Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 24

Văn bản gốc(Tây Tạng)

Trang 9 / 17 (50.000 ký tự/trang)
་ཧཱ་ཞེས་བྱ་བས་གཏོར་མ་བྱིན་ནས་བསམ་གཏན་བྱའོ། །ལྟེ་བའི་དབུས་སུ་རཾ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ། དེའི་དབུས་སུ་པདྨ་དམར་པོ་འདབ་མ་བཞི་པ། དེའི་
སྟེང་དུ་ཧྲཱིཿ་ཡིག་བསྐལ་པའི་མེ་ལྟ་བུར་འབར་བར་གྱུར་པའོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། གཅེར་བུ་ཡི་དྭགས་ཀྱི་གདན་ལ་ཞབས་གཡས་བརྐྱང་གཡོན་བསྐུམ་པས་གནས་པ། དབུ་སྐྲ་གྱེན་དུ་བརྫེས་པ། ཐོད་པའི་དབུ་རྒྱན་དང་། ཕྱག་རྒྱ་
ལྔས་བརྒྱན་པ། ཕྱག་བཞིའི་གཡས་པས་རྡོ་རྗེ་དང་ལྕགས་ཀྱུ་འཛིན་པ། གཡོན་པས་ཁ་ཊྭཱཾ་ག་བསྟེན་ཅིང་ཐོད་པ་དང་སྡིགས་མཛུབ་ཞགས་པ་འཛིན་པ། ཞལ་གཅིག་མ། སྤྱན་གསུམ་མ། ཁྲོ་གཉེར་དྲག་ཏུ་གཙིགས་པ། འཇིགས་སུ་རུང་མ། གསུས་ཁྱིམ་ཆེ་བ་དང་ལྡན་པའི་

རྡོ་རྗེ་ཕག་མོར་བསྒོམ་པར་བྱའོ། །འདབ་མ་བཞི་ལ་བདུད་རྩི་ལྔས་གང་བའི་པདྨའི་སྣོད་རྣམས་བསམ་མོ། །ཨོཾ་བཛྲ་བཱ་རཱ་ཧཱི་ཨཱ་བེེ་ཤ་ཡ། སརྦ་དུཥྚཱན་ཧྲཱིཾ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །ཨོཾ་ཧཱུཾ་ཧྲིཾ་ཧཱུཾ། སྙིང་པོའོ། །འབུམ་ཕྲག་གཅིག་བཟླས་པར་བྱའོ། །མཉམ་པར་གཞག་པར་གྱུར་པས་
འདིར་ཐེ་ཚོམ་མེད་པར་འགྲུབ་པར་འགྱུར་རོ། །ཨོཾ་ཨཱཿ་ཧྲིཾ་ཧཱཾ་ཧཿསྔགས་འདིས་བྲིས་སྐུའི་དྲུང་དུ་ཤ་ཆེན་ཕྱེ་མར་བྱས་པའི་བདུག་སྤོས་དབུལ་བར་བྱའོ། །ཇི་སྲིད་དུ་ཞག་ཉི་ཤུ་རྩ་གཅིག་གིས་འགྲུབ་པར་འགྱུར་ཏེ། རྣམ་པ་གཞན་གྱིས་མ་ཡིན་ནོ། །ཨོཾ་ཧྲཱིཾ་ཧཱཾ་ཧཿཧཿཧཱི་ཧཱི་ཕེཾ་ཕེཾ་ཕེཾ་ཕཊ་ཀྱི་ཡི་
གེས་བདག་ཉིད་ཀྱི་བདུད་ཐམས་ཅད་ཞི་བའི་དོན་དུ་མཚན་མོ་གཏོར་མ་བྱིན་ནོ། །མཚན་མོ་གཏོར་མ་དང་ཉེར་སྤྱོད་ལྔས་མཆོད་པར་བྱའོ། །གལ་ཏེ་གང་ཅི་ཡང་རུང་བ་ལ་སྨྲ་བར་བྱའོ། །དེ་ཡང་འདིར་ཐེ་ཚོམ་མེད་པར་རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་རློབ་པར་འགྱུར་རོ། །དཔལ་རྡོ་རྗེ་ཕག་མོའི་རྟོག་པ་
ལས། རྡོ་རྗེ་ཕག་མོ་དོན་ཀུན་གྲུབ་པའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བན་རཏྣའི་ཞལ་སྔ་ནས་དང་། ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་གྷོ་ན་སཱ་དྷ་ནཾ། བོད་སྐད་དུ།
རྡོ་རྗེ་ཕག་མོའི་སྒྲུབ་ཐབས། རྗེ་བཙུན་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །དེ་ཡང་དང་པོར་སྒྲུབ་པ་པོས་བླ་མའི་སྤྱན་སྔར་གདམས་པ་ཐོབ་པར་བྱས་ནས། ཡིད་དུ་འོང་བའི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་སྔོན་དུ་བཏང་ནས། ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེའི་
རྗེས་སུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཧྲཱིཾ་གྷཱ་ཏ་ཡ་སརྦ་དུཥྚན་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པས་མདུན་གྱི་རྟེན་གྱི་ལྷ་ལ་གཏོར་མ་ཕུལ་ནས། ཨོཾ་ཨཱཿཧྲཱིཾ་ཧཱུཾ་ཧ་ཧཾཿཞེས་པ་འདིས་ཤ་ཆེན་གྱི་ཕྱེ་མའི་
བདུག་སྤོས་ཕུལ་ཏེ། བསམ་གཏན་བསྒོམ་པར་བྱའོ། །དེ་ནས་སྟོང་པའི་ངང་ལས་ཧྲཱིཿ་དམར་པོ་ཡོངས་སུ་གྱུར་པ་ལས། བདག་ཉིད་རྡོ་རྗེ་ཕག་མོ་ཕག་གི་གདོང་ཅན་ཞལ་གཅིག་ཕྱག་བཞི་མ། སྤྱན་གསུམ་དམར་ལ་ཟླུམ་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་ཚུལ་གྱིས་རོའི་སྟེང་ན་བཞུགས་

པ། སྐུ་གཅེར་མོ། རལ་པ་དམར་སེར་གྱེན་དུ་བརྫེས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། ཕྱག་རྒྱ་ལྔས་ཡང་དག་པར་བརྒྱན་པ། ཕྱག་གཡས་པ་གཉིས་ཀྱིས་རྡོ་རྗེ་དང་རྡོ་རྗེ་ལྕགས་ཀྱུ་འཛིན་པ། གཡོན་པ་གཉིས་ཀྱིས་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་དང་རྡོ་རྗེའི་ཞགས་པ་འཛིན་
པ། གྲུ་མོ་གཡོན་པའི་ཕྱོགས་སུ་ཁ་ཊྭཱཾ་ག་བསྟེན་པ། ཁྲོ་གཉེར་དང་མཆེ་བ་གཙིགས་པ། གསུས་ཁྱིམ་ཆེ་ཞིང་ལྗགས་འདྲིལ་བ། བརྒྱ་ཕྱེད་ཀྱི་མིའི་མགོ་བོའི་ཕྲེང་བའི་དོ་ཤལ་འཕྱང་བ། ཤིན་ཏུ་འཇིགས་སུ་རུང་བའི་ལྷ་མོར་རྣམ་པར་བསྒོམ་པར་བྱའོ། །དེའི་ལྟ་བར་མེ་རི་གྲུ་གསུམ་པ་འབར་བའི་དབུས་སུ།
པདྨ་དམར་པོ་འདབ་མ་བཞི་པ། དེའི་ལྟེ་བར་ཡི་གེ་ཧྲཱིཿབསྐལ་པའི་མེ་ལྟ་བུར་འབར་བ། དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་སྔོན་དུ་བརྗོད་པ་ལྟ་བུའི་ཕྱག་མཚན་དང་བཞུགས་སྟབས་ཅན་བསམ་པར་བྱའོ། །དེའི་ཐུགས་ཀར་ས་བོན་ཧྲཱིཿ་ས་མཚན་པ་དང་། འདབ་མ་བཞི་ལ་བདུད་རྩིས་གང་བའི་
ཐོད་པས་མཚན་པ་བསམ་པར་བྱའོ། །ཐུགས་ཀའི་ཧྲཱིཿའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའི་ལྷ་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། དེ་ལ་ཨ་རྒྷ་ལ་སོགས་པས་མཆོད་པ་དང་། ཕྱག་འཚལ་བ་དང་། སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཡོངས་
སུ་བསྔོ་བ་དང་། མཆོག་གི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་བྱས་ནས། ལྟེ་བའི་དམ་ཚིག་སེམས་དཔའ་དང་དབྱེར་མེད་དུ་གྱུར་པར་བལྟའོ། །དབང་བསྐུར་བར་འདོད་ན། ཧྲཱིཿ་ལས་འཕྲོས་པའི་འོད་ཟེར་གྱིས་རིགས་ལྔ་འཁོར་བཅས་སྤྱན་དྲངས། དབང་བསྐུར་བ་ལས། རྣམ་པར་སྣང་མཛད་ཀྱིས་
རིགས་ཀྱི་བདག་པོ་ཉིད་དུ་བྱའོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། སྔགས་ཕྲེང་དམར་པོ་ཕག་གི་ཞལ་ལས་བྱུང་བའི་འོད་ཀྱིས། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ། གྲུབ་པ། རིག་པ་འཛིན་པ། ནོར་བུ་དང་སྨན་ལ་སོགས་པའི་ནུས་པ་དང་བཅུད་ཐམས་ཅད་བསྡུས་ནས། སྔགས་ཀྱི་ཕྲེང་
བ་ལ་གཞུག་ཅིང་། སྔགས་ཕྲེང་པདྨ་ནས་ཞུགས། དྷཱུ་ཏཱིའི་ལམ་ལ་སོང་། སླར་ཡང་ཞལ་ནས་འཐོན་ཏེ། མགལ་མེའི་འཁོར་ལོ་ལྟར་བསམ་ཞིང་། ཨོཾ་ཧཱུཾ་ཧྲཱིཾ་ཧཱཾ། སྙིང་པོའོ། །ཨོཾ་བཛྲ་ཝཱ་རཱ་ཧཱི་ཨཱ་བེ་ཤ་ཡ་སརྦ་དུཥྚཱ་ན་ཧྲཱིཾ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །སྔོན་དུ་བསྙེན་པ་ནི་འབུམ་ཕྲག་གཅིག་ཏུ་བརྩོན་པས་

བཟླས་སོ། །ཨོཾ་ཧྲཱིཾ་ཧཱུཾ་ཧཿཧཱིཿཕེཾ་ཕེཾ་ཕེཾ་ཕཊ་ཅེས་བྱ་བ་འདིས་བདུད་ཐམས་ཅད་ཞི་བའི་དོན་དུ་མཚན་མོ་གཏོར་མ་བྱིན་ནོ། །དེའི་རྗེས་སུ་ཡང་དག་པར་མཆོད་ནས། ཆོས་དབྱིངས་རྣམ་པར་དག་ཕྱིར་བདག་མེད་ཉིད་ཀྱིས་ནི། །ཉལ་བའི་རོ་ལ་ཞབས་གཡས་བརྐྱང་པས་རྣམ་རོལ་ཞིང་། །གཡོན་
བསྐུམ་སྟབས་ཀྱིས་རབ་དམན་དག་པའི་ཆོས་དབྱིངས་ཀྱིས། །རང་བཞིན་ལས་བྱུང་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ལྷ་མོ་ཁྱོད་ཀྱི་ཕྱག་གི་འདམ་སྐྱེས་སྟེང་གི་ནི། །ཁྲག་གི་ཕུང་པོས་རབ་ཏུ་གང་བའི་ཐོད་པ་འདི། །ཉི་མ་གཞོན་ནུའི་གཟུགས་བརྙན་གཉིས་དབུས་བཀོད་གྱུར་པའི། །འོད་
འཕྲོའི་རི་དྭགས་ཅན་གྱིས་རྣམ་པར་མཛེས་པ་སྙམ། །བདག་ནི་ཁྱོད་ཅག་ཐོགས་མེད་བློ་ངན་འཇོམས་སོ་ཞེས། །ཀུན་གྱིས་ཕྱག་འོས་གྱུར་པ་འདི་ཡི་གཡས་པ་ན། །འཛིན་པའི་རྡོ་རྗེ་འདི་ལྟར་ཀུན་དུ་བཀོད་པ་ནི། །རྩེ་མོ་གྱེན་དུ་ཕྱོགས་པས་ལྷ་རྣམས་དབུགས་ཕྱུང་གྱུར། །ཧྲཱིཿ་ཡིག་ལས་སྐྱེས་
ལྷ་མོ་ཐོད་སྐམ་ཕྲེང་བ་དཀར་པོས་མགོ་བོར་ཡོངས་སུ་མཛེས་པ་ཅན། །སྐུ་མཆོག་བསྐལ་པའི་མེ་ལྟར་ལྷག་པར་གཟི་ལྡན་རློན་པའི་མགོ་བོ་བརྩེགས་པའི་དོ་ཤལ་འཕྱང་། །གཡོན་གྱི་གློར་ནི་ཁ་ཊྭཱཾ་བསྟན་ལ་བ་དན་དག་དང་ནོར་བུས་མཛེས་བྱས་ཞགས་པ་ཐོགས། །གཡས་པར་ལྕགས་ཀྱུ་ཉིད་དེ་དེ་ལ་
དུས་ཀུན་དུ་ནི་བཏུད་པའི་མགོ་བོས་ཕྱག་བགྱིའོ། །ཞེས་བྱ་བས་ཡང་དག་པར་བསྟོད་ལ། མངོན་པར་འདོད་པའི་དོན་གསོལ་ཞིང་། དགེ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། སྤྱོད་ལམ་ཐམས་ཅད་ལྷ་མོའི་ང་རྒྱལ་གྱིས་ཡོངས་སུ་བསྐྱང་བར་བྱའོ། །གང་ཞིག་རྡོ་རྗེ་ཕག་གི་ཞལ་མ་བརྩོན་
པས་བསྒོམས་གྱུར་ན། །དེ་ཡི་གོས་དང་བཟའ་བ་དང་ནི་བཏུང་བ་ནོར་དང་འབྲུ། །རྒྱ་ཆེའི་ས་དང་ཁང་བརྩེགས་ལྷ་ཡི་མལ་སྟན་རྒྱན་དང་ནི། །བུ་མོ་དག་དང་རིག་པ་སྣ་ཚོགས་ལྷག་པར་ཐོབ་པར་འགྱུར། །ཤིན་ཏུ་བརྩོན་ལྡན་སྔགས་རིག་པས། །དཀའ་བ་མེད་པར་འཇིག་རྟེན་གསུམ། །དབང་དུ་བྱེད་འགྱུར་
མཐར་ཐུག་ནི། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བན་རཏྣའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །།

༄༅༅། །རྒྱ་གར་སྐད་དུ། པཱི་ཋཱ་དི་ནིརྞྞ་ཡ། བོད་སྐད་དུ། གནས་ལ་སོགས་པ་གཏན་ལ་དབབ་པ། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མའི། །ཞབས་པད་དང་པོར་རབ་བཏུད་ནས། །གནས་སོགས་གཏན་ལ་དབབ་པ་ནི། །མདོར་བསྡུས་གསལ་བར་
བདག་གིས་བྲི། །དེ་ལ་བཅོམ་ལྡན་འདས་ཀྱིས་བརྟག་པ་གཉིས་པ་ལས། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །འདུན་རྟོག་ཉེ་བའི་འདུན་རྟོག་དང་། །འདུ་བ་དེ་བཞིན་ཉེ་འདུ་བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་དེ། །འདི་རྣམས་ས་ནི་
བཅུ་གཉིས་སོ། །ས་བཅུའི་དབང་ཕྱུག་མགོན་པོའོ། །འདི་རྣམས་གཞན་གྱིས་བརྗོད་མི་བྱ། །ཞེས་གསུངས་སོ། །དེ་ལ་གནས་ཞེས་པ་ལ་སོགས་པས་མདོར་བསྟན་གསུངས་སོ། །འདི་རྣམས་ཞེས་པས་གནས་ལ་སོགས་པ་རྣམས་རབ་ཏུ་དགའ་བ་ལ་སོགས་པ་རྣམས་ཏེ། མོས་པས་སྤྱོད་པའི་ས་དང་ལྷན་ཅིག་བཅུ་
གཉིས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་གནས་སྐབས་ཀྱི་ཁྱད་པར་ནི་ས་རྣམས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་བསྒོམས་པས་ལྷག་པར་རྟོགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་སྟེ། །མགོན་པོ་ནི་
སངས་རྒྱས་སོ། །འདི་རྣམས་གནས་ལ་སོགས་པ་རྣམས་ཀྱིས་བརྗོད་པར་བྱ་ཡི་གནས་ལ་སོགས་པ་ལས་ཐ་དད་པ་གཞན་གྱིས་མ་ཡིན་ནོ། །གང་གི་ཕྱིར་ནང་གཙོ་བོར་གྱུར་པས་གནས་ལ་སོགས་པར་གཞག་གོ། །དེ་ལ་ས་དང་པོ་རབ་ཏུ་དགའ་བ་ནི་གནས་ཏེ། ཐོག་མ་མེད་པའི་དུས་ནས་མ་མཐོང་བའི་དེ་ཁོ་ན་
ཉིད་མཐོང་བའི་ཕྱིར་རབ་ཏུ་དགའ་བ་མང་བའི་ཕྱིར་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་ཚད་མེད་པ་ཡང་དག་པར་ཚིམ་པར་བྱེད་པའི་རྟེན་དུ་གྱུར་པའི་ཕྱིར་རོ། །ས་དྲི་མ་མེད་པ་ནི། གནས་དང་ཉེ་བས་ན་ཉེ་བའི་གནས་ཏེ། ཚུལ་
ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཕྱིན་པས་དགེ་བ་བཅུ་རྣམ་པར་དག་པའི་ཕྱིར་དང་། ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པའི་དབང་དུ་གྱུར་པའི་ཕྱིར་རོ། །གནས་དང་ཉེ་བའི་གནས་དག་ཕན་ཚུན་ཕན་གདགས་བྱ་དང་འདོགས་བྱེད་ཀྱི་འབྲེལ་པའི་སྒོ་ནས་ཉེ་བ་ཡིན་གྱི།

