Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 24

Văn bản gốc(Tây Tạng)

Trang 8 / 17 (50.000 ký tự/trang)
སམ་མོ། །དེ་ནས་བདུད་རྩི་མྱང་བ་དང་། མཆོད་པ་དང་། བསྟོད་པ་བྱའོ། །དེ་ནས་རྣལ་འབྱོར་བཞིའི་རིམ་པས་ཅི་ནུས་སུ་བསྒོམ་པར་བྱའོ། །སྐྱོ་བར་གྱུར་ན་སྙིང་པོ་

དང་ཉེ་བའི་སྙིང་པོ་བཟླས་པར་བྱའོ། །ཐུན་བར་པ་རྣམས་ལ་སྐད་ཅིག་མས་ལྷར་བསམ། དབང་དང་བཟླས་པའི་བར་དུ་བྱའོ། །ཐུན་ཐ་མ་ལ་ཡེ་ཤེས་སེམས་དཔའ་གཤེགས་པ་དང་། ཡི་གེ་བརྒྱ་པ་དང་སྨོན་ལམ་གདབ་པ་ལ་སོགས་པ་བྱའོ། རྡོ་རྗེ་ཕག་མོའི་སྒྲུབ་པའི་ཐབས་
པཎྜིཏ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཡོ་གི་ནཱི་སཱ་དྷ་ན་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །དཔལ་ལྡན་
བདེ་མཆོག་ཐབས་ཀྱི་གཙོ། །གཉིས་མེད་ཤེས་རབ་འཁོར་ལོར་བཅས། །གུས་བཏུད་དཔལ་ལྡན་རྣལ་འབྱོར་མའི། །སྒྲུབ་ཐབས་རིམ་པ་བྲི་བར་བྱ། །དང་ལྡན་དབང་དང་དམ་ཚིག་ལྡན། །སྒྲུབ་ལ་དཔའ་བའི་སྔགས་པ་ཡིས། །དུར་ཁྲོད་ལ་སོགས་དབེན་པའི་གནས། །
ཉམས་དགར་མཆོད་པའི་རྟེན་བཞུགས་ལ། །སྟན་བདེ་བ་ལ་འདུག་སེམས་བྱ། །ལྷག་པའི་ལྷར་བསམ་ཧྲཱིཿ་འོད་ལས། །བླ་མ་དཀྱིལ་འཁོར་སྤྱན་དྲངས་ལ། །ཕྱག་དང་མཆོད་པ་སྔོན་འགྲོ་བས། །སྡིག་པ་བཤགས་པ་ལ་སོགས་བྱ། །དེ་རྗེས་ཚངས་པའི་གནས་བཞི་
བསྒོམ། །ཀུན་ཀྱང་སྟོང་ཉིད་རང་བཞིན་བསམ། །སྔགས་འདིས་བརྟན་པ་ཉིད་དུ་བྱ། །ཨོཾ་སྭ་བྷཱ་བ་ཤུདྡྷཿ་སརྦྦ་དྷརྨྨཱཿསྭ་བྷཱ་བ་ཤོདྡྷོ྅ཧཾ། སླར་ཡང་ཡེ་ཤེས་ངོ་བོར་བསྟན། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་རང་བཞིན་དག་པ་ལས། །པཾ་ལས་པདྨ་ཉི་
དཀྱིལ་དུ། །ཨེ་ཡི་རྣམ་པའི་ཆ་བྱད་ཅན། །ལྷ་མོ་ཁམས་གསུམ་ཀུན་ལས་འདས། །དམིགས་པ་རྒྱ་ཆེ་གཞལ་ཡས་ཁང་། །སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒོམ། །དེ་ཡི་ལྟེ་བར་ཆོས་འབྱུང་བསམ། །པདྨ་ཉི་མ་རོ་སྟེངས་སུ། །ཧྲཱིཿ་ཡིག་བྱུ་རུ་དམར་པོ་འདྲ། །འོད་ཟེར་སྤྲོ་
བསྡུས་སླར་བསམས་ཏེ། །ཞལ་གཉིས་ཕྱག་གཉིས་གར་སྟབས་བཞུགས། །ཛ་བ་སིནྡྷུ་ར་ཡི་མདོག །གཡས་པས་གྲི་གུག་ནམ་མཁར་གདེངས། །དེ་བཞིན་གཞན་གྱིས་ཀ་པཱ་ལ། །ཁ་ཊྭཱཾ་གིས་བརྒྱན་རྣམ་པར་འཛིན། །གཡས་པ་ཕག་གདོང་མཁའ་ལ་སྤྱོད། །ཅིག་

ཤོས་ཁྲོ་མོའི་ཞལ་དུ་བསྟན། །ཕྱག་རྒྱའི་རིམ་པས་སྐུ་ལུས་མཛེས། །མགོ་བོའི་དོ་ཤལ་རྒྱན་དང་ལྡན། །གར་དགུའི་རོ་ལྡན་བསམ་པར་བྱ། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། །ལྟེ་བ་སྙིང་ག་མགྲིན་པ་དང་། །དཔྲལ་བ་སྤྱི་གཙུག་ཡན་
ལག་ལ། །རིམ་པར་སྔགས་འདི་བསམ་པར་བྱ། །ཨོཾ་བཾ། ཧཾ་ཡོཾ། །ཧྲིཾ་མོཾ་ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། གོ་ཆ་བགོས་ཏེ་ཡེ་ཤེས་བསྟིམ། །དབང་བསྐུར་མཆོད་ཅིང་བསྟོད་པ་བྱ། །སྐྱོ་ན་སྔགས་འདི་བཟླས་པར་བྱ། །ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་
ཕཊ་ཕཊ་སྭཱ་ཧཱ། དེ་རྗེས་གཏོ་ར་མས་མཆོད་པར་བྱ། །ལྟེ་བར་ཆོས་ཀྱི་འབྱུང་གནས་བསམ། །དེ་ནས་སྔགས་ཀྱི་འཁོར་ལོ་འབར། །སྟེང་ནས་གཡོ་བའི་རླུང་དགུག་ཅིང་། །རྫ་མཁན་འཁོར་ལོ་ཤེས་རབ་འཁོར། །རྣམ་པར་རྟོག་པ་རླུང་དྲོད་ཀྱི། །འབྱུང་བའི་དངས་སྙིགས་
ཕྱེད་འགྱུར་བས། །མར་མེ་ལ་སོགས་རྟགས་རྣམས་འབྱུང་། །དེས་སྐྱོ་ཕྱི་ནང་ལྷ་མཆོད་ལ། །བསྟོད་ཅིང་དགེ་བ་བསྔོ་བར་བྱ། །བདག་གིས་སྒྲུབ་ཐབས་བྲིས་པ་ལས། །དགེ་བ་གང་ཡོད་མདུན་བྱས་ཏེ། །འགྲོ་བ་རིགས་དྲུག་རྣལ་འབྱོར་མའི། །ལམ་ནས་བྱང་ཆུབ་འགྲོ་
བར་ཤོག །དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བའོ། །༄༅༅། །རྒྱ་གར་སྐད་དུ། བཛྲ་ཡོ་གི་ནི་སྟོ་ཏྲ། བོད་སྐད་དུ།
རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ། །སྟོང་ཉིད་སྙིང་རྗེ་ལྡན་པའི་བདག་ཉིད་ཅན། །བསྐལ་པའི་མེ་འབར་འཇིགས་པའི་ཧཱུཾ་སྒྲ་སྒྲོགས། །རྡོ་རྗེ་གཏུམ་མོ་དེ་ལ་ཕྱག་འཚལ་བསྟོད། །ཕག་
གདོང་རྟོག་མེད་ཆོས་སྐུ་འགྱུར་མེད་སྟོན། །ཁྲོ་མོ་ཐུགས་རྗེས་འགྲོ་བའི་དོན་མཛད་མ། །འགྲོ་དོན་རྫོགས་མཛད་མཛེས་པའི་ཆ་ལུགས་ཅན། །རྟོག་མེད་འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །རབ་འཇིགས་དཔའ་མོ་མ་རུངས་ཚར་གཅོད་མ། །སྤྱན་གསུམ་མཆེ་

གཙིགས་སྐུ་གསུམ་དོན་དང་ལྡན། །ཉོན་མོངས་གཅོད་མཛད་འཇིགས་པའི་ང་རོ་ཅན། །བདུད་འདུལ་འཇོམས་པའི་སྐུ་ལ་ཕྱག་འཚལ་བསྟོད། །སྐྲ་གྲོལ་གཅེར་བུ་སྐྱོན་བྲལ་འཇིགས་པའི་གཟུགས། །ཉོན་མོངས་སྐྱོན་བྲལ་སེམས་ཅན་དོན་མཛད་མ། །ཐུགས་
རྗེའི་ལྕགས་ཀྱུས་འགྲོ་དྲུག་གནས་ནས་འདྲེན། །ཕྲིན་ལས་རྫོགས་མཛད་དེ་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་གནས་བཞུགས་རུ་ཏྲ་ཕོ་མོ་འདུལ། །དྲག་མོ་འཇིགས་ཚུལ་ཕཊ་ཀྱི་སྒྲ་སྒྲོགས་ཤིང་། །ཐབས་མཁས་ཐུགས་རྗེས་འགྲོ་བའི་དོན་མཛད་མ། །བདུད་
འདུལ་དྲག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །ཆོས་ཉིད་དོན་རྟོགས་འཆིང་བའི་ཚུལ་སྤངས་ཀྱང་། །རོ་དང་ཉི་ཟླ་པདྨ་གདན་གྱི་ཡུལ། །རྒྱན་རྣམས་ཀུན་གྱིས་རབ་མཛེས་ཁྲོ་མོའི་སྐུ། །ཡོན་ཏན་རྫོགས་མཛད་དེ་ལ་ཕྱག་འཚལ་བསྟོད། །གྲི་གུག་ཐོད་
པ་ཁ་ཊྭཱཾ་ཕྱག་ན་བསྣམས། །ཉོན་མོངས་གཅོད་མཛད་ཡེ་ཤེས་དོན་དང་ལྡན། །དུག་གསུམ་གཅོད་མཛད་སྐུ་གསུམ་ལྷུན་གྱིས་གྲུབ། །འགྲོ་བའི་དོན་མཛད་དེ་ལ་ཕྱག་འཚལ་བསྟོད། །བདེ་ཆེན་རང་བྱུང་རྡོ་རྗེ་མཁའ་འགྲོ་མ། །མི་འགྱུར་ཡེ་ཤེས་རྡོ་རྗེ་ཆོས་
ཀྱི་སྐུ། །རྟོག་མེད་སྤྲོས་བྲལ་ཡེ་ཤེས་ཆོས་དབྱིངས་དོན། །ཡང་དག་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །ལྷ་མོ་དྲུག་གི་རང་བཞིན་རྡོ་རྗེ་རིགས། །དཔལ་འབར་འཇིགས་མཛད་ཁྲོ་ཚུལ་འགྱིང་བག་ཅན། །བདེ་ཆེན་རང་བྱུང་ཕྱག་རྒྱ་ཆེན་པོའི་དོན། །ཉོན་མོངས་སྒྲོལ་
མཛད་དེ་ལ་ཕྱག་འཚལ་བསྟོད། །ཀུན་རྫོབ་དོན་དམ་རང་བཞིན་ཕག་མོ་སྟེ། །སྐུ་མདོག་དམར་པ་ཐུགས་རྗེའི་རང་བཞིན་ཅན། །འདོད་དགུ་ཕུན་ཚོགས་རྡོ་རྗེ་མཁའ་འགྲོ་མ། །བདེ་ཆེན་རང་བྱུང་སྐུ་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་རྒྱན་རྣམས་སྐུ་ལ་རྫོགས་པ་སྟེ། །
གྲི་གུག་ཁ་ཊྭཱཾ་ཕྱག་མཚན་སོ་སོར་བསྣམས། །ཐུགས་རྗེའི་རང་བཞིན་སྐྲ་གྲོལ་ཐུར་དུ་སྦུད། །སྤྱན་དམར་འཇུག་ཞལ་དེ་ལ་ཕྱག་འཚལ་བསྟོད། །ཕྲིན་ལས་གྲུབ་པའི་རྡོ་རྗེ་མཁའ་འགྲོ་མ། །བདེ་བའི་གནས་སུ་འདྲེན་པའི་ཐུགས་རྗེ་ཅན། །སྐྱོན་བྲལ་ཡང་དག་ལྷ་ཡི་ལྷར་

གྱུར་པ། །རྡོ་རྗེ་འཕྲུལ་མོ་ཆེ་ལ་ཕྱག་འཚལ་བསྟོད། །དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་ཁུ་ནེ་ཙོས་བསྒྱུར་བའོ། །༄༅༅། །རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧཱི་སཾ་
ཀྵི་བྟ་སྟོ་ཏྲ། བོད་སྐད་དུ། རྡོ་རྗེ་ཕག་མོའི་མདོར་བསྡུས་པའི་བསྟོད་པ། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་བྱེ་བའི་གཙོ་མོ་སྟེ། །ཉི་མ་བྱེ་བའི་འོད་མངའ་ཞིང་། །ཐོད་པ་ལྕགས་ཀྱུ་གྲི་གུག་གིས། །གཡས་པའི་ཕྱག་རྣམས་རྣམ་པར་བརྒྱན། །ཁ་ཊྭཱཾ་ཞགས་པས་མགོ་བོ་
ནི། །གཡོན་པའི་ཕྱག་ཏུ་རབ་ཏུ་གྲགས། །དུས་ཀྱི་མཚན་མོ་མཉམ་མནན་ཅིང་། །གར་ཐབས་ཀྱིས་ནི་ཉེ་བར་བརྒྱན། །མཆེ་བ་ཅུང་ཟད་རྣམ་གཙིགས་ཤིང་། །ཛཱ་བའི་མེ་ཏོག་ལྟ་བུར་དམར། །གཤིན་རྗེ་བརྟན་སོགས་རྣལ་འབྱོར་མ། །པདྨའི་འདབ་མར་གནས་པས་བརྒྱན། །རྡོ་རྗེ་
ཕྲེང་བའི་ནང་དུ་ནི། །དུར་ཁྲོད་བརྒྱད་ཀྱིས་རྣམ་པར་བརྒྱན། །ལྷ་རྫས་བདེ་བ་མྱོང་བ་ཡི། །འཇིག་རྟེན་སྐྱོང་རྣམས་ཕྱག་ཀྱང་འཚལ། །གཞན་ཡང་བྲན་ཕོ་བྲན་མོ་རྣམས། །ཐལ་མོ་སྦྱར་བ་བྱས་ནས་གནས། །སངས་རྒྱས་ཀུན་གྱི་ཡུམ་འདི་ནི། །རྫུ་འཕྲུལ་དངོས་གྲུབ་མཆོག་
རྣམས་སྩོལ། །ལྷ་ལ་སོགས་པ་ཐར་དོན་དུ། །ཁྱོད་ཉིད་ལ་ནི་སྐྱབས་སུ་མཆི། །སྙིང་རྗེ་ཁུ་བའི་སེམས་ཀྱིས་ནི། །ལྷ་ཡི་སྤྱན་གྱིས་རྣམ་གཟིགས་ནས། །དེ་ལ་མཆོག་གི་གསོལ་དོན་དུ། །ཕྱོགས་རྣམས་སུ་ནི་རྣམས་བཞུགས་ཤིང་། །བློ་ཆེན་ལྡན་པའི་གྲུབ་པ་པོ། །དངོས་
གྲུབ་སྣོད་ནི་སུ་གནས་ཤེས། །མཁའ་འགྲོ་མ་སོགས་ལྷན་ཅིག་ཏུ། །ཕྱག་རྒྱའི་དངོས་གྲུབ་སྩོལ་མཛད་པ། །རྡོ་རྗེ་ཕག་མོ་ཕྱག་འཚལ་བསྟོད། །ལྷ་མོའི་ཡོན་ཏན་རྒྱ་མཚོ་ནི། །བསྐལ་པ་བྱེ་བར་བརྗོད་མི་ནུས། །མདོར་བསྡུས་ནས་ནི་ཅུང་ཟད་ཅིག །བདག་གི་དད་པས་ངེས་པར་བྱས། །
བྱང་ཆུབ་སྙིང་པོའི་བར་དུ་ནི། །བདག་ནི་རྟག་ཏུ་སྐྱབས་སུ་མཆི། །བདག་དང་སེམས་ཅན་བསོད་ནམས་དེས། །དངོས་གྲུབ་དམ་པ་སྩོལ་བར་ཤོག །རྡོ་རྗེ་ཕག་མོའི་མདོར་བསྡུས་པའི་བསྟོད་པ་ཨ་བྷི་སང་ཀ་ཏས་མཛད་པ་རྫོགས་སོ།། །།པཎྜི་ཏ་ངག་གི་དབང་ཕྱུག་དང་། ཀློག་

