྱོད་མ་དཀར་མོའི་བསྟོད་པ། པཎྜི་ཏ་དཱི་པཾ་ཀ་རས་
མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བིདྱཱ་དྷ་རི་ཀེ་ལི་བཛྲ་ཡོ་གི་ནཱི་ཨཱ་ཛྙཱ་བི་དྷིཿ། བོད་སྐད་དུ། རིག་པ་འཛིན་མ་རྩེན་མའི་རྡོ་རྗེ་རྣལ་འབྱོར་མའི་རྗེས་སུ་གནང་བའི་ཆོ་ག །དཔལ་
རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ལྷན་སྐྱེས་བདག་ཉིད་སྐུ་ཅན་གྱི། །རྡོ་རྗེ་རྣལ་འབྱོར་མ་གུས་འདུད། །བླ་མ་བརྒྱུད་པ་ལས་འོངས་པ། །ཡང་དག་རབ་སྟེར་ཆོ་ག་བཤད། །དཔལ་ཕྲེང་བའི་རིག་པ་འཛིན་པའི་རྡོ་རྗེ་རྣལ་འབྱོར་མའི་རིམ་པས་སློབ་མ་རྗེས་སུ་གཟུང་བར་
འདོད་པའི་རྣལ་འབྱོར་པས་ནག་པོའི་ཕྱོགས་ཀྱི་ཚེས་བཅུ་ལ་དབེན་པ་ཉམས་དགའ་བར་བདུད་རྩི་ལ་སོགས་པས་ཡོངས་སུ་གཏོར་བའི་གནས་སུ་བླ་རེ་ལ་སོགས་པས་ཉེ་བར་བརྒྱན། སིནྡྷུ་རའི་ཕྱེ་མས་གྲུ་བཞིའི་མཎྜལ་བྱས་ལ། དེའི་དབུས་སུ་ཆུ་སྐྱེས་འདབ་མ་བརྒྱད་པའོ། །
དེར་རྡོ་རྗེ་འཆང་གི་སྣོད་ཀྱི་སྟེང་དུ་སིནྡྷུར་བཟང་པོའི་ཕྱེ་མས་ཡོངས་སུ་གང་བའི་དྲི་མ་མེད་པའི་མེ་ལོང་གི་སྟེང་དུ་གསེར་གྱི་ཐུར་མས་ལག་པ་གཡོན་པས་བཅོམ་ལྡན་འདས་མའི་གཟུགས་མངོན་པར་བྲི་བར་བྱའོ། །འཁོར་ལོའི་ཕྱི་རོལ་དུ་ཡང་། བདུད་རྩི་ལྔ་དང་བསྲེས་པའི་ཆུས་ཡོངས་
སུ་གང་བའི་ལོ་འདབ་ཀྱིས་བརྒྱན་པ། མགྲིན་པ་གོས་ཀྱིས་དཀྲིས་པའི་བུམ་པ་ལྔའམ། ཡང་ན་ཀ་པཱ་ལ་བདུད་རྩིས་བཀང་བ་རྣམས་བཅོམ་ལྡན་འདས་མའི་སྔགས་ཀྱིས་མངོན་པར་བསྔགས་ནས་ཕྱོགས་བཞིར་གཞག་པར་བྱའོ། །དེ་ནས་སྔོན་དུ་བསྙེན་པ་འབུམ་བྱས་པའི་རྣལ་

འབྱོར་པ་ཁ་ནུབ་ཏུ་ཕྱོགས། བདུད་རྩི་ལྔའི་རི་ལུ་ཁར་བཅུག་ལ། ལག་པ་གཡོན་པ་གོ་ཆའི་སྔགས་ཀྱིས་སྦྱངས་པའི་སྔོན་དུ་ཡི་གེ་གསུམ་བརྗོད་པས་བདུད་རྩིར་བྱས་པའི་ཆང་གིས་ཡན་ལག་བཀྲུས་པས་སྲིད་པའི་རྒྱ་མཚོ་ལས་འགྲོ་བ་མ་ལུས་པ་དྲང་བར་འདོད་པར་ལྷ་མོའི་རྣལ་འབྱོར་
བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དྲངས་པའི་ཡེ་ཤེས་ཀྱི་ལྷ་མོ་མེ་ལོང་ལ་བྲིས་པའི་བཅོམ་ལྡན་འདས་མ་ལ་རབ་ཏུ་བཅུག་ནས་བཟའ་བ་དང་། སྟོན་མོ་དང་། བཏུང་བ་དང་ཆང་དང་། ཤ་དང་། ཁུ་བའི་ཁྱད་པར་རྣམས་དང་། རྣམ་པ་སྣ་ཚོགས་པའི་
འབྲས་བུ་རྣམས་དང་། ཆུ་ལས་སྐྱེས་པ་དང་ཐང་ལས་སྐྱེས་པའི་མེ་ཏོག་རྣམས་དང་། གཏོར་མ་དང་ལྷ་བཤོས་རྣམས་དང་། མར་མེའི་ཕྲེང་བ་མང་པོས་ཀྱང་ཡང་དག་པར་མཆོད་དེ་བསྟོད་ནས་རྐང་པ་བརྒྱད་པའི་སྔགས་བརྗོད་པས་བདུད་རྩིས་ཚིམ་པར་བྱ་སྟེ། རྣལ་འབྱོར་མའི་ཚུལ་
ལ་མོས་པའི་སློབ་མ་འཇུག་པའི་དོན་དུ་བཅོམ་ལྡན་འདས་མ་ལ་གསོལ་བ་གདབ་པར་བྱའོ། །བཅོམ་ལྡན་ཡེ་ཤེས་མཆོག་རྡོ་རྗེ། །རིག་འཛིན་རྒྱལ་མོ་ལ་ཕྱག་འཚལ། །སྙིང་རྗེའི་བདག་ཉིད་དཀྱིལ་འཁོར་དུ། །སློབ་མ་འཇུག་པར་འཚལ་ལགས་ན། །ཇི་ལྟར་རྒྱལ་བ་ཀུན་
གྱིས་ཁྱོད། །ཡེ་ཤེས་རྒྱ་མཚོ་བྱིན་བརླབས་པ། །དེ་བཞིན་དུ་ནི་ཡེ་ཤེས་རོས། །སེམས་ཅན་འདི་ལ་བྱིན་བརླབ་རིགས། །ཞེས་སོ། །དེ་ནས་རྣལ་འབྱོར་མ་རྣལ་འབྱོར་མའི་གྲོགས་དང་ལྡན་པས་སློབ་མ་དཀྱིལ་འཁོར་གྱི་ཁང་པར་བཅུག་སྟེ། མཎྜལ་གསུམ་བྱེད་དུ་བཅུག་
ནས་གསོལ་བ་གདབ་པར་བྱའོ། །ཇི་ལྟར་རྡོ་རྗེ་སེམས་དཔའ་ཡིས། །འགྲོ་བ་བྱང་ཆུབ་སྒྲུབ་པའི་ཐབས། །ཡེ་ཤེས་རྡོ་རྗེ་རྣལ་འབྱོར་མར། །ཐམས་ཅད་རིག་པར་རང་རིག་བྱིན། །དེ་བཞིན་བདག་ལ་མགོན་པོ་ཀྱེ། །ད་ལྟ་ཉིད་དུ་སྦྱིན་པར་རིགས། །ཞེས་བྱ་བ་ལན་གསུམ་
བཀླག་པར་བྱའོ། །དེ་ནས་ཕྱོགས་བཞིར་མཎྜལ་བྱེད་དུ་བཅུག་ནས་བཅོམ་ལྡན་འདས་མ་ལ་ཡང་སློབ་མས་གསོལ་བ་གདབ་པར་བྱའོ། །ལྷ་མོར་ལུས་ངག་ཡིད་ཀྱིས་སུ། །ཡེ་ཤེས་རྒྱལ་པོ་ཁྱོད་ཕྱག་འཚལ། །ཇི་ལྟར་སངས་རྒྱས་སྟོབས་ཆེན་གྱིས། །ཐམས་ཅད་ཡེ་

