Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 22
Văn bản gốc(Tây Tạng)
Trang 22 / 24 (50.000 ký tự/trang)
ས་ཐམས་ཅད་སྐྱེ་བ་མེད་པར་ལྷག་པར་མོས་ཤིང་དྲིལ་བུ་དཀྲོལ་ཏེ། ལག་པ་ན་ཡོད་པའི་རྡོ་རྗེས་ཚངས་ཐིག་གི་ལམ་ནས་ དཀྱིལ་གྱི་བར་དུ་དབྱི་ཞིང་རང་གི་མགོ་ལ་རྡུལ་ཚོན་ཅུང་ཟད་ཙམ་བཅུག་ལ། པདྨ་ལ་སོགས་པ་དང་སྒོ་དང་མཚམས་རྣམས་དབྱེ་བར་བྱའོ། །ཞི་བའི་དོན་དུ་འདོད་པ་རྣམས་ལ་རྡུལ་ཚོན་ཅུང་ཟད་བྱིན་ལ་རྡུལ་ཚོན་གཞན་ནི་རྣམ་རྒྱལ་གྱི་བུམ་པར་བླུགས་ལ་རས་ཀྱིས་བརྒྱན་པ་དང་དོ་ལིར་ བཞག་ལ། རོལ་མོ་ལ་སོགས་པ་སྔོན་དུ་འགྲོ་བས་ཆུ་བོའི་འགྲམ་དུ་འདུག་སྟེ། བའི་ལྕི་བ་དང་དྲི་དཀར་པོས་མཎྜལ་ལ་པདྨའི་ལྟེ་བར་བདེ་མཆོག་ལ་སྙིང་པོའི་སྔགས་ཀྱིས་མཆོད་ནས་འདབ་མ་རྣམས་ལ་ཀླུ་བརྒྱད་དེ། དེ་ལ་ཤར་དུ་ཨོཾ་ཨཱཿཨ་ནན་ཏཱ་ཡ་ཧཱུཾ་སྭཱ་ཧཱ། ལྷོར་ཨོཾ་ ཨཱཿཔདྨཱ་ཡ་ཧཱུྃ་སྭཱ་ཧཱ། ནུབ་ཏུ་ཨོཾ་ཨཱཿཏཀྵ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། བྱང་དུ་ཨོཾ་ཨཱཿབཱ་སུ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། དབང་ལྡན་དུ་ཨོཾ་ཨཱཿམ་ཧཱ་པདྨཱ་ཡ་ཧཱུཾ་སྭཱ་ཧཱ། མེར་ཨོཾ་ཨཱཿཤཾ་ཁ་པཱ་ལཱ་ཡ་ཧཱུཾ་སྭཱ་ཧཱ། བདེན་བྲལ་དུ་ཨོཾ་ཨཱཿཀརྐོ་ཊ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། རླུང་དུ་ཨོཾ་ཨཱཿཀུ་ལི་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་ པའི་སྔགས་རྣམས་ཀྱིས་མེ་ཏོག་དཀར་པོ་མཆོད་ལ་ལག་པ་གཡོན་པ་གདེངས་ཀའི་སྟངས་དང་གཡས་པ་བརྐྱང་སྟེ། ཨོཾ་ཨ་ནནྟ་བཱ་སུ་ཀེ། ཏཀྵ་ཀ་ཀརྐོ་ཊ་པདྨ་མ་ཧཱ་པདྨ་ཤཾ་ཁ་པཱ་ལ་ཀུ་ལི་ཀ། པཱ་ལཱ་དེ་བ་ཏི། མ་ཧཱ་དེ་བ་ཏི། སོ་མ་སི་ཁི། དཎྜ་དྷ་ར་མ་ཧཱ་དཎྜ་དྷ་ར། པཱ་ལཱ་ལ་ཧུ་ལུ་རུ་ནནྡ། སཱ་ག་རཱ་མ་ཧཱ་སཱ་ག་རཱ་ཏཔྟ། མ་ཧཱ་ཏཔྟ། ཤྲཱི་ཀཱནྟི། མ་ཧཱ་ཀཱནྟི། རཏྣ་ཀཱནྟི། སུ་རཱུ་པ། མ་ཧཱ་སུ་རཱུ་པ། བྷ་དྲ་ནཱ་ག། མ་ཧཱ་ཨུ་ད་ར། ཤི་ལི། མ་ཧཱ་ཤི། ཨོཾ་བྷཀྵ་བྷཀྵ་ཨཱ་གཙྪ་ཨཱ་གཙྪ། མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུར་བྷུ་བ། ཕུ་ཕུ་སྭཱ་ ཧཱ་ཞེས་བརྗོད་ནས། གཞན་རྣམས་ལ་ཡང་འོ་མའི་གཏོར་མ་རྣམས་ཕུལ་ཏེ། ཀླུ་རྣམས་ལ་རྡུལ་ཚོན་གཏད་ལ་ཆུར་དོར་རོ། །དེ་རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས་འོག་ཏུ་དྲངས་པར་བསམ་པར་བྱའོ། །གང་དུ་རྡུལ་ཚོན་ཁྱེར་བའི་བུམ་པ་དེ་ཆུས་བཀང་ལ་དེ་ བཞིན་དུ་ཁྱེར་ཏེ་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པ་ལ་གཏོར་བར་བྱའོ། །དེར་བའི་ལྕི་བས་བྱུགས་ལ་གཞོན་ནུ་མ་རྣམས་ལ་འོ་ཐུག་གི་སྟོན་མོ་བྱའོ། །སློབ་མ་དབང་བསྐུར་བ་བཞིན་དུ་ལྷའི་རབ་གནས་ཀྱང་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་རྡོ་རྗེ་ ཡིས། །ཆོ་ག་སྣ་ཚོགས་ལས་བཏུས་ནས། །དཀྱིལ་འཁོར་ཆོ་ག་བྱས་པ་འདིས། །སེམས་ཅན་ཀུན་ལ་ཕན་པར་ཤོག །དཔལ་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་རྫོགས་སོ།། །།ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲས་ཐང་བི་ཧ་རར་ བསྒྱུར་བའོ།། ༄། །དཔལ་བདེ་མཆོག་འཁོར་ལོའི་མངོན་པར་རྟོགས་པའི་དཀའ་འགྲེལ་བཞུགས། ༄༅༅། །བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཨོཾ། གནས་དང་ལྡང་བ་ཉིད་དང་ནི། །འཇུག་དང་ཡོངས་སུ་ རྫོགས་པ་དང་། །བྱིན་གྱིས་བརླབ་དང་དབང་བསྐུར་དང་། །ཏིང་འཛིན་མཆོད་པ་ཉེ་བར་བསྡུ། །དེ་ལ་གནས་པ་ནི་ལྔ་སྟེ། ཚད་མེད་པའི་རྣལ་འབྱོར་དང་། །བྱིན་གྱིས་བརླབ་པའི་རྣལ་འབྱོར་དང་། །སྲུང་བའི་རྣལ་འབྱོར་དང་། ཚོགས་བསགས་པའི་རྣལ་འབྱོར་དང་། སྟོང་ པ་ཉིད་ཀྱི་རྣལ་འབྱོར་རོ། །དེ་ལ་ཚད་མེད་པའི་རྣལ་འབྱོར་ནི་དང་པོ་ཁོ་ནར་ཚངས་པའི་གནས་བཞི་བསྒོམ་པར་བྱའོ་ཞེས་བྱ་བ་ལ། སྙིང་གར་ཧྲཱིཿལས་པདྨ་འདབ་མ་བརྒྱད་པ། དེའི་ལྟེ་བ་ལ་ཨ་ལས་ཟླ་བ། དེའི་སྟེང་དུ་ཧཱུྃ་མཐིང་ག་བསམས་ལ། དེ་ལས་འོད་ཟེར་དཀར་པོ་ དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་སྟེ། དེ་རྣམས་འགྲོ་བ་ལ་འཕྲོས་པས་སྡུག་བསྔལ་དང་ལྡན་པ་རྣམས་སྡུག་བསྔལ་དང་བྲལ་བ་དང་། བདེ་བ་མེད་པ་རྣམས་བདེ་བ་ཐོབ་པ་དང་། བདེ་བ་དང་བྲལ་དུ་དོགས་པ་རྣམས་བརྟན་པར་བྱ་བ་དང་། བདེ་བ་དེ་ཡང་ ཀུན་ལ་ཆ་སྙོམས་པར་འགྱུར་རོ། །དེ་ཁོ་ན་ཉིད་ནི་ཡེ་ཤེས་བཞིའོ། །དགོས་པ་ནི་དྲག་པོ་འཇིགས་བྱེད་འདུལ་བའོ། །བྱིན་གྱིས་བརླབ་པའི་རྣལ་འབྱོར་ནི། །དེ་ནས་ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པར་བྱ་སྟེ་ཞེས་བྱ་བ་ལ། འོད་ཟེར་ཚུར་བསྡུས་པས་ཕུང་པོ་ལྔ་དང་། དབང་པོ་དྲུག་དང་འབྱུང་བ་ལྔ་ཆུའི་ཟླ་བ་ལྟ་བུར་ཐོལ་གྱིས་གསལ་བས་ཐ་མལ་པ་དག་པའོ། །དེ་ཁོ་ན་ཉིད་ནི་ཡེ་ཤེས་ལྔ་སྟེ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དགོས་པ་ནི་ཐ་མལ་པའི་ཕུང་པོ་དང་ཁམས་སྤངས་པའོ། །སྲུང་བའི་རྣལ་འབྱོར་ནི། དེ་ནས་རྡོ་རྗེ་དྲ་བ་བསམ་པར་བྱ་སྟེ་ཞེས་ བྱ་བ་ལ་སོགས་པ་སྟེ། རང་གི་སྙིང་གར་རཾ་ལས་ཉི་མ། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཞལ་གསུམ་ཕྱག་དྲུག་པ། སྐུ་མདོག་མཐིང་ག་ཞལ་གཡས་དཀར་གཡོན་དམར་བ། ཕྱག་དང་པོ་གཉིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་ བུ་བསྣམས་པ། བར་མ་གཉིས་ན་མདའ་དང་གཞུ། ཐ་མ་གཉིས་ན་རལ་གྲི་དང་ཞགས་པ་ཅན་དུ་བསམས་ལ། ཨོཾ་བཛྲ་པཉྩ་ར་ཎ་ཧཱུཾ། ཞེས་བརྗོད་པས་རྡོ་རྗེ་དྲ་བ་བསྐྱེད་ལ། ཡང་ཧཱུཾ་ཞེས་བརྗོད་པས་ཁྲོ་བོ་བཅུ་སྤྲུལ་ཏེ་ཤར་དུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ། སྟེང་དུ་དཀར་པོ། འོག་ཏུ་ནག་པོ། མཚམས་སུ་ཕྱེད་གཟུགས་མ་བཞི། །ཀུན་ཀྱང་གཙོ་བོ་དང་མཐུན་པའི་ཕྱག་མཚན་བསྣམས་པའོ། །དེ་ནས་ཨོཾ་སུམྦྷ་ནི་སུམྦྷ་ཞེས་བྱ་བའི་སྔགས་བརྗོད་པས་དེ་རྣམས་ཀྱི་འོད་ཟེར་གྱིས་ཕྱོགས་སྐྱོང་བ་རྣམས་བཀུག་ལ་གདན་ དུ་གདིང་བར་བྱའོ། །ཨོཾ་ཤ་ར་ཛ་ལ་ཏྲཾ་སཾ་ཏྲཾ་ཞེས་པས་སྟེང་དུ་མདའི་དྲ་བ་དང་། འོག་ཏུ་ཡི་གེ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བསམས་ལ། ཨོཾ་མེ་དི་ནཱི་བཛྲཱི་བནྡྷ་ཧཱུཾ། ཞེས་པས་བརྟན་པར་བྱའོ། །ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཞེས་པས་རྡོ་རྗེ་དྲ་བ་བྱའོ། །ཨོཾ་བི་དཱ་ན་ཧཱུཾ་ ཁཾ་ཧཱུཾ། ཞེས་སྟེང་དུ་རྡོ་རྗེའི་བླ་རེ་བྱའོ། །ཨོཾ་བཛྲ་ཛྭ་ལཱ་ན་ལཱརྐ་ཧཱུཾ། ཞེས་བྱ་བས་ཕྱི་རོལ་དུ་མེའི་འོད་ཀྱི་ཕྲེང་བ་བསམ་པར་བྱའོ། །དེ་ནས་དྷིའི་ཡི་གེ་ཧཱུཾ་ལས་ཕུར་བུ་སུམ་ཅུ་སྤྲུལ་ལ། ཨོཾ་གྷ་གྷ་གྷཱ་ཏ་ཡ་ཞེས་པའི་སྔགས་ཀྱིས་བཀའ་བསྒོ་བ་དང་། ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་བཛྲ་ ཀཱི་ལཱ་ཡ་ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱིས་དཔྲལ་བ་དང་། ལྐོག་མ་དང་སྙིང་གར་གདབ་པར་བྱའོ། །ཚོགས་བསགས་པའི་རྣལ་འབྱོར་ནི། དེ་ནས་རང་གི་སྙིང་གར་ཞེས་བྱ་བ་ལ་སོགས་པ་ལ། རང་ཉིད་སྐད་ཅིག་མས་ལྷའི་སྐུར་བསམས་ལ་རང་གི་སྙིང་གར་ཡི་གེ་ཧྲཱིཿལས་པདྨ་ འདབ་མ་བརྒྱད་པ། ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཧཱུྃ་མཐིང་ག་འོད་ཟེར་ལྔ་འཕྲོ་བ་བསམས་ལ། རྡོ་རྗེའི་འོད་ཟེར་གྱིས་འཁོར་ལོ་བདེ་མཆོག་སྐུ་དང་། ཡོན་ཏན་དང་། ཐུགས་དང་། གསུང་དང་། ཕྲིན་ལས་ཀྱི་འཁོར་ལོ་དཀར་པོ་དང་། སེར་པོ་དང་། མཐིང་ག་དང་། དམར་པོ་དང་། ལྗང་གུ་དང་ལྔ་བསམས་ལ་ཕྱག་འཚལ་བ་དང་། འོད་བརྒྱད་སྤྲོས་པའི་རྩེ་མོ་བརྒྱད་ལས་བདུད་རྩི་ལྔ་དང་། ཌ་མ་རུའི་སྒྲ་དང་། རོ་ཐོགས་པ་དང་། འཁྱུད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་ པའི་འོད་ཟེར་ལྔ་རང་གི་ལུས་ལ་ཕོག་པས་སྡིག་པ་དག་པར་བསམས་པ་དང་། དེ་ལ་དགའ་བ་སྐྱེས་པས་རྗེས་སུ་ཡི་རང་བ་དང་། འོད་ཟེར་ཡང་བསྡུས་པས་ཐུགས་ཀར་ཐིམ་པར་བསམ་པ་ནི་ལུས་དབུལ་བ་དང་སྐྱབས་སུ་འགྲོ་བའོ། །དེ་ནས་ཡིད་ཀྱིས་ལྷ་རྣམས་གཤེགས་སུ་གསོལ་བར་ བྱའོ། །སྟོང་པ་ཉིད་ཀྱི་རྣལ་འབྱོར་ནི་དཔྲལ་བར་ཨོཾ་དཀར་པོ། ལྐོག་མར་ཨཱཿདམར་པོ། སྙིང་གར་ཧཱུཾ་མཐིང་ག་བསམས་ལ། འགྲོ་བ་རིགས་དྲུག་གི་ལུས་དང་སྣོད་ཨོཾ་ལ་ཐིམ་པ་དང་། ངག་ཨཱཿལ་ཐིམ་པ་དང་། སེམས་ཧཱུཾ་ལ་ཐིམ་པ་དང་། རང་ཡང་ཡི་གེ་གསུམ་ལ་ཐིམ་པར་ བསམས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿཞེས་པའི་སྔགས་བརྗོད་པར་བྱའོ། །དེའི་དོན་དྲན་པའི་སྒོ་ནས་སྟོང་པ་ཉིད་དུ་བསམ་པ་ཞེས་བྱ་བ་ནི། ཨོཾ་ཨཱཿལ་ཐིམ་པ་དང་། ཨཱཿཧཱུཾ་ལ། ཧཱུཾ་གི་ཞབས་ཀྱུ་ཧ་ལ། ཧ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་ད་ནམ་མཁའ་སྟོང་ པ་ལ་ཐིམ་པ་དང་། ཨོཾ་ཤཱུ་ནྱ་ཏཱ་ཞེས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་ལྡང་བའི་རྣལ་འབྱོར་ནི། །བྷཻ་རཾ་བ་ལ་སོགས་པ་རྟེན་དང་བརྟེན་པའི་ཚུལ་དུ་གནས་པ་ལ་ཞེས་བྱ་བ་ནི་འབྱུང་བ་བཞི་རི་རབ་དང་བཅས་པ་བསྐྱེད་པ་ལ་བྱའོ། །འབྱུང་བ་བཞིའི་ཡི་གེ་ནི་མིང་མཚན་གྱི་ཡི་གེ་ དང་པོའོ། །དབྱིབས་ནི་ཕྲིན་ལས་བཞིའི་རྟགས་སོ། །ཁ་དོག་བཞི་ནི་ཡེ་ཤེས་བཞིའོ། །མཚན་པ་ནི་འབྱུང་བའི་ལྷ་མོ་བཞིའི་རྟགས་སོ། །རི་རབ་ཀྱི་ཁ་དོག་བཞི་ནི་ཡེ་ཤེས་བཞིའི་རྟགས་སོ། །རྩེ་མོ་བརྒྱད་པ་ནི་རྣམ་པར་ཐར་པ་བརྒྱད་དོ། །སྣ་ཚོགས་རྡོ་རྗེ་ནི་ཕྲིན་ལས་ སྣ་ཚོགས་ཀྱིས་གྲུབ་པའོ། །སྣ་ཚོགས་པདྨ་ནི་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་རྟགས་སོ། །དེ་ནས་འཇུག་པའི་རྣལ་འབྱོར་ནི། ཨཱ་ལི་ཀཱ་ལི་སྦྱོར་བ་ལ། །ཞེས་བྱ་བ་ལ་ཨཱ་ལི་བཅུ་དྲུག་ལས་ཟླ་བའོ། །ཀཱ་ལི་སུམ་ཅུ་རྩ་བཞི་ལས་ཉི་མའོ། །དེའི་དབུས་སུ་ཡི་གེ་ཧཱུྃ་སྔོན་པོ་ འོད་ཟེར་ལྔ་དང་ལྡན་པ་ལ་རང་གི་སེམས་གཞུག་པར་བྱའོ། །ཉི་མའི་འོག་ཏུ་ཨོཾ། བར་དུ་ཨཱཿ། སྟེང་དུ་ཧཱུཾ་བསམས་ལ། ཨོཾ་ཨཱཿཧཱུཾ་སརྦྦ་བཱི་ར་ཡོ་གི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཡོངས་སུ་རྫོགས་པའི་རྣལ་འབྱོར་ནི། དཔལ་རྡོ་རྗེ་ ཧེ་རུ་ཀ་ཉི་མ་ལ་བཞུགས་ཤིང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ཡང་། བསྒོམ་པའི་འཁོར་ལོ་བདེ་མཆོག་དང་། །སྤྲུལ་པའི་འཁོར་ལོ་བདེ་མཆོག་དང་། །སེམས་ཀྱི་འཁོར་ལོ་བདེ་མཆོག་དང་། །ལུས་ཀྱི་འཁོར་ལོ་བདེ་མཆོག་གོ། །དེ་ལ་བསྒོམ་པའི་འཁོར་ལོ་བདེ་མཆོག་ ནི་དེ་ཉིད་བསྒོམ་པའོ། །སྤྲུལ་པའི་འཁོར་ལོ་བདེ་མཆོག་ནི་བྱིན་གྱིས་བརླབས་ནས་རྫུས་སྐྱེས་ཀྱི་འཁོར་ལོ་སྐུ་མདོག་དང་ཕྱག་མཚན་དང་ལྡན་པ་སྟེ་ཞལ་བཞི་ནི་མཐར་ཐུག་ཆོས་སུ་ཡེ་ཤེས་བཞི། གསང་བ་སྔགས་སུ་རླུང་བཞི། དམན་པ་དབྱིབས་སུ་རྩ་བཞིའོ། །སྤྱན་གསུམ་ ནི་ཆོས་སུ་སྐུ་གསུམ། སྔགས་སུ་རླུང་གསུམ། དབྱིབས་སུ་རྩ་གསུམ་མོ། །ཕྱག་བཅུ་གཉིས་ནི་ཆོས་སུ་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས། སྔགས་སུ་ལྐོག་མའི་རླུང་བཅུ་གཉིས། དབྱིབས་སུ་རྩ་བཅུ་གཉིས་སོ། དེ་ཡང་རྡོ་རྗེ་དང་དྲིལ་བུ་ནི་ཤེས་རབ་བོ། །གླང་པོ་ ཆེའི་པགས་པ་ནི་བཟོད་པའོ། །ཌ་མ་རུ་ནི་སྨོན་ལམ་མོ། །དགྲ་སྟ་ནི་ཚུལ་ཁྲིམས་སོ། །གྲི་གུག་ནི་ཡེ་ཤེས་སོ། །མདུང་རྩེ་གསུམ་པ་ནི་སྦྱིན་པའོ། །ཁ་ཊྭཱཾ་ག་ནི་བསམ་གཏན་ནོ། །ཁྲག་གིས་གང་བའི་ཐོད་པ་ནི་ཐབས་སོ། །ཞགས་པ་ནི་བརྩོན་འགྲུས་སོ། ། ཚངས་པའི་མགོ་བོ་ནི་སྟོབས་སོ། །ཞབས་གཉིས་ནི་ཐབས་དང་ཤེས་རབ་བོ། །འཇིགས་བྱེད་དང་དུས་མཚན་ནི་ཆོས་སུ་སྲིད་པ་དང་ཞི་བ། སྔགས་སུ་ཐུར་སེལ་གྱི་རླུང་གཉིས། དབྱིབས་སུ་བཤང་གཅི་གཉིས་ཀྱི་རྩ་བའོ། །རོལ་པའི་ཐོར་ཚུགས་ནི་ཆོས་སུ་སྤྲུལ་པ་འབྱེད་ པ། སྔགས་སུ་སྤྱི་གཙུག་གི་རླུང་སུམ་ཅུ་རྩ་གཉིས་སོ། །དབྱིབས་སུ་རྩ་སུམ་ཅུ་རྩ་གཉིས་སོ། །ཐོད་པའི་ཕྲེང་བའི་ཐོད་པ་ནི་ཆོས་སུ་ཡེ་ཤེས་ལྔ། སྔགས་སུ་སྤྱི་གཙུག་གི་རླུང་ལྔ། དབྱིབས་སུ་འབྱུང་བའི་རྩ་ལྔའོ། །སྒེག་པ་ལ་སོགས་པའི་ཉམས་དང་ ལྡན་པ་ཞེས་བྱ་བ་ནི། སྐུ་ལ་ཚོར་བ་གསུམ་ནུབ་པའི་རྟགས་ནི། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །ཞེས་བྱ་བ་ཡིན་ཏེ། སྒེག་པ་ནི་དབང་ཕྱུག་ཆེན་པོའི་ཉམས་བཅོམ་ནས་རྡོ་རྗེ་ཕག་མོ་དང་འཁྱུད་པའོ། །དཔའ་བ་ནི་གཞོན་ནུ་གདོང་དྲུག་གིས་ལྷ་མ་ཡིན་བ་སུ་ཏ་ཀ་ར་ བསད་ནས་རོའི་སྟེང་དུ་གར་བྱས་ཏེ་དཔའ་བར་སེམས་པའི་ང་རྒྱལ་བཅོམ་ནས་འཇིགས་བྱེད་དང་དུས་མཚན་ཞབས་ཀྱིས་མནན་པའོ། །འཇིགས་སུ་རུང་བ་ནི་ཁྱབ་འཇུག་ཕག་དང་སེང་གེའི་གདོང་གི་ཉམས་བཅོམ་ནས་ཞལ་བཞི་ཕྱག་བཅུ་གཉིས་མངའ་བའོ། །གསུང་ལ་ཚོར་ བ་གསུམ་ནུབ་པའི་རྟགས་ནི། །དགོད་དང་གཤེ་དང་རྔམ་པའོ། །ཞེས་བྱ་བ་ཡིན་ཏེ། །དགོད་པ་ནི་ལྷ་ཚངས་པའི་དབྱངས་ཀྱི་ང་རྒྱལ་བཅོམ་ནས་ཞལ་གཡས་པ་བཞད་པའོ། །གཤེ་བ་ནི་ཚོགས་བདག་གླང་སྣའི་གཤེ་བའི་ང་རྒྱལ་བཅོམ་ནས་ཞལ་རྒྱབ་མ་མཆེ་བ་གཙིགས་ཤིང་གླང་ པོ་ཆེའི་པགས་པ་བསྣམས་པའོ། །རྔམ་པ་ནི་ལྷ་མ་ཡིན་གྱི་རྒྱལ་པོ་སྒྲ་གཅན་གྱི་རྒྱལ་པོ་དང་ཟླ་བ་ཁར་འཛུག་པའི་ང་རྒྱལ་བཅོམ་ནས་ཚངས་པའི་མགོ་བོ་ཞལ་དུ་སྟོབ་པའོ། །ཐུགས་ལ་ཚོར་བ་གསུམ་ནུབ་པའི་རྟགས་ནི། སྙིང་རྗེ་ཞི་བ་ངོ་མཚར་ཆེ། །ཞེས་བྱ་བ་ཡིན་ཏེ། སྙིང་རྗེ་ ནི་བརྒྱ་བྱིན་ལག་ན་རྡོ་རྗེ་ཐོགས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ལ་བུ་གཅིག་པ་ལྟར་སེམས་པའི་ང་རྒྱལ་བཅོམ་ནས། རྡོ་རྗེ་དང་དྲིལ་བུ་བསྣམས་ཏེ་ཁམས་གསུམ་པ་ལ་བུ་གཅིག་པ་ལྟར་དགོངས་པའོ། །ཞི་བ་ནི་མེ་ལ་སྟོང་གསུམ་བསྐལ་པའི་མེས་འཇིགས་པའི་ཚེ་དབུས་ན་མི་ཚིག་ པའི་ང་རྒྱལ་བཅོམ་ནས་ཐལ་བའི་རྡུལ་གྱིས་ལུས་ལ་བསྒོས་པའོ། །ངོ་མཚར་ཆེ་བ་ནི་ཀླུ་སེ་ཤ་ག་སྟོང་གསུམ་གཡོ་བའི་ང་རྒྱལ་བཅོམ་ནས། སེ་ཤ་ཉིད་མགུལ་དུ་བཏགས་པའམ་མི་མགོ་ལྔ་བཅུ་བརྒྱུས་པའོ། །སྟག་གི་པགས་པའི་ཤམ་ཐབས་ནི་ཆོས་སུ་ཉོན་མོངས་པ་དང་ཤེས་ བྱའི་སྒྲིབ་པ་སྤངས་པའོ། །སྔགས་སུ་རླུང་གི་འཁོར་ལོ། དབྱིབས་སུ་འོག་ཏུ་བསྲུབ་བའི་ཉི་མ་དང་ཟླ་བའི་རྩའོ། །མི་མགོ་རློན་པའི་ཕྲེང་བ་ནི་ཆོས་སུ་འདུ་བྱེད་ལྔ་བཅུ་རྩ་གཅིག་གོ། །སྔགས་སུ་གཡས་གཡོན་གྱི་རླུང་འབྱུང་འཇུག་འཁོར་བ། དབྱིབས་སུ་ས་ནཱ་དང་ལ་ནཱའི་རྩའོ། །ཕྱག་རྒྱ་དྲུག་ནི་ ཆོས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག །སྔགས་སུ་དབང་པོ་དྲུག་གི་རླུང་། དབྱིབས་སུ་དབང་པོ་དྲུག་གི་རྩའོ། །དེའི་སྤྱན་སྔར་བཅོམ་ལྡན་འདས་མ་ཡུམ་སྐུ་མདོག་དམར་པོ་ཞེས་བྱ་བ་ལ། དམར་བ་ནི་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་ཆགས་པའི་རྟགས་སོ། །གཡོན་པའི་ཐོད་པ་ནི་ འཆི་བདག་གི་བདུད་བཅོམ་པའོ། །གྲི་གུག་ནི་ཡེ་ཤེས་ཏེ་ཉོན་མོངས་པའི་བདུད་བཅོམ་པའོ། །རུས་པའི་རྒྱན་ནི་ཕུང་པོའི་བདུད་བཅོམ་པའོ། །འཇིགས་བྱེད་དང་དུས་མཚན་ཞབས་ཀྱིས་མནན་པ་ནི་ལྷའི་བུའི་བདུད་བཅོམ་པའོ། །ཕྱག་རྒྱ་ལྔ་དང་ལྡན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པས་ས་བཅུ་གཅིག་ཐོབ་པའོ། །ཞལ་ནས་ཁྲག་གི་རྒྱུན་འཛག་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་འཆད་པའོ། །མཁའ་འགྲོ་དེ་བཞིན་མཛེས་མ་དང་། །ཞེས་བྱ་བ་ལ་སོགས་པ་ལ། མཁའ་འགྲོ་མ་ལ་སོགས་པ་ཡུམ་གྱི་ཕྱག་རྒྱ་བཞི་ནི་ཚད་མེད་པ་སྟེ། ཁ་ཊྭཱཾ་ག་དང་ཌ་མ་རུ་ནི་ཞི་ གནས་དང་ལྷག་མཐོང་ངོ་། །གྲི་གུག་དང་ཀ་པཱ་ལ་ནི་སྙིང་རྗེ་དང་ཤེས་རབ་བོ། །སྔགས་དང་དབྱིབས་ནི་སྔ་མ་བཞིན་ནོ། །མཚམས་རྣམས་སུ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་སྣོད་བཞི་དགོད་པ་ཞེས་བྱ་བ་ལ་བུམ་པ་བཞི་ནི་རིགས་བཞིའི་རང་བཞིན་ནོ། །ཐོད་པ་བཞི་ནི་བདུད་ རྩིའི་སྣོད་དེ་བདུད་བཞི་བཅོམ་པའོ། །དང་པོ་ཐུགས་ཀྱི་འཁོར་ལོ་ནི་རྩིབས་བརྒྱད་པ་སྟེ་མདོག་སྔོ་ནག །རྡོ་རྗེ་ཕྲེང་བས་རབ་བརྒྱན་པ། ཞེས་བྱ་བ་ལ་ནག་པོ་ནི་མི་བསྐྱོད་པའི་རིགས་སོ། །རྩིབས་བརྒྱད་ནི་རྣམ་པར་ཐར་པ་བརྒྱད་དོ། །རྡོ་རྗེ་ཕྲེང་བ་ནི་ཐུགས་ཀྱི་རྟགས་ སོ། །པུལླཱི་ར་མཱ་ལ་ཡ་སོགས་འཁོར་ལོའི་རྩིབས་རྣམས་ཀྱི་མིང་ནི་སྔོན་གྲུབ་པ་འཛམ་བུའི་གླིང་གི་གནས་སོ། །དེ་ཡང་གནས་བཞི་ནི་ལྷའོ། །ཉེ་བའི་གནས་ནི་དྲི་ཟའོ། །ཐོད་པའི་དུམ་བུ་དང་། རབ་ཏུ་གཏུམ་མོ་ལ་སོགས་པའི་དཔའ་མོ་དང་། དཔའ་བོའི་མིང་ནི་དྲག་ པོ་འཇིགས་བྱེད་ཀྱི་མིང་བཏགས་པའོ། །གཉིས་པ་གསུང་གི་འཁོར་ལོ་ནི། །ཞེས་བྱ་བ་ལ་དམར་པོ་ནི་པདྨའི་རིགས་སོ། །རྩིབས་བརྒྱད་པ་ནི་སྔ་མ་བཞིན་ནོ། །པདྨའི་ཕྲེང་བ་ནི་གསུང་གི་རྟགས་སོ། །ཞིང་དང་ཉེ་བའི་ཞིང་ནི་གནོད་སྦྱིན་གྱི་སྐད། ཚནྡོ་ དང་ཉེ་བའི་ཚནྡོ་ནི་སྲིན་པོའི་སྐད་དོ། །གསུམ་པ་སྐུ་ཡི་འཁོར་ལོ་ནི། །ཞེས་བྱ་བ་ལ་དཀར་པོ་ནི་དེ་བཞིན་གཤེགས་པའི་རིགས་སོ། །རྩིབས་བརྒྱད་ནི་སྔ་མ་བཞིན་ནོ། །འཁོར་ལོའི་ཕྲེང་བ་ནི་སྐུའི་རྟགས་སོ། །འདུས་པ་དང་ཉེ་བའི་འདུས་པ་ནི་ཀླུའི་སྐད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ནི་ལྷ་མ་ ཡིན་གྱི་སྐད་དོ། །གནོད་སྦྱིན་གྱི་སྐད་དང་སྲིན་པོའི་སྐད་དང་ལྷ་མ་ཡིན་དང་། ཀླུ་རྡོ་རྗེའི་རིགས་གཉིས་གཉིས་ཡོད་པ་ལས་ཞིང་དང་ཉེ་བའི་ཞིང་ལ་སོགས་པར་མིའམ་ཅི་གདུལ་བའི་ཕྱིར་སྒོ་མ་དང་མཚམས་མ་བརྒྱད། ཕྱག་མཚན་ནི་མཁའ་འགྲོ་མ་ལ་སོགས་པ་བཞིན་ནོ། ། སྒོ་མ་རྣམས་ནི་རིགས་ཀྱི་ཁ་དོག་གོ། །ཕྱེད་གཟུགས་མ་ནི་ཡིད་འཕྲོག་པའོ། །དཔྲལ་བའི་རྡོ་རྗེ་ཕྲེང་བ་ནི་དབང་བསྐུར་བའི་རྟགས་སོ། །གཞལ་ཡས་ཁང་ནི་ཡེ་ཤེས་ལྔའོ། །ཟུར་བཞི་ནི་མཉམ་པ་ཉིད་བཞིའོ། །སྒོ་བཞི་ནི་རྣམ་པར་ཐར་པ་བཞིའོ། །རྟ་བབས་བཞི་ནི་བསམ་ གཏན་བཞིའོ། །དུར་ཁྲོད་བརྒྱད་ནི་བདེ་བར་གཤེགས་པའི་གནས་བརྒྱད་དོ། །ཤིང་བརྒྱད་ནི་བྱང་ཆུབ་ཀྱི་ཤིང་བརྒྱད་དོ། །ཞིང་སྐྱོང་བརྒྱད་ནི་རྣམ་པར་གཟིགས་པ་ལ་སོགས་པའི་དེ་བཞིན་གཤེགས་པའོ། །ཀླུ་བརྒྱད་ནི་འཁོར་ལོས་སྒྱུར་བའི་ཡོན་བདག་བརྒྱད་དོ། ། སྤྲིན་བརྒྱད་ནི་རང་རྒྱལ་བ་བརྒྱད་དོ། །ཕོ་ཉ་བརྒྱད་ནི་ཉན་ཐོས་ཆེན་པོ་བརྒྱད་དོ། །འཛམ་བུ་གླིང་གི་ཕྱོགས་བརྒྱད་ནི་གཉིས་ལྡན་གྱི་དུས་རང་བཞིན་གྱིས་བྱུང་བའོ། །རྡོ་རྗེ་ར་བ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོའོ། །མེ་འོད་ནི་ཁམས་གསུམ་གྱི་གཉེན་པོ་ ཡེ་ཤེས་ཀྱི་མེའོ། །སེམས་ཀྱི་འཁོར་ལོ་བདེ་མཆོག་བསྟན་པའི་ཕྱིར། དེ་ནས་གཞན་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྷའི་སྦྱོར་བས་སྦྱར་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་མེད་གཟུགས་དང་སྦྱར་བ་དང་རྒྱུ་གཟུགས་ཅན་འབྲས་བུ་ཡེ་ཤེས་ དང་སྦྱར་བ་ནི་མཚོན་བྱ་མཚོན་བྱེད་དོ། །དྲན་པ་ཉེ་བར་གཞག་པ་བཞི་རྒྱུ། ཡང་དག་པར་སྤོང་བ་བཞི་རྐྱེན། གཞན་ནི་འབྲས་བུའོ། །ཡུམ་རྡོ་རྗེ་ཕག་མོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དཔལ་ཧེ་རུ་ཀ་ཡང་དག་པའི་ཏིང་ངེ་འཛིན་ཐབས་དེའི་ཆའོ། །དཔའ་བོ་ཉི་ཤུ་རྩ་བཞི་ནི་སྒྱུ་ མ་ལྟ་བུ། དཔའ་མོ་སུམ་ཅུ་རྩ་དྲུག་ནི་ཆོས་ཀྱི་རང་བཞིན་ཏེ་བྱིན་གྱི་བརླབས་ལ་ལུས་ཀྱི་ཁམས་ཉི་ཤུ་རྩ་བཞི་པའོ། །རྩ་ཉི་ཤུ་རྩ་བཞི་དཔའ་མོར་བསྒོམ་མོ། །གསང་བའི་གནས་མ་གཏོགས་པ་བུ་ག་བརྒྱད་ལ་ཁྭ་གདོང་མ་ལ་སོགས་པ་བརྒྱད། སྙིང་ག་ཆོས་ཀྱི་འཁོར་ལོའི་ རྩ་བཞི་ལ་མཁའ་འགྲོ་མ་ལ་སོགས་པ་བཞི་དང་བུམ་པ་བཞི་བསྒོམ་མོ། །བསྒོམ་པའི་འཁོར་ལོ་བདེ་མཆོག་ལུས་ཀྱི་སྐབས་སུ་སྦྱར་བ་ནི། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཡི་གེ་གསུམ་གྱི་ངོ་བོ་ཉིད། །ཅེས་པ་སྟེ་བསྐྱེད་པའི་དུས་སུ་ཉི་ཟླ་ཁ་སྦྱར་གྱི་སྟེང་འོག་ཏུ་བཀོད་ པའི་ཡི་གེའོ། །མཐོ་རིས་མི་ཡུལ་ས་འོག་ཏུ། །ཞེས་པ་ནི་གོ་རིམས་བཞིན་དུ་འཁོར་ལོ་གསུམ་གྱི་དབྱེ་བས་སོ། །སྐད་ཅིག་གཅིག་གིས་སྐུ་གཅིག་འགྱུར། །ཞེས་པ་ནི་རྫུས་སྐྱེས་སོ། །སྐད་ཅིག་ཙམ་གྱིས་རྣལ་འབྱོར་བདག །ཅེས་པ་ནི་ཐབས་དང་ཤེས་རབ་འཁྱུད་པའོ། ། སྐད་ཅིག་གིས་ནི་སྐུ་འཆར་ཞིང་། །ཞེས་པ་ནི་དཔའ་བོ་དང་དཔའ་མོ་ཕྱག་མཚན་དང་བཅས་པའོ། །ཀུན་ནས་ཀུན་དུ་སྐད་ཅིག་སྟེ། །ཞེས་པ་ནི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུས་གཅིག་ཏུ་བསྐྱེད་པའོ། །སྐད་ཅིག་གཅིག་ནི་གསང་སྔགས་འདོན། །ཞེས་པ་ནི་ཀུན་ ཀྱང་ཡི་གེ་ཧཱུཾ་འདོན་པའོ། །ཨོཾ་ཨཱཿཧཱུཾ་ལ་སོགས་པ་ནི་གང་གི་ཉི་ཟླ་ཁ་སྦྱོར་བྱིན་གྱིས་བརླབ་པའི་སྔགས་སོ། །བྱིན་གྱིས་བརླབ་པའི་རྣལ་འབྱོར་ནི། །དེས་ནི་གོ་ཆ་གཉིས་ཤེས་ནས། །ཞེས་བྱ་བ་ལས། ཨོཾ་ཧ་ལས་སྙིང་གར་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་ བུ་བསྣམས་པའོ། །ན་མཿཧི་ལས་རྡོ་རྗེ་མགོ་བོ་རྣམ་པར་སྣང་མཛད་སེར་པོ་འཁོར་ལོ་དང་དྲིལ་བུ་བསྣམས་པའོ། །སྭཱ་ཧཱ་ཧུ་ལས་སྤྱི་གཙུག་ཏུ་པདྨ་གར་གྱི་དབང་ཕྱུག་དམར་པོ་པདྨ་དང་དྲིལ་བུ་བསྣམས་པའོ། །བཽ་ཥ་ཊ་ཧེ་ལས་ཕྲག་པ་གཉིས་སུ་དཔལ་ཧེ་རུ་ཀ་ ནག་པོ་ཁ་ཊྭཱཾ་ག་དང་དྲིལ་བུ་བསྣམས་པའོ། །ཧཱུཾ་ཧཱུཾ་ཧོ་ལས་མིག་གཉིས་སུ་རྡོ་རྗེ་ཉི་མ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་བསྣམས་པའོ། །ཕཊ་ཧཾ་ལས་ཚིགས་མགོ་དྲུག་ཏུ་རྟ་མཆོག །སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །ཡུམ་གྱི་ལྟེ་པར་ཨོཾ་ པཾ་ལས་བཱ་རཱ་ཧཱི་དམར་མོ་གྲི་གུག་དང་ཀ་པཱ་ལ་བསྣམས་པའོ། །སྙིང་གར་ཧཾ་ཡོཾ་ལས་གཤིན་རྗེ་མ་ནག་མོའོ། །ཁར་ཧིཾ་མོཾ་ལས་རྨོངས་བྱེད་མ་དམར་མོ། མགོ་ལ་ཧྲེཾ་ཧྲིཾ་ལས་སྐྱོད་བྱེད་མ་ནག་མོའོ། །སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལས་སྐྲག་བྱེད་མ་སྔོན་མོའོ། །ཡན་ལག་ཐམས་ཅད་ ལ་ཕཊ་ཧཾ་ལས་ཙཎྜི་ཀ་དམར་མོ་སྟེ་ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པའོ། །ལག་པ་གཡས་པ་དང་གཡོན་པ་ལ་ལྷ་བཀོད་ལ་གནས་སུ་རེག་པས་རྒྱ་དང་རྒྱའི་འབུར་བཞིན་དུ་ཤེས་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ནི། སྙིང་གའི་ཡི་གེ་ཧཱུྃ་གི་འོད་ཟེར་དང་ མཛུབ་མོ་མདུད་བྱས་ཞེས་བྱ་བའི་ཕྱག་རྒྱས་སྤྱན་དྲངས་ཏེ་མཆོད་པ་བྱས་ལ། སྙིང་པོའི་ཕྱག་རྒྱས་རང་གི་སྤྱི་བོ་ནས་གཞུག་པར་བྱའོ། །རྡོ་རྗེའི་ཚིག་འདི་ལ་བཤད་པ་གསུམ་དུ་འགྱུར་ཏེ། ཆགས་ལམ་དང་། གྲོལ་ལམ་དང་། རང་ལྷག་པར་གནས་པའི་ལམ་མོ། །དེ་ལ་ ཆགས་ལམ་གྱི་དབང་དུ་བྱས་ནས་མཛུབ་མོ་མདུད་བྱས་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་འཁྱུད་པའོ། །གུང་མོ་ངེས་པར་སྦྱར་ཞེས་བྱ་བ་ནི་རྩ་དབུ་མ་གཉིས་ཁ་སྤྲད་པའོ། །མཐེ་བོ་རྡོ་རྗེ་རབ་ཏུ་སྦྱར། །ཞེས་བྱ་བ་ནི་གསང་བའི་རྡོ་རྗེའོ། །དེ་ནི་དཔྲལ་བའི་དབུས་སུ་རབ་ བཞག་ནས། །ཞེས་བྱ་བ་ནི་པདྨའི་དབུས་སུའོ། །བསྐོར་ཞིང་བསྐོར་བས་ཀུན་དུ་བསྐྱོད་པར་བྱ། །ཞེས་བྱ་བ་ནི་ཧཱུཾ་ཕཊ་ཀྱི་སྦྱོར་བས་སོ། །རྐང་པ་མནན་ཅིང་ཞེས་བྱ་བ་ནི་ཉི་མ་དང་ཟླ་བའི་རྩ་བཀག་པའོ། །སྟེང་དུ་བལྟ་ཞེས་བྱ་བ་ནི་འཁོར་ལོ་བཞི་ལ་དམིགས་པའོ། །གྱེན་དུ་ ཕེཾ་གྱི་སྒྲ་སྒྲོགས་ཤིང་། །ཞེས་བྱ་བ་ནི་གཏུམ་མོའི་དྲོད་སྦར་བའོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོའི་རྩ་སུམ་ཅུ་རྩ་གཉིས་སོ། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །གྲོལ་ ལམ་གྱི་དབང་དུ་བྱས་ན་མཛུབ་མོ་མདུད་བྱས་ཏེ་ཞེས་བྱ་བ་ནི་གཡས་གཡོན་གྱི་རླུང་བཀག་པའོ། །གུང་མོ་ངེས་པར་སྦྱར་ཞེས་བྱ་བ་ནི་རླུང་རྩ་དབུ་མར་བཅུག་པའོ། །མཐེ་བོ་རྡོ་རྗེ་བརྟན་པོར་རབ་ཏུ་སྦྱར། །ཞེས་བྱ་བ་ནི་འཁོར་ལོ་བཞིའི་དང་པོ་སྤྲུལ་པའི་འཁོར་ལོའོ། །དེ་ནི་དཔྲལ་བའི་དབུས་ སུ་རབ་བཞག་ནས། །ཞེས་བྱ་བ་ནི་རྩ་གསུམ་གྱི་དབུ་མའོ། །བསྐོར་ཞིང་བསྐོར་བས་ཀུན་དུ་བསྐྱོད་པར་བྱ། །ཞེས་བྱ་བ་ནི། གཡས་གཡོན་གྱི་རླུང་བསྲུབ་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །རང་ལྷག་པར་གནས་པའི་ལམ་གྱི་དབང་དུ་བྱས་ནས། མཛུབ་མོ་མདུད་བྱས་ ཞེས་བྱ་བ་ནི་རྟག་ཆད་ཀྱི་མཐའ་བཀག་པའོ། །གུང་མོ་ངེས་པར་སྦྱར་ཞེས་བྱ་བ་ནི་དབུ་མའི་ལམ་མོ། །མཐེ་བོ་རྡོ་རྗེ་བརྟན་པོ་རབ་ཏུ་སྦྱར། །ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཤེས་རབ་བོ། །དེ་ནི་དཔྲལ་བའི་དབུས་སུ་རབ་བཞག་ནས། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལ་དམིགས་ པའོ། །བསྐོར་ཞིང་བསྐོར་བས་ཀུན་དུ་བསྐྱོད་པར་བྱ། །ཞེས་བྱ་བ་ནི། ཤེས་རབ་རྣམ་པ་གསུམ་ལ་སྦྱངས་པའོ། །རྐང་པ་མནན་ཞེས་བྱ་བ་ནི། འཁོར་བ་སྤངས་པའོ། །སྟེང་དུ་བལྟ་ཞེས་བྱ་བ་ནི། གསུང་རབ་ཡན་ལག་བཅུ་གཉིས་སམ་ལམ་རྣམ་པ་ལྔ་ལ་དམིགས་ པའོ། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་ཤིང་། ཞེས་བྱ་བ་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་བསྒོམ་པའོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །ཞེས་བྱ་བ་ནི། ས་བཅུ་གཅིག་པའི་དེ་བཞིན་གཤེགས་པའོ། །དཔའ་བོ་རྣལ་འབྱོར་མ་རྣམས་ འགུགས། ཞེས་བྱ་བ་ནི། ཡེ་ཤེས་ཀྱི་རང་བཞིན་རྒྱུད་ལ་སྐྱེས་པའོ། །ཨོཾ་ཡོ་ག་ཤུདྡྷཿ། ཞེས་བྱ་བའི་སྔགས་ནི། ཡེ་ཤེས་སེམས་དཔའ་ལུས་ལ་གཞུག་པའོ། །ལག་པ་གཡས་པ་དང་གཡོན་པ་བསྐོར་བ་ནི་རྩ་གཡས་གཡོན་གཉིས་བཀག་ནས་རླུང་རྩ་དབུ་མར་ཆུད་པའོ། ། མཁའ་འགྲོ་མའི་བདེ་བ་དམ་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དབང་བསྐུར་བའི་རྣལ་འབྱོར་གྱི་སྙིང་གའི་ཡི་གེ་ཧཱུྃ་ལས་འོད་ཟེར་སྤྲོས་པས་དབང་བསྐུར་བའི་དཀྱིལ་འཁོར་ལྔ་སྤྱན་དྲངས་ལ། དཔའ་བོ་དང་དཔའ་མོའི་སྔགས་ཀྱིས་བཀོད་དེ། རྐང་པ་བརྒྱད་པས་མཆོད་པར་བྱའོ། ། དེ་ལ་ཡབ་ཡུམ་གཉིས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོ་ནི་ཞར་ལས་བྱུང་བའོ། །ཨོཾ་ཤྲཱི་བཛྲ་ནི་སྐུའི་སྐུ་གསུང་ཐུགས་སོ། །ཧེ་ཧེ་རུ་རུ་ཀཾ་ནི་གསུང་གི་སྐུ་གསུང་ཐུགས་སོ། །ཧཱུཾ་ཧཱུཾ་ཕཊ་ནི་ཐུགས་ཀྱི་སྐུ་གསུང་ཐུགས་སོ། །ཌཱ་ཀི་ནི་ཛཱ་ལ་སམྦ་ར་ནི་ཡོན་ཏན་གྱི་རྒྱུ་ དང་ལྡན་པའི་མཁའ་འགྲོ་མའོ། །ཉེ་བའི་སྙིང་པོ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །ཡུམ་གྱི་སྙིང་པོ་ནི་ལྷ་མོ་གོས་དཀར་མོའི་རང་བཞིན་འོད་ཟེར་རྣམ་པར་སྣང་བྱེད་དོ། །ཉེ་བའི་སྙིང་པོ་ནི། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། །རྒྱུད་བླ་མ་ནས་གསུངས་སོ། །དཔའ་ བོ་རྣམས་ཀྱི་སྙིང་པོ་ནི་བཅོམ་ལྡན་ཀྱི་སྔགས་སོ། །ཆ་ཉི་ཤུ་རྩ་བཞི་ནི་སྲོག་གི་སྙིང་པོ་བགོས་པའོ། །དཔའ་མོ་རྣམས་ཀྱི་ནི་རང་གི་མིང་ངོ་། །དེ་ཡང་ཐོག་མའི་མིང་ནི་སྐུ། བར་གྱི་ཧཱུྃ་གཉིས་ནི་ཐབས་དང་ཤེས་རབ་སྟེ་ཐུགས་སོ། །ཕཊ་ནི་གདུག་པ་འདུལ་བ་སྟེ་གསུང་ངོ་། ། བསྟོད་པའི་རྗེས་ལ་དབང་བསྐུར་བ་ནི་རང་གི་ལུས་ལ་འགྲོ་བ་དྲུག་གི་ས་བོན་དགོད་པ་སྟེ་མགོ་བོ་ལ་ལྷའི་ས་བོན་སུྃ། དཔྲལ་བར་ལྷ་མ་ཡིན་གྱི་ས་བོན་ཨ། ལྐོག་མར་མིའི་ས་བོན་ཎི། སྙིང་གར་ཡི་དགས་ཀྱི་ས་བོན་པྲེ། ལྟེ་བར་དུད་འགྲོའི་ས་བོན་ཏྲི། རྐང་མཐིལ་དུ་དམྱལ་བའི་ ས་བོན་དུཿབཀོད་ལ། ཡུམ་ལྔའི་ཐུགས་ཀ་ནས་ལྷ་མོ་ལྔ་ལག་ན་བདུད་རྩིའི་བུམ་པ་ཐོགས་ཏེ། གུར་ཀུམ་དང་མེ་ཏོག་གི་ཆར་འབེབས་ཤིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ། ཞེས་བྱ་བའི་ སྔགས་བརྗོད་ཅིང་དབང་བསྐུར་བས། ཐམས་ཅད་ཀྱི་སྤྱི་བོར་རྡོ་རྗེ་རྩེ་ལྔ་པ་བསམ་པ་ནི་དབང་རྟགས་སོ། །ཡབ་ཡུམ་གྱི་མཁའ་ལས་བྱང་ཆུབ་སེམས་དཔའ་དཀར་དམར་འཛགས་ནས། ལྕེ་ལ་ཕོག་པས་རྡོ་རྗེ་ལ་བདེ་བ་སྐྱེས་པ་ནི་གསང་བའི་དབང་སྟེ། སྨིན་མཚམས་ཀྱི་ མཛོད་སྤུ་རུ་འབར་བ་ནི་དབང་རྟགས་སོ། །དབང་བསྐུར་བའི་ཡུམ་རང་གི་ཡུམ་ལ་ཐིམ་ནས་སྙོམས་པར་ཞུགས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། དབུ་གཙུག་ཏོར་གྱེན་དུ་འབུར་བ་ནི་དབང་རྟགས་སོ། །དེ་ནས་དབང་བསྐུར་བར་ བྱེད་པའི་ལྷ་རྣམས་གཤེགས་སུ་གསོལ་ལོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི་དེ་ལྟར་ཅི་ནུས་ཀྱིས་ཡང་དང་ཡང་དུ་གསལ་བར་བསྒོམ་པ་དང་། སྐུ་ཡོངས་སུ་རྫོགས་པའམ་ཡན་ལག་གི་ཆ་ཤས་ཇི་སྲིད་མི་སྐྱོའི་བར་དུ་བསྒོམ་པ་དང་རྫོགས་པའི་རིམ་པའི་རྣལ་འབྱོར་ བསྒོམ་པ་དང་། བསྒོམ་པས་སྐྱོ་ན་བཟླས་པ་ཇི་སྲིད་འདོད་ཀྱི་བར་དུ་བྱ་བ་ནི་བསྒོམ་པ་དང་བཟླས་པའོ། །དེ་ནས་ཕྱི་ནང་གི་མཆོད་པས་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱོང་བ་དང་། གཏོར་མ་དབུལ་བ་ལ་སོགས་པ་ནི་མཆོད་པའི་རྣལ་འབྱོར་རོ། །ཉེ་བར་བསྡུ་བའི་རྣལ་ འབྱོར་ནི། སྤྲུལ་པའི་འཁོར་ལོ་ལུས་ལ་བསྡུ་བ་སྟེ། སེན་མོ་དང་སོ་དག་ལ་ནི་ཐོད་པའི་དུམ་བུའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་པོའི་ཕྱག་རྒྱ་དང་སྔགས་ཀྱིས་རང་གི་ལུས་ལ་གཞུག་པའོ། །དེ་ཡང་དཔའ་བོ་ཁམས་ལ། དཔའ་མོ་རྩ་ལའོ། །སྒོ་མཚམས་མ་ བརྒྱད་བུ་ག་བརྒྱད་ལ། ཡེ་ཤེས་ཀྱི་འཁོར་ལོ་སྙིང་གའི་རྩ་བརྒྱད་ལ། གཞལ་ཡས་ཁང་ལུས་ལ། རྡོ་རྗེའི་ར་བ་པགས་པ་ལ། མེ་འོད་ཀྱི་ཕྲེང་བ་ནི་བ་སྤུ་ལ་བསྡུ། དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧཱུྃ་བཀོད་ལ་ཡབ་ཀྱི་སྙིང་པོ་དང་། ཉེ་བའི་ སྙིང་པོ་དང་། ཡུམ་གྱི་སྙིང་པོ་དང་། ཉེ་བའི་སྙིང་པོ་དང་། དཔའ་བོ་དང་། དཔའ་མོའི་སྔགས་དང་། གོ་ཆའི་སྔགས་གཉིས་དང་། ཡབ་ཡུམ་གྱི་རྐང་པ་བརྒྱད་པའི་སྔགས་རྣམས་ཀྱིས་རིམ་པ་དུ་མ་མགལ་མེའི་འཁོར་ལོ་ལྟར་བསྐོར་ལ། དཔའ་བོའི་སྙིང་པོའི་ནང་དུ་མཆོད་ ཕྱིར་ཐོགས་ལ་གཞུག་པ་དང་། གོ་ཆའི་སྔགས་ལ་གོ་ཆ་དྲུག་གཞུག་པ་དང་། ཡུམ་གྱི་རྐང་པ་བརྒྱད་པ་ལ་མགུལ་ཏོ་གཞུག་པ་དང་། ཡབ་ཀྱི་སྙིང་པོ་ལ་མི་མགོ་ལྔ་བཅུའི་དོ་ཤལ་གཞུག་པ་དང་། ཉེ་བའི་སྙིང་པོ་ལ་རྒྱན་གཞུག་པ་དང་། ཡུམ་གྱི་སྙིང་པོ་ལ་གླང་པོ་ཆེའི་ པགས་པ་གཞུག་པ་དང་། དཔའ་བོའི་གོ་ཆའི་སྔགས་ལ་སྐེ་རགས་གཞུག་པ་དང་། དཔའ་མོའི་སྔགས་ལ་རྡོ་རྗེ་དང་དྲིལ་བུ་མ་གཏོགས་པའི་ཕྱག་མཚན་གཞུག་པ་དང་། ཡུམ་གྱི་ཉེ་བའི་སྙིང་པོ་ལ་ཞལ་ལྷག་མ་གསུམ་དང་ཅོད་པན་གཞུག་པའོ། །དེ་ནས་རྐང་པ་བརྒྱད་ པའི་སྔགས་ཀྱིས་མཆོད་ལ་ལྡང་བར་བྱའོ། །ཚམ་དམ་སྔགས་ཀྱིས་ཤིན་ཏུ་བསྲུང་། །ཞེས་བྱ་བ་ནི་ལྡང་བའི་ཚེ་སྤྱི་བོར་ཁྃ་ལས་ཁྲབ་བསྐྱེད། རྐང་པར་ཧྃ་ལས་རྒྱུན་བསྐྱེད་ལ་རྒྱུན་གྱིས་ཁྲབ་ཏུ་སིལ་གྱིས་བརྒྱུས་པ་ལ། ཨོཾ་སུམྦྷ་ནི་ཞེས་པའི་སྔགས་ཀྱིས་མདུན་ དུ་ཁྲོ་བོ་དཀར་པོ། ཨོཾ་གྲྀཧྞ་ཞེས་པས་གཡས་སུ་ཁྲོ་བོ་སེར་པོ། ཨོཾ་གྲྀཧྞཱ་པ་ཡ་ཞེས་པས་རྒྱབ་ཏུ་ཁྲོ་བོ་དམར་པོ། ཨོཾ་ཨཱ་ན་ཡ་ཧོ་ཞེས་པས་གཡོན་དུ་ཁྲོ་བོ་ལྗང་གུ་སྟེ། །ཀུན་ཀྱང་ཕྱག་གཡས་ན་རྡོ་རྗེ་གཡོན་ན་སྡིགས་མཛུབ་མཛད་པ་ཐམས་ཅད་རྫོགས་པར་བསྐྱེད་ལ་ལྡང་བར་ བྱའོ། །དེ་ལྟར་ཚམ་དམ་སྔགས་ཀྱིས་བསྲུངས་ནས་ཕར་སྤྲོ་བ་དང་ཚུར་བསྡུ་བ་ཤེས་པ་ནི་ཚངས་པར་སྤྱོད་པའི་རྟགས་བརྒྱད་དོ། །དེ་ནས་སྤྱོད་པ་བསྟན་པ་ནི། །འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། །དེ་ལྟར་རྣལ་འབྱོར་བདག་ཉིད་བསམ། །ཞེས་བྱ་བ་ནི། བག་ཚ་བ་མེད་ པའི་སྤྱོད་པ་སྟེ་དང་པོའོ། །འཁོར་ལོ་བདེ་མཆོག་བདེ་བའི་མཆོག །ཅེས་བྱ་བ་ནས། རིགས་གཅིག་ཏུ་ནི་རྣམ་པར་བརྟག །ཅེས་བྱ་བའི་བར་གྱིས་ནི་རིགས་མཉམ་པ་ཉིད་དུ་སྤྱོད་པ་བསྟན་པ་སྟེ་གཉིས་པའོ། །རྣམ་པར་མི་རྟོག་བདག་ཉིད་སེམས། །ཞེས་བྱ་བ་ནས། དཔའ་ བོ་སེང་གེ་བཞིན་དུ་སྤྱོད། །ཅེས་བྱ་བའི་བར་གྱིས་ནི་རྣམ་པར་མི་རྟོག་པ་ལ་སྤྱོད་པ་བསྟན་ཏེ་གསུམ་པའོ། །དེ་ནས་རྫོགས་པའི་རིམ་པ་བསྟན་པའི་ཕྱིར། །ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་རྣམ་པ་བཞི་སྟེ་བསྒོམ་པ་དངོས་དང་སྤྱོད་པ་དང་གཞན་དོན་དང་ འབྲས་བུ་ཕན་ཡོན་ནོ། །དེ་ནས་ཨཱ་ལི་ཀཱ་ལི་མདུན་བསམས་ནས། །ཞེས་བྱ་བ་ནི། ཆགས་ལམ་ལ་སྐྱེས་པ་དང་བུད་མེད་དོ། །གྲོལ་ལམ་ལ་སྙིང་ག་དང་ལྟེ་བའི་ཐིག་ལེའོ། །རྣལ་འབྱོར་ཆེན་པོ་ངལ་བསོ་སྟེ། །ཞེས་བྱ་བ་ནི། ཆགས་ལམ་ལ་བྱང་ཆུབ་ཀྱི་སེམས་སོ། །གྲོལ་ ལམ་ལ་ཐིག་ལེ་བསྒོམ་པའོ། །ཟླ་བའི་དཀྱིལ་འཁོར་རྫོགས་པའོ། །ཞེས་པ་ནི། ཆགས་ལམ་ལ་འཁོར་ལོ་བཞི་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའོ། །གྲོལ་ལམ་ལ་སྤྲུལ་པའི་འཁོར་ལོའི་གནས་སུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཁ་སྦྱར་བསྒོམ་པའོ། །ལྟེ་བའི་རྩ་བར་ གནས་པར་བསྒོམ། །ཞེས་བྱ་བ་ནི། ཆགས་ལམ་ལ་གསང་བའི་རྡོ་རྗེའི་ནོར་བུར་གཟུང་བའོ། །གྲོལ་ལམ་ལ་གཏུམ་མོའི་གནས་སུའོ། །ཡི་གེ་གནས་ཀྱི་མཆོག་གྱུར་པ། །ཞེས་བྱ་བ་ནི། ཆགས་ལམ་ལ་མི་འགྱུར་བའི་བྱང་ཆུབ་ཀྱི་སེམས་ཨཀྵ་ར་ཞེས་བྱའོ། །གྲོལ་ལམ་ ལ་ལྟེ་བའི་ཧཱུྃ་འཁྱིལ་པའོ། །དེ་ནི་དབུས་སུ་རྣམ་པར་བསམ། །ཞེས་བྱ་བ་ནི། ཆགས་ལམ་ལ་གསང་བའི་རྡོ་རྗེའི་དབུས་སུའོ། །གྲོལ་ལམ་ལ་ལྟེ་བའི་དབུས་སུའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །ཞེས་བྱ་བ་ནི། ཆགས་ལམ་ལ་དགའ་བྲལ་ སྤངས་པའི་དགའ་བ་གསུམ་པོའོ། །གྲོལ་ལམ་ལ་བྱང་ཆུབ་ཀྱི་སེམས་ཁྲག་དང་རླུང་རོ་གཅིག་པའོ། །ལྟེ་བའི་རླུང་དང་ཐིག་ལེ་ཉིད་ལ་ལྷའི་སྐུ་ཞེས་བྱའོ། །རང་ལྷག་པར་གནས་པའི་ལམ་ནི། དེ་ནི་གཟུགས་ལས་འདས་གྱུར་ཀྱང་། །ཞེས་བྱ་བ་ནི། གཟུང་བ་བཀག་ནས་ རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པའོ། །སེམས་ཉིད་འབྱུང་བ་མ་ཡིན་ཉིད། །དེ་ཡང་བསམ་གྱིས་མི་ཁྱབ་བསམ། །ཞེས་བྱ་བ་ནི། འཛིན་པ་བཀག་ནས་མི་བསྐྱོད་པས་རྒྱས་བཏབ་པའོ། །སེམས་ཉིད་བརྟག་པར་མི་བྱའོ། །བསམ་གྱིས་མི་ཁྱབ་དེ་བསམ་ན། །ཞེས་བྱ་ བ་ནི། རྡོ་རྗེ་སེམས་དཔས་རྒྱས་བཏབ་པའོ། །དེ་ནས་འཛིན་པ་ཐོབ་པར་འགྱུར། །ཞེས་བྱ་བ་ནི། སྐུ་གསུང་ཐུགས་ཀྱི་རང་བཞིན་ཐོབ་པའོ། །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཞེས་བྱ་བ་ནས། རྣལ་འབྱོར་མ་ནི་མཚན་མོར་བཤད། །ཅེས་བྱ་བའི་བར་གྱིས་རྫོགས་པའི་རིམ་པའི་སྤྱོད་པ་ བསྟན་པའོ། །སྤྲུལ་པ་ལས་བྱུང་དཔའ་བོ་རྣམས། །ཡན་ལག་དྲུག་ཅུ་སེམས་ཀྱིས་སྤྲུལ། །ཞེས་པ་ནི། ཐུན་བཞིར་དཀྱིལ་འཁོར་སེམས་ཀྱིས་སྤྲུལ་པའོ། །དེ་ཡང་ཐུན་ཕྱི་མ་ལ་དཀྱིལ་འཁོར་སྤྲུལ་ཙམ་ན། ཧཱུཾ་གི་སྒྲས་ཕྱི་རོལ་དུ་སྐད་ཅིག་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ ཐམས་ཅད་རྫོགས་པར་བསྒོམ་པས་ན། སྒྲ་ཡི་ཚུལ་ལ་ངེས་འབྱུང་རྣམས། །དམ་ཚིག་སྤྱད་པའི་སྤྱོད་ཚུལ་ཡིན། །ཞེས་གསུངས་སོ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་པ་ནས། མྱ་ངན་འདས་པ་མི་སྟོན་ཏོ། །ཞེས་བྱ་བའི་བར་གྱིས་ཧེ་རུ་ཀ་རྟོགས་པའི་འབྲས་བུའོ། ། འཕོ་བའི་ཚེ་ན་རྣལ་འབྱོར་པ། །ཞེས་བྱ་བ་ནི། འཆི་བའི་ཚེ་རྣལ་འབྱོར་པས་ཕཊ་ཕེཾ་ཞེས་པའི་སྔགས་དང་ཕྱག་རྒྱས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། སྙིང་པོའི་ཕྱག་རྒྱས་དེའི་ཐུགས་ཀར་ཞུགས་ནས་ལུས་འདིར་གནས་ཀྱང་། སེམས་མཁའ་སྤྱོད་ཀྱི་ གནས་སུ་འཁྲིད་པར་བྱེད་དོ། །དཔལ་བཅོམ་ལྡན་འདས་མངོན་པར་རྟོགས་པའི་དཀའ་འགྲེལ་སློབ་དཔོན་བཱི་ར་བཛྲས་མཛད་པ་རྫོགས་སོ།། ༄། །དཔལ་བདེ་མཆོག་འཁོར་ལོའི་ཆོ་ག་ཡིད་འོང་ཕྲེང་བ་བཞུགས། ༄༅༅། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ལ། །ཀུན་ ནས་དང་བས་ཕྱག་འཚལ་ཏེ། །བདེ་མཆོག་འཁོར་ལོ་གསང་བ་ཡི། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །དཔལ་ལྡན་འཁོར་ལོ་བདེ་མཆོག་གི་རྒྱུད་དང་དབང་བསྐུར་བ་ཐོབ་པའི་རྣལ་འབྱོར་པའི་དོན་དུ་དཀྱིལ་འཁོར་གྱི་ཆོ་ག་བསྡུ་བར་བྱའོ། །སྡོམ་ནི། བསྙེན་པ་དང་ནི་ དཀྱིལ་འཁོར་གཉིས། །བསྙེན་པ་ཡང་ནི་རྣམ་གསུམ་སྟེ། །གྲངས་དང་དུས་དང་མཚན་མའོ། །དཀྱིལ་འཁོར་ཡང་ནི་རྣམ་གཉིས་ཏེ། །ལྷག་པར་གནས་དང་མཆོད་པའོ། །གྲངས་བསྙེན་སོ་སོ་རྣམ་གསུམ་སྟེ། །སྔོན་འགྲོ་དངོས་དང་ལྡན་པའོ། །ལྷག་གནས་ལ་ཡང་ རྣམ་གཉིས་ཏེ། །རང་དོན་དང་ནི་གཞན་དོན་དང་། །མཆོད་པ་ལ་ཡང་རྣམ་གཉིས་ཏེ། །བདག་སྒྲུབ་དང་ནི་གཞན་སྒྲུབ་པོ། །སྔོན་འགྲོ་དངོས་དང་རྗེས་དང་ནི། །ཡན་ལག་ལ་སོགས་ཐུན་མོང་ངོ་། །རེ་ཞིག་སྒྲུབ་པར་འདོད་པའི་གང་ཟག་གནས་དབེན་པའི་ས་ཕྱོགས་ སུ་སྟན་བདེ་བ་ལ་འདུག་སྟེ། མཆོད་པའི་རྫས་རྣམས་བསགས་ནས་བདུད་རྩི་ལྔས་བྱུགས་པའི་མཎྜལ་བྱས་ལ་དྲིའི་ཐིག་ལེ་དང་མེ་ཏོག་བཀྲམ་ནས་སྟོད་གཡོགས་དང་སྨད་གཡོགས་དང་རྡོ་རྗེ་དྲིལ་བུ་དང་། གསང་བའི་ཅོད་པན་དང་། རུས་པའི་རྒྱན་རྣམས་མདུན་དུ་ བཞག་སྟེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཆུས་བསངས་ལ་ཡི་གེ་ཧཱུྃ་ལས་མཆོད་ཡོན་དང་མཆོད་པ་རྣམ་པ་ལྔ་ལྷ་མོ་རེ་རེ་བསྐྱེད། ཡིག་འབྲུ་གསུམ་དུ་བྱིན་གྱིས་བརླབས་ལ་གཟི་བརྗིད་བསྐྱེད་པའི་ཕྱིར་ནང་ཕན་ཚུན་མཆོད་ལ་གཞག་པར་བྱའོ། །ཧཱུཾ་དང་ཨ་ལས་རྡོ་རྗེ་དང་དྲིལ་བུ་བསྐྱེད་ལ་ ཡེ་ཤེས་ཀྱི་རྡོ་རྗེ་དང་དྲིལ་བུ་བཅུག་ལ་ཡི་གེ་གསུམ་གྱིས་གནས་གསུམ་དུ་བྱིན་གྱིས་བརླབས་ལ་མཆོད་པ་རྣམ་པ་ལྔས་མཆོད་པར་བྱའོ། །ཅོད་པན་ལ་སོགས་རྒྱན་རྣམས་རིགས་ལྔའི་ས་བོན་གྱིས་ལྷར་བསྐྱེད་པ་དང་། ཧཱུཾ་གིས་རྡོ་རྗེས་མཚན་པའི་ཕྱག་རྒྱ་སྤྱི་གཙུག་ཏུ་བསྐྱེད་ལ། ཅོད་ པན་ཡང་ཡི་གེ་གསུམ་གྱིས་གནས་གསུམ་དུ་བྱིན་གྱིས་བརླབས་ལ་ཅོད་པན་ལས་གཟི་བརྗིད་བསྐྱེད་པར་བྱའོ། །དེ་ནས་བདུད་རྩི་ལྔའི་རི་ལུ་ཁར་བཅུག་ལ་གཡས་བརྐྱང་བའི་གནས་པས་གནས་ཏེ། ཅོད་པན་དང་རྒྱན་བཏགས་ནས་སྙོམས་པར་འཇུག་པའི་ཕྱག་རྒྱས་རྡོ་རྗེ་ དང་དྲིལ་བུ་བཟུང་ལ་བསྒོམ་པར་བྱའོ། །དེ་ལྟར་སྔོན་དུ་འགྲོ་བའི་ཡན་ལག་བཤད་ནས། དངོས་གཞི་ནི། དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །གནས་དང་ལྡང་བ་ཉིད་དང་ནི། །འཇུག་དང་ཡོངས་སུ་རྫོགས་པ་དང་། །བྱིན་གྱིས་བརླབ་དང་དབང་བསྐུར་དང་། །ཏིང་འཛིན་ མཆོད་དང་ཉེ་བར་བསྡུ། །ཞེས་བྱ་བའི་དོན་ལས་ཚད་མེད་པའི་རྣལ་འབྱོར་དང་། བྱིན་གྱིས་བརླབ་པའི་རྣལ་འབྱོར་དང་། སྲུང་བའི་རྣལ་འབྱོར་དང་། ཚོགས་སོགས་པའི་རྣལ་འབྱོར་ལ་སྤོས་སྣོད་ལག་ཏུ་བླངས་ཏེ། དྲིལ་བུ་དཀྲོལ་ནས་སྤྱན་དྲང་བར་བྱ་སྟེ། ཧཱུཾ་གཉིས་མེད་ མཁའ་ལྟར་དག་པ་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ལོངས་སྤྱོད་རྫོགས་སྐུ་ཐུགས་རྗེ་བདག་ཉིད་ལས། །ཡེ་ཤེས་སྒྱུ་མའི་ཚུལ་གྱིས་གཤེགས་སུ་གསོལ། །དེ་ནས་བར་སྣང་དུ་བྱོན་པར་བསམས་ལ། མཆོད་ཡོན་དང་ཞབས་བསིལ་ དང་། མཆོད་པ་རྣམ་པ་ལྔ་དང་། ཆང་ལ་སོགས་པ་ནང་གི་མཆོད་པས་མཆོད་པར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་ཤྲཱི་ཧེ་རུ་ཀ་པྲ་བ་ར་ས་ཏ་ཀཱ་ར་པྲ་ཏཱིཙྪ་སྭཱ་ ཧཱ་ཞེས་བྱ་བ་དང་། བདེ་བའི་ལོངས་སྤྱོད་ལས་བྱུང་བ། །དགྱེས་པ་རྣམས་ཀྱི་བདེ་བའི་མཆོག །ཐར་པའི་མཚན་ཉིད་དང་ལྡན་པའི། །ལོངས་སྤྱོད་རྒྱལ་པོ་གཤེགས་སུ་གསོལ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། རྫོགས་སངས་རྒྱས་ལ་ སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་ནས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་གྱུར་ཅིག །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྒེག་དང་བཅས་པའི་མེ་ཏོག་ཕྲེང་། །སངས་རྒྱས་ཀུན་སོགས་ རྣལ་འབྱོར་མ། །དེ་ནི་བྲལ་བར་མི་འགྱུར་ཏེ། །མེ་ཏོག་ཕྲེང་བས་རྒྱན་གྱུར་ཅིག །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཆོས་ཀྱི་མར་མེ་ལེགས་སྦར་བས། །པདྨ་གར་དབང་བདག་ཉིད་དེ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མས་སྣང་གྱུར་ཅིག ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །དྲི་མེད་རྒྱལ་བ་རྣམས་ཀྱི་དྲི། །ལུས་ཅན་བྱང་ཆུབ་ཐོབ་གྱུར་ཅིག །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ཎ་ས་མ་ ཡེ་ཧཱུཾ། ཆགས་པའི་འདམ་གྱིས་ཁྱོད་མ་གོས། །བདེ་བ་ཆེན་པོའི་ཞལ་ཟས་ཀྱིས། །པདྨ་རྒྱས་པའི་རོ་བཞིན་དུ། །བུང་བ་ལྟ་བུར་ཚིམ་པར་མཛོད། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ནྱཻ་ཝཱི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་དང་། ཡོན་ཆབ་མ་དཀར་མོ། ཞལ་བསིལ་མ་སྔོན་མོ། བདུག་པ་མ་དུད་ཀ །མེ་ཏོག་མ་དམར་མོ། །བྱུག་པ་མ་ལྗང་གུ། ཞལ་ཟས་ཀྱི་རོ་ཐོགས་པ་མཐིང་ག་རྣམས་ཏེ། ཕྱིའི་མཆོད་པ་སྤྲུལ་པ་དང་། ནང་གི་མཆོད་པ་སྤྲུལ་པ་དང་། བདུད་རྩི་ལྔ་དང་། གསང་བའི་མཆོད་པ་ལ་སོགས་པས་ མཆོད་ལ་བསྟོད་པ་དང་ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྐྱབས་སུ་འགྲོ་བ་དང་བཅས་པ་བྱ་སྟེ། དེ་ནས་སྟོང་པ་ཉིད་ཀྱི་རྣལ་འབྱོར་པ་བསྟེན་པར་བྱའོ། །དེ་ལྟར་སྔོན་དུ་འགྲོ་བའི་རྣལ་འབྱོར་ བསྒོམས་ནས་དངོས་གཞི་ལ་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་ལ་གོ་ཆ་བགོ་སྟེ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་མཆོད་པ་དང་བསྟོད་པ་བྱའོ། །དེ་ནས་དབང་བསྐུར་བའི་ལྷ་སྤྱན་དྲངས་ལ་མཆོད་ཡོན་དང་། ཞལ་བསིལ་ དང་། མཆོད་པ་རྣམ་པ་ལྔས་མཆོད་ལ། མཐར་ཡང་སྤོས་སྣོད་ལག་ཏུ་ཐོགས་ལ་བསྟོད་པ་བྱ་སྟེ། ཨ་ཤིན་ཏུ་དགྱེས་པ་དེ་ཡི་མཆོག་བརྙེས་པ། །གཉིས་སུ་མེད་པའི་བདེ་བའི་བདག་ཉིད་ཅན། །བདེ་གཤེགས་ཞི་བའི་བདག་ཉིད་མཉམ་པར་སྦྱོར། །བདེ་བར་གྲོལ་བ་ཁྱོད་ལ་ཕྱག་འཚལ་ ལོ། །བདེ་བ་ཆུ་སྐྱེས་དབུས་གནས་པའི། །ཆགས་པའི་འདམ་གྱིས་མ་གོས་པ། །བདེ་བ་ཆེན་པོས་གྲོལ་མཛད་པའི། །བདེ་མཆོག་སྐུ་ལ་ཕྱག་འཚལ་འདུད། །ཅེས་བརྗོད་ལ། གཞན་ཡང་པི་ཝང་མ་དང་། གླིང་བུ་མ་དང་། རྔ་རིངས་མ་དང་། རྫ་རྔ་མ་དང་། སྔོ་བ་དང་། སེར་བ་དང་། དམར་བ་དང་། ལྗང་གུའོ། །བཞད་མ་དང་། སྒེག་མ་དང་། གླུ་མ་དང་། གར་མ་དང་། དམར་བ་དང་། སྔོ་བ་དང་། སེར་བ་དང་། ལྗང་གུའོ། །མེ་ཏོག་མ་དང་། བདུག་པ་མ་དང་། མར་མེ་མ་དང་། བྱུག་པ་མ་དང་། སེར་བ་དང་། དུད་ཀ་དང་། དམར་བ་དང་། དཀར་བའོ། །གཟུགས་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དང་། མེ་ལོང་དང་། ཞལ་ཟས་དང་། ན་བཟའ་ཐོགས་པ་དང་། ཆོས་ཀྱི་དབྱིངས་གྲུ་གསུམ་བསྣམས་པ་ཟླ་བའི་མདོག་ དང་། དམར་བ་དང་། ལྗང་བ་དང་། དཀར་བའོ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པའོ། །དེ་རྣམས་ཀྱི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་བཱི་ཎེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཾ་ཤེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མྲྀ་དཾ་གེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མུརྫེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཧཱ་སེ་ཧཱུཾ་ཧཱུཾ་ ཕཊ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་གཱིརྟི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ནིརྟི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་པུཥྤེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ངྷཱུ་པེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་གནྡྷེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སྤཪྵེ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་རཱ་ས་བཛྲི་ཎི་ཧཱུཾ་ཧཱུཾ་ ཕཊ། ཨོཾ་བཛྲ་དྷརྨ་དྷཱ་ཏུ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཅེས་བྱ་བས་གྲོགས་དང་བཅས་པས་མཆོད། ཐོག་མར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་ལ་ཐུན་མོང་དུ་གཏོར་མ་བྱིན་ལ་དེ་ནས་དཀྱིལ་འཁོར་ལྟེ་བར་བསྡུ་བར་བྱ་སྟེ། སྙིང་གར་ཡི་གེ་ཨ་ལས་ ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧཱུྃ་བཞག་ལ་ཡབ་ཡུམ་གྱི་སྙིང་པོ་དང་ཉེ་བའི་སྙིང་པོ་སྟེ་བཞི་དང་། དཔའ་བོ་དང་དཔའ་མོའི་རྩ་བའི་སྔགས་དང་། གོ་ཆའི་སྔགས་དང་། རྐང་པ་བརྒྱད་པའི་སྔགས་ཏེ་ཡི་གེའི་ཕྲེང་བ་རིམ་པ་བདུན་གྱིས་ བསྐོར་ལ་བསྡུ་བར་བྱའོ། །དེ་ལྟར་ཐོ་རངས་ཀྱི་ཐུན་བསྒོམས་ནས་ཐུན་གསུམ་པ་ལ་ནི་སྙིང་གའི་གནས་ནས་ཧཱུཾ་གི་སྒྲས་བསྐུལ་ནས་དཀྱིལ་འཁོར་སྤྲུལ་ལ་བསྒོམ་པར་བྱའོ། །བཟླས་པ་ཅི་ནུས་བྱས་ལ་བཟླས་པའི་ཐོག་མ་དང་ཐ་མར་སྔར་བཤད་པའི་མཆོད་པ་དབུལ་ བར་བྱའོ། །ཐུན་ཐ་མར་ཡང་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བའམ་ལུས་ལ་གཞུག་པ་ཅི་རིགས་པར་བྱའོ། །ལངས་པའི་ཚེ་རྗེས་ལ་ཚ་ཚ་གདབ་པའམ་རྒྱུན་ཆགས་ཀྱི་སྤྱོད་པ་དང་། ཆོས་སྤྱོད་པའི་སྤྱོད་པ་དང་། བསྐོར་བ་ལ་སོགས་པའི་ཉིན་མོའི་ཆའི་ སྤྱོད་པ་དང་། མཚན་མོའི་ཆའི་སྤྱོད་པ་སྒྱུ་མ་ལྟ་བུ་དང་། སྟོང་པ་ཉིད་འོད་གསལ་བར་ཐིམ་པས་གནས་པར་བྱའོ། །དེ་ལྟར་བསྙེན་པ་བྱེད་པར་འདོད་པས་དུ་བ་དང་སྨིག་རྒྱུ་ལ་སོགས་པའི་རྟགས་མཐོང་བའམ་ཆུ་སྲིན་གྱི་ཟླ་བ་ནས་བརྩམས་ཏེ་ལོའམ་ལོ་ཕྱེད་ དམ་ཟླ་བ་བཞིར་དུས་ཀྱི་བསྙེན་པ་བྱའོ། །ཡང་ན་གྲངས་ཀྱི་བསྙེན་པ་བྱེད་པར་འདོད་པས་ངེས་པར་བརྗོད་པ་ལས་སྔོན་དུ་བསྙེན་པ་བྱ་བ་ནི། ཆོ་ག་བཞིན་དུ་འབུམ་དུ་བཟླས། འཁོར་ལོའི་གསང་སྔགས་འབུམ་བཟླས་ཤིང་། །གཞན་དག་ཁྲི་རུ་བཟླས་ནས་ནི། །བཀའ་ ཡི་འཁོར་ལོ་བྲི་བར་བྱ། །ཞེས་འབྱུང་བའི་ཕྱིར་རོ། །ལྷ་མཉེས་པར་བྱ་བའི་ཕྱིར་སྔོན་དུ་བསྙེན་པ་གསུམ་ལས་གང་ཡང་རུང་བ་སྤྱད་པར་བྱའོ། །སྔོན་དུ་བསྙེན་པ་བྱ་བའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་བྲི་བར་འདོད་པས་ཡིད་དང་མཐུན་པའི་གནས་ནི་རྩ་རྒྱུད་ལས། རི་དང་ནགས་ཚལ་སྨན་ལྗོངས་དང་། །རྒྱ་མཚོ་ཆེན་པོའི་འགྲམ་དང་ནི། །སྔོན་གྲུབ་པ་ཡི་དུར་ཁྲོད་དུ། །དཀྱིལ་འཁོར་ཆེན་པོ་བྲི་བར་བྱ། །ཞེས་གསུངས་སོ། །དེ་ནས་སློབ་མས་གསོལ་བ་གདབ་པར་བྱ་སྟེ། སྐྱེ་བ་མང་པོའི་སྡིག་པ་ནི། །བསགས་པ་རྣམ་པར་འཇིག་ པའི་ཕྱིར། །སྡོམ་པ་སོ་སོར་གཟུང་བར་བགྱི། །དཔའ་བོ་འཁོར་ལོ་བདེ་མཆོག་མཛོད། །ཅེས་བརྗོད་པར་བྱའོ། །དེ་ནས་ས་བརྟག་པ་དང་། ས་བསླང་བ་དང་། ས་སྦྱད་བ་དང་། ས་གཟུང་བ་དང་། ས་སྤེལ་བ་དང་རྣམ་པ་ལྔ་སྟེ། བརྟག་པ་ནི་བྱང་དང་ཤར་དུ་གཞོལ་བ། དབུས་མཐོ་བ་ཞི་ བ་དང་རྒྱས་པའི་བྱེ་བྲག་གིས་དཀར་བ་དང་སེར་བ་དང་། ས་རྒོད་ལ་སོགས་སྤངས་པར་བརྩིག་པའམ་བྲི་བའི་དོན་དུ་མི་ལ་བསླང་བའམ། མི་སྣང་བ་སའི་ལྷ་མོ་ལ་སོགས་པ་ལ་བསླང་བར་བྱ་བའི་ཕྱིར་ཕྱོགས་དེར་མཎྜལ་བྱས་ལ་སའི་ལྷ་མོ་སྤྱན་དྲངས་ལ་དམ་ཚིག་གི་ཕྱག་རྒྱ་བསྟན་ནས་ མཆོད་པ་རྣམ་པ་ལྔས་བསྟབས་ཏེ་གཏོར་མ་དང་བཅས་པ་ཕུལ་ནས་ཆུའི་ས་བརྟག་པར་བྱའོ། །ས་བསླང་བའི་ཆོ་གའོ། །དེ་ནས་པུས་མོའམ་ལྟེ་བའམ་ལྐོག་མའམ་བརྐོས་ལ་བདུད་རྩི་རྣམ་པ་ལྔ་སྤོས་ཆུ་དང་བཅས་པས་དགང་བར་བྱས་ནས་དྲག་པོ་དང་ཞི་བའི་སྦྱིན་སྲེག་ཅི་རིགས་པར་བྱའོ། ། དེ་ཡང་ངེས་པར་བརྗོད་པ་ལས། །ས་ནི་ཡོངས་སུ་སྦྱངས་ནས་ཀྱང་། །བརྡུང་ཞིང་ལེགས་པར་བརྡུངས་ནས་ཀྱང་། །མཉམ་ཞིང་ཟུག་རྔུ་མེད་པར་ཡང་། །དེར་ནི་ཆུ་དང་ལྕི་བ་ཡིས། །དཀྱིལ་འཁོར་ས་ནི་ཉེ་བར་བྱུག །དུར་ཁྲོད་ཐལ་བ་ལྡན་པ་དང་། །མི་འཆི་བཅུ་ཕྱེད་བཅས་པ་ཡིས། ། དཀྱིལ་འཁོར་ས་ནི་ཉེར་བྱུགས་ཏེ། །དེར་ནི་དཀྱིལ་འཁོར་བརྩམ་པར་བྱ། །ཞེས་འབྱུང་ངོ་། །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱིས་གཟུང་བར་བྱ་བའི་ཕྱིར་བླ་རེ་ལ་སོགས་པ་བྲེས་ལ་ཐ་མར་སྤོས་ཆུས་བསྔགས་པའི་སྔགས་བརྗོད་ལ་ལག་པ་ས་ལ་རེག་པས་རྡོ་རྗེའི་རང་བཞིན་དུ་བསམ་པར་ བྱའོ། །ལྷག་པར་གནས་པའི་ཡན་ལག་གི་སའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་བྱུག་བྱས་ལ་དགོངས་ཀའི་དུས་སུ་མཆོད་པ་སྔོན་དུ་འགྲོ་བའི་མཆོད་པ་ལྔ་ཡང་རེ་རེ་ཞིང་དྲུག་ཅུ་རྩ་གཉིས་དང་། དུར་ཁྲོད་བརྒྱད་དང་བཅས་པའི་འཇིག་རྟེན་པ་ལ་དབུལ་བའི་ཕྱིར་ཐུན་མོང་གི་གཏོར་མ་བདུན་ དང་། ཁྱད་པར་གྱི་མཆོད་པའི་རྫས་དང་། ཚོགས་འཁོར་གྱི་བཟའ་བ་དང་། མྱང་བ་དང་། བལྡག་པ་དང་། གཞིབ་པ་དང་། ཆང་ལ་སོགས་པ་དང་། ན་བཟའ་དྲུག་ཅུ་རྩ་གཉིས་དང་། བླ་རེ་བ་དན་ལ་སོགས་པས་བརྒྱན་ལ་མདུན་དུ་མཎྜལ་བྱས་ཏེ་དྲིའི་ཐིག་ལེ་བྱས་ལ་མེ་ཏོག་ བཀྲམ་ནས་རྡོ་རྗེ་དང་དྲིལ་བུ་བླངས་ལ་ཅོད་པན་གོན་ནས་རྒྱན་བཏགས་ལ། ལས་ཀྱི་ཕྱག་རྒྱ་དང་བཅས་པའམ་ཆོས་ཀྱི་ཕྱག་རྒྱ་བསྒོམས་ནས། ཤེས་རབ་ཡན་ལག་ཕུར་བུ་དང་། །གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཞེས་འབྱུང་བའི་ཕྱིར་རོ། །ངེས་པར་བརྗོད་པ་ ལས་ཀྱང་། ཡེ་ཤེས་ལྔ་ཡི་བདུད་རྩི་ནི། །ས་ནི་བྱུག་པར་བྱས་ནས་ཀྱང་། །བཟོད་པའི་ཕ་རོལ་ཕྱིན་མིང་ཐོབ། །འབད་པ་ཡིས་ནི་གཏོར་མ་བྱ། །སྣ་ཚོགས་ཕྱག་རྒྱ་ཡིད་འོང་ལྡན། །རྒྱ་ཆེ་མཉམ་པར་གཞག་པ་ཡིས། །བསམ་གཏན་ཕ་རོལ་ཕྱིན་གསུང་ན། །རྩེ་གཅིག་པ་ཡི་ སེམས་ཀྱིས་ཀྱང་། །ཞེས་འབྱུང་བའི་ཕྱིར་རོ། །དེ་ནས་རྣལ་འབྱོར་བསྲུང་བ་དང་། བདག་བསྲུང་བ་དང་། གནས་བསྲུང་བ་དང་། བསོད་ནམས་ཀྱི་ཚོགས་དང་། སྟོང་པ་ཉིད་བསྒོམ་པ་ལ་གནས་པའི་རྣལ་འབྱོར་དང་། འབྱུང་བ་རིམ་བརྩེགས་བསྐྱེད་པ་ལྡང་བའི་རྣལ་འབྱོར་དང་། ཉི་ཟླ་ཁ་སྦྱོར་གྱི་ནང་དུ་འཇུག་པའི་རྣལ་འབྱོར་དང་། དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་དང་། ཆོ་ག་དང་ཡེ་ཤེས་སེམས་དཔའ་འཇུག་པ་བྱིན་གྱིས་རློབ་པའི་རྣལ་འབྱོར་དང་དབང་བསྐུར་བའི་རྣལ་འབྱོར་དང་བསྒོམ་པ་དང་བཟླས་པའི་ཏིང་ངེ་འཛིན་གྱི་བར་དུ་བྱས་ ལ། དེ་ནས་མཎྜལ་བྱས་དྲིས་ཐིག་ལེ་བྱས་ལ་མེ་ཏོག་གི་ཚོམ་བུ་བཀྲམ་ལ། ཁྲོ་བོ་འདོད་པའི་རྒྱལ་པོས་སའི་ལྷ་མོ་སྐུ་མདོག་སེར་མོ་ཕྱག་གཉིས་བདུད་རྩིས་གང་བའི་བུམ་པ་ཐོགས་པ་སྟ་ཟུར་མན་ཆད་འཐོན་པར་བསྐུལ་ལ། མཆོད་ཡོན་དང་ཞལ་བསིལ་ཕུལ་ལ་རྡོ་རྗེ་བསྡམས་པ་ལས་ མཛུབ་མོ་གཉིས་བརྐྱང་པ་ས་ལ་རེག་པར་བྱ་སྟེ། དམ་ཚིག་གི་ཕྱག་རྒྱ་བསྟན་ལ་སྤོས་སྣོད་ལག་ཏུ་ཐོགས་ཏེ་འདི་སྐད་བརྗོད་དོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །བཅོམ་ལྡན་ ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་བརྗོད་ལ་མཆོད་པ་རྣམ་པ་ལྔ་དང་གཏོར་མ་ཕུལ་ཏེ་གཤེགས་སུ་གསོལ་ལོ། །དེ་ནས་སྒྲུབ་པའི་གྲོགས་པོ་དཔལ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་ པས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱའོ། །དེ་ནས་ཧཱུྃ་ལས་ཕུར་བུ་ཁྲོ་བོ་བདུད་རྩི་འཁྱིལ་པར་བསྐྱེད་ལ་སྲུང་སྐུད་དམར་པོ་བཏགས་ཏེ། གཟི་བརྗིད་བསྐྱེད་པའི་ཕྱིར། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱཾ་བནྡྷ་ཧཱུཾ་ཕཊ། ཉི་ཤུ་རྩ་གཅིག་གམ་ལྔ་བཅུ་རྩ་བཞིའམ་བརྒྱ་རྩ་བརྒྱད་བརྩམས་ལ་ གཞག་པར་བྱའོ། །དེ་ནས་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ་ཞེས་བྱ་བ་དང་། སྙིང་པོའི་ཕྱག་རྒྱས་དཀྱིལ་འཁོར་སྙིང་གར་བསྡུ་བར་བྱའོ། །རྐང་པ་གཉིས་སུ་ཧཱུྃ་ལས་རྡོ་རྗེ་རེ་རེ་བསམས་ལ། མིག་གཉིས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བ་བསྐྱེད་ལ། དེ་ནས་ལངས་ལ་དཀྱིལ་འཁོར་གྱི་ཁ་ རུ་བརྩེགས་ཏེ། ཧཱུཾ་ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲ། མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །དཔའ་བོ་ཆེན་པོ་བརྐྱང་བསྐུམ་ ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ད་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་འདྲི། །བགེགས་ཀྱི་ ཚོགས་རྣམས་གང་ཡིན་བྱེར་བར་གྱིས། །ཅི་སྟེ་བཀའ་ལས་འདས་གྱུར་ན། །ཡེ་ཤེས་རྡོ་རྗེ་རབ་འབར་བས། །མགོ་བོ་ཚལ་པ་བརྒྱར་ནི་འགས་གྱུར་ཞིང་། །རྣམ་པར་འཇིག་པར་འགྱུར་བ་གདོན་མི་ཟ། །དེང་རྣལ་འབྱོར་གྱི་དབང་ཕྱུག་ཆེ་གེ་མོ་ཞེས་བྱ་བས་སློབ་མ་ཆེ་གེ་མོ་ཞེས་བྱ་བ་ རྫོགས་པའི་བྱང་ཆུབ་ལ་རྫོགས་པར་བྱ་བའི་ཕྱིར་དང་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ལ་དགོད་པར་བྱ་བའི་ཕྱིར་སའི་ཕྱོགས་འདིར་དཔལ་འཁོར་ལོ་བདེ་མཆོག་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་ཅིག་བརྩིག་གིས་འདིར་ལྷ་དང་། ཀླུ་དང་གདོན་གཞན་དང་དྲི་ཟ་དང་འབྱུང་པོ་དང་ཤ་ ཟ་དང་སྲིན་པོ་ལ་སོགས་པ་གང་དག་གནས་པའི་སའི་བདག་པོ་ཁྱོད་མྱུར་དུ་སོང་ཤིག་འདི་ལྟར་དཔལ་ཧེ་རུ་ཀའི་བཀའ་ཐོས་ནས་མྱུར་དུ་སོང་ཤིག །གང་དག་མི་འགྲོ་བ་དེ་དག་ལ་ངའི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བ་དང་ཁ་ཊྭཱཾ་ག་འབར་བ་འདིས་སྤྱི་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། ། ལན་གསུམ་བརྗོད་ལ། བསྐལ་པའི་མེ་ལྟ་བུའི་འོད་ཟེར་རྐང་པའི་འོག་ནས་གདུག་པ་རྣམས་བསྲེགས་ཏེ་ཕན་ཚུན་བྱེར་བར་བསམ་མོ། །དེ་ལྟར་བཀའ་བསྒོ་བའི་རྗེས་ལ་ནམ་མཁའི་ཁམས་སུ་ཕྱོགས་བཅུའི་དེ་བཞིན་གཤེགས་པས་གང་བར་བསམས་ལ། དེ་རྣམས་ཀྱི་ ཐུགས་ཀ་ནས་འོད་ཟེར་བྱུང་ནས་ཡང་དེ་རྣམས་ཀྱི་ཐུགས་ཀར་སྤྱན་དྲངས་ནས་དེ་ནས་དེ་རྣམས་ཀྱི་ཐུགས་ཀ་ནས་འཐོན་ནས་དཀྱིལ་འཁོར་གྱི་འོད་ཟེར་རམ་ད་ལའི་སྟེང་དུ་པདྨའི་རྩ་བ་ལྟར་གཡོ་ཞིང་འགུལ་བའི་གར་གྱིས་བབས་པའི་རྗེས་ལ། དེ་ནས་དབུས་སུ་ཐབས་དང་ཤེས་རབ་གཉིས་ཀྱིས་ གཡས་བརྐྱང་གཡོན་བསྐུམ་རེ་རེ་བྱས་ནས་ཡུམ་བཞིའི་གནས་སུ་གཡས་བརྐྱང་རེ་རེ་བྱས་ལ། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་བར་བྱས་ནས་གཡས་སྐོར་གཡོན་སྐོར་རྡོ་རྗེ་གོམ་པས་སོང་བ་དང་པོ་དང་གཉིས་པ་འཁྱུད་པའི་ཕྱག་རྒྱ་དང་། གསུམ་པས་ནུ་མ་འཚིར་བ་དང་། བཞི་པ་མགོ་ བསྒྱུར་བ་དང་། ལྔ་པ་དཔུང་པ་གཡོ་བ་དང་། དྲུག་པ་རྐེད་པ་གཡོ་བ་དང་། བདུན་པ་རྐང་པ་གཡོ་བ་དང་། བརྒྱད་པ་རོལ་པའི་ཐབས་ཀྱི་གར་གྱིས་བགེགས་བསྐྲད་པ་དང་། རྐང་པ་བསྐྱོད་པ་དང་། ལག་པ་བསྐྱོད་པ་དང་། སྨིན་མ་འདེགས་པ་དང་། ཧ་ཧར་བཞད་པ་དང་། འཁྱུད་ པའི་ལྟ་བས་གར་བྱེད་པ་དང་། ཤེས་རབ་ཀྱི་གར་གྱིས་བསྐྲད་པ་དང་། དེ་ནས་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་པཉྩ་ར་ན་ཧཱུཾ་ལས་དྲ་བ་དང་། ཧཱུཾ་ཞེས་བརྗོད་པས་ཁྲོ་བོ་བསྐྱེད་ལ་ཞལ་བཞི་པའི་སྔགས་ཀྱིས་བཀའ་བསྒོ་བར་བྱས་ལ། ཨོཾ་བཛྲ་ཤ་ར་ཛྭ་ལ་ཏྲཾ་སཾ་ཏྲཾ་ཞེས་པས་སྟེང་དུ་མདའི་ དྲ་བ་དང་། ཨོཾ་བཛྲ་མེ་དི་ནཱི་བཛྲཱི་བྷ་ཝ་བཛྲ་བནྡྷ་ཧཱུཾ་ཞེས་པས་འོག་ཏུ་རྡོ་རྗེ་རྒྱ་གྲམ་དང་། ཨོཾ་བཛྲ་པྲ་ཀཱ་ར་ཧཱུཾ་བཾ་ཧཱུཾ་ཞེས་པས་རྡོ་རྗེ་ར་བ་དང་། ཨོཾ་བཛྲ་བི་དཱ་ན་ཧཱུཾ་ཞེས་པས་རྡོ་རྗེ་བླ་རེ་དང་། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཞེས་པས་འབར་བའི་ཕྲེང་བ་བསམས་ལ། སྔར་བསྐྱེད་པའི་ཕུར་བུས་ ཕྱོགས་དང་མཚམས་དང་སྟེང་འོག་ཏུ་གདབ་པར་བྱའོ། །དེ་ནས་སྔགས་ནི་གྷ་གྷ་གྷཱ་ཏ་ཡ་ལ་སོགས་པ་དང་ཨོཾ་མུདྒ་ར་ཞེས་བྱ་བས་བརྡུང་བར་བྱའོ། །དེ་ནས་ཙནྡན་དམར་པོའི་དྲི་དང་མེ་ཏོག་དམར་པོའི་ཕྲེང་བ་དང་གུ་གུལ་གྱིས་བདུག་པར་བྱའོ། །དེ་ནས་བ་བྱུང་རྣམས་དང་ལྡན་ པའི་ཆུས་ཀྱང་བྱུགས་ནས་ལྷ་ལྷག་པར་གནས་པའི་རྟེན་དྲིའི་ཐིག་ལེ་དྲུག་ཅུ་རྩ་གཉིས་ལ་སྐུ་མདོག་དང་མཐུན་པའི་མེ་ཏོག་གི་ཚོམ་བུ་བཀྲམ་ནས་མེ་ཏོག་སིལ་མས་གཏོར་ལ། དེ་ནས་རང་གི་གནས་ལ་གནས་པའི་རྣལ་འབྱོར་པས་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པར་བསྒོམས་ལ་ཡི་གེ་ཧཱུྃ་གི་ སྒྲས་བསྐུལ་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་ལ་རང་གི་གནས་སུ་དགོད་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ལ་གོ་བསྐོན་ལ་ཕྱེད་ཕྱིར་གྱི་ཕྱག་རྒྱ་དང་བཅས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་མཆོད་ཡོན་ཕུལ་ཏེ་མཆོད་པ་རྣམ་པ་ལྔ་ཡང་རེ་རེ་ཞིང་མཆོད་ལ་རྐང་པ་བརྒྱད་པའི་སྔགས་ ཀྱིས་བསྟོད་ལ་གཞུག་པར་བྱའོ། །དེ་ནས་དབང་བསྐུར་བའི་ལྷ་མདུན་དུ་སྤྱན་དྲངས་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང་མཉམ་ཉིད་མི་གཡོ་ཞེས་པ་ལ་སོགས་པས་བསྟོད་ལ། ཆུ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་བདག་དང་ལྷ་ཐམས་ཅད་ལ་ དབང་བསྐུར་བར་བསམས་ལ་ཅི་ནུས་པས་མཆོད་པ་དང་བཟླས་པ་བྱའོ། །དེ་ནས་བདུད་རྩི་མྱང་བ་ཡང་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་དྲུག་ཅུ་རྩ་གཉིས་སོ་སོའི་སྙིང་པོ་དང་མཆོད་པའི་སྔགས་སྤེལ་ལ་སྔ་མ་རེ་རེ་ཞིང་མཆོད་ཡོན་དང་བདུད་རྩི་ལྔ་དང་མཆོད་པ་ལྔ་དང་ཆང་ལ་སོགས་ པ་ཡང་དབུལ་བར་བྱའོ། །དེ་བཞིན་དུ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་དང་མཆོད་པ་ཉི་ཤུ་དང་ན་བཟའ་དྲུག་ཅུ་རྩ་གཉིས་ཀྱང་དབུལ། ཐ་མར་གོ་ཆའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས། གཉིས་མེད་ཡེ་ཤེས་ལས་བྱུང་བའི། །ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། ། སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །ཕག་མོ་དང་ཡང་ལྷན་ཅིག་འཁྱུད། །དཔའ་བོ་དང་ནི་དཔའ་མོ་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང་། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པ། །ནང་པར་དཀྱིལ་འཁོར་བྲི་ ལགས་ཀྱིས། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །ཀུན་གྱི་བྱིན་གྱིས་བརླབ་ཏུ་གསོལ། །ལྷ་ལྷག་པར་གནས་པའོ། །དེ་ནས་བུམ་པ་ལྷག་པར་གནས་པར་བྱ་སྟེ། ཁ་གྱེད་པ་གསུས་པ་ལྡིར་བ་མགྲིན་པ་རིང་བ་མཆུ་འཕྱང་བ་རྩ་བ་ནག་ནོག་མེད་པ་གསེར་དང་དངུལ་དང་ ཟངས་ལ་སོགས་པ་ལས་བྱས་པའོ། །མུ་ཏིག་རིན་ཆེན་སྣ་ཚོགས་སྤྲས་ལྷའི་གྲངས་དང་མཉམ་པའམ་ཡང་ན་བཅུ་ཐམ་པ་ལ་གུ་གུལ་གྱིས་བདུག །བདུད་རྩི་ལྔའི་དྲིའི་ཐིག་ལེས་མཚན་མ་བཀོད་ལ། རིན་ཆེན་སྣ་ལྔ་དང་བདུད་རྩི་ལྔ་དང་སྨན་ལྔ་དང་འབྲུ་ལྔ་བཅུག་ལ་ཐབས་དང་ ཤེས་རབ་ཀྱི་རས་ཟུང་རེས་མགུལ་པ་བཅིངས་ལ་བུམ་པ་བཅུ་ཁ་དོག་སྣ་ལྔའི་གོས་ཀྱིས་དཀྲིས་ཏེ་འདབ་མས་ཁ་བརྒྱན་པ་བདུད་རྩི་ལྔས་གང་བའི་ཐོད་པ་སྟེང་དུ་བཞག་ལ། སྒྲུབ་པ་པོའི་གཡས་སུ་པདྨ་འདབ་མ་བརྒྱད་པའམ་སྣ་ཚོགས་རྡོ་རྗེ་བྲིས་ལ་གཞག་པར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་ ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བྱ་བས་སྟོང་པར་བསམས་ལ། བྷྲཱུཾ་ལས་གཞལ་ཡས་ཁང་རེ་རེ་བྱས་ལ་ནང་དུ་བཾ་ལས་འོ་མ་ཅན་གྱི་རྒྱ་མཚོ་བསྐྱེད་དེ། ཧྲཱིཿལས་པདྨ་འདབ་མ་བརྒྱད་པ་བསམས་ལ། ཧཱུྃ་ལས་ལྷ་ཐམས་ཅད་བསྐྱེད་པའམ་ཡང་ན་བཅུ་ལས་མེད་ན་དབུས་མ་ལ་ཉི་ཟླ་ ཁ་སྦྱོར་གྱི་དབུས་སུ་ཧཱུྃ་བསམས་ལ། དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་དང་། བརྒྱད་ལ་ཁྭ་གདོང་མ་ལ་སོགས་པ་བརྒྱད་བསྐྱེད་ལ། བཅུ་པ་ལས་ཐམས་ཅད་པ་ལ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་མཛད་སྐུ་མདོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ་དང་པོ་གཉིས་ན་རྡོ་རྗེ་དང་དྲིལ་བུ་ གཉིས་པ་གཉིས་ན་ཁ་ཊྭཱཾ་ག་དང་ཐོད་པ། གསུམ་པ་གཉིས་ན་ལྕགས་ཀྱུ་དང་ཞགས་པ། ཞལ་གཡས་དཀར་པོ་གཡོན་དམར་པོ་དབུས་མཐིང་ག་གཡས་བརྐྱང་བའི་གནས་པས་བཞུགས་པར་བསྒོམས་ལ། ཕྱེད་ཕྱིར་གྱི་ཕྱག་རྒྱ་དང་བཅས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། གོ་ཆ་དྲུག་ བསྐོན་ནས་རང་གི་སྙིང་ག་ནས་ལྷ་མོ་དྲུག་སྤྲུལ་ཏེ་དབང་བསྐུར། ཡི་གེ་གསུམ་གྱིས་གནས་གསུམ་དུ་བྱིན་གྱིས་བརླབས་ཏེ་མཆོད་པ་ལྔ་ཕུལ་ཏེ། བཅོམ་ལྡན་ཕུང་པོ་ཀུན་ལས་རྣམ་གྲོལ་ཏེ། །ཆོས་སྐུ་གཉིས་མེད་ཡེ་ཤེས་བདེ་ཆེན་བརྙེས། །བླ་མེད་ཡེ་ཤེས་ལོངས་སྤྱོད་རྫོགས་སྐུ་ཅན། ། རྣལ་འབྱོར་སྤྲུལ་སྐུ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ་བུམ་པའི་སྟེང་གི་ཀ་པཱ་ལའི་ཐོག་ཏུ་རྡོ་རྗེ་རྩེ་ལྔ་པ་ཚོན་སྣ་ལྔའི་སྐུད་པས་བཅིངས་ལ་བཞག་ནས་སྙིང་གའི་ཡི་གེ་ཧཱུྃ་ལས་ཡེ་ཤེས་ལྔའི་འོད་ཟེར་དུ་བྱིན་གྱིས་བརླབས་ལ་གཙོ་བོ་ནས་སྒོ་མའི་བར་དུ་རང་རང་གི་སྔགས་བརྒྱ་རྩ་ བརྒྱད་བཟླས་པར་བྱའོ། །དེ་ནས་ཧཱུཾ་མཛད་བཟླས་པའི་གོས་ཀྱིས་བཀབ་ལ་ཞལ་བཞི་པའི་སྔགས་ཀྱིས་བསྲུངས་ནས་གཞག་པར་བྱའོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་སྦྱིན་སྲེག་ལྷག་པར་གནས་པར་བྱ་སྟེ། སྒྲུབ་པ་པོའི་གཡས་ངོས་སུ་ལས་དང་རྗེས་སུ་མཐུན་པའི་ཐབ་ཁུང་བྱས་ ལ་དེ་དང་རྗེས་སུ་མཐུན་པའི་རྫས་བསགས་ལ་མཆོད་པ་བྱའོ། །དེ་ལ་ཁྱད་པར་དུ་ཞི་བར་བྱེད་པར་འདོད་པས་ཁྲུ་གང་ཟབས་སུ་ཁྲུ་ཕྱེད་བརྐོས་པ་ལ་ཁ་ཁྱེར་སོར་བཞི་དཔངས་སུ་བརྩིགས་ལ་སོར་བཞིས་དམའ་བའི་ཁ་ཁྱེར་གྱིས་བསྐོར་ལ་ཕྱི་རོལ་ཀུན་དུ་གྲུ་བཞི་པར་བྱའོ། །དེ་བྲི་བའི་ཚོན་དབུས་ སུ་ཡེ་ཤེས་ཀྱི་འཁོར་ལོ་དཀར་པོ་བྲི་སྟེ་རིམ་པ་གསུམ་ལ་ཐུགས་གསུང་སྐུའི་འཁོར་ལོ་བྲིས་ལ་མཚམས་རྣམས་སུ་ཟླ་བ་རྡོ་རྗེས་མཚན་པ་བྲི་སྟེ། གྲུ་བཞི་སྒོ་བཞི་སྒོ་ཁྱུད་དང་བཅས་པ་ལ་སྒོ་བཞི་དང་མཚམས་ཕྱེད་གཟུགས་མ་བཞི་བྲི་བར་བྱའོ། །དེ་ནས་མཆོད་པའི་རྫས་མཆོད་ཡོན་དང་ཞལ་ བསིལ་དང་མཆོད་པ་རྣམ་པ་ལྔ་དང་ཁྱད་པར་གྱི་རྫས་བདུད་རྩི་ལྔ་དང་དཔའ་བོ་ལྔ་དང་ཆང་དང་ལོངས་སྤྱོད་ཀྱི་རྫས་ཏིལ་དང་ཡུངས་ཀར་ལ་སོགས་པ་དང་འཚོ་བའི་རྫས་བིལ་བ་དང་སྟར་ག་ལ་སོགས་པ་དང་ཡོ་བྱད་ཀྱི་རྫས་ཤེལ་ཕྲེང་དང་དར་དཀར་པོ་ལ་སོགས་པ་དང་བསྲེག་ཤིང་དགང་ གཟར་ལ་སོགས་པ་མདུན་དུ་བཞག་ལ། དེ་ལྟར་ལྷ་བསྐྱེད་ལ་གནས་གསུམ་དུ་ཐལ་བ་དང་རཀྟ་བསྲེས་པའི་ཐིག་ལེ་བྱས་ལ་རུས་པའི་རྒྱན་དང་ཀུ་ཤའི་དག་བྱེད་ལག་པ་གཡོན་པའི་མིང་མེད་བཅུག་ལ། སྦྱིན་སྲེག་གི་ཆོ་ག་ལས་བྱུང་བ་བཞིན་དུ་མེ་ལྷ་བསྐྱེད་ལ་མཆོད་པ་བྱིན་གྱིས་བརླབས་ ལ་མཆོད་པར་བྱའོ། །མེ་ལྷ་འོད་དུ་ཞུ་བ་དང་དཀྱིལ་འཁོར་གྱི་འཁོར་ལོ་མེའི་དབུས་སུ་བཏེག་ལ་མཆོད་པར་བྱའོ། །མཆོད་པ་ནི་སྔ་མ་བཞིན་ནོ། །མེ་ལ་བགེགས་ཡོད་མེད་བརྟག་པ་ནི་ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚཱན་ཕཊ་ཅེས་བརྗོད་དོ། །སྨན་ལ་སོགས་པ་སྲེག་ རྫས་རྣམས་ནི་རང་རང་གི་མིང་དང་ཡི་གེ་བདུན་པའི་སྔགས་ཀྱིས་དབུལ་ལོ། །ཡེ་ཤེས་ཀྱི་ལྷ་ལ་རང་རང་གི་སྔགས་ཀྱིས་དབུལ་ལོ། །དེ་ནས་བཟོད་པར་གསོལ་ལོ། །དཀྱིལ་འཁོར་དུ་རྫས་ལྷག་མ་བསྲེགས་ལ་མེ་ལྷའི་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ལོ། །དམ་ཚིག་སེམས་ དཔའ་རིམ་གྱིས་ཐ་མལ་པའི་མེ་ལ་ཐིམ་པར་བསམ་མོ། །རྒྱས་པར་ནི་སྦྱིན་སྲེག་གི་ཆོ་ག་ལས་ཤེས་པར་བྱའོ། །སྦྱིན་སྲེག་ལྷག་པར་གནས་པའོ། །དེ་ནས་ཅི་འབྱོར་པའི་གཏོར་མ་བདུན་ནམ་བཅུ་གཅིག་གམ་ཀུན་ཀྱང་ཧཱུཾ་མཛད་ཀྱི་ཆུས་བསངས་ལ། ཡཾ་ལས་རླུང་གི་ དཀྱིལ་འཁོར་གཞུ་ལྟ་བུ་དང་། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང་། དེའི་སྟེང་དུ་ཀ་ལས་ཀ་པཱ་ལ་རྒྱ་ཆེ་བ་བསམས་ཏེ། ནང་དུ་བདུད་རྩི་ལྔའི་གོང་བུ་ཁ་དོག་ལྔ་དང་། དབུས་སུ་མུ་མུ་ཏྲ་དང་ཧཱུཾ་མཐིང་ག །ཤར་དུ་བི་བི་ཏྲ་དང་ཨོཾ་དཀར་པོ། ལྷོར་ར་རཀྚ་དང་ ཏྲཾ་སེར་པོ། ནུབ་ཏུ་ཤུ་ཤུ་ཀྲ་དང་ཧྲཱིཿདམར་པོ། བྱང་དུ་མ་མཱཾ་ས་དང་ཨ་ལྗང་གུ་བཀོད་ལ། དེའི་སྟེང་དུ་ཨོཾ། དེའི་སྟེང་དུ་ཨཱཿ། དེའི་སྟེང་དུ་ཧཱུཾ་བཀོད་ལ། ཨོཾ་ལྟུང་བས་དག །ཨཱཿལྟུང་བས་ཞུ་ཧཱུཾ་གྱུར་པ་ལས་རྡོ་རྗེའི་དབུས་སུ་ཧཱུཾ་གིས་མཚན་པ་ལས་ཡེ་ཤེས་ཀྱི་བདུད་རྩི་དྲངས་པས་སྤེལ་ བར་བསམ་པ་དང་། རྡོ་རྗེས་དཀྲུག་ཅིང་ཞུ་བ་ལས་ཨོཾ་ཨཱཿཧཱུཾ་གསུམ་ལན་གསུམ་མམ་ལན་བདུན་བར་དུ་བརྗོད་པ་དང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཅེས་བྱ་བ་དང་། པདྨ་ཁ་བྱེ་བའི་ཕྱག་རྒྱས་བྱིན་གྱིས་བརླབས་ལ། མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། མཐེ་བོང་རྡོ་རྗེ་བརྟན་པོར་རབ་སྦྱར་ནས། །དེ་ནི་དཔྲལ་བའི་དབུས་སུ་རབ་བཞག་ནས། །བསྐོར་ཞིང་བསྐོར་བས་ཀུན་དུ་བསྐོར་བར་བྱ། །རྐང་པ་མནན་ཞིང་གྱེན་དུ་བལྟ། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་ཤིང་། །ཕྱོགས་བཅུ་འཇིག་རྟེན་ཁམས་བཞུགས་པ། །དཔའ་བོ་རྣལ་འབྱོར་མ་ རྣམས་དགུག །ཅེས་བྱ་བའི་ཕྱག་རྒྱ་དང་ཨོཾ་ཨ་རལླི་ཧོ་ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ། །ཞེས་བྱ་བས་དུར་ཁྲོད་བརྒྱད་དང་ཕྱོགས་སྐྱོང་བ་དང་བཅས་པ་སྤྱན་དྲངས་ལ། ཆོས་འབྱུང་གྲུ་གསུམ་གྱི་སྟེང་དུ་པདྨ་འདབ་མ་བརྒྱད་པ་བཞག་ལ་རིམ་པ་གསུམ་བྱས་ལ་འཁོར་ ལོ་རིམ་གསུམ་གྱི་ལྷར་བསྐྱེད་ལ། གནས་གསུམ་དུ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་མཁའ་འགྲོ་མ་ལ་སོགས་པས་དབང་བསྐུར་ལ་ལྕེ་ལ་རྡོ་རྗེ་དཀར་པོའི་སྦུ་གུ་བསམས་ཏེ་འཐུང་བར་དམིགས་ཤིང་ཁ་ཁའི་སྔགས་བརྗོད་པར་བྱའོ། །མི་མཆོག་གང་ཞིག་ ཀུན་སྤྱོད་དང་། །སྡིག་པ་ཐམས་ཅད་རྣམ་པར་དག །སྐྱེ་ཞིང་སྐྱེ་བར་བདེ་གཤེགས་ཀྱི། །རིགས་མཆོག་སྐྱེས་ཆོས་རྒྱལ་པོར་ཤོག །ཇི་ལྟར་སྔོན་གྱི་སྡིག་པ་ཡིས། །བག་ཆགས་ཀུན་ཟད་མཚན་ཉིད་ལྡན། །གང་ཞིག་འདི་ན་རྟག་སྒོམ་པ། །ས་ལ་སྤྱོད་པའི་དབང་ཕྱུག་ཤོག །ཅེས་ སྨོན་ལམ་བཏབ་ལ་ཕྱོགས་བརྒྱད་དུ་དཔའ་བོ་བྱའོ། །གཏོར་མ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་སློབ་མ་ལྷག་པར་གནས་པ་ནི་སྣོད་དུ་རུང་བའི་སློབ་མས་མཎྜལ་བྱས་ནས་མེ་ཏོག་བཀྲམ་ནས་ལག་ན་མེ་ཏོག་ཐོགས་པ་དང་གསོལ་བ་གདབ་པར་བྱའོ། །དགའ་ཆེན་ཞེས་བྱ་བ་ ལ་སོགས་པའོ། །ཕྱག་འཚལ་བ་དང་སྡིག་པ་བཤགས་པ་ལ་སོགས་པ་རྒྱུན་ཆགས་བདུན་བྱས་པ་དང་། སློབ་མ་ཧེ་རུ་ཀ་དཔའ་བོ་གཅིག་པུའི་ལུས་སུ་བསྐྱེད་པ་དང་། ཡི་གེ་གསུམ་གྱི་བྱིན་གྱིས་བརླབ་པ་ལ་སོགས་པ་ལ་མཆོད་པ་ལྔས་མཆོད་པ་དང་། རྗེས་ལ་སོ་ཤིང་དོར་བ་དང་། སྲུང་སྐུད་བཅིང་བ་དང་། བྱམས་པའི་གོ་ཆ་བསྐོན་པ་དང་། རྡོ་རྗེ་གཙུག་ཏོར་གྱི་སྔགས་ཀྱིས་དབུའི་གཙུག་ཏོར་བསྐྱེད་པ་དང་། རྨི་ལམ་བརྟག་པ་དང་། དབང་བསྐུར་བའི་དོན་དུ་གསོལ་བ་འདེབས་པ་རྣམས་སློབ་དཔོན་ལ་བ་པས་མཛད་པའི་ཆོ་ག་ལས་ཤེས་པར་བྱའོ། །དེ་ནས་དཀྱིལ་ འཁོར་སྙིང་གར་བསྡུས་ཏེ་ཁཾ་དང་ཧཾ་ལས་འོད་ཟེར་གྱི་ཡ་ལད་བསྐྱེད་ལ། ཚམ་ངམ་གྱི་སྔགས་ཀྱིས་ཕྱོགས་བཞིར་ཁ་དོག་བཞི་པའི་ཞལ་གཅིག་པ་རྡོ་རྗེ་དང་སྡིགས་མཛུབ་བསྣམས་པ་བསམ་པར་བྱའོ། །དེ་ནས་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་ལ་ཅི་བདེ་བར་བྱའོ། །གཞན་གྱི་དོན་ སློབ་མ་ལྷག་པར་གནས་པའོ། །དེ་ནས་ཉི་མ་ཤར་ཀར་དཀྱིལ་འཁོར་བྱེད་པར་འདོད་པས་རྐང་པ་བརྒྱད་པ་བཟླས་པའི་དྲི་ཆུ་དང་བདུད་རྩི་ལྔས་ས་གཞི་བྱུགས་ལ་ཐིག་གདབ་བོ། །སར་པ་ལེགས་པར་བསལ་ཁ་དོག་ལྔར་བསྒྱུར་བ་དཀྱིལ་འཁོར་གྱི་ཉིས་འགྱུར་གྱི་ཚད་དང་ལྡན་པ། གསེར་ ལ་སོགས་པའི་སྣོད་དུ་བཞག་ལ་མཆོད་པ་རྣམ་པ་ལྔ་བཤམས་ནས་ཚོན་སྣ་ལྔ་ལ་ཧཱུྃ་ཨོཾ་བྷྲཱུཾ་ཛྲཱྀཾ་ཁཾ་ལས་རིགས་ལྔའི་རང་བཞིན་དུ་བསྐྱེད་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་སྤྱན་དྲངས་གཉིས་སུ་མེད་པར་བྱས་ཏེ་མཆོད་པ་ཡབ་ཡུམ་གྱི་སྙིང་པོ་ཉི་ཤུ་རྩ་གཅིག་བཟླས་ ལ་ཐོད་པའི་ནང་དུ་གཞག་པར་བྱའོ། །ཐིག་བྱིན་གྱིས་བརླབ་པའོ། །དེ་ནས་སློབ་དཔོན་མཁས་པས་བདག་ཉིད་དང་སློབ་མ་ཧེ་རུ་ཀར་མོས་པ་བྱས་ལ། ཧཱུཾ་བཛྲ་ཞེས་བརྗོད་པས་ཐིག་སྐུད་ཀྱི་རྩེ་མོ་ལག་པ་གཡོན་པར་གཏད་པ་གཉིས་སུ་མེད་པའི་སྔགས་ཀྱིས་ བསྒྲིལ་ནས། འཇིག་རྟེན་ཁམས་འདི་མ་ལུས་པའི། །སངས་རྒྱས་ལ་སོགས་འགྲོ་དོན་གྱི། །ཁྱེད་ཀྱི་དུས་ནི་འདི་ལགས་ཀྱིས། །བཅོམ་ལྡན་རྡོ་རྗེའི་ཐིག་གདབ་གསོལ། །ཞེས་བསྐུལ་བ་དང་། བདག་དང་སློབ་མ་གཡས་ནས་བསྐོར་ནས་ཐིག་གདབ་པར་བྱའོ། །དེ་ལ་དང་པོ་ ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རྟེན་ནས་ཐིག་གདབ་པར་བྱའོ། །སློབ་དཔོན་ནུབ་སྒོར་གནས་ནས་སློབ་མ་ཤར་སྒོར་གནས་ལ་ཚངས་ཐིག་དང་པོའོ། །སློབ་