ཡུལ་དང་དུས་ཆེས་ཉེ་བས་ནི་མ་ཡིན་ནོ། །གང་གི་ཕྱིར། རྒྱུ་དང་འབྲས་བུ་ཉེ་བར་བྱེད་པ་ནི་འབྲས་བུ་སྐྱེད་པར་བྱེད་པའི་ནུས་པ་ཉིད་ཀྱིས་ཐ་སྙད་ཀྱི་སྤྱོད་ཡུལ་ཉིད་ཀུན་འབྱུང་བའི་ཕྱིར་རོ། །ཕྱི་རོལ་དུ་གནས་དང་ཉེ་བའི་གནས་དག་ཕན་འདོགས་པ་ནི་བརྟན་པ་རྣལ་འབྱོར་མ་རྣམས་ཕན་ཚུན་ཕན་
འདོགས་པའི་ཉེ་བར་སྤྱོད་པ་ཉིད་ལས་སོ། །དེ་བཞིན་དུ་ཞིང་དང་ཉེ་བའི་ཞིང་ལ་སོགས་པར་ཡང་རྟོགས་པར་བྱའོ། །ས་འོད་བྱེད་པ་ནི་ཞིང་སྟེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཕྱིན་པས། ཏིང་ངེ་འཛིན་ཉམས་པ་མེད་པ་ལ་བརྟེན་པ་དང་། ཆོས་ཆེན་པོའི་སྣང་བ་བསྐྱེད་པ་དང་།
མངོན་པར་ཤེས་པ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་པའི་ཕྱིར་རོ། །ས་འོད་འཕྲོ་བ་ནི། ཉེ་བའི་ཞིང་སྟེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་གྱུར་པས་ཉོན་མོངས་པའི་བུད་ཤིང་བསྲེག་པར་བྱ་བའི་ཕྱིར། ཡེ་ཤེས་ཀྱི་མེ་ལྕེ་འཕྲོ་བར་གྱུར་པས་བྱང་ཆུབ་ཀྱི་ཆོས་ཀྱི་སྣང་བ་བསྐྱེད་པའི་
ཕྱིར་རོ། །ས་ཤིན་ཏུ་སྦྱང་དཀའ་བ་ནི་འདུན་རྟོག་སྟེ། འདུན་པས་དོན་དུ་གཉེར་བས་རང་དང་གཞན་གྱི་དོན་བསྒྲུབ་པའི་ཕྱིར་དང་། རྟོག་པ་ཉིད་ཀྱིས་དེ་ལྟར་བྱེད་པས་རྣམ་པར་རྟོག་པའོ། །གང་གི་ཕྱིར་ཤིན་ཏུ་སྦྱང་དཀའ་བའི་ས་ལ་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་
ཕུལ་དུ་བྱུང་བས། རྫུ་འཕྲུལ་ཆེན་པོས་ཐབས་སྣ་ཚོགས་པའི་སྦྱོར་བས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་། དེ་ཉིད་སེམས་ཅན་ཡོངས་སུ་སྨིན་པ་ལ་མངོན་པར་བརྩོན་པ་དང་། སངས་རྒྱས་འབྱུང་བའི་རྗེས་སུ་སོང་བའི་སེམས་ཀྱི་རྒྱུད་ཕྱིར་མི་ལྡོག་པའི་དགེ་བའི་རྩ་བ་
རབ་ཏུ་སྦྱོར་བས། ཁྱད་པར་ཅན་གྱི་ཆོས་ཚོལ་བ་ལ་མངོན་པར་བརྩོན་པར་བྱེད་དོ། །ས་མངོན་དུ་གྱུར་པ་ནི་ཉེ་བའི་འདུན་རྟོག་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་གྱུར་པའི་ངོ་བོས་འདུན་རྟོག་དང་ལྡན་པས་ཕུལ་དུ་བྱུང་བའི་ལམ་དང་ལྡན་པའི་ཕྱིར་རོ། །རིང་དུ་སོང་བའི་ས་ནི་འདུ་བ་སྟེ་
འདུས་ཤིང་འདྲེས་པར་གྱུར་པས་ན། འདི་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་གྱུར་པའི་ཕྱིར་རོ། །ཚད་མེད་པ་བཞི་དང་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་ལ། མཚན་མ་དང་རྩོལ་བ་མེད་པར་འདྲེ་

བའི་ཕྱིར་རོ། །མི་གཡོ་བའི་ས་ནི་ཉེ་བའི་འདུ་བ་སྟེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཡང་དག་པར་འབྱོར་པས། མཚན་མ་དང་རྩོལ་བ་མེད་པར་བྱམས་པ་ལ་སོགས་པས་སེམས་ཅན་དང་སྣོད་ཀྱི་ཞིང་ཡོངས་སུ་དག་ཅིང་གཡོ་བ་མེད་པ་ཉིད་ཀྱིས་རབ་ཏུ་འཇུག་
པའི་ཕྱིར་རོ། །ས་ལེགས་པའི་བློ་གྲོས་ནི་དུར་ཁྲོད་དེ་བདག་མེད་པ་ཉིད་ཀྱི་དུར་ཁྲོད་དང་མཚུངས་པའི་ཕྱིར་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་བདག་མེད་པ་ཆོས་ཀྱི་དབྱིངས་ལྷག་པར་རྟོགས་པ་ཉིད་སེམས་ཅན་རྣམས་ཀྱི་ལྷག་པར་
རྟོགས་པར་བྱ་བའི་ཕྱིར་སྟོན་པ་དང་། འཁོར་བར་རྩོལ་བ་མེད་པར་སེམས་ཅན་གྱི་དོན་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པའོ། །ཆོས་ཀྱི་སྤྲིན་གྱི་ས་ནི་ཉེ་བའི་དུར་ཁྲོད་དེ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པ་ལྷག་པར་རྟོགས་པ་སྟོན་
པས་ཕུལ་དུ་བྱུང་ཞིང་རབ་ཀྱི་མཐར་ཕྱིན་པ་གྲུབ་པས་སྤྲིན་ཆེན་པོ་བཞིན་དུ་ཆོས་ཀྱི་ཆར་གྱིས་སེམས་ཅན་རྣམས་ཡང་དག་པར་ཚིམ་པར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཁ་སྦྱོར་ཐིག་ལེ་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་
པར་བྱ། །འོད་འཕྲོ་བ་ནི་ཉེ་བའི་ཞིང་། །འདུན་རྟོག་མངོན་དུ་གྱུར་པ་སྟེ། །ཉེ་བའི་འདུན་རྟོག་སྦྱང་དཀའ་བའོ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཏེ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུ་ས་རྣམས་ཏེ། །རྣལ་
འབྱོར་མ་ཡི་ཀླ་ཀློའི་སྐད། །པུ་ཡིག་ལ་སོགས་གང་གསུངས་པ། །ཕྱི་དང་ནང་དུ་རྣམ་བསམ་བྱ། །ཞེས་གསུངས་སོ། །ས་འདི་རྣམས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་སྐྱེ་བ་དེ་དང་དེར་ས་བཅུ་གཉིས་ཀྱི་རང་བཞིན་རྒྱུ་དང་འབྲས་བུ་ཉིད་ཀྱིས་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་ལ་
སོགས་པར་བཞག་པའི་དབང་ལས་རྟོགས་པར་བྱའོ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་སྡོམ་པར་དཀྱིལ་འཁོར་དང་ལུས་ལ་ཡང་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་དག་མ་བསྟན་ཏོ། །བྷ་ཝ་བྷ་ཊར་ནི་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ནང་དུ་འདུས་པ་ཉིད་ཀྱིས་ས་དག་ཏུ་འགལ་ལོ། །སཾ་

པུ་ཊར་ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་དག་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཉིད་དུ་རྣམ་པར་གཞག་གོ། །དེ་ལ་པཱི་ང་བཏུང་བ་ལའོ་འཐུང་བར་བྱེད་དོ་ཞེས་པས་ལས་ལ་ཀྭེ་པ་སྟེ་པཱིཿའོ། །ལུ་ནཱ་ཏི་དགེ་བ་སྒྲུབ་པར་བྱེད་དོ་ཞེས་པས་ལ་ཝའོ། །ཉོན་མོངས་པའི་ཕུང་པོ་འཐུང་ཞིང་གཅོད་པར་བྱེད་པས་ན་
འཐུང་གཅོད་དེ། འདིས་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བསྐྱེད་པའི་རིམ་པས་ཉོན་མོངས་པ་སྤོང་བར་བྱེད་དོ། །བག་ཆགས་དང་བཅས་པའི་སྒྲིབ་པ་ལྷག་མ་མ་ལུས་པ་སྤངས་པ་ནི་ས་བཅུ་གཉིས་པ་ཀུན་དུ་འོད་སངས་རྒྱས་ཀྱིས་ཉེ་བའི་འཐུང་གཅོད་དོ། །དེ་ལྟར་ནི་འབྲས་བུ་མཚུངས་པས་ཕ་རོལ་
ཏུ་ཕྱིན་པ་བཅུའི་རང་བཞིན་བྱང་ཆུབ་ཀྱི་རང་གི་ངོ་བོ་རྣམས་ལས་བཅུ་གཉིས་ཀྱིས་ཇི་ལྟར་རིགས་པར་རྣལ་འབྱོར་མ་རྣམས་ཀྱི་རྟེན་དུ་རྣམ་པར་གཞག་པར་བྱའོ། །ཀླ་ཀློའི་སྐད་ཅེས་པ་བརྡའི་སྐད་ཀྱིས་སོ། །ཕལ་ཆེར་ནི་ཕྱི་རོལ་གྱི་འཐུང་གཅོད་དང་གནས་ལ་སོགས་པ་ཉེ་བའི་འཐུང་གཅོད་ཀྱི་མཐར་
ཐུག་པ་རིམ་པ་ཇི་ལྟ་བ་བཞིན་མོས་པས་སྤྱོད་པ་ལ་སོགས་པའི་དབང་ཕྱུག་གི་རྣལ་འབྱོར་མ་རྣམས་འབྱུང་ངོ་། །དེ་སྐད་དུ་དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཡུལ་དང་ཡུལ་དུ་མངོན་བྱུང་བ། །ཡེ་ཤེས་ལྡན་པའི་རང་སྐྱེ་གནས། །མཁའ་འགྲོ་མ་རྣམས་དེར་བཤད་པ། །རྡོ་རྗེའི་དཀྱིལ་
འཁོར་གཙོ་མོའོ། །ཞེས་བཤད་དོ། །དེའི་ཕྱིར་དེའི་རྟེན་བྱེད་པའི་གྲངས་ལ་སོགས་པ་རྣམས་དང་། པུལླཱི་ར་མཱ་ལ་ཡ་ལ་སོགས་པ་རྣམས་བྱེད་པའི་བྲང་ལ་སོགས་པ་རྣམས་དང་། ཉེ་བའི་ས་རྣམས་ཀྱང་མོས་པས་སྤྱོད་པ་ལ་སོགས་པའི་ས་རྣམས་སུ་ལྷག་པར་མོས་པར་བྱའོ། །ཞིབ་ཏུ་ན་
ཕྱིའི་འཛིན་པ་བསླུ་བར་མོས་པའི་ཇི་ལྟར་སེམས་ཅན་དམན་པ་ལ་སོགས་པ་རྣམས་ཕྱི་རོལ་གྱི་ཡུལ་དུ་ཞེན་པ་རགས་པ་བསལ་བའི་ཕྱིར། ཕྱིའི་འཐུང་གཅོད་གནས་ལ་སོགས་པ་རྣམས་མོས་པ་སྤྱོད་པ་ལ་སོགས་པའི་སར་མོས་པར་བསྟན་ཏོ། །དེའི་ཕྱིར་འདི་ཐམས་ཅད་དགོངས་པའི་སྐད་ཀྱིས་
པུ་ཡིག་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པུ་ཡིག་ལ་སོགས་པ་ནི་པུལླཱི་ར་མཱ་ལ་ཡ་ལ་སོགས་པའི་ཕྱི་རོལ་གྱི་གནས་འཆད་པར་འགྱུར་བ་ཁང་པ་བརྩེགས་པའི་ས་གཞི་དང་། ནང་དུ་ལུས་ཀྱི་བྱང་ཆུབ་ཀྱི་སེམས་སོ། །ད་ནི་གནས་ལ་སོགས་པ་མདོར་བསྟན་པར་བརྟག་པ་

གཉིས་པ་ཉིད་དུ་ངེས་པར་བསྟན་པ། །གནས་ནི་ཛཱ་ལནྡྷ་རར་བཤད། །དེ་བཞིན་ཨོ་ཌི་ཡཱ་ན་ཉིད། །གནས་ནི་པཱུརྞྞ་གི་རི་ཉིད། །དེ་བཞིན་ཀཱ་མ་རཱུ་པ་ཡང་། །ཉེ་གནས་མཱ་ལ་ཝ་རུ་བརྗོད། །སིནྡྷུ་ན་ག་ར་ཉིད་དང་། །ཞིང་ནི་མུམྨུ་ནི་རུ་བཤད། །ཞིང་ནི་བྱེད་པའི་བྲང་ཉིད་དོ། །
དེ་ཝཱི་ཀོ་ཊ་དེ་བཞིན་ཞིང་། །ཞིང་ནི་ལྕགས་པའི་བྲང་ཉིད་དོ། །ཉེ་ཞིང་ཀུ་ལུ་ཏཱ་རུ་བརྗོད། །དེ་བཞིན་ཨརྦུ་ད་ཡང་ངོ་། །གོ་དཱ་ཝ་རཱི་གངས་ཀྱི་རི། །ཉེ་བའི་ཞིང་ནི་མདོར་བསྡུས་པའོ། །འདུན་རྟོག་ཧ་རི་ཀེ་ལ་དང་། །ལན་ཚྭའི་རྒྱ་མཚོའི་ནང་སོན་པའོ། །ལམྦཱ་ཀ་དང་ཀཱཉྩི་ཀ། །དེ་བཞིན་ཡུལ་འཁོར་
བཟང་པོའོ། །ཉེ་བའི་འདུན་རྟོག་ཀ་ལིངྒ། །འདི་རྣམས་ལྡན་པ་གླིང་ཉིད་དོ། །ཉེ་བའི་འདུན་རྟོག་ཀངྒ་ཎ། །མདོར་བསྡུས་པས་ནི་མངོན་པར་བརྗོད། །འཐུང་གཅོད་གྲོང་གི་མཐའ་དང་ནི། །ན་ག་ར་ཡང་འཐུང་གཅོད་དོ། །ཙ་རི་ཏྲ་དང་ཀོ་ས་ལ། །འབིགས་བྱེད་གཞོན་ནུ་མ་ཡི་གྲོང་། །ཉེ་བའི་
འཐུང་གཅོད་དེ་དང་ཉེ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དུར་ཁྲོད་ཡི་དྭགས་འདུས་པ་དང་། །རྒྱ་མཚོའི་འགྲམ་ཡང་དུར་ཁྲོད་དོ། །སྐྱེད་ཚལ་རྫིང་བུའི་འགྲམ་ཉིད་ནི། །ཉེ་བའི་དུར་ཁྲོད་ངེས་པར་བརྗོད། །ཅེས་གསུངས་སོ། །དེ་ལ་པོལླ་གི་རི་ནི་པཱུརྞྞ་གི་རིའོ། །དེ་ཡང་ཀོལླ་གི་རི་དང་
པུལླཱི་ར་མཱ་ལ་ཡ་དང་མཱ་ལ་ཝ་དང་། རྡོ་རྗེའི་གནས་ཞེས་པ་རྣམས་རྣམ་གྲངས་སོ། །ཁ་སྦྱོར་ཐིག་ལེ་ལས། གནས་ནི་ཀོལླ་གི་རི་ཉིད། །དེ་བཞིན་ཨརྦུ་ད་ཡང་ངོ་། །ཞེས་བཤད་པ་མ་ཡིན་ནམ། ཨརྦུ་ད་གནས་སུ་ཡང་བསྟན་པ་འདིར་ཉེ་བའི་ཞིང་དུ་བརྗོད། །དེ་བཞིན་དུ་ཀཱ་མ་རཱུ་པ་འདིར་
གནས་ཉིད་དུ་བསྟན། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་དུ་ཡང་། གནས་ཛཱ་ལནྡྷ་ར་དང་ཨོ་ཌི་ཡ་ན་དང་པཱུརྞྞ་གི་རི་དང་ཀཱ་མ་རཱུ་པ་ཡང་ངོ་ཞེས་སོ། །སམྤུ་ཊར་ནི། དེ་བཞིན་ཀཱ་མ་རཱུ་པར་བརྗོད། །ཨོ་ཏྲེ་ཞིང་ཉིད་དུ་ཡང་བརྗོད། །གནས་ཉིད་ལ་སོགས་པར་རྣམ་པར་གཞག་པ་ཡང་ཐིག་ལེ་དང་། རྡོ་རྗེ་
མཁའ་འགྲོ་ཕལ་ཆེར་མཚུངས་པ་ཉིད་དོ། །དེ་ཅི་ལྟར་མི་འགལ་ཞེ་ན། གནས་དང་ཉེ་བའི་ཞིང་དག་ཚ་གྲང་དང་དངོས་པོ་དང་དངོས་མེད་བཞིན་དུ་ཕན་ཚུན་འགལ་བ་ནི་མ་ཡིན་ཏེ། གཅིག་ལ་ཡང་མིང་སྣ་ཚོགས་ཇི་ལྟར་མི་འགལ་ཞེས་སོ། །འདིར་ན་ག་ར་དང་། པཱ་ཊ་ལི་པུ་ཊ་དང་། མཱ་ལ་ཝ་