ཤེས་བྱིན་རླབས་ཀྱིས། །དེ་བཞིན་བདག་རྒྱུད་དག་པ་ལ། །ཡེ་ཤེས་རྒྱུན་གྱིས་མཛད་དུ་གསོལ། །བྱའོ། །དེ་ནས་སློབ་མ་ལ་བུམ་པའི་ཆུས་མངོན་པར་གཏོར་ཏེ། ལྷ་མོའི་གཟུགས་སུ་རྣམ་པར་བསྒོམ་པར་བྱའོ། །ཆོ་གའི་སྔགས་ཀྱིས་ཡོངས་སུ་བསྲུངས་ཏེ། །སྐུ་
གསུང་ཐུགས་བྱིན་གྱིས་བརླབས་ནས། མིག་ལ་སོགས་པ་ལ་ཡང་བྱིན་གྱིས་བརླབས་པར་བྱས་ལ། ཡང་དག་པར་ཡང་མཆོད་དེ་ལྕགས་ཀྱུ་སྦྱིན་ཞིང་བདུད་རྩི་འཐུང་དུ་གཞུག་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ནུབ་ཀྱི་ཆར་ཉེ་བར་འདུག་སྟེ། སློབ་མས་ལྷ་མོའི་གཟུགས་སུ་བསྒོམས་
ནས་རྣལ་འབྱོར་མའི་ལག་པ་གཡོན་པས་མགོ་བོར་རྩ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །བླ་མས་ཀྱང་ཡེ་ཤེས་ཀྱི་ཆུས་ཡོངས་སུ་གཏོར་བ་དང་། །ལུས་བདེ་བ་ཆེན་པོས་ཡོངས་སུ་གང་བ་དང་། རྩ་བའི་སྔགས་བརྗོད་པ་སྔོན་དུ་སོང་བས་དྲིལ་བུ་དཀྲོལ་ཞིང་བླ་མའི་མན་ངག་
གིས་ཡེ་ཤེས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་བྱས་པས་མཚམས་མེད་པ་བྱེད་པ་ཡང་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་ན། སླར་ཡང་བསོད་ནམས་དང་ལྡན་པས་ལྟ་ཅི་སྨོས། དེ་ནས་པུས་མོ་གཡས་པ་ས་ལ་བཙུགས་པས་གནས་ཏེ། ཡེ་ཤེས་ལྔའི་བདག་ཉིད་
ཀྱི་རྡོ་རྗེ་ལག་པ་གཡས་པར་བྱིན་ནས། བདུད་རྩི་ལྔས་ཡོངས་སུ་གང་བའི་ཐོད་པ་ཡང་ལག་པ་གཡོན་པར་བྱིན་ཏེ། རྐང་པ་གཡོན་པ་ས་ལ་བརྡབས་པས་འགྲོ་བ་ཐམས་ཅད་ལ་བདེ་བ་ཆེན་པོ་བབས་པས་བདུད་རྩིར་གྱུར་ཏེ། དངུལ་ཆུ་ལྟ་བུར་ཐོད་པའི་ནང་དུ་ཞུགས་པར་བསམས་ནས།
ཐོད་པར་གནས་པའི་བདུད་རྩི་འཐུང་དུ་གཞུག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མའི་སྒྲུབ་ཐབས་བླ་མ་བརྒྱུད་པ་ལས་འོངས་པའི་མན་ངག་ཀྱང་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མ་སིནྡྷུ་རར་སོན་པར་བྱའོ། །དེ་ལས་འོད་འཕྲོས་པས་མཁའ་འགྲོ་མ་ལྔའི་གཟུགས་ལ་
མཆོད་པ་དང་། བསྟོད་པ་དང་བདུད་རྩི་མྱང་བས་མཉེས་པར་བྱ་བ་སྟེ། གཏོར་མའི་མཆོད་པས་ཀྱང་མཉེས་པར་བྱའོ། །བཟའ་བ་དང་སྟོན་མོས་ཀྱང་ངོ་། །ཉ་ཤ་ལ་སོགས་པས་ཡོངས་སུ་གང་བའི་གཏོར་མའི་སྣོད་ལ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པས་བདུད་རྩིར་གྱུར་པ་

ལ་སྔགས་འདི་ཡིན་ཏེ། ཨོཾ་བཛྲ་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། པྲ་བེ་ཤཱ་ཡ། པྲ་བེེ་ཤཱ་ཡ། ཏོ་ཥཱ་ཡ་ཏོ་ཥཱ་ཡ། སརྦྦ་ཌཱ་ཀི་ནཱི་ནཾ་ཧྲྀ་ད་ཡཾ་ཧཱུཾ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱི་ཙྪ་མཾ་བ་ལིཾ་ཧཱུཾ་ཨོཾ། །ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱི་ཙྪ་མཾ་བ་ལིཾ་ཧཱུཾ་ཧཱུཾ། ཨོཾ་རཏྞ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུཾ་ཏྲཱཾ།
ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུཾ་ཧྲཱིཿ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུཾ་ཨཿ། ཨོཾ་སརྦ་ཡོ་གི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུཾ་ཧཱུཾ་ཧ་ཧ་ཧི་ཧི་ཨོཾ་ཛཿཧཱུཾ་བཾ་ཧོཿ། བཛྲ་ཡོ་གི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་རཀྵ་ཧོཿཞེས་བྱའོ། །དེ་ནས་མཆོད་པར་དང་། བསྟོད་པ་དང་། བདུད་རྩི་མྱང་བ་བྱས་ནས་བཟོད་པར་གསོལ་
ཏེ། ཡི་གེ་བརྒྱ་བའི་སྔགས་ཀྱིས་མཉེས་པར་བྱས་ནས་མངོན་པར་འདོད་པའི་དངོས་གྲུབ་བླངས་ཏེ། ཨོཾ་བཛྲ་མུཿཞེས་བྱ་བའི་སྔགས་ཀྱིས་གཤེགས་སུ་གསོལ་བ་ནི་ཡེ་ཤེས་ཀྱི་ལྷ་མོ་བདག་ཉིད་ལ་འཇུག་པར་བྱའོ། །དེ་ནས་ཇི་ལྟར་ནུས་པའི་ཚོགས་ཀྱི་ཙཀྲ་ལ་སོགས་པ་དགའ་སྟོན་
ཆེན་པོ་བྱའོ། །གནས་སྦྱིན་ཆོ་ག་བཤད་པ་ལས། །བསོད་ནམས་ཉེ་བར་བསགས་པ་གང་། །དེ་ཡིས་སྐྱེ་བོ་མ་ལུས་རྣམས། །ལྷ་མོའི་ཡེ་ཤེས་ལ་གཞོལ་ཤོག། །བླ་མ་བརྒྱུད་པའི་མན་ངག་གི་རིམ་པ་མཁས་པ་ཆེན་པོ་རྒྱལ་བའི་སྡེ་མིང་གཞན་གྱི་ཁང་པ་གསར་པ་ཞེས་བྱ་བར་བརྗོད་
པས་བྲིས་པའོ།། །།ཕྲེང་བ་རིག་པ་འཛིན་མའི་རིམ་པའི་རྗེས་སུ་གནང་བ་སྦྱིན་པའི་ཆོ་ག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤི་ཥྱ་ཨ་ནུ་གྲིཧྣ་བི་དྷིཿ། བོད་སྐད་དུ། གཞན་དོན་སློབ་མ་རྗེས་སུ་བཟུང་བའི་ཆོ་ག །རྡོ་རྗེ་རྣལ་འབྱོར་
མ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བ་བཤད་པར་བྱའོ། །བླ་མའི་བཀའ་དྲིན་རྗེས་དྲན་ནས། །སྣ་ཚོགས་སྒྲུབ་ཐབས་འགྲུབ་དོན་དུ། །སློབ་མ་འབེབས་པའི་ཆོ་ག་མཆོག །དང་པོ་རེ་ཞིག་སློབ་དཔོན་གྱིས་སློབ་མ་རྗེས་སུ་གཟུང་བའི་དོན་དུ་འམ། ཤྲཱི་ཧེ་རུ་ཀ་ཞེས་བྱ་བའི་
ཡི་གེ་བཞི་པའི་དོན་དང་ལྡན་པའི་རྣལ་འབྱོར་པས། རང་ཡིད་དང་མཐུན་པའི་གནས་འཇམ་པའི་སྟན་ལ་སོགས་པའི་གནས་སུ་ལག་པའི་སོར་མོ་རྣམས་ལ་སྔགས་བཀོད་ལ། བདུད་རྩི་ལྔ་དང་ཡང་དག་པར་ལྡན་པའི་བཏུང་བ་བཟང་པོ་པདྨའི་སྣོད་དུ་བཞག་ལ། ཆོ་ག་ཇི་ལྟ་བ་བཞིན་