སྐྱ་ལོ་ཙཱ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཛྙཱ་ན་ཨཱ་བེ་ཤ་བི་དྷིཿ། བོད་སྐད་དུ། ཡེ་ཤེས་དབབ་པའི་ཆོ་ག །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ལྷན་ཅིག་སྐྱེས་པ་བདག་ཉིད་མཆོག །རྡོ་རྗེ་ཕག་མོ་དཔལ་བཏུད་ནས། །དེ་ཚེ་ཡིད་ཆེས་བྱེད་པ་ཡི། །
ཡེ་ཤེས་དབབ་པའི་ཆོ་ག་བཤད། །དྲི་དང་མེ་ཏོག་བརྒྱན་པ་ཡི། །དབེན་པའི་ཕྱོགས་སུ་བཞུགས་ནས་སུ། །གནས་བདག་རྣལ་འབྱོར་བསྲུང་དོན་དུ། །ཧཱུཾ་ཕཊ་བརྗོད་པར་བྱ་བ་ཡིན། །དེ་ནས་སྔགས་པ་མཉམ་གཞག་ནས། །བདེ་བའི་སྟན་ལ་འདུག་ནས་ནི། །ལྷ་མོའི་སྔགས་ཀྱི་
ཆོ་ག་བཞིན། །གོ་ཆ་ཡན་ལག་ལ་དགོད་བྱ། །རྩེ་མོ་བརྒྱད་པ་དབབ་བྱ་སྟེ། །མདུན་དུ་དཀྱིལ་འཁོར་དམར་པོ་ནི། །མེ་ཏོག་དམར་པོ་དང་ལྡན་པས། །དག་པའི་གསང་སྔགས་བརྗོད་པར་བྱ། །དེ་ནས་གླང་པོ་ཆེ་ཡི་རྒྱབ། །འཁར་བའི་སྣོད་མཉམ་པའི་ངོས་ལ། །ལྷ་མོའི་
སྔགས་མཆོག་དམ་པ་ཡི། །ལག་པ་གཡོན་པས་བྲི་བར་བྱ། །དེ་ལ་ཁར་ལ་སོགས་སྔགས། །ལྷ་མོ་རྣམས་ཕྱོགས་མན་ངག་བཞིན། །དབུས་སུ་རྡོ་རྗེ་རྣལ་འབྱོར་མ། །ཐོད་པའི་ནང་དུ་ལེགས་པར་བྲི། །སྔགས་ཀྱི་ཕྱི་རོལ་གཡུང་དྲུང་ངམ། །སྣ་ཚོགས་རྡོ་རྗེས་བསྐོར་
བར་བྱ། །རྡོ་རྗེ་འཛིན་པའི་སྟེང་དུ་ནི། །སྔར་བཤད་སྣོད་ནི་གསལ་བར་བཞག །མཆོད་ཡོན་སོགས་ཕུལ་བློ་བཟང་གིས། །ཛཿ་ཧཱུཾ་བཾ་ཧོཿབརྗོད་པས་འདིར། །ལྷ་མོའི་འཁོར་ལོ་བཀུག་ནས་སུ། །བཅུག་སྟེ་བཅིང་ཞིང་དགེ་བར་བྱ། །དེ་ནས་བདུད་རྩི་དང་སྒྲོན་མ། །འདོད་པའི་
ཡོན་ཏན་དང་བཅས་པའི། །མཆོད་པ་ལྔ་ཡིས་རྣམ་ཀུན་ཏུ། །ལྷ་མོ་འཁོར་ལོ་མཆོད་པར་བྱ། །ཉིན་རེའམ་ཐུན་མཚམས་སོ་སོ་ལ། །ཇི་སྐད་བཤད་པའི་མཆོད་པ་བྱ། །དེ་ལྟར་མ་ལྕོགས་ཀྱང་མར་ངོའི། །ཚེས་བཅུ་འཁོར་ལོ་རྟག་ཏུ་མཆོད། །ལེགས་པར་བྲིས་པའི་གསང་
སྔགས་ནི། །མཉམ་གཞག་རྡོ་རྗེ་ཚིག་གིས་བཟླས། །གཞོན་ནུ་མའམ་རྣལ་འབྱོར་མ། །ཆོ་ག་བཟང་པོས་བསྟོད་པར་བྱ། །འདི་ནི་ཕྱི་རོལ་དག་གསང་བའི་མཆོད་པའི་ཆོ་གའོ།། །།སྤྲུལ་པའི་ཤིང་རྟའི་ཡན་ལག་ལ། །སྲོག་བྲལ་བྲང་སྟེང་གཏུམ་འོད་ཅན། །དེར་ནི་

ཕག་གདོང་སྙིང་རྗེའི་བདག །ཀང་ཀེ་ལི་ཀིང་ཤུ་ཀའི་འོད། །རྣམ་པར་འཕྲོ་བའི་འོད་ཕྲེང་ཅན། །རྡོ་རྗེས་བརྒྱུས་པའི་ཐོད་ཕྲེང་གིས། །མགོར་བཅིངས་ཁྲག་འཛག་མགོ་ཕྲེང་བརྒྱན། །ཕྱག་གཡས་གྲི་གུག་བསྣམས་པ་སྟེ། །སྡིག་སྒྲིབ་མ་ལུས་འཇོམས་པར་
བྱེད། །ཁྲག་གིས་བཀང་བའི་ཐོད་པ་ནི། །གཡོན་པའི་ཕྱག་ན་འཛིན་པར་མཛད། །ཕྱོགས་ཀྱི་གོས་ཅན་དགའ་ཆེན་པོ། །ལུས་བཟང་བཅུ་དྲུག་ལོ་ལོན་པ། །སྤྱན་གསུམ་མགོ་སྐྱེས་གྲོལ་བ་འཕྱང་། །སྐྱིལ་ཀྲུང་ཕྱེད་པའི་གར་དང་ལྡན། །སྒེག་པ་ལ་སོགས་རོར་བཅས་
པ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཕྱོགས་རྣམས་ཀུན་ཏུ་མཁའ་འགྲོ་མ། །ཚོགས་འཕྲོ་བ་ཡི་གང་བ་ཡིས། །རྡོ་རྗེ་ཕག་མོ་བསྒོམ་པར་བྱ། །ཡེ་ཤེས་བཀུག་སྟེ་དེར་བཅུག་ནས། །བཅིངས་ཏེ་དགྱེས་པར་བྱས་ནས་སུ། །མཁས་པས་ཡིད་ལས་བྱུང་བ་
ཡི། །མཆོད་པ་དེ་ལ་ཆོ་ག་བཞིན། །མཆོད་པ་བྱ་སྟེ་དེ་ནས་ཡང་། །དེ་ཡི་ནུ་མའི་བར་དུ་ནི། །ཆུ་སྐྱེས་བྱུ་རུ་ལྟ་བུ་ཡི། །ཁ་ཕྱེ་རྒྱས་པར་གྱུར་པ་ནི། །རང་བཞིན་མེད་པ་བདག་མེད་མཆོག །མཛེས་དགའ་སྐྱེས་པར་བྱེད་པའོ། །ཐུར་ལྟས་རོ་ཆེན་པོ་དང་ལྡན། །
འོད་ཟེར་གསལ་བས་བསྐོར་བ་ནི། །སྣ་རྩེར་མིག་གཏད་བསྒོམ་པར་བྱ། །ས་ཡིས་ཕུར་པའི་གཉེན་པོ་ནི། །སྤྲུལ་པར་མེ་ཏོག་དམར་པོ་ལ། །པདྨ་རཱ་ག་ལྟར་འོད་དམར། །མྱུར་དུ་འཁོར་བར་བསྒོམ་པར་བྱ། །དེ་ནས་སྔར་བཤད་དེ་དེ་ཡིས། །འཁོར་བས་རེག་པས་
འཁོར་བར་སྤ། །བསྒོམས་ཏེ་བསྒོམས་པའི་བདག་ཉིད་ཅན། །བདེ་བའི་རྒྱུན་དུ་ནུབ་བལྟས་ཏེ། །དེ་ལྟར་རྟག་ཏུ་སྒོམ་བྱེད་པས། །མགོན་པོ་དང་བཅས་བདག་ཉིད་ཆེ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ལྡང་བར་འདོད་ན་མཁར་
གནས་པའི། །བླ་མ་ལྷ་མོར་ཕྱག་འཚལ་ནས། །མུཿཞེས་བརྗོད་དེ་ལངས་ནས་སུ། །ཆོ་ག་དེ་ཉིད་རིག་པས་བྱ། །འདི་ནི་བསྒོམ་པའི་ཆོ་གའོ།། །།མཎྜལ་བྲིས་མ་བྱེད་པ་ཡི། །སློབ་མས་གསོལ་བཏབ་བསྔགས་པའི་ས། །ཆོ་ག་ཚང་བར་ཚེས་བཅུའི་ཚེ། །དེ་དག་རྗེས་སུ་

གཟུང་བར་བྱ། །རྣལ་འབྱོར་མ་ཡི་འཁོར་ལོ་སྔར། །མཆོད་པ་ཆོ་ག་བཞིན་མཆོད་ཅིང་། །སྔར་བསྟན་རྣལ་འབྱོར་མཆོག་བྱས་ནས། །སློབ་མའི་དྲུང་དུ་འགྲོ་བར་བྱ། །མཎྜལ་བྱེད་པའི་སློབ་མ་ནི། །ཡོན་ཕུལ་འགྲེང་སྟེ་གནས་ནས་སུ། །མེ་ཏོག་ཕྲེང་བ་འཛིན་པ་ལ། །མགོན་པོ་
ཅན་གྱིས་བལྟ་བར་བྱ། །དེ་ནས་ཇི་སྐད་གསུངས་པ་བཞིན། །སློབ་མ་བཞི་ཡི་འཁོར་ལོར་བསམ། །མེ་ཏོག་ཆང་དང་བཅས་པ་ཡིས། །ལྷ་མོ་ཡང་དང་ཡང་དུ་མཆོད། །ལྷ་མོའི་གསང་སྔགས་བཟླས་ནས་སུ། །ལག་པ་སྤོས་ཐོགས་བརྡེག་པར་བྱ། །ཚངས་པའི་དང་པོ་ལ་སོགས་
ཅན། །བདེན་པ་ལན་གསུམ་བརྗོད་པའི་མཐར། །རི་དགྲ་གྲི་གུག་གདོན་པར་བྱ། །ལྟུང་བྱེད་མོ་ཡི་ཆུང་མ་ནི། །ཕྱིས་ནས་རིམ་པ་བཞིན་དུ་བཟླས། །ཇི་སྲིད་བབས་པར་མ་གྱུར་པར། །སྔགས་དེ་དག་ནི་བསྒོམ་པར་བྱ། །ཡེ་ཤེས་བབས་ནས་སློབ་མ་ནི། །བ་སྤུ་ལྡང་ཞིང་
འདར་དང་འགྱེལ། །གལ་ཏེ་ཆོ་ག་བཞིན་བྲིས་ནས། །དགེ་མི་དགེ་དེས་སྟོན་པར་འགྱུར། །རང་གི་རང་བཞིན་དུ་གནས་ན། །དེ་ནས་བསྒོམ་པར་བསྟན་པར་བྱ། །ལྷ་མོའི་སྔགས་དང་མཆོད་པ་དང་། །ལྷན་ཅིག་སྐྱེས་བདག་དེ་ཉིད་བཤད། །བློ་བཟང་ཡེ་ཤེས་
བབས་པ་ཡིས། །དེ་ཡི་མདོ་ལ་ཡིད་ཆེས་པ། །དེ་ལ་བསྟན་གྱིས་གུས་དམན་པའི། །སློབ་མ་ལ་ནི་ནམ་ཡང་མིན། །འདི་ནི་སློབ་མ་རྗེས་སུ་གཟུང་བའི་ཆོ་གའོ།། །།ལྷ་མོ་གང་གིས་བྲིས་པ་དང་། །ཆོ་ག་བཞིན་དུ་དེ་ཡི་སྔགས། །བྲིས་པ་དེ་ཡིས་ནུས་
པ་ཀུན། །ཀུན་ནས་གདོན་ལས་བཟློག་པ་ཡིན། །ཡེ་ཤེས་དབབ་པའི་ཆོ་ག་འདིས། །ཡིད་ཆེས་རང་གིས་ཡང་དག་མཐོང་། །ཉེས་པ་ཐམས་ཅད་འཇོམས་བྱེད་པ། །འདི་ནི་འབད་པས་བདག་གིས་བྲིས། །ཡེ་ཤེས་དབབ་པའི་ཆོ་ག་འབད་པ་ཡིས། །བདག་
གིས་ལས་བྱས་སྐྱེས་པའི་དགེ་བ་གང་། །དེ་ཡིས་མྱུར་དུ་ཡང་དག་ཡེ་ཤེས་ཅན། །བདེ་གཤེགས་འགྲོ་བ་རྣམས་ཀྱིས་ཐོབ་པར་ཤོག །ཡེ་ཤེས་དབབ་པའི་ཆོ་ག་རྫོགས་སོ།། །།

༄༅༅། །རྡོ་རྗེ་རྣལ་འབྱོར་མའི་དགོངས་པ་གསང་བའི་སྦྱིན་སྲེག་གི་ཆོ་ག་བཞུགས། །༄༅༅། །བཅོམ་ལྡན་འདས་དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་དཔལ་རྡོ་རྗེ་རྣལ་འབྱོར་མའི་དགོངས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་ཀྱི་ཚོགས་ཀྱི་
དངོས་གྲུབ་བསྒྲུབ་པའི་ཕྱིར། སྦྱིན་སྲེག་གི་བྱ་བ་བྱེད་པར་འདོད་པའི་སྔགས་པས་གྲུ་གསུམ་གྱི་རྣམ་པའི་ཐབ་ཁུང་བྱས་ཏེ་རྒྱའི་ཕྱེད་དཔངས་སུ་ཁ་ཁྱེར་དང་བཅས་པའོ། །ཁ་དོག་དམར་པོ་ལ་སོགས་པ་ལེགས་པར་བྱུགས་ལ་ནུབ་ཏུ་མངོན་པར་ཕྱོགས་པ་ལ་སོགས་པའི་རིམ་པས་ཉེ་བར་
གནས་ལ། །མཆོད་པ་ལྔས་ཡང་དག་པར་མཆོད་དེ། ཐབ་ཁུང་དུ་བུད་ཤིང་བརྩིགས་པ་དང་། རཾ་གྱི་ས་བོན་ལས་བྱུང་བའི་མེ་ལྷ་ཁ་དོག་དམར་པོ་རྣམ་པར་བསྒོམ་སྟེ། སྤྱི་བླུགས་དང་མི་འཇིགས་པ་དང་དབྱིག་པ་དང་ཕྲེང་བ་རྣམས་ཕྱག་ན་འཛིན་པའོ། །དེ་ནས་ཡེ་ཤེས་སེམས་
དཔའ་དགུག་པ་ལ་སོགས་པ་བྱས་ནས། ཡང་དག་པར་མཆོད་པ་ནི། དེའི་ལྕེ་ལ་རཾ་བཀོད་ལ། བདུད་རྩི་ལྔ་ལ་སོགས་པའི་རྫས་དང་། འཇིག་རྟེན་པའི་རྫས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་འདིས་བསྲེག་སྟེ། སྔགས་དེ་ཉིད་ཀྱིས་དགང་བླུགས་ཀྱང་དབུལ་ལོ། །
དེ་ནས་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་མེའི་དབུས་སུ་དཀྱིལ་འཁོར་ལྷག་པར་མོས་པར་བྱས་ཏེ། མཆོད་པ་ལ་སོགས་པ་བྱས་ནས། བདུད་རྩི་ལྔ་ལ་སོགས་པའི་རྫས་ལ། ལྷ་མོ་དང་ལྷ་མོའི་སྔགས་ཀྱིས་བསྲེག་པར་བྱའོ། །ཞི་ལ་སྲེག་རྫས་མངར་སོགས་ཏེ། །
རྒྱས་པ་ལ་ཡང་མངར་བ་ཉིད། །དབང་ལ་མངར་དང་ལན་ཚྭ་ཡིན། །དྲག་ལ་ཚྭ་དང་ཁ་སོགས་ཀྱིས། །ཞི་ལ་དཀར་པོའི་གཟུགས་ཀྱིས་ཏེ། །རྒྱས་ལ་སེར་པོ་རྣམ་བསྒོམ་བྱ། །དབང་ལ་དམར་པོ་ཞེས་སུ་བརྗོད། །དྲག་ལ་ནག་པོར་རབ་ཏུ་གྲགས། །དངོས་གྲུབ་སྒྲུབ་པའི་དུས་སུ་
ནི། །དམར་པོ་ཡང་ནི་རྣམ་བསྒོམ་བྱ། །དེ་ལྟར་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོ་རང་བཞིན་གྱིས་ལུས་ལ་བཅུག་སྟེ། གཏོར་མ་བྱིན་ནས་ཚོགས་ཀྱི་འཁོར་ལོའི་རིམ་པས། འཇིག་རྟེན་འཇིག་རྟེན་ལས་འདས་པའི་མཆོད་པ་བྱས་ནས། བདག་ཉིད་གང་འདོད་པའི་དངོས་