སོགས་གསུམ་ནི་ཉེ་བའི་ཞིང་དུ་གསུངས་སོ། །སམྤུ་ཊ་ལས་ནི། ཉེ་གནས་གོ་དཱ་ཝ་རེར་བརྗོད། །རཱ་མེ་ཤྭ་རའང་དེ་བཞིན་ནོ། །དེ་ཝཱི་ཀོ་ཊ་དེ་བཞིན་བཤད། །མཱ་ལ་ཝ་ཡང་དེ་བཞིན་བརྗོད། །ཅེས་སོ། །ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ནི། །ཉེ་བའི་ཞིང་ནི་མཱ་ལ་ཝ། །ན་ག་
ར་དང་སིནྡྷུ་དང་། །སིདྷ་ལ་ཡང་དེ་བཞིན་ནོ། །དེ་ཝཱི་ཀོཊྚ་བའི་མཆོག་སྦྱིན། །འདིར་ནི་ཞིང་དང་ཉེ་བས་བསྟན། །འདིར་ཡང་དེ་མ་ཐག་ཏུ་བརྗོད་པ་ཉིད་ཡང་དག་པར་བརྗོད་དོ། །མུམྨུ་ནི་ཞེས་པ་མུམྨུ་ནིའི་ཡུལ་ལོ། །བྱེད་པའི་བྲང་ཞེས་པ་ཀ་ར་ཎི་ཝ་ཌ་ཞིང་བཞི་ངེས་པར་
བསྟན་ནོ། །ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ནི། ཞིང་མུམྨུ་ནི་དང་དེ་ཝཱི་ཀོ་ཊ་ཡང་ངོ་། །སམྤུ་ཊར་ནི་སྔར་བཤད་པ་གཉིས་སོ། །སྔར་བཞིན་དེ་ལྟར་ཨརྦུ་ད་ཡང་ཞེས་པ་ཨརྦུ་ད་རའི་རྩེ་མོའོ། །ཕྱག་རྒྱ་ཆེན་པོ་ཐིག་ལེར་ཡང་། ཉེ་བའི་ཞིང་ཀུ་ལ་ཏཱ་དང་ཨརྦུ་ད་ཞེས་པ་གཉིས་བཤད་
དོ། །སམྤུ་ཊར་ནི་ཉེ་བའི་ཞིང་ཏྲི་ཤ་ཀུ་ནི་དང་། ཀོ་ཤ་ལ་ཡང་ཞེས་བཤད་དོ། །འདིར་ཡང་ཀོ་ཤ་ལ་ནི་འཐུང་གཅོད་ཉིད་དུ་བསྟན་ཏེ་སྔར་བཞིན་ནོ། །ཧ་རི་ཀེ་ལ་ལ་སོགས་པ་དང་། སཽ་རཱཥྚའི་མཐར་ཡང་འདུན་རྟོག་བཞིའོ། །ལན་ཚྭ་རྒྱ་མཚོའི་ནང་ཞེས་པ་ཧ་རི་ཀེ་ལའི་ཁྱད་པར་རོ། །
ཀ་ལིངྒ་ལ་སོགས་པ་གསུམ་ཙྪནྡོ་ཧའོ། །གསེར་བྱེད་པ་དང་ལྡན་པའི་གླིང་ནི་གསེར་གླིང་སྟེ། གསེར་གླིང་ཞེས་པའི་དོན་ཏོ། །སམྤུ་ཊ་ལས་ནི་ཀ་ལིངྒ་དང་ལམྦཱ་ཀ་ཡང་འདུན་རྟོག་གོ། །གསེར་གླིང་དང་མཱ་ལ་ཡ་ཉེ་བའི་འདུན་རྟོག་གོ། །ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ནི་ཙྪནྡོ་
ཧ་ནི་གོ་དཱ་ཝ་རི་དང་ཧ་རི་ཀེ་ལའོ། །ཉེ་བའི་འདུན་རྟོག་ནི་གསེར་ལྡན་དང་ལམྦཱ་ཀ་ཞེས་བཤད་དོ། །རྒྱུད་འདིར་ནི་འདུ་བ་དང་ཉེ་བའི་འདུ་བ་མ་བསྟན་ཏོ། །སམྤུ་ཊ་ལས་ནི། ཡི་དྭགས་གནས་སུ་རབ་བརྗོད་པ། །ཁྱིམ་གྱི་ལྷ་དང་ཡུལ་འཁོར་བཟང་། །གསེར་གླིང་ཡང་ནི་འདུ་བར་
འདོད། །ཡི་དྭགས་གནས་ནི་ཡི་དྭགས་གྲོང་། །གྲི་ཧ་དེ་ཝའང་འདུ་བའོ། །གཞན་གཉིས་ཉེ་བའི་འདུ་བའོ། །ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ནི། འདུ་བ་ལྕགས་པའི་བྲང་ཉིད་དེ། །ཉེ་བའི་འདུ་བ་གསེར་གླིང་ངོ་། །ཀོངྐ་ཎ་དང་འབིགས་བྱེད་བསྟན། །དེ་ལ་ཡི་དྭགས་ཀྱི་

གྲོང་དང་། གྲི་ཧ་དེ་ཝ་ཏཱ་འདིར་ཡང་འདུ་བ་ཉིད་ཀྱིས་ལེགས་པར་བསྡུས་སོ། །སཽ་རཱཥྚ་དང་གསེར་གླིང་ཡང་འདུན་རྟོག་དང་ཉེ་བའི་འདུན་རྟོག་ཉིད་ཀྱིས་བསྟན་ནོ། །ཕྱག་རྒྱ་ཆེན་པོ་ཐིག་ལེར་ཡང་ཉེ་བའི་འདུ་བ་ཉིད་ཀྱིས་གང་བཤད་པ། ཀོངྐ་ཎ་དང་འབིགས་བྱེད་དེ་དག་ཀྱང་
འདིར་ཉེ་བའི་འདུན་རྟོག་དང་འཐུང་གཅོད་ཉིད་ཀྱིས་བསྟན་ཏོ། །དེའི་ཕྱིར་བརྟག་པ་གཉིས་པ་ལས། ཉེ་བའི་འདུ་བར་བསྟན་པ་རྒྱུད་གཞན་གྱི་རྗེས་སུ་འབྲང་བར་བྱའོ། །འཐུང་གཅོད་གྲོང་གི་མཐར་གནས་པ། །འཐུང་གཅོད་ན་ག་ར་ཡང་ངོ་། །ཞེས་དང་། གྲོང་གི་མཐའི་ས་ནི་ན་ག་
རའི་མཐའི་སའོ། །ཙ་རི་ཏྲ་ཡང་ཙ་རི་ཏྲའི་གནས་སོ། །འབིགས་བྱེད་ནི་འབྲོག་དགོན་པའོ། །གཞོན་ནུ་མའི་གྲོང་ནི་གཞོན་ནུ་མའི་གནས་སོ། །སམྤུ་ཊར་ནི། བྱེད་པའི་བྲང་དང་ལྕགས་པའི་བྲང་། །ཧ་རི་ཀེ་ལ་འབིགས་བྱེད་དང་། །གཞོན་ནུའི་གྲོང་དང་རྣམ་པ་ལྔ། །འཐུང་གཅོད་དུ་ནི་ཡང་
དག་བརྗོད། །འདིར་ནི་འདི་དག་ཞིང་དུ་བསྟན་ཏོ། །ཧ་རི་ཀེ་ལ་ནི་ཙྪནྡོ་ཧ་ཉིད་དོ། །ཉེ་བའི་འཐུང་གཅོད་ནི་དེའི་མཐའི་གནས་སོ། །འཐུང་གཅོད་དེ་དང་ཉེ་བའི་སའོ། །ཕྱག་རྒྱ་ཆེན་པོ་ཐིག་ལེར་ནི་རྣམ་པ་ལྔ་འཐུང་གཅོད་དང་ཁ་ཆེའི་དཀྱིལ་འཁོར་དང་མོན་གྱི་དཀྱིལ་འཁོར་དང་ཉེ་བའི་འཐུང་གཅོད་དང་
བལ་པོ་དང་ཀ་ནྱཱ་ཀུཔྫ་ཞེས་མངོན་པར་བརྗོད་དོ། །ཡི་དྭགས་འདུས་པ་ཞེས་པ་དུར་ཁྲོད་ཀྱི་ས་སྟེ་དུར་ཁྲོད་དོ། །རྒྱ་མཚོའི་འགྲམ་ཡང་རྫིང་བུའི་འགྲམ་རིང་པོའོ། །ཕྱག་རྒྱ་ཆེན་པོ་ཐིག་ལེར་ཡང་འདིར་ནི་དུར་ཁྲོད་གཉིས་སོ། །ཉེ་བའི་དུར་ཁྲོད་ནི་ཙ་རི་དང་གཞོན་ནུའི་གྲོང་ཞེས་བསྟན་ཏོ། །སམྤུ་
ཊའི་རྒྱུད་ཀྱི་རབ་ཏུ་བྱེད་པ་ལས་ན་ག་ར་དང་སིནྡྷུ་དུར་ཁྲོད་དུ་བསྟན་པ་མ་ཡིན་ན། མ་རུ་དང་ཀུ་ལུ་ཏཱ་དག་ཉེ་བའི་དུར་ཁྲོད་དུ་བཤད་ཅེ་ན། ལཱུ་ཡཱི་ཞབས་ཀྱི་མངོན་པར་རྟོགས་པ་ལས་ཀྱང་དཀྱིལ་འཁོར་གྱི་འཁོར་ལོ་དང་ལུས་ལ་དེ་བཞིན་ཁོ་ནར་རྣམ་པར་གཞག་གོ། །སམྤུ་ཊའི་ཐིག་ལེ་ལས་
ནི། སིནྡྷུ་ན་ག་ར་དུར་ཁྲོད། །ཉེ་བའི་དུར་ཁྲོད་ཡི་དྭགས་འདུས། །དེ་བཞིན་རྒྱ་མཚོའི་འགྲམ་ཡང་ངོ་། །སྐྱེད་ཚལ་རྫིང་བུའི་འགྲམ་ཡང་ནི། །ཉེ་བའི་དུར་ཁྲོད་རྣམ་པར་བཤད། །འདི་ཡང་རྒྱུ་དང་རྒྱུད་གཉིས་ཀྱི་དོན་རབ་ཏུ་གསལ་བ་ཉིད་ཀྱིས་གཉིས་ཀ་ཡང་དག་པར་བསྡུས་པས་བཤད་

པར་ནུས་ཏེ། བླ་མ་རྣམས་ཀྱིས་མན་ངག་སྙེ་མ་ལས། སིནྡྷུ་དང་ན་ག་ར་དག་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཉིད་དང་མ་རུ་དང་ཀུ་ལ་ཏཱ་དག་གཙོ་བོ་ཉིད་ཀྱིས་ཡི་དྭགས་འདུས་པ་དང་། རྒྱ་མཚོའི་འགྲམ་དག་དང་སྐྱེད་ཚལ་རྫིང་བུའི་འགྲམ་དག་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དུ་བཤད་པ་ཡང་
དགོངས་པ་ཅན་དུ་བཤད་དེ། གང་གི་ཕྱིར་འདི་དག་ཏུ་འགའ་ཞིག་གི་ཚེ་ལྷ་དང་རྣལ་འབྱོར་མ་རྣམས་འདྲེས་པ་དེ་ཉིད་ཀྱི་ཕྱིར་ཕྱི་ནས་འདི་བསྟན་ཏེ། གཙོ་བོར་པུལླཱི་ར་མཱ་ལ་ཡ་སོགས་པ་གནས་ཉི་ཤུ་རྩ་བཞིའི་ནང་དུ་འདུས་པ་པུལླཱི་ར་མཱ་ལ་ཡ་ལ་སོགས་པའི་ཡུལ་དུ་བྲམ་ཟེ་ལ་སོགས་པའི་སྐྱེ་
གནས་སུ་སྐྱེས་པའི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱང་ངོ་ཞེས་སོ། །དེའི་ཕྱིར་བདེ་མཆོག་གི་རབ་ཏུ་བྱེད་པ་ལ། ཕྱི་དང་ནང་དུ་ཡང་གནས་ལ་སོགས་པའི་རྣམ་པར་གཞག་པ་མཚོན་པར་བྱེད་དོ། །དེ་བཞིན་རྒྱུད་གཞན་རྣམས་ལས་ཀྱང་གནས་ལ་སོགས་པ་ཕྱི་དང་ནང་དང་གཞན་དུ་ཡང་
རྣམ་པར་གཞག་གོ། །རི་གི་ཨཱ་རལླིའི་རྒྱུད་ལས་ཀྱང་། ཤར་གྱི་ལུས་འཕགས་འཛམ་བུ་གླིང་། །ནུབ་ཀྱི་བ་གླང་སྤྱོད་དང་ནི། །བྱང་གི་སྒྲ་མི་སྙན་ཡང་གནས། །གནས་བཞིར་ལྷ་མོ་བཞི་རྣམས་ཏེ། །རི་རབ་རྩེ་མོར་རི་གི་གནས། །ཞེས་གསུངས་སོ། །ཐམས་ཅད་དུ་
བཤད་ཅེས་པ་ངེས་པའི་རྣམ་པའི་ངོ་བོར་བལྟ་བར་བྱའོ། །གཞན་ཡང་གདུལ་བྱ་དང་རྗེས་སུ་མཐུན་པར་བརྩེ་བའི་རང་བཞིན་གྱིས་བཅོམ་ལྡན་འདས་ཀྱི་སྐུ་བསྟན་པ་ནི་རྣམ་པ་སྣ་ཚོགས་སོ། །གདུལ་བྱ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོའི་ཆུང་ངུ་དང་ཆེན་པོའི་འབྲིང་དང་ཆེན་པོའི་ཆེན་
པོའི་དབྱེ་བས་སོ། །དེ་ལ་ཆུང་ངུའི་དབང་དུ་བྱས་ནས་ཕྱིའི་གནས་ལ་སོགས་པ་བསྟན་པ་དེ་བཞིན་དུ་ཡང་། དྲི་མ་མེད་པའི་འོད་ལས་གསུངས་པ། འདིར་ཐུན་མོང་གི་ཡུལ་དུ་འཁྱམ་པར་བྱ་བའི་དོན་དུ་ཛཱ་ལནྡྷ་ར་ལ་སོགས་པ་རྣམས་གནས་ལ་སོགས་པ་ཉིད་དུ་གསུངས་སོ། །དེ་ཡང་
ཐམས་ཅད་དུ་ཁྱབ་པར་བྱེད་པར་མི་འགྱུར་ཏེ། བྲམ་ཟེ་དང་རྒྱལ་རིགས་དང་རྗེ་རིགས་དང་དམངས་རིགས་རྣམས་ཀྱི་ཁྱིམ་དུ་སྐྱེས་པའི་རྡོ་རྗེ་མཁའ་འགྲོ་རྣམས་གྲོང་ཁྱེར་གཅིག་ན་ཡང་གནས་པས། བོད་དང་རྒྱ་ནག་ལ་སོགས་པའི་ཡུལ་ན་ཡང་གནས་ལ་སོགས་པ་ཡོད་དོ། །དེ་རྣམས་

ཀྱང་བསྡུས་པའི་རྒྱུད་ཀྱི་ནང་ནས་བསྟན་ཏོ། །རྒྱུད་རྒྱས་པའི་ནང་དུ་ནི་ཡུལ་ཐམས་ཅད་དང་གྲོང་ཁྱེར་ཐམས་ཅད་དུ་གནས་ལ་སོགས་པ་བཤད་དོ། །འབྲིང་གི་དབང་དུ་བྱས་ནས་ཀྱང་གཞལ་ཡས་ཁང་གི་ས་ལ་གནས་ལ་སོགས་པ་དཀྱིལ་འཁོར་པའི་ལྷ་མོ་རྣམས་སུ་རྣམ་
པར་གཞག་གོ། །དཔེར་ན་དཔལ་སྡོམ་པའི་དཀྱིལ་འཁོར་དུ་རྡོ་རྗེ་ཕྲེང་བ་སྔོན་པོས་བསྐོར་བའི་རྩིབས་བརྒྱད་སྔོན་པོར་དང་པོ་ཐུགས་ཀྱི་འཁོར་ལོའི་ཤར་དང་བྱང་དང་། ནུབ་དང་ལྷོའི་རྩིབས་རྣམས་ལ། པུལླཱི་ར་མཱ་ལ་ཡ། ཛཱ་ལནྡྷ་ར། ཨོ་ཌི་ཡ་ཎ། ཨརྦུ་ད་གནས་ཀྱི་རང་བཞིན་རྣམས་སུ།
རབ་གཏུམ་མ། གཏུམ་མིག་མ། འོད་ལྡན་མ། སྣ་ཆེན་མ་རྣམས་སོ། །མེ་དང་། བདེན་བྲལ་དང་། རླུང་དང་། དབང་ལྡན་རྣམས་སུ་གོ་དཱ་ཝ་རཱི། རཱ་མེ་ཤྭ་ར། དེ་ཝཱི་ཀོ་ཊ། མཱ་ལ་ཝ་སྟེ་ཉེ་བའི་གནས་ཀྱི་བདག་ཉིད་རྣམས་སུ། དཔའ་བོའི་བློ་ཅན་མ་དང་། མིའུ་ཐུང་མ་དང་། ལངྐའི་དབང་ཕྱུག་
མ་དང་། ཤིང་གྲིབ་མ་རྣམས་སོ། །པདྨ་དམར་པོའི་ཕྲེང་བས་ཡོངས་སུ་བསྐོར་བ་རྩིབས་བརྒྱད་དམར་པོ་གཉིས་པ་གསུང་གི་འཁོར་ལོའི་ཤར་དང་བྱང་ཀཱ་མ་རཱུ་པ་དང་ཨོ་ཏྭེ་སྟེ། ཞིང་དག་ཏུ་ས་སྲུང་མ་དང་། འཇིགས་བྱེད་ཆེན་མོ་དག་གོ། །ནུབ་དང་ལྷོ་ཏྲི་ཤ་ཀུ་ནི་དང་ཀོ་ཤ་ཀུ་ནི་དང་ཀོ་ཤ་ལ་ཉེ་བའི་ཞིང་དག་ཏུ་
རླུང་ཤུགས་མ་དང་། ཆང་འཐུང་མ་དག་གོ། །མེ་དང་། བདེན་བྲལ། ཀ་ལིངྒ་དང་། ལམྤཱ་ཀ་ཙྪནྡོ་ཧ་དག་ཏུ། སྔོ་བསངས་ལྷ་མོ་དང་། ཤིན་ཏུ་བཟང་མོ་དག་གོ། །རླུང་དང་དབང་ལྡན་ཀཱཉྩཱི་དང་། ཧི་མཱ་ལ་ཡ་ཉེ་བའི་འདུན་རྟོག་དག་ཏུ། རྟའི་རྣ་བ་མ་དང་། མཁའ་འགྲོ་གདོང་མ་དག་གོ། །རྡོ་རྗེ་ཕྲེང་བ་
དཀར་པོས་ཡོངས་སུ་བསྐོར་བ་རྩིབས་བརྒྱད་དཀར་པོ་གསུམ་པ་སྐུའི་འཁོར་ལོའི་ཤར་དང་བྱང་། པྲེ་ཏ་པུ་རཱི་དང་། གྲི་ཧ་དེ་ཝ་ཏཱ་འདུ་བ་དག་ཏུ། འཁོར་ལོའི་ཤུགས་མ་ཅན་དང་། དུམ་སྐྱེས་མ་དག་གོ། །ནུབ་དང་ལྷོ་སཽ་རཱཥྚ་ར་དང་། གསེར་གླིང་ཉེ་བའི་འདུ་བ་དག་ཏུ། ཆང་འཚོང་མ་དང་། འཁོར་ལོའི་གོ་
ཆ་མ་དག་གོ། །མེ་དང་བདེན་བྲལ་ན་ག་ར་དང་། སིནྡྷུ་དུར་ཁྲོད་དག་ཏུ་ཤིན་ཏུ་དཔའ་མོ་དང་། སྟོབས་ཆེན་མ་དག་གོ། །རླུང་དང་དབང་ལྡན་མ་རུ་དང་། ཀུ་ལ་ཏཱ་ཉེ་བའི་དུར་ཁྲོད་དག་ཏུ་འཁོར་ལོས་སྒྱུར་མ་དང་། བརྩོན་འགྲུས་ཆེན་མོ་དག་གོ། །རབ་གཏུམ་མ་ལ་སོགས་པའི་ལྷ་མོ་འདི་རྣམས་ཀྱང་རང་རང་