སྦྱངས་ཏེ་པདྨའི་ཞུ་བའི་རྫས་ཀྱིས་བདག་ཉིད་ཁྲུས་བྱའོ། །དེའི་རྗེས་སུ་གནས་དང་། བདག་དང་རྣལ་འབྱོར་བསྲུང་བའི་དོན་དུ། སེ་གོལ་གཏོགས་པ་སྔོན་དུ་འགྲོ་བར་བྱས་ལ། སུམྦྷ་ལ་སོགས་པ་གདོང་བཞི་པའི་སྔགས་ཀྱི་སྒྲས་མཚམས་བཅད་པ་དང་།
གོ་ཆའི་སྔགས་དྲུག་དགོད་པ་དང་། དག་པ་གསུམ་གྱི་སྔགས་བརྗོད་པ་དེ་ཉིད་ཀྱིས་སེམས་བསྲུང་བར་བྱའོ། །དེའི་རྗེས་སུ་ཡོངས་སུ་དག་པའི་ས་གཞི་ལ་ཁྲུ་གང་ཙམ་གྱི་མཎྜལ་བྱུག་པར་བྱ་སྟེ། ཙནྡན་དམར་པོ་ལ་སོགས་པས་ཟུར་དྲུག་པའི་ཙཀྲ་བྲིས་ཏེ། དེའི་དབུས་སུ་རྡོ་རྗེ་
རྣལ་འབྱོར་མའི་ས་བོན་དགོད། ཟུར་དྲུག་པོ་ལ་འཁོར་ལོས་སྒྱུར་བའི་སྔགས་དགོད་པ་སྔོན་དུ་འགྲོ་བས་མན་ངག་ཇི་ལྟ་བ་བཞིན་དུ་སྐད་ཅིག་གིས་དཔའ་མོ་དྲུག་དང་ལྡན་པའི་བཅོམ་ལྡན་འདས་མའི་དཀྱིལ་འཁོར་བསྐྱེད་ལ། དེ་ནས་ཕྱི་རོལ་དུ་ཁྭ་གདོང་མ་ལ་སོགས་པ་རྣམ་པ་བརྒྱད་
དང་། དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་བསམ་པར་བྱའོ། །དེ་ནས་ཨརྒྷ་ལ་སོགས་པས་ཡང་དག་པར་མཆོད། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་ཆོ་ག་བཞིན་དུ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དགྱེས་པར་བྱ་བ་དང་། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་ལ་
སོགས་པ་དང་། བདུད་རྩི་མྱང་བའི་མཐར་བསྟོད་པ་དང་། བཟོད་པར་གསོལ་བར་བྱའོ། །སྔོན་དུ་བསྙེན་པའོ། །དེ་ནས་སློབ་མ་རྗེས་སུ་གཟུང་བའི་དོན་དུ་ཚེས་བཅུ་ལ་དེ་བཞིན་དུ་མཎྜལ་བྱུགས་པའི་དབུས་སུ་ལྷའི་བཏུང་བ་བཟང་པོས་བཀང་བའི་དབྱངས་ཀྱི་སྣོད་ཡང་དག་པར་
བཞག་ལ། དེའི་སྟེང་དུ་ཁར་བའི་སྣོད་དྲི་མ་མེད་པ་གུར་གུམ་ལ་སོགས་པས་ཕྱིས་ལས་སིནྡྷུ་རའི་ཕྱེ་མ་བཙགས་ལ། གསེར་གྱི་སྨྱུ་གུས་ཆོ་ག་བཞིན་དུ་མངོན་པར་བྲིས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱས་ལ། མཆོད་པ་ལ་སོགས་པས་ཡང་དག་པར་མཆོད་
ལ། དེའི་རྗེས་སུ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་རྐང་པ་བརྒྱད་པ་དང་ལྡན་པ་དང་། རྡོ་རྗེ་དྲིལ་བུ་སྔོན་དུ་འགྲོ་བས་བསྟོད་ལ། རས་དམར་པོས་གཡོགས་ལ་གཞག་གོ། །དེ་ནས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་ཕུལ་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ལ་བཟོད་

གསོལ་བྱའོ་ཞེས་སློབ་མ་རྗེས་སུ་གཟུང་བའི་ཕྱིའི་མཆོད་པའི་ཆོ་གའོ།། །།དེའི་རྗེས་སུ་མཚན་ཉིད་དང་ལྡན་པའི་བུམ་པ་ཡང་དག་པར་གཞག་པར་བྱའོ། །རས་དམར་པོའི་མགུལ་ཆིངས་བྱ་བ་དང་། ཙཱུ་ཏ་ལ་སོགས་པའི་ལོ་མ་དང་ལྡན་པ་དང་། རིན་པོ་ཆེ་ལྔ་དང་། སྨན་ལྔ་
དང་། འབྲུ་ལྔ་དང་ལྡན་པར་བྱས་པ་དེ་ཉིད་གྲུབ་པའི་འཁོར་ལོ་ལ་ཡེ་ཤེས་འཁོར་ལོ་དགུག་གཞུག་ལ་སོགས་བྱས་པ་ལ། ཨརྒྷ་ལ་སོགས་པའི་མཆོད་པ་མཐར་ཕུལ་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ལ་སོགས་པ་དང་། དབང་བསྐུར་བ་དང་། བདུད་རྩི་མྱང་
བའི་བར་ཆོ་ག་བཞིན་དུ་བྱས་ལ། མཆོད་ཡོན་ལ་སོགས་པས་ཡང་དག་པར་མཆོད་ལ་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་པ་བྱའོ། །མེ་ཏོག་དམར་པོའི་ཕྲེང་བ་དང་ལྡན་པའི་རྡོ་རྗེ་བུམ་པའི་ཁར་བཞག་ལ། དེ་དག་གི་སྔགས་ཇི་སྲིད་འདོད་པའི་བར་དུ་བཟླས་ལ། མེ་ཏོག་དམར་པོ་
གཏོར་བས་འཁོར་ལོ་དེ་ཉིད་ཞུ། དེ་ཉིད་ཀྱི་ངོ་བོར་བལྟ་བར་བྱའོ་ཞེས་སློབ་མ་རྗེས་སུ་གཟུང་བ་ལས་བུམ་པ་ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས་དེའི་རྗེས་སུ་བླ་མ་དང་སངས་རྒྱས་དག་ལ་མི་ཕྱེད་པས་གུས་པའི་ཡིད་ཅན་སློབ་མ་དམ་པས་མཎྜལ་བྱས་ལ་ཡང་ནས་ཡང་དུ་
གསོལ་བ་གདབ་པ་སྟེ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་ལ་ནི་སྐྱབས་སུ་མཆི། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མས། །བདག་ནི་བྱིན་གྱིས་བརླབ་ཏུ་གསོལ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རྗེས་སུ་དྲང་བའི་ཕྱིར། །
ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་སོ། །ཚེས་བཅུའི་དུས་སུ་ཐུགས་རྗེ་དང་ལྡན་པའི་བླ་མས་སློབ་མའི་ལག་པ་ནས་བཟུང་ལ་འདི་སྐད་གསུངས་སོ། །རྟོག་པས་གཡོགས་པའི་སེམས་ཀྱིས་ནི། །ལེགས་པའི་སངས་རྒྱས་ཕྱིར་བཟློག་ལྟར། །དང་བའི་ཆུ་ཡིས་བཀྲུས་པའི་
སེམས། །ཕན་པའི་སེམས་ཀྱིས་འདིར་གཞུག་བྱ། །དད་པ་མེད་པའི་སེམས་ཅན་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ཇི་ལྟར་ས་བོན་ཚིག་པ་ལ། །མྱུ་གུ་སྔོན་པོ་སྐྱེ་མི་སྲིད། །ཅེས་གསུངས་སོ། །དེ་ལྟར་སློབ་མ་དད་ལྡན་གྱིས། །གསང་སྔགས་བྱིན་རླབས་

བསྒྲུབ་པ་ལ། །ཡོན་དང་བཅས་པས་ཕྱག་བྱས་ནས། །ཐལ་མོ་སྦྱར་ཏེ་སྤྱི་བོར་བཞག །དེ་ཡི་རྗེས་སུ་སློབ་དཔོན་གྱིས། །བུམ་པའི་ཆུ་ནི་གཟུང་བྱས་ནས། །ཆོ་ག་བཞིན་དུ་ཁྲུས་བྱས་ལ། །དེ་ནས་རས་དམར་པོས་གདོང་བཅིངས་ལ་ཐལ་མོ་སྙིང་གར་སྦྱོར་དུ་
བཅུག་སྟེ། ཨཽ་ཌྱ་ན་གྱི་གནས་སུ་ཁ་བལྟས་ཏེ། ཆོ་ག་བཞིན་དུ་སློབ་མ་བཞག་ལ། དེ་ནས་སུཾ་བྷ་ལ་སོགས་པའི་སྔགས་ཀྱི་སྒྲས་བསྲུང་བ་དང་། མཚམས་བཅད་པ་བྱས་ལ། མཉམ་པར་བཞག་ལ། རྐང་འོག་རླུང་གི་དཀྱིལ་འཁོར་ནི། །གཞུ་ཡི་དབྱིབས་ཅན་དུ་བའི་མདོག། །
དེ་སྟེང་སྤྲུལ་པའི་འཁོར་ལོ་རུ། །གྲུ་གསུམ་མེ་ནི་འབར་བ་ལྟར། །ཕུང་པོ་ལ་སོགས་དྲི་དག་ཕྱིར། །དག་པའི་སྔགས་ནི་བརྗོད་པར་བྱ། །རང་གི་ཕུང་པོ་སྒྱུ་མ་བཞིན། །སྤྲུལ་པ་རུ་ནི་ཡང་བསྒྲུབ་བྱ། །སྐད་ཅིག་གིས་ནི་ལྷ་མོ་བསམ། །ཕག་མོ་སྙིང་རྗེའི་བདག་ཉིད་ཅན། །
ཀུན་ནས་ཀུན་དུ་སྐད་ཅིག་སྟེ། །སྐད་ཅིག་གིས་ནི་གསང་སྔགས་བརྗོད། །སྤྲུལ་པའི་འཁོར་ལོ་ལ་སོང་སེམས། །གཡུང་དྲུང་འཁྱིལ་པ་དགེ་བར་བལྟ། །སྨིན་མཚམས་གནས་པའི་ཐིག་ལེ་ནི། །དྲག་ཏུ་འཁོར་བའི་འཁོར་ལོ་ལྟར། །ཕྱག་རྒྱ་གཉིས་ཀྱི་སྦྱོར་བ་ཡིས། །སོ་
སོར་བསྡུ་བའི་རིམ་པའོ། །བླ་མའི་མན་ངག་ལམ་གྱིས་ནི། །རིམ་པ་རྒྱས་པར་ཤེས་པར་བྱ། །དེ་ལྟར་བསྟན་པའི་སེམས་ཀྱིས་ནི། །གྲུབ་པའི་རྟགས་ནི་འབྱུང་བར་འགྱུར། །ཡེ་ཤེས་ཐོབ་པའི་སློབ་མ་ལ། །དེ་ཡི་ཚེ་ན་བ་སྤུ་ལྡང་། །མཆི་མ་བྱུང་དང་ཆུ་འཛག་དང་། །ཚ་བ་དང་ནི་
གྲང་བ་དང་། །འདར་བ་དང་ནི་གཡོ་བ་དང་། །ཨོཾ་ཏིཥྚ་བཛྲ་ཞེས་བརྗོད་དེ། །བརྟན་པར་གྱུར་ཅིག་ཅེས་བརྗོད་དོ། །རང་བཞིན་དུ་ནི་གནས་པ་ལ། །བསྒོམ་པ་ཕྱི་ནས་བསྟན་པར་བྱ། །མཆོད་པ་གསང་སྔགས་ལྷ་མོ་ཡི། །ལྷན་ཅིག་སྐྱེས་པའི་བདག་ཉིད་དོ། །ཞེས་སློབ་མ་རྗེས་སུ་
གཟུང་བ་ལ་ཡེ་ཤེས་འབེབས་པའི་ཆོ་གའོ། །༄༅༅། །རྒྱ་གར་སྐད་དུ། །ཤྲཱི་བཛྲ་ཡོ་གི་ནཱི་སཱ་དྷ་ན། བོད་སྐད་དུ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཁམས་གསུམ་