གྲུབ་བླང་བར་བྱའོ། །གསལ་པོར་སྦྱིན་སྲེག་འདི་མི་བྱ། །འབད་པས་གསང་བར་བྱ་བ་སྟེ། །དེ་ལས་དངོས་གྲུབ་འབྱུང་བར་འགྱུར། །གཞན་དུ་དངོས་གྲུབ་སྐལ་བ་མེད། །ཡང་དག་དད་པས་རྗེས་འབྲངས་ནས། །སྔགས་རྣམས་ཡིད་བཞིན་ནོར་བུ་མཚུངས། །དེ་ལ་ཕྱག་རྒྱ་ཆེ་
སོགས་ནི། །འདོད་པས་དད་པ་བརྟན་པོར་བྱ། །དཔལ་རྡོ་རྗེ་རྣལ་འབྱོར་མའི་དགོངས་པ་གསང་བའི་སྦྱིན་སྲེག་གི་ཆོ་ག །སློབ་དཔོན་ཨ་བྷི་ཛུ་ཀ་ཏས་མཛད་པ་རྫོགས་སོ། །༄༅༅། །རྡོ་རྗེ་རྣལ་འབྱོར་མའི་བསད་པ་ལས་ཀྱི་མན་ངག་བཞུགས། ། ༄༅༅། །རྣལ་འབྱོར་གང་
ཞིག་རྡོ་རྗེ་ཕག་མོ་སྒྲུབ་པ་ལ་དམིགས་ཏེ། ཉི་མའི་གུང་ལ་ཁྲོས་པའི་ང་རྒྱལ་གྱིས། །མངོན་སྤྱོད་ཀྱི་རྫས་དུར་ཁྲོད་ཀྱི་སོལ་བས། འདབ་མ་དྲུག་པ་གཡོན་སྐོར་གྱིས་བྲིས་ལ། ཨོཾ་ཆེ་གེ་མོ་མཱ་ར་ཡ་བཾ་ཞེས་རྩིབས་བཞི་ལ་བྲི། རྣལ་འབྱོར་མ་དྲུག་དང་དབུས་སུ་ཧེ་རུ་ཀའི་རྣམ་པའམ། ཡི་གེ་
བསྒྲུབ་བྱའི་མིང་དང་སྤེལ་ཏེ་བྲི་བར་བྱ་བ་ནི། དུར་ཁྲོད་ཀྱི་རས་སམ། མཆོད་སྦྱིན་གྱི་ཤིང་ལོ་ལ་མི་རུས་ཀྱི་སྨྱུ་གུས་བྲིའོ། །དུར་ཁྲོད་ཀྱི་ཐལ་བས་གཟུགས་བརྙན་བྱས་པའི་སྙིང་གར་བཅུག་ལ། སྐེ་ཚེས་བསྐུས་ཏེ། རང་གི་ཁྱིམ་དུ་དྲག་པོའི་ཐབ་ཁུང་ཇི་ལྟ་བ་བཞིན་དུ་བཅས། དེ་རུ་
གཟུགས་དེ་ལྕགས་ཀྱི་སྐམ་པས་བཟུང་ནས་ཐལ་བར་མ་སོང་བར་དུ་བསྲེག །རོ་བསྲེགས་པའི་སར་བརྐོས་ཏེ་ནང་དུ་གཞུག །དུར་ཁྲོད་མེ་ལ་ཡང་དང་ཡང་དུ་བསྲོ་ཞིང་། མི་རུས་ཀྱི་ཕུར་པས་སྙིང་གར་གདབ། ཚེར་མས་མཚམས་མེད་པར་གང་བར་བྱ། སྙིང་གར་ཆུ་ཚན་
བླུགས་ན་ངེས་པར་འཆིའོ། །རྡོ་རྗེ་རྣལ་འབྱོར་མའི་བསད་པ་ལས་ཀྱི་མན་ངག། སློབ་དཔོན་ཨ་བྷི་ཛུ་ཀ་ཏས་མཛད་པ་རྫོགས་སོ།། །།༄༅༅། །ཕྱིར་ཟློག་འཁོར་ལོ་ནི། རང་གི་ལྟེ་བའི་ནང་དུ་འཁོར་ལོ་རྩིབས་དྲུག་པ་བསམས་ལ། རྩིབས་དྲུག་ལ་སྔགས། ཨོཾ་བཾ་ཧཾ་ཡོཾ་ཧྲིཾ་
མོཾ་ཧྲིཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་རྣམས་དགོད། དེ་ཡང་འཁོར་ལོ་ལས་མཐོ་རེ་ཙམ་གྱིས་མཐོ་བ་རུ་ཡི་གེ་རྣམས་བསམ། དབུས་ཀྱི་ལྟེ་བ་ལ་བཾ་བསམ། འཁོར་ལོའི་རྩིབས་ལ་རང་ལ་གནོད་པ་རྣམས་བསམས་ཏེ། སྔགས་བཟླས་པ་ནི། ཨོཾ་ཨཱཿཧཱུཾ་བཱ་རཱ་ཧཱི་ཙཀྲ་བརྟི་སརྦ་

ལོ་ཀི་ཀ་ལོ་ཀོཏྟ་ར། ཡནྟྲ་མནྟྲ་ཏནྟྲ་སརྦ་བི་ཥ་བི་ཙཱུརྞ་མ་པྲ་ཡོ་ག་ཏི་མ་མ་ཀྲྀ་ཏ་ཡེ་ན་ཀེ་ན་ཙི་ཏ། ཀྲྀཏྟ་ནི་ཏི་ན། སརྦ་བིགྷཱན་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། ཏརྫྫ་ཡ་ཏརྫྫ་ཡ། གྲྀཧྞ་གྲྀཧྞ། བྷཀྵ་ཡ་བྷཀྵ་ཡ། ཏཱ་ས་ཡ་ཏཱ་ས་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀྵྨཱཾ་ཀྵྨཱཾ།
ཛྙཽཾ་ཛྙཽཾ། མ་ཏ་མ་ཏ། བི་བྷྲཾ་ས་ཡ། བི་བྷྲཾ་ས་ཡ། ཤ་ཏ་ས་ཧ་སྲ་བྷུ་ཏ་སརྦ་བི་ཙཱུརྞ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཧེ་རུ་ཀ་ཙཀྲ་བརྟི་ཆེ་གེ་མོའི་མུ་ཁཾ་ཙཀྵུ་བནྡྷ་བནྡྷ། ཆེ་གེ་མོ་ཤཱནྟིཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ། འཁོར་ལོ་དེ་འཁོར་བས་རང་གི་ལོག་པར་རྟོག་པ་ཐམས་ཅད་བརླག་པར་བསམ་མོ།། །།
ཕག་མོའི་སྲུང་བའི་འཁོར་ལོ་ལ། ཟངས་གཞོང་གི་ནང་དུ་རང་བྱུང་གི་ཁྲག་དང་། དངུལ་ཆུ་ཟངས་རྡོག་མ་གཅིག་གིས་ཞག་པར་མཉེ། དེ་ཐང་བའི་ཟུར་གྱི་གྲྭར་བཙིར་ལ། ཞུ་བ་དེ་ཟངས་སྲབ་མོའམ་གྲོ་ག་ལ་སོགས་པ་ལ་འཁོར་ལོ་ཇི་ལྟ་བ་བཞིན་དུ་བྲིས། དེ་ལ་རབ་
གནས་བྱས་ཏེ་སྙིམ་པར་བཅུག་ལ། ཕག་མོའི་རྐང་པ་བརྒྱད་པ་བརྒྱ་རྩ་བརྒྱད་བཟླས་ལ་དྲིལ་ནས། སྔར་བཙིར་བའི་ཚིགས་མས་རབ་བྱུང་ཡིན་ན་ཐང་བའི་ཟུར་དུ་གཏུམས་ལ་ཕྲག་པ་གཡོན་པར་བཀལ། སྐྲ་ཅན་ཡིན་ན་གོང་བ་གཡོན་པར་གཏུམ་མོ། །དྲག་པོ་མངོན་སྤྱོད་ཀྱི་ལས་
ལ། གཞུང་ནས་བྱུང་བ་ལྟར་གཟུགས་བརྙན་བྱས་ཏེ། སྐེ་ཚེའི་མར་ཁུ་བསྐུ། རང་གི་སྔས་སུ་དྲག་པོའི་ཐབ་ཁུང་གྲུ་གསུམ་པ་གཅིག་བྲུ། དེ་ཚེར་མ་ཅན་གྱི་ཤིང་ལ་དུར་ཁྲོད་ཀྱི་སོལ་དུམ་གྱི་མེ་སྦར་བ་དང་། གཟུགས་བརྙན་དེ་ལྕགས་ཀྱི་སྐམ་པས་བཟུང་སྟེ། དམར་
ལྷང་གིས་མ་སོང་བར་དུ་བསྲོའོ། །དེ་ལྟར་སོང་བ་དང་དུག་གི་ཆུའམ་བོང་བུའི་ཆུས་བསད་ལ། དེ་དོང་དུ་བཅུག་ནས་གཡེམ་པ་ལ་ཕག་མོའི་འཁོར་ལོ་བྲིས་པ་གཅིག་གིས་ཁ་བཅད། སྔགས་བཟླས། ལིང་ག་ཡང་དང་ཡང་དུ་བསྲོ་ཞིང་བསྒྲུབ། བསད་པའི་སྔགས་གོ་
ཆའི་ལྷ་མོའི་སྔགས་ལ་མཱ་ར་ཡ་བཏགས་ཤིང་བཟླས་སོ། །སྔོན་དུ་བསྙེན་པའི་ཆོ་ག་དང་། དེ་ནས་སྒྲུབ་པའི་ཆོ་གའོ། །དེ་ལ་བསྙེན་པ་ནི་གནས་དབེན་པས་སྟན་བདེ་བ་ལ་འདུག་སྟེ། གཏོར་མ་ལ་སོགས་པ་བཤམས་ལ། དང་པོར་ཚོགས་བསགས་པའི་ཕྱིར་ཕྱག་འཚལ་བ་

ནས་དགེ་བའི་རྩ་བ་ཡན་ཆོད་བྱ། དེ་ནས་སྐད་ཅིག་གིས་རང་བཅོམ་ལྡན་འདས་མར་བསྐྱེད། སྙིང་ག་ནས་འོད་ཟེར་སྤྲོས་ལ་ཡེ་ཤེས་སེམས་དཔའ་དགུག་གཞུག་བྱ། གཉིས་སུ་མེད་པའི་བཅོམ་ལྡན་འདས་མ་གསལ་བར་བསྒོམ། ཡི་གེ་གསུམ་གྱིས་ལུས་ངག་
ཡིད་གསུམ་བྱིན་གྱིས་བརླབ། དངོས་སུ་འབྱོར་ན་རབ། མ་འབྱོར་ན་ཏིང་ངེ་འཛིན་གྱིས་མཆོད་པ་བྱ། དེ་ནས་ཏིང་ངེ་འཛིན་དང་མ་བྲལ་བར་བཟླས་པ་ཐུན་རེ་ལ་ཉིས་སྟོང་རེ་བྱ། ཞག་གཅིག་ལ་བཞིའམ་ལྔར་བསྒོམ། བཟླས་པ་འབུམ་བཟླས་པའི་ཚེ་བསྙེན་པ་
རྫོགས་སོ། །སྒྲུབ་པ་ནི་དང་པོ་བུམ་པ་དང་མཆོད་པ་རྣམ་ལྔ་དང་གཏོར་མ་གཙང་མ་གང་བར་བཤམ། ཁྱེའུའམ་བུ་མོ་གཙང་མ་སྔར་ནས་ཉེར་བསྔོགས་བྱ། ཁྲུས་བྱ། ཁ་ཟས་བཟང་པོས་ཚིམ་པར་བྱ། བུམ་པ་སྤོས་ཆུ་གཙང་མས་དགང་། དེའི་ནང་དུ་སྐད་
ཅིག་གིས་ལྷ་མོར་བསྐྱེད། ཡེ་ཤེས་པ་དགུག་གཞུག་བྱ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། མཆོད་པ་དབུལ། དེ་འོད་དུ་ཞུ་བ་ལས་བདུད་རྩིར་གྱུར་པར་བསམ། དེ་ནས་སྐད་ཅིག་གིས་བདག་ཉིད་ལྷ་མོར་བསྐྱེད། ཡེ་ཤེས་སེམས་དཔའ་བསྟིམ། སྐུ་
གསུང་ཐུགས་བྱིན་གྱིས་བརླབ། མཆོད་པ་ལྔ་དབུལ། དེ་ནས་ཁྱེའུའམ་བུ་མོ་སྐད་ཅིག་གིས་ལྷ་མོར་བསྐྱེད། ཡེ་ཤེས་སེམས་དཔའ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། མཆོད་པ་རྣམ་ལྔ་དབུལ། དེ་ནས་རྩ་བའི་ལྷ་མོར་བསམས་ལ། གནས་གསུམ་ལ་
མཆོད་པ་དབུལ། དེ་ནས་སྣོད་ལ་ཆགས་པའི་དུད་པས་སྣག་ཚ་བྱས་ཏེ་མཐེ་བོང་བསྐུ། དེ་ནས་མཐེ་བོང་གི་རྩ་མཐེབ་མཛུབ་གཉིས་ཀྱིས་བཟུང་ལ། བསྒོམ་ཞིང་བཟླས་པ་བྱས། ཁྱེའུའམ་བུ་མོ་མཐེ་བོང་བལྟ་རུ་གཞུག་ཅིང་། ཇི་ལྟར་མཐོང་བ་བཞིན་སྨྲ་རུ་
གཞུག། ཨོཾ་ཧྲིཾ་ཧྲིཾ་ཁྲིཾ་ཁྲིཾ་ཁྱུཾ་ཁྱུཾ་དྷ་ན་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་རྡོ་རྗེ་ཕག་མོའི་པྲ་བརྟག་པ་རྫོགས་སོ།། །།༄༅༅། །གཏོར་མ་བྱ་བ་ནི། མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཀཾ་ལས་མིའི་མགོ་བོ་

གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ། དེའི་སྟེང་དུ་ཤུ་བི་མུ་མ་ར། ན་གོ་ཀུ་ད་ཧ། ཨོཾ་ཏྲཾ་ཨཾ་ཁཾ་ཧཱུཾ། ལཾ་མཾ་པཾ་ཏཾ་བཾ་རྣམས་བསམས་ཏེ། དེའི་སྟེང་དུ་ཨོཾ་དཀར་པོ་དང་ཨཱཿདམར་པོ་དང་ཧཱོཾ་ནག་པོ་རྣམས་སྟེང་དང་སྟེང་དུ་བསམས་ཏེ། ཨོཾ་བརྗོད་པས་
དེ་རྣམས་ལ་ཐིམ་པས་གོང་བུ་དཀར་པོ་ཅིག་ཏུ་སོང་བར་བསམ། ཨཱཿཞེས་བརྗོད་པས་དེ་རྣམས་ལ་ཐིམ་པས་དམར་པོ་ཧྲོལ་ཧྲོལ་ཅིག་ཏུ་སོང་བར་བསམ། ཧཱུཾ་ཞེས་བརྗོད་པས་དེ་རྣམས་ལ་ཐིམ་པའི་སྟོབས་ཀྱིས། དངུལ་ཆུའི་མདོག་ལྟ་བུར་སོང་བར་བསམ། དེ་ནས་
མདུན་དུ་ཆོས་འབྱུང་གྲུ་གསུམ་གྱི་ནང་དུ་པདྨ་འདབ་མ་བརྒྱད་པ་བསམས་ལ། འདབ་མ་བརྒྱད་ཀྱི་དཀྱིལ་དུ་འཁོར་ལོ་རྩིབས་དྲུག་པ་བསམ། དེ་ལ་དག་པ་གསུམ་བརྗོད་པས། འཁོར་ལོ་རྩིབས་དྲུག་ཏུ་ལྷ་མོ་དྲུག་དང་ལྟེ་བ་ལ་རྡོ་རྗེ་རྣལ་འབྱོར་མ་དང་། ཕ་རོལ་གྱི་འདབ་མ་བརྒྱད་
ལ་ཞིང་སྐྱོང་བརྒྱད་དང་བཅས་པ་བསམས་ལ། གཏོར་མ་དབུལ་བའི་སྔགས་ནི། ཨོཾ་ཤྲཱི་བཛྲ་ཡོ་གི་ནཱི་ཀརྨ་རཱུ་བི་ཎི་ཛྭ་ལ་མུ་ཁི་ནི། ཨོཾ་ཧྲཱིཿཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཆེ་གེ་མོ་སྭ་སྟི་ཀྵ་མ་ཨ་རོ་ག་དེ་ཧི་དནྟ་ཡ། །ཨོཾ་དྷ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་
འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀ་ལ་དབུལ། དེ་ནས་ཡི་གེ་བརྒྱ་པ་བཏོན་ལ་གཤེགས་སུ་གསོལ་ལོ། །གཏོར་མའི་ཆོ་ག་ཨ་བྷི་ཡུ་ཀ་ཏས་མཛད་པ་རྫོགས་སོ། །༄༅༅། །ལག་པའི་མཆོད་པ་བཞུགས། ། ༄༅༅། །རྣལ་འབྱོར་མ་འཁོར་གཙོར་
གྱུར་པ། །རྡོ་རྗེ་ཕག་མོ་ཕྱག་འཚལ་ཏེ། །ལག་པའི་མཆོད་པའི་ཆོ་ག་ནི། །ལུགས་ནི་ཇི་ལྟར་ཡང་དག་བསྡུ། །ཚོགས་ཀྱི་དཀྱིལ་འཁོར་ལ་སོགས་པའི་དུས་སུ་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་དང་ལྡན་པའི་སྔགས་པས། ལག་པ་གཡོན་པའི་མཐེ་བོ་དང་། མཛུབ་མོ་དང་། གུང་མོ་
དང་། སྲིན་ལག་དང་། མཐེའུ་ཆུང་དང་། དེ་རྣམས་ཀྱི་སེན་མོ་རྣམས་ལ་རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་དང་། འོད་དཔག་མེད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། དོན་ཡོད་གྲུབ་པའི་རང་བཞིན་རྣམས་སོ། །གོ་རིམས་ཇི་ལྟ་བར་དཀར་པོ་དང་།