གི་རྟེན་གྱི་འཁོར་ལོ་དང་ཁ་དོག་མཚུངས་པ་ཞལ་གཅིག་སྤྱན་གསུམ་མ། གདོང་མཆེ་བ་གཙིགས་པ། དཔྲལ་བར་རྡོ་རྗེའི་ཕྲེང་བས་མཚན་པ། སྐྲ་གྲོལ་བ། ཕྱག་གཉིས་ཀྱི་གཡོན་པས་ཁྲག་གིས་གང་བའི་ཐོད་པ། གཡས་པས་གདུག་པ་སྡིགས་པར་བྱེད་ཅིང་གྲི་གུག་
འཛིན་པ། གཅེར་བུ་གཡས་བརྐྱང་གི་སྟབས་ཀྱིས་གནས་པ། ཕྱག་རྒྱ་ལྔ་འཛིན་ཅིང་། འཛག་པའི་མགོ་བོའི་ཕྲེང་བ་ཅན་དུ་བསམ་པར་བྱའོ། །ཆེན་པོའི་ཆུང་ངུའི་དབང་དུ་བྱས་ནས་ལུས་ལ་གནས་ལ་སོགས་པ་བསྟན་ཏེ། དཔེར་ན་སྡོམ་པའི་དཀྱིལ་འཁོར་བཞིན་ནོ། །
པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏཱི་ཀོ་ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ་ནཱ་སི་མ་ཀུ་སྤྱི་བོ་པུལླཱི་ར་མཱ་ལ་ཡར་རབ་གཏུམ་མའོ། །སྤྱི་གཙུག་ཛཱ་ལནྡྷ་རར་གཏུམ་མིག་མའོ། །རྣ་བ་གཡས་པ་ཨོ་ཌི་ཡ་ནར་འོད་ལྡན་མའོ། །ལྟག་པ་ཨརྦུ་དར་སྣ་ཆེན་མ་སྟེ་གནས་སོ། །རྣ་བ་གཡོན་པ་གོ་དཱ་ཝ་རཱིར་དཔའ་
བོའི་བློ་ཅན་མའོ། །སྨིན་མའི་དབུས་རཱ་མེ་ཤྭ་རིར་མིའུ་ཐུང་མའོ། །མིག་གཉིས་དེ་ཝཱི་ཀོ་ཊར་ལངྐའི་དབང་ཕྱུག་མའོ། །ཕྲག་པ་གཉིས་མཱ་ལ་ཝར་ཤིང་གྲིབ་མ་སྟེ་ཉེ་བའི་གནས་སོ། །མཆན་ཁུང་གཉིས་ཀཱ་མ་རཱུ་པར་ས་སྲུང་མའོ། །ནུ་མ་ཟུང་ཨོ་ཏྲེར་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ་། །
ལྟེ་བ་ཏྲི་ཤ་ཀུ་ནིར་རླུང་ཤུགས་མའོ། །སྣ་རྩེ་ཀོ་ས་ལར་ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ་། །ཁ་ཀ་ལིངྒར་སྔོ་བསངས་ལྷ་མོའོ། །མགྲིན་པ་ལམྤཱ་ཀར་ཤིན་ཏུ་བཟང་མོ་སྟེ་འདུན་རྟོག་གོ། །སྙིང་ཀཱཉྩིར་ར་རྟའི་རྣ་བ་མའོ། །མདོམས་པར་ཧི་མཱ་ལ་ཡར་བྱ་གདོང་མ་སྟེ་ཉེ་བའི་འདུན་རྟོག་གོ། །མཚན་
མ་པྲེ་ཏ་པུ་རིར་འཁོར་ལོའི་ཤུགས་ཅན་མའོ། །བཤང་ལམ་གྲི་ཧ་དེ་ཝར་དུམ་སྐྱེས་མ་སྟེ་འདུ་བའོ། །བརླ་གཉིས་སཽ་རཱཥྚར་ཆང་འཚོང་མའོ། །བྱིན་པ་གཉིས་གསེར་གླིང་དུ་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུ་བའོ། །སོར་མོ་ན་ག་རར་ཤིན་ཏུ་དཔའ་མོའོ། །རྐང་པའི་བོལ་སིནྡྷུ་ར་སྟོབས་ཆེན་མ་སྟེ་
དུར་ཁྲོད་དོ། །མཐེ་བོང་མ་རུར་འཁོར་ལོས་སྒྱུར་མའོ། །པུས་མོ་གཉིས་ཀུ་ལུ་ཏཱར་བརྩོན་འགྲུས་ཆེན་མོ་སྟེ་ཉེ་བའི་དུར་ཁྲོད་དོ། །འདི་ལ་འདི་ནི་མན་ངག་ཡིན་ཏེ། པུཾ་ཛཱཾ་ཞེས་པ་ལ་སོགས་པ་ཐམས་ཅད་རྗེས་སུ་ང་རོ་དང་བཅས་པ་ངེས་པ་ཉིད་དོ། །པུཾ་ཡི་གེ་ལ་སོགས་པའི་ཡི་གེ་ཡོངས་སུ་

གྱུར་པ་ལས་འཁོར་ལོའི་རྩིབས་རྣམས་ཀྱི་སྟོང་པའི་ནང་དུ་གནས་ལ་སོགས་པའི་གནས་རྣམས་སྤྱི་བོ་ལ་སོགས་པ་རྣམས་སུ་བལྟ་བར་བྱའོ། །གནས་ལ་སོགས་པ་དེ་རྣམས་སུ་དེ་དེའི་གནས་སུ་སོན་པའི་རྩ་རྣམས་དེ་དང་དེའི་ལྷའི་གཟུགས་ཀྱིས་ཡོངས་སུ་གྱུར་པ་རྣམ་པར་
གཞག་སྟེ་བསྒོམ་པར་བྱའོ། །དཔེར་ན་ཕྱི་རོལ་དུ་གནས་ལ་སོགས་པ་དང་ཉེ་བར་གནས་པའི་ཆུ་ཀླུང་གི་ཆུ་ཡིས་གསོ་བར་བྱེད་པ་དེ་བཞིན་དུ། ལུས་ལ་ཡང་རྩ་རྣམས་ཀྱིས་སེན་མོ་ལ་སོགས་པ་གསོ་བར་བྱེད་དོ་ཞེས་པ་མཚུངས་པ་ཉིད་དོ། །ཆེན་པོའི་འབྲིང་གི་དབང་དུ་བྱས་ནས་བསྐྱེད་པའི་
རིམ་པས་ས་བོན་གྱི་ཡི་གེ་ལ་སོགས་པ་མེད་པར་ཡང་། ལུས་ལ་ཇི་ལྟར་གནས་པའི་སྤྱི་བོ་ལ་སོགས་པ་གནས་ལ་སོགས་པ་དེ་དང་དེར་སོན་པ་རྩའི་རང་བཞིན་རྣམས་རྡོ་རྗེ་ལྷ་མོ་རྣམས་སོ་ཞེས་ལྷག་པར་མོས་པའི་དོན་དུ་རྣམ་པར་གཞག་གོ། །ཆེན་པོའི་ཆེན་པོའི་དབང་དུ་བྱས་ནས་བསྐྱེད་
པའི་གནས་ཁོ་ན་ནང་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་ལུས་ལ་སོགས་པ་སོ་སོར་སྣང་བའི་རང་བཞིན་གནས་པ་ས་དང་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དོ། །དཀྱིལ་འཁོར་གྱི་འཁོར་ལོ་བདག་ལ་བསྲེ་བ་དེའི་དབང་དུ་བྱས་ནས་གསུངས་ཏེ། ཡེ་ཤེས་ཆེན་པོ་རང་
ལུས་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ཞེས་དང་། ས་བཅུའི་དབང་ཕྱུག་མགོན་པོ་སྟེ། །འདི་རྣམས་གཞན་གྱི་བརྗོད་མི་བྱ། །ཞེས་སོ། །དཔལ་ལྡན་མངོན་པར་བརྗོད་པ་ཕྱི་མའི་རྒྱུད་དུ་ཡང་གསུངས་པ། འདི་ཉིད་མཁའ་འགྲོ་མ་ཀུན་གྱི། །ངེས་པར་གནས་པ་སྙིང་བརྩེར་
ལྡན། །འདི་ཉིད་རྫོགས་སངས་རྒྱས་ཀུན་དང་། །བྱང་ཆུབ་སེམས་དཔའོ་འགྲོ་བ་གསུམ། །ཉི་ཤུ་རྩ་བཞིའི་དབྱེ་བ་ཡིས། །གནས་སོགས་ཉིད་དུ་ཡང་དག་གནས། །དེའི་ཕྱིར། དེ་ཉིད་ལྡན་ན་དེར་འཁྱམས་པས། །ངལ་བར་འགྱུར་གྱི་དགོས་པ་མེད། །གལ་ཏེ་དེ་ཉིད་མེད་གྱུར་ན། །
དེ་རྣམས་བསྐོར་བས་ཅུང་ཟད་མིན། །གལ་ཏེ་དེ་ཉིད་ལྡན་གྱུར་ན། །དེ་རྣམས་བསྐོར་ཡང་ཅི་ཞིག་དགོས། །ཕྱི་རོལ་རྣལ་འབྱོར་པ་དེ་རྣམས། །བསྐོར་བས་ཁམས་རྣམས་ཟད་པར་འགྱུར། །དེ་ཕྱིར་ཕྱི་རོལ་རྣམ་སྤངས་ནས། །རྣལ་འབྱོར་རོལ་པས་གནས་པར་བྱ། །རྣམ་དག་ཡེ་ཤེས་སྤྱན་

ལྡན་པའི། །རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས། །དཔལ་ལྡན་རྣལ་འབྱོར་ཅན་རྣམས་ལ། །རིང་ནས་ཐུགས་རྗེའི་ཐུགས་ཀྱིས་གཟིགས། །དངོས་གྲུབ་མཆོག་ནི་བཞི་རྣམས་ཀྱང་། །དེ་རྣམས་ལ་ནི་ཅི་འདོད་སྩོལ། །དེས་ན་རྗེ་བཙུན་ཡེ་ཤེས་ནི། །རབ་ཏུ་འབད་པས་བསྒྲུབ་པར་བྱ། །
སྣ་ཚོགས་རྩོལ་བ་དང་ལྡན་པ། །སྤྱོད་པའི་བརྟུལ་ཞུགས་སུ་ནི་བརྗོད། །སྤྱོད་པའི་བརྟུལ་ཞུགས་འདི་ཉིད་ནི། །བརྟུལ་ཞུགས་དེ་ཉིད་དགའ་བས་བྱ། །རྣམ་པ་གང་དེས་བྱས་ནས་ནི། །ཟས་དང་གནས་ཀྱི་བརྟུལ་ཞུགས་ལྡན། །བསམ་གཏན་ཟས་མཆོག་གྱུར་པ་ཡི། །སྨྱོ་
མེད་སེམས་ཀྱིས་གནས་པར་བྱ། །གཅེར་བུའམ་གལ་ཏེ་གཅེར་བུ་མིན།། གང་དེར་ཇི་ལྟར་དེ་བཞིན་དུ། །རང་གི་ལྷག་པའི་ལྷ་དམིགས་ནས། །དེ་ཉིད་གཅིག་ཏུ་རྣམ་པར་བསམ། །ཟླ་དྲུག་ཙམ་གྱིས་དེ་ཉིད་ནི། །ལྐུགས་པར་གྱུར་ཀྱང་དབང་དུ་འགྱུར། །རྣལ་འབྱོར་ཆེ་དང་
རྣལ་འབྱོར་མའི། །གཟུགས་ཀྱིས་དེ་ལ་གསལ་བར་བྱེད། །ཡེ་ཤེས་གསལ་བ་མཆོག་མཐོང་ནས། །རྣལ་འབྱོར་ཅན་རྣམས་ཉེ་བར་གནས། །ཇི་ལྟར་པད་མཚོ་ཉམས་དགའ་བར། །ངང་པའི་ཚོགས་ནི་འཇུག་པ་བཞིན། །དཔལ་ལྡན་རྡོ་རྗེ་འཛིན་པ་ནི། །འདི་ལ་མངོན་གྱུར་ཐེ་ཚོམ་
མེད། །མིག་འཕྲུལ་བཞིན་དུ་འཇིག་རྟེན་དུ། །སེམས་ཅན་ཀུན་དོན་བྱེད་པ་པོ། །དེ་ལྟར་བདག་དང་སེམས་ཅན་དོན། །དག་པའི་སེམས་ཀྱིས་བྱེད་པ་ཉིད། །ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར། ཆུང་ངུ་ལ་སོགས་པ་རྣམས་ལ། གནས་ལ་སོགས་པ་བསྟན་པ་ཡང་། དྲང་བའི་དོན་ཏོ། །
རབ་ཏུ་དགའ་བ་ལ་སོགས་པའི་རང་བཞིན་ཉིད་གནས་ལ་སོགས་པ་ནི་ངེས་པའི་དོན་ཏོ། །གང་ཡང་ཕྱི་རོལ་དང་དཀྱིལ་འཁོར་གྱི་འཁོར་ལོ་དང་། ལུས་ལ་ཡང་རབ་ཏུ་དགའ་བ་ལ་སོགས་པའི་རྣམ་པར་གཞག་པ་དེའང་དྲང་བའི་དོན་ཏོ། །ཅི་ལྟར་དེ་དང་དེར་ལྷག་པར་མོས་པ་
ལས་དེ་དང་དེ་འཇིག་རྟེན་ལས་འདས་པའི་སར་གསལ་བར་འགྱུར་བའི་ཕྱིར་འབད་པར་བྱེད་དོ་ཞེས་པ་སྟེ་སྤྲོས་པས་ཆོག་གོ། །ད་ནི་སུམྤུ་ཊའི་ཐིག་ལེ་ལ་སོགས་པའི་རྒྱུད་ལས་གསུངས་པའི་རྣལ་འབྱོར་མ་རྣམས་ཀྱི་ཕལ་ཆེར་འདུ་བའི་གནས་དང་ཤིང་ལ་སོགས་པ་ལ་གནས་པ་བརྗོད་པར་བྱ་