པ་ཡི་ངོ་བོ་ཉིད། །བསྐལ་པ་མེ་ལྟར་འབར་བའི་འོད། །རྡོ་རྗེ་རྣལ་འབྱོར་མ་ལ་འདུད། །བླ་མ་བརྒྱུད་པའི་རིམ་པ་ཡིས། །རྟོགས་པ་གཅིག་གི་སྤྱོད་ཡུལ་དེ། །རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། །མདོར་བསྡུས་བདག་གིས་བཤད་པར་བྱ། །ཞལ་གཉིས་མ་དང་དོན་གྲུབ་
མ། །དབུ་བཅད་ལ་སོགས་ཆོས་དྲུག་རྣམས། །བསྡུས་ཕྱིར་ཡང་དག་དོན་གསལ་བའི། །དམར་ཆུང་མ་ཡི་སྒྲུབ་ཐབས་བྲི། །དབང་བསྐུར་ཡང་དག་དོན་ཐོབ་ནས། །གཉུག་མའི་དོན་རྣམས་མ་ལུས་བྱ། །བླ་མ་སངས་རྒྱས་དཀོན་མཆོག་ལ། །དང་བའི་ཡིད་ཀྱིས་སྐྱབས་
སོང་ནས། །སེམས་ཅན་དོན་རབ་དགའ་བ་ལ། །བྱང་ཆུབ་ཏུ་ནི་སེམས་ཀྱང་བཟུང་། །རང་བཞིན་ཕུན་སུམ་ཚོགས་པའི་གནས། །བར་ཆད་བསལ་ལ་དབེན་པ་རུ། །ཁོང་ཚངས་ཅན་གྱི་སྟན་བཏིང་ལ། །ཡབ་ལ་བལྟས་ཏེ་གནས་པར་བྱ། །སྔགས་པས་ཐོ་རངས་རེ་ཞིག་
ལངས། །མེ་ཡི་བུ་དང་ཆུ་སྐྱེས་དང་། །ཨཱ་ལི་ཀཱ་ལི་ཎིར་བཅས་དང་། །ཧྲཱིར་བཅས་བཅོམ་ལྡན་བསྐྱེད་པར་བྱ། །དེ་ནས་སྐད་ཅིག་རང་ལྷར་གནས། །དབྱངས་ཡིག་གསལ་བྱེད་ཀ་ཤས་བརྒྱན། །ཡིག་བཏུས་རྒྱལ་པོ་འདི་ཡིན་པས། །ལོགས་སུ་འཐོར་བ་བསྡུས་པ་མེད། །
དེ་དག་སྒྱུ་གཟུགས་རང་བཞིན་ལས། །ཀ་པཱ་ལ་ཡི་ཆང་ལ་ནི། །ནམ་མཁའ་ལྡིང་གིས་བཀབ་གྱུར་ཏེ། །ཨོཾ་དང་ཧཱུཾ་གིས་རབ་སྦྱངས་ནས། །རྩ་བའི་སྔགས་ཀྱིས་ཡུམ་ལ་མཆོད། །བཾ་ཧཾ་ཧྲིཾ་ཧྲེཾ་ཧཱུཾ་ཕཊ། ཟླ་གམ་བདུད་རྩིས་གཙོ་ལ་མཆོད། །གཡོན་པས་གཡས་ལ་རྡོ་རྗེའི་ཁྲུས། །རབ་
ཏུ་བྱས་ཏེ་དག་བྱས་ནས། །གཡས་ཀྱིས་གཡོན་ལ་དེ་བཞིན་མཆོད། །པདྨའི་ཕྱག་རྒྱས་རང་ལ་བསྡུ། །དེ་རྗེས་ལྟེ་བ་སྙིང་ག་དང་། །མགྲིན་པ་སྨིན་མཚམས་སྤྱི་གཙུག་དང་། །ལྟེ་བ་ལ་སོགས་གནས་དྲུག་ཏུ། །བཾ་ཧཾ་ཧྲིཾ་ཧྲེཾ་ཧཱུཾ་ཕཊ། མཐིང་དང་དཀར་དང་དམར་བ་དང་། །ནག་དང་སེར་དང་
ལྗང་བ་རྣམས། །གོ་རིམས་བཞིན་དུ་རབ་ཏུ་དགོད། །དེ་ནས། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་པ་གྲྀཧྞཱ་པ་ཡ་ཧཱུཾཿ་ཨཱ་ན་ཡ་ཧོཿ་བྷ་ག་བཱན་བཛྲ་རཱ་ཛ་ཧཱུཾ་ཕཊ། ཅེས་སོ། །སྔོ་དང་ལྗང་དང་དམར་བ་དང་། །སེར་བ་དག་གི་ཁྲོ་བོ་དགོད། །ས་བོན་དག་ལས་འོད་འཕྲོས་