སེར་པོ་དང་། དམར་པོ་དང་། ནག་པོ་དང་དམར་སེར་དང་། ལྗང་གུའི་ཁ་དོག་རྣམས་ཏེ། ཨོཾ་ཧ། ན་མཿཧི། སྭཱ་ཧཱ་ཧུ། བཽ་ཥ་ཊ་ཧེ། ཧཱུཾ་ཧཱུཾ་ཧོ། ཕཊ་ཧཾ་གི་ཡི་གེ་རྣམས་བཀོད་དེ། ལག་ཏུ་ཡང་གློ་བུར་དུ་གྲུབ་པའི་པདྨ་དམར་པོ་འདབ་མ་ལྔ་པ་བསམས་ཏེ། ཤར་ལ་སོགས་པའི་འདབ་མ་རྣམས་ལ་གཡོན་སྐོར་
གྱིས་རིམ་པ་ཇི་ལྟ་བར། ཡ་མི་ནཱི་དང་། རྨོངས་བྱེད་མ་དང་། སྐུལ་བྱེད་མ་དང་། སྐྲག་བྱེད་མ་དང་། ཙཎྜ་ལཱིའི་རང་བཞིན་རྣམས། སྔོན་མོ་དང་། དཀར་མོ་དང་། སེར་མོ་དང་། ལྗང་གུ་དང་། དུ་བའི་མདོག་ཅན་རྣམས། ཧོཾ་ཡོཾ། །ཧྲིཾ་མོཾ། །ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ཅེས་བྱ་བའི་
ས་བོན་གྱི་ཡི་གེ་རྣམས་བལྟའོ། །པདྨའི་ལྟེ་བ་ལ་རྡོ་རྗེ་ཕག་མོའི་རང་བཞིན་ཁ་དོག་དམར་པོ་ཨོཾ་བཾ་ཞེས་བྱ་བའི་ས་བོན་ཏེ། འདི་རྣམས་ཀྱི་གཟུགས་བརྙན་ནམ་འཁོར་ལོ་གསུམ་གྱི་རྒྱབ་ལ་ཡང་ཡོངས་སུ་གསལ་བར་བྱའོ། །དེ་ནས་ལག་པ་ལ་གནས་པ་ས་དང་། ཆུ་དང་། མེ་
དང་། རླུང་དང་། ནམ་མཁའི་ཁམས་རྣམས། ལྟུང་བྱེད་མ་དང་། གསོད་བྱེད་མ་དང་། འགུགས་བྱེད་མ་དང་། གར་གྱི་དབང་ཕྱུག་མ་དང་། པདྨ་འབར་བ་རྣམས་ཀྱི་རང་བཞིན་དུ་མོས་པར་བྱའོ། །དེ་ནས་ལག་པ་ལ་གནས་པའི་ས་བོན་དེ་རྣམས་ལ་ཞུ་བའི་རྫས་ཀྱིས་བསྐུ་བ་
བྱས་ལ། ལག་པའི་མཐིལ་དེར་དཔའ་བོ་དང་། རྣལ་འབྱོར་མར་བྱིན་གྱིས་བརླབས་པའི་འཁོར་ལོ་གསུམ་གྱི་རང་བཞིན་དུ་མོས་པ་བྱས་ལ་དེ་ཞུ་བ་ལ་སོགས་པའི་རྫས་ཡི་གེ་གསུམ་གྱིས་སམ་རྐང་པ་བརྒྱད་པའི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནས་ཡང་དག་པར་མཆོད་ལ་ལྷག་
པ་དང་ཆད་པ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་བཟླས་པར་བྱས་ལ་འཁོར་ལོ་བྱིན་གྱིས་བརླབ་པ་ལ་སོགས་པའི་དོན་དུ་གསོལ་བ་བཏབ་ལ། རྫས་དེ་གཞན་ནམ་གཞན་དུ་བཞག་ལ། ལག་པ་གཡོན་པའི་རྫས་རྣམས་ཀྱིས་གཡོན་པའི་སྲིན་ལག་གིས་བླངས་པས་སྙིང་ག་དང་། ལྕེ་དང་སྤྱི་བོ་
ལ་ཧཱུཾ་ཨཱཿཨོཾ་ཞེས་བརྗོད་པ་སྔོན་དུ་འགྲོ་བས་བསྐུ་བར་བྱའོ། །དེ་ལྷའི་ཚོགས་རྣམས་བདག་ཉིད་ལ་གཞུག་པར་མོས་པར་བྱའོ། །ཆོ་ག་འདི་རྣམས་རྣལ་འབྱོར་མ། ཀུན་དུ་སྤྱོད་པ་དང་འབྲེལ་པ་སྟེ། ལག་པའི་མཆོད་པ་ཨ་བྷི་ཡུ་ཀ་ཏས་མཛད་པ་རྫོགས་སོ།། །།

༄༅༅། །རྒྱ་གར་སྐད་དུ། བཛྲ་བི་ལཱ་སི་ནི་ནཱ་མ་བཛྲ་བཱ་རཱ་ཧཱི་སཱ་དྷ་ནི། བོད་སྐད་དུ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྡོ་རྗེ་རྣམ་པར་སྒེག་མ་ཞེས་བྱ་བ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྒྱལ་བའི་གསང་གསུམ་གཅིག་ཏུ་འདུས་པའི་སྐུ་ཅན་མ། །སྟོང་ཉིད་སྙིང་རྗེ་
གཅིག་པའི་གཟུགས་ཅན་གཟུགས་མེད་མ། །བདེན་གཉིས་གཅིག་པའི་རང་བཞིན་འཇིག་རྟེན་རྟོག་པ་རྣམས། །རྣམ་སྤངས་ཕག་གི་ཞལ་ཅན་རྡོ་རྗེ་ལྷ་མོར་འདུད། །རྣལ་འབྱོར་དབང་ཕྱུག་ཤ་བ་རི་པའི་བཞེད་པ་དང་མཐུན་པར། །འཇམ་དབྱངས་བྱིན་རླབས་སྟོང་ཉིད་ཏིང་འཛིན་
རྡོ་རྗེས་རབ་སྦྱར་བའི། །དེ་ཉིད་ཡེ་ཤེས་གྲུབ་པའི་ཚུལ་མཐུན་དམ་པའི་མན་ངག་བཞིན། །སྤྲོ་བ་དམ་པས་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བྲི་བར་བྱ། །གང་ཞིག་བདག་གིས་སླར་བྲིས་པ། །གལ་ཏེ་ནོངས་སམ་ཉེས་མེད་སྲིད། །དེ་ལྟ་ན་ཡང་ཡོན་ཏན་ནི། །གཞན་དགའི་སྐྱེ་བོས་
མཉན་པར་རིགས། །དེ་ལ་ཇེ་དང་པོར་སྐལ་བ་བཟང་ཞིང་བློ་དང་བའི་སྒྲུབ་པ་པོས་ཡིད་དང་རྗེས་སུ་མཐུན་པའི་དབེན་པའི་གནས་སུ། རབ་ཏུ་འཇམ་པའི་སྟན་ལ་འདུག་སྟེ། རང་གི་སྤྱི་བོར་བླ་མ་ལ་སེམས་མངོན་དུ་ཕྱོགས་པར་བྱས་ནས། ཐ་མལ་གྱི་ང་རྒྱལ་བསལ་བ་
དང་། མཆོག་ཏུ་གྱུར་པའི་བསྲུང་བའི་ཡང་དོན་དུ་སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་ལྟར་ཡང་གསུངས་པ། །བགེགས་རྣམས་སེམས་ཀྱི་རྣམ་འཕྲུལ་ལ། །དེ་བཞིན་ཉིད་ནི་བསྲུང་བ་མཆོག །ཐམས་ཅད་དུ་ནི་ཆོས་རྣམས་ཀུན། །དེ་བཞིན་ཉིད་དུ་རྣམ་པར་དག །
ཅེས་སོ། །དེ་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །དེའི་རྗེས་སུ་སྣོད་དུ་བླུགས་པའི་མྱོས་བྱེད་བཟང་པོ་ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ཏེ། གཡོན་པའི་ལག་པས་ཅུང་ཟད་གོས་པར་བླངས་ལ། ཡི་གེ་གསུམ་མམ་ལྷ་མོའི་སྔགས་ཀྱིས་
ལུས་ལ་ཁྲུས་བྱ་ཞིང་། ལག་པ་ཕན་ཚུན་མཉེས་ནས། བསྣོལ་བའི་རྒྱས་སྤྱི་བོ་ནས་རྐང་པའི་མཐེ་བོང་གི་བར་དུ་བྱུག་པའི་ཚུལ་བྱའོ། །དེ་ནས་ཡན་ལག་དགོད་པ་བྱ་སྟེ། དེ་ལ་རིམ་པ་ཇི་ལྟ་བར་གཡོན་པའི་མཐེ་བོང་གི་དབུས་སུ། ཨོཾ་བཾ། མཛུབ་མོ་ལ་ཧཾ་ཡོཾ། །

གུང་མོ་ལ་ཧྲིཾ་མོཾ། མིང་མེད་ལ་ཧྲེཾ་ཧྲིཾ། མཐེའུ་ཆུང་ལ་ཧཱུཾ་ཧཱུཾ། སོར་མོ་ཐམས་ཅད་ཀྱི་རྩ་བ་དང་རྩེ་མོར་ཕཊ་ཕཊ། ཅེས་བྱ་བ་བཀོད་ལ། དེ་ཡིས་ལུས་དགོད་པ་བྱ་སྟེ། དེ་ལ་རིམ་པ་ནི་འདིའོ། །ལྟེ་བར་ཨོཾ་བཾ། སྙིང་གར་ཧཾ་ཡོཾ། །མགྲིན་པར་ཧྲིཾ་མོཾ། །ཁ་ལ་ཧྲེཾ་ཧྲིཾ། མགོ་བོར་ཧཱུཾ་
ཧཱུཾ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ཅེས་བྱའོ། །སྡོམ་པའི་ཚུལ་ལ་གཡོན་གྱི་ཀུན་དུ་སྤྱོད་པ་ཉིད་དེ། །དེ་ཡང་འཁོར་ལོ་སྡོམ་པར་གསུངས་པ། རྟག་ཏུ་རྣལ་འབྱོར་གཡོན་གྱིས་སྤྱོད། །གཡོན་པའི་རྐང་པ་སྔོན་དུ་འདོར། །ཞེས་སོ། །དེའི་ཕྱིར་གཡོན་པའི་མིང་
མེད་ཀྱིས་བླངས་པའི་ཆང་གིས་ས་གཞི་དག་པ་ལ། རྡོ་རྗེ་འཆང་གི་སྙིང་པོ་ཆོས་འབྱུང་གྲུ་གསུམ་པ། སོར་གསུམ་པའི་ཚད་ཅན། ཡི་གེ་གསུམ་བརྗོད་པ་བཞིན་བྲིས་ནས། ཀ་ར་བཱི་རའི་མེ་ཏོག་དང་། ཤིང་བནྡྷུ་ཀའི་མེ་ཏོག་ལ་སོགས་པ་མེ་ཏོག་དམར་པོས་མཆོད་པར་བྱའོ། །
དེ་ནས་མཚན་ཉིད་དང་ལྡན་པའི་ཐོད་པ་དག་པར་བྱས་ཏེ། བདུག་པས་བདུགས་ལ། དེའི་ནང་དུ་བཾ་གྱི་ཡི་གེ་མངོན་པར་བྲིས་ནས། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་རྒྱལ་བ་དྲུག་པས་ལེགས་པར་བཀང་སྟེ། ཆོས་འབྱུང་གི་སྟེང་དུ་བཞག་གོ། །དེའི་སྟེང་དུ་དྲི་མ་མེད་པའི་མེ་
ལོང་གིས་བཀབ་པ་ལ། གཞོན་ནུ་མའི་པདྨའི་མཚལ་གྱིས་སྦགས་པའི་དར་དམར་པོའི་ཁུད་དུ་ཤིན་ཏུ་དག་པའི་སིནྡྷུ་ར་བླུགས་པ། སོར་མོའི་རྩེ་མོས་མཉེ་བཞིན་པས། མེ་ལོང་གི་ངོས་ཁྱབ་པར་དལ་བུར་དགྲམ་པར་བྱའོ། །དེ་དག་ལ། རྒྱལ་བའི་སྙིང་པོ་སྙིང་པོའི་འཁོར་ལོའོ། །
ཞེས་བྱ་བས། འདིར་རྒྱལ་བའི་སྙིང་པོ་ནི་སངས་རྒྱས་ཀྱི་སྙིང་པོའོ། །སྙིང་པོའི་འཁོར་ལོ་ནི། མཆོག་ཏུ་གྱུར་པའི་གསང་བ་དམ་པའི་འཁོར་ལོ་སྟེ། ཆོས་ཀྱི་འབྱུང་གནས་ཞེས་བྱ་བའི་མིང་ཅན་ཟུར་གསུམ་པ་མངོན་པར་བྲིས་ནས། དེའི་སྙིང་པོར་སྔགས་ཀྱི་ཕྲེང་བ་གསེར་
གྱི་ཐུར་མས། གཡོན་པའི་ཀུན་སྤྱོད་པས་བྲི་བར་བྱའོ། །འདིར་ངག་ནི། ཟླ་ཚེས་ཐིག་ལེ་ནཱ་ད་བཅས་པའི་བཾ་ཡིག་བཅོམ་ལྡན་འདས་མའི་རང་བཞིན་ནི་ཕྲ་བའི་ངོས་ཀྱི་ཆོས་འབྱུང་གི་ནང་དུ་བྲི་བར་བྱའོ། །དེ་ནས་ཆོས་འབྱུང་གི་དབུས་སུ། །སྐུ་གསུང་ཐུགས་རྣམ་པར་དག་པ།

དྲག་པོ་དང་། བདེ་བྱེད་དང་། ཕྱོགས་ཀྱི་གྲངས་ཀྱིས་ཕྲེང་རིམ་པ་གསུམ་དུ་བཅོམ་ལྡན་འདས་མའི་སྔགས་ཀྱི་རྒྱལ་པོ་བྲི་བར་བྱའོ། །འཁོར་ལོ་འདི་ནི་བཅོམ་ལྡན་འདས་མའི་རང་བཞིན་གཉིས་སུ་མེད་པར་རྫོགས་པའི་གོ་འཕང་བསྒྲོད་པར་བྱེད་པ་རྣམ་པར་དག་
པ་ཧཱ་ཡིག་དང་ཨ་ཡིག་དག་གིས་ཏེ། འོག་གི་བཾ་ཡིག་གི་སྟེང་དུ་ཧཱ་ཡིག་བྲི་བར་བྱའོ། །ཕྱི་རོལ་གྱི་ཤར་ལ་སོགས་པར་ནི་ཁྱད་པར་དུ་གྱུར་པའི་དགའ་བ་འཁྱིལ་པ་རྣམས་གཡོན་སྐོར་དུ་བྲི་བར་བྱའོ། །དེ་ནས་སྒྲུབ་པ་པོས་ཚངས་པའི་གནས་བཞི་དང་། སྟོང་པ་ཉིད་ལ་ལྷག་པར་
གནས་པར་བྱའོ། །དེ་ཉིད་ལས་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་རྡོ་རྗེ་ཕག་མོའི་སྐུར་སྐད་ཅིག་གིས་མོས་པར་བྱའོ། །དེ་ནས་མེ་ལོང་གི་ངོས་ཀྱི་ལྷ་མོའི་སྔགས་ཀྱི་ཕྲེང་བའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་རྣམས་ཀྱིས་སད་པར་བྱས་པའི་བཅོམ་ལྡན་འདས་མ་འཁོར་དང་བཅས་པ་
འོག་མིན་གྱི་གནས་ནས། ཕཻཾ་ཡིག་གི་སྒྲ་སྒྲོགས་པ་དང་བཅས་པའི་འབར་བའི་ཕྱག་རྒྱས་སྤྱན་དྲངས་ལ། ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་ཡི་གེ་ཕྱག་རྒྱ་སོ་སོ་ལ་སྦྱོར་བ་དང་བཅས་པས། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་ཡང་དག་པར་དགྱེས་པར་བྱའོ། །དེའི་རྗེས་སུ་
སྔགས་ཀྱི་གཟུགས་ཅན་དེ་ཉིད་ལ། རྣམ་པ་སྣ་ཚོགས་པའི་བཟའ་བ་དང་བཅའ་བ་དང་བལྡག་པ་དང་བཏུང་བ་དང་མྱང་བ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་དང་བཅས་པ་རྣམས་ཀྱིས་དང་། བ་ལ་སྣ་ཚོགས་པ་དག་དང་། ཡང་དག་པའི་མ་ད་ན་དང་། ཉེར་སྤྱོད་ལྔ་རྣམས་ཀྱིས་
དང་། གླུ་དང་རོལ་མོ་དང་གར་དང་བསྐོར་བ་དང་ཕྱག་འཚལ་བ་དང་བསྟོད་པ་སྟེ། མཆོག་ཏུ་གྱུར་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །ཉིན་རེ་ཞིང་ངམ་ཕྱོགས་ནི་སོ་སོ་དང་། །ཟླ་བ་སོ་སོའི་ནག་ཕྱོགས་ཚེས་བཅུ་ལ། །རྡོ་རྗེ་ཕག་མོའི་དངོས་གྲུབ་གཉིས་
འདོད་པས། །མཆོད་པའི་ཆོ་ག་དེ་ལྟར་སྨྲས་རྣམས་བྱ། །ཞེས་བྱ་བ་འདི་ནི་རྡོ་རྗེ་རྣམ་པར་སྒེག་མ་ལས་ཕྱི་རོལ་མཆོད་པའི་ཆོ་གའོ། །དེ་ནས་འདིར་རྡོ་རྗེ་ཕག་མོ་སྔགས་ཀྱི་གཟུགས་ཅན་མདུན་དུ་ཡང་དག་པར་བཀོད་ལ། སྒྲུབ་པ་པོ་ཁ་ནུབ་ཏུ་མངོན་པར་ཕྱོགས་པས་གནས་ནས། སེམས་