སྟེ། དེ་ལ། བི་ར་ཛར་ནི་ཙཱུ་ཏའི་ཤིང་། །འདུ་གནས་ལྷ་མོ་ཨཾ་བི་ཀ། །ཞིང་སྐྱོང་ཨ་ན་ལ་ཞེས་བྱ། །ཀོངྒ་ཎར་ནི་ཟླ་འཁྲི་ཤིང་། །ཞེས་བསྟན་ངེས་པར་བསམ་པར་བྱ། །ཙ་རི་ཏྲར་ཤིང་ཀ་རཉྫ། །ལྷ་མོ་ཀ་རཉྫར་གནས་མ། །ཞིང་སྐྱོང་
དྲིལ་བུ་ཆེན་པོའོ། །དེ་བཱི་ཀོཊྛར་བྷ་ཊའི་ཤིང་། །ལྷ་མོ་ཀརྞ་མོ་ཊཱིའོ། །ཧ་རི་ཀེ་ལར་ཨ་རུ་རའི་ཤིང་། །ཨོ་ཌི་ཡ་ནར་མྱ་ངན་མེད་ཤིང་། །གང་དེར་ལྷ་མོ་གསང་བ་མ། །ཞིང་སྐྱོང་སྟོབས་པོ་ཆེ་ཞེས་བྱ། །ཛཱ་ལནྡྷ་རར་གསེར་ཤིང་སྟེ། །གང་དེར་ལྷ་མོ་གཏུམ་མོ་སྟེ། །
ཞིང་སྐྱོང་ཛ་ནེ་ཏཱ་ཞེས་བྱ། །སམྤུ་ཊ་ཡི་ཐིག་ལེ་ལས། །བི་ར་ཛ་སོགས་ཉེ་བར་མཚོན། །རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་རྒྱུད་ལས་གསུངས་པའི་གནས་རྣམས་སོ། །དེ་ལ་པུརྣ་གི་རི་དང་། །རི་ཡི་རྩེ་མོ་འདུ་བའི་གནས། །གང་དེར་ལྷ་མོ་དཔལ་ཆེན་མོ། །
ཞིང་སྐྱོང་མེ་ཡི་གདོང་པ་ཅན། །མཆོག་ལྡན་དུ་ནི་ཏཱ་ལའི་ཤིང་། །གང་དེར་ལྷ་མོ་བདེ་བྱེད་མ། །ཞིང་སྐྱོང་གྱེན་དུ་སྐྲ་བརྫེས་པའོ། །དམར་སེར་གྲོང་དུ་ཤིང་རལ་ཅན། །གང་དེར་ལྷ་མོ་དམར་སེར་མ། །ཞིང་སྐྱོང་བྱིན་པ་ཆེན་པོའོ། །ཨེ་ལཱའི་གྲོང་དུ་ཨ་ཡ་ཏ་ན། །
གང་དེར་ལྷ་མོ་བོང་གནས་མ། །ཞིང་སྐྱོང་གླང་པོའི་རྣ་བའོ། །ཁ་ཆེའི་རི་ཡི་རྩེ་མོ་ནི། །གང་དེར་ལྷ་མོ་གོ་ཀརྞྞ། །ཞིང་སྐྱོང་བྱིན་པའི་རྩ་ཅན་ནོ། །མྱ་ངམ་གྱི་ནི་གནས་ཆེན་པོ། །གང་དེར་ལྷ་མོ་ཀྲ་མ་ཎཱི། །ཞིང་སྐྱོང་གཙིགས་བཞེས་བྱའོ། །སྐྱ་བོའི་བུ་ཡི་སྦ་ཡི་དོང་། །གང་དེར་
ལྷ་མོ་རོ་ལངས་མ། །ཞིང་སྐྱོང་བྱིན་སྤུ་ཅན་ཡིན་ནོ། །བུ་རམ་ཤིང་འཕེལ་གྲོང་གི་གནས། །གང་དེར་ལྷ་མོ་ཙཱ་མུཎྜཱི། །ཞིང་སྐྱོང་བུམ་པ་ཅན་ཞེས་བྱ། །རྒྱལ་བྱེད་ཁང་པ་བརྩེགས་པ་ནི། །གང་དེར་ལྷ་མོ་རབ་དངས་མ། །ཞིང་སྐྱོང་རལ་པ་གསུམ་པའོ། །པྲིཥྞཱའི་གྲོང་གི་
གནས་ཁྱད་པར། །གང་དེར་ལྷ་མོ་གློག་གདོང་མ། །ཞིང་སྐྱོང་དྲིལ་བུའི་སྒྲ་ཅན་ནོ། །ས་པཱ་རིའི་ཤིང་ཤཱལྨ་ལཱི། །གང་དེར་ལྷ་མོ་མེ་གདོང་མ། །ཞིང་སྐྱོང་ལྷ་ནི་ཆེན་པོའོ། །འོ་མ་ཅན་གྱི་ཤིང་ཤཱ་ལ། །གང་དེར་ལྷ་མོ་འཇིག་རྟེན་ཡུམ། །སྒྱུ་མའི་གྲོང་གི་ཤཱ་ཁོ་ཊ། །གང་

དེར་ལྷ་མོ་འོད་ལྡན་མ། །ཞིང་སྐྱོང་འཇིགས་སྡེ་ཞེས་བྱའོ། །ཨེ་ཀཱ་མཱུ་ཀའི་ཨཱ་མྲ་ནི། །གང་དེར་ལྷ་མོ་ལུས་སྲུལ་མ། །ཞིང་སྐྱོང་བརྟུལ་ཞུགས་ཆེན་པོའོ། །རྒྱལ་པོའི་ཁབ་ཀྱི་གནས་ཁྱད་པར། །གང་དེར་ལྷ་མོ་རྣ་རྒུད་མ། །ཞིང་སྐྱོང་དྲིལ་ཆུང་སྒྲ་ཅན་ནོ། །བོད་ཀྱི་བྲག་གི་རྩེ་
མོ་ནི། །གང་དེར་ལྷ་མོ་ལྷན་སྐྱེས་མ། །ཞིང་སྐྱོང་ལོངས་སྤྱོད་ཅན་ཞེས་བྱ། །མཱ་ལ་བ་ཡི་སྦྲང་རྩིའི་ཤིང་། །གང་དེར་ལྷ་མོ་དབང་བསྐུར་མ། །ཞིང་སྐྱོང་སྐྱེས་པའི་དབང་ཕྱུག་གོ། །དེ་དང་དེ་ཡི་གནས་རྣམས་སུ། །རྡོ་རྗེ་རྣལ་འབྱོར་མ་རྣམས་འདུ། །རྣལ་འབྱོར་ཅན་འདུས་རྗེས་སུ་
འཛིན། །ཞེས་སོ། །དེ་བཞིན་དུ་རྡོ་རྗེ་མཁའ་འགྲོའི་རྒྱུད་དུ་ཡང་། ཞིང་འདི་རྣམས་སུ་བུ་མོ་གང་། །དཔའ་བོ་རྣམས་ལ་གྲུབ་སྦྱིན་མ། །རྟག་ཏུ་རི་ཡི་འགྲམ་དག་ཏུ། །མཚན་མོ་རབ་ཏུ་འདུ་བར་བྱེད། །མཁའ་སྤྱོད་རྣམས་སུ་རྙེད་དཀའ་བ། །དངོས་གྲུབ་ཡངས་པ་སྦྱིན་པར་བྱེད། །
སྒྲུབ་པ་པོ་ལ་ལས་རྣམས་ཀུན། །ཐེ་ཚོམ་མེད་པར་འགྲུབ་པར་བྱེད། །ཅེས་གསུངས་སོ། །རིའི་འགྲམ་ཞེས་པ་ནི་སྒྲུབ་པ་པོའི་ཕྱིར་དུའོ། །མཁའ་སྤྱོད་རྣམས་སུ་ཞེས་པའི་དོན་ཏོ། །དེ་ལྟར་ཆུང་ངུ་རྣམས་ཕྱིའི་གནས་ལ་སོགས་པར་ཡང་དག་པར་སོང་སྟེ་དེ་དང་དེར་སོང་ནས་དེ་དང་དེར་
གནས་པའི་ལྷ་མོ་དང་ཞིང་སྐྱོང་རྣམས་མཆོད་པ་དང་གཏོར་མ་དང་ཉེ་བར་སྤྱོད་པ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་མཉེས་པར་བྱས་ཏེ་གནས་དེ་དང་དེར་གནས་པའི་རྡོ་རྗེ་བཙུན་མོ་རྣམས། བསམ་གཏན་དང་། གཏོར་མ་དང་། མཆོད་པ་དང་། སྔགས་བཟླས་པ་དང་། བསྐོར་
བ་ལ་སོགས་པ་རྣམས་ཀྱིས་ཀུན་ནས་མགུ་བར་བྱའོ། །གང་རྣལ་འབྱོར་པ་འབྲིང་པོ་རྣམས་ཀྱིས་ཕྱིའི་གནས་ལ་སོགས་པ་བསྐོར་བ་ལས་ཕྱིར་ཕྱོགས་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་མངོན་པར་འཇུག་པར་བྱེད་དོ། །གང་ཡང་ཆེན་པོའི་ཆུང་ངུ་རྣམས་དཀྱིལ་འཁོར་
གྱི་འཁོར་ལོས་སྒོམ་པ་ལ་མི་ལྟོས་པར། རང་གི་ལུས་ཉིད་ཀྱི་སྤྱི་བོ་ལ་སོགས་པ་རྣམས་སུ་རང་རང་གི་ཡི་གེ་དང་པོ་ཡོངས་སུ་གྱུར་པ་ལས། གནས་ལ་སོགས་པ་དེ་དང་དེར་གནས་པའི་རྩ་དེ་དང་དེར་ལྷའི་གཟུགས་སུ་བསྒོམ་པ་ལ་མངོན་པར་དགའ་བར་བྱེད་དོ། །གང་

ཡང་ཆེན་པོའི་འབྲིང་རྣམས་ས་བོན་གྱི་ཡི་གེ་ལ་ལྟོས་པ་མེད་པ་ཉིད་དུ་བསྐྱེད་པའི་རིམ་པས་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ། དེ་དང་དེར་གནས་པའི་རྩ་རྣམས་རྡོ་རྗེ་ལྷ་མོ་དེ་དང་དེར་ལྷག་པར་མོས་ཏེ། བསྒོམ་པ་ལ་དགའ་བར་བྱེད་
དོ། །གང་ཡང་བློ་གྲོས་ཆེན་པོ་རྣམས། བསྐྱེད་པའི་རིམ་པ་ལ་གནས་ཏེ་རང་གི་སེམས་ཁོ་ན། ལུས་དང་ལོངས་སྤྱོད་ལ་སོགས་པར་སོ་སོར་སྣང་བ་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པའི་གནས་ལ་སོགས་པའི་རང་བཞིན། ས་དང་ཕ་རོལ་ཏུ་ཕྱིན་པའི་
བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་མ་ཚང་བ་མེད་པ་སྒོམ་པར་བྱེད་དོ། །བཤད་པའི་རིམ་པ་དེ་ཐམས་ཅད་ཀྱིས་དཀྱིལ་འཁོར་ཉིད་གནས་ལ་སོགས་པ་དེ་དང་དེར་གནས་པའི་རྡོ་རྗེ་ལྷ་མོ་རྣམས་ཀྱི་རང་བཞིན་དུ་བརྟགས་ཏེ། དེ་དང་དེར་བསྒོམ་
པ་གོམས་པར་བྱའོ། །ཞེས་འདི་ཐམས་ཅད་བདེ་བས་བསྒྲུབ་པར་བྱའོ། །ཇི་ལྟར་རིགས་པར་ཁོ་བོ་ཡིས། །བླ་མའི་མན་ངག་གིས་བསྡུས་ཏེ། །གནས་སོགས་མདོར་བསྡུས་པ་ཡི་ནི། །གཏན་ལ་དབབ་པ་སྐྱོན་མེད་བྱས། །གནས་
སོགས་གཏན་ལ་དབབ་པ་འདི་བཀོད་ལས། །དགེ་བ་ཟླ་མཛེས་ལྟར་མཐོ་གང་ཐོབ་པའི། །བསོད་ནམས་དེ་ཡིས་སྐྱེ་བ་མཐའ་དག་ནི། །གནས་སོགས་དེ་ཉིད་མཐར་ཕྱིན་སངས་རྒྱས་གྱུར། །གནས་ལ་སོགས་པ་གཏན་ལ་དབབ་པ་རྣམ་པར་
གྲགས་པའི་པཎྜི་ཏ་གནས་བརྟན་ཤཱཀྱ་རཀྵི་ཏའི་ཞབས་ཀྱིས་མཛད་པ་འདི་རྫོགས་སོ།། །།ཞེས་པ་འདི་ཉིད་འགྲོ་བ་མཐའ་དག་གི་རྣམ་པར་འདྲེན་པ་ལྷ་དང་བཅས་པའི་སྐྱེ་དགུའི་གཙུག་རྒྱན་དམ་པ་སྤྱན་སྔ་རིན་པོ་ཆེའི་བཀའ་བཞིན་གནམ་ལྷ་བརྒྱད་
གངས་ཀྱི་ར་བས་བསྐོར་བའི་དབུས། རི་འབྲང་རྒྱས་ཀྱི་ངོགས་དཔལ་བདེ་ཆེན་ཡངས་པ་ཅན་གྱི་གཙུག་ལག་ཁང་དུ། ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལས་བསྒྱུར་བའོ།། །།

༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙ་ཏུ་ར་པཱི་ཋ་ཏནྟྲ་རཱ་ཛ་སྱ་སྨྲྀ་ཏི་ནི་བནྡྷ་ནཱ་མ་ཊཱི་ཀཱ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞི་པའི་འགྲེལ་པ་དྲན་པའི་རྒྱུ་མཚན་ཞེས་བྱ་བ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་དུ་ཀུན་ནས་མེ་
ཏོག་འབྲས་བུ་སྣ་ཚོགས་གཟུགས་ལྡན་དུས་མཚུངས་པར། །སྨིན་ཅིང་དག་པའི་དཔལ་འབྲས་ལྗོན་ཤིང་ཤིན་ཏུ་དྲི་ཞིམ་རོར་ལྡན་པའི། །ཡིད་འོང་གྲིབ་མས་མཛེས་པའི་ནགས་ཀྱི་ཚལ་དང་འདྲ་བའི་གདན་བཞི་པ། །ཐུབ་གསུང་རྣམ་པར་བཀོད་པ་རྣམས་ལ་མོས་པས་རྟོགས་བྱ་ལ་ཕྱག་འཚལ། །
བར་བར་དུ་ནི་ཡོན་ཏན་རྒྱས་མིན་ཡང་། །གཞན་དུ་ཀུན་ནས་ཡོན་ཏན་རབ་རྒྱས་པས། །བདུད་རྩི་དུ་མའི་འབྱུང་གནས་གདན་བཞིའི་རྒྱུད། །པད་དང་པདྨའི་རྩ་བ་ལྟ་བུ་སྟེ། །གསེར་གྱི་རི་བོར་གནས་པའི་ལྷ་རྣམས་ཀྱི། །བདུད་རྩི་མྱང་མཐུ་ཅན་གྱིས་འདི་ཡི་དོན། །གསལ་བར་བྱེད་འདོད་ནུས་
དང་ལྡན་ཡིན་གྱི། །མི་འདྲར་སྣང་བ་བདག་གི་སྤྱོད་ཡུལ་གྱི། །ཇི་ལྟར་རི་དྭགས་གླང་ཆེན་ནོར་བུ་ནི། །འཕྲོག་འདོད་མཐུས་སྒྲུབ་ནུས་པ་ཡོད་མིན་པ། །ཉོན་མོངས་དེ་དག་རྡུལ་གྱི་གསེབ་ནས་ནི། །རྩ་ལ་གཅོད་ཅིང་འདི་ནི་རྒྱུ་བ་འདྲ། །འོན་ཀྱང་ཇི་ལྟར་ལྕགས་རྣམས་སྨན་གྱི་མཐུས། །
སྐྱེ་བོས་བཟའ་རུ་རུང་བར་སྙིར་འགྱུར་ལྟར། །བླ་མའི་གསུང་ལ་བརྟེན་ནས་རྣམ་དབྱེ་བའི། །ནུས་པ་ཡོད་པས་འདིར་ནི་དྲང་པོར་བསྲང་། །སེམས་ཅན་བློ་རྣམས་སྣ་ཚོགས་མི་མཐུན་པས། །དེ་རྣམས་མགུ་བར་སུས་ཀྱང་ནུས་མ་ཡིན། །ཉེ་བར་བསྟན་དང་རྗེས་སུ་མཐུན་པ་ཡི། །
དོན་རྣམས་དྲན་པའི་རྒྱུ་མཚན་བྱས་པ་ལ །སྡེབ་སྤྱོར་རྟགས་དང་རྣམ་དབྱེ་ལ་སོགས་ཚིག །ཕྱི་རོལ་ཐ་སྙད་དགའ་བའི་སྐྱེ་བོ་ལ། །རིན་ཆེན་རྒྱུད་འདིའི་དོན་རྣམས་མཛེས་བྱ་བའི། །བློ་ཅན་རྣམས་ཀྱིས་རང་གིས་རྫོགས་པར་མཛོད། །འདིར་རྒྱུད་འབུམ་ཕྲག་བཅོ་བརྒྱད་ཀྱི་སྙིང་
པོར་གྱུར་པ་སྟོང་ཕྲག་བཅུ་གཉིས་པའི་དཔལ་གདན་བཞི་པའི་རྒྱུད་ལས་རྒྱུད་འདི་བཏུས་པ་ཡིན་ཏེ། དེས་ན་སྡུད་པར་བྱེད་པས་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པའི་ཚིག་རྒྱུད་འདིར་དང་པོར་ཉེ་བར་མ་བཀོད་དེ། དེ་ཉིད་དུ་གསུངས་པའི་ཕྱིར་རོ། །དེ་བས་ན་རྣལ་