ནས། །དམ་པ་རྣམས་ནི་སྤྱན་དྲངས་ཏེ། །བདུན་གྱིས་བསྟོད་ནས་རང་ལ་བསྡུ། །ཚངས་པའི་གནས་བཞི་སྔོན་སོང་ནས། །ཨོཾ་སྭ་བྷཱ་བ་བི་ཤུདྡྷཿ་སརྦྦདྷརྨྨཱཿ་སྭ་བྷཱ་བ་བི་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿ་སརྦྦ་དྷརྨྨཱ་ཡོ་ག་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཿ་སརྦྦ་དྷརྨྨཱ་བཛྲ་ཤུདྡྷོ྅་
ཧཾ། ཞེས་པ་དག་པ་རྣམ་གསུམ་བསམ། །མེ་ཡི་བུ་དང་ཧཱུཾ་གྱུར་པས། །ཉི་མ་སྣ་ཚོགས་རྡོ་རྗེ་དང་། །རྡོ་རྗེའི་གུར་དང་ར་བར་བསམ། །དེ་ནས་མེ་བུ་ཆུ་སྐྱེས་དང་། །ཨཱ་ལི་ཀཱ་ལི་ཁྲི་ལས་གདན། །རྫོགས་པ་ཉིད་དུ་བསྐྱེད་པར་བྱ། །ཧྲཱིཿ་དམར་འོད་གསལ་འཕྲོ་འདུ་ལས། །གྲི་གུག་དེ་ཉིད་
རེ་རེས་མཚན། །སྐད་ཅིག་ཙམ་གྱིས་ལྟེ་དཀྱིལ་དུ། །རྡོ་རྗེ་རྣལ་འབྱོར་མ་ཉིད་བསམ། །གཅེར་བུའི་ཆ་བྱད་སྐྲ་གྲོལ་མ། །གཡོན་པ་ཁྲོ་མོ་སྤྱན་གསུམ་པ། །མཆེ་བ་ཟུར་གསུམ་གཙིགས་མཛད་ཅིང་། །དབུ་ལ་རུས་པའི་ཐོར་ཚུགས་བརྒྱན། །ཐོད་པ་ལྔ་ཡི་དབུ་རྒྱན་ཅན། །གཡས་ན་
ཕག་གདོང་རྣ་ལྟག་གྱེན། །སྐུ་མདོག་མེ་ཏོག་སིནྡྷུ་ར། །གཡས་ན་གྲི་གུག་གཡོན་པ་ན། །ཐོད་པ་ཁྲག་གིས་བཀང་བ་བསྣམས། །ཁ་ཊྭཱཾ་ཐོད་པ་སུམ་བརྩེགས་ཅན། །གཡོན་གྱི་གྲུ་མོ་རབ་བརྟེན་ནས། །གསང་བའི་གནས་སུ་བཟུང་བའོ། །ཐོད་ཅན་ཁྲག་འཛག་དོ་ཤལ་ཅན། །གཡོན་
བརྐྱང་གཡས་ནི་བསྐུམ་པ་ཡིས། །གུང་མོ་བྱིན་པ་ལ་རེག་པའོ། །གཅེར་བུ་མཚན་མ་རང་བཞིན་གནས། །ནུ་འབུར་རྒྱས་པ་ཕུན་སུམ་ཚོགས། །རུས་པའི་དབུ་རྒྱན་སྙན་ཆ་དང་། །མགུལ་ཆུ་དོ་ཤལ་ཕྱག་གདུབ་དང་། །སེ་མོ་དོ་དང་ཞབས་གདུབ་དང་། །དཔུང་རྒྱན་སྐུ་ཆིངས་སྟོད་
གཡོགས་ཅན། །གཡས་སུ་འགྱིང་ཞིང་གཡོན་དུ་ལྡེམ། །འགྱིང་བག་ཅན་ལ་མཐུ་བྱིན་ལྡན། །གཟི་བརྗིད་ཆེ་ལ་འོད་འབར་བ། །མེ་རིས་བསྐོར་ཞིང་འདུ་འཕྲོར་ལྡན། །སྟོང་གསུམ་ཀུན་སྙོམས་ཐུགས་རྗེར་ལྡན། །རྔམ་ཞིང་སྲིན་པོའི་ཞལ་ནི་བསྡམས། །དེ་ལྟར་ཡོངས་སུ་གནས་པར་
བྱའོ། །བླ་མའི་གདམས་ངག་ལས་ཀྱིས་ནི། །རིམ་པ་རྒྱས་པར་རྟོགས་པར་བྱ། །ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་དང་། །ཨོཾ་དང་ཨཱཿ་དང་ཧཱུཾ་གསུམ་གྱིས། །གནས་གསུམ་པ་ནི་འཐོར་བསྡུ་དང་། །དེ་ནས་གནས་དྲུག་སྔར་བཞིན་དུ། །གོ་ཆའི་ལྷ་མོའི་སྐུ་རྫོགས་ནས། །སྙིང་གར་

ས་བོན་རབ་ཏུ་བརྒྱན། །དེ་ནས་སྤྱན་དྲངས་མཆོད་བསྟོད་དེ། །ཡང་གཤེགས་སྐུ་བརྗིད་བྱོན་པ་ལས། །དབང་བསྐུར་ཚིག་གིས་རབ་མཉན་ཏེ། །མཁའ་འགྲོ་བཞི་ཡིས་དབང་བསྐུར་བས། །ཡེ་ཤེས་སེམས་དཔའ་མཉེས་བྱས་ནས། །དབུ་ལ་མི་བསྐྱོད་རྟགས་ཀྱིས་མཛེས། །
ས་བོན་འཕྲོ་འདུས་ཁར་ཞུགས་ནས། །གནས་ཉིད་དུ་ནི་རྣམ་པར་ཐིམ། །དེ་སྤྲུལ་བཅུ་དྲུག་སྤྲོས་པ་ཡིས། །ཉིད་ལ་ཉིད་ཀྱིས་རྣམ་པར་མཆོད། །རྐང་པ་བརྒྱད་པས་ཡོངས་བསྟོད་དེ། །རང་ཉིད་བདུད་རྩི་མྱང་བར་བྱའོ། །རླུང་གི་ས་བོན་མེ་ཡི་བུ། །ཀཾ་དང་ཨ་ཡི་འཕྲོ་འདུ་ལས། །
རླུང་དང་གྲུ་གསུམ་ཛ་རིལ་ལས། །ཐོད་པ་པདྨས་རབ་མཛེས་ཧཱུཾ། །བྷྲཱུཾ་དང་ཨཾ་དང་ཛཾ་དང་ཁཾ། །ན་དང་ད་དང་ཧ་དང་གོ། །སྐུ་ལས་དེ་རྣམས་རྒྱས་པར་བསྐྱེད། །ཧཱུཾ་གི་འཕྲོ་འདུ་རླུང་བསྐྱོད་ནས། །མེ་སྦར་སྐུ་གསུང་ཐུགས་ཀྱིས་སྦྱང་། །རྡོ་རྗེ་སྦུ་གུས་རབ་ཏུ་མྱང་། །ལྟེ་བར་ཆོས་འབྱུང་
ཁ་སྦྱོར་ལ། །རྫ་མ་མཁན་གྱི་འཁོར་ལོ་བཞིན། །ཁ་དོག་དམར་པོ་འོད་ཟེར་ལྡན། །གྲུབ་པའི་སྔགས་ཀྱིས་ཡོངས་བསྐོར་ནས། །དོན་ཀུན་གྲུབ་བྱེད་འཁོར་ལོ་བསྒོམ། །སྲིན་པོའི་ཞལ་ནི་ཅུང་ཟད་བསྡམས། །ཕག་གདོང་གྱེན་དུ་ཉེ་བར་བལྟ། །གཡུང་དྲུང་འཁྱིལ་པ་མྱུར་
དུ་འཁོར། །སྙིང་ནང་ས་བོན་གྲུབ་བཅས་ལ། །བསྐོར་ཞིང་འཁོར་ལོ་རབ་ཏུ་བསྐྱོད། །དང་པོ་བསྐྱེད་ཚུལ་རབ་རྫོགས་ཏེ། །ཨེ་ནས་བཾ་ལ་རྣམ་པར་བསྡུ། །ཐིག་ལེ་ནཱ་དར་ཅུང་ཟད་བསྡམས། །དགོངས་པ་ཆོས་ཉིད་དག་ཏུ་བསྐྱལ། །དེ་ལོངས་སྤྱོད་ལམ་ཅི་རིགས་པས། །ང་རྒྱལ་
ཉིད་ཀྱིས་རྣམ་པར་སྤྱད། །དེ་ནས་སྔགས་རྣམས་རྣམ་པར་བཤད། །ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ། །བཛྲ་ཝརྞྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ལཱ་མ་ཡེ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།
ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཨཱུ་ལུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཤྭ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཡ་མ་དཱ་ཏི་ཡེ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཡ་མ་དཥྚྭི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཡ་མ་མ་ཐཱ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ན་

མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་མ་ཧཱ་ཀཱལྤཱགྣིསནྣི་བྷཱ་ཡ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཛ་ཊ་མ་ཀུ་ཊོཏྐ་ཊཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་དཾ་ཥྚྭཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཤཱུ་ལ་ཁ་ཊྭཱཾ་ག་དྷ་རི་ཎེ་ཧུཾ་ཧཱུཾ་ཕཊ།
ཨོཾ་བྱཱ་བྷྲ་ཛི་ནཱ་མྦ་ར་དྷ་ར་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷུ་མྛཱ་ན་དྷ་ཀ་ར་ཝ་པུ་ཥཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བཾ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཧཾ་ཡོཾ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཧྲིཾ་མཾ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཧྲེཾ་ཧྲིཾ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། །ཨོཾ་ཧུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཕཊ་ཕཊ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། གཞན་ཡང་རབ་ཏུ་བཤད་པར་བྱ། །
རྡོ་རྗེ་ཅན་གྱི་མཆོད་པ་ནི། །ཚེས་བཅུའི་དུས་ཀྱི་ཁྱད་པར་དུ། །མཆོད་པ་ལྔ་དང་ཡང་དག་ལྡན། །བཟའ་སྟོན་དེ་བཞིན་བཏུང་བ་དང་། །བུ་རམ་ཤིང་དང་རྒུན་འབྲུམ་དང་། །འབྲས་ལ་སོགས་པ་ཇི་སྙེད་པས། །བཏུང་བ་བཟང་པོ་ཇི་སྙེད་པས། །ཕྱི་དང་གསང་བར་བཅས་པ་
མཆོད། །སྣོད་ནི་དྲི་མེད་སྦྱངས་པ་རུ། །གུར་གུམ་ལ་སོགས་སྦྱར་བར་བྱ། །བཏུང་བ་བཟང་དང་ལྡན་པ་ལ། །སིནྡྷུ་ར་ཡི་ཕྱེ་མ་བཙགས། །གསེར་གྱི་སྨྱུ་གུའི་སྦྱོར་བ་ཡིས། །བློ་དང་ལྡན་པས་ཨེ་དབྱིབས་བྲིས། །དབུས་སུ་སྔགས་ཀྱི་རྒྱལ་པོ་ནི། །རིམ་པ་དེ་བཞིན་བྲི་བར་བྱ། །
གཡུང་དྲུང་འཁྱིལ་པའི་ཕྱག་རྒྱ་ནི། །དགེ་བ་འཁོར་ལོའི་ལོགས་ལ་དགོད། །མེ་ཏོག་རྣམ་པ་སྣ་ཚོགས་ཉིད། །ཆུ་ལས་སྐྱེས་དང་ཐང་ལས་སྐྱེས། །མར་མེ་ཙཱ་རུ་དམ་ཚིག་ཆེ། །དེ་བཞིན་གཞོན་ནུ་མ་ཡིས་མཆོད། །མཆོད་པའི་ཁྱད་པར་འདི་དག་གིས། །ཉེ་བ་ཉིད་དུ་བྱས་པ་
ཡིན། །སྐྲ་གྲོལ་གཅེར་བུར་བྱས་ནས་སུ། །ཨོ་ཌྱ་ན་ཕྱོགས་སུ་ཁ་བལྟས་ནས། །ཤིན་ཏུ་གསང་བར་བྱ་བ་ཉིད། །མཆོད་པའི་དུས་སུ་མཉམ་པར་གཞག །མ་གསང་བགེགས་ཀྱིས་བར་ཆོད་པས། །དངོས་གྲུབ་དེ་བཞིན་ཉམས་པར་འགྱུར། །དམ་ཚིག་ཉམས་པར་གྱུར་པ་
ལ། །ནད་རྣམས་སྣ་ཚོགས་འབྱུང་བར་འགྱུར། །སྲོག་ནི་གཏོང་བར་འགྱུར་བའམ། །འཆི་བའི་དུས་ལ་བབ་ཀྱང་བླའི། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དམ་ཚིག་རྟག་ཏུ་བསྲུང་བར་བྱ། །ཁམས་གསུམ་བརྟན་དང་གཡོ་བ་ཡི། །འགྲོ་བ་ཐམས་ཅད་གཡོན་ནས་