ཅན་ཐམས་ཅད་ལ་དམིགས་པའི་ཚངས་པའི་གནས་པ་བཞི་རབ་ཏུ་བསྒོམ་པར་བྱའོ། །དེ་ལ་རིམ་པ་བཞིན་དུ། མས་བུ་གཅིག་པ་ལྟར་སེམས་ཅན་ཐམས་ཅད་བདེ་བ་དམ་པ་ལ་སྦྱོར་བའི་བསམ་པ་ཡོངས་སུ་བརྟག་པ་བྱམས་པའོ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་རྣམ་པར་
རྟོག་པའི་རྒྱ་མཚོར་བྱིང་བའི་སེམས་ཅན་ཐམས་ཅད་གདོན་པར་འདོད་པའི་རང་བཞིན་ཅན་ནི་སྙིང་རྗེ་ཆེན་པོའོ། །མཆོག་ཏུ་མི་འགྱུར་བའི་བདེ་བ་དང་མི་འབྲལ་བས་ཡོངས་སུ་ཚིམ་པའི་མཚན་ཉིད་ཅན་ནི་དགའ་བའོ། །འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་ཕྱོགས་སྤངས་པའི་ལམ་ཉེ་བར་
སྒྲུབ་པ་ནི་བཏང་སྙོམས་སོ། །དེ་ནས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་ལ་སོགས་པའི་སྤྲོས་པས་སྟོང་པ་ཉིད་བསྒོམ་པར་བྱ་ཞིང་། དེ་ནས་སྟོང་པའི་སྐད་ཅིག་ལས་ནི་ཆོས་ཀྱི་འབྱུང་གནས་རབ་དམར་དབུས། །ཆུ་སྐྱེས་དམར་དང་སྲོག་སོང་སྟེང་དུ་ཉིན་བྱེད་རྒྱས་
པའི་ལྟེ་བ་ལ། །བཾ་དམར་ལས་བྱུང་དམ་ཚིག་སེམས་མ་བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །གཟུགས་ཅན་ཉིད་དུ་རྣལ་འབྱོར་བདག་ཉིད་གསལ་བར་ཡོངས་སུ་བསྒོམ་པར་བྱ། །སིནྡྷུ་ར་དང་ཐུན་མཚམས་ཀྱི། །དམར་བ་དང་མཚུངས་ཁ་དོག་ཅན། །རབ་གསལ་འཕྲོ་བའི་འོད་
ཚོགས་ཀྱིས། །ཉི་མ་བདུན་གྱི་འོད་རྣམས་གཞིལ། །འོད་འཕྲོའི་ཕུང་པོ་གྲི་གུག་ནི། །གྱེན་དུ་ཕྱོགས་པར་གཡས་པ་ཡི། །ཕྱག་གིས་རྣམ་པར་འཛིན་པས་ནི། །ཟུག་རྔུ་ཐམས་ཅད་གཅོད་པར་མཛད། །བདུད་ཀྱི་ཁྲག་གིས་ཡོངས་གང་བའི། །ཤིན་ཏུ་དཀར་བའི་ཀ་པཱ་ལ། །
གཡོན་པའི་ཕྱག་གིས་ཐུགས་ཀར་འཛིན། །མཆོག་གི་ཁ་ཊྭཱཾ་གྲུ་མོར་བསྟེན། །རྡོ་རྗེ་སྔོན་པོའི་ཕྲེང་བ་ཡིས། །མགོ་བོ་ཡོངས་སུ་བསྐོར་བས་བགྱིད། །ཡང་ནི་ཐོད་སྐམ་ཕྲེང་བས་མཛེས། །ཅུང་ཟད་ཐོད་བཅིངས་སྐྲ་གྲོལ་ཞིང་། །མགོ་བོའི་ཕྲེང་བ་ཕྲག་པར་འཕྱང་། །བྷ་ག་ནས་ནི་
ཁྲག་རྒྱུན་འབབ། །དགྱེས་པའི་གད་རྒྱངས་ལྷུག་པར་སྒྲོགས། །སྟེང་དུ་ཕྱོགས་པའི་ཕག་ཞལ་གཡས། །ཡིད་ཙམ་ཁྲོས་པ་རྩ་བའི་ཞལ། །མཆོག་ཏུ་མཛེས་ཤིང་སྤྱན་དྲུག་ལྡན། །ཀུན་དགའ་དང་བཅས་རྗེས་ཆགས་པས། །སྣ་ཚོགས་གར་གྱི་རོ་ཡིས་རོལ། །འཁོར་

ལོ་རྣ་ཆ་མགུལ་རྒྱན་དང་། །གདུ་བུ་དང་ནི་སྐ་རགས་ཉིད། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །གཅེར་མོ་ཕྱོགས་ཀྱི་གོས་ཅན་མ། །བཅུ་དྲུག་ལང་ཚོའི་ཉམས་ལྡན་མ། །རབ་འབར་མེ་ཡི་དབུས་གནས་བསམ། །དེ་ཡི་སྤྲུལ་པའི་འཁོར་ལོའི་དབུས། །ཆོས་
འབྱུང་ལ་གནས་པདྨ་དང་། །རོ་ཡི་སྙིང་གར་བཾ་ཡིག་ལས། །སྔོན་དུ་སྨྲས་པའི་ལྷ་མོ་བསྐྱེད། །དེའི་ཡང་ལྟེ་བར་ས་བོན་ནི། །བཾ་གྱི་ཡི་གེ་བལྟ་བར་བྱ། །དེ་ལས་ལྕགས་ཀྱུའི་རྣམ་པ་ཅན་གྱི་འོད་ཟེར་གྱི་ཚོགས་སྤྲོས་པས། འོག་མིན་ལ་སོགས་པ་ནས་བཅོམ་ལྡན་འདས་མ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་
ཀྱིས་ཡོངས་སུ་བསྐོར་བ། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་། མིག་བསྟོད་དེ། ཕེཾ་གྱི་སྒྲ་སྒྲོགས་པ་དང་བཅས་པས་སྤྱན་དྲང་བར་བྱའོ། །མཉམ་པའི་ཐལ་མོ་ལས་བྱུང་བའི། །གུང་མོ་བརྟན་པར་རབ་སྦྱར་ཏེ། །མཐེ་བོང་མདུད་ཅིང་སོར་མོ་གཞན། །འབར་བ་ལྟར་བྱས་འབར་བའི་རྒྱ། །ཞེས་བྱ་བའི་ཚུལ་གྱིས་སོ། །
མངོན་དུ་ཕྱོགས་པར་ནམ་མཁའི་མཐིལ་དུ་བཞུགས་པར་བལྟས་ལ། ལྷག་པར་མོས་པས་ཡང་དག་པར་མཆོད་པར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། མཆོག་གྱུར་ཡན་ལག་བརྒྱད་ལྡན་ཆུ། །ག་པུར་ཙནྡན་དྲིས་བསྒོས་པ། །རྗེ་བཙུན་ལྷ་མོའི་སྤྱན་སྔར་དབུལ། །འདི་བཞེས་བདག་ལ་བཀའ་དྲིན་སྩོལ། །ཨོཾ་ཨཱཿ་ཧྲཱིཿ་ཤྲཱི་
བཛྲ་ཝཱ་པཱ་ཧྱཻ་པྲ་བ་ར་སཏྭཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མཆོག་གྱུར་ཡན་ལག་བརྒྱད་ལྡན་ཆུ། །ག་པུར་ཙནྡན་དྲིས་བསྒོས་པ། །རྗེ་བཙུན་ལྷ་མོའི་ཞབས་སུ་དབུལ། །འདི་བཞེས་བདག་ལ་བཀའ་དྲིན་སྩོལ། །ཨོཾ་ཨཱཿ་ཧཱིཿ་ཤྲཱི་བཛྲ་ཝཱ་རཱ་ཧྱཻ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། མཆོག་གྱུར་ཡན་ལག་བརྒྱད་ལྡན་ཆུ། །ག་པུར་ཙནྡན་དྲིས་བསྒོས་པ། །རྗེ་བཙུན་ལྷ་མོའི་
ཞལ་དུ་དབུལ། །འདི་བཞེས་བདག་ལ་བཀའ་དྲིན་སྩོལ། །ཨོཾ་ཨཱཿ་ཧྲཱིཿ་ཤྲཱི་བཛྲ་ཝཱ་རཱ་ཧྱཻ་ཨཉྩ་མ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། མཆོག་གྱུར་ཡན་ལག་བརྒྱད་ལྡན་ཆུ། །ག་པུར་ཙནྡན་དྲིས་བསྒོས་པ། །རྗེ་བཙུན་ལྷ་མོའི་སྐུ་ལ་དབུལ། །འདི་བཞེས་བདག་ལ་བཀའ་དྲིན་སྩོལ། །ཨོཾ་ཨཱཿ་ཧྲཱིཿ་ཤྲཱི་བཛྲ་ཝཱ་རཱ་ཧྱཻ་པྲོ་ཀྵ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། ལྷ་
དང་མི་ལས་ཕུལ་བྱུང་བའི། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་འདི། །རྗེ་བཙུན་ལྷ་མོའི་ཚོགས་ལ་དབུལ། །བཞེས་ནས་བདག་ལ་བཀའ་དྲིན་སྩོལ། །ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ལྷ་དང་མི་ལས་ཕུལ་བྱུང་བའི། །སྦྱར་དང་རང་བྱུང་བདུག་སྤོས་འདི། །རྗེ་བཙུན་ལྷ་མོའི་ཚོགས་ལ་དབུལ། །བཞེས་

ནས་བདག་ལ་བཀའ་དྲིན་སྩོལ། །ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱུཾ་སྭཱ་ཧཱ། ལྷ་དང་མི་ལས་ཕུལ་བྱུང་བའི། །རིན་ཆེན་སྒྲོན་མའི་སྣང་གསལ་འདི། །རྗེ་བཙུན་ལྷ་མོའི་ཚོགས་ལ་དབུལ། །བཞེས་ནས་བདག་ལ་བཀའ་དྲིན་སྩོལ། །ཨོཾ་ཨཱཿ་བཛྲ་ཨཱ་ལོ་ཀེ་ཧཱུཾ་སྭཱ་ཧཱ། ལྷ་དང་མི་ལས་ཕུལ་བྱུང་
བའི། །ཀུན་ནས་བསིལ་བྱེད་དྲི་མཆོག་འདི། །རྗེ་བཙུན་ལྷ་མོའི་ཚོགས་ལ་དབུལ། །བཞེས་ནས་བདག་ལ་བཀའ་དྲིན་སྩོལ། །ཨོཾ་ཨཱཿ་བཛྲ་གནྡྷེ་ཧཱུཾ་སྭཱ་ཧཱ། ལྷ་དང་མི་ལས་ཕུལ་བྱུང་བའི། །ཁ་དོག་དྲི་དང་རོ་ལྡན་ཟས། །རྗེ་བཙུན་ལྷ་མོའི་ཚོགས་ལ་དབུལ། །བཞེས་ནས་
བདག་ལ་བཀའ་དྲིན་སྩོལ། །ཨོཾ་ཨཱཿབཛྲ་ནཻ་བི་དྱ་ཧཱུཾ་སྭཱ་ཧཱ། གཞན་ཡང་སྔོན་དུ་བཤད་པའི་མཆོད་པ་རྣམས་ཀྱིས་ཀྱང་ཡོངས་སུ་མཆོད་ནས། བསྟོད་པ་བྱ་སྟེ། ཆོས་དབྱིངས་བདག་མེད་རྣམ་པར་དག་པའི་ཕྱིར། །ཅི་དགར་ཉལ་བའི་རོ་ལ་ཞབས་བསྟེན་ཅིང་། །ཀུན་གཞི་བྲལ་
བའི་སྙིང་གང་གར་བྱེད་པས། །ཤིན་ཏུ་རྣམ་པར་དག་པའི་ངོ་བོར་མཚོན། །ཤེས་རབ་གཟི་ལྡན་རྣམ་པར་དག་པ་ཡི། །ཡེ་ཤེས་ཉི་མའི་དཀྱིལ་འཁོར་དང་ལྡན་པར། །ཆོས་དབྱིངས་རང་བཞིན་འགྲོ་བ་གཅིག་པའི་སྐུ། །ཤིན་ཏུ་རྣམ་དག་རྡོ་རྗེ་ཕག་མོར་འདུད། །དམ་པའི་དོན་གྱིས་རྩ་ཞལ་
དུས་གསུམ་པ། །གཟིགས་པ་རྣམ་པར་དག་པས་སྤྱན་གསུམ་པ། །ཀུན་རྫོབ་རང་བཞིན་ཕག་ཞལ་རོ་མཉམ་པའི། །བདེན་དོན་ཉིད་ཀྱིས་གསུམ་སྤྱན་རབ་མངའ་བའོ། །ཀུནྡ་གྱེན་དུ་བཞེངས་ལས་འདི་ཡི་ནི། །དབུ་སྐྱེས་ཡན་ལག་ཁྱབ་པར་རབ་གྲོལ་བ། །མཐོན་མཐིང་
སྟོང་པ་ཉིད་དག་བཅིངས་དང་གྲོལ། །རྣམ་པར་སྤངས་ལས་ཕྱེད་བཅིངས་ལྷག་མ་གྲོལ། །ཀུན་རྟོག་རྨོངས་པ་གཅོད་དང་ཉི་མའི་རྩ། །རྣོ་བ་ཉིད་ཕྱིར་གཡས་པར་གྲི་གུག་སྟེ། །ཆགས་པ་ཟླ་བའི་རྩ་དང་བྱང་སེམས་ཀྱི། །རང་བཞིན་ཁྲག་བཅས་ཐོད་པ་གཡོན་
ནའོ། །དྷཱུ་ཏཱིའི་ལམ་བཟང་ཁ་སྟེང་བྱང་ཆུབ་སེམས། །གྱེན་དུ་མཛེས་པ་ཉིད་ཀྱིས་ཊྭཱཾ་ག་སྟེ། །ཁ་ཊྭཱཾ་ག་ཞེས་སྦྱར་བའི་བདག་ཉིད་མར། །རྒྱལ་མཚན་འཕྱང་བས་མཚོན་པ་དེ་ལ་འདུད། །ཀུན་དོན་སྒྲུབ་བྱེད་གར་གྱིས་རོལ་བའི་ཞབས། །སྒྲིབ་པ་ཀུན་བྲལ་གཅེར་

བུར་འགྱིང་བག་བཅས། །རྒྱལ་བ་ལྔ་དག་ཕྱག་རྒྱར་ཡང་དག་ལྡན། །བདེ་ཆེན་རྒྱལ་བའི་ཡུམ་ལ་གུས་ཕྱག་འཚལ། །ཞེས་པས་བསྟོད་ཅིང་། སྤྲོས་པ་ལ་དགའ་ན་ཁོ་བོས་སྦྱར་བའི་རྡོ་རྗེ་རྣམ་པར་སྒེག་མ་ཞེས་བྱ་བས་ཀྱང་ངོ་། །དེ་ནས་བདུན་རྣམ་
དག་བྱ་བ་ནི། ཁམས་གསུམ་སྐུ་གཅིག་བཅོམ་ལྡན་མ། །ལྷན་ཅིག་སྐྱེས་དགའི་བདེ་བའི་ཁྱིམ། །རྡོ་རྗེ་ཕག་མོའི་དཔའ་བོ་ཆེ། །སངས་རྒྱས་ལ་ནི་བདག་སྐྱབས་མཆི། །ཕྱག་རྒྱ་སྔགས་དང་འཁོར་ལོ་དང་། །སྟོན་མཛད་ཆོས་ལ་སྐྱབས་སུ་མཆི། །འཁོར་ལོ་ལ་གནས་
མཁའ་འགྲོའི་ཚོགས། །ལྷ་ཚོགས་དགེ་འདུན་ལ་སྐྱབས་མཆི། །ཐོག་མ་མེད་པའི་འཁོར་བ་རུ། །སྐྱེ་བ་བརྒྱུད་པར་རྣམ་འཁྱམས་པས། །སྡིག་པའི་ལས་རྣམས་གང་བགྱིས་དང་། །བགྱིད་སྩལ་རྗེས་སུ་ཡི་རང་བ། །དེ་དག་ཐམས་ཅད་བཤགས་པར་བགྱི། །སླན་
ཅད་ནམ་ཡང་མི་བགྱིད་དོ། །སྐྱེ་བོ་ཀུན་གྱི་བསོད་ནམས་དང་། །དེ་བཞིན་འཇིག་རྟེན་ལྷ་རྣམས་དང་། །བསེ་རུ་སྤྱོད་པའི་སངས་རྒྱས་དང་། །ཉན་ཐོས་རྣམས་དང་རྒྱལ་བའི་སྲས། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །བསོད་ནམས་ཀུན་ལ་རྗེས་ཡི་རང་། །གང་ཡང་
ཕྱོགས་བཅུར་བཞུགས་པ་ཡི། །འདྲེན་པ་ཀུན་མཁྱེན་ཐམས་ཅད་ལ། །འགྲོ་བའི་མ་རིག་མུན་བསལ་ཕྱིར། །ཆོས་ཀྱི་སྒྲོན་མ་སྤར་བར་བསྐུལ། །གང་ཞིག་མྱ་ངན་འདའ་སྟོན་པའི། །འགྲོ་བའི་མགོན་རྣམས་འགྲོ་ཕན་ཕྱིར། །དཔག་མེད་བསྐལ་བའི་མཐར་བཞུགས་
པར། །ཐལ་མོ་སྦྱར་ནས་བདག་གསོལ་འདེབས། །ཇི་ལྟར་འཕགས་པ་རྒྱལ་སྲས་དང་། །ཡང་དག་རྫོགས་སངས་རྒྱས་རྣམས་ཀྱིས། །ལུས་པ་མེད་པའི་དགེ་བ་རྣམས། །བླ་ན་མེད་པར་བསྔོས་དེ་བཞིན། །རྗེས་སུ་ཡི་རང་དང་བཅས་པའི། །དགེ་བའི་རྩ་བ་ཇི་སྙེད་
པ། །བླ་མེད་རྫོགས་པའི་བྱང་ཆུབ་ཏུ། །བདག་གིས་ཡོངས་སུ་བསྔོ་བར་བགྱི། །ཞེས་བྱ་བས་སོ། །དེ་ནས་ཛཿཧཱུཾ་བཾ་ཧོཿཞེས་བྱ་བས་དགུག་པ་དང་། གཞུག་པ་དང་། བཅིང་པ་དང་། ཡོངས་སུ་དགྱེས་པ་ཉིད་ཀྱིས་རོ་མཉམ་པར་བལྟའོ། །སླར་ཡང་འོད་ཟེར་གྱི་

ལྕགས་ཀྱུས་བསྐུལ་བའི་སྤྱན་མ་ལ་སོགས་པའི་རིག་མ་རྣམས་དང་སྙོམས་པར་འཇུག་པའི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལ། །བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་
ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་པ་ཀུན་བཀྲུས་པ། །དག་པ་ལྷ་ཡི་ཆུ་འདིས་ནི། །བདག་གིས་དེ་བཞིན་ཁྲུས་བགྱིའོ། །ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་དབང་བསྐུར་བ་ལས། རྣམ་པར་སྣང་མཛད་རིགས་ཀྱི་ཅོད་པན་
དུ་བྱའོ། །དེ་ནས་སྔར་བཤད་པ་ལྟར་ཡང་དག་པར་མཆོད་པ་ལ་སོགས་པ་བྱའོ། །དེ་ནས་ཕག་གི་ཞལ་ལ་མངོན་དུ་ཕྱོགས་པ་ཉིད་དུ། ཁ་དོག་དཀར་པོའི་དགའ་བ་འཁྱིལ་པ་གཡོན་སྐོར་དུ་རྫ་མཁན་གྱི་འཁོར་ལོ་ལྟར་མྱུར་དུ་འཁོར་བས་མི་གཡོ་བ་སྙམ་བྱེད་པ་ལ་ཡིད་རྩེ་གཅིག་
ཏུ་གཏད་དེ་མཉམ་པར་གཞག་གོ། །དེ་ཉིད་ལ་བསྒོམ་པ་གསལ་བ་ལས། །ལྟེ་བའི་ཆོས་འབྱུང་གི་སྙིང་པོ་ལ་གནས་པའི་ཆོས་ཀྱི་འབྱུང་གནས་ཟུར་གསུམ་པ་དམར་པོ། སིནྡྷུ་རའི་དཀྱིལ་འཁོར་ལྟར་བཀོད་པ་དག་ཀྱང་། སྔོན་མ་བཞིན་དུ་མྱུར་དུ་འཁོར་བ་ལ་ཡིད་རྩེ་
གཅིག་ཏུ་མཉམ་པར་གཞག་གོ། །དེ་ནས་སྲིན་པོའི་ལམ་བསྡམས་པ་ལས་ཐུར་སེལ་དབང་དུ་བྱས་ཏེ། གྱེན་དུ་སོང་བའི་རླུང་གི་མཐུས་སྟེང་གི་དགའ་བ་འཁྱིལ་པ་ལྷག་པར་འཁོར་བ་ལ་ཡིད་རྩེ་གཅིག་ཏུ་བྱ་སྟེ། གང་གསུངས་པ། ཉིན་རེ་ཞིང་ངམ་ཐུན་བཞིར་
རབ་འབད་ནས། །ས་རློག་བྱེད་པའི་ཞལ་བསྒོམ་གང་ཡིན་པ། །ཁྱབ་འཇུག་འཕྲོག་བྱེད་དབྱིག་གི་སྙིང་པོས་ཀྱང་། །རྒྱལ་བར་དཀའ་བའི་འཆིང་བ་ལས་རྒྱལ་འགྱུར། །གང་ཞིག་འཁོར་ལོ་དང་བཅས་ཕག་གི་ཞལ་ནི་སྒོམ་བྱེད་པ། །དེ་ལ་བུད་མེད་རྣམས་དང་
སྣ་ཚོགས་རིག་པ་གོས་དང་ནི། །བཟའ་བཏུང་ནོར་འབྲུ་ས་གཞི་དང་ནི་ཁང་བཟང་དང་། །ལྷ་རྫས་མལ་སྟན་དག་དང་གྲུབ་པ་རྣམས་ཀྱང་འབྱུང་བར་འགྱུར། །ཞེས་བྱ་བ་ཡིན་ནོ། །དེ་ནས་སྔགས་པ་འཁོར་ལོ་དང་བཅས་པའི་བཅོམ་ལྡན་འདས་མའི་སྔགས་སྙིང་གར་བཀོད་

ནས། སྨྲ་བ་གཞན་སྤངས་ཏེ་བཟླས་བར་བྱའོ། །སྔགས་ནི། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་བརྞྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ་ཞེས་བྱ་བའོ། །འདིར་མན་ངག་ནི། ཞལ་ནས་རབ་འཐོན་པདྨར་ནི། །ཞུགས་པ་དྷཱུ་ཏཱིའི་ལམ་བརྒྱུད་དེ། །སླར་ཡང་
ཞལ་ནས་པདྨར་འཇུག །ཞེས་བྱ་བཟླས་པའི་མཚན་ཉིད་དོ། །ཞེས་བྱ་བ་ཡིན་ནོ། །འདིར་ཕན་ཡོན་དུ་འགྱུར་བ་ནི། གང་གསུངས་པ། སྔགས་པས་མཆོག་གི་རིག་སྔགས་བཟླས་པ་ལས། །དངོས་གྲུབ་ཆེན་པོ་བརྒྱད་དང་གཞན་ཡང་ནི། །མངོན་པར་ཤེས་པ་ལྔ་དང་ཕྲ་བ་སོགས། །ཡོན་ཏན་བརྒྱད་
རྣམས་མ་ལུས་ཐོབ་པར་འགྱུར། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་དང་བུམ་པ་བཟང་། །དཔལ་ལྡན་འདོད་པ་འཇོ་བའི་བ་ཡང་རབ་བསྔགས་པ། །དེ་རྣམས་བསྒྲུབས་པས་འདིར་ནི་ནོར་ཙམ་སྦྱིན་འགྱུར་ཞིང་། །སྔགས་རྒྱལ་འདིས་ནི་ནོར་བཅས་བདེ་བ་སྟེར་བར་འགྱུར། །དེ་ནས་ཚོགས་
ཀྱི་འཁོར་ལོས་ཆོ་ག་བཞིན་དུ་ཡང་དག་པར་མཆོད་ཅིང་། བདུན་རྣམ་པར་དག་པ་ལ་སོགས་པ་ཡང་ངོ་། །དེ་ནས་གཏོར་མ་སྦྱིན་པར་འདོད་ན། པདྨའི་སྣོད་ལ་སོགས་པར་སྣ་ཚོགས་པའི་བཟའ་བ་དང་བཏུང་བ་ལ་སོགས་པས་བཀང་ལ། མདུན་དུ་ཡང་དག་པར་བཤམས་ཏེ། ཡཾ་ཡིག་ལས་རླུང་
གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ཡིག་ལས་བྱུང་བའི་མེའི་དཀྱིལ་འཁོར། ཨཱཿ་ཡིག་དཀར་པོ་ལས་བྱུང་བའི་མི་མགོའི་སྒྱེད་པུ་ལ་བརྟེན་པའི་པདྨའི་སྣོད་རྣམ་པར་བསམས་ནས། དེར་ཇི་སྙེད་པའི་བཟའ་བ་ལ་སོགས་པ་རྣམས། ཨོཾ་ཏྲཱཾ་ཨཱ་ཁཾ་ཧཱུཾ། ལཱཾ་མཱཾ་པཱཾ་ཏཱཾ་བཱཾ་རྣམས་ཡོངས་སུ་གྱུར་པའི་
བདུད་རྩི་ལྔའི་རང་བཞིན་དུ་བལྟས་ལ། རླུང་གིས་བསྐྱོད་པའི་མེས་གདུངས་ཏེ་ཡོངས་སུ་འདྲེས་པའི་དམ་ཚིག་གི་རྫས་ས་བོན་བཅུས་བྱིན་གྱིས་བརླངས་པ་དང་བཅས་པ་ཉི་མ་འཆར་ཁའི་ཁ་དོག་ལྟ་བུར་བལྟ་ཞིང་། ཧཱུཾ་ཡིག་ལས་བྱུང་བའི་བདུད་རྩི་འབྱུང་བའི་ཁ་ཊྭཱཾ་ག་མགོ་ཐུར་དུ་བལྟ་བས་སྟེང་དུ་
གནས་པ། འོག་གི་རླངས་པ་དང་ལྷན་ཅིག་འདྲེས་ཤིང་ཞུ་བ་འདྲེས་པས་གྲུབ་པའི་བཅུད་ལྟ་བུ་དངུལ་ཆུའི་མདོག་ཅན་བསིལ་བའི་རང་བཞིན་དུ་གྱུར་པར་བསམ་མོ། །དེའི་སྟེང་དུ་ཨཱ་ལི་ཡོངས་སུ་གྱུར་པ་ལས། ཨོཾ་ཨཱཿཧཱུཾ་གི་ཡི་གེ་གསུམ་བལྟས་ནས། དེའི་འོད་ཀྱིས་ཕྱོགས་བཅུའི་དཔའ་བོ་

དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་བདུད་རྩི་བཀུག་ནས། ཡི་གེ་གསུམ་ལ་ཡང་དག་པར་གཞུག་ཅིང་། ཨོཾ་ཡིག་ལ་སོགས་པའང་རིམ་པར་བསམས་ནས། ཡི་གེ་གསུམ་པ་ཉིད་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་འབར་བའི་ཕྱག་རྒྱས། བཅོམ་ལྡན་འདས་མ་མདུན་དུ་སྤྱན་དྲངས་
ལ། མཆོད་ཡོན་ལ་སོགས་པས་ཡང་དག་པར་མཆོད་དེ། རྡོ་རྗེའི་ཐལ་མོ་གྱེན་དུ་ཕྱེ་བར་པདྨའི་སྣོད་གནས་པར་བལྟས་ནས། གཏོར་མ་བདག་གིར་མཛད་པར་བསམ་ཞིང་། འདི་བཀླག་པར་བྱ་སྟེ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེ་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་པའི། །བདེན་པ་
དེ་ཡིས་ལྷ་མོ་འདི་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིང་། །སྣོད་དེ་ཉིད་གཡོན་ཕྱོགས་སུ་བསྐོར་བ་དང་བཅས་པས། ཨོཾ་བཛྲཱ་རལླི་ཧོཿ་ཛཿ་ཧཱུཾ་བཾ་ཧོཿབཛྲ་བཱ་རཱ་ཧཱེ་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿཞེས་ལན་གསུམ་ལ་སོགས་པར་བརྗོད་པས་སོ། །ཧཱུཾ་དཀར་ལས་བྱུང་རྡོ་རྗེ་དཀར་པོའི་ལྗགས་ཀྱི་
ནི། །འོད་ཀྱིས་རིག་པས་བཅོམ་ལྡན་འདས་མ་ཚིམ་པར་བལྟ། །དེ་ནས་ཏཱམྦུ་ལ་སོགས་ཕུལ་ནས་ཡང་དག་མཆོད་བྱ་ཞིང་། །མངོན་པར་བསྟོད་ནས་འདོད་པའི་དངོས་གྲུབ་སྩོལ་བར་བྱ། །སྲིད་པ་དང་མཉམ་ཞི་བའི་ཚོགས་བཅོམ་ཀུན་དུ་རྟག་པ་འཇོམས། །ཁྱོད་ནི་དངོས་པོ་མཐའ་དག་མཁའ་
ལྟར་གཟིགས་པ་ཡང་དག་མངའ། །མགོན་པོ་ཤིན་ཏུ་ལྕི་བའི་ཐུགས་རྗེའི་ཆུ་རྒྱས་སེམས་ལ་ནི། །མཛོད་ཅིག་མཛོད་ཅིག་ལྷ་མོ་ཤིན་ཏུ་རྗེས་བརྩེར་མཛོད། །དེ་ནས་དུར་ཁྲོད་བརྒྱད་ན་ཡང་དག་པར་གནས་པ་རྣམས་ལ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙོནྨ་ནྡྷཱ་པསྨཱ་
ར། ཌ་ཀཱ། ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡཾ་རཀྵནྟུ། མ་མ་སརྦ་སིདྡྦྷི་མྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། པི་པ་ཐ། ཛི་གྷྲ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱརྟ་ཡཱ། སཏྶུ་ཁཾ་བི་བྲིདྷ་ཡེ། ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ལན་གཉིས་སུ་མངོན་པར་བརྗོད་པས་ཚིམ་
པར་བསམ་ཞིང་། ཏཱམྦུ་ལ་ལ་སོགས་པ་ཕུལ་ནས། ཡང་དག་པར་མཆོད་ཅིང་བསྟོད་དེ། ཙྪོ་མ་ཀའི་ཕྱག་རྒྱས་རེག་ནས། ལྷག་པ་དང་མན་པ་ལ་སོགས་པའི་སྒྲིབ་པར་མི་འགྱུར་བའི་ཕྱིར། དངོས་གྲུབ་ཀྱི་དོན་དུ། ཨོཾ་བཛྲ་བཱ་རཱ་ཧཱི་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་བཱ་རཱ་ཧཱི་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷྲོ་

མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷ་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་བ་ཏི་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཱ་རཱ་ཧྱཻ་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཞེས་བཀླག་པར་བྱའོ། །རྣམ་པ་ལྔ་བསྐོར་བའི་
པདྨའི་ཕྱག་རྒྱས་ཡོངས་སུ་མཉེས་པར་བྱ་ཞིང་། ཉེ་བར་བསྡུ་བའི་སྦྱོར་བས་འཁྱུད་པའི་ཚུལ་སྔོན་དུ་འགྲོ་བའི་གཡོན་པའི་མིང་མེད་དང་མཐེ་བོང་གི་སེ་གོལ་གྱི་སྒྲ་དང་། བཛྲ་མུཿཞེས་བྱ་བས་འཁོར་ལོ་བདག་ཉིད་ལ་ཡོངས་སུ་གཞུག་ཅིང་། སྨོན་ལམ་བྱས་ནས། ལྷ་མོའི་གཟུགས་ཀྱིས་
གནས་པར་བྱའོ། །ཆོ་ག་དེ་ཉིད་ཀྱིས་མདུན་དང་བདག་ཉིད་ཀྱི་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་ཡང་ངོ་། །བཅོམ་ལྡན་འདས་མའི་རྩ་བའི་སྔགས་ཉིད་ཀྱིས་གཏོར་མ་སྦྱིན་པའང་མན་ངག་ཡིན་པར་རབ་ཏུ་གྲགས་སོ། །གཏོར་མའི་ཆོ་ག་སྟེ། རྡོ་རྗེ་རྣམ་པར་སྒེག་མ་ལས་བསྐྱེད་པའི་
རིམ་པ་བསྟན་པའོ། །ད་ནི་བླ་མའི་མན་ངག་གི་རིམ་པས་ཡང་དག་པའི་ངེས་པ་རྟོགས་པར་བྱ་བ་ནི། ལྷན་ཅིག་སྐྱེས་པའི་གཟུགས་ཅན་གྱི་ལྷ་མོ་སྟེ། དེ་ནི་ཁ་དོག་སོགས་པའི་མཚན་མ་དང་བྲལ་བ། ངག་གི་ཡུལ་མཐའ་དག་ལས་འདས་པ། དབང་པོའི་གཞུ་དང་། དྲི་ཟའི་གྲོང་ཁྱེར་དང་། ནམ་
མཁའི་རི་མོ་བཀྲ་བ་དང་། རིན་པོ་ཆེ་ལས་བྱུང་བའི་ཁ་དོག་ལྔ་པའི་འོད་ཟེར་གྱི་ཚོགས་ལྟ་བུའི་བདག་ཉིད་ཅན། སྒོམ་པ་པོའི་སེམས་ཀྱི་དབང་ཙམ་ལས། ཀ་པཱ་ལ་དཀར་པོ་དང་། རོ་སེར་པོ་དང་། གྲི་གུག་ནག་པོ་དང་། བ་དན་ལྗང་གུ་ལ་སོགས་པ་སྣ་ཚོགས་པར་བཀྲ་བ། རྣལ་འབྱོར་མའི་དྲ་བའི་དབུས་
ན་གནས་པ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན། བནྡྷུ་ཀའི་མེ་ཏོག་དམར་པོ་དང་མཚུངས་པའི་བཅོམ་ལྡན་འདས་མ། དྲི་མ་མེད་པའི་ནམ་མཁའི་ཡུལ་དུ་སྤྲུལ་པ་མངོན་སུམ་དུ་འགྱུར་བ་ཞེས་བྱ་བ་ཡིན་ནོ། །དེ་དང་འདྲ་བ་ཉིད་ཀྱི་ཕྱིར། སྒྲུབ་པ་པོའི་སྤྲུལ་པའི་འཁོར་ལོར་བཞུགས་པའི་
རྡོ་རྗེ་ཕག་མོ། པདྨའི་སྙིང་པོར་གནས་པའི་ཆོས་འབྱུང་དམར་པོའི་དབུས་སུ། ཉིན་མོའི་དབང་ཕྱུག་གི་དཀྱིལ་འཁོར་ལ། ཨཱ་ལི་དཀར་པོ་གཡོན་སྐོར་དང་ཀྵ་སྤངས་པའི་ཀཱ་ལི་དམར་པོ་གཡས་སྐོར་ཏེ། ཁ་ནང་དུ་བལྟ་བས་བཞེངས་པའི་ཡི་གེ་ཞེ་དགུ་རླུང་བཞི་བཅུ་རྩ་དགུ་དག་པའི་རང་བཞིན་ཅན་གྱི་

དབུས་སུ། ཙཎྜ་ལཱིའི་རང་བཞིན་ཨཾ་ཡིག་དང་། དོན་གྲུབ་ཀྱི་རང་བཞིན་ཐུར་སེལ་ཨུ་ཡིག་དང་ལྷན་ཅིག་རོ་མཉམ་པ་ཐོབ་པས་ཐུན་མོང་མ་ཡིན་པའི་ཁྱད་པར་དུ་གྱུར་པ་ཅན་གྱི་ལྷན་ཅིག་སྐྱེས་པ། སྐུ་གསུམ་གྱི་ངོ་བོ། འགྲོ་བ་ཐམས་ཅད་ཀྱི་རང་བཞིན་དུ་ཁྱབ་པ། དཔག་ཏུ་མེད་པའི་བདེ་བའི་
རྒྱུན་སྤྲོ་བ་ཅན། རླུང་གིས་མ་བསྐྱོད་པའི་མར་མེ་འབར་བ་ལྟ་བུ། ཟླ་ཚེས་ཐིག་ལེ་ནཱ་ད་དང་བཅས་པའི་བཾ་ཡིག་གི་གཟུགས་སུ་གནས་པར་རོ། །འདི་ཉིད་ལ་བར་མ་ཆད་པར་མངོན་དུ་ཕྱོགས་པ་གོམས་པར་བྱས་ན། རླུང་འགགས་ནས་འདུས་མ་བྱས་པའི་གོ་འཕང་དུ་འགྱུར་ཏེ། དེ་བས་ན་
ཟླས་དབྱེས་སམ། ཟླ་དབྱེ་དང་བྲལ་བས་འདི་ཉིད་ལ་བརྟན་པར་བྱས་ལ། རླུང་གི་རྒྱུ་བ་གཉིས་བཀག་པས། ཨཱ་ལི་ཀཱ་ལི་དང་བཅས་པར་དྷཱུ་ཏཱིར་གཞུག་པར་བྱ་ཞིང་། དེ་ནས་ཐུར་སེལ་གྱིས་དལ་བུར་བསྐུལ་བས། ནཱ་དའི་རྩེ་མོ་ལས་གཏུམ་མོའི་རང་བཞིན་གྱི་རེ་ཁཱ་ཕྲ་མོའི་དྷཱུ་ཏཱིའི་ལམ་དུ་བཞེངས་པར་
འགྱུར་ཏེ། རྣལ་འབྱོར་དབང་ཕྱུག་ཤ་བ་རིའི་ཞལ་སྔ་ནས། སྲིན་པོའི་ཁ་ནི་བསྡམས་པ་ལས། །འོད་ཟེར་ཡང་དག་སྦར་བར་བྱ། །འོག་གི་འཁོར་ལོའི་ཨཾ་ཡིག་གི། །ཕག་མོ་དེ་ནི་བཞེངས་པར་འགྱུར། །ཞེས་སོ། །རེ་ཁཱ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དྷཱུ་ཏཱིའི་རང་བཞིན་ཉིད་ཀྱི་ཕྱིར་པདྨའི་སྣལ་མ་
ལྟར་ཕྲ་བའོ། །དེ་ཡང་ཡེ་ཤེས་ཀྱི་རང་བཞིན་འདོད་ཆགས་ཀྱི་མེས་བསྐུལ་བས། གློག་གི་ཞགས་པ་ལྟ་བུའི་འོད་ཀྱི་ངོ་བོས། ཆོས་དང་། ལོངས་སྤྱོད་དང་། བདེ་བ་ཆེན་པོའི་འཁོར་ལོ་བསྲེགས་ཏེ། སླར་ཡང་ཐུར་སེལ་གྱིས་བསྐུལ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་མཐར་ཐུག་པའི་རྩ་ཐམས་
ཅད་ཡོངས་སུ་གང་སྟེ། ལྷག་པར་ཡང་བདེ་བ་ཆེན་པོའི་འཁོར་ལོར་སོན་པས། ཧཾ་ཡིག་གདུངས་ཏེ། བུག་པ་དང་བཅས་པའི་མར་གྱི་བུམ་པ་བཞུ་བའི་མར་གྱི་རྒྱུན་བཞིན་དུ། ཧཾ་ཡིག་ལས་བར་ཆད་པ་མེད་པར་འཛག་པའི་བདུད་རྩིའི་རྒྱུན་གྱིས་བཅོམ་ལྡན་འདས་མ་ལ་ཁྲུས་ཏེ། འཁོར་ལོའི་རིམ་པས།
ནོར་བུའི་རྩ་བ་དང་དབུས་དང་རྩེ་མོའི་མཐར་ཐུག་པར་སོན་པས། རྣམ་པ་སྣ་ཚོགས་པའི་སྐད་ཅིག་ལ་སོགས་པའི་རིམ་གྱིས། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་སྤངས་པ། ཤེས་པ་དང་ཤེས་བྱའི་རིས་མེད་པ། གཞོན་ནུ་མའི་བདེ་བ་ལྟར། རང་ཉིད་ཀྱིས་ཉམས་སུ་མྱོང་བའི་ངོ་བོ་ཙམ་

བརྗོད་པ་ངག་གི་ཡུལ་ལས་འདས་པ། དེ་ཁོ་ན་ཉིད་ཀྱི་ཐུ་རོས་གང་བ། རྩའི་འཁོར་ལོ་ཐམས་ཅད་དུ་དབུགས་འགོག་པ་ཉིད་ཀྱིས། རྣམ་པར་མི་རྟོག་པར་ཤར་བའི་རྣལ་འབྱོར། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཡང་དག་པར་འབྱུང་བ། ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་སྐུ་
ཅན། རྣམ་པ་དང་རྣམ་པ་མེད་པ་དང་རྒྱུ་དང་བྲལ་བ། ཕྱག་རྒྱ་ཆེན་མོའི་ངོ་བོ་ཉིད་ནི་བཱ་རཱ་ཧཱི་སྟེ། ནག་པོ་སྤྱོད་པའི་ཞབས་ཀྱིས་གསུངས་པ། བཱ་ཡིག་གིས་ནི་བརྗོད་དུ་མེད། །རཱ་ཡིག་རྣམ་པ་དང་བྲལ་བ། །རྒྱུ་མེད་ཕྱིར་ན་ཧཱི་ཡིག་སྟེ། །བཱ་རཱ་ཧཱི་ཡི་སྒྲ་རུ་གྲགས། །ཞེས་སོ། །ལཀྵྤུའི་ཞབས་ཀྱིས་
ཀྱང་གསུངས་པ། འགྱིང་བཅས་རྡོ་རྗེ་ནོར་བུའི་ཁྱིམ་ཕུག་རྩེར། །སྐྱིལ་ཀྲུང་བཅིངས་ལས་པདྨའི་མཛོད་དུ་ནི། །ཇི་སྲིད་སྡུག་པོའི་རོར་སྲིད་ཐིག་ལེར་ཟླ། །འབྱུང་འགྱུར་དེ་སྲིད་ཐུབ་དབང་གོ་འཕང་འཐོབ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་སྤྱན་དྲངས་པའི་ས་ར་ཧ་པའི་གླུ་ལས་ཀྱང་། ཇི་སྲིད་གང་
དུ་ཡིད་ལ་ཡང་བྱའི་རང་བཞིན་རྣམ་རྟོག་རབ་ཏུ་འབྱུང་བར་ངེས་དེ་སྲིད། །གང་དུ་དགའ་བར་བྱེད་པས་སྙིང་ལ་བདེ་བ་བྱེད་དེའང་ཡང་དག་རྟོག་པ་ཙམ། །དེ་རྗེས་གང་ལ་ཆགས་བྲལ་ཉིད་དེ་གཉིས་པོ་གང་དག་སྲིད་པའི་རྒྱུ། །གང་དུའང་ཡུལ་ལ་རྣམ་པར་མི་རྟོག་སེམས་ལས་མྱ་ངན་འདས་པ་གཞན་མེད་
དོ། །ཞེས་སོ། །དེ་བས་ན་འདི་ལྟར་དོན་དམ་པ་ཉིད་ལ་མངོན་དུ་ཕྱོགས་པས། དངོས་པོ་ཐམས་ཅད་ལ་བདེ་བ་ཡང་དག་པར་སྤྲོ་ཞིང་། སྣང་བ་ནུབ་པ་ཉིད་དང་། སྣང་བ་ཙམ་གྱི་ངོ་བོས་བདེ་བ་ཆེན་པོ་ལ་ཇི་ཙམ་ནུས་པ་དེ་སྲིད་དུ་མཉམ་པར་གཞག་གོ། །དེ་ནས་ནི། ཅི་དགར་ལངས་ལ་དངོས་པོ་ཐམས་ཅད་བདེ་བ་
ཆེན་པོ་ལས་བྱུང་བའི། །རྣལ་འབྱོར་མའི་འཁོར་ལོ་ཉིད་དུ་ཕྱོགས་པར་བལྟས་ནས་ནི། །རང་རིག་བདེ་ཆེན་དེ་ཡི་ངོ་བོར་ཕྱིར་ཞིང་རབ་ཏུ་མཆོད། །མྱུར་དུ་བསོད་ནམས་ཡེ་ཤེས་ཚོགས་གཉིས་ཉེ་བར་རྫོགས་དོན་དུའོ། །ཚོགས་གཉིས་ཉེ་བར་བསགས་པ་ཡིས་དང་བསྒོམས་པ་ཡིས་ནི་ཁྱད་པར་ལས། །སྲིད་
གསུམ་བདག་ལས་བྱུང་ཞིང་སྲོག་ཆགས་རྣམས་ནི་བདག་གི་ངོ་བོ་ཉིད། །འགྲོ་བ་འདི་ཀུན་བདག་ལས་གཞན་མིན་རྣལ་འབྱོར་མའི་འཁོར་ལ་ངའོ། །དེ་ལྟར་མཉམ་པར་གཞག་དང་རྗེས་ཀྱི་རྣལ་འབྱོར་ཡང་དག་པར། །རྣལ་འབྱོར་པ་གང་བར་མ་ཆད་དུ་བསྒོམ་པ་གོམས་བྱས་ན། །མཚམས་མེད་ལྔ་སོགས་

སྡིག་པ་མངོན་བྱས་སྐལ་བ་དམན་པས་ཀྱང་། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དུས་རིང་མིན་པར་ཡིད་ཆེས་བྱུང་། །འདིར་འགའ་ཞིག་གི་བསམ་པ་འབྱུང་བ། འཕོ་བའི་བདེ་བ་དང་། སྨན་ཆེན་པོ་ལ་སོགས་པས་ཐིག་ལེ་རིང་པའི་བདེ་བ་ནི། བྱིས་པ་རྣམས་ཀྱིའང་ཡིན་ན། ཇི་ལྟར་བདེ་བ་
ཆེན་པོ་ནི་ལས་ཀྱི་ཡན་ལག་མ་སོགས་ལས་འཆར་བར་འགྱུར་ཏེ། དེ་ནི་སྐད་ཅིག་གིས་འགྱུར་བ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་ལ། བདེ་བ་ཆེན་པོ་ལ་ནི་སྲིད་པ་གསུམ་གྱི་འགྱུར་བའི་བདེ་བ་ཇི་སྲིད་པས་བྱེ་བའི་ཆར་ཡང་བསྐྲུན་དུ་མེད་པ་ལས་སོ་སྙམ་པ་ཡིན་ནོ། །དེ་ནི་བདེན་མོད་ཀྱི། འོན་
ཀྱང་འདིར་བླ་མ་དམ་པའི་མན་ངག་གིས། གཉིད་ཀྱི་སྦྱོར་བ་ལ་བརྟེན་པ་སྟེ། འདིར་རླུང་དང་རྣམ་པར་ཤེས་པ་དང་དབང་པོ་འགོག་པའི་སྦྱོར་བས་བསམ་གཏན་དུ་བྱ་བའི་དགོངས་པའི་སྐད་ལས་གཉིད་དེ། གཅིག་ཏུ་འཆི་བ་ཞེས་བྱ་བར་ཡང་བརྗོད་དོ། །བདེ་བ་གང་གིས་འཆི་བ་འདིར། །དེ་ཡི་
བདེ་བ་བསམ་གཏན་བརྗོད། །ཅེས་སོ། །འཆི་བ་གཞན་ནི་བརྫུན་གྱི་ཚིག་ཉིད་ཀྱི་ཕྱིར། །དཔལ་བདེ་མཆོག་ཏུའང་གསུངས་པ། འཆི་བ་ཞེས་བྱ་རྣམ་རྟོག་འདིས། །མཁའ་སྤྱོད་གོ་འཕང་འདྲེན་པར་བྱེད། །ཅེས་སོ། །བསམ་གཏན་དེ་ཉིད་ཀྱི་ཐིག་ལེ་འགྱུར་བ་མེད་པར་བྱས་པ་ལ་
བདེ་བ་ཆེན་པོ་འཆར་བར་འགྱུར་རོ་ཞེས་བྱ་བར་གྲུབ་བོ། །ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ལ་གཉིད་ཀྱི་སྦྱོར་བས་བདེ་བ་ཆེན་པོ་བཟའ་བཞིན་པ་ནི་བསྟོད་པ་ལ་སོགས་པ་ཡང་དེའི་ངོ་བོར་མཉམ་པས་བྷུ་སུ་ཀུ་པ་སྟེ། འདི་ནི་བྷུ་སུ་ཀུ་པས་རྟོགས། །ཉལ་ནས་གནས་བཞིན་པ་ཉིད་ཀྱིས། །གཞན་
གང་ཐམས་ཅད་འགྲུབ་པར་བལྟ། །ཞེས་སོ། །རྣལ་འབྱོར་འདི་ཡིས་གྲུབ་པ་ལ་ནི་ས་ཕྱོགས་འབྱུང་བ་ཆེན་པོ་རྣམས། །རིམ་པར་ཐིམ་ལས་མེ་ལོང་ལ་ནི་སྣ་ཚོགས་གཟུགས་བཞིན་ནམ་མཁའ་ལ། །ཤེས་བྱར་ལྟོས་མེད་སྣང་ཙམ་ཡེ་ཤེས་སྒྱུ་མའི་འཁོར་ལོར་མཁས་པས་རྟོགས། །ཡེ་ཤེས་དེ་
ཡང་མཚན་མ་ལྔ་རྣམས་ཀྱིས་མཚོན་དེ་ཉིད་ལ་ནི་མཉམ་པར་གཞག །རྩེ་གཅིག་བསམ་གཏན་ལས་ནི་དུ་བའི་རྣམ་པ་དང་པོའོ། །སྨིག་རྒྱུར་སྣང་བ་གཉིས་པ་ཡང་སྟེ་མཁའ་སྣང་རྣམ་པ་གསུམ་པའོ། །སྒྲོན་མ་འབར་བ་བཞི་པ་ཡིན་ཏེ་དྲི་མ་མེད་པའི་ནམ་མཁའ་ལྟར། །རྟག་ཏུ་སྣང་བ་རྣམ་པར་མི་

རྟོག་འོད་གསལ་ལྔ་པ་ཞེས་བྱའོ། །དེ་ལྟར་མཚན་མའི་རིམ་པ་ཐོབ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཆོག །སོམ་ཉི་མེད་པར་འགྲུབ་ལ་ཞུམ་པ་སྤངས་ཏེ་རྩེ་གཅིག་བརྟུལ་བར་བྱ། །འཛག་པའི་བདེ་བ་སྦྱིན་པའི་རང་བཞིན་གྱི་ལྷན་ཅིག་སྐྱེས་པ་ནི་རྒྱུའི་གཏུམ་མོ་སྟེ།
དེ་ཉིད་མི་འགྱུར་བའི་བདེ་བའི་ངོ་བོ་ཉིད་དུ་བྱ་བའི་ཕྱིར། ནོར་བུ་ལས་སླར་གྱེན་དུ་གཤེགས་པའི་སྦྱོར་བ་ནི། རྣལ་འབྱོར་དེ་ཉིད་ལ་བརྟེན་པ་ཡིས་ཏེ། མཉམ་པའི་སྣོད་དུ་སྒྲོན་མ་ནི། །ཆུ་ཡི་དབུས་སུ་རབ་གཏམས་པ། །བུམ་པའི་ཁྱིམ་དུ་ཞུགས་པ་ན། །ཆུ་ནི་གྱེན་དུ་འཛེག་ལ་ལྟོས། །ཞེས་བྱ་
བའི་དཔེ་ཉིད་ལས་སོ། །ཡང་ན་འཁོར་ལ་སོ་སོར་བུམ་པ་ཅན་གྱི་སྦྱོར་བས་ཐིག་ལེ་ཧཾ་ཡིག་ལ་རོ་མཉམ་པ་ཡང་སྟེ། ཐམས་ཅད་རྣམ་པར་མི་རྟོག་པ་ཉིད་དུ་བྱ་བས་ཀྱང་ངོ་། །དེ་ནས་དངོས་གྲུབ་ཀྱི་ཕྱིར་ཡོངས་སུ་བསྐྱང་བར་བྱ་བའི་དམ་ཚིག་ཤེས་པར་བྱ་བ་ནི། སྲོག་ཆགས་ཐམས་ཅད་ལ་བརྩེ་བ་
མི་འདོར་བ་དང་། ཚུལ་ཁྲིམས་བཟང་ཞིང་སྐྱོན་མེད་པ་རྣམས་ལ་མངོན་སྤྱོད་མི་བྱའོ། །རྙེད་བཀུར་གྱི་རྒྱུས་བདག་ཉིད་སྒྲོགས་པ་དང་། ཉམས་པ་དང་། ང་རྒྱལ་དང་། ཁྲོ་བ་དང་། སྲེད་པ་དང་། རྨོངས་པ་ལ་སོགས་པ་སྤང་བར་བྱའོ། །རྟག་ཏུ་གཡོན་གྱི་སྤྱོད་པ་ཉིད་དང་། ལྷ་དང་སྔགས་ཐ་དད་
པར་མི་བལྟའོ། །རང་བཞིན་གྱིས་ཡོངས་སུ་དག་པ་ཤེས་པ་དང་། འཇིག་རྟེན་གྱི་དོར་བྱ་བ་བསྲུང་ཞིང་། ཉེས་པའང་སྤང་བ་དང་། དཀའ་ཐུབ་ཀྱིས་བདག་ཉིད་གདུང་བར་མི་བྱ་བ་དང་། བུད་མེད་རྣམས་ཁྱད་པར་ཕྱག་རྒྱ་དང་གཟུངས་མ་རྣམས་ལ་ནམ་དུ་ཡང་མ་དད་པར་མི་བྱའོ། །རྨུགས་པ་
དང་རྒོད་པ་ལ་སོགས་དང་། རྩ་བའི་ལྟུང་བ་སྤང་བ་དང་། གཞན་གྱི་དོན་ལ་བག་ཡོད་པ་དང་། ནད་པའི་རིམ་གྲོར་བྱ་བ་ལ་བརྩོན་པ་དང་། རང་གི་ཁྱེད་ཀྱིས་གཞན་གདུང་བར་མི་བྱའོ། །དངོས་གྲུབ་ཀྱི་ཁྱེད་དུ་ཐེ་ཚོམ་སྤངས་ནས་དཔའ་བོ་སེང་གེ་ལྟ་བུར་སྤྱད་པར་བྱའོ། །རྡོ་རྗེ་རྣམ་པར་སྒེག་མ་
ལས་རྫོགས་པའི་རིམ་པའི་གདམས་པའོ། །རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྣམ་དག་རྡོ་རྗེ་འཛིན་པའི་དགོངས་པ་བཞིན། །ས་སྐྱོང་ཆེ་དང་བཤེས་གཉེན་འགའ་ཡིས་རབ་ཏུ་བཏུད་ཅིང་བསྐུལ་བ་ལས། །སྲོག་ཆགས་ཕུང་པོས་ཀུན་དགའི་དགའ་བ་བླ་མེད་མྱུར་དུ་རྟོགས་པའི་ཕྱིར། །བདག་གིས་བགྱིས་ལས་

བསོད་ནམས་ཐོབ་དེས་འགྲོ་རྣམས་ཕག་མོ་ཉིད་གྱུར་ཅིག །དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྡོ་རྗེ་རྣམ་པར་སྒེག་མ་ཞེས་བྱ་བ། པཎྜི་ཏ་ཆེན་པོ་ཤྲཱི་བན་རཏྣའི་ཞབས་ཀྱིས་མཛད་པའོ། །པཎྜི་ཏ་ཆེན་པོ་དེ་ཉིད་དང་། སྟག་ཚང་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་ཀྱིས་བསྒྱུར་བ་ལས། ཕྱིས་པཎྜི་ཏ་
ཆེན་པོ་དེ་ཉིད་ཀྱི་བཀའ་དྲིན་གྱིས་འཚོ་བའི་དགེ་སློང་རྡོ་རྗེ་འཛིན་པ་རྒྱ་མཚོའི་སྡེས། མི་བཅོས་སུ་མི་རུང་བ་རྣམས་བཅོས་ཤིང་དོན་ལ་རྟོན་པ་ཉིད་དུ་གཏན་ལ་ཕབ་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀྲ་མ་ད་ཡ་བཛྲ་བཱ་རཱ་ཧཱི་སྟོ་ཏྲཾ། བོད་སྐད་དུ། རྡོ་རྗེ་ཕག་མོའི་བསྟོད་པ་རིམ་
པ་གཉིས་པ། རྡོ་རྗེ་བཙུན་མོ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་མཆོག་ཏུ་རབ་དགྱེས་པའི། །འོ་མཚོ་ཡིད་འོང་ཟླ་བའི་འོད་བྱེད་མ། །འགྱུར་མེད་བདེ་བས་རྣམ་སྒེག་ལྷ་མོ་ཡི། །ལྷུན་གྲུབ་དཔལ་གྱིས་བདག་ལ་སྐྱོང་གྱུར་ཅིག །ལྷ་དང་ལྷ་མིན་གཙུག་གི་ནོར་བུ་ཡི། །འོད་ཟེར་ཚོགས་རྣམས་
བསྟར་བའི་ཕྲེང་བ་ཡིས། །ཁྱོད་ཞབས་ཆུ་སྐྱེས་ལ་ནི་ཉེར་མཆོད་པའི། །དབང་ཕྱུག་མཛེས་མས་བཀའ་དྲིན་རབ་ཏུ་སྩོལ། །འཇིག་རྟེན་གསུམ་གྱི་དབང་ཕྱུག་རབ་སྩོལ་བས། །མཆོག་ཏུ་གསལ་བར་གར་མཛད་ཞབས་སེན་ནི། །འཇམ་མཉེན་སོར་མོ་ལ་མཛེས་རྟག་པ་རུ། །དགྱེས་པས་བདག་གི་སྤྱི་
བོར་གཞག་ཏུ་གསོལ། །རབ་གསལ་དྲི་མེད་དཀྱུས་རིང་སྤྱན་དག་དང་། །སྙན་ཆ་ཕྱོགས་སུ་འཁྲོལ་ཞིང་འཛུམ་ཞལ་ཅན། །ཆུ་སྐྱེས་དམར་པོའི་མདངས་གསལ་ཡུམ་གྱི་གདོང་། །བདག་གི་མིག་ལ་མངོན་སུམ་མཐོང་བ་སྩོལ། །བདུད་བཞིའི་ཁྲག་གིས་ཡོངས་གང་ཀ་པཱ་ལ། །རབ་དཀར་ཕྱག་གཡོན་པདྨ་
ལ་ཆགས་པ། །ཡོངས་རྫོགས་ཉི་མའི་དཀྱིལ་འཁོར་གཉིས་ཀྱི་དབུས། །ཟླ་བ་གཞོན་ནུ་ཞུགས་པ་ལྟ་བུར་མཛེས། །ལྷ་རྣམས་ལ་ནི་ཁྱེད་ཅག་ཐོགས་མེད་ཀྱི། །བློ་ངན་རྣམ་པར་འཇོམས་ཞེས་དབུགས་དབྱུང་ཕྱིར། །གཡས་པས་ཕྱར་བའི་གྲི་གུག་གྱེན་ཕྱོགས་པར། །འཛིན་མཁས་ཁྱོད་ནི་འགྲོ་
བའི་མ་མའོ། །རབ་དམར་བྱི་རུའི་ཕུང་པོ་མངོན་མཐོ་བ། །མུ་ཏིག་ཕྲེང་བས་ཡོངས་སུ་དཀྲིས་པ་བཞིན། །ཕྱག་རྒྱ་ལྔ་ཡིས་སྐུ་ལ་རབ་བརྒྱན་ཅིང་། །ནུ་འབུར་རྒྱས་པ་དོ་ཤལ་འོད་ཀྱིས་མཛེས། །ཀུན་དུ་འགྲོ་བའི་སྡིག་པ་མུན་པའི་དཔུང་། །འཇོམས་ཤིང་འཕྲོ་བས་ཕྱོགས་བཅུ་ཀུན་ཁྱབ་པའི། །འོད་

ཟེར་ཚོགས་རྣམས་ཁྱོད་ཀྱིས་ཡོངས་འཛིན་པ། །མ་ལུས་འགྲོ་བ་བསྒྲལ་བའི་ཆེད་དུ་ལགས། །གྲུ་མོའི་ཁ་ཊྭཱཾ་རྩེར་སོན་ཐོད་པ་ནི། །འཆིང་གྲོལ་བྲལ་ལས་རྡོ་རྗེའི་གདན་ཐོབ་ཅེས། །ཕྲེང་བར་བརྒྱུས་པའི་མགོ་རྣམས་དབུགས་བཏང་ནས། །ལྷ་མོར་འཁྱུད་པས་དོ་ཤལ་བྱས་
པ་བཞིན། །གན་རྐྱལ་བསྒྱེལ་བའི་མི་རོ་ཞབས་འོག་ན། །ཁྱོད་ལ་གྱེན་དུ་ཕྱོགས་པར་བལྟ་བ་ནི། །སྐྱབས་གཞན་བྲལ་བ་བདག་ལའང་ཁྱོད་ཀྱི་འོད། །བདག་ལྟའི་མགོན་དུ་གྱུར་ཞེས་གནས་ལ་ཉལ། །མེ་ཏོག་ཆུན་པོ་རྣམས་ནི་ཆེར་གནག་པའི། །དབུ་སྐྲ་སིལ་བུར་འཕྱང་ལ་ཇི་ལྟར་བཏགས། །ངོ་ཚ་
མཆོག་དང་སྣ་ཚོགས་དར་འཕྱང་ན། །གཅེར་བུའི་ཆ་ལུགས་དག་གིས་བསྙེམས་པ་ཅི། །རྣམ་མང་རིན་ཆེན་ཚོགས་ཀྱིས་བཀྲ་བ་ཡི། །མདངས་ལྡན་གསེར་གྱི་རྒྱན་ཆ་སྤངས་ནས་ཁྱོད། །རྒྱན་མཆོག་མི་ཡི་རུས་པ་ལ་བཞེད་ན། །དགྱེས་ཕྱིར་རིན་ཆེན་འབུལ་ན་ཇི་ལྟར་འགྱུར། །ཁྱོད་ཞལ་མངོན་པར་ཡིད་
འོང་གྱུར་ན་ཀོ། །རབ་ཁྲོས་ཕག་ཞལ་གཡས་སུ་སྟོན་འདི་གང་། །ཁྱོད་སྐུ་རྣམ་པར་སྒེག་པའི་ཚུལ་འཛིན་ན། །གཅེར་བུ་ངོ་ཚ་བྲལ་འདྲ་འདི་ཅི་ཞིག །ཁྱོད་ཀྱི་སྤྱོད་ཚུལ་འཇིག་རྟེན་ལས་འདས་ཤིང་། །རྣམ་ལྔའི་དབང་པོ་བདེ་བས་བརྒྱལ་དེའི་ཕྱིར། །བསྟོད་པར་གྱུར་ཀྱང་ཁྱོད་ཀྱིས་གསན་མ་ལགས། །
དེ་སླད་བདག་གི་བསྟོད་ཚུལ་ཅི་འདྲར་འགྱུར། །ཐོག་མེད་མ་རིག་མུན་པ་བཙལ་བ་ཡི། །སྒྲོན་མ་གཡོ་མེད་རབ་ཏུ་སྦར་བའི་ཕྱིར། །བསམ་གྱིས་མི་ཁྱབ་གཟུགས་ཅན་གསང་བ་ཡི། །ཆོས་འབྱུང་སྙིང་པོའི་ཟེ་འབྲུར་གནས་པ་ཁྱོད། །རྡོ་རྗེ་ཆུ་སྐྱེས་སྦྱོར་བའི་ལས་ཀྱིས་ནི། །རང་གནས་ལས་སྤྱོད་ལྷུན་
པོའི་ཁྱིམ་དག་ཏུ། །རྩོལ་མེད་འབར་བའི་གློག་གིས་འཁོར་ལོ་གསུམ། །བཅོམ་ལས་རྣམ་རྟོག་ཀློང་འཁོར་ཚོགས་ཞི་མ། །འདོད་མ་ཁྱོད་ཀྱི་སྤྱན་སྔར་བཀོད་པ་ཡི། །མཆོད་པའི་རྒྱན་ལ་མི་གཟིགས་རོལ་མོའི་སྒྲ། །མི་གསན་དྲི་བཟང་མི་སྣོམ་བདུད་རྩིའི་བཅུད། །མྱང་དང་རེག་ལའང་རེག་
མི་མཛད་ཨ་ཡེ། །དེ་ནི་རང་གི་རྗེ་བཙུན་ཉིད་ལ་ཁྱོད། །རྗེས་སུ་ཆགས་པའི་གཞན་དབང་གྱུར་ལས་ཏེ། །དེ་ཕྱིར་ཁྱོད་བསྒོམས་པ་ལས་སྟོང་པ་ཉིད། །འབྲས་གྱུར་བདག་གི་སྐྱེ་བ་འབྲས་བུར་བཅས། །ལྷུན་པོའི་རྩེར་སོན་པདྨའི་སྣ་ལམ་ལྟར། །ཕྲ་བའི་སྐུ་ཡི་འོད་ཟེར་དུས་མཐའི་མེས། །

ཀུན་དུ་བཟང་པོ་འཇུག་པའི་ནགས་བསྲེགས་ནས། །རི་དབང་པོ་ལ་མངོན་པར་ཕེབས་བཞིན་གནས། །རབ་འབར་རྩེ་མོ་ཅན་གྱིས་རྒྱུ་སྐར་གྱི། །བདག་པོ་བཞུ་བ་ལས་བབ་བདུད་རྩིའི་ཆར། །བླུགས་གཏོར་རྒྱུན་གྱིས་རྣམ་རྟོག་བག་ཆགས་བཅས། །རིང་དོར་བདེ་ཆེན་ཟབ་མོའི་རྒྱ་མཚོ་ཐིམ། །དམིགས་
མེད་ཐུགས་རྗེ་ཅན་ཁྱོད་ཡིད་བཞིན་གྱི། །ནོར་བུ་དཔག་བསམ་ཤིང་ལྟར་རི་དབང་ལས། །ལུས་ཅན་ཀུན་ལ་རྟག་ཏུ་འབད་མེད་པར། །དགའ་དང་དཔལ་དང་རྟག་བདེ་སྦྱིན་པར་མཛད། །སྐྱེ་འཇིག་དང་བྲལ་ཆུང་ངུ་ཆེན་པོ་དང་། །ཕྱིན་ཅི་ལོག་འདས་ཤེས་རབ་ཐབས་དག་ལས། །རྟག་ཏུ་དགའ་བ་དམ་
པ་རབ་འབར་བས། །བདག་གི་ཉོན་མོངས་ཤེས་བྱའི་སྒྲིབ་པ་ཆོམས། །རྣམ་རྣམས་གྱ་གྱུའི་ངང་ཚུལ་ལྡེམ་པོ་ཅན། །ཆོམ་རྐུན་ལྟ་བུར་རྣམ་པ་མང་པོའི་དོན། །ཉེ་བར་ལེན་ཅིང་ཡུལ་རྣམས་ཟ་བྱེད་པ། །དེ་ཕྱིར་སེམས་ལ་ཅི་སླད་སྨོད་མི་བགྱིད། །འོན་ཀྱང་འགྲོ་སྤྱོད་ཀུན་སྤངས་སྟོང་ཉིད་ཀྱི། །ཁྱིམ་
དུ་ཅི་དགར་ཞུགས་ལ་བདེ་བ་ཆེའོ། །མཆོག་གི་རོ་ལ་ཁྱོད་ནི་རོལ་གྱུར་པ། །ཨེ་མའོ་སེམས་འདིའི་ཉེར་ལེན་མ་ལགས་སམ། །གང་ཚེ་སྟེང་དུ་སོང་བས་རྣམ་གསུམ་གྱི། །འཁོར་ལོ་ཀུན་བསྲེགས་བདེ་བ་ཆེན་པོ་ནི། །བཞུ་ཞིང་བཀུག་ལས་སྤྲོས་པ་མེད་པ་ཡི། །ལྷ་མོ་རང་གི་གནས་སུ་
ཡོངས་སུ་ཞུགས། །དེ་ཚེ་རླུང་འདིའི་རྒྱུ་བ་གང་དུ་བྱེད། །དབང་པོ་ཕྱིན་ཅི་ལོག་པའང་གང་དུ་འགྱུར། །ཀུན་ནས་གྱ་གྱུའི་སེམས་ནི་གང་དུ་གཡོ། །ཡུལ་ལ་ལོངས་སྤྱོད་ཚུལ་ཀྱང་གང་དུ་འགྱུར། །བགོ་བ་དང་བྲལ་མི་རུས་རྒྱན་དུ་བྱས། །རོ་ལ་གནས་ཤིང་ཐོད་པའི་སྣོད་འཆང་བ། །དངོས་པོ་
བྲལ་བས་སྟོང་པར་ཞུགས་དེའི་ཕྱིར། །མི་འཆི་ལས་གཞན་ཁྱོད་ལ་དངོས་ཅི་བླང་། །འོན་ཏང་འགྲོ་ཀུན་རྒ་ཤིའི་འཇིགས་པ་ནི། །འཇོམས་ཤིང་སྐྱོང་བའི་དམ་བཅའ་བསྙེམས་མ་ཀྱེ། །བདག་ཀྱང་རྣལ་འབྱོར་ཆེ་ལ་ཤེས་རབ་ཐབས། །བརྟན་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །ཁྱོད་ལ་
དད་པས་བསྟོད་པར་རབ་བརྩོན་པ། །བློ་དམན་བདག་གི་ནོངས་སམ་ཉེས་མེད་སྲིད། །གང་ཕྱིར་ཁྱོད་ཉིད་འགྲོ་བའི་མགོན་གྱུར་སླད། །ནོངས་ནའང་མཆོག་གི་མ་མས་བཟོད་པར་རིགས། །ཁྱོད་ལ་བསྟོད་པའི་དགེ་བ་དྲི་མེད་གང་ཞིག་ནི། །བདག་གིས་ཐོབ་པ་དེ་ཡིས་སྲོག་ཆགས་ཕུང་པོ་རྣམས། །

མི་དམན་རབ་དགའི་དགའ་བས་རྟག་ཏུ་སྙིང་གཏམས་ནས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དམ་པ་རྙེད་གྱུར་ཅིག །རྡོ་རྗེ་ཕག་མོའི་བསྟོད་པ་རིམ་པ་གཉིས་པ་ཞེས་བྱ་བ། རྡོ་རྗེ་བཙུན་མོ་འདི་ཉིད་ཀྱིས་མངོན་སུམ་དུ་བྱིན་གྱིས་བརླབས་པའི་གྲུབ་པའི་དབང་ཕྱུག །རྒྱ་གར་
ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བན་རཏྣའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་དང་། ཆོས་འཁོར་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་ཀྱིས་འབྲས་ཡུལ་ནོར་བུའི་གླིང་དུ་བསྒྱུར་བ་ལས། ཕྱིས་མི་འཕྲོགས་པའི་མཁྱེན་པ་དང་དད་པ་རྣམ་པར་དཀར་
བའི་ལུགས་གཉིས་ཀྱི་དབང་ཕྱུག་དམ་པ་ཨ་མོ་གྷ་སིདྡྷིས་བཀས་གནང་བ་ལས། པཎྜི་ཏ་ཆེན་པོ་དེ་ཉིད་ཀྱི་བཀའ་དྲིན་གྱིས་འཚོ་བའི་དགེ་སློང་ཆོས་སྨྲ་བ་རྒྱ་མཚོའི་སྡེ་ཞེས་བྱ་བས་མི་བཅོས་སུ་མི་རུང་བ་རྣམས་བཅོས་ཤིང་དོན་ལ་རྟོན་པ་ཉིད་དུ་གཏན་ལ་ཕབ་པ་འདི་ནི། ལྷོ་ཕྱོགས་ཀྱི་རི་
བོའི་རྒྱུད་རིན་པོ་ཆེའི་གླིང་སྐལ་བཟང་དགའ་བའི་ཚལ་ཞེས་བྱ་བའི་མདུན་ས་དམ་པར་གྲུབ་པར་བགྱིས་པ་ཤུ་བྷམ་སྟུ་སརྦ་ཛ་ག་ཏཾ།། ༄༅༅། །རྒྱ་གར་སྐད་དུ། སརྦཱ་རྠ་སཱ་དྷ་ཀ་བཛྲ་གྷོ་ན་སཱ་དྷ་ན་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕག་མོ་དོན་ཀུན་གྲུབ་པའི་སྒྲུབ་
ཐབས་ཞེས་བྱ་བ། རྗེ་བཙུན་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ཨོཾ་ཧྲིཾ་གྷཱ་ཏ་ཡ་སརྦ་དུཥྚན་ཧཱུཾ་ཕཊ་སྭཱ