འབྱོར་མའི་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་མ་ཡི་དྲ་བ་སྡོམ། །ཡེ་ཤེས་དབང་ཕྱུག་སྟོང་པ་ཅན། །ཐམས་ཅད་མཁྱེན་པས་འདི་སྐད་གསུངས། །ཞེས་བྱ་བར་སྦྱར་ཏེ། འདི་སྐད་ཅེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་
མངོན་པར་བསྟོད་དོ་ཞེས་བྱ་བའི་མཐར་ཐུག་པའི་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་བདག་ཉིད་ཀྱི་རྒྱུད་མཐའ་དག་གཟུང་བའི་ཚིག་གོ། །གསུངས་ཞེས་བྱ་བ་ནི་རྒྱུད་ཕྱིན་ཅི་མ་ལོག་པར་གསུངས་པ་སྟེ། ཇི་ལྟ་བ་བཞིན་དུ་བསྟན་ཅིང་གསལ་བར་མཛད་པའོ། །དེ་
ནས་ནི་རྗོད་པར་བྱེད་པའི་རྒྱུད་བསྟན་ནོ། །གསང་བ་བསྟན་པའི་མཚན་ཉིད་རྣམས། །ཞེས་བྱ་བ་ལ་སོགས་པས་ནི་བརྗོད་པར་བྱ་བ་བསྟན་ཏེ། དེ་དག་གིས་ནི་རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བའི་འབྲེལ་པ་ཡང་བསྟན་པར་བལྟའོ། །འདིར་དགོས་བདེ་ལྷར་མངོན་དུ་བྱས་
པ་ཡིན་ལ། དེའི་དགོངས་པ་ནི་འགྲོ་བ་རྣམས་རྗེས་སུ་གཟུང་བ་ཡིན་པར་ཤེས་པར་བྱའོ། །ཇི་ལྟར་ཕྱིན་ཅི་མ་ལོག་པར་བསྟན་ཞེ་ན། ཐམས་ཅད་མཁྱེན་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་ཐམས་ཅད་མི་རྟག་པ་ལ་སོགས་པའི་ཚུལ་གྱིས་ཇི་ལྟ་བ་བཞིན་དུ་མཁྱེན་
པས་ན་ཐམས་ཅད་མཁྱེན་པ་སྟེ་བཅོམ་ལྡན་འདས་སོ། །དེས་ནི་སྟོན་པ་ཕུན་སུམ་ཚོགས་པ་གསུངས་སོ། །དེ་ཉིད་ཀྱི་ཁྱད་པར་གསུངས་པ་རྣལ་འབྱོར་མའི་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། འདིར་ཤེས་རབ་ནི་རང་
བཞིན་མེད་པ་ཡིན་ལ། ཐབས་ནི་ཡོངས་སུ་དག་པའི་སྙིང་རྗེའོ། །དེ་ལྟར་ཡང་། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བྱ་བར་བརྗོད། །གང་ཞིག་དངོས་མེད་ཤེས་རབ་སྟེ། །དངོས་པོའི་མཚན་ཉིད་ཐབས་ཡིན་ནོ། །ཞེས་གསུངས་པས་སོ། །
རྣལ་འབྱོར་དེ་སུ་དག་ལ་ཡོད་པ་དེ་དག་ནི་རྣལ་འབྱོར་མའོ། །དྲ་བ་ནི་དེ་རྣམས་ཀྱི་ཡོངས་སུ་དག་པའི་སྤྲུལ་པའོ། །སྡོམ་པ་ཞེས་བྱ་བ་ལ། སཾ་ནི་འཁོར་བའི་སེམས་ཅན་ཐམས་ཅད་དེ། ཝ་ར་ནི་དེ་རྣམས་ཀྱིས་དེ་དག་སྡོམ་ཞིང་ཀུན་དུ་སྐྱོབ་པ་དེ་ལ་དེ་སྐད་ཅེས་བྱའོ། །

ཡེ་ཤེས་དབང་ཕྱུག་སྟོང་པ་ཅན། །ཞེས་བྱ་བ་ལ། ཡེ་ཤེས་ནི་ཤེས་བྱ་རྣམས་ཤེས་པའོ། །སྟོང་པ་ཅན་ནི་སངས་རྒྱས་རྣམས་ཏེ། བསོད་ནམས་ཆེན་པོའི་ངོ་བོ་ཉིད་རྡོ་རྗེ་འཛིན་པ་ཆེན་པོ་ནི་སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པས་ན། དེ་རྣམས་ཀྱི་དབང་ཕྱུག་གོ། །དེ་
ལྟར་ཡང་གསུངས་པ། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཛིན་ཆེན་གོ་འཕང་ནི། །སངས་རྒྱས་ཐམས་ཅད་འབྱིན་པ་པོ། །དེ་ཉིད་ཆོས་རྣམས་ཆོས་ཉིད་ཡིན། །ཞེས་པས་ན་སངས་རྒྱས་ཐམས་ཅད་ཀྱི་སྐྱེད་པ་པོའོ། །བཅོམ་ལྡན་འདས་ཀྱི་ཁྱད་པར་
བསྟན་པའི་སྒོ་ནས་གནས་ཕུན་སུམ་ཚོགས་པ་གསུངས་པ། གནས་གཙང་མ་ན་བཞུགས་ནས་སུ། །ཞེས་བྱ་བ་ལ་གཙང་མ་ནི་ལྷ་རྣམས་སོ། །དེ་དག་བསྲུང་ཞིང་སྐྱོབ་པས་ན་གནས་ཏེ་རི་བོ་ལྷུན་པོའོ། །བཞུགས་པ་ནི་དེར་གནས་པར་མཛད་དེ། ལྷུན་པོའི་
སྟེང་ན་ཁང་བུ་བརྩེགས་པའི་ནང་དུ་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཐམས་ཅད་མཁྱེན་པ་ཞེས་བྱ་བས་ནི་བདག་གི་དོན་ཕུན་སུམ་ཚོགས་པ་གསུངས་སོ། །ཡེ་ཤེས་དབང་ཕྱུག་སྟོང་པ་ཅན། །ཞེས་བྱ་བས་ནི། དེའི་རྒྱུད་ཕུན་སུམ་ཚོགས་པ་གསུངས་སོ། །
གནས་གཙང་མ་ན་བཞུགས་ནས་སུ། །ཞེས་བྱ་བས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་གསུངས་སོ། །རྣལ་འབྱོར་མ་ཡི་དྲ་བ་སྡོམ། །ཞེས་བྱ་བས་ནི་དེའི་རྒྱུད་ཕུན་སུམ་ཚོགས་པ་གསུངས་ཏེ། དེ་དག་གིས་ཕྱིན་ཅི་མ་ལོག་པར་བསྟན་པར་གྲུབ་པ་ཉིད་
དེ་འདི་ལྟར་བསྟན་པར་བྱ་བ་དང་། བསྟན་པ་དང་། སྟོན་པ་པོ་དང་། གནས་སུ་ཕུན་སུམ་ཚོགས་པ་རྣམས་རིམ་བཞིན་དུ་གསུངས་པའི་ཕྱིར་རོ། །དེར་འཁོར་ཕུན་སུམ་ཚོགས་པ་ཡང་བསྟན་པའི་ཕྱིར། སྦྱངས་པའི་ཡོན་ཏན་ཅན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱངས་
པའི་ཡོན་ཏན་ཅན་ནི་བྱམས་པའོ། །མི་སྡུག་པ་ནི་ཕྱག་ན་རྡོ་རྗེའོ། །འཕྱང་བ་ནི་ཀུན་དུ་བཟང་པོའོ། །མགྲིན་པ་གསུམ་པ་ནི་ནམ་མཁའི་སྙིང་པོའོ། །རི་རབ་ནི་སྒྲིབ་པ་རྣམ་པར་སེལ་བའོ། །རི་རབ་གཙུག་ཏོར་ནི་སའི་སྙིང་པོའོ། །པདྨ་ནི་འཇིག་རྟེན་དབང་ཕྱུག་གོ། །པདྨོ་

ཡངས་པ་ནི་འཇམ་དཔལ་ཏེ། བྱང་ཆུབ་སེམས་དཔའི་གཙོ་བོ་ཡིན་པའི་ཕྱིར་བརྒྱད་པོ་དེ་དག་སྨོས་སོ། །རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུ་ནི། གཙོ་བོ་དེ་དག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སྟེ། དེ་སྙེད་དང་ལྡན་པའི་ནང་ནས་ཕྱག་ན་རྡོ་རྗེ་ལ་
གཟིགས་ཏེ་འཛུམ་པ་མཛད་དོ་ཞེས་བྱ་བ་སྟེ། འཛུམ་པ་ནི་ཚེམས་ཀྱི་འོད་དང་བཅས་པས་ཅུང་ཟད་བཞད་པ་སྟེ། ཐམས་ཅད་མཁྱེན་པས་ཞེས་བྱ་བའི་ལྷག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱི་འཁོར་རྣམས་དཔལ་གདན་བཞི་པ་ཉན་པར་འདོད་པའི་གཞན་གྱི་
སེམས་མཁྱེན་པ་དང་། ཕྱག་ན་རྡོ་རྗེས་སྡུད་ནུས་པར་ཐུགས་སུ་ཆུད་ནས། ང་ལ་གསོལ་བ་འདེབས་སུ་གཞུག་གོ་སྙམ་དུ་དགོངས་ཏེ། དེ་ལ་གཟིགས་པས་བསྐུལ་ཞིང་བཞད་པས་སྤྲོ་བ་ཉིད་དུ་བསྟན་པའི་ཕྱིར་རོ། །དེས་དེ་གསོལ་བ་འདེབས་པར་ཆས་པ་བསྟན་པའི་ཕྱིར།
འཛུམ་པ་མཛད་མ་ཐག་ཏུ་ཞེས་བྱ་བ་གསུངས་ཏེ། མཛད་མ་ཐག་ཏུ་ཞེས་བྱ་བ་ནི་བར་མ་ཆོད་པའོ། །ལག་ན་རྡོ་རྗེ་ཐོགས་པས་ན་ཕྱག་ན་རྡོ་རྗེའོ། །སྟན་ལས་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་ལས་སོ། །ཕྲག་པ་གཅིག་ཅེས་བྱ་བ་ནི་གང་གིས་ལུས་ཀྱི་ཕྱོགས་གཅིག་ཡིན་
པ་དེ་ལ་དེ་སྐད་ཅེས་བྱའོ། །བླ་གོས་གཟར་བ་ནི་སྟེང་གི་གོས་གཟར་བའོ། །ས་ལ་ཞེས་བྱ་བ་ནི་སྟན་མེད་པར་རོ། །ལག་པ་ཐལ་མོ་སྦྱར་བ་ནི་རང་གི་ལག་པ་གཉིས་ཀྱི་ཐལ་མོ་མཉམ་པར་གཤིབས་ཏེ་ཁ་སྦྱར་བའོ། །དེ་དག་གིས་ནི་མ་འོངས་པའི་གསོལ་བ་འདེབས་པ་པོ་
རྣམས་ལ་ཚུལ་བསྟན་པའོ། །གསོལ་བ་བཏབ་པ་གསུངས་པ། གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། གསང་བ་ཞེས་བྱ་བ་ནི་སྦ་བར་ཞེས་བྱ་བ་སྟེ། དེ་ཡང་ཕྱག་རྒྱའི་ཡེ་ཤེས་དང་དམ་ཚིག་ལ་སོགས་པའོ། །སྦྱོར་བ་ནི་ཞི་བ་དང་རྒྱས་པ་ལ་སོགས་
པའི་ལས་རྣམས་དང་ཆུ་ལ་སོགས་པའི་སྦྱོར་བ་སྟེ། གསང་བ་དང་སྦྱོར་བ་དེ་དག་གི་མཚན་ཉིད་ནི་རང་བཞིན་ནོ། །ཡེ་ཤེས་དབང་ཞེས་བྱ་བ་ལ། ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཏེ། དེ་རྣམས་ཀྱི་དབང་ཕྱུག་ནི་སྟོན་པ་པོ་རྡོ་རྗེ་འཛིན་པའོ། །ཡང་ན་ཡེ་ཤེས་

ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་རྣམ་པར་སྣང་མཛད་ལ་སོགས་པའོ། །དབང་ཕྱུག་ནི་དེ་རྣམས་ཀྱི་བདག་པོ་སྟེ་སྐྱེད་པ་པོ་ཡིན་པའི་ཕྱིར་རོ། །དེས་ནི་བཅོམ་ལྡན་འདས་ལ་བོད་པ་སྟེ། འདི་ནི་འོག་ཏུ་སྦྱར་བར་བྱའོ། །ས་ནི་ས་གཞིའོ། །ནམ་
མཁའ་ནི་གོ་འབྱེད་པའོ། །རིང་པོའི་གནས་སུ་ཐུང་ངུ་སྦྱར་བ་ནི། སྒྲ་དང་སྒྲ་མ་ཡིན་པ་ལ་ལྟོས་པ་མེད་པར་བསྟན་པ་སྟེ། དེ་དག་ནི་བརྟགས་པ་ཙམ་ཡིན་པའི་ཕྱིར་རོ། །ཆུ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འབྱུང་དང་ཞེས་བྱ་བ་ལ་སོགས་པ་ལ་བྱུང་བ་ནི་ཕྱིར་འགྲོ་བའོ། །
འཇུག་པ་ནི་ནང་དུ་འོང་བ་སྟེ། དེ་དག་ནི་ཆོས་ཀྱི་བརྡས་བསྟན་པའོ། །དབུགས་ནི་སྣ་སྒོའི་རླུང་ངོ་། །བསམ་གཏན་ཇི་ལྟར་གཟུང་བར་བགྱི། །ཞེས་བྱ་བ་ནི་འགྲོ་བ་དང་འོང་བའི་རླུང་གི་བསམ་གཏན་གྱི་ངོ་བོ་ཅི་འདྲ་ཞེས་བྱ་བའི་དོན་ཏོ། །ཡུལ་འཁོར་སྐྱོང་བ་དང་པོའི་ལྷ། །
དཀྱིལ་འཁོར་དག་ནི་ཇི་ལྟར་ལགས། །ཞེས་བྱ་བ་ལ་ཡུལ་འཁོར་ནི་ལུས་སོ། །དེ་སྐྱོང་བས་ན་ཡུལ་འཁོར་སྐྱོང་བ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སོ། །དེ་དག་ཉིད་འགྲོ་བའི་དོན་གསལ་བར་མཛད་ཅིང་རྡོ་རྗེ་མཁའ་འགྲོ་མ་ལ་
སོགས་པ་སྣ་ཚོགས་སུ་སྒྲུབ་ཅིང་སྤྲུལ་ནས་རྣམ་པར་རྒྱུ་བས་ན་དང་པོའི་ལྷའོ། །དཀྱིལ་འཁོར་ནི་དེ་རྣམས་ཀྱི་དངོས་གྲུབ་སྟེ། འགྲོ་བའི་དོན་ནི་སྙིང་པོ་བས་མཎྜ་ཡིན་ལ་འབྲས་བུ་དེ་ལེན་ཅིང་འཛིན་པར་མཛད་པས་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་ཡུལ་འཁོར་སྐྱོང་བ་ནི་ཞིང་
སྐྱོང་རྣམས་སོ། །དེ་དག་ཉིད་དང་པོའི་ལྷ་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་ནི་དེ་དག་གི་དཀྱིལ་འཁོར་པ་དང་བཅས་པའོ། །ཡང་ན་ཡུལ་འཁོར་སྐྱོང་བ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་སོ། །དེ་དག་ཉིད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་
དང་པོ་ནི་ལྷའོ། །ཡེ་ཤེས་རྣམ་ཤེས་ལུས་ཀྱི་ནི། །ལས་ལ་སོགས་པ་ཇི་ལྟར་སྦྱོར། །ཞེས་བྱ་བ་ལ། ཡེ་ཤེས་ནི་བརྟན་པ་དང་མི་བརྟན་པ་དང་སྲིད་པ་དང་མི་སྲིད་པ་ལ་སོགས་པའོ། །རྣམ་ཤེས་ནི་འཚོ་བ་སྟེ། དེ་དག་དང་ལྡན་པའི་ལུས་ཀྱིའོ། །ལས་ནི་ལེགས་པར་བྱ་བ་

ལ་སོགས་པ་སྟེ། དེར་སྦྱོར་བའོ། །འཁོར་བ་ལས་སྒྲོལ་ཞེས་བྱ་བ་ལ་སོགས་པ་ནི་ལན་གསུངས་པ་ཡིན་ཏེ། འཁོར་བ་ལས་སྒྲོལ་བ་ནི་འཁོར་བའི་ཕ་རོལ་ཏུ་སྒྲོལ་བ་སྟེ་བྱང་ཆུབ་ཏུའོ། །དེ་འདིས་མཚོན་པར་བྱེད་པས་ན་དེ་ཉིད་ནི་རླུང་གི་དེ་ཁོ་ན་ཉིད་དོ། །ཇི་བཞིན་ནི་ཕྱིན་
ཅི་མ་ལོག་པའོ། །རྡོ་རྗེ་ནི་ཕྱག་ན་རྡོ་རྗེ་སྟེ། ཀྱེ་ཕྱག་ན་རྡོ་རྗེ་ཇི་ལྟ་བ་བཞིན་གྱི་རླུང་གི་དེ་ཁོ་ན་ཉིད་གང་གིས་འཁོར་བའི་ཕ་རོལ་ཏུ་སྒྲོལ་བར་བྱེད་པ་ཉོན་ཅིག་ཅེས་བྱ་བར་སྦྱར་རོ། །དེ་ཉིད་གསུངས་པ། དབུགས་ཀྱི་ལས་ལ་སོགས་ཐམས་ཅད། །ཡེ་ཤེས་ཅན་གྱི་ལས་སུ་སྦྱོར། །
ཞེས་བྱ་བ་སྟེ། ཉོན་ཅིག་ཅེས་བྱ་བ་དང་འབྲེལ་ཏོ། །ལས་ནི་དབུགས་ཀྱི་བྱ་བ་སྟེ། དེ་ཁོ་ན་ཉིད་དོ། །སོགས་ཀྱིས་ནི་དམ་པ་དང་གཙོ་བོ་ཞེས་བྱ་བའི་བར་དུ་གཟུང་ངོ་། །ཐམས་ཅད་ཡེ་ཤེས་ཅན་ནི་སྲོག་ཆགས་ཐམས་ཅད་དོ། །སྦྱོར་བ་ནི་སྦྱོར་བར་འགྲོ་བའོ། །དེ་ཅི་ཞིག་ཅེ་ན། ལས་
སུ་ཞེས་བྱ་བ་སྟེ་ལས་ཀྱིས་སོ། །འདིར་གསུམ་པ་མི་མངོན་པ་ཡིན་ཏེ། དབང་ཆེན་ལ་སོགས་པའི་སྦྱོར་བའི་ལས་ཀྱིས་ཞེས་བྱ་བའི་དོན་ཏོ། །དབུགས་ཀྱི་ལས་གསུངས་པ། ཉི་ཁྲི་དང་ནི་ཆིག་སྟོང་དང་། །དྲུག་བརྒྱ་རུ་ནི་བརྩི་བར་བྱ། །ཆུ་ཚོད་དྲུག་ཅུའི་དབུགས་རྣམས་ཀྱིས། །ཉིན་
མཚན་དུ་ནི་གྲགས་པ་ཡིན། །ཞེས་བྱ་བ་ལ། ཉི་ཁྲི་ནི་ཁྲི་ཕྲག་གཉིས་སོ། །ཆིག་སྟོང་ནི་སྟོང་ཕྲག་གཅིག་གོ། །དྲུག་བརྒྱ་ནི་བརྒྱ་ཕྲག་དྲུག་གོ། །བརྩི་བ་ནི་དེ་དག་བགྲང་བའོ། །གང་དུ་ཞེ་ན། ཆུ་ཚོད་དྲུག་ཅུ་ཞེས་བྱ་བ་གསུངས་ཏེ། ཆུ་ཚོད་ནི་དབྱུག་པའོ། །དྲུག་ཅུ་ནི་བཅུ་ཕྲག་
དྲུག་སྟེ་དེར་བགྲང་བའོ། །དབུགས་རྣམས་ནི་འདས་མ་ཐག་པའི་བརྒྱ་ཕྲག་དྲུག་དང་བཅས་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་སྟེ། ཉིན་མཚན་དུ་ནི་གྲགས་པ་ཡིན། །ཞེས་བྱ་བ་ནི་ཉིན་མཚན་གྱི་དབུགས་ཇི་སྙེད་པ་གྲངས་དེས་འདའ་བའོ། །འབྱུང་དང་འཇུག་པའི་དབུགས་དག་ནི། །
འབྱུང་བའི་གྲངས་ཀྱིས་བརྩི་བར་བྱ། །ཞེས་བྱ་བ་ལ། འབྱུང་བའི་དབུགས་ནི་རླུང་ཕྱིར་འགྲོ་བའོ། །འཇུག་པ་ནི་དེ་ལས་བཟློག་པ་སྟེ། དེ་དག་ཅེས་བྱ་བ་ནི་འབྱུང་བ་དང་འཇུག་པའི་དབུགས་ཏེ་གཉིས་ལས་སོ། །འབྱུང་བའི་གྲངས་ཀྱིས་བརྩི་བར་བྱ། །ཞེས་བྱ་བ་ལ།