འབྱུང་། །གཡོན་པ་སྔོན་དུ་བསྐྱེད་པ་སྟེ། །རྣལ་འབྱོར་རྟག་ཏུ་གཡོན་པས་སྤྱད། །མཆོད་པ་ལག་པ་གཡོན་པ་སྟེ། །བཟའ་བཏུང་གཡོན་པས་སྤྱད་པ་ཉིད། །རིགས་ལྔ་ལ་ནི་ཀུན་སྤྱོད་པ། །རིགས་གཅིག་ཏུ་ནི་ངེས་པར་བརྟག །བཟའ་སྟོན་དེ་བཞིན་བཏུང་བ་དང་། །སྨེ་གཙང་
ངོ་ཚ་རྣམ་པར་སྤང་། །རྟོག་པ་ཀུན་ལས་རྣམ་པར་གྲོལ། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །རྣལ་འབྱོར་མ་ཡི་ད་བ་སྡོམ། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །སྔགས་ནི་རྣལ་འབྱོར་མ་རང་བཞིན། །རྣལ་འབྱོར་མ་ནི་སྔགས་ཀྱི་གཟུགས། །གལ་ཏེ་གོ་འཕང་མཆོག་འདོད་
ན། །དེ་དག་ཐ་དད་པར་མི་བྱ། །མི་ཡིས་གང་དང་གང་བསྒོམ་པ། །ཡིད་དང་ཡང་དག་ལྡན་འགྱུར་ནས། །དེས་ན་དེ་ཡི་བདག་ཉིད་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །བསྙེན་པར་གྱུར་པའི་ཉེ་བའི་རྟགས། །གཡུང་དྲུང་བཅས་པའི་རྗེ་བཙུན་མ། །ཞལ་ཉིད་མཐོང་བར་
གྱུར་པ་དང་། །ཆང་ནི་ཁོལ་བར་གྱུར་པ་དང་། །རྨི་ལམ་དག་ཏུ་ཞལ་མཐོང་དང་། །འབུམ་ཚོ་གསུམ་དང་གཉིས་དང་ནི། །གཅིག་གི་བར་དུ་ཉེ་བར་བསྙེན། །ཟླ་བ་གཅིག་དང་ཟླ་བ་ཕྱེད། །དེ་བཞིན་ཞག་བདུན་དག་ཏུ་ནི། །རབ་དང་འབྲིང་དང་ཐ་མ་ཡིས། །མཚན་མ་གྲངས་དང་དུས་
ལ་བསྙེན། །མཆོག་དང་བར་མ་དམན་རྣམས་ཀྱི། །གོ་རིམས་བཞིན་དུ་ཤེས་པར་བྱ། །ཞི་རྒྱས་དབང་དྲག་ཕྲིན་ལས་དང་། །རྡོ་རྗེ་ནང་དམེ་བཟློག་པ་དང་། །སྲིའུ་གསོ་དང་ཚོགས་འཁོར་དང་། །ལས་ཀྱི་བྱ་བ་ཁ་སྐོང་རྣམས། །གཞན་ཡང་བླ་མའི་ཐུགས་ལ་རག །སེམས་
དང་རྗེས་མཐུན་རྣལ་འབྱོར་གྱིས། །གང་ཞིག་ཤིན་ཏུ་མཉམ་གཞག་ན། །ཤེས་རབ་བསོད་ནམས་དམན་པ་ཡང་། །དེ་ནི་གྲུབ་འགྱུར་ཐེ་ཚོམ་མེད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །མདོར་ན་བླ་ན་མེད་པ་
ཡི། །སངས་རྒྱས་འབྲས་བུ་འདོད་པ་ཡིས། །དེ་ཕྱིར་བླ་མའི་བསྙེན་བཀུར་བྱ། །དཔལ་དང་ལྡན་པས་རབ་ཏུ་བསྔགས་པ་ཡིས། །ཨོ་ཌྱ་ན་མཁའ་འགྲོ་ལས་བརྒྱུད་སྒྲུབ་ཐབས་འདི། །བློ་ལྡན་རྣམས་ཀྱིས་འདི་བསྒྲུབས་ནས། །རྗེ་བཙུན་མ་ཡི་ཞལ་མཐོང་ཤོག །རྡོ་རྗེ་རྣལ་

འབྱོར་མའི་གསང་ཆེན་ཞལ་ནས་རྣ་བར་མཁའ་འགྲོ་མས། ནཱ་གཱརྫུ་ན་ལ་བརྒྱུད། དེས་ཏྲི་ས་ར་ཧ་ལ་བརྒྱུད། དེས་ཀ་རོ་པ་ལ་བརྒྱུད། །དེས་ཡི་གེར་བཀོད་པའོ། །དེས་ནི་རུ་བ་ལ་བརྒྱུད། དེས་མ་ཇོ་གཡུང་མོ་ལ་བརྒྱུད་དོ། །དེས་རྗེ་བཙུན་ལ་བརྒྱུད། དེས་
བདག་ལ་བརྒྱུད་པ་ལགས་སོ། །རྣལ་འབྱོར་མ་ཞལ་གཉིས་མ་ཆུང་ངུ་ཞེས་ཀྱང་བྱ། དོན་བསྡུས་ཀྱི་དམར་ཆུང་མ་ཞེས་ཀྱང་བྱ་བ་ཏྲི་ས་ར་ཧས་མཛད་པ་རྫོགས་སོ། །༄༅༅། །རྒྱ་གར་སྐད་དུ། རཏྣ་ཨ་ལཾ་ཀཱ་ར་སིདྡྷི། བོད་སྐད་དུ། རིན་པོ་ཆེ་རྒྱན་གྱི་
སྒྲུབ་པ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང་། །ཟབ་དང་རྒྱ་ཆེའི་བདག་ཉིད་ཅན། །རྣམ་ཐར་སྒོ་གསུམ་རང་བཞིན་གྱིས། །རྡོ་རྗེ་རྣལ་འབྱོར་མ་ལ་འདུད། །ཨོ་ཌྱ་ན་ཡུལ་ནས་བྱུང་བ་ཡི། །བརྒྱུད་པའི་རིམ་བཞིན་མ་ཆད་པའི། །རྣལ་འབྱོར་
མ་ནི་འདོད་དེའི་གཞུང་། །རིན་ཆེན་རྒྱན་གྱི་སྒྲུབ་པ་བཤད། །དེ་ལ་རྣལ་འབྱོར་པ་དབང་བསྐུར་ཐམས་ཅད་རྫོགས་ཤིང་། །ཨུ་ལས་ཨོ་ཌྱ་ན་དུ་བསམས་ལ། སྟན་བདེ་བ་ལ་འདུག་སྟེ། རྣལ་འབྱོར་མའི་ཚོགས་མཉེས་པར་བྱའོ། །དེ་ནས་དག་པ་གསུམ་ལ་སོགས་པ་བརྗོད་ནས།
སྟོང་པ་ཉིད་ཀྱི་རང་བཞིན་དུ་བསམས་ལ། དེ་ལ་སྔོན་གྱི་བླ་མའི་མན་ངག་གིས། དབང་བསྐུར་བའི་རིམ་པས་དེའི་དོན་དུ་དམིགས་ལ། རྡོ་རྗེ་རྣལ་འབྱོར་མར་བསམ་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་པས་བྱིན་གྱིས་བརླབས་ཏེ། ཁྲུས་བྱའོ། །དེ་ནས་སྲུང་བ་ལ་སོགས་པ་རིམ་བཞིན་བྱས་ཏེ།
མཆོད་པར་བྱའོ། །དེ་ལ་མཆོད་པའི་རྟེན་མེ་ལོང་ལ་སོགས་པའི་སྣོད་གཙང་མར། སིནྡྷུ་ར་དང་ཁུ་བ་དང་ཁྲག་དང་ཏིལ་དང་དྲི་ཆུས་རི་མོ་གྲུ་གསུམ་བརྩེགས་མར་བྱའོ། །དེའི་དབུས་སུ་མི་ཤིགས་པ་དང་སྐྱེ་བ་མེད་པའི་ཚུལ་གྱིས་དགོད་པར་བྱའོ། །དེ་ལ་རྣལ་འབྱོར་མའི་སྔགས་ཀྱིས་
བསྐོར་བར་བྱའོ། །འདབ་མའི་ནང་དུ་རྣལ་འབྱོར་མའི་སྔགས་བྲི་བར་བྱའོ། །དེའི་ཕྱི་རིམ་དུ་གོ་ཆའི་སྔགས་གཞག་པར་བྱའོ། །དེ་རྡོ་རྗེ་འཛིན་པའི་སྟེང་དུ་བཞག་ནས་བསྒོམ་པའི་རིམ་པས་ཚོགས་བསགས་པར་བྱའོ། །དེ་ནས་བདག་གི་གཡོན་དུ་རྡོ་རྗེ་རྣལ་འབྱོར་མ་བཞག་ལ། དེ་

