Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 24
Văn bản gốc(Tây Tạng)
Trang 6 / 17 (50.000 ký tự/trang)
བཱི་ཡི་རྣམ་པ་སྟེང་དུ་བགྲོད་པར་བྱེད། ། ཨི་ཡི་རྣམ་པ་རླུང་གིས་བསྐྱོད་པ་སྟེ། །རེ་ཕ་དག་ནི་མེ་ཡི་བསྣུན་པ་ལ། །ཨཱི་ཤྭ་ར་ནི་བདེ་བ་ཀུན་གྱི་དངོས། །ཞེས་སོ། །འདི་ཉིད་ལ་དམིགས་པ་ནི་རྒྱུའི་གཏུམ་མོའི་གཟུགས་ཀྱི་ཡེ་ཤེས་ཀྱི་སྐུ་ཅན་གྱི་ཕྱག་རྒྱ་ལས་སྐྱེས་པའི་བདེ་བ་སྟེར་བའོ། །ཐིག་ལེ་ལས་བཞེངས་ནས་བྱུང་བར་མཚོན་པ་ནི་བདག་གི་བླ་ མ་གསུང་ངོ་། །དེ་དག་བལྟ་བར་འདོད་ནས་དཔེའི་སྒོ་ནས་བརྗོད་པར་བྱ་སྟེ། མཉམ་པའི་སྣོད་དུ་བཏུང་བ་བཞག །དབུས་སུ་སྒྲོན་མ་སྦར་བར་བྱ། །བུམ་པས་སྟེང་ནས་སྦུབ་པས་ནི། །འོག་གི་ཆུ་རྣམས་འདྲེན་པར་བྱེད། །ཅེས་སོ། །དེའི་རང་བཞིན་ལ་འབད་པར་བྱས་པས་མི་འགྱུར་བའི་བདེ་བ་སྟེར་ བས་ལྷན་ཅིག་སྐྱེས་པའི་རང་བཞིན་ལ་རྣལ་འབྱོར་པས་གོམས་པར་བྱའོ། །དེ་གང་དུ་གསུངས་ན། སྦྱོར་དྲུག་ལས་བྱང་སེམས་འགྱུར་ནས་འགྲོ་བ་ནི་དམན་པའོ། །མི་ཉམས་པར་འབབ་ཅིང་འགྲོ་བ་འབྲིང་། ཤིན་ཏུ་མི་ཉམས་པར་འགྲོ་བ་རབ་སྟེ། འདིར་ལས་ཀྱི་ཕྱག་རྒྱས་འགྱུར་བའི་བདེ་བ་སྟེར་ བ་དང་། ཡེ་ཤེས་ཀྱི་ཕྱག་རྒྱས་མི་འགྱུར་བའི་བདེ་བ་སྟེར་བ་དང་། ཕྱག་རྒྱ་ཆེན་པོས་ཤིན་ཏུ་དག་པའི་བདེ་བ་སྟེར་བའོ། །དེ་ལྟར་གསུངས་པ། ཇི་ལྟར་སྡིག་པའི་ཕྲུ་གུ་དང་། །ཆུ་ཤིང་སྡོང་པོའི་འབྲས་བུ་ལྟར། །འབྲས་བུ་ལས་བྱུང་ནུས་པ་ཡི། །རྒྱུ་ཡིས་གཟུགས་ཉིད་འཇོམས་པར་བྱེད། །བདེ་བ་ ཆེན་པོས་དགྱེས་མ་དང་། །གཏུམ་མོ་ཡི་ནི་གདམས་ངག་གིས། །དེ་ནི་བདག་མེད་ལྷ་མོ་སྟེ། །རྡོ་རྗེ་རྣམ་སྣང་མ་ཞེས་བརྗོད། །ཅེས་སོ། །དེ་ནས་གཏུམ་མོ་མ་ཡིན་པའི་སྒྲས་གཞན་ཡང་བརྗོད་པར་བྱ་སྟེ། སྔགས་རྣམས་ཀྱིས་ནི་ལུས་ལ་དགོད་པར་བྱ་ཞེས་པའི་འབྲེལ་གྱིས། དེ་ལ་ཨཾ་ག་ཞེས་པའི་སྒྲས་ ལུས་སམ་ཡན་ལག་ལ་འགྲོ་བ་སྟེ། ཨཾ་ཞེས་པ་ནི་ཨཾ་གི་རྣམ་པ་སྤྲུལ་པའི་འཁོར་ལོར་གནས་པའི་ལྷ་མོའི་གཟུགས་སོ། །ག་ཞེས་པ་ནི་འགྲོ་བ་སྟེ། ཐུར་དུ་སེལ་བའི་རླུང་ངོ་། །དགོད་ཅེས་པ་ནི་དེ་སྟེང་དུ་བསྐྱོད་པར་བྱེད་པའོ། །དེ་ཡང་ཅི་བྱེད་ཅེ་ན། ལག་པ་བཀོད་བྱས་ནས་ཞེས་པ་ལག་པ་ནི་གཉིས་ ཏེ་ལག་པ་གཉིས་ཀྱི་སྒྲས་རྒྱུ་བའི་རླུང་གཉིས་སོ། །དགོད་པ་དེ་ནི་གཉིས་འགོག་པར་བྱེད་པའི་དོན་ཏོ། །དེ་བཞིན་དུ་དགྱེས་པ་རྡོ་རྗེ་ལས། རྐང་པའི་རྗེས་ནི་དཀྱིལ་འཁོར་ཡིན། །ཉེད་ཕྱིར་དཀྱིལ་འཁོར་བརྗོད་པར་བྱ། །ལག་པ་བསྒྱུར་བ་ཕྱག་རྒྱ་སྟེ། །སོར་མོ་ཉེད་པའང་དེ་ཉིད་དོ། །ཅེས་སོ། །གཞན་ དུ་ཐུར་སེར་གྱི་རླུང་གློད་པ་ལས་སྐྱེ་བ་ཡང་ཡོད་དོ། །གཞུང་འདིས་སྔོན་དུ་བཤད་པ་རྣམས་འདིར་རླུང་གི་རྒྱུ་བ་སྤངས་ནས་བདེ་བ་ཆེན་པོ་ལ་འཇུག་པར་བྱེད་པ་སྟེ། རླུང་བརྟན་པས་ནི་དོན་ཐམས་ཅད་གྲུབ་པའོ་ཞེས་བརྗོད་དོ། །དེ་བཞིན་དུ་དཔལ་དུས་ཀྱི་འཁོར་ལོ་ལས། དབུས་སུ་སྲོག་ཞུགས་ཉི་མ་ དང་བཅས་རི་བོང་ལ་གནས་གཡས་དང་གཡོན་པ་བཅིངས་ཏེ་གནས། །སེམས་ལ་ཕྱག་རྒྱ་རབ་སྦྱར་མཆོག་གི་བདེ་གནས་རྡོ་རྗེ་བསླང་བ་དག་དང་ནི། །པདྨར་རྡོ་རྗེའི་སྒྲའམ་ཆུ་སྐྱེས་དག་ཏུ་རང་ལག་གིས་གསོར་བདེ་དོན་ཏེ། །ས་བོན་མི་གཏོང་བ་ལས་འཆི་བའི་འཇིགས་འཇོམས་དཔལ་ལྡན་བླ་མའི་ཞལ་ཉིད་ དོ། །དེ་བཞིན་དུ་ཡང་། རླུང་གི་ཚེ་ལ་ཐིག་ལེས་ལུས། །ངེས་པར་མི་བསྐྱོད་སེམས་ཀྱིས་གྲོལ། །གསུམ་པོ་གཅིག་ཏུ་སྦྱོར་བ་ན། །གསུམ་གྱིས་གདམས་པར་རབ་ཏུ་གྲགས། །ཞེས་སོ། །གང་དུ་བྱེད་པར་འགྱུར་ཞེ་ན། མཐེ་བོང་ཆེན་པོ་དང་ནི་སོར་མོ་རྣམས། །ཞེས་པས་མཐེ་བོང་ཨ་གུཥྛ་ཞེས་པ་སྟེ། ཨ་ག་ཅེས་པས་ལུས། ཥ་ཋ་ན་དེ་ལ་གནས་པ་སྟེ་ལུས་ལ་གནས་པའི་རྡོ་རྗེའོ། །ཆེན་པོ་ཞེས་པ་ནི་དེ་ལངས་པའོ། །སོར་མོ་རྣམས་དང་ཞེས་པ་ནི་དངས་མའི་རྣམ་པའོ། །ལྡན་པ་ཞེས་པ་ནི་དེ་གཉིས་སྦྱོར་བས་མི་འགྱུར་བར་བརྟན་པའི་དོན་ཏོ། །དེ་ཡང་གསུངས་པ། གང་ཞིག་ཤེས་རབ་ལ་སྤྱོད་པ། །བསིལ་ཟེར་ལྷུང་ལ་བདེ་བ་མེད། །དཔྱིད་དུས་མེ་ཏོག་ལྷུང་བ་ལ། །དུས་ཀྱི་འབྲས་བུ་ག་ལ་སྲིད། །ཅེས་པ་དང་། དེ་བཞིན་དུ། ལས་རྒྱ་ལས་སྦྱོར་ཀུན་དང་ནི། །གང་གི་པདྨར་ལྷུང་བ་དེ། །ཕན་འདོད་མེ་ཏོག་བཅག་ནས་ནི། །རྨོངས་པས་འབྲས་བུ་འདོད་ པ་བཞིན། །ཞེས་སོ། །རྡོ་རྗེ་དགྱེས་པར་རོལ་མ་གསང་བའི་སྒྲུབ་ཐབས་ལས། །པདྨའི་རྒྱ་མཚོ་བསྲུབས་པ་ལས། །ལྷན་སྐྱེས་བདུད་རྩི་འདོད་པ་ཡིས། །བྲལ་བའི་དུས་ཀྱི་དུག་ནག་པོ། །གང་ཞིག་མ་བྱུང་དེ་བཞིན་བྱ། །ཞེས་སོ། །དྲུག་ཅེས་པ་ནི་མིག་ལ་སོགས་པ་དྲུག་གི་ཤེས་པ་ ཡང་ནང་དུ་ཞུགས་པ་དང་ལྡན་པའོ། །ཇི་ལྟར་ལྡན་པ་དཔའ་མོ་ཡི་ནི་དབང་ཕྱུག་གི་སྔགས་ཀྱིས་ཏེ། དཔའ་བོ་ནི་བཅོམ་ལྡན་འདས་ཡིན་ལ། དེའི་དབང་ཕྱུག་མ་ནི་སྟོང་པ་ཉིད་དོ། །དེ་གཉིས་ཀྱི་སྔགས་ནི་ཡིད་སྐྱོབ་པའི་ཐབས་སུ་བྱས་པའོ། །ཡང་ན་དཔའ་བོའི་དབང་ཕྱུག་ནི་སྟོང་པ་ཉིད་ལ་ དེའི་ཐབས་ནི་སྔགས་སོ། །དེའི་ཐབས་སུ་གྱུར་པ་ལ་སྟོང་པ་ཉིད་སྐྱེ་བའི་དོན་ཏོ། །བརྗོད་བྱ་གཞན་ཡང་གསུངས་པ། དེ་རྗེས་ལ་ཡང་ཞེས་པ་དང་། སྣོད་སྙོམས་པ་ཞེས་པར་འབྲེལ་བས། དེ་ལྟར་ཚོན་བཟང་ལས་སྐྱེས་ཞེས་པས། དེ་ཡང་ཚོན་ཞེས་པ་ནི་བཤའ་ཙེ་སྟེ། བཟང་ ཞེས་པ་ནི་ཟངས་ཡིན་ལ། སྦྱར་ཞེས་པ་ནི་དེ་གཉིས་གཅིག་ཏུ་བསྲེས་པའོ། །ལས་སྐྱེས་ཞེས་པ་ནི་དེ་ལས་བྱུང་བའི་འཁར་བའོ། །སྣོད་ནི་མེ་ལོང་གི་དངོས་པོ་ཡིན་པ་ལ་སྙོམས་ཞེས་པས་ནག་ཙེག་དང་འབར་འབུར་སྤངས་པའོ། །དེ་ལ་ཅིས་བྱུག་ཅེ་ན། ཞ་ཉེ་ལས་སྐྱེས་ཕྱེ་མ་སོ་མ་ དག། །ཅེས་པས། ཞ་ཉེ་ལས་སྐྱེས་པ་ནི་སིནྡྷུ་རའོ། །ཕྱེ་མ་ནི་དངོས་པོ་དེའོ། །སོ་མ་དག་ནི་གཞན་དང་མ་འདྲེས་པའོ། །དེ་ཡང་སེང་རས་ཞེས་པ་ནི་རས་ཕྲ་ཞིང་ཐགས་རན་པར་བཏགས་པའོ། །དལ་བུས་བཙགས་ལ་དགྲམ་ཞེས་པ་ནི་མྱུར་བ་མ་ཡིན་པའོ། །དེ་ཡང་རས་དམར་པོ་ ལ་དོ་ལིའི་རྣམ་པ་བྱས་ལ་དེ་ཉིད་དུ་སིནྡྷུ་ར་བླུགས་ཏེ་དེ་ལ་སོར་མོས་ཅུང་ཟད་བསྐྱོད་པའི་རིམ་པ་ཞེས་སོ། །དེ་གང་དུ་བྱ་ཞེ་ན། རྡོ་རྗེ་འཆང་སྟེངས་སུ་ཞེས་པས། རྡོ་རྗེ་ནི་མྱོས་བྱེད་ལ་དེ་འཛིན་པ་ནི་རྡོ་རྗེ་འཆང་ཞེས་སོ། །སྟེང་དུ་ཞེས་པ་ནི་གང་ན་མྱོས་བྱེད་ཡོད་པ་དེའི་སྟེང་དུའོ། །བཤད་པར་བྱ་བ་གཞན་ ཡང་གསུངས་པ། དེ་རྗེས་ལ་ཡང་ཞེས་པ་ནས་སྣོད་སྙོམས་ལ་ཞེས་པར་འབྲེལ་བས། དེ་ལ་སྣོད་ཅེས་པ་ནི་ཨ་མ་ཏྲ་ཞེས་པའི་སྒྲ་སྟེ། དེ་ལྟར་ཨ་ནི་ནད་དེ་རླུང་མཁྲིས་བད་ཀན་འདུས་པའི་ནད་ཀྱིས་སྡུག་བསྔལ་བའོ། །ཏྲ་ཡ་ཞེས་པ་དེ་ལས་སྐྱོབ་པ་སྟེ། ཨ་མ་ཏྲ་བདེ་བ་ཆེན་པོའོ། །ཡང་ན་ཁྱད་ པར་གྱི་གནས་སུ་གྱུར་པ་ཉིད་དེ། །ཨ་མ་ཏྲ་ཞེས་པས་བདེ་བ་ཆེན་པོའི་རང་བཞིན་གྱི་སྣོད་དེ་དེ་རྗེས་ལ་སྦྱོར་བའོ། །སྙོམས་པ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཉིད་དོ། །ཚོན་བཟང་སྦྱོར་བ་ལས་ཞེས་པ་ནི་ལེགས་པར་སྦྱར་བའི་སྒྲ་ལ་རཾ་ག་ཨ་རུ་ཎ་ཞེས་པ་སྟེ། དེ་ལ་རཾ་ག་ཞེས་པ་ཞ་ཉེ་དཀར་པོ་ ཉིད་ཡིན་ལ། ཡང་ན་རཾ་ག་ཞེས་པ་འདོད་ཆགས་དང་བཅས་པའི་བྱང་ཆུབ་ཀྱི་སེམས་སོ། །ཨ་རུ་ཎ་ཞེས་པ་དང་བཟང་ཞེས་པ་ནི་དམར་པོ་འོད་དཔག་མེད་ཀྱི་རང་བཞིན་གྱི་ཁྲག་གི་གཟུགས་སོ། །དེ་གཉིས་ལས་སྐྱེས་པའི་དོན་ནི་བདེ་བ་ཆེན་པོའོ། །གང་དུ་དེ་བརྗོད་པ་ཡིན་ཞེ་ན། རྡོ་རྗེ་ འཆང་སྟེངས་སུ་ཞེས་པས། དེ་ལ་ཡང་བཛྲ་དྷ་ར་ཨུ་པ་རི་ཞེས་པའི་སྒྲས་ཏེ། བཛྲ་ནི་རྡོ་རྗེ་ཡིན་ལ་དྷ་ར་ནི་འཛིན་པའམ་རི་བོ་སྟེ། དེར་ཀུན་གྱིས་བགྲོད་བྱ་མ་ཡིན་པ་དང་། དེ་ཉིད་ཐོབ་པར་བྱེད་པའི་གནས་ཡིན་ཏེ། ཨུ་པ་རི་ཞེས་པ་སྟེང་དུ་སྟེ་རྩེ་མོར་བདེ་བ་ཆེན་པོ་འཆར་བའོ། །ཕྱེ་མ་ཞེས་པ་ལ་ གང་གི་ཕྱེ་མ་ཞེ་ན། ཞ་ཉེ་ལས་སྐྱེས་ཞེས་པས་དེ་ཡང་བྷུ་ཛ་ག་བྷ་བ་ཞེས་པའི་སྒྲ་སྟེ། བྷུ་ཛ་ག་ནི་ཀླུ་སྟེ་དེ་ལས་སྐྱེས་པའི་དུག་གོ། །དེས་ན་ཡུལ་ནི་དུག་ཡིན་ལ་དེའི་རྒྱུ་མནར་བའོ། །དེ་བཞིན་དུ་དཔལ་དགྱེས་པ་རྡོ་རྗེ་ལས། དེ་ལྟར་འཁོར་བར་འདོད་པ་ཡིས། །ཡོན་ཏན་ལྔ་ལྡན་རིན་ཆེན་ ཉིད། །མ་དག་པས་ནི་དུག་ཏུ་འགྲོ། །དག་པས་བདུད་རྩི་ལྟ་བུར་འགྱུར། །ཞེས་པ་དང་། དེ་ཉིད་ལས་ཀྱང་། དག་པས་དུག་མེད་བྱས་ནས་ནི། །བརྟེན་བྱ་འདི་དག་བརྟེན་པ་ཉིད། །ཅེས་སོ། །དེ་ཇི་ལྟར་ཡིན་ཞེ་ན། དག་པ་ཞེས་པ་ལེགས་པར་དག་པ་སྟེ། འདི་ནི་ཡུལ་གྱི་རང་བཞིན་བདེ་ བ་ཆེན་པོའི་གཟུགས་ཅན་ཉིད་དོ། །འོན་ཀྱང་མ་རིག་པས་དུག་ལྟར་གྱུར་པ་དེ་ལྷན་ཅིག་སྐྱེས་པའི་གཟུགས་ཀྱི་སྦྱོར་བའོ། །སེང་རས་ཞེས་པ་ནི་དོན་ལ་རས་ཀྱིས་བླུགས་པ་སྟེ། ལེགས་པར་མི་གཡོ་བའི་དོན་ལ་དལ་བུས་ཞེས་པ་ནི་མཁས་པའི་ངང་དུ་བསྟན་པའོ། །ཡང་ན་བྷུ་ཛ་ ག་ཞེས་པ་སྒེག་པ་སྟེ། དེ་ལས་སྐྱེས་པའི་འདོད་ཆགས་ཡིན་ལ་དེ་དང་ལྷན་ཅིག་སྐྱེས་པའི་དོན་ཏོ། །འཇིག་རྟེན་པའི་ཆགས་པ་སྤངས་པའི་བདེ་བ་ཆེན་པོར་སྦྱོར་བར་བྱེད་པའོ། །ཡང་ན་ཞ་ཉེ་ལས་སྐྱེས་ཞེས་པས་སིནྡྷུ་ར་ལྟ་བུ་སྟེ་འདོད་ཆགས་དང་བཅས་པའི་ཆགས་པ་ཆེན་པོའི་རོ་ལ་ཕྱེ་མ་ ཞེས་པའི་དོན་ཏོ། །བྱ་བ་གཞན་གསུངས་པ། དེར་ནི་ཞེས་པ་ལ་སོགས་པ་ནས་སྔགས་ཀྱི་ཕྲེང་བ་བྲི་ཞེས་པའི་བར་ཏེ། བཅོམ་ལྡན་འདས་མའི་སྔགས་ཀྱི་ཕྲེང་བ་བྲི་བར་དོན་གྱིས་འབྲེལ་བའོ། །ཇི་ལྟར་བྱ་བ་སྟེ་འདྲི་ཞེ་ན། འཁོར་ལོ་བྲིས་ནས་ཞེས་པས་དེ་ཡང་རྒྱལ་བའི་ སྙིང་པོའི་ཡང་སྙིང་པོ་ཞེས་པ་སྟེ། རྒྱལ་བ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་བཞིའི་སྙིང་པོར་གྱུར་པ་ནི་མི་བསྐྱོད་པའི་གཟུགས་ཉིད་དེ་དེ་ཉིད་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའོ། །དེའི་ཡང་སྙིང་པོར་གྱུར་པའི་ཆོས་འབྱུང་ལ་དེའི་རང་བཞིན་ནི་ འཁོར་ལོའོ། །གཙུག་ཕུད་ཅན་གྱི་ནི་ཟུར་ལྡན་ཞེས་པ་ནི། གཙུག་ཕུད་ནི་མེ་འབར་བའོ། །དེ་ཡོད་པ་ནི་ཅན་ཏེ་མེ་ཡིན་ལ་མེ་ནི་གསུམ་སྟེ་དེས་ན་ཟུར་གསུམ་པའི་འཁོར་ལོའོ། །གཙུག་ཕུད་ཅན་ནི་ཟུར་ལྡན་ལ་ནི་ཤི་ཁི་ཀོ་ཊི་ཞེས་པའི་སྒྲས་ཏེ། ཤི་ཁི་ནི་འབར་བ་ཅན་ཏེ། མེ་ཡིན་ ལ་དེ་ཉིད་གསུམ་སྟེ། འདིར་ཀོ་ཊི་ནི་ཟུར་རམ་རྩེ་མོ་སྟེ། དོན་ལ་འཁོར་ལོའི་ཟུར་གསུམ་པའོ། །དེར་ནི་ཞེས་པས་མེ་ལོང་ལ་སིནྡྷུ་རའི་ཕྱེ་མ་བཀྲམ་ལ་སྔགས་ཀྱི་ཕྲེང་བ་བྲི་བར་བྱའོ། །དེའི་སྙིང་པོར་ཞེས་པས་མེ་ལོང་གི་མཐིལ་ལ་བྲིས་པའི་ཆོས་འབྱུང་གི་སྙིང་པོ་དེ་ཉིད་ལའོ། །ཅིས་ འདྲི་ཞེ་ན། གསེར་ལས་བྱས་པའི་ཐུར་མ་ཡིས། །ཞེས་པས་གསེར་གྱི་ཐུར་མ་ལག་པ་གཡོན་པས་བཟུང་ནས་འདྲི་བར་བྱ་བ་སྟེ། གོང་གི་ཚིགས་སུ་བཅད་པས་སམ་ཡང་ན་གདམས་ངག་ཏུ་གོ་བར་བྱའོ། །དེའི་མན་ངག་བརྗོད་པར་བྱ་སྟེ། དང་པོར་ཆོས་འབྱུང་གི་ལྟེ་བ་ལ་ཟླ་ཚེས་ དང་ཐིག་ལེ་དང་ནཱ་དར་བཅས་པའི་བཅོམ་ལྡན་འདས་མའི་གཟུགས་བཾ་གྱི་རྣམ་པར་བྲི་བར་བྱའོ། །དེ་ནས་ཆོས་འབྱུང་གི་དབུས་སུ་སྐུ་གསུང་ཐུགས་ཀྱི་རྣམ་པར་དག་པ་ལ་འདོད་པ་དང་དྲག་པོ་དང་། ཐུབ་པའི་གྲངས་ཀྱིས་ཕྲེང་བ་གསུམ་ལ་སྔགས་བཏུ་བ་ལས་བྱུང་བ་ལྟར་བཅོམ་ལྡན་ འདས་མའི་སྔགས་ཀྱི་རྒྱལ་པོ་བྲི་བར་བྱའོ། །དེ་ཡང་བཞེངས་པའི་འཁོར་ལོར་གསུངས་པ་སྟེ། བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་རང་བཞིན་གྱི་ཧ་དང་། ཨ་གཉིས་པོ་ཡོངས་སུ་གྱུར་པས་ན་གཉིས་སུ་མེད་པའི་རྣམ་པར་དག་པའི་ཕྲེང་གི་འོག་བཾ་གྱི་སྟེང་དུ་མཐའ་མའི་ཡི་ གེ་ཧའི་གཟུགས་བྲི་བར་བྱའོ། །ཡང་ན་ཆོས་འབྱུང་གི་རྩ་བ་ལ་ཨོཾ་བྲིས་ནས་ཆོས་འབྱུང་གི་རེ་ཁཱའི་རིམ་པ་ལྟར་དེའི་རྩ་བ་ན་ཕར་སྔགས་ཕྲེང་གསུམ་བྲིས་ལ་དབུས་སུ་བཾ་བྲི་བ་ཡང་མན་ངག་གི་ལུགས་སོ། །བཤད་པར་བྱ་བ་གཞན་ནི་དེའི་སྙིང་པོར་སྔགས་ཀྱི་ཕྲེང་བ་བྲི་ཞེས་པས་དེ་ལ་ ཆོས་འབྱུང་གི་གནས་སུ་སྔགས་ཀྱི་ཕྲེང་བ་དབུ་མས་བྲི་བ་སྟེ། མི་འགྱུར་བའི་གཟུགས་ཀྱིས་ཁྱབ་པར་བྱེད་པའི་དོན་ཏོ། །དེ་ཡང་ཐིག་ལེ་དང་རླུང་གཉིས་ལྷན་ཅིག་ཏུ་གྱུར་པས་ཡིད་སྐྱོབ་པར་བྱེད་པས་ན་སྔགས་སོ། །དེའི་བདེ་བ་ཆེན་པོར་འགྲོ་བའི་སྔགས་ཀྱི་དོན་ལ་ཕྲེང་ཞེས་ པའམ་ལམ་ཞེས་པ་སྟེ། སྔགས་ཀྱི་ཕྲེང་བའི་སྒྲས་དབུ་མ་ཞེས་བརྗོད་པའོ། །དེ་ལ་ཅིས་འདྲི་ཞེ་ན། གསེར་ལས་བྱས་པའི་ཐུར་མ་ཡིས། །ཞེས་པས་དེ་ཡང་གཾ་གེ་ཡ་ཤ་ལ་ཀཾ་ཞེས་པའི་སྒྲས། ག་ཞེས་པས་བཞི་སྟེ། ཆོས་འབྱུང་ཡིན་ལ་གཱ་ཞེས་པ་དེར་འགྲོ་བར་བྱེད་པ་སྟེ། གཾ་གཱ་ནི་ རི་རབ་ཀྱི་རྩེ་ནས་བབས་པས་ན་བདུད་རྩིའི་རྒྱུན་ནོ། །དེ་ལྟར་གཾ་གཱ་ཞེས་པས་དེ་ལས་བྱུང་བའི་ཐིག་ལེའོ། །དེ་ལ་བབས་པས་ན་ནོར་བུའི་རྩེར་དེ་བསྐྱེད་པ་སྟེ། དེ་ལ་འདིར་ཐིག་ལེ་ནི་དབུ་མའི་ལམ་ནས་འགྲོ་བས་ཐུར་མ་ལྟ་བུ་སྟེ། ཐུར་མ་ཞེས་པས་དབུ་མའི་བུག་པ་ནས་ཁྱབ་པར་འགྲོ་བ་ ཉིད་དོ། །དེ་ལ་ཇི་ལྟར་བྱས་ཏེ་འབྲི་ཞེ་ན། འཁོར་ལོ་ཞེས་པས་དེ་ཡང་རྒྱལ་བའི་སྙིང་པོའི་ཡང་སྙིང་པོ་ཞེས་པ་སྟེ། རྒྱལ་བ་ནི་དཔལ་ཧེ་རུ་ཀ་དེའི་སྙིང་པོ་ནི་ཧའི་རྣམ་པ་དེའི་སྙིང་པོ་ནི་བདེ་བ་ཆེན་པོའི་འཁོར་ལོའི་མིང་སྟེ་དེ་ཉིད་ནི་དུས་ཐམས་ཅད་དུ་གནས་པའོ། །དེ་ལ་བྲི་བར་བྱ་ཞེས་པ་ནི། དེར་དེས་ཁྱབ་པར་བྱེད་པའི་དོན་ཏོ། །གཙུག་ཕུད་ཅན་གྱི་ཟུར་ལྡན་ཞེས་པས་དེ་ཡང་ཤི་ཁི་ཀོ་ཊི་ཀཾ་ཞེས་པའི་སྒྲ་སྟེ། དེ་ལ་ཤི་ཁི་ནི་གཏུམ་མོའི་མེ་ལ་ཀོ་ཊི་ནི་དེའི་རྩེ་མོ་སྟེ། ཀཾ་ཞེས་པ་མགོ་བོ་ཡིན་ལ་དེ་ལ་྅ནི་ཧའི་མགོ་བོའོ། །ཧའི་རྣམ་པ་མགོ་ཐུར་དུ་བསྟན་པ་བསྒོམ་ པའོ། །དེའི་སྙིང་པོ་ནི་བདེ་བ་ཆེན་པོའི་འཁོར་ལོའི་དབུས་ན་དེ་ཡོད་པའི་དོན་ཏོ། །ཡང་ན་སྔགས་ཀྱི་ཕྲེང་བ་བྲི་ཞེས་པ་ནི་ཐིག་ལེའི་རྒྱུན་དེ་བདེ་བ་ཆེན་པོར་སྐྱེལ་བའོ། །ཅིས་སྐྱེལ་ཞེ་ན་གསེར་གྱི་ཐུར་མ་ཞེས་པས་དེ་ཡང་གཾ་གེ་ཡ་ཤ་ལ་ཀཾ་ཞེས་པའི་སྒྲས་དེ་ལ་གཾ་གཱ་ཞེས་པས་ཐིག་ལེ་སྟེ་དེ་རུ་འགྲོ་བར་ བྱེད་པའི་དོན་གྱིས་ན་ཐུར་མ་ལྟ་བུ་སྟེ། སྐྱེལ་བས་ན་དབུ་མར་བྲི་བའོ། །ཇི་ལྟར་བྱ་ཞེ་ན་རྒྱལ་བའི་སྙིང་པོའི་ཡང་སྙིང་པོ་བྲིས་ནས་ཞེས་པས། རྒྱལ་བ་ནི་དཔལ་ཧེ་རུ་ཀ་ལ་དེའི་སྙིང་པོ་ནི་མི་འགྱུར་བའི་བྱང་ཆུབ་ཀྱི་སེམས་སོ། །དེའི་ཡང་སྙིང་པོ་ནི་བདེ་བ་ཆེན་པོའི་སེམས་ཀྱིས་ཡང་དག་པར་བྱེད་ པའི་དོན་ཏོ། །འཁོར་ལོ་ཞེས་པ་རྣམ་པ་ཐམས་ཅད་གཅོད་པར་བྱེད་པ་ཉིད་དོ། །གཙུག་ཕུད་ཅན་གྱི་ཟུར་ལྡན་ཞེས་པ་ནི་གཙུག་ཕུད་ཅན་ནི་མེ་ཡིན་ལ། དེ་བཞིན་དུ་ཟུར་ལྡན་ནི་མེའི་རྩེ་མོ་ལྟ་བུའི་མེའོ། །དེས་མི་ཤེས་པའི་བུད་ཤིང་ཐམས་ཅད་སྲེག་པར་བྱེད་པའོ། །ཡང་ན་ཤིན་ཏུ་རྣོ་བ་སྟེ་ འབུགས་པའོ། །ཁྱད་པར་གཞན་ཡང་གསུངས་པ། འཁོར་ལོའི་ཞེས་པ་ལ་སོགས་པ་ནས་བཀྲ་ཤིས་དམ་པའི་ཞེས་པ་སྟེ། བཀྲ་ཤིས་དམ་པ་ནི་བཟང་པོའི་གཡུང་དྲུང་འཁྱིལ་པ་འདྲི་བ་སྟེ། གང་དུ་འདྲི་ཞེ་ན་འཁོར་ལོའི་ཕྱི་རོལ་ཞེས་པས་ཆོས་འབྱུང་གི་ཕྱི་རོལ་གྱི་ཆ་ལའོ། །དེ་ནས་ཡང་ གནས་མང་དུ་ཡོད་པར་ངེས་པར་གང་དུ་བྲི་ཞེ་ན། ཤར་གྱི་ཆ་དང་བྱང་དང་ནུབ་དང་གཟི་ལྡན་སྲས་ཕྱོགས་སུ་ཞེས་པས། དེ་ཡང་གཟི་ལྡན་ནི་ཉི་མ་ཡིན་ལ་དེའི་སྲས་ནི་གཤིན་རྗེ་སྟེ། དེའི་ཕྱོགས་ནི་ལྷོའོ། །རིམ་པ་བཞིན་ཞེས་པ་ནི་ཤར་ནས་བྱང་ལ་སོགས་པའི་རིམ་པའོ། །ལག་པ་གཡོན་ པ་ཡིས་ནི་མངོན་པར་བྲི། །ཞེས་པ་ནི་གོ་བར་ཟད་དོ། །བཤད་པར་བྱ་བ་གཞན་ནི་བཀྲ་ཤིས་དམ་པ་རྣམས་དང་ཞེས་པས་དེ་ཡང་ས་ཏ་སྭ་སྟི་ཀཾ་ཞེས་པའི་སྒྲས། དེ་ལ་ས་ཏ་ཅེས་པས་དམ་པའམ་ཡོད་པ་ལ་འགྲོ་སྟེ། སྭ་སྟི་ཀཾ་པས་གཡུང་དྲུང་དམ་པ་བདེ་བ་ལ་འགྲོ་བས་བ་སུ་ནི་ལེགས་པ་སྟེ། ཨ་སྟི་ནི་ཡོད་པ་ཡིན་ལ། ཀཾ་ནི་བདེ་བའོ། །དེ་ལྟར་ལེགས་པའི་བདེ་བ་ཡོད་པས་ན་ཐིག་ལེའོ། །བྲི་ཞེས་པ་ནི་དེས་བཀོད་པའམ་འདིས་ཁྱབ་པར་བྱེད་པར་འབྲེལ་བའོ། །གང་དུ་དགོད་ཅེ་ན་འཁོར་ལོའི་ཕྱི་རོལ་དུ་ཞེས་པས་བདེ་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ་གྱི་ཆ་ལའོ། །དེ་ཡང་གང་དུ་ ཞེ་ན། ཤར་དང་བྱང་དང་ནུབ་དང་གཟི་ལྡན་སྲས་ཕྱོགས་སུ་ཞེས་པས་བ་སྤུའི་བུ་ག་རྣམས་ཏེ། ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་དོན་ཏོ། །དེ་གང་གིས་མཚོན་ཞེ་ན། ལག་པ་སྟེ། དེ་ཉིད་རླུང་ལ་བྱའོ། །སོར་མོ་ལྔ་ཡོད་པ་ཉིད་ལ་ལག་པ་སྟེ་ལྔ་པོ་དེས་མཚོན་ནས་ལུས་ལ་ གནས་པའི་རླུང་ལྔ་བཟུང་བའོ། །ཇི་ལྟར་ཞེ་ན་གཡོན་པ་སྟེ། བཱ་མ་ཞེས་པའི་སྒྲས་གཡོན་པའམ་ཡིད་འཕྲོག་པ་སྟེ། གཞན་གྱིས་མི་བསྐྱོད་པའི་དོན་ཏོ། །ཇི་ལྟར་བྲི་ཞེ་ན་རིམ་པ་བཞིན་ཞེས་པས་རིམ་གྱིས་བརྟན་པའམ་མི་འཕོ་བར་བ་སྤུའི་ཁུང་བུ་ཐམས་ཅད་ཁྱབ་པའོ། །བརྗོད་ པར་བྱ་བ་གཞན་ཡང་གསུངས་པ། ཛཿཧཱུཾ་བཾ་ཧོཿཞེས་པ་ལ་སོགས་པ་དེས་རྡོ་རྗེ་ལྷ་མོ་བཀུག་ནས་ཞེས་པར་འབྲེལ་བའོ། །དེ་ཡང་ཇི་ལྟར་ཞེ་ན་བཀུག་ནས་ཞེས་པས་མྱོས་བྱེད་ཀྱིས་བྲིས་པའི་ལྷ་མོའི་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པས་འོག་མིན་གྱི་གནས་ནས་ཛཿཡིག་ གིས་ལྷ་མོ་བཀུག་ལའོ། །ཡི་གེ་ལ་ནི་བཅུག་ནས་ཞེས་པས་མེ་ལོང་གི་མཐིལ་ལ་སྔགས་ཀྱི་ཡི་གེ་རྣམས་བྲིས་པ་ལ་ཧཱུཾ་གིས་གཞུག་པར་བྱའོ། །བསྡམས་པ་དང་ཞེས་པ་སྔགས་ཀྱི་ཡི་གེ་རྣམས་ལ་བཾ་གྱིས་རབ་ཏུ་བསྡམ་པར་བྱ་བ་ཉིད་དོ། །ཇི་ལྟར་བཀུག་པ་ལ་སོགས་པ་ཞེ་ན། ཛཿཧཱུཾ་ བཾ་ཧོཿཞེས་ནི་རབ་བརྗོད་པས་ཞེས་པས། འདིས་ནི་དགུག་པ་དང་གཞུག་པ་དང་བཅིང་བ་དང་དགྱེས་པར་བྱེད་པའི་སྔགས་ཏེ། དེ་རེ་རེ་ལ་ཡང་སོ་སོར་བསྒོམ་པ་སྔོན་དུ་འགྲོ་བས་བྱ་བ་ཉིད་ཀྱི་དོན་ཏོ། །རབ་བརྗོད་ནས་ཞེས་པ་ལ་སོགས་པ་ནི། འབར་བའི་ཕྱག་རྒྱ་ལ་སོགས་པ་ ཡང་ཤེས་པར་བྱའོ། །དེ་ཡང་། རྐང་པ་མནན་ཅིང་གྱེན་དུ་བལྟ། །སྟེང་དུ་ཕེཾ་གྱི་སྒྲ་སྒྲོགས་པས། །ཞེས་པ་ཡང་མན་ངག་གི་ལུགས་སོ། །བཤད་པར་བྱ་བ་གཞན་ནི་རྡོ་རྗེ་ལྷ་མོའོ་ཞེས་པ་ནི། གཏུམ་མོས་ལུས་གང་བར་བྱ་བས་མཉེས་པའི་དོན་ཏོ། །བཀུག་ནས་ཞེས་པས་སྟེང་དུ་ སོང་ནས་ལྷུང་བར་གྱུར་པའི་བདུད་རྩིའི་རྒྱུན་འབེབས་པར་བྱེད་པའི་དོན་ཏོ། །སྔགས་ཀྱི་ཡི་གེ་ལ་ནི་རབ་བཅུག་ནས། །ཞེས་པས་སྔགས་ནི་བྱང་སེམས་ཡིན་ལ། དེ་ལ་བདེ་བ་ཆེན་པོའི་ཡེ་ཤེས་རྣམས་མི་འགྱུར་བར་ཐིམ་པར་བྱས་ནས་དེའི་གཟུགས་སུ་བསྐྱོད་པའི་དོན་ ཏོ། །དེས་ན་ཡོངས་སུ་རྫོགས་པའི་འབྲས་བུ་རྙེད་ནས་དེ་ལ་རྒྱུའི་གཟུགས་སུ་གནས་པ་མི་རིགས་པ་ཉིད་དེ། འདི་ནི་ལྷན་ཅིག་སྐྱེས་པའི་གཏུམ་མོ་ཉིད་དེ། དེ་ལྟར་རིགས་པར་ཤེས་པར་བྱའོ། །བསྡམས་པ་དང་ཞེས་པ་ནི་བདེ་བ་ཆེན་པོར་ལེགས་པར་རབ་ཏུ་བསྡམས་པར་བྱས་པའོ། ། ཆོ་ག་ཞེས་པ་ནི་ཇི་ལྟར་མན་ངག་བཞིན་དུ་སྟེ། དེས་གོ་བར་བྱ་བའོ། །དེ་ལྟར། ཛཿཧཱུཾ་བཾ་ཧོཿཞེས་ནི་རབ་བརྗོད་ནས། །ཞེས་པས་འདིར་ཡི་གེ་བཞིའི་དོན་ནི་ཞལ་ལས་དྲན་པའི་དོན་ཏོ། །མཆོད་པ་གསུངས་པ། དེ་རྗེས་སྔགས་ཀྱིས་ཞེས་པ་ལ་སོགས་པས་དེའི་རྗེས་སུ་དེ་ལ་མཆོད་པར་བྱའོ་ཞེས་པ་ དང་འབྲེལ་ལོ། །གང་ལ་ཞེ་ན། སྔགས་ཀྱི་རང་བཞིན་དེ་ལ་ཞེས་པས་ཡེ་ཤེས་པ་དང་གཉིས་སུ་མེད་པའི་ཆུ་དང་འོ་མ་འདྲེས་པ་ལྟ་བུའི་སྔགས་ཀྱི་རང་བཞིན་དེ་ལའོ། །མཆོད་པ་རྣམ་པ་སྣ་ཚོགས་པ་དག་ཅེས་པས། དེས་ན་བཟའ་བ་དང་ཞེས་པས། ཁུར་བ་ལ་སོགས་པའོ། ། བཅའ་བ་དང་ཞེས་པས་འབྲས་ཆན་ལ་སོགས་པའོ། །བལྡག་པ་དང་ཞེས་པས། སྦྲང་རྩི་ལ་སོགས་པའོ། །བཏུང་དང་ཞེས་པས། དཔའ་བྱེད་ལ་སོགས་པའོ། །བཞི་པ་བྱ་ཞེས་པས་ཨ་འབྲས་ལ་སོགས་པའོ། །འདོད་ཡོན་ལྔ་དང་བཅས་རྣམས་ཀྱིས། །ཞེས་པས། འདོད་པའི་ ཡོན་ཏན་ལྔའི་ལོངས་སྤྱོད་དོ། །བཤད་པར་བྱ་བ་གཞན་ཡང་གསུངས་པ། སྔགས་ཀྱི་རང་བཞིན་དེ་ལ་ཞེས་པས་བདེ་བ་ཆེན་པོའི་རང་བཞིན་ཏེ། ལྷ་མོའི་མཆོད་པ་དེ་ལ་ཡིད་རྒྱུན་དུ་གོམས་པའི་སེམས་རྩེ་གཅིག་ཏུ་བྱ་བའོ། །རྒྱུ་ཅིས་བྱ་ཞེ་ན། བཟའ་དང་ཞེས་པ་ལ་སོགས་ པས། དེ་ལ་སྟོབས་འཕེལ་བའི་ཕྱིར་འདིར་བརྟེན་པས་སྟོབས་ལས་བདེ་བ་སྐྱེ་བ་ཉིད་དོ། །འདོད་ཡོན་ལྔ་དང་བཅས་རྣམས་ཞེས་པས། འདོད་པའི་ཡོན་ཏན་ལྔ་ངེས་པར་སྦྱར་ནས་ལོངས་སྤྱོད་པའི་དོན་ཏེ། ཡང་ན་འདོད་པ་ནི་བཅུ་གསུམ་ཡིན་ལ་ཡོན་ཏན་གསུམ་སྟེ། འདོད་ པའི་ཡོན་ཏན་གྱི་སྒྲས་རླུང་གི་འཕོ་བ་བཅུ་དྲུག་ཏུ་བརྗོད་དོ། །དུས་རྟག་པར་འདིར་བསྒོམས་པས་རླུང་གི་རིམ་པ་ལས་རྙེད་པ་འདིའི་དངོས་པོ་བདེ་བ་ཆེན་པོ་ལ་ཐིམ་པར་བྱེད་པའོ། །འོ་ན་དེ་ཉིད་རྐྱང་བར་རམ་ཞེ་ན། སྣ་ཚོགས་སྟོབས་ནི་ཞེས་པ་ལ་སོགས་པ་སྟེ། སྣ་ཚོགས་ཞེས་པ་རྣམ་པ་ མང་པོའོ། །སྟོབས་ཞེས་པ་ཤའོ། །ཡང་ན་སྣ་ཚོགས་ཞེས་པས་བ་ལང་དང་ཁྱི་དང་གླང་ཆེན་དང་རྟ་དང་མིའི་ཤའི་དོན་ཏོ། །མྱོས་བྱེད་དང་བཅས་ཞེས་པས། བཏུང་བ་དང་ལྡན་པའོ། །ཤིན་ཏུ་ཁྱད་འཕགས་ཞེས་པས་མཆོག་ཏུ་གྱུར་པའི་རྫས་སོ། །མཆོད་པ་ཞེས་པ་ནི་བསྙེན་ བཀུར་རོ། །རྣམ་ལྔ་ཞེས་པས་གཟུགས་ལ་སོགས་པའོ། །གླུ་དང་ཞེས་པས། རྡོ་རྗེའི་གླུ་དང་གཞན་ཡང་ལེགས་པར་རོལ་པར་དགྱེས་པའི་གླུའོ། །རོལ་མོ་དང་ཞེས་པས་པི་ཝང་དང་གླིང་བུ་ལ་སོགས་པ་ལས་བྱུང་བའི་གླུའོ། །གར་དང་ཞེས་པས་རྡོ་རྗེ་རྐང་པའི་གར་རོ། །བསྐོར་བ་ ཞེས་པ་རྟེན་དེ་ལ་བསྐོར་བའོ། །ཕྱག་དང་བསྟོད་པ་ཡང་དེ་བཞིན་ནོ། །བཤད་པར་བྱ་བ་གཞན་ཡང་གསུངས་པ། སྣ་ཚོགས་སྟོབས་དང་ཞེས་པས། བ་ལང་དང་། ཁྱི་དང་གླང་པོ་ཆེ་དང་། རྟ་དང་མིའི་ཤའི་རང་བཞིན་གྱི་ཕུང་པོ་རྣམ་པ་ལྔའི་བདག་ཉིད་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་པ་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་སྟེ། དེ་དག་ཀྱང་བདེ་ཆེན་དུ་ཐིམ་པར་བྱེད་པའོ། །མྱོས་བྱེད་དང་བཅས་ཞེས་པས། མྱོས་བྱེད་ནི་ང་རྒྱལ་གྱི་རྣམ་པ་སྟེ། དེའི་རང་བཞིན་ཅན་ནོ། །ཤིན་ཏུ་ཁྱད་འཕགས་ཞེས་པ་ནི། འདོད་ཆགས་ ལ་སོགས་པའོ། །མཆོད་པ་ཞེས་པ་ནི་སྒྲའི་གནས་ལ་བསྙེན་བཀུར་དུ་འགྲོ་བ་སྟེ། ཡུལ་སྣ་ཚོགས་ཀྱི་བསྙེན་བཀུར་གྱིས་བདེ་བ་ཆེན་པོར་རོ་གཅིག་པར་བྱེད་པའོ། །རྣམ་པ་ལྔ་དང་ཞེས་པ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔའོ། །གླུ་དང་ཞེས་པས། བདེ་བ་ཆེན་པོ་ལས་ བྱུང་བའི་རང་བྱུང་གི་སྒྲའོ། །རོལ་མོ་དང་ཞེས་པས་རྡོ་རྗེའི་སྒྲའོ། །གར་དང་ཞེས་པས་སྙོམས་འཇུག་གི་རྣལ་འབྱོར་རོ། །བསྐོར་བ་ཞེས་པས་རྡོ་རྗེ་ལ་པདྨས་བསྐྱོད་ཅིང་རྣམ་འགྱུར་གྱིས་བསྐོར་བའོ། །ཕྱག་འཚལ་ཞེས་པས་ཏིང་ངེ་འཛིན་ཉིད་དུ་ངེས་པར་བལྟ་བའོ། །བསྟོད་པ་ཞེས་པ་ ཧ་དང་ཧི་ལ་སོགས་པས་རྒོད་པའོ། །ཡང་ན་དེའི་ཕྱོགས་སུ་ཐམས་ཅད་ཀྱང་མཉམ་པའི་རང་བཞིན་ཉིད་དུ་ཤེས་ནས་འདིར་ཐམས་ཅད་ཀྱིས་བདེ་བ་ཆེན་པོའི་དོན་ལ་གོམས་པར་བྱེད་པའི་དོན་ཏོ། །དེ་ལྟར་ན་མ་བྱེད་ཅེ་ན། ཉིན་རེ་བཞིན་ནམ་ཞེས་པ་ལ་སོགས་པ་ ནས། ཇི་སྐད་བཤད་བཞིན་མཆོད་པའི་ཆོ་ག་བྱ། ཞེས་པར་འབྲེལ་བས། འདི་ལ་བྱ་ཞེས་པས་སྔགས་ཀྱི་རང་བཞིན་གྱི་ལྷ་མོའི་དེ་ལའོ། །ཉིན་རེ་བཞིན་ནམ་ཞེས་པས་རྟག་ཏུའོ། །ཟླ་ཕྱེད་སོ་སོ་ལ་ཞེས་པས་མར་ངོ་དང་ཡར་ངོའི་ཚེས་བཅུའོ། །ཟླ་རེ་བཞིན་ནམ་ཞེས་པས་ནི་ ནག་པོའི་ཚེས་བཅུ་ལའོ། །ནག་པོའི་ཕྱོགས་ཀྱི་ཚེས་བཅུ་ལ་རྣལ་འབྱོར་མ་རྣམས་འདུ་བར་འགྱུར་བས་སོ། །ཚེས་ནི་བཅུ་པ་ལ་ཞེས་པས་བཅུ་ནི་ལྷ་མོའི་ཚེས་ཡིན་པའི་དོན་ཏོ། །དངོས་གྲུབ་འདོད་པས་ཞེས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ མངོན་པར་འདོད་པས་སོ། །དམ་པ་ཞེས་པས་མཁས་པའི་ངང་ཚུལ་ལོ། །བཤད་པར་བྱ་བ་གཞན་ཡང་གསུངས་པ། དེ་ནས་བདེ་བ་ཆེན་པོའི་རང་བཞིན་གྱིས་ལྷ་མོའི་གཟུགས་དེ་ལ་ཇི་ལྟར་བཤད་པ་ལྟར་མཆོད་པའི་ཆོ་ག་བྱ་བ་སྟེ། ཉིན་རེ་བཞིན་ནམ་ཞེས་པས་ཉིན་རེ་ལ་ དམིགས་པའི་རང་བཞིན་ཉིད་དུ་དམིགས་པ་དེ་ལ་ཇི་ལྟ་ཇི་ལྟར་དམིགས་པ་དེ་ལྟ་དེ་ལྟར་བདེ་བ་ཆེན་པོ་གཞུག་པར་བྱ་བའི་དོན་ཏོ། །ཟླ་ཕྱེད་སོ་སོའམ་ཞེས་པ་ནི། དངོས་པོའི་ཕྱོགས་དང་དངོས་མེད་ཀྱི་ཕྱོགས་སོ། །ཟླ་རེ་བཞིན་ནམ་ཞེས་པས། ཕྱོགས་གཉིས་ཀྱང་གཅིག་ཏུ་ གྱུར་པ་སྟེ། དེ་གཉིས་ལས་བྱུང་བ་ཉིད་ཀྱང་བདེ་བ་ཆེན་པོའི་ངང་དུ་སྦྱོར་བར་བྱེད་པའི་དོན་ནོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། དོན་ལ་རྟོན་པར་བྱའི་སྒྲ་ལ་རྟོན་པར་མི་བྱའོ་ཞེས་སོ། །དངོས་གྲུབ་འདོད་པས་ཞེས་པ་ནི། གང་འདོད་ན་བཅུ་པ་ལ་ཞེས་པས། ཚེས་ བཅུས་མཚན་ནས་ས་བཅུ་པའི་དབང་ཕྱུག་འདོད་པའི་དོན་ནོ། །ཚེས་ཞེས་པ་ནི་ས་བཅུ་སྟེ་འདི་ནི་ལྷ་མོའི་ཚེས་ཏེ་དུས་ཐམས་ཅད་དུ་ཉེ་བ་ཉིད་དོ། །དཔལ་ལྡན་བི་ཀྲ་མ་དེ་བ་ཞེས་བྱ་བའི་གཙུག་ལག་ཁང་ཆེན་པོའི་དགེ་སློང་པཎྜི་ཏ་བཱིརྱ་ཤྲཱི་མི་ཏྲས་རྣམ་པར་ཕྱེ་བ་དེ་ཁོ་ན་ཉིད་བཤད་པ་ ཞེས་བྱ་བའི་འགྲེལ་པ་ལས་ཕྱི་རོལ་མཆོད་པའི་ཆོ་གའོ།། །།དེ་ནས་ཞེས་པ་ལ་སོགས་པ་སྟེ། དེས་ན་ཞེས་པ་ནས་སྔར་བརྗོད་ལྷ་མོ་ཞེས་པར་འབྲེལ་བས། དེ་ཡང་སྔར་བརྗོད་ལྷ་མོ་ཞེས་པ་ནི། སྔོན་དུ་བརྗོད་པ་ལྟར་གྱི་ལུས་ཉིད་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་ལྷ་མོའམ། ཡང་ན་དཔལ་སྡོམ་པ་རྒྱ་མཚོ་ལས་སྔོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་གྱི་ལྷ་མོའོ། །བརྩེ་ཆེན་ཞེས་པས། སེམས་ཅན་ལ་སྙིང་བརྩེ་བ་ཆེན་པོ་དང་ལྡན་པའོ། །ཕྱི་རོལ་མཆོད་པའི་ཚུལ་བྱས་ནས། །ཞེས་པས། ཕྱི་རོལ་དུ་མེ་ལོང་གི་མཐིལ་ལ་བྲིས་ནས་ཇི་ལྟར་མཆོད་པ་ བཞིན་དུའོ། །ལྷ་མོ་གང་དུ་བསམ་ཞེ་ན། སྤྲུལ་པའི་རྩིབས་ཅན་པ་དང་དབུས་སུ་ཞེས་པས། སྤྲུལ་པའི་འཁོར་ལོ་ལ་པདྨའི་དབུས་སུའོ། །དབུགས་བྲལ་སྙིང་གའི་ཚ་ཟེར་ཅན་གཟུགས་ལ་ཞེས་པས། དབུགས་བྲལ་ནི་སྲོག་མེད་པ་སྟེ་རྣམ་ཤེས་དང་བྲལ་བའོ། །སྙིང་གའི་ཞེས་ པ། རོ་དེའི་སྙིང་གའོ། །ཚ་ཟེར་ཞེས་པས་དྲོད་ཀྱི་ཡོན་ཏན་དང་ལྡན་པ་སྟེ་ཉི་མའོ། །ཅན་གཟུགས་ལ་ཞེས་པ་ནི་དེའི་དཀྱིལ་འཁོར་རོ། །རོའི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་བསྒོམ་པའི་དོན་ནོ། །བཤད་པར་བྱ་བ་གཞན་ཡང་གསུངས་པ། ལྷ་མོ་ཞེས་པས། དེ་ཝཱི་ཞེས་པའི་ སྒྲས་ཆགས་པ་ཆེན་པོའི་རོ་ལ་ལོངས་སྤྱོད་ཅིང་རོལ་པས་དེ་ཝཱི་ཞེས་བྱའོ། །དེ་ནི་སྔར་བཤད་པས་འདིར་བཤད་པར་མི་བྱའོ། །བརྩེ་ཆེན་ཞེས་པ་ནི་ཨུ་རུ་ཀཱ་རུ་ཎའི་སྒྲ་སྟེ། ཀཱ་ན་བདེ་བ་ཡིན་ལ་རུ་ན་དེ་འཛིན་པ་སྟེ། ཀཱ་རུ་ཎ་བྱང་ཆུབ་ཀྱི་སེམས་སོ། །ཨུ་རུ་ནི་ཆེན་པོ་སྟེ། མི་འགྱུར་ བའི་བྱང་ཆུབ་ཀྱི་སེམས་ཆེན་པོའོ། །ཕྱི་རོལ་མཆོད་པའི་ཚུལ་བྱས་ནས། །ཞེས་པ་ནི། དེ་ལ་བཱ་ཧྱ་ཞེས་པའི་སྒྲས། བཱ་ཧྱ་ན་འཛེག་པར་བྱེད་པ་སྟེ་ཨུ་མའོ། །ཡང་ན་ཕྱི་རོལ་ཞེས་པས་ཤེས་རབ་མ་ཉིད་ལས་ཕྱག་རྒྱའོ། །ཚུལ་བྱས་ནས་ཞེས་པས་དེ་བཞིན་དུ་དབུ་མའི་སྒོའམ་ཕྱག་རྒྱའི་སྒོ་ ནས་བདེ་བ་སྐྱེད་པར་བྱེད་པའི་ཚུལ་ལོ། །དེ་གང་དུ་བསམ་ཞེ་ན། སྤྲུལ་པའི་རྩིབས་ཅན་པད་དབུས་སུ། །ཞེས་པས། འོད་གསལ་གྱི་ངང་ལས་ཡིད་ཀྱིས་སྤྲུལ་པའི་རྩིབས་གསུམ་པའི་འཁོར་ལོ་ནི་སྤྲུལ་པའི་རྩིབས་ཏེ། ཆོས་འབྱུང་ལ་དེའི་དབུས་ཀྱི་པདྨ་ལའོ། །དབུགས་བྲལ་སྙིང་ གར་ཚ་ཟེར་ཅན་གཟུགས་ལ་ཞེས་པས་རོའི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཤིན་ཏུ་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ལས་བྱུང་བའི་ཡེ་ཤེས་ཀྱིས་གསལ་བར་བྱེད་པའི་དོན་ནོ། །རྣམ་པར་དག་པས་ངེས་པར་སེམས་ནི་ཆོས་ཀྱི་དབྱིངས། །ཉལ་བའི་རོ་ནི་བདག་མེད་ རྣམ་དག་གཞལ་མེད་ཁང་། །མཐའ་བཞི་དང་བྲལ་ཤིན་ཏུ་དག་པའི་རང་བཞིན་ལ། །ཆོས་ཀྱི་སྙིང་པོར་ཡིད་ཆེས་དེས་ན་རོ་སྙིང་གར། །ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་དམ་པ་ཉིད། །ཤེས་རབ་སྣང་བས་ཉི་མའི་དཀྱིལ་འཁོར་གཟི་བརྗིད་རྩེ། །ཤིན་ཏུ་རྣམ་དག་ཆོས་ཀྱི་དབྱིངས་ཀྱི་ རང་བཞིན་ལ། །དེ་ལས་བཞེངས་པ་གཅིག་ཏུ་འགྲོ་བའི་གཟུགས་ཅན་ཉིད། ཅེས་སོ། །བསྒོམ་པ་གསུངས་པ། ལྷ་མོ་བསྒོམ་ཞེས་བྱ་བའི་ཚིག་དང་འབྲེལ་པས། དགོངས་ཐུན་དམར་ཐག་མདོག་ཅན་ཞེས་པ་དགོངས་ཐུན་ནུབ་ཀའི་ཉི་མ་སྟེ་སིནྡྷུ་རའི་མདོག་ལ་དམར་སྨུག་ཏུ་གོ་བར་བྱ་སྟེ། ཤིན་ཏུ་རྣམ་པར་དག་པའི་འདོད་ཆགས་ཀྱི་རང་བཞིན་ཉིད་དོ། །འོད་སྦུབས་ཚོགས་ཞེས་པ་ལ། འོད་ནི་འོད་ཟེར་ཏེ་གཞན་གྱི་འོད་ཐམས་ཅད་མོག་མོག་པོར་བྱེད་པའོ། །སྦུབས་ཞེས་པ་ཤིན་ཏུ་རྣོ་བའི་བྱེ་བྲག་གོ། །ཚོགས་ནི་མང་བ་སྟེ་ཀུན་ཏུ་ཁྱབ་པའོ། །བདུན་གྱི་གཟི་བཅོམ་ཞིང་ཞེས་ པ་ནི། ལྷ་མོས་ཉི་མ་བདུན་གྱི་གཟི་བརྗིད་ཐམས་ཅད་བཅོམ་པའོ། །དེ་ཅི་ལྟ་བུ་ཞེ་ན། ཉམ་ཐག་ཀུན་གཅོད་ཅེས་པས་ཐམས་ཅད་ཀྱི་སྡུག་བསྔལ་མ་ལུས་པར་གཅོད་པའོ། །གང་གིས་ཤེ་ན། གྲི་གུག་གཡས་ཀྱིས་འཛིན་ཞེས་པས་གྲི་གུག་གི་བྱེ་བྲག་གསུངས་པ། དཔག་མེད་འོད་ འཕྲོ་ཞེས་པས་དེ་ལ་དཔག་ཏུ་མེད་པ་མཐའ་ཡས་མུ་མེད་པའི་འོད་ཆེན་པོ་བྱུང་བས་སེམས་ཅན་གྱི་ཉོན་མོངས་པ་མ་ལུས་པ་གཅོད་པའོ། །གཡས་ཀྱིས་འཛིན་ཞེས་པ་ནི་ཕྱག་གཡས་པས་སོ། །གཞན་ཇི་ལྟར་ཞེ་ན། རྒྱལ་མཚན་དང་བཅས་ཞེས་པས་གཡོན་པའི་ཕྱོགས་སུ་འཛིན་པའི་ཁ་ ཊྭཱཾ་གའོ། །དང་བཅས་ཞེས་པས་གཞན་ཡང་འཛིན་པ་སྟེ། གཡོན་པས་ཞེས་པས་ཕྱག་གཡོན་པའོ། །པད་སྣོད་ཅེས་པས་ཐོད་པའི་སྣོད་ཡིན་ནོ། །ཤིན་ཏུ་དཀར་བ་ཞེས་པས་དྲི་མ་མེད་པའོ། །ཁྲག་གིས་བཀང་འཛིན་ཞེས་པས། བདུད་བཞིའི་ཁྲག་གིས་བཀང་ནས་གཡོན་པས་འཛིན་ པའོ། །དབུ་བཅིངས་ཞེས་པ་སྟེ། གང་གིས་བཅིངས་ཤེ་ན་རྡོ་རྗེ་ལ་སོགས་པའི་ཕྲེང་བས་བཅིངས་པ་སྟེ། དེ་ཡང་ཀ་ལྱ་ཞེས་པའི་སྒྲས་ནག་པོ་ཡང་ཡིན་ལ། ཡང་ན་ཀཾ་ནི་མགོ་བོ་ཡིན་ལ་ཨཱ་ལི་ནི་ཕྲེང་བ་སྟེ། བྱེ་བྲག་ཏུ་རྡོ་རྗེའི་ཕྲེང་བ་ནག་པོས་བཅིངས་པའོ། །དེར་གདམས་ངག་གི་ཐོད་པ་ ལྔའི་ཕྲེང་བ་ཡང་གོ་བར་བྱེད་པའོ། །ཡང་ན་ཀ་ནི་མགོ་ལ་ཨཱ་ལི་ནི་ཕྲེང་བ་སྟེ་དེ་ལ་མགོ་བོའི་ཕྲེང་བས་བཅིངས་མུཀྟ་མུར་དྷ་ཧསྟ་ཞེས་པའི་སྒྲས། མུཀྟ་ཞེས་པ་གྲོལ་བ་མུར་དྷ་ནི་གྱེན་དུ། ཧསྟ་ནི་ལག་པའོ། །ཇི་ལྟར་གྲོལ་བའི་ལག་པ་གྱེན་དུ་སོང་བ་ཉིད་དོ། །ཡང་ན་མུཀྟ་གྲོལ་བ་ཡིན་ ལ། མུར་དྷ་ཞེས་མགོ་སྐྱེས་ཧསྟ་ལག་པ་སྟེ་སྐྲ་གྲོལ་བ་དང་ཉེ་བར་ལག་པ་གྲོལ་བ་ཡང་ཡོད་པའོ། །ཁྱད་པར་གཞན་ཡང་གསུངས་པ། མགོ་བོའི་ཕྲེང་བས་སྐུ་བརྒྱན་ཞེས་པ་ནི་སྐུ་ལ་མི་མགོའི་ཕྲེང་བས་བརྒྱན་པའོ། །ཁྲག་གིས་ཞལ་བཀང་ཞེས་པ་ནི་ཞལ་ནི་པདྨའི་ཞལ་ཏེ། དེ་བཞིན་དུ་དེ་ ལ་ཁྲག་འཛག་པའི་རྒྱུན་དང་ལྡན་པའོ། །ཡང་ན་བདུད་བཞིའི་ཁྲག་ཞལ་དུ་གསོལ་ནས་དེའི་རྒྱུན་མར་ཟགས་པའོ། །རོའི་སྤྱན་ལྡན་ཞེས་པས་བྲོ་ཞེས་པ་རོ་བྲོ་བ་སྟེ། ཟས་ཀྱི་རོ་དྲུག་གོ། །འདིར་དྲུག་གིས་མཚོན་ནས་སྤྱན་ལྡན་ཞེས་སྤྱན་ཡང་རྣམ་པ་དྲུག་གོ། །དེ་ནི་ཞལ་རྣམ་པ་རེ་རེ་ལ་ཡང་སྤྱན་ གསུམ་གསུམ་ཉིད་དུ་བརྗོད་དོ། །གྲོལ་བའི་གདངས་ཞེས་པ་ནི་གྲོལ་བ་བདེ་བ་ཆེན་པོ་ཡིན་ལ། གདངས་ནི་དེ་དང་ལྡན་པའོ། །ས་རློག་ཞལ་ནི་ཞེས་པ་ཕག་པའི་ཞལ་ལོ། །གྱེན་དུ་བལྟ་ཞིང་ཞེས་པས་ཅུང་ཟད་གྱེན་དུ་བསྐྱོད་པའི་ཁྱད་པར་རོ། །རྩ་བའི་ཞལ་ནི་ཞེས་པ་སྤྲུལ་པ་མ་ཡིན་པ་དེའོ། ། ཅུང་ཟད་ཁྲོ་ནི་རོལ་པའི་ཁྲོ་མོའོ། །སྐལ་ལྡན་ཞེས་པ་ལ་བ་ར་སུ་བྷ་གཾ་མ་ནཱ་ཀྲོ་དྷ་མཱུ་ལ་ཨཱ་ནན་ཏཾ་ཞེས་པའི་སྒྲས། བ་ར་ནི་མཆོག་ཏུ་གྱུར་པའམ་བཟང་པོ་ལ། སུ་བྷ་གཾ་ཞེས་པ་ཡིད་འཕྲོག་པར་བྱེད་པ་སྟེ། མ་ནཱ་གྲོ་དྷ་ནི་ཅུང་ཟད་ཁྲོ་བའོ། །ཨཱ་ན་ཞེས་པས་ཞལ་གཞན་ཏེ། ཕག་པའི་ཞལ་ལ། ན་ན་ ཞེས་པ་ཞལ་ཉིད་དོ། །དེ་བཞིན་དུ་ཞལ་གཉིས་པོ་ལ་ཡང་དེ་ལྟར་སྐལ་ལྡན་གྱི་སྒྲ་དང་ལྡན་པའོ། །ཏཾ་ཞེས་པས་དེ་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །ཀུན་དགའ་དང་བཅས་ཞེས་པས་ལྷན་ཅིག་སྐྱེས་པའི་དགའ་བ་ཆེན་པོའི་རང་བཞིན་ནོ། །རྗེས་སུ་ཆགས་ཤིང་ཞེས་པས་ཆགས་པ་ཆེན་པའི་རང་ བཞིན་ཉིད་དོ། །སྣ་ཚོགས་ཉམས་ཅན་ཞེས་པས་ཐམས་ཅད་ཀྱི་ཉོན་མོངས་པ་མ་ལུས་པར་འབྱིན་པར་བྱེད་པས་སྒེག་པ་ལ་སོགས་པའི་གར་གྱི་ཉམས་དགུ་དང་ལྡན་པའོ། །སྐྱིལ་ཀྲུང་ཕྱེད་པའི་གར་ཞེས་པས་དེས་ནི་སངས་རྒྱས་ཀྱི་ཕྲིན་ལས་མ་ལུས་པར་བྱེད་པས་གར་གྱི་ རྣམ་པ་ཉིད་དོ། །ཕྱག་རྒྱ་ཡིས་ནི་རྒྱས་བཏབ་ཅེས་པ་ནི། དེ་ལ་ཕྱག་རྒྱ་ནི་མགུལ་རྒྱན་དང་། ཕྱག་གདུབ་དང་རྣ་རྒྱན་དང་། སྤྱི་གཙུག་ནོར་བུ་དང་། ཚངས་སྐུད་དེ་རང་གི་ལུས་ལ་ཕྱག་རྒྱ་ལྔས་བཏབ་པ་ཞེས་དཔལ་སྡོམ་པ་ལས་བཤད་དོ། །དེ་བཞིན་དུ་རང་གི་ལུས་དང་ཡན་ལག་ལ་རྒྱས་བཏབ་པ་སྟེ། ཕྱག་རྒྱ་ཉིད་ཀྱིས་སོ། །དེ་བཞིན་དུ་དཔལ་སྡོམ་པ་ལས། མགུལ་རྒྱན་ལག་གདུབ་རྣ་ཆ་དང་། །སྤྱི་གཙུག་ནོར་བུས་བརྒྱན་པ་སྟེ། །མཆོད་ཕྱིར་ཐོགས་དང་ཐལ་བ་ཉིད། །ཕྱག་རྒྱ་དྲུག་ཏུ་རབ་ཏུ་གྲགས། །ཞེས་སོ། །འདིར་ནི་ལྷ་མོ་ལ་ཐལ་བ་མེད་པས་ཕྱག་རྒྱ་ལྔས་བརྒྱན་པའོ། །དེ་བཞིན་དུ་དཔལ་ཤ་བ་ རིས་མཛད་པའི་སྒྲུབ་ཐབས་ལས། ཕྱག་རྒྱ་ལྔ་ཡིས་བརྒྱན་པའོ། །ཞེས་སོ། །འཁོར་ལོ་དང་རྐེད་རྒྱན་ལ་སོགས་པ་ནི་ཉེ་བའི་ཕྱག་རྒྱ་ཡིན་ཏེ། དེས་ཀྱང་བརྒྱན་པའོ། །ན་བཟའ་དང་བྲལ་ཞེས་པ་ནི་སྒྲིབ་པ་གཉིས་སྤངས་པ་ཉིད་ཀྱི་ཕྱིར་གཅེར་བུའོ། །བཅུ་དྲུག་ལོ་ཚོད་ཅེས་པས་བཅུ་དྲུག་གི་དུས་ཀྱིས་ ཡོངས་སུ་གང་བའི་ཟླ་བའི་རང་བཞིན་ཉིད་ཀྱིའོ། །ཡང་ན་དགའ་བ་བཅུ་དྲུག་གིས་ཡོངས་སུ་གང་བའི་དུས་སོ། །ཇི་ལྟར་དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པ། གང་ཞིག་སྤྱི་བོར་འཁོར་ལོ་འཆང་བ་ཤེས་རབ་འཛིན་པ་འདི་ནི་ཁུ་བ་བདེ་བྲལ་བ། །གཙུག་ཏོར་ཚངས་པའི་བུག་པར་མི་འགྱུར་བདེ་ བའི་མཆོག་ནི་བཅུ་དྲུག་དགའ་བས་ཡོངས་སུ་གང་། །ཞེས་སོ། །སྐུ་མཆོག་ཅན་ཞེས་པ་ནི་ཐམས་ཅད་དུ་འཇམ་ཞིང་བདེ་བ་ལ་སོགས་པའི་དགྱེས་པས་སྦྱོར་བའི་ཡོན་ཏན་དང་ལྡན་པ་ཉིད་དོ། །བྱ་བ་གཞན་ཡང་གསུངས་པ། ཡེ་ཤེས་བཀུག་སོགས་ཞེས་པ་ལ་སོགས་པ་སྟེ། སྔགས་པས་ཡེ་ཤེས་ བཀུག་ནས་གཡུང་དྲུང་འཁྱིལ་པ་བསྒོམ། །ཞེས་བར་འབྲེལ་ལོ། །ཡེ་ཤེས་བཀུག་སོགས་ནི་ཡེ་ཤེས་སེམས་དཔའ་དགུག་པ་ལ་སོགས་པ་སྟེ། དེ་ཡང་སྔ་མ་བཞིན་དུ་ཞེས་པས་སིནྡྷུ་ར་ལ་མཆོད་པའི་དུས་སུ་ཇི་ལྟར་བྱས་པ་ལྟར་བྱེད་པའི་དོན་ནོ། །གཞན་ཡང་བཤད་པ། འགྲོ་བ་གཉིས་སུ་མེད་ པའི་ཡེ་ཤེས་ཀྱི་རང་བཞིན་དུ་བྱེད་པ་ནི་ཡེ་ཤེས་སེམས་དཔའ་དགུག་པའི་དོན་ནོ། །ཆོ་གའི་རིམ་པ་ཞེས་པ་ནི་མན་ངག་གིས་གོ་བར་བྱའོ། །སྔགས་པས་བྱས་ནས་ཞེས་པས་བྱེད་པ་པོའི་ཚིག་སྟེ། གོང་དུ་འབྲེལ་བཤད་དོ། །བཀྲ་ཤིས་ཞེས་པ་ནི་གཡུང་དྲུང་ངོ་། །དེ་ལ་སྭ་སྟི་ཀ་ཞེས་པའི་སྒྲས། སུ་ན་ ལེགས་པ་ཨསྟི་ན་ཡོད་པ། ཀན་བདེ་བ་སྟེ། དེས་ན་ལེགས་པའི་བདེ་བ་ཡོད་པ་སྟེ། དེ་ནི་ཐིག་ལེའོ། །དེ་ཉིད་ཀྱང་གཏུམ་མོའི་སྦྱོར་བས་འཁོར་བའམ་གཡོས་པ་སྟེ། ཐིག་ལེའི་རྣམ་པར་དག་པ་འདོད་པ་གདམས་ངག་གོ། །དེ་བཞིན་དུ་ཨ་ཝ་དྷཱུ་ཏཱི་པས་མཛད་པའི་སྒྲུབ་ཐབས་ལས། ཕག་གདོང་གྱེན་དུ་ རྣམ་པར་ལྟ། །གཡུང་དྲུང་འཁྱིལ་བ་མྱུར་དུ་འཁོར། །ཞེས་སོ། །གཡུང་དྲུང་ནི་ནནྟི་བརྟ་ཞེས་པའི་སྒྲས། ནིནྟ་ཞེས་པ་ཐིག་ལེ་ལ། །བརྟ་ཡ་ཞེས་པ་འཁོར་བའོ། །བདེ་བའི་རང་བཞིན་གྱིས་ལྷ་མོས་ལྷན་ཅིག་སྐྱེས་པའི་དགའ་བ་ལ་དགྱེས་པར་རོལ་བས་ན་ཐིག་ལེ་ཡིན་ཏེ། དེ་ལ་གཏུམ་མོའི་སྦྱོར་ བས་གཡོས་པ་ནི་འཁོར་བའི་དོན་ཉིད་དོ། །དཔྲལ་བ་ཡི་ནི་མངོན་ཕྱོགས་ལ། །ཞེས་པས་ཕག་ཞལ་གྱི་དཔྲལ་བའི་མངོན་ཕྱོགས་ལའོ། །མྱུར་བར་ཞེས་པ་ནི་ཤིན་ཏུ་མགྱོགས་པར་ཏེ་འཁོར་བའི་སྦྱོར་བའོ། །འཁོར་བ་ཞེས་པ་ནི་རྒྱུན་ཆད་མེད་པ་སྟེ། རྫ་མཁན་གྱི་འཁོར་ལོ་ལྟ་བུར་འཁོར་བའོ། ། གཅིག་ནི་ཞེས་པ་གཉིས་མེད་པའི་སྟེ། གཅིག་པུ་ངེས་པར་བྱས་པའོ། །ཇི་ལྟར་ཞེ་ན། བསྒོམ་པར་བྱ་ཞེས་པ། གོང་དུ་འབྲེལ་བའི་ཚིག་གིས་བསྟན་པ་དེ་བྱ་བའོ། །ཁྱད་པར་དུ་བྱ་བ་གསུངས་པ། དེའི་རྗེས་ལ་ཞེས་པ་ལ་སོགས་པའོ། །དེའི་རྗེས་སུ་འཁོར་ལོ་བསྒོམ་པར་བྱ་ཞེས་པ་དང་འབྲེལ་ ལོ། །གང་དུ་བསྒོམ་པར་བྱ་ཞེ་ན་བྱ་ལམ་ཁམས་སུ་ནི་ཞེས་པས། བྱ་ལམ་ནི་ནམ་མཁའ་ཡིན་ལ་དེ་ནི་སྟོང་པ་སྟེ། དེ་ལྟར་ལྷ་མོའི་པདྨའི་བུག་པ་ལ་བྱ་ལམ་མོ། །ཁམས་ཞེས་པ་དེའི་རང་བཞིན་ཏེ། ནམ་མཁའི་ཁམས་སམ་སའི་ཁམས་ལྟ་བུའོ། །དེས་ན་ལྷ་མོའི་པདྨའི་སྙིང་པོ་ལ་བསྒོམ་ པའི་དོན་ནོ། །གྲུ་གསུམ་རི་བོ་ཡི་ནི་སུལ་ནང་དུ། །ཞེས་པས། ཟུར་གསུམ་ཡོད་པས་ན་གྲུ་གསུམ་མོ། །རི་བོ་ཞེས་པ་ནི་བལ་གྱིས་མི་བགྲོད་པ་དང་། འགའ་ཞིག་གིས་བགྲོད་ཀྱང་ལྟུང་བའི་ཕྱིར་རོ་ཞེས་བརྗོད་པའོ། །སུལ་ནང་དུ་ནི་དེ་ནང་དུ་སྟེ། ལྷ་མོའི་པདྨའི་སྙིང་པོ་ལ་ཡང་ཆོས་འབྱུང་སྒོམ་ པའོ། །འཁོར་ལོ་ཞེས་པ་ནི་ཇི་ལྟར་སིནྡྷུ་རའི་དབུས་སུ་གཙུག་ཕུད་ཅན་གྱི་ཟུར་ལྡན་ཞེས་པའི་འཁོར་ལོ་བྲིས་པ་ལྟར་བྱེད་པའི་དོན་ཏོ། འོག་ནས་བཤད་པའི་ཞེས་པས་གོ་བར་བྱའོ། །དམར་པོ་ཞེས་པ་བནྡུ་ཀའི་མེ་ཏོག་ལྟ་བུའོ། །རབ་ཏུ་འབར་བ་ནི་ཞེས་པ་མེ་འབར་བ་ལྟ་ བུའོ། །མྱུར་བར་ཞེས་པས་ལེགས་པར་དཔེ་མེད་པའི་བདེ་བ་ལ་སྦྱོར་བར་བྱེད་པའོ། །སྔར་བཤད་པ་ལྟ་བུའི་འཁོར་བར་བསྒོམ་ཞེས་པ་འདི་ཡང་གོང་གི་གཡུང་དྲུང་ལྟ་བུར་བྱེད་པའོ། །དེའི་ཁྱད་པར་གསུངས་པ་ལྷག་པའི་ཞེས་པ་ལ་སོགས་པ་སྟེ། དེ་ཡང་འཁོར་ལོ་ནི་ལྷག་པའི་ཤུགས་ཀྱིས་ ཞེས་པས་དྲག་པོའི་ཤུགས་ཀྱིས་སོ། །བརྟན་པ་ལྟར་གནས་ཤིང་ཞེས་པས་བརྟན་པའི་ཚད་མི་གཡོ་བར་འདུག་པ་ལྟར་བསྒོམ་པའོ། །དེ་ལ་གདམས་ངག་ནི་འོག་གི་ཚིགས་སུ་བཅད་པ་ཡོད་པ་དེ་ལ། ཕྱི་ནས་ཤེས་པ་དང་བལྟ་བར་བྱ་བའི་ཚིག་སྟེ། འཁོར་ལོ་བསྒོམ་པའི་རྗེས་ལ་གཏུམ་མོ་བསྒོམ་ པའི་རང་བཞིན་ཏེ། དེ་ལྟར་དུ་ཡང་། རླུང་མེད་མི་གཡོ་མར་མེ་ལྟར་གསལ་ཏེ། །ཞེས་པས་དེ་ལྟར་གཏུམ་མོ་བསྒོམ་པའོ། །བལྟ་བར་བྱ་ཞེས་པ་དེས་དེ་ལྟར་གོ་བར་བྱའོ། །འདིར། རླུང་མེད་མར་མེ་མི་གཡོ་ལྟར་གསལ་ཏེ། །ཞེས་པ་ལ་སོགས་པ་ནི་བྱེ་བྲག་ཏུ་མ་རྟོགས་པའི་སྒོ་ནས་འཁོར་ལོ་ བསྒོམ་པའི་མན་ངག་ཡིན་ནོ་ཞེ་ན་རབ་ཏུ་འབར་བ་དང་མར་མེ་ལྟར་གསལ་བ་གཉིས་དོན་གཅིག་ལ་སྒྲ་གཉིས་ཟློས་པའི་སྐྱོན་དུ་གྱུར་པས། དེས་ན་འདིས་ནི་གཏུམ་མོ་བསྒོམ་པར་བཤད་པ་ཉིད་དོ། །ཡང་བཤད་པ་གཉིས་པ་འདི་ནི་བཅོམ་ལྡན་འདས་མའི་གཏུམ་མོ་བསྒོམ་པའི་ཁྱད་པར་ཏེ། འདི་ ནི་མན་ངག་གི་ལུགས་སོ། །འདི་གཉིས་ནི་མན་ངག་དམན་པའི་སྟེ། བཤད་པར་བྱ་བའི་སྤང་བར་བྱ་བ་ཉིད་དོ། །གཞན་དུ་ཀུན་རྫོབ་ཙམ་གྱི་ཕྱོགས་ནས་གཏུམ་མོའི་རྣལ་འབྱོར་བསྒོམ་པ་ལས་འདིར་མ་བཤད་པ་ཉིད་དོ། །ཡང་ནི་འདི་ལ་འཁོར་ལོ་ཉིད་གཏུམ་མོའི་རང་བཞིན་དུ་བཤད་པའང་ཡོད་ དོ། །དེ་ལྟར་ཐམས་ཅད་འཁོར་ལོར་སོང་ནས་གཞན་དུ་འདིའི་ཕྱོགས་ནས་གཏུམ་མོའི་རྣལ་འབྱོར་མེད་པས་དེས་ན་འདི་སྤངས་ནས་གཏུམ་མོ་འཆད་དོ། །གཏུམ་མོའི་རང་བཞིན་གང་ཡིན་ཞེ་ན། བཞུ་བྱས་ནས་ཞེས་པ་དང་། རླུང་མེད་མི་གཡོ་ཞེས་པས། གཏུམ་མོ་ཉིད་ཀྱིས་སོ། །གང་བཞུ་ཞེ་ན་ བདེ་བ་ཆེན་པོ་ཞེས་པས་བདེ་ཆེན་འཁོར་ལོ་ནས་ཞུ་བར་བྱས་པའོ། །བདུད་རྩིའི་ཐིག་ལེ་ཟགས་པས་ཁྲུས་བྱ་ཞིང་། །ཞེས་པས་བདེ་བ་ཆེན་པོའི་འཁོར་ལོ་ནས་བདུད་རྩིའི་རྒྱུན་ཀུན་དུ་བྱུང་བས་ཁྱབ་པའི་ཁྲུས་བྱའོ། །སྐུ་གསུམ་ཞེས་པས་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུའི་རང་བཞིན་ནོ། །ངོ་བོ་ ཞེས་པས་དེ་དག་ཀྱང་རང་བཞིན་གཅིག་པ་ཉིད་དོ། །མཆོག་ཏུ་ཞེས་པས་ཐུན་མོང་མ་ཡིན་པའི་བདག་ཉིད་དོ། །ལྷན་ཅིག་ཏུ་སྐྱེས་པའི་བདག་ཉིད་ཅེས་པས་བདེ་བ་ཆེན་པོས་ཡོངས་སུ་གང་བ་ཉིད་དོ། །འགྲོ་བ་ཁྱབ་བྱེད་ཅིང་ཞེས་པ་མཚན་ཉིད་དང་བྲལ་བ་སྟེ། དེ་ལས་གཞན་མ་ཡིན་པས་ཁྱབ་ པའོ། །ཡང་ན་འགྲོ་བ་ནི་བདེ་བ་ཡིན་ལ་ཁྱབ་པ་ནི་དེས་ཁྱབ་པ་སྟེ། འགྲོ་བ་ཡང་ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས་ཁྱབ་པར་བྱས་པའོ། །བདེ་བ་དཔག་ཏུ་མེད་པའི་རྒྱུར་འཕྲོ་བ། །ཞེས་པ་བདེ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ། དཔག་མེད་ནི་མུ་མཐའ་མེད་པ། རྒྱུར་ཞེས་པ་ནི་རྒྱུན་མི་ ཆད། འཕྲོ་བ་ནི་གཞན་ལ་དགོད་པའོ། །ནུབ་ཏུ་བལྟས་ནས་ཞེས་པས་ལྷ་མོ་བསྒོམ་པའི་དུས་སུ་ནུབ་ཏུ་མངོན་པར་བལྟ་བ་ནི་བྱ་བའི་ལུགས་སོ། །ཕྱི་ནས་ཞེས་པས་སྤྲུལ་པའི་འཁོར་ལོར་བཾ་གྱི་རྣམ་པའི་གཟུགས་ཅན་ལ་ཟླ་ཚེས་ཐིག་ལེ་ནཱ་དའི་ཚུལ་གྱིས་ལྷ་མོར་གནས་པ་ལས་ནཱ་དའི་གཟུགས་སུ་ ཆད་པའི་རི་མོའི་སྟེང་དུ་བ་སྟེ། ཇི་ལྟར་གོང་དུ་གསུངས་པའི་ཁྱད་པར་རྣམས་འདིར་བསྒོམ་པར་བཤད་པའི་མན་ངག་གི་ལུགས་སོ། །དེ་ཡང་ནཱ་དའི་གཟུགས་ཀྱིས་བཅོམ་ལྡན་འདས་མ་སྟེང་གི་འཁོར་ལོ་གཉིས་ཕུག་ནས། དེ་ཉིད་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པས་དེས་ནི་བདེ་བ་ ཆེན་པོའི་རང་བཞིན་གྱི་བཀྲ་ཤིས་ལ་ཕོག་ནས་སླར་ལོག །དེ་ཡང་བདེ་ཆེན་འཁོར་ལོར་སོང་ནས་དེའི་འབར་བ་ཆེན་པོ་དེས་དཔེར་ན་བུག་པ་ཅན་གྱི་བུམ་པ་མར་གྱིས་བཀང་བ་བཞུ་བ་ལྟར། ཞུ་བའི་བྱང་སེམས་ཀྱི་རྒྱུན་གྱིས་ནཱ་དའི་བདག་ཉིད་ལ་ཡང་ཁྲུས་བྱས་པས་གསལ་བར་གྱུར་པའི་དུས་སུ་ ལྷ་མོ་ཡང་བསམ་དུ་མེད་པའི་བདེ་བར་བསྒོམ་པ་ནི་ཁྱད་པར་རོ། །བཤད་པ་གཞན་ནི་གཏུམ་མོ་དང་པོར་བཤད་པ་ཉིད་དོ། །འཁོར་ལོའི་ཁྱད་པར་ཡིན་ཏེ། དང་པོར་འཁོར་ལོའི་ཁྱད་པར་བཤད་པ་རྣམས་ནི་མཆོག་ཏུ་བསམ་པར་བྱའོ། །དེས་ན་འཁོར་ལོ་ཉིད་བདེ་བ་ཆེན་པོ་སྟེ། དེ་ཞུ་བའི་བདེ་བ་ དེའི་རང་བཞིན་ལ་གཞུག་པ་པོ། །འདིར་ད་རེས་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ལས་ནི་མ་ཡིན་ནོ། །བདུད་རྩི་ཐིག་ལེ་ཟགས་པས་ཞེས་པ་གང་དུ་སྦྱོར་ཞེ་ན། དེ་ལས་དེའི་འོག་ཏུ་གནས་པའི་གཏུམ་མོ་འབར་བ་ཉིད་ལ་ཁྲུས་བྱས་པ་ཉིད་དོ། །གཏུམ་མོའི་རྣལ་འབྱོར་གྱི་ནུས་ པ་ལས་སྐྱེས་པའི་སྦྱོར་བས་མཆོག་ཏུ་གྱུར་པའི་ཆགས་པ་བསྐྱེད་པ་སྟེ། དེ་ཡང་དཔེར་ན་གོ་ལ་ལ་སོགས་པའི་ནུས་པ་བསྡུས་པ་ལས་དམར་བའི་མདོག་ལྟ་བུ་དང་བུར་ཤིང་ལ་སོགས་པ་རྣམས་བཙིར་བའི་ནུས་པ་ཕུལ་དུ་ཕྱིན་པའི་རོ་བྲོ་བ་འབྱུང་བ་དང་། ཤིང་ལ་སོགས་པ་རྣམས་བསྲུབས་པ་ལས་ སྐྱེས་པའི་ནུས་པས་ནི་མེ་འབྱུང་བ་དང་། གཉིས་མཐུན་གྱི་སྦྱོར་བ་ལས་སྐྱེས་པའི་ནུས་པས་ནི་བུ་ལ་སོགས་པ་འབྱུང་བ་དང་། འོ་མ་ལ་སོགས་པ་རྣམས་དྲག་ཏུ་བཞོས་པ་ལས་སྐྱེས་པའི་ནུས་པས་མར་འབྱུང་བ་དང་། མར་ལ་སོགས་པ་རྣམས་ནི་འབར་བས་བསྐྱོད་པ་ལས་སྐྱེས་པའི་ ནུས་པ་ནི། །དངས་མ་དང་སྙིགས་མ་སྟེ། འོག་ཏུ་གྱུར་པ་དང་། ས་ལ་སོགས་པ་རྣམས་བསྐོལ་ཞིང་བརྡུངས་པ་ལས་སྐྱེས་པའི་ནུས་པས་དེ་ལ་འོད་འབྱུང་བ་དང་།རྒུན་འབྲུམ་ལ་སོགས་པ་སྨན་གྱིས་བསྒྱུར་བའི་ནུས་པ་ལས་སྐྱེས་པས་མྱོས་བྱེད་དུ་འགྱུར་བ་དང་། སྔགས་ལ་སོགས་ པ་རྣམས་ལས་སྐྱེས་པའི་ནུས་པས་ནི་དགུག་པ་དང་བཅིང་བ་ལ་སོགས་པ་བྱེད་པ་ལྟར་དུ་དེ་ལྟར་བསྒོམས་པས་ནི་ཐམས་ཅད་ཀྱི་དཔེ་དོན་རྒྱུད་ལ་སྐྱེ་ལ། མ་བསྒོམས་ན་ནི་ཉན་ཐོས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་གཉིས་ལ་ཁྱད་པར་མེད་དེ། འདིར་གདམས་ངག་གི་རྩ་བ་དང་བཅས་པ་ཡང་ ཐམས་ཅད་རྩ་བ་མེད་པ་ལྟར་འགྱུར་རོ། །དེ་བཞིན་དུ་གསུངས་པ། རྡོ་རྗེ་པདྨ་ཡང་དག་སྦྱོར། །དེ་ཡི་པདྨ་བཙིར་བར་བྱ། །རིམ་གྱིས་བསྲུབས་པར་གྱུར་པ་ལས། །མཐུན་པར་བདེ་བ་བསྐྱེད་པ་ཉིད། །རྒྱུན་དུ་འབེབས་པ་རི་བོ་སྟེ། །འབར་བའི་ནུས་པ་བཾ་ལྔ་བྱུང་། །བསྐོལ་བའི་ ནུས་པ་འབར་བ་སྟེ། །བུད་མེད་ཆགས་པ་ཆེན་པོའི་སྨན། །འགུགས་པའི་ནུས་པ་རླུང་གིས་ནི། །ཅི་ཕྱིར་བདེ་བ་ཆེ་མི་སྐྱེ། །མ་བསྒོམས་པ་ཡི་སྐྱོན་གྱིས་ནི། །རྒྱུ་ནི་ཉམས་པར་འགྱུར་བའོ། །དེ་ནས་སེམས་ཅན་ཐམས་ཅད་གདོན་པར་བྱ་བའི་དོན་དུ། བཅོམ་ལྡན་འདས་ མའི་བདག་ཉིད་ཀྱི་རྣམ་པར་དག་པ་འདི་གསུངས་སོ། །དེ་བཞིན་དུ་མི་ཕམ་པ་ཞེས་བྱ་བའི་སྒྲུབ་ཐབས་ལས་བདག་གི་བླ་མས་སིནྡྷུ་ར་ལ་སོགས་པའི་དག་པ་གསུངས་པ། མེ་ལོང་སིནྡྷུ་ར་ཡིས་ནི། །ཕག་པའི་ཞལ་ནི་མཉེས་པར་བྱེད། །ནང་གི་ལྷ་མོའི་གཟུགས་ལ་ནི། །དེ་བཞིན་ མཆོད་པ་གཙོ་བོ་སྟེ། །མྱོས་བྱེད་འཛིན་པ་ཆུ་སྐྱེས་ལ། །རྡོ་རྗེ་མི་ཕྱེད་ཡེ་ཤེས་སོ། །དེ་ལ་རྡོར་འཛིན་སྒྲ་ཞེས་བརྗོད། །སྟེང་གི་སྒྲས་ནི་དེ་ཉིད་བརྟེན། །མེ་ལོང་མཐིལ་ནི་དྲི་མེད་སེམས། །ཆགས་པའི་རྣམ་དག་ཞ་ཉེ་སྐྱེས། །བཀོད་ཅིང་བྱུག་པ་ཕྱི་རོལ་ལ། །ཡང་ན་ནང་གི་ཆོས་འབྱུང་ལའོ། ། ས་བོན་མི་འགྱུར་སྔགས་བྲི་བ། །སྔགས་ཕྲེང་ཡིད་ནི་སྐྱོབ་པའོ། །གསེར་གྱི་ཐུར་མས་བྲི་བ་ནི། །གསལ་བའི་དབུ་མ་ལེགས་པར་རྒྱས། །སྐྱོན་བྲལ་དེ་ལས་སྐྱེས་པའི་ཡེ་ཤེས་ནི། །ཤིན་ཏུ་རྣམ་པར་དག་པའི་གཟུགས་ཅན་མའོ། །བག་ཆགས་ཐམས་ཅད་སྤངས་པའི་བདག་ཉིད་ལ། །དེ་ ཡིས་དགྱེས་པར་བྱའོ་རྣལ་འབྱོར་བ། །ཡན་ལག་མི་མགོས་བརྒྱན་པ་འདི་ཡིས་ནི། །ཨཱ་ལི་ཀཱ་ལི་རྣམ་དག་འགོག་པའོ། །བདེ་བ་ཆེན་པོའི་རང་བཞིན་གྱིས། །ཁྲག་དང་ལྡན་པ་ཉིད་དུ་བརྗོད། །ཡང་ན་ཞལ་གྱི་ཁྲག་འཛག་པ། །བདུད་ཀྱི་ཁྲག་ནི་འཐུང་བ་ཉིད། །རྩ་བའི་ཞལ་ནི་དོན་དམ་སྟེ། །ཕག་ པའི་ཞལ་ནི་ཀུན་རྫོབ་བོ། །རྩ་བའི་ཞལ་ནི་སྤྱན་གསུམ་བོ། །དུས་གསུམ་མི་འགྱུར་རྣམ་པར་དག །ཕག་ཞལ་གྱི་ཡང་སྤྱན་གསུམ་མོ། །བདེན་གཉིས་རྣམ་པར་མཁྱེན་པ་ཉིད། །ཐིག་ལེ་སྟེང་དུ་བགྲོད་པ་ཡིས། །འདི་ནི་གྱེན་དུ་གྲོལ་བའི་སྐྲ། །སིལ་བུ་ལུས་ཁྱབ་བདེ་བ་སྟེ། །ནག་པོ་ནམ་མཁའི་ ཁམས་ཉིད་དག །གདམས་པ་གྲོལ་ནས་འགྲོ་བ་ལྟར། །བག་ཆགས་སྤངས་པས་དེ་བཞིན་དུ། །ལྷ་མོ་ཅུང་ཟད་ཁྲོ་བའི་ཞལ། །སྐལ་ལྡན་ཞེས་པ་བདེ་བ་བསྟན། །དངོས་དང་དངོས་མེད་རྣམ་རྟོག་རྣམས། །གཅོད་པར་བྱེད་པས་གྲི་གུག་གོ། །ཤིན་ཏུ་རྣོ་བ་གཡས་ཀྱིས་འཛིན། །མཆོག་གི་འོད་ནི་རྣོ་ བ་ཉིད། །རྣམ་པར་དག་པའི་བྱང་ཆུབ་སེམས། །ཐོད་པ་ཁྲག་གིས་གང་བ་ནི། །ཤིན་ཏུ་རྣམ་དག་ཆགས་པ་ཡིས། །ཡོངས་སུ་སྦྱོར་བ་རབ་ཏུ་སྦྱོར། །ཡང་ན་བདེ་བ་ཆེན་པོ་དང་། །བརྩེ་ཆེན་རོ་གཅིག་མི་ཡི་ཐོད། །ཁྲག་གིས་གང་བ་གཡོན་པས་འཛིན། །ཐིག་ལེ་གཡོན་ནས་འབབ་བ་ཉིད། ། ཁ་ནི་རྩ་ལ་ཊྭཱཾ་ག་འགྲོ། །ཁ་ཊྭཱཾ་ག་ནི་ཐིག་ལེར་བརྗོད། །དེ་ལ་གསུངས་པའི་རྒྱལ་མཚན་ནི། །རྣལ་འབྱོར་མ་ཡི་མཚན་མའོ། །བཅོམ་ལྡན་འདས་ནི་ལྔ་ཡི་བདག །ཐིག་ལེ་ལྔ་ཉིད་རྒྱས་པ་ཡིས། །བདེ་ཆེན་འཁོར་ལོ་དཀྲིས་པ་སྟེ། །དབུ་ལ་གནས་པའི་ཐོད་པའོ། །བདེ་བ་ མི་ཕྱེད་བྱེད་པའི་ཕྱིར། །བདེ་བའི་འཁོར་ལོ་དེ་བཞིན་གཤེགས། །རྡོ་རྗེ་ཕྲེང་བ་འདི་ཡིས་ནི། །བརྒྱན་གྱིས་སྤྱི་བོར་གནས་པའོ། །དྲི་མེད་ཐིག་ལེར་སྟེང་བསྐྱོད་པས། །མ་རིག་རྩ་བ་འབྱིན་པའི་ཕྱིར། །ཀུན་རྫོབ་ཐིག་ལེའི་རང་བཞིན་གྱིས། །ཀུན་རྫོབ་ཏུ་ནི་ཕག་པའི་ཞལ། །དེ་ལས་བྱུང་བའི་ཆགས་ ཆེན་གྱིས། །བདེ་ཆེན་རོ་དང་འདྲེས་པ་ན། །དེ་ནི་དོན་དམ་པ་ཉིད་དེ། །རྩ་བའི་ཞལ་ནི་དམར་བའོ། །མིག་བཙུམས་ནས་ནི་བལྟས་པ་ན། །ནམ་མཁའ་དག་ནི་དམར་པོར་སྣང་། །དེ་ལྟར་ལྷ་མོ་དམར་མོ་ཡིན། །དེ་བཞིན་བླ་མ་གཞན་གསུང་ངོ་། །ཆོས་འབྱུང་ལས་ནི་བྱུང་བའི་གཟུགས། །ཉོན་ མོངས་མི་མངའ་ས་བོན་གནས། །དེ་ཉིད་འཁོར་ལོར་གསུངས་པས་ན། །རྟོག་པའི་ཚོགས་ནི་ཉམས་པར་བྱེད། །དེ་དག་ཀྱང་ནམ་བསྒོམས་ཤེ་ན། ཉི་མ་རེ་རེ་ཞེས་པ་ལ་སོགས་པ་སྟེ། ཉིན་རེ་ནི་རྒྱུན་མ་ཆད་པར་བསྒོམ་པའོ། །ཐུན་རེ་ཞེས་པ་ནི་ཐུན་བཞི་རུ་བྱས་ནས་བསྒོམ་པའོ། །ཇི་ལྟར་ཁོམ་ ཞིང་ཞེས་པས་སྐབས་དང་ལྡན་པའོ། །ཇི་སྲིད་དངོས་གྲུབ་མ་མཐོང་བ་དེ་སྲིད་དུ་ཞེས་པས། མཚན་མ་རྣམས་མ་སྐྱེས་ཀྱི་བར་དུ་ནན་ཏན་དུ་གསུངས་པའོ། །བསྒོམ་བྱ་དེ་ཡང་གསལ་པོར་བརྗོད་པར་བྱ། །ཞེས་པས་རྣལ་འབྱོར་པས་བསྐྱེད་རིམ་གྱི་རྟགས་གང་ཞིག་ཡོད་པ་རྣམས་བརྗོད་པའོ། །རྟགས་ རྣམས་གང་ཞེ་ན། འབད་མེད་ཅེས་པ་ནས། དེ་ཚེ་གྲུབ་པར་ཉེ་བར་གནས་པ་ཡིན། །ཞེས་པ་དང་འབྲེལ་བས། དེས་ན་གྲུབ་པ་ཉེ་བར་གནས་པ་ནི་རིང་པོར་མི་ཐོགས་པར་མྱུར་བར་ཐོབ་པའོ། །ངེས་པར་ནམ་ཡིན་ཞེ་ན། གང་ཚེ་རྣམ་པར་བསྒོམས་པ་འདིས་ནི་གསལ་འགྱུར་ཞིང་། །ཞེས་པས་ གང་ཚེ་ན་དུས་སོ། །རྣམ་པར་བསྒོམས་པས་ཞེས་པ་བྱེད་པ་པོས་སོ། །གསལ་འགྱུར་ཞིང་ཞེས་པས་རང་རྒྱུད་པའོ། །དེ་ཙམ་ན་འབད་མེད་ཅེས་པས་རྩོལ་བ་མེད་པར་རང་གི་ངང་གིས་འཇུག་པའོ། །དེ་ཡང་ཇི་ལྟར་ཞེ་ན་སྐྱེས་པས་དགའ་བ་ཞེས་པས་དེ་དང་མཐུན་པའི་བདེ་བ་ཆེན་པོས་སོ། ། ཤུགས་ནི་དེ་ལ་དགའ་བའི་ཤུགས་ཀྱིས་རྗེས་སུ་བཅིངས་པའོ། །རྗེས་འབྲེལ་ཞེས་པ་དུས་མཚུངས་པའོ། །དེ་ཙམ་ན་ཅི་ཙམ་འབྱུང་ཞེ་ན། ལྕག་གིས་གཞུ་བ་ལ་སོགས་ཞེས་པས་ལྕག་འབྲས་སམ་ཐལ་མོས་བརྒྱབ་པས་སོ། །སོགས་པའི་སྒྲས་རྐང་པ་ལ་སོགས་པས་ཀྱང་བསྣུན་པའོ། ། གནོད་པ་མི་ཚོར་བ་དེ་ཙམ་ལུས་ལ་བསྣུན་ཡང་རང་ལུས་ལ་ཟུག་རྔུ་མི་ཚོར་བའོ། །དེ་ཚེ་གྲུབ་པར་ཉེ་བར་གནས་པ་སྟེ། དངོས་གྲུབ་ཐོབ་པ་ལ་ཉེ་བའི་དོན་ཏོ། །རྟགས་གཉིས་པ་གསུངས་པ། རྔ་བོ་ཆེ་སོགས་ཞེས་པ་ནས་བྱང་ཆུབ་མཆོག་ཐོབ་ནས་ཞེས་འབྲེལ་པས། དེ་དག་ནམ་འབྱུང་ཞེ་ན། རྔ་བོ་ཆེ་ལ་སོགས་ཞེས་པས་རྔ་བོ་ཆེ་ཉིད་དང་། རྔ་ཟླུམ་དང་། རྫ་རྔ་དང་། རོལ་མོའི་རྣམ་པའོ། །རབ་ཏུ་བརྡུངས་པའི་སྒྲ་གྲག་པར་བསྒྲགས་པའོ། །རྣམས་ཀྱི་སྒྲ་ཞེས་པ་ནི་དེ་དག་ལས་བྱུང་བའི་སྒྲའོ། །གསལ་པོ་ཉན་པའི་སྤྱོད་ཡུལ་དུ་ནི་མི་འགྱུར་ཞིང་། ཞེས་པས་རྣ་བའི་དབང་པོའི་ཡུལ་དུ་ མ་གྱུར་བའོ། །གང་ཚེ་ཞེས་པ་དུས་དེ་ཙམ་ནའོ། །རྨི་ལམ་དུ་ནི་ཞེས་པས་སྒྲ་གཞན་ཡང་དེ་ལྟར་རྨི་ལམ་དུ་བྱུང་བ་དང་། དེ་ལྟར་བསྒོམས་པས་རྣལ་འབྱོར་པ་ལ་གཉིད་ཀྱིས་ལོག་པའི་རྨི་ལམ་ན་ཡང་ལྷ་མོས་རྗེས་སུ་བཟུང་བའི་དངོས་གྲུབ་འབྱུང་བ་དང་། གཞན་ཡང་རྣལ་འབྱོར་པས་བཅོམ་ ལྡན་འདས་མ་བསྒོམས་པས་རྡོ་རྗེ་དགྱེས་མ་རོལ་མས་ཡིད་འཕྲོག་པར་བྱེད་ཅིང་། གཉིད་བདེ་བ་ཆེན་པོའི་ཏིང་ངེ་འཛིན་དུ་ཐིམ་པའི་དུས་སོ། །ཡང་ན་རྨི་ལམ་དུ་ལྷ་མོ་གསལ་བའི་རྟགས་འཆར་བ་དང་། དངོས་གྲུབ་དེ་ཉིད་འབྱུང་བའི་དོན་ཏོ། །བླ་མེད་ཅེས་པ་ནི་གོང་ན་མེད་པའི་དོན་ཏོ། །བྱང་ ཆུབ་མཆོག་ཅེས་བྱ་བ་ལྷན་ཅིག་སྐྱེས་པའི་བདེ་བའི་རང་བཞིན་ཐམས་ཅད་ཀྱི་གོང་མར་གྱུར་པ་ཉིད་དོ། །ཐོབ་ནས་ཞེས་པ་ནི་མཚན་མ་རྣམས་སོ། །རིང་པོ་མི་ཐོགས་བསམ་གཏན་པས་མཆོག་གྲུབ། ཅེས་པ་ནི། གང་ཟག་དེས་སོ། །གྲུབ་པའི་མཚན་མ་མཐོང་ནས་ནི་བཤད་ཟིན་ཏོ། །གནས་ཀྱི་ཁྱད་ པར་གསུངས་པ། འདྲེ་གནས་ཞེས་པ་ལ་སོགས་པ་སྟེ། འདིར་བློ་བཟང་གི་གནས་ནས་རྒྱུན་མི་འཆད་པར་བྱའོ། །ཞེས་པ་དང་འབྲེལ་པས། བློ་བཟང་ཞེས་པ་ནི་མཁས་པའི་ངང་ཚུལ་ཅན་ནོ། །གནས་ནས་ཞེས་པ་མཉམ་གཞག་གི་སེམས་ཀྱིས་གནས་པ་སྟེ། ཤེས་རབ་དང་བཅས་པར་བསྐྱེད་པའི་ རིམ་པའི་སྦྱོར་བ་བྱས་ནས་རྫོགས་པའི་རིམ་པའི་རྣལ་འབྱོར་བྱའོ། །ཞེས་པས་ནང་གི་རྣལ་འབྱོར་ལ་གོམས་པར་བྱེད་ཅེས་པ་དང་འབྲེལ་བའོ། །ཇི་ལྟར་བྱ་ཞེ་ན། གྲུབ་པའི་མཚན་མ་མཐོང་ནས་ཞེས་པས་སོ། །གྲུབ་པའི་མཚན་མ་རྣམས་ཤེས་ནས་བྱ་བ་ཉིད་དོ། །གནས་ གང་དུ་ཞེ་ན། འདྲེ་གནས་ལ་སོགས་པ་སྟེ། འདྲེ་གནས་ནི་དུར་ཁྲོད་དོ། །རི་ལྗོངས་ཞེས་པས་ནི་རིའི་ནགས་སམ་རི་བོའི་ཁྲོད་དོ། །ལྗོན་པའི་རྩ་བ་ཞེས་པས་ཤིང་གཅིག་པའོ། །སོགས་པའི་སྒྲས་རི་སུལ་དང་བས་མཐའ་ལ་སོགས་པ་ཡང་ཤེས་པར་བྱའོ། །ཕྱོགས་གཞན་ཡང་འདྲེ་གནས་ཞེས་ པ་ལ། བིདྱ་བཱ་ན་ཞེས་པའི་སྒྲས། པི་ཏ་ཞེས་པ་རྡོ་རྗེ་འཛིན་པ་སྟེ། ཐིག་ལེ་ལ་བཱ་ན་ཞེས་པ་སྐྱེ་བོ་མེད་པའི་སྟེ་འདོད་ཆགས་ཀྱི་ནགས་ཚལ་ཏེ། བདེ་བ་ཆེན་པོའི་རང་བཞིན་ནོ། །ཡང་པིདྱཱ་བཱ་ཡ་ན་ཞེས་པའི་སྒྲས་དུར་ཁྲོད་དུ་ཡང་འགྲོ་སྟེ། རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་མཚན་ཉིད་སྟོང་ཞིང་ བདག་མེད་པར་གནས་པའི་དོན་ཏོ། །རིང་ཞེས་པ་བགྲོད་བྱ་མ་ཡིན་པའི་གནས་ཏེ། པདྨའི་ལྟ་བའོ། །ལྗོངས་ཞེས་པ་དེ་ལ་པགས་པས་གཡོགས་པ་དེའི་སྙིང་པོ་དེ་ལའོ། །ལྗོན་པ་ཞེས་པས་ལྗོན་པ་ནི་ཆུ་འབེབས་པའམ། འབབ་པ་སྟེ། དེ་ཡང་བྱང་སེམས་འབབ་པའམ། འབེབས་པས་ན་དེ་འཛིན་ པ་རྡོ་རྗེའོ། །ཡང་ན་དབུ་མའི་དོན་ཏོ། །རྩ་བ་ཞེས་པས་དེའི་རྩ་བ་སེམས་རྩེ་གཅིག་ཏུ་བྱས་ནས་བསྒོམ་པའོ། །སོགས་པའི་སྒྲས་ནོར་བུའི་རྐེད་པ་དང་། རྩེ་མོར་ཡང་འཛིན་པའོ། །རྒྱུན་མི་འཆད་པར་བྱ་ཞེས་པ་བར་སྐབས་མེད་པར་བྱེད་པ་སྟེ། བསྒོམ་པའི་དོན་ཡིན་ནོ། །དེ་སྐད་དུ་བསྟན་པའི་ཡོན་ཏན་ གསུངས་པ། གྲུབ་ན་ཞེས་པ་ལ་སོགས་པས། །འདིའི་སྦྱོར་བ་གྲུབ་ནས་སོ། །ནོར་འཛིན་ལ་སོགས་པ་ཞེས་པས་ས་ལ་སོགས་པའི་འབྱུང་བ་ཆེན་པོ་ཡང་གཅིག་ལ་གཅིག་ཐིམ་པར་འབྱུང་སྟེ། རིམ་པ་ཡིས་ཞེས་པ་དང་། གོང་ནས་གོང་དུ་རབ་ཏུ་ཐིམ་གྱུར་ཞིང་། །ཞེས་པ་ནི། འབྱུང་བ་ལྔ་པོ་ ཡང་གོང་ནས་གོང་དུ་རིམ་པ་ལྟར་ཐིམ་ནས་འགྲོ་བའི་དོན་ཏོ། །དེ་བཞིན་དུ་གསུངས་པ། །ས་ཡི་ཁམས་ནི་ཆུ་ལ་ཞུགས། །ཆུ་ཡང་མེ་ལ་ཐིམ་པ་སྟེ། །མེ་ནི་ཕྲ་བའི་ཁམས་ལའོ། །རླུང་ནི་སེམས་ལ་རབ་ཏུ་ཐིམ། །སེམས་ཀྱང་སེམས་པ་ཉིད་ལ་ཞུགས། །སེམས་འབྱུང་མ་རིག་པ་ལ་སྟེ། ། དེ་ཡང་འོད་གསལ་དག་ལ་འགྲོ། །འགོག་པ་འདི་ནི་ས་གསུམ་ལའོ། །དེ་ལྟར་དུ་ཡང་། ས་ཡི་སྲ་བ་ཆུ་ཡི་གཤེར་བ་སྟེ། །མེ་ཡི་དྲོ་བ་དག་ནི་འདོར་བ་ཉིད། །རླུང་གིས་བསྐྱོད་པ་དག་ཀྱང་སྤངས་ནས་སུ། །བྱང་ཆུབ་ནས་ནི་བྱང་ཆུབ་དག་ཏུ་འགྱུར། །དེ་བཞིན་དུ་དཔལ་དགྱེས་པ་རྡོ་རྗེ་ལས་ གསུངས་པ། ས་དང་ཆུ་དང་རླུང་དང་ནི། །མེ་དང་ནམ་མཁའ་ཉིད་དག་ཀྱང་། །རང་བཞིན་རིག་པའི་ཚོར་བ་ཡིས། །ཀུན་གྱིས་སྐད་ཅིག་མི་གནོད་དེ། །ཅེས་སོ། །ཡང་ན་གཡོན་པ་དང་། གཡས་པའི་རྩ་ལས་རྒྱུ་བའི་རླུང་གི་རང་བཞིན་ནི་ས་ལ་སོགས་པའི་དཀྱིལ་འཁོར་གྱི་རང་བཞིན་ལའོ། ། སའི་དཀྱིལ་འཁོར་ཀྱང་ཆུའི་དཀྱིལ་འཁོར་ལ་ཞུགས་ནས་འདི་དག་གི་རིམ་པས་ནི་ཇི་ལྟར་མི་འགྱུར་བའི་བདེ་བའི་རང་བཞིན་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བར་དུ་རབ་ཏུ་ཞུགས་པའོ། །དེ་ལྟར་དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པ། ས་ནི་ཆུར་འཇུག་ཆུ་ཡང་མེ་སྟེ་མེ་ནི་རླུང་རྣམས་དག་ལ་ འཇུག་པར་འགྱུར། །རླུང་ནི་སྟོང་པ་ལས་ཏེ་སྟོང་པའི་རྟགས་ནི་མཚན་མ་རྣམ་པ་བཅུ་རུ་འགྱུར། །མི་འགྱུར་མཆོག་གི་བདེ་བ་དུས་ཀུན་ཡེ་ཤེས་སྐུ་ལ་རྣམ་ཀུན་རབ་ཏུ་འགྲོ། །མི་རྣམས་སྐྱེ་བ་འདི་ལ་ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་འགྱུར་ཏེ་མི་ཡི་བདག་པོ་ཀྱེ། །ཞེས་བྱའོ། །དེ་ལ་ རྣལ་འབྱོར་པའི་རབ་གསལ་ལ་ཇི་ལྟར་འགྱུར་ཞེ་ན། དེ་ཚེ་ནམ་མཁའ་ལྟ་བུར་སྣང་བ་ཅེས་པས་སྟོན་ཀའི་ནམ་མཁའ་སྤྲིན་མེད་པ་ལྟ་བུར་རབ་ཏུ་གསལ་བའོ། །འོད་གསལ་བའི་ཞེས་པས་སྐྱོན་གྱི་དྲི་མས་མ་གོས་པའི་སེམས་སོ། །དེ་ཡང་མེ་ལོང་གི་ངོས་ལ་ཧས་བཏབ་པ་ཡལ་བ་ལྟར། དྲི་མ་མེད་པའི་སེམས་ཀྱི་རང་བཞིན་དུ་སྣ་ཚོགས་པའི་སྣང་བ་རྣམས་རིམ་པ་ལྟར་ཐིམ་ནས་འགྲོ་བའི་དོན་ཏོ། །ཡེ་ཤེས་ཙམ་དུ་འགྱུར་ཞེས་པས། རྨི་ལམ་གྱི་ཤེས་པ་ལྟ་བུར་ཤེས་བྱའི་བྱ་བ་མེད་པར་རང་གསལ་བ་ཙམ་མོ། །འགྱུར་ཞེས་པ་རྒྱུན་ཆད་མེད་པའི་རང་བཞིན་ནོ། །ཡེ་ཤེས་ཀྱི་ རྣམ་པ་གསུངས་པ། དེ་དག་ཅེས་པ་ལ་སོགས་པ་ནས་མཚན་མ་ཡང་ཞེས་པ་དང་། རྟོགས་པར་བྱ་ཞེས་པ་དང་འབྲེལ་པས། མཚན་མར་ཤེས་བྱ་ཞེས་པ་ནི་འབྱུང་བའི་རྟགས་རྣམས་སོ། །མཚན་མར་ཡང་ཞེས་བྱ་བ་ནི་དངོས་སུ་གསུངས་པའོ། །རྣམ་པ་ལྔར་ནི་ཞེས་པས་རབ་ཏུ་བྱེད་པ་ ལྔའོ། །དེས་ཤེས་པས་ཞེས་པ་རྣལ་འབྱོར་པ་དེས་ཤེས་པར་བྱའོ། །རིག་བྱ་ཞེས་པ་དེས་ན་མཚན་མ་སྐྱེས་པ་དེ་དག་གོ། །དེ་ཉིད་ཀྱི་ཕྱིར་ན་ཞེས་པས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་སོ། །དེ་དག་ཅེས་པས་དེ་ལས་སྐྱེས་པས་སོ། །རྣལ་འབྱོར་པས་ཤེས་པ་དེ་ཁོ་ན་ ཉིད་ཀྱི་མཚན་ཉིད་ཤེས་པས་སོ། །མཉམ་པར་གཞག་པའི་ཞེས་པས་མི་གཡོ་བའི་སེམས་སོ། །སེམས་ཀྱིས་རྟོགས་པར་བྱ་བ་ཞེས་པས་མཆོག་གི་སེམས་ཏེ། གཞན་དུ་རྣམ་པར་ཤེས་པའི་ཡུལ་མེད་པའི་བསམ་གཏན་ནོ། །རྟགས་གང་ཞིག་ཅེ་ན་དང་པོ་ཞེས་པ་ལ་སོགས་པ་སྟེ། དེ་ཡང་རི་དྭགས་སྲེད་བཞིན་ཞེས་པ་དང་པོའི་མཚན་མ་ལ་སྨིག་རྒྱུའི་སྣང་བའོ། །དེ་ལྟར་བཤད་ཀྱང་གདམས་ངག་གི་དུ་བའི་རྣམ་པ་དང་པོའི་མཚན་མ་ལ་གོ་བར་བྱ་བའོ། །སྨིག་རྒྱུ་གཉིས་པར་ཤེས་པར་བྱའོ། །དང་པོར་ནམ་མཁའ་ལྟ་བུ་ལ་ངེས་པར་སེམས་ཞེན་པས། རྣལ་འབྱོར་པའི་སེམས་ཀྱི་ སྣང་བ་ལ་དང་པོར་དུ་བའོ། །དེ་ནས་སྨིག་རྒྱུ་ལ་སོགས་པར་སྣང་བའོ། །དེ་ཡང་དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པ། ནམ་མཁར་ཀུན་དུ་ཞེན་པའི་སེམས་ཀྱིས་མིག་མི་འཛུམས་པས་རྡོ་རྗེ་ལམ་ནས་ཞུགས་རྣམས་ཀྱིས། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་མཁའ་གསལ་དྲི་མ་མེད་དང་མེ་ཁྱེར་ མར་མེ་ཉིད། །འབར་བ་དང་ནི་ཉི་ཟླ་རྡོ་རྗེ་ཡིན་ཏེ་མཆོག་གི་ཆ་དང་གང་ཞིག་གཟུགས་བརྙན་བལྟ། །དེ་དབུས་སངས་རྒྱས་གཟུགས་བརྙན་ཡུལ་དང་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་སོ། །སྦྱོར་བའི་ཡན་ལག་དྲུག་ལས་ཀྱང་། །དེ་ལ་རྣལ་འབྱོར་པ་ལ་བླ་མའི་མན་ངག་གིས་ནམ་མཁའ་ལ་ སེམས་ཞེན་པས་དང་པོ་དུ་བ་ལྟ་བུ་འབྱུང་ངོ་། །དང་པོར་སྨིག་རྒྱུ་མི་མཐོང་སྟེ་རང་གི་ཤེས་པར་འགྱུར་རོ། །གཉིས་པ་ལ་དེ་ནས་སྨིག་རྒྱུ་མཐོང་བར་འགྱུར་རོ། །དེ་ནས་དེ་ལ་ཡང་དུ་བ་ལ་སོགས་པའི་རྟོག་པ་སྤངས་ནས་རབ་ཏུ་བསྙེན་པ་ཉིད་དོ། །དེ་ལྟར་དཔལ་རྡོ་རྗེ་གུར་ལས་གསུངས་པ། རྨི་ ལམ་སྐད་ཅིག་སྐད་ཅིག་འགྱུར། །དེ་ནས་སྒྱུ་མ་ལྟ་བུ་སྟེ། །འདི་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་རབ་ཏུ་འཁོར། །ཞེས་སོ། །ཡང་ན་རི་དྭགས་སྲེད་བཞིན་ཞེས་པས་སྣ་ཚོགས་པར་སྣང་བ་འདི་དག་རྣལ་འབྱོར་པ་ལ་སྨིག་རྒྱུའི་རྣམ་པར་སྣང་སྟེ། བརྫུན་པ་ལྟ་བུར་གོ་ བའི་དོན་ཏོ། །དེ་ཉིད་འཁྲུལ་པའི་ཤེས་པ་དེ་ནི་མ་ཡིན་ཏེ། དེ་ལྟར་སྣང་བའི་རྣམ་པར་གོ་བའོ། །མཚན་མ་གཉིས་པ་དུད་ཀའི་རྣམ་པ་ཅན། །ཞེས་པ་ནི་ནམ་མཁའ་ལ་ངེས་པར་ཞེན་པའི་ཤེས་པས་དུ་བའི་ཉམས་སྐྱེའོ། །ཡང་ན་གནས་སྐབས་སུ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་ བ་ལས་མཐར་ཐུག་རང་བཞིན་མེད་པ་ནི། སྐྱེས་བུའི་ལག་པའི་རྩོལ་བས་གཙུབ་ཤིང་ལས་མེ་བསྐྱེད་ནས། དེ་ལ་ཡང་ཤིང་རློན་པ་དང་ལྡན་པ་ལ་དུ་བ་བསྐྱེད་པ་དང་། མེ་ལོང་ནང་གི་གཟུགས་བརྙན་འཆར་བ་ལྟ་བུར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཡང་རང་བཞིན་མེད་དེ། འདི་ནི་སྣ་ ཚོགས་སྣང་བ་རྟེན་འབྲེལ་ཙམ་དུ་ཤེས་པས་དུ་བ་ལྟ་བུ་ལ་སོགས་པར་བརྗོད་པའི་དོན་ཏོ། །གསུམ་པ་ཞེས་པ་རྟགས་གསུམ་པའི་མཚན་མའོ། །མེ་ཁྱེར་ཞེས་པས་ཇི་ལྟར་མེ་ཁྱེར་ནི་ནམ་མཁའ་ལ་ཡུད་ཙམ་ཡུད་ཙམ་གསལ་བ་སྟེ། དེ་ལྟར་དུ་སྟོང་པ་ཉིད་ལས་གསལ་ཞིང་གསལ་བས་ ཡེ་ཤེས་ཀྱི་སྣང་བ་སྐྱེ་བའོ། །བཞི་པ་ཞེས་པ་ནི་རྟགས་ཀྱི་རིམ་པའོ། །སྒྲོན་མེ་འབར་བ་ལྟ་བུར་གསལ་བ་ཡིན། །ཞེས་པས་དེ་ལྟ་བུའི་མཚན་མ་འབྱུང་བའོ། །ཡང་ན་སྒྲོན་མེ་འབར་བ་ལྟ་བུར་ནི་གཟུགས་ལ་སོགས་པ་རབ་ཏུ་གསལ་བ་སྟེ། ཡུན་རིང་དུ་གནས་པ་ཉིད་ལ། དེའི་རྐྱེན་ ཚོགས་པ་སྤངས་ན་ནི་དེ་ཡང་མེད་ནས་འགྲོ་བ་ཉིད་དེ། དེ་ནི་མི་དགེ་བའི་བཤེས་གཉེན་གྱིས་ཟིན་པས་རབ་ཏུ་ཉམས་པའོ། །མཚན་མ་ལྔ་པ་གསུངས་པ། མཚན་མ་ལྔ་པ་ཞེས་པ་ལ་སོགས་པ་སྟེ། སྟོན་ཀའི་ནམ་མཁའ་སྤྲིན་མེད་པའི་དཀྱིལ་འཁོར་གསལ་བར་སྣང་བ་ཡིན་ཏེ། ཡེ་ ཤེས་ཀྱི་རང་བཞིན་ཉིད་དོ། །རྣམ་པར་མ་བརྟགས་པར་ཤེས་པ་རྟོག་པ་གཉིས་པ་སྤངས་པ་སྟེ། རྟོག་པ་ལྔ་པ་སྐྱེ་བའོ། །དེ་ལྟ་བུའི་ཞེས་པ་རིམ་པ་དེའོ། །མཚན་མ་ཐོབ་ནས་ནི་ཞེས་པས་རྟགས་ལྔ་པོ་རྣམས་སོ། །ཕྱག་རྒྱ་ཆེན་པོ་ཞེས་པས་མ་ཧཱ་མུ་དྲ་ཞེས་པ་སྟེ། མུ་ཞེས་པ་དགའ་བ་ཡིན་ ལ། དྲ་ཞེས་པ་དེ་འཛིན་པ་སྟེ། མ་ཧཱ་ཞེས་པ་ཆེན་པོ་སྟེ། ཐོབ་པར་བྱ་བའི་གནས་སོ། །ཐོབ་པར་འགྱུར་བ་ཡིན་ཞེས་པ་ནི་ཚེ་འདི་ཉིད་ལ་འབྱུང་བའོ། །བྱ་བ་གཞན་གསུངས་པ། ལྡང་བར་འདོད་ན་ཞེས་པ་ལ་སོགས་པ་སྟེ། ལྡང་བར་འདོད་ན་དང་། བྱ་བ་བསྒྲུབ་བྱ་དང་། གནས་ཤེས་པ་ དང་འབྲེལ་བའོ། །ལྡང་བར་འདོད་ན་ཞེས་པ་ནི། རྣལ་འབྱོར་པ་དེ་ཉིད་དོ། །རྣལ་འབྱོར་མ་དང་ཞེས་པས་ལྷ་མོ་ལ་ཕྱག་བྱེད་པའོ། །མགོར་གནས་པའི་ཞེས་པ་ནི་སྤྱི་བོར་གནས་པ་སྟེ། བླ་མའོ། །མགོན་ལ་བཏུད་ནས་ཞེས་པས་བླ་མ་དང་ལྷ་ལ་ཕྱག་འཚལ་ལོ། །ཡི་གེ་མུཿནི་རབ་ བརྗོད་ཅེས་པས་མུཿའི་རྣམ་པའི་སྔགས་བརྗོད་ནས་གཤེགས་པ་སྟེ། གཤེགས་གསོལ་མ་བྱས་པར་བྱ་བ་གཞན་མི་བྱེད་པའི་དོན་ཏོ། །བྱ་བ་བྱེད་པའི་དུས་སུ་ཇི་ལྟར་བསྒོམ་ཞེ་ན། ལངས་ནས་ཞེས་པ་མཉམ་པ་དེ་ལས་སོ། །དེ་ཉིད་བློ་ཡིས་ཞེས་པས་དེ་ཁོ་ན་ཉིད་ཀྱི་དོན་ལ་ཤེས་རབ་ཀྱིས་ངེས་པར་འབྱེད་ པའི་དོན་ནོ། །བྱ་བ་བསྒྲུབ་བྱ་ཞིང་ཞེས་ཐུན་མཚམས་ཀུན་དུ་སྤྱོད་པའོ། །རྣལ་འབྱོར་རིགས་པས་ཞེས་པས་དེའི་སྦྱོར་བ་ཤེས་པས་སོ། །རྟག་ཏུ་ཞེས་པས་དུས་ཐམས་ཅད་དུའོ། །རྣལ་འབྱོར་ལྡན་པས་གནས་ཞེས་པ་ལ། བཤད་པ་གང་ཞིག་བཅོམ་ལྡན་འདས་མའི་ཆོས་འབྱུང་གི་ནང་དུ་ ཆོས་འབྱུང་གི་འཁོར་ལོ་ལ་བཾ་གྱི་ཡི་གེ་ལ་ཨཱ་ལི་དང་ཀཱ་ལིས་བསྐོར་བ་དེ་ཡང་འབར་བའི་གཟུགས་ཅན་དང་པོ་བལྟས་ནས་དེ་ནས་བཾ་གྱི་ནཱ་དའི་འོད་པདྨའི་སྐུད་པ་ལྟར་ཕྲ་བས་སྤྲུལ་བ་དང་། ཆོས་དང་ལོངས་སྤྱོད་ཀྱི་རང་བཞིན་གྱིས་འཁོར་ལོ་གསུམ་ཕུག་ནས་འགྲོ་བས་བསིལ་བའི་རྒྱུན་གྱིས་སྒོ་ལ་ བདེ་བ་ཆེན་པོ་མངོན་དུ་ཕྱོགས་པར་བྱས་ནས་དེའི་རྣལ་འབྱོར་ལ་དམིགས་པར་བརྗོད་པའོ། །རྣལ་འབྱོར་ལྡན་པས་ཤེས་པ་ལ་ཡོ་ག་ཡུ་ག་ཞེས་པའི་སྒྲ་སྟེ། དེ་ནི་རྣལ་འབྱོར་ལྡན་པའམ་གཉིས་པ་ལ་འགྲོ་བའོ། །དེ་ལྟར་ལྡན་ནི་བཤད་པ་སྟེ། དེ་ལ་རྣལ་འབྱོར་གཅིག་ཏུ་བརྗོད་པས་སོ། ། བདག་གི་བླ་མ་དམ་པའི་ལུགས་ནི་དེ་ལྟར་མ་ཡིན་ནོ། །ཨ་ཝ་དྷཱུ་ཏཱི་པའི་སྒྲུབ་ཐབས་དང་ཡང་འགལ་ཏེ། ཕྱག་རྒྱ་གཉིས་པའི་རྣལ་འབྱོར་གྱིས། །ཁམས་གསུམ་ཀུན་ཡང་འགྲུབ་པར་འགྱུར། །ཞེས་སོ། །དེས་ན་རྣལ་འབྱོར་ལྡན་པས་གནས། །ཞེས་པ་ནི་ཕྱག་རྒྱ་གཉིས་རབ་ཏུ་སྦྱོར་བ་ དེ་ལྟར་དུས་ཀུན་དུ་གནས་ཤིང་བརྟེན་པའོ། །དེ་ལྟར་འཁོར་ལོ་དང་བཅས་པའི་ལྷ་མོ་དང་། གཏུམ་མོ་བསྒོམ་པར་བྱ་བའི་དོན་ནོ། །ཡང་ན་རྒྱུ་འབྲས་ཀྱི་རྣམ་པར་དག་པས་འདིར་གཏུམ་མོའི་རྣལ་འབྱོར་གཉིས་བྱ་བ་ཉིད་དེ་དེ་ལྟར་དེ་མཐོང་བ་ལས་བསྒོམ་པར་བྱའོ། །དེ་ཁོ་ན་ཉིད་བཤད་པ་ཞེས་ བྱ་བ་དེ་ཁོ་ན་ཉིད་ཡེ་ཤེས་ཡང་དག་པའི་གྲུབ་པའི་འགྲེལ་པ་ལས་བསྒོམ་པའི་ཆོ་གའོ།། །།སློབ་མ་རྗེས་སུ་གཟུང་བ་གསུངས་པ། སློབ་མས་ཞེས་པ་ལ་སོགས་པ་ནས། སྔགས་པས་རྗེས་སུ་གཟུང་བར་བྱ། །ཞེས་པ་དང་འབྲེལ་བས་སློབ་མས་མཎྜལ་ཞེས་པས་བྱེད་པ་པོས་མཎྜལ་བྱས་ནས་ བླ་མ་ལ་དབུལ་ལོ། །ཞབས་པད་ལ་ཞེས་པས་ཞབས་འོག་ན་ཡོད་པའི་པདྨ་ལ་གཏུགས་པའོ། །འདོད་པས་ཞེས་པ་དང་བ་དང་ལྡན་པ་དེའོ། །གསོལ་བ་བཏབ་ཅེས་པས་བླ་མ་ལ་ཞུས་པའོ། །མང་དུ་བཏབ་གྱུར་པའི་ཞེས་པས་ལན་གསུམ་ལ་སོགས་པའོ། །སྔགས་པ་ཡིས་ནི་ཞེས་པས་བླ་མའོ། ། དུས་ནི་ཚེས་བཅུ་པ་དག་ལས་ཞེས་པས། ནག་པོའི་ཕྱོགས་ཀྱི་བཅུ་པ་སྟེ། གཞན་དུ་དེའི་དུས་མ་ཡིན་པའི་དབང་དུ་བྱས་པའོ། །རྣལ་འབྱོར་མ་ལ་དམིགས་པའི་རང་བཞིན་གྱིས་ནག་པོའི་ཕྱོགས་འདི་བསྔགས་པར་གསུངས་པའོ། །དེ་དག་རྣམས་ནི་སློབ་མ་རྣམས་སོ། །གཟུང་བ་ནི་བླ་མས་སོ། ། བླ་མས་ཅི་བྱ་ཞེ་ན། རྣལ་འབྱོར་བྱས་ནས་ཞེས་པ་ལ་སོགས་པ་ནས། ཀུན་དུ་བླངས་ཏེ་ཞེས་པ་དང་འབྲེལ་པས་རྣལ་འབྱོར་བྱས་པས་ཞེས་པས་ཕྱིའམ་ནང་གི་བདག་ཉིད་ཀྱི་ཤེས་རབ་མའི་སྦྱོར་བ་དང་ལྡན་པས། དང་པོར་མྱོས་བྱེད་ཅུང་ཟད་བཏུང་བར་བྱས་ཏེ། དེས་སེམས་དཔའ་བར་བྱས་ནས་རྣལ་ འབྱོར་རྟོག་པ་ཐམས་ཅད་རིང་དུ་སོང་བའི་སྟོང་པ་ཉིད་ཀྱི་དོན་གསལ་བའི་ཤེས་རབ་དང་སྦྱོར་བ་ལས་སྐྱེས་པའི་དགའ་བའི་མཆོག་ཏུ་བྱས་པ་ནི་མན་ངག་གི་ལུགས་སོ། །སྔགས་ཀྱི་རང་བཞིན་ཞེས་པས་སྔགས་བཏུ་བ་ལས་བྱུང་བའི་རང་བཞིན་དེའོ། །ལྷ་མོའི་འཁོར་ལོ་ཞེས་པ་སིནྡྷུ་ར་དང་བཅས་པའི་ མེ་ལོང་གི་མཐིལ་ལ་བྲིས་པའི་ཟུར་གསུམ་པའི་འཁོར་ལོར་གནས་པ་དེའོ། །དེ་བཞིན་དུ་གསུངས་པ། པདྨ་འདབ་མ་གསུམ་པའི་དབུས་སུ་ནི། །རྡུལ་བྲལ་ཕྱེ་མ་སིནྡྷུ་ར་བྱུགས་ཏེ། །སྔགས་ཀྱི་རང་བཞིན་མངོན་དུ་ཕྱོགས་པ་ལ། །མཆོད་བཅས་དེ་ཡང་བླ་མ་བྱོན་ནས་ནི། །འདི་ནི་བདག་གིས་བླ་ མ་དམ་པའི་གསུང་། །སྒྲུབ་པའི་ཐབས་ནི་མི་འཇོམས་པ་ལས་སོ། །བདག་ཉིད་ཅེས་པས་སྔགས་དེ་ཉིད་ལའོ། །མཆོད་ཅིང་ཞེས་པ་ལྷ་མོ་ལ་མཆོད་པའོ། །བཟླས་པ་བྱས་པས་ཞེས་པ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པའོ། །དང་པོ་མཆོག་ཅེས་པ་མྱོས་བྱེད་ཀྱིས་སློབ་མ་མཉེས་ བར་བྱ་བའི་དོན་དུ་རང་གི་སྣོད་དེ་ཉིད་བཟུང་ནས་ཕྱི་རོལ་དུ་བྱུང་ནས་བྱེད་པའི་དོན་ཏོ། །ཀུན་དུ་བླངས་ཏེ་ཞེས་པ་ལག་པ་བཟུང་ནས་སོ། །དེ་ནས་ཞེས་པ་མཎྜལ་ལྔ་བྱེད་པ་མན་ངག་གི་ལུགས་སོ། །གཞན་དུ་བརྒྱུད་པ་འགའ་ཞིག་ནི་མཎྜལ་ལ་ལྔ་དེ་བཞིན་གཤེགས་པ་ལྔར་བལྟ་ཞིང་དེ་ ལ་མཆོད་པ་བྱས་ནས་སློབ་མ་གཞན་དུ་འཇོག་པའོ། །ཡོན་ཕུལ་ནས་ནི་འབྲུ་དང་གསེར་དང་བྲན་ཕོ་དང་བྲན་མོ་དང་། རང་གི་ལུས་ཀྱང་དབུལ་བ་སྟེ། དེ་ནས་བདག་ཏུ་མི་འཛིན་པའོ། །མདུན་དུ་འགྲེང་འགྱུར་ཞེས་པ་སློབ་མ་ལ་སོགས་པའོ། །མེ་ཏོག་ཕྲེང་འཛིན་ཞེས་པ་ལག་པ་གཉིས་ཐལ་ མོ་སྦྱར་ནས་ཅུང་ཟད་ཁ་ཕྱེ་བས་མེ་ཏོག་གི་ཕྲེང་བ་འཛིན་པའོ། །སློབ་མའི་མགོ་བོ་ནི་གོ་བར་ཟད་དོ། །མགོན་པོ་བསྒོམས་ནས་ཞེས་པས་དེ་བཞིན་བསམས་པའི་སློབ་མའི་སྤྱི་བོར་བླ་མ་བསྒོམ་པའོ། །བླ་མས་བལྟས་པར་བྱ་ཞེས་པ་ཡེ་ཤེས་འབེབས་པ་ལ་སོགས་པ་བྱ་བའི་དོན་དུའོ། །བྱ་བ་གཞན་ཡང་ གསུངས་པ། །དེའི་རྗེས་ལ་ཞེས་པ་ནས་མྱོས་བྱེད་སློབ་མ་ལ་བླ་མས་སྦྱོར་བར་བྱ་ཞེས་པས་འབྲེལ་པས། ཇི་སྐད་བརྗོད་པའི་ལྷ་མོ་དང་ཞེས་པས་སྔར་བསྟན་པ་ལྟར་རོ། །འོད་ཟེར་འབར་བ་ཞེས་པ་བསྒོམ་པར་བྱ་བ་ཉིད་དོ། །འཁོར་ལོ་ཞེས་པས་སིནྡྷུ་རའི་དུས་ཀྱི་འཁོར་ལོ་ཟུར་གསུམ་པ་དེའོ། ། ཤུགས་ལྡན་པ་ཞེས་པས་དྲག་ཏུ་འཁོར་བའོ། །ཉེ་བར་གནས་པའི་ལུས་ལ་ཞེས་པ་སློབ་མའི་ལུས་སོ། །བསམས་ནས་ནི་ཞེས་པས་བསྒོམ་པར་བྱ་བ་ཉིད་དོ། །སློབ་མའི་ལྟེ་བའི་འོག་གི་ཆོས་འབྱུང་ལ་བསམ་པ་གདམས་ངག་ཏུ་ཤེས་པར་བྱའོ། །ལྷ་མོ་དང་ཞེས་པ་དང་འཁོར་ལོ་ཞེས་ པའི་ཚིགས་བཅད་ནི་བླ་མ་མི་གསུང་བས་མི་བྲི་ལ་འཁོར་ལོ་ལ་སོགས་པའི་གདམས་ངག་བྲི་བར་བྱ་སྟེ། དང་པོ་མེ་ཏོག་དམར་པོས་མཆོད་པར་བྱ་བ་ནི། འཁོར་ལོ་མིང་མེད་ཀྱིས་ནི་བྲི་བར་གསུངས་པ་སྟེ། །དེ་ལྟར་ཟུར་གསུམ་དུ་ནི་བརྗོད་པར་བྱ་བ་ཉིད། །བཾ་བཅས་སོར་གསུམ་ཚད་དུ་ འབར་བའི་རྣམ་པའོ། །སིནྡྷུ་ར་ཡི་དུས་སུ་པད་འདབ་གསུམ་པ་སྟེ། །སྔགས་ཀྱིས་གང་བའི་གྲངས་ནི་མདའ་དང་མེ་ཉིད་དོ། །ལྟེ་བར་བཾ་གྱི་རྣམ་པ་ལྡན་པ་དེ་ཡིན་ནོ། །ཕྱོགས་བཞི་རྣམས་སུ་བཀྲ་ཤིས་བཞི་པ་བྲི་བར་བྱ། །དཔལ་ལྡན་རྡོ་རྗེ་ལྷ་མོའི་པདྨའི་ནང་ཉིད་དུ། །ཆོས་ཀྱི་འབྱུང་ གནས་ནང་དུ་སྔགས་ཀྱི་འཁོར་ལོ་ནི། །ཇི་ལྟར་གསུངས་པ་དེ་ཡང་ཟུར་གསུམ་ཉིད་ཡིན་ཏེ། །རབ་ཏུ་འཁོར་བས་མི་ཤེས་པ་རྣམས་འཇོམས། །འབེབས་པའི་ཆོ་ག་སློབ་མའི་པདྨ་ཡང་། །དེ་ནི་བླ་མས་ལྟེ་བའི་འོག་ཏུ་བསྒོམ། །གང་ཞིག་སྔགས་ཀྱིས་གང་བ་དེ་ཡང་ཟུར་གསུམ་ལ། །ཟུར་དྲུག་ བསྒོམ་པའི་ལུགས་འདི་ཤིན་ཏུ་དམན་པའོ། །གང་དུ་ལྷ་མོ་གཅིག་ཏུ་ཡོད་པ་འབྲི་ན་ཡང་། །ཐང་སྐུ་མཚོ་སྐྱེས་འདབ་མ་གསུམ་པའི་དབུས་སུ་བྱ། །ཡང་ན་ལྷ་མོ་དྲུག་གིས་བརྒྱན་པར་གྱུར་པ་ན། །ཟུར་གསུམ་འདི་ཡང་ཡིན་ཏེ་གཉིས་པ་མཐོང་བས་སོ། །ཡང་ན་ས་ལ་དཀྱིལ་འཁོར་བྱེད་པའི་ དུས་སུ་ཡང་། །བརྒྱུད་པ་གསུངས་པས་ཟུར་དྲུག་ཆུ་སྐྱེས་ལ། །ཟུར་དྲུག་ཏུ་ནི་ལྷ་མོ་རྣམས་ལ་མཆོད་པའོ། །ཤར་ལ་སོགས་པའི་ཕྱོགས་སུ་བཀྲ་ཤིས་དཀྱིལ་འཁོར་དགོད། །ཅེས་སོ། །ཡེ་ཤེས་འབེབས་པའི་མཚན་ཉིད་གསུངས་པ། མཐར་གྱིས་ཞེས་པ་ལ་སོགས་པ་ནས། སློབ་ མ་དེ་ལྟར་བབས་པ་དེ་ལ་ནི། །ལྷ་མོའི་བྱིན་རླབས་འབྱུང་བར་འགྱུར། །ཞེས་པ་དང་འབྲེལ་ལོ། །མཐར་གྱིས་ནི་ཞེས་པ་ཟིན་པའི་དེ་མ་ཐག་ཏུའོ། །དེ་ལྟར་བབས་པ་དེ་ལ་ཞེས་པས་སློབ་མ་དེ་ལའོ། །མཚན་ཉིད་རང་གང་ཞེ་ན། སྤུ་ལྡང་བ་དང་། ཞེས་པ་ལ་སོགས་པ་སྟེ། སྤུ་ལྡང་ བ་ནི་བ་སྤུ་གྱེན་ལ་ལངས་པའོ། །རབ་ཏུ་འདར་ཞེས་པ་ལུས་ལ་རང་དབང་མེད་པས་འདར་བའོ། །མཆི་མ་འབྱུང་བ་དང་ནི་ཞེས་པས་རང་བབས་སུ་བྱུང་བའོ། །འགྱེལ་བ་ཞེས་པས་གཡས་གཡོན་ལ་སོགས་པའོ། །ཡེ་ཤེས་སྐྱེ་བའི་རང་བཞིན་ཞེས་པ་འདས་མ་འོངས་ད་ལྟར་ཤེས་ པ་ཐོབ་པའོ། །འབྱུང་བར་འགྱུར་ཞེས་པས་སློབ་མ་ལའོ། །ཐམས་ཅད་ཀྱི་གཏམ་དྲི་བ་ལ་སོགས་པ་བཏུབ་པ་འབྱུང་བའོ། །ཡང་མཐར་གྱིས་ཞེས་པས་དེ་ལྟར་ཕེབས་པས་སློབ་མ་ལ་བྱང་ཆུབ་ཀྱི་རང་བཞིན་འབྱུང་བས་ཕེབས་པ་དེ་ལ་ཡེ་ཤེས་སྐྱེ་བའི་དོན་ཏོ། །སློབ་མ་རྗེས་ སུ་གཟུང་བ་ཡེ་ཤེས་མ་ཕེབས་པར་མི་བྱ་བའོ། །བྱ་བ་གཞན་གསུངས་པ། དེ་རྗེས་ཞེས་པ་ལ་སོགས་པས་སློབ་མ་བརྟག་པ་དང་། བླ་མའི་ཏིང་ངེ་འཛིན་དང་འབྲེལ་ལོ། །དད་ལྡན་ཞེས་པས་དཀོན་མཆོག་གསུམ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་པས་སངས་རྒྱས་ ལ་སོགས་པ་དང་། སྡིག་པ་དང་བསོད་ནམས་ལ་སོགས་པ་བདེན་པར་འདོད་པའི་བག་ཆགས་མཆོག་ཏུ་གྱུར་པའི་དོན་ཏོ། །ཡོན་ཏན་དང་བཅས་ཞེས་པས་གཞན་ཡང་ཡོན་ཏན་དུ་མ་དང་ལྡན་པའོ། །བླ་མ་སངས་རྒྱས་གཉིས་མེད་གུས་པ་ལས། ཞེས་ཡང་དག་ པར་བླ་མ་དང་སངས་རྒྱས་གཉིས་སུ་མེད་པར་གུས་པར་བྱེད་པའོ། །དེ་བཞིན་དུ་གསུངས་པ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པ་བླ་མ་སྟེ། །བླ་མ་རྡོ་རྗེ་འཆང་དབྱེར་མེད། །ཅེས་སོ། །འདིར་ཡང་མགོན་པོ་མགོ་མཚན་ཞེས་གསུངས་པས། རྣམ་པར་སྣང་མཛད་ཀྱི་གནས་སུ་བླ་མ་སྒོམ་པའོ། །རྡོ་རྗེ་ཡིས་ནི་རྣལ་འབྱོར་མ་རྣམས་ཀྱི་ཞེས་པས་འདིའི་སྒོར་ཞུགས་ནས་སོ། །ཏིང་འཛིན་མཆོད་དང་སྔགས་རྣམས་བརྗོད་པར་བྱ་ཞེས་པས། བསྒོམ་བྱ་དང་མཆོད་པའི་རིམ་པ་སྔགས་ཀྱང་མཉེས་པར་བྱེད་པའི་ཕྱིར་སློབ་དཔོན་གྱིས་བརྗོད་ པར་བྱའོ། །དགག་པར་བྱ་བ་གསུངས་པ། དད་པ་དང་ནི་ཞེས་པ་ལ་སོགས་པ་ནས་འདི་ནི་བརྗོད་པར་མི་བྱའོ་ཞེས་པ་དང་འབྲེལ་ལོ། །དེ་དག་གསལ་བར་མི་བརྗོད་པའི་དོན་ཏོ། །གང་ལ་མི་བརྗོད་ཅེ་ན། དད་པ་དང་ནི་རྣམ་པར་བྲལ་བའི་ཞེས་པས། བླ་མ་ལ་སོགས་པ་ལ་མ་དད་པའོ། ། གུས་པ་རྣམ་པར་ཉམས་པའི་སློབ་མ་ལ། །ཞེས་པས། བླ་མ་དང་སངས་རྒྱས་ལ་གུས་པར་མི་བྱེད་པའི་མི་དེ་ལའོ། །ཡིད་ཆེས་འཕྲལ་བསྐྱེད་པ་ད་ལྟ་ཉིད་དུ་ཡོན་ཏན་འབྱུང་བའོ། །ཤིན་ཏུ་རྣམ་དག་ཅེས་པས་ཡང་དག་པའི་དོན་ཏོ། །རྣལ་འབྱོར་འདི་ནི་ཞེས་པས་རིམ་པ་འདི་ཉིད་དོ། །བརྗོད་ པར་མི་བྱ་སྟེ་གོང་མ་དང་འབྲེལ་བའོ། །ཕན་ཡོན་གསུངས་པ། གང་ཞིག་ཅེས་པ་ནས་འཇིགས་པ་རྣམས་དང་ཞེས་པ་དང་། འཇིགས་པར་འགྱུར་ཞེས་པ་དང་འབྲེལ་ལོ། །དང་པོར་འཇིགས་པ་རྣམས་ཉམས་པའི་རྒྱུ་གསུངས་པ་ནི་གང་ཞིག་སྔགས་དང་བཅས་པར་གྱུར་པའི་ཞེས་ པས་ལྷ་མོའི་སྔགས་རྣལ་འབྱོར་མ་དྲུག་གི་སྔགས་དང་བཅས་པའོ། །ཡང་ན་སྔོན་དུ་སོང་བའི་སིནྡྷུ་ར་དང་བཅས་པའི་སྔགས་ཀྱིས་ཡོངས་སུ་གང་བའི་འཁོར་ལོ་ཟུར་གསུམ་པ་ལ་མཆོད་པའོ། །ལྷ་མོའི་འཁོར་ལོ་ཡང་དེ་ཉིད་དོ། །རྣལ་འབྱོར་པ་གང་ཞིག་གིས་བཅོམ་ལྡན་འདས་ མའི་ལྷ་མོ་དྲུག་གི་འཁོར་ལོ་ལ་མཆོད་པར་བྱེད་པའི་དོན་ནོ། །འཇིགས་པ་གང་ཞེ་ན། དེ་ལ་ཞེས་པས་རྣལ་འབྱོར་པ་དེ་ལའོ། །འཇིགས་པ་ཆེན་པོ་བརྒྱད་པོ་རྣམས་དང་ནི། །ཞེས་པས། སེང་གེ་དང་། གླང་པོ་ཆེ་དང་། མེ་ལ་སོགས་པའི་འཇིགས་པ་རྣམས་སོ། །སྡིག་པ་ཆེན་པོ་རྣམས་དང་ཞེས་ པས་མཚམས་མེད་པ་ལྔ་ཡང་སྤོང་བའོ། །སྐལ་ངན་དང་ཞེས་པས་འཇིག་རྟེན་པ་རྣམས་དང་མི་མཐུན་པའོ། །ཕན་ཡོན་གཞན་ཡང་གསུངས་པ། དབུལ་བ་དང་ཞེས་པ་ནོར་མེད་པའོ། །ནད་དང་ཞེས་པས་མཛེ་ལ་སོགས་པའོ། །རྒས་པ་དང་ཞེས་པ་སྐྲ་དང་གཉེར་མས་གཏུགས་པའོ། །སྡུག་ བསྔལ་ཞེས་པས་ལུས་ལ་གནོད་པའོ། །ཡིད་མི་བདེ་བ་རྣམས་དང་ཞེས་པས་སེམས་ལས་བྱུང་བའི་སྡུ