གྲངས་ནི་བགྲང་བའོ། །བརྩི་བ་ནི་མཚོན་པ་སྟེ། རླུང་ཕྱིར་འགྲོ་བའི་གྲངས་བཟུང་བས་མཚོན་པར་བྱ་བའོ། །ཇི་ལྟར་བྱ་ཞེ་ན། བློ་དང་ལྡན་པས་དབུགས་གཉིས་ནི། །འཇུག་པ་འབྱུང་ལ་ཐིམ་པར་བྱ། །ཞེས་བྱ་བ་ལ། བློ་དང་ལྡན་པ་ནི་བློ་གྲོས་དང་ལྡན་པ་སྟེ། ཕྱག་ན་
རྡོ་རྗེ་ལ་བོད་པའོ། །དབུགས་གཉིས་ནི་འབྱུང་བ་དང་འཇུག་པའོ། །འཇུག་པ་འབྱུང་བ་ཐིམ་པ་ནི། །འཇུག་པ་འབྱུང་བ་ལ་ཐིམ་པ་སྟེ། གཅིག་ཏུ་གྱུར་པས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ས་ནི་བཅུ་གཉིས་ལ། །ཕྱི་རོལ་མཚན་མ་གཞག་བྱ་སྟེ། །ཞེས་བྱ་བ་ལ། ཕྱི་རོལ་གྱི་
མཚན་མ་ནི་དབུགས་ཀྱི་ལས་ལས་གཞན་པའི་རི་མོ་སྟེ། མཚན་མ་ནི་རི་མོའོ། །ས་བཅུ་གཉིས་ཞེས་བྱ་བ་ནི་རེའུ་མིག་བཅུ་གཉིས་ལའོ། །དེ་ཉིད་གསུངས་པ། ཚེས་གྲངས་མཚན་མ་ཇི་བཞིན་དུ། །རེའུ་མིག་བཅུ་གཉིས་རྣམས་སུ་གཞག །ཅེས་བྱ་བ་ལ། རེའུ་མིག་བཅུ་
གཉིས་པོ་དེ་རྣམས་དབུགས་རྣམས་འཇུག་པའི་ཚེས་གཅིག་ལ་སོགས་པ་ནས་ཉི་མ་བཅུ་གཉིས་པའི་བར་དུ་ཚེས་གྲངས་གང་དང་གང་གི་མིང་དེ་དང་། དེའི་མཚན་མ་བྲིའོ་ཞེས་བྱ་བའི་དོན་ཏོ། །གོ་རིམས་བཅུ་གཉིས་རབ་འབད་པས། །ཤར་ནས་དཔྱིད་ཟླ་འབྲིང་སོགས་གཞག།
ཅེས་བྱ་བ་ལ། རབ་འབད་པས་ཞེས་བྱ་བ་ནི། མཆོག་ཏུ་གུས་པའི་རྣལ་འབྱོར་པས་སོ། །གོ་རིམས་ནི་ཟླ་བའི་གོ་རིམས་ཇི་བཞིན་ཏེ། དཔྱིད་ཟླ་འབྲིང་པོ་དང་ཐ་ཆུངས་ལ་སོགས་པའི་རིམ་བཞིན་དུའོ། །ཤར་ནི་ཤར་ཕྱོགས་ཀྱི་རེའུ་ཆ་སྟེ། ཤར་དང་བྱང་ཤར་ལ་སོགས་པའི་
རེའུ་མིག་ལ་གཡོན་སྐོར་དུ་བྲི་བ་ནི་གཞག་པ་སྟེ། འབད་པའི་ཚིག་གིས་ནི་ལུག་ལ་སོགས་པའི་ར་སི་ཡང་ཡིན་པར་བལྟའོ། །བྲི་བ་དེ་ཉིད་གསུངས་པ། རོ་ཧི་ཏ་དང་ཞེས་པ་ལ་སོགས་པ་སྟེ། ཚེས་གཅིག་ལ་སོགས་པའི་ཉི་མ་རྣམས་དང་། དཔྱིད་ཟླ་འབྲིང་པོ་ལ་སོགས་པའི་
སོ་སོའི་ཟླ་བ་རྣམས་དང་། ལུག་ལ་སོགས་པའི་ར་སི་རྣམས་ལ་རིམ་པ་བཞིན་དུ། རོ་ཧི་ཏ་ལ་སོགས་པའི་སྒྲར་བརྗོད་དོ། །ས་དབང་བཅུ་དང་གཉིས་ཞེས་བྱ་བ་ལ་ས་ནི་ས་བཅུ་གཉིས་ཏེ། རེའུ་མིག་རྣམས་ཡིན་ལ། དེ་རྣམས་ཀྱི་དབང་ཕྱུག་ནི་རོ་ཧི་ཏ་ལ་སོགས་པའོ། །དེ་དག་གི་ནི་ཉིན་

ཞག་གཅིག་ལ་རོ་ཧི་ཏ་འཕེལ་བ་ལ་སོགས་པ་བཅུ་གཉིས་སུ་འགྱུར་བར་བྱ་སྟེ། དེ་ལ་རོ་ཧི་ཏ་ཇི་བཞིན་དུ་མ་ཀ་ར་སྟེ་གྲངས་གསུམ་གྱིའོ། །མོ་ཧི་ཏ་དང་ཀུར་མ་ལ་ནི་བཞིའོ། །བྷ་དྲཱ་དང་བྲྀ་ཥ་བྷ་ནི་ལྔའིའོ། །རཎྜ་དང་ཀ་མ་ལ་ཡང་ལྔའིའོ། །བི་དྲི་ཀ་དང་བྱ་ཀུ་ལི་
ལ་ནི་དྲུག་གིའོ། །མི་ཀི་ར་དང་སྭཔྣ་ལ་ནི་བདུན་གྱི་སྟེ། ཐོ་རངས་ཀྱི་ཆུ་ཚོད་གསུམ་ནི་རོ་ཧི་ཏའོ། །དེའི་འོག་ཏུ་བཞི་ནི་མོ་ཧི་ཏའོ། །དེའི་འོག་ཏུ་ལྔ་ནི་བྷ་དྲཱའོ། །དེའི་འོག་ཏུ་དེ་དང་འདྲ་བ་ནི་བྲྀ་ཥ་བྷའོ། །དེའི་འོག་ཏུ་བཞི་ནི་ཀུར་མའོ། །དེའི་འོག་ཏུ་གསུམ་ནི་མ་ཀ་རའོ། །དེའི་འོག་
ཏུ་ལྔ་ནི་རཎྜའོ། །དེའི་འོག་ཏུ་བདུན་ནི་མི་ཀི་རའོ། །དེའི་འོག་ཏུ་དྲུག་ནི་བི་དྲི་ཀའོ། །དེའི་འོག་ཏུ་དེ་དང་འདྲ་བ་ནི་བྱཱ་ཀུ་ལིའོ། །དེའི་འོག་མ་བདུན་ནི་སྭཔྣའོ། །དེའི་འོག་མ་ལྔ་ནི་ཀ་མ་སྟེ། དེ་དག་ནི་ཉིན་ཞག་གཅིག་གི་ཆུ་ཚོད་དྲུག་ཅུ་ཡིན་ལ། དེ་ཡང་ཚེས་དང་ཟླ་བ་དང་ར་སིའི་ཆུ་ཚོད་
འཛོམ་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་གྱི་གཞན་དུ་ནི་གཞན་དུ་འགྱུར་རོ། །དགོད་པ་ཉེ་བར་བསྡུས་པ་གསུངས་པ། འདི་དག་ཤར་སོགས་རེའུ་མིག་ལ། །གོ་རིམས་བཞིན་དུ་དགོད་པར་བྱ། །ཞེས་བྱ་བ་སྟེ། རོ་ཧི་ཏ་ལ་སོགས་པ་འདི་དག་གིས་མཚན་མ་སྔར་སྨོས་པ་བཞིན་དུ་རིམ་
བཞིན་དུ་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་དཔྱིད་ཟླ་ཐ་ཆུངས་ལ་སོགས་པའི་ཟླ་བ་རྣམས་ལ། ཚེས་གཅིག་ལ་སོགས་པ་སོ་སོའི་མིང་གིས་འཁོར་བར་ཤེས་པར་བྱ་སྟེ། དཔྱིད་ཟླ་ཐ་ཆུངས་ཀྱི་ཚེས་གཅིག་ནི་མོ་ཧི་ཏའོ། །དེ་བཞིན་དུ་བཅུ་གཉིས་པའི་བར་དུ་ཡང་རོ་ཧི་
ཏའི་མཐར་ཐུག་པ་སྦྱར་རོ། །དབྱར་ཟླ་ར་བའི་ཚེས་གཅིག་ནི་བྷ་དྲའོ། །དེ་བཞིན་དུ་བཅུ་གཉིས་པ་ནི་མོ་ཧི་ཏའོ་ཞེས་བྱ་བ་ལ་སོགས་པ་དཔྱིད་ཟླ་འབྲིང་པོའི་བར་དུ་སོ་སོར་སྦྱར་བར་བྱའོ། །རོ་ཧི་ཏ་ཞེས་བྱ་བ་ལ་སོགས་པ་ལ་སྐལ་བ་བཟང་ཞེས་བྱ་བ་ནི་སྐྱེ་བོས་དགའ་བར་བལྟ་
བའོ། །གདུག་པའི་སེམས་ལ་ནད་བུ་ཅན། །ཞེས་བྱ་བ་ལ་གདུག་པའི་སེམས་ནི་གནོད་པར་སེམས་པ་སྟེ། ཕན་པར་མ་ཡིན་པའོ། །ནད་བུ་ཅན་ནི་མེ་དྲོད་ཆུང་བའོ། །རྟག་ཏུ་མཐའ་འཁོབ་གཙོ་བོ་སྟེ། །ཞེས་བྱ་བ་ནི་མཐའ་འཁོབ་ཀྱི་ཡུལ་བཟང་པོར་རྒྱལ་པོ་ལ་སོགས་

པར་འགྱུར་བའོ། །འཁྲིག་པ་ལ་ནི་རྟག་ཏུ་དགའ། །ཞེས་བྱ་བ་ནི། དགའ་བའི་དོན་དུ་གནས་དང་གནས་མ་ཡིན་པའི་དཔྱད་པ་མེད་པར་འཇུག་པའོ། །ཐམས་ཅད་དུ་ནི་སྙན་པར་སྨྲ། ཞེས་བྱ་བ་ལ། ཐམས་ཅད་དུ་ནི་རྟག་ཏུའོ། །སྙན་པར་སྨྲ་བ་ནི་ཚིག་རྩུབ་མོ་
མེད་པའོ། །རོ་ཧི་ཏ་ལ་ལྷ་མཆོད་ཅིང་། །ཞེས་བྱ་བ་ནི་རོ་ཧི་ཏ་ལ་སྐྱེས་པའི་སེམས་རོ་ཧི་ཏའི་དུས་ཉིད་དུ་ལྷ་མཆོད་པར་འགྱུར་བ་སྟེ། དུས་དང་སྐྱེ་བ་དང་སྦྱར་བ་འདི་ནི་འོག་ཏུ་ཡང་བལྟ་བར་བྱའོ། །དེ་བཞིན་ཚེ་ལོ་བདུན་ཅུ་ཐུབ། །ཅེས་བྱ་བ་ནི། ཚེའི་མཐའ་བདུན་ཅུར་
ངེས་པའོ། །རོ་ཧི་ཏ་ལ་ནོར་བཏང་ན། །མཛའ་བོ་ཐམས་ཅད་ལྡོག་པར་འགྱུར། །ཞེས་བྱ་བ་ལ། ནོར་བཏང་བ་ནི་བུན་དུ་བཏང་བ་ལ་སོགས་པའོ། །མཛའ་བོ་ལྡོག་པ་ནི་བུ་ལོན་དེ་ཉིད་ལ་བརྟེན་ནས་འགྲས་པར་འགྱུར་བའོ། །རོ་ཧི་ཏ་ལ་ལུས་སྨས་ན། །ཞེས་བྱ་བ་ནི་མཚོན་
གྱིས་རྨ་སྲོལ་བཏོད་པའོ། །དཔལ་དང་ཀུན་དུ་ཕྲད་པར་འགྱུར། །ཞེས་པ་ནི་གཞན་གྱི་གཡང་འགུགས་པའོ། །རོ་ཧི་ཏ་ལ་གནས་བརྟེན་ན། །གྲོགས་དང་ནོར་གྱིས་རྒྱས་པར་འགྱུར། །ཞེས་བྱ་བ་ནི་རོ་ཧི་ཏའི་དུས་སུ་བརྟེན་པའི་གནས་དེར་ནོར་དང་གཡོག་ལ་སོགས་པ་འཕེལ་བའོ། །
རོ་ཧི་ཏ་ལ་འདྲོན་ཞུགས་ན། །བསམ་པ་ཐམས་ཅད་མངོན་པར་འགྲུབ། །ཅེས་བྱ་བ་ནི། གང་གི་ཕྱིར་ལམ་དུ་ཞུགས་པའི་དོན་དེ་འགྲུབ་པས་ན་དེའི་ཕྱིར་འགྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བག་མ་བླངས་དང་མེ་ཡི་ལས། །ཞི་བའི་ལས་ནི་སྦྱར་བར་བྱ། །ཞེས་བྱ་བ་ལ། མེའི་ལས་
ནི་སྦྱིན་སྲེག་ལ་སོགས་པའི་ལས་ཏེ། ཞི་བའི་ལས་ཞེས་བྱ་བ་ནི་བགེགས་མེད་པར་འབྲས་བུར་འགྱུར་བའོ། །ཁ་ཅིག་ནི་ནོར་བསྒྱུར་བའི་བྱ་བ་ལ། བཙོ་བསྲེག་ལ་སོགས་པ་ནི་མེའི་ལས་སོ་ཞེས་ཟེར་རོ། །མོ་ཧི་ཏ་ཡི་དོན་སྦྱོར་བ། །བགྲང་བ་ཉིད་ཀྱིས་ཤེས་པར་བྱ། །
ཞེས་བྱ་བ་ལ། དོན་སྦྱོར་བ་ནི་དོན་གྱི་ཚོགས་སོ། །བགྲང་བ་ཞེས་བྱ་བ་ནི། རེའུ་མིག་བཅུ་གཉིས་པ་བྲིས་པའི་རྩིས་ཏེ། དེས་ཤེས་པར་བྱ་བའོ། །སེམས་ཆུང་ལ་ཞེས་བྱ་བ་ནི། སེམས་ཕྲ་བའི་མཚན་ཉིད་ཅན་ནོ། །འཁྲིག་པ་ལ་ནི་རྟག་ཏུ་དགའ། །ཞེས་བྱ་བ་ནི།