ལ་རང་བཞིན་གྱི་རྣལ་འབྱོར་མ་སྤྱན་དྲངས་ཏེ། དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱའོ། །དེ་ནས་ཛཿ་ཞེས་བརྗོད་དེ། རྣལ་འབྱོར་མས་བདག་བསྐུལ་བར་བྱའོ། །དེ་ནས་མཆོད་པ་སྣ་ཚོགས་པ་དག་གིས་མཆོད་པར་བྱའོ། །དེའི་དཀྱིལ་འཁོར་དེ་ལ་འདུག་པ་
རྣམ་པ་སྣ་ཚོགས་ཀྱི་འཁོར་ལོས་མཉེས་པར་བྱའོ། །དེ་ནས་ཕྱག་འཚལ་བ་དང་བསྟོད་དེ། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་དག་ནི་ཚོགས་བསག་པའོ། །དེ་ནས་ལུས་གཞལ་ཡས་ཁང་དུ་བསམས་ལ་དེའི་ལྟེ་བར་བཾ་ལས་ཞུ་བ་དང་། བདེ་བ་ལས་སམ། སྟོང་
པའི་བརྡ་འོད་ཀྱི་རི་མོ་ལས་བཅོམ་ལྡན་འདས་མ་ཕག་མོ་ཞལ་གཉིས་པ་ཕྱག་གཉིས་པ་ཕག་གདོང་ཁྲོ་མོ་ཞལ་གཉིས་ལ་རྡོ་རྗེ་ཕྲེང་བས་ཐོད་བྱས་པ། །སྣ་ཚོགས་རྡོ་རྗེ་གཡུང་དྲུང་འཁྱིལ་བས་བརྒྱན་པ། སྨིན་མ་རྡོ་རྗེས་གཡེངས་པ། ཕྱག་གཡས་ན་གྲི་གུག །གཡོན་པས་
ཐོད་པ་བསྣམས་པ། སྐུ་མདོག་དམར་ནག་འོད་ཟེར་འཕྲོ་བ། ཐོད་པའི་རྒྱན་ཅན། ལུས་བདེ་བས་རྒྱས་པ་བསམ་པར་བྱའོ། །དེའི་དོན་ཡིད་ལ་བྱས་པས་དེའི་ལུས་གཞལ་ཡས་ཁང་དུ་གྱུར་ཏེ། དེའི་ལྟེ་བའི་གནས་སྟོང་པ་ལས་རྡོ་རྗེ་རྣལ་འབྱོར་མ་བསྐྱེད་པར་བྱའོ། །
དེ་ལས་དབུགས་ལྟེ་བ་ལས་དལ་གྱིས་དྲངས་ལ། སླར་དེ་རུ་བཅུག་པས་སྟོང་པ་ཉིད་དུ་བསྒྱུར་ཏེ། དེ་ལས་ཞལ་གཅིག་ཕྱག་གཉིས་པའི་རྡོ་རྗེ་རྣལ་འབྱོར་མ་བསམ་ལ། དེའི་རིགས་ལས་ཞལ་གཅིག་ཕྱག་གཉིས་པའི་དཔལ་ཧེ་རུ་ཀ །གཡས་བ་ན་རྡོ་རྗེ་གཡོན་
པ་ན་ཐོད་པ་བསྣམས་པ་བསམས་ལ། གཉིས་མེད་དུ་གྱུར་པར་བསམ་མོ། །དེའི་ལྟེ་བར་གྲུ་གསུམ་དཀར་ལ་དམར་བའི་རྒྱན་ཅན། དེའི་དངོས་སུ་རྟོག་པ་མཐའ་དག་འབྱུང་བའི་རྒྱུ་སྐུ་ལན་བཞིར་འཁོར་བར་བསམ་པར་བྱའོ། །དེ་ལྟར་ཅུང་ཟད་བཞག་ལ་རྗེས་སུ་མཐུན་པའི་
བཙུན་མོ་གང་རྣམ་པ་རང་བཞིན་གྱིས་བསྒོམ་པར་བྱའོ། །དེ་དང་ལྷན་ཅིག་གནས་ལ་རླུང་མ་དང་གཉིད་མ་རྩེ་སྤྲད་ཙཎྜ་ལཱི་དྲག་ལ་ཡུན་ཐུང་བའམ། དལ་ལ་ཡུན་རིང་བ་སྦར་བར་བྱའོ། །ལྟེ་བའི་འཁོར་ལོ་འཁོར་བས་འོད་ཀྱི་རི་མོ་ལས་མེ་བྱུང་བས། སྙིང་གའི་འཁོར་ལོ་འཁོར་

དེའི་སྤྱི་བོར་འཁོར་ལོ་འཁོར་བས་འོད་ཀྱི་མེ་བྱུང་བས། ཧཾ་ཞུ་བས་ལུས་ཐམས་ཅད་ཁུ་བས་རྒྱས་པར་བསམ་པར་བྱའོ། །དེ་ནས་ལུས་ཐམས་ཅད་ཀྱི་བདེ་བ་ཕྱོགས་གཅིག་ཏུ་དམིགས་ལ་བསྒོམ་པར་བྱའོ། །བདེ་བའི་རོ་ལ་ཆགས་པར་གྱུར་ན་དཔྲལ་བའི་གནས་སུ་
བྲུ་གསུམ་གྱི་རྣམ་པར་ནམ་མཁའ་དམིགས་པའི་སྦྱོར་བས་མི་རྟོག་པ་བསམ་པར་བྱའོ། །དེ་ནས་བདག་གི་སྙིང་གར་རོ་ལ་གནས་པའི་ཕག་མོའི་ཤེས་པ་མར་མེ་ལྟར་གསལ་བ་བསྒོམ། མར་མེ་ཡང་མར་མེའི་རྩེ་མོ་ལ་རིམ་གྱིས་སྟོང་པར་བཅུག་ལ་དེ་ལ་ཧེ་རུ་ཀ་བསྐྱེད་ལ། དེ་རང་སྣང་བའི་
རིག་མར་བཅས་པ་ཞལ་བཞི་ཕྱག་བཅུ་གཉིས་པར་བསྒོམས་ཏེ། རླུང་མ་དང་གཉིད་མ་རྩེ་སྤྲད་རིམ་གྱིས་བྱང་ཆུབ་ཀྱི་སེམས་ཕབ་ནས་གསང་བ་རྡོ་རྗེའི་སྦུ་གུར་ཕྱིན་པ་དང་། དཔེའི་ལྷན་ཅིག་སྐྱེས་པའི་ཚུལ་གྱིས་མཐར་ཕྱིན་པ་དང་། ལུས་བཤིག་སྟེ་གྱུར་པའི་བསྐྱེད་པའི་རིམ་པས་གནས་ཏེ།
ཧཱུཾ་དལ་གྱིས་བརྗོད་པ་དང་། རླུང་དང་ལྷན་ཅིག་ཏུ་དྲངས་པས་ལྟེ་བར་གནས་ཏེ། དགའ་བའི་རང་བཞིན་དུ་བསྒོམ་མོ། །དེ་བཞིན་དུ་མགྲིན་པ་དང་། སྙིང་གར་ཨོཾ་བཅུག་ལ་བསམ་པར་བྱའོ། །དེ་ཡང་བདེ་བ་རང་བཞིན་མེད་པར་བྱས་ཏེ། རྣམ་པའི་ཚུལ་གྱིས་དྲངས་ཏེ་སྦྱང་
བར་བྱའོ། །དེ་དང་ལྷན་ཅིག་འོད་དུ་ཞུ་བ་ལས་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་དུ་འགྱུར་རོ། །སློབ་མ་གཟུང་བར་འདོད་ན། སློབ་མས་ལན་མང་བར་གསོལ་བ་འདེབས་པ་དེ་གཟུང་བར་བྱའོ། །དེ་ཡང་བསྲུང་བར་བྱ་སྟེ། སྔགས་ཕོག་ནས་སྣོད་ཀྱི་རིམ་པས་ལྷར་བསྐྱེད་ལ་
བཟླས་པར་བྱའོ། །དེ་ནས་ཚེས་བཅུ་ལ་མཆོད་པ་བྱ་སྟེ། མཎྜལ་སྔོན་དུ་སོང་བས་ཡོན་ཕུལ་ལ། སློབ་མ་མདུན་དུ་བཞག་ལ། བདག་ལ་གཉིས་སུ་ཕྱེ་ནས་སློབ་མའི་སྤྱི་བོར་གནས་ཏེ། དེ་འོད་དུ་ཞུ་བ་ལས་བཅུད་དུ་གྱུར་ཏེ། སློབ་མ་ལས་སྔ་མ་བཞིན་དུ་གཡོན་པའི་
འཁོར་ལོ་བསྒོམ་པར་བྱའོ། །དེ་ནས་དྲིལ་བུ་དཀྲོལ་ནས་མི་རྟོག་པ་ལ་གནས་པར་བྱའོ། །མཐར་བསླང་སྟེ་ཕྱག་བྱས་ཏེ་དཔའ་བོས་ཀྱང་བཅུད་དུ་གྱུར་པར་བྱའོ། །དེས་དྲིལ་བུས་ཀྱང་སྐྱེ་བ་མེད་པའི་བརྡ་བྱའོ། །ཅི་བདེ་བར་གནས་པར་བྱའོ། །མན་ངག་ལས་ནི་ཐོབ་པ་བཞིན་

བརྒྱུད་པའི་རིམ་པས་བྲིས་པ་ཡིན། །དགེ་བ་དེ་ཡིས་འགྲོ་བ་ཀུན། །རྣལ་འབྱོར་གོ་འཕང་ཐོབ་པར་ཤོག །མཁས་པ་ཆེན་པོ་དི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།།༄༅༅། །རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཕག་མོའི་སྒྲུབ་པའི་
ཐབས། དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །དང་པོ་རྣལ་འབྱོར་པས་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཧྲཱིཿདེའི་འོད་ཀྱིས་ལུས་བདག་དང་གཞན་དང་ཞིང་སྦྱང་བར་བྱའོ།།དེ་ནས་འོད་ཟེར་འཕྲོས་པས་རྡོ་རྗེ་ཕག་མོ་དང་། །སངས་རྒྱས་དང་བྱང་
ཆུབ་སེམས་དཔའ་རྣམས་སྤྱན་དྲང་བར་བྱའོ། །དེ་ནས་ཕྱག་བྱས་ཏེ། ནང་གི་མཆོད་པ་དང་། གསང་བའི་མཆོད་པ་དང་། ཕྱིའི་མཆོད་པའོ། །དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། གསོལ་བ་གདབ་པ་དང་། དགེ་བའི་རྩ་བ་བསྔོ་བར་
བྱ་སྟེ། དེ་ནས་སྐྱབས་སུ་འགྲོ་བ་བྱའོ། །དེ་ནས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བསྒོམས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦྦ་དྷརྨྨཱཿསྭ་བྷ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་ལ། རང་གི་ལུས་དང་། ཟླ་བ་དང་།
ཡི་གེ་དང་། ཐིག་ལེ་ཡང་མི་སྣང་བར་བྱས་ནས་སྟོང་པ་ཉིད་དུ་བསྒོམས་ལ། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨཀོ྅ཧཾ་ཞེས་བྱ་བས་བརྟན་པར་བྱའོ། །དེ་ནས་པཾ་ལས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། །དེའི་སྟེང་དུ་ཧྲཱིཿདམར་པོ་ལས་
རྡོ་རྗེ་རྩེ་ལྔ་པ་དམར་པོ་དང་། ལྟེ་བ་ལ་ཉི་མ་ལ་གནས་པའི་ཧྲཱིཿདམར་པོ། དེའི་འོད་ཟེར་གྱིས་འགྲོ་བ་སྦྱངས་ཏེ། སླར་འདུས་པ་དང་། དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཕག་མོ་ཞལ་གཅིག་པ་སྤྱན་གསུམ་པ། སྐུ་མདོག་དམར་བ་ཞལ་མཆེ་བ་གཙིགས་པ་
སྐྲ་གྲོལ་བ། ཕྱག་གཉིས་པ། གཅེར་བུ་དུམ་བུའི་སྐེ་རགས་ཀྱིས་བརྒྱན་པ། ཕྱག་གཡས་ན་གདུག་པ་རྣམས་ལ་སྡིགས་མཛུབ་མཛད་པའི་རྡོ་རྗེ་བསྣམས་པ། གཡོན་ན་ཁྲག་གིས་བཀང་བའི་ཐོད་པ་དང་ཁ་ཊཱཾ་ག་བསྣམས་པ་བསྐལ་བའི་མེ་ལྟ་བུའི་གཟི་བརྗིད་དང་ལྡན་པ། བདེ་

བ་ཆེན་པོ་དང་ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་ནོ། །ཉི་མ་ལ་གནས་པའི་ཧྲཱིཿས་སྙིང་ག་བྱིན་གྱིས་བརླབ་པའོ། །མགོ་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། །སྙིང་གར་ཧཱུཾ་ནག་པོ་བསམ་པར་བྱའོ། །དེ་ནས་ཡི་གེ་བཞི་ལས་འོད་ཟེར་འཕྲོས་
པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་།ཡེ་ཤེས་སེམས་དཔའ་བསྐུལ་ཏེ་སྤྱན་དྲངས་ལ་ཡི་གེ་སོ་སོ་ལ་ཐིམ་པར་བསམ་མོ། །དེའི་རྗེས་ལ་ཨོཾ་ཨཱཿཧཱུྃཧྲཱིཿཧཱུྃསརྦྦ་ཡོ་གི་ནཱི་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨཀོ྅ཧཾ། ཞེས་
པ་དང་། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨ་བཛྲ་ཤུདྡྷོ྅ཧཾ། ཞེས་པས་ང་རྒྱལ་བརྟན་པར་བྱའོ། །དེ་ནས་ལྟེ་བར་ཨོཾ་བཾ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་ཡ་མི་ནི། ཁར་ཨོཾ་ཧྲེཾ་མོཾ་རྨོངས་བྱེད་མའོ། མགོ་བོར་ཨོཾ་ཧྲེཾ་ཧྲིཾ་སྐྱོང་བྱེད་མའོ། །སྤྱི་གཙུག་ཏུ་ཨོཾ་ཧཱུཾ་ཧཱུཾ་སྐྲག་བྱེད་མའོ། །
ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ཙཎྜི་ཀའོ། །དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲང་བའི་ཕྱིར། སྙིང་གའི་ཧྲཱིཿལས་འོད་འཕྲོས་པས་རྡོ་རྗེ་ཕག་མོ་སྤྱན་དྲངས་ཏེ། སྙིང་པོའི་ཕྱག་རྒྱ་བསྟན་ལ་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་པས་གཉིས་སུ་མེད་པར་བྱ་སྟེ། ཨོཾ་ཡོ་ག་ཤུདྡྷ་
སརྦྦ་དྡྷརྨྨ་ཡོ་ག་ཤུདྡྷོོ྅ཧཾ། ཞེས་པས་ང་རྒྱལ་བརྟན་པར་བྱའོ། དེ་ནས་ཧྲཱིཿའི་འོད་ཀྱིས་རྒྱལ་བ་རིགས་ལྔ་སྤྱན་དྲངས་ཏེ། མཆོད་པ་བྱས་ཏེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་བ་ལྟར། །བདག་ལ་བསྲུང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་
སྩོལ། །ཞེས་གསོལ་བ་བཏབ་པས་རིགས་ལྔའི་ཐུགས་ཀ་ནས་མཁའ་འགྲོ་མ་ལྔ་ཕྱག་ན་བུམ་པ་ཐོགས་པ་བྱུང་ནས། རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་ཤིང་། །གསང་བ་གསུམ་གྱི་གནས་ལས་བྱུང་། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ།
ཞེས་པ་དང་། ཇི་ལྟར་བལྟམས་པ་ཞེས་པས་སྔགས་ཀྱི་དབང་བསྐུར་ལ། མི་བསྐྱོད་པས་དབུ་བརྒྱན་པར་བ