རྟག་ཏུ་འཁྲིག་ཐབས་དོན་དུ་གཉེར་བའོ། །ཅ་ཅོར་ལྡན་ཞེས་བྱ་བ་ནི། འཐབ་རྩོད་མང་བའོ། །ཁྲོ་ལ་ང་རྒྱལ་སྙིང་སྟོབས་མེད། །སྡིག་པ་བྱེད་ཅིང་ངང་ཚུལ་ངན། །ཞེས་བྱ་བ་ལ། ཁྲོ་བ་ནི་གཏུམ་པའོ། །ང་རྒྱལ་ནི་ཁེངས་སེམས་སོ། །སྡིག་པ་
བྱེད་པ་ནི་སྲོག་གཅོད་པ་ལ་སོགས་པ་བྱེད་པའོ། །ངང་ཚུལ་ངན་པ་ནི་སྤྲོ་ཐུང་བའོ། །ཡང་ན་ལུས་ཀྱི་ཆ་ལུགས་མི་སྡུག་པའོ། །འཁྱལ་པ་དང་ནི་ཚིག་རྩུབ་སྨྲ། །ཞེས་བྱ་བ་ནི་གང་དག་དོན་མེད་པར་མང་དུ་སྨྲ་བ་དང་། བརླང་བར་སྨྲ་བ་དེ་ལ་དེ་སྐད་ཅེས་བྱའོ། །མཚོན་གྱིས་ངེས་
པར་འཆི་བར་འགྱུར། །ཞེས་པ་ནི་གོ་སླའོ། །གཞུང་ཁ་ཅིག་ལས་ནི། ཀུན་དུ་འཆི་བར་སེམས་པའོ། །ཞེས་འབྱུང་སྟེ། མཚོན་ཆ་ལ་སོགས་པ་ཐམས་ཅད་ཀྱིས་བདག་ཉིད་གསད་པར་སེམས་ཤིང་དེས་འཆི་བར་འགྱུར་བའོ། །ཡང་ན་ཚེ་ལོ་བརྒྱད་ཅུ་ནི། །རྩ་བཞི་དག་ཏུ་
རབ་ཏུ་གྲགས། །ཞེས་བྱ་བ་ནི་ཡང་ན་དེའི་ཚེ་ལོ་དྲུག་ཅུ་རྩ་ལྔ་ལས་བརྒྱད་ཅུ་རྩ་བཞིར་རིང་དུ་གནས་པའོ། །རུང་བའི་ས་ནི་སྤོང་བྱེད་ཅིང་། །མི་རུང་ས་ལ་བརྩོན་པར་འགྱུར། །ཞེས་བྱ་བ་ལ་རུང་བའི་ས་ནི་གནས་ཏེ་བྱ་བར་འོས་པའོ། །མི་རུང་ས་ནི་གནས་མ་ཡིན་པ་སྟེ་བྱ་བར་མི་འོས་
པའོ། །ལྷག་མ་ནི་གོ་སླའོ། །ལུས་ཀྱི་ཡན་ལག་སྨས་ན་ནི། །འཆི་བདག་དང་ནི་ཕྲད་པར་འགྱུར། །ཞེས་བྱ་བ་ནི། མཚོན་གྱིས་ངེས་པར་འཆི་བར་འགྱུར། །ཞེས་བྱ་བའི་བཤད་པ་ཡིན་ནོ། །གལ་ཏེ་ཅུང་ཟད་ནོར་གཏོང་ན། །གཏོང་བ་སླར་ནི་མི་ལྡོག་གོ། །ཞེས་བྱ་བ་ནི་
སྐྱེས་བུ་དེས་བཏང་བའི་བུན་ལ་སོགས་པ་རྣམས་སླར་ཁུགས་པར་མི་འགྱུར་བའོ། །བྷ་ཏྲཱ་ཞེས་བྱ་བ་ལ་སོགས་པ་ལ། ཁ་ཟས་བཟང་པོ་ཟ་བ་དང་། །ཞེས་བྱ་བ་ནི་ཞིང་ལ་སོགས་པས་འཚོ་བའོ། །བཟང་པོའི་ལས་ནི་བྱེད་འགྱུར་ཞིང་། །ཞེས་བྱ་བ་ནི། །ཞི་བའི་ལས་ལ་སོགས་པ་ལ་
གཞོལ་བས་སོ། །ལོ་བརྒྱ་རུ་ནི་འཚོ་བར་འགྱུར། །ཞེས་བྱ་བ་ནི་གོ་སླའོ། །དབུལ་ལ་ཆོས་ནི་སྤྱོད་པ་དང་། །ཞེས་བྱ་བ་ལ། དབུལ་བ་ནི་ནོར་ཉུང་བའོ། །ཆོས་ནི་མཐོ་རིས་དང་བྱང་གྲོལ་གྱི་རྒྱུ་མཚན་ཏེ། བསོད་ནམས་ཀྱི་ཆོས་སོ། །ཆུང་མ་གཅིག་གིས་ཚིམ་པའི་ལུས། །བཟང་

པོ་སྨྲ་བའི་གཙོ་བོར་འགྱུར། །ཞེས་བྱ་བ་ལ་ཆུང་མ་གཅིག་གིས་ཚིམ་པ་ནི་ཆུང་མ་གཅིག་གིས་ཆོག་པའོ། །བཟང་པོ་ནི་མཛེས་པ་སྟེ། ལུས་དང་ངག་མཛེས་པའོ། །གཙོ་བོ་ནི་སྨྲས་པ་བཞིན་སྐྱེ་བོ་རྣམས་བྱེད་པར་འགྱུར་བའོ། །བཟོ་རྣམས་ཀུན་དང་དུས་ཚོད་རིག །ཅེས་བྱ་བ་ལ་
བཟོ་རྣམས་ནི་རི་མོ་འདྲི་བ་ལ་སོགས་པའོ། །ཀུན་གྱི་སྒྲས་ནི་མང་བར་བསྟན་པའོ། །དུས་ཚོད་ནི་རིག་པ་སྟེ། རིག་པ་ནི་ཤེས་པའོ། །རིག་པ་དེ་དག་གང་ཞེ་ན། རིག་བྱེད་བཞི་དང་དཔྱོད་པ་དང་། །ཚུལ་ནི་རྒྱས་པའི་བསྟན་བཅོས་དྲུག །ཆོས་དང་གཙུག་ལག་གནའ་ཡི་རབས། །
རྣམ་པ་གསུམ་དུ་བརྗོད་པ་དང་། །གསོ་བ་རིག་དང་འཕོང་གི་དཔྱད། །རོལ་མོ་དང་ནི་རྣམ་པ་གསུམ། །ནོར་གྱི་བསྟན་བཅོས་ཐུན་མོང་བ། །བསླབ་པ་དང་བརྟག་དང་བརྡ་སྤྲོད་དང་། །ངེས་ཚིག་སྡེབ་སྦྱོར་སྐར་མའི་དཔྱད། །ཡན་ལག་དྲུག་ཅེས་བྱ་བ་སྟེ། །བསླབ་པ་གླང་ཆེན་
གདུལ་ལ་སོགས། །བརྟག་པ་དྲན་པའི་བསྟན་བཅོས་སོགས། །འདི་དག་མདོ་རུ་བསྡུས་པ་ནི། །རིག་པའི་གནས་ནི་བཅུ་དང་བརྒྱད། །ཅེས་པ་གང་ཡིན་པའོ། །རྟག་ཏུ་རང་གི་གཉེན་དང་མཛའ། །ཞེས་བྱ་བ་ནི་རང་གི་གཉེན་རྣམས་ལ་ལྷག་པར་སྤྲོ་བའོ། །ཆད་པ་
གཅོད་པའི་རིགས་ཅན་ཏེ། །ཞེས་བྱ་བ་ནི་ཆད་པ་གཅོད་པས་ལོངས་སྤྱོད་འགུགས་པའོ། །ཡང་ན་རིགས་ཀྱི་བདག་ཉིད་ཆེན་པོས་འཚོ་བའོ། །དེ་བཞིན་ལུས་ནི་ཆུ་རུ་འཆི། །ཞེས་བྱ་བ་ནི། གོ་སླ་བའོ། །བྲྀ་ཥ་བྷ་ཞེས་བྱ་བ་ལ་སོགས་པ་ལ། བརྩོན་འགྲུས་ལྡན་ཞིང་
དགྲ་ལ་དཔའ། །ཞེས་བྱ་བ་ནི་བརྩོན་འགྲུས་ཀྱིས་དགྲ་རྣམས་ཟིལ་གྱིས་གནོན་པའོ། །ལྷག་མ་ནི་གོ་སླའོ། །རྟག་ཏུ་གཉེན་ནི་མང་བ་སྟེ། །ཞེས་བྱ་བ་ནི་རིགས་དང་ཉེ་དུ་དང་སྣག་གི་གཉེན་མཚམས་མང་པོ་དང་ལྡན་པའོ། །ཕ་ཡི་སྲོག་ནི་འཇོམས་པར་བྱེད། །ཅེས་བྱ་བ་
ནི་སྐྱེས་མ་ཐག་ཏུ་ཕའི་ཚེ་འཇོམས་པ་སྟེ་འཆི་བར་འགྱུར་བའོ། །ལྷག་མ་རྣམས་ནི་གོ་སླའོ། །སྙོམ་ལས་མུ་ཅོར་སྨྲ་བ་དང་། །ཞེས་བྱ་བ་ནི་མང་དུ་སྨྲ་བ་དང་ལེ་ལོས་ཟིན་པའོ། །གདུག་ཅིང་ལས་དང་ངང་ཚུལ་ངན། །ཞེས་བྱ་བ་འདིའི་དོན་ནི་བཤད་ཟིན་ཏོ། །མཚོན་གྱིས་

འཆི་བར་འགྱུར་བའམ། །ཡང་ན་སྲོག་ཆགས་གདུག་པས་སོ། །ཞེས་བྱ་བ་ནི་མཚོན་ཆ་དང་སྦྲུལ་ལ་སོགས་པའི་དུག་གིས་སྲོག་འཇོམས་པའོ། །ཀུརྨ་ཞེས་བྱ་བ་ལ་སོགས་པ་ལ། རྟག་ཏུ་སེམས་ཁྲལ་ཅན་དུ་གནས། །ཞེས་བྱ་བ་ནི་རྟག་ཏུ་
གཞན་གྱི་བྱ་བ་ལ་སེམས་པས་གནས་པའོ། །གཞུང་ཁ་ཅིག་ལས། སེམས་མེད་པར་ནི་གནས་པ་ཡིན། །ཞེས་འབྱུང་། །དེའི་ཚེ་སྔ་མ་དེ་ལས་བཟློག་པ་ཡིན་ནོ། །ཆུང་གིས་ཁྲོ་ཞིང་ཆུང་གིས་མགུ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དྲག་ཤུལ་
ཆེ་ཞེས་བྱ་བ་ནི་གཏུམ་པའོ། །ལྷག་པར་ཁྲོ་བ་ནི་གནས་མ་ཡིན་པར་ཁྲོ་བའོ། །ཕྱུག་ཅིང་ཐམས་ཅད་གཏོང་ལ་དགའ། །ཞེས་བྱ་བ་ནི་ཟང་ཟིང་དང་ལྡན་ཞིང་ལྡན་པ་རྣམས་གཏོང་བའོ། །བུ་དང་ཆུང་མ་འཆི་བར་འགྱུར། །ཞེས་བྱ་བ་ནི་བུ་དང་ཆུང་མ་ཡུན་རིང་དུ་མི་འཚོ་བའོ། །
ལྷག་མ་ནི་གོ་སླའོ། །ད་བཞིན་རང་གི་ཡུལ་དུ་འཆི། །ཞེས་བྱ་བ་ནི་ལེགས་པར་བསམས་བཞིན་དུ་འཆི་བའོ། །མ་ཀ་ར་ཞེས་བྱ་བ་ལ་སོགས་པ་ལ། ཚེ་ནི་དགུ་གསུམ་དྲུག་ཅུ་སྟེ། །ཞེས་བྱ་བ་ལ་དགུ་དང་གསུམ་དང་དྲུག་ཅུས་ནི། བདུན་ཅུ་རྩ་གཉིས་སོ། །གཞུང་ཁ་
ཅིག་ལས་ནི། དགུ་བཅུ་དང་ནི་དྲུག་ཡིན་ཏེ། །ཞེས་འབྱུང་སྟེ། དགུ་བཅུ་རྩ་དྲུག་གོ། །ཚུལ་ཁྲིམས་ཕུན་ཚོགས་བསོད་ནམས་ལྡན། །ཞེས་བྱ་བ་ལ། ཚུལ་ཁྲིམས་ནི་དགེ་བ་ལ་འཇུག་པ་དང་། མི་དགེ་བ་ལ་ལྡོག་པ་དང་གཞན་གྱི་དོན་བྱེད་པ་སྟེ་གསུམ་མོ། །བསོད་
ནམས་ནི་སྦྱིན་པ་དང་མཆོད་པ་ལ་སོགས་པའོ། །འདུལ་བ་དང་ནི་སྤྱོད་པ་སྲུང་། །ཞེས་བྱ་བ་ལ། འདུལ་བ་ནི་དབང་པོ་བསྡམས་པའོ། །སྤྱོད་པ་ནི་སྐྱེ་བོ་རྣམས་ཀྱི་ཆོས་ལུགས་སོ། །ལྷག་མ་ནི་གོ་སླའོ། །ཆུང་མ་གཅིག་ནི་ཤིན་ཏུ་གསལ། །ཞེས་བྱ་བ་ནི་གང་ལ་ཆུང་མ་ཁྱད་
པར་དུ་འཕགས་པ་གཅིག་ཡོད་པ་ད་ལ་དེ་སྐད་ཅེས་བྱའོ། །རྟག་ཏུ་སེམས་ནི་ལྷོད་པ་སྟེ། །ཞེས་བྱ་བ་ལ། ལྷོད་པ་ནི་སྡུག་བསྔལ་བ་སྟེ། གཞན་གྱི་སྡུག་བསྔལ་མཐོང་ན་བཏགས་པ་དང་འདྲ་བར་བཏུལ་བའོ། །གཉེན་གྱི་ནང་དུ་གཅིག་པུ་གཙོ། །ཞེས་བྱ་བ་ནི། དེའི་ནོར་ལ་

གཉེན་རྣམས་དང་ཐུན་མོང་དུ་སྤྱོད་པའོ། །ལྷག་མ་ནི་གོ་སླའོ། །ཚེ་ལོ་ལྔ་བཅུ་རྩ་ལྔ་དང་། །ཡང་ན་དྲུག་ཅུའམ་སུམ་ཅུའོ། །ཞེས་བྱ་བ་ལ། དྲུག་ཅུའམ་སུམ་ཅུ་ཞེས་བྱ་བ་ནི་ལུང་གི་ཚིག་སྟེ། མན་ངག་ལས་བཅུའི་ཚིག་ཕྱི་ནས་དྲུག་ཅུ་རྩ་གསུམ་དུ་ཤེས་པར་བྱའོ། །དེ་དག་གིས་
ནི་དེའི་ཚེ་ཚད་ཐུང་ཤོས་རྣམ་པ་གཉིས་གསུངས་སོ། །རཎྜ་ཞེས་བྱ་བ་ལ་སོགས་པ་ལ། རྟག་ཏུ་སྡིག་པའི་བློ་ཅན་ཏེ། །ཞེས་བྱ་བ་ནི་མཚམས་མེད་པ་བྱེད་པ་ལ་སོགས་པའི་བློ་དང་ལྡན་པའོ། །རྟག་ཏུ་དབུལ་ཞིང་ཁ་གསག་ཅན། ཞེས་བྱ་བ་ལ། ཁ་གསག་ནི་ཁ་འཇམ་སྨྲ་
བའོ། །ལྷག་མ་ནི་གོ་སླའོ། །གཞན་དག་ལ་ནི་ཡིད་མི་རྟོན། །ཞེས་བྱ་བ་ནི་བློ་མི་གཏོད་པའོ། །ཟོལ་དང་བཟོ་སོགས་ཀུན་རིག་པ། །ཞེས་བྱ་བ་ལ། ཟོལ་གྱི་བཟོ་ནི་བུ་དོན་དང་ནོར་བུ་སྦྱར་བ་ལ་སོགས་པའོ། །སོགས་པས་ནི་གླང་པོ་ཆེ་བཞོན་པ་ལ་སོགས་པ་བསྡུའོ། །
ལྷག་མ་ནི་བཤད་ཟིན་ཏོ། །མི་ཀི་ར་ཞེས་བྱ་བ་སོགས་པ་ལ། མི་ཀི་ར་ཡིས་ཞེས་བྱ་བ་ནི་མི་ཀི་ར་ལ་ཞེས་གཉིས་པར་ཤེས་པར་བྱ་སྟེ། དུས་དང་ལམ་དང་ཤིན་ཏུ་སྦྱོར། །ལས་ཀྱི་སྒྲར་ནི་བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཆོས་ཤེས་རང་གི་རིགས་ཀྱང་མཐོ། །
ཞེས་བྱ་བ་ལ། མཐོ་བ་ནི་བསྟོད་པ་སྟེ། གང་གིས་རང་གི་རིགས་གོང་ནས་གོང་དུ་སྤེལ་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལུགས་ཀྱི་བསྟན་བཅོས་ཞེས་བྱ་བ་ནི་རྒྱལ་ཁྲིམས་ལ་སོགས་པའི་བསྟན་བཅོས་སོ། །བཟོ་ཞེས་བྱ་བ་ནི་གར་ལ་སོགས་པའོ། །རིག་པ་ནི་འཕོང་གི་དཔྱད་
ལ་སོགས་པའོ། །ལྷག་མ་ནི་གོ་སླའོ། །བྱ་བ་ཐམས་ཅད་མྱུར་བར་འགྲུབ། །ཅེས་བྱ་བ་ནི་དགོས་པ་རྣམས་ཚེགས་མེད་པས་ཕྱི་བཤོལ་མེད་པར་སྒྲུབ་པའོ། །ལྷག་མ་ནི་གོ་སླའོ། །བྷི་ཏྲི་ཀ་ག་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་རང་གི་ཁྱིམ་ན་གཙོ། །ཞེས་བྱ་བ་ནི། གཙོ་
བོ་ཕ་དང་མ་མེད་པའི་ཕྱིར་རོ། །ལས་དང་སེམས་ཁྲལ་ཆུང་བ་སྟེ། །ཞེས་བྱ་བ་ལ། ཆུང་བ་ནི་དམན་པ་སྟེ། རིགས་ངན་གྱི་བྱ་བ་བྱེད་པའོ། །གཞུང་ཁ་ཅིག་ལས། ཁ་ཅིག་སེམས་ཀྱི་ལས་ཅན་ཏེ། །ཞེས་འབྱུང་སྟེ། ལས་རྣམས་རང་གི་བསམས་བཞིན་དུ་བྱེད་པའོ། །དཔུང་

རྣམས་ཀྱི་ནི་གཙོ་བོ་ཉིད། །ཅེས་བྱ་བ་ནི་དམག་དཔོན་དུ་གྱུར་བའོ། །ལྷག་མ་ནི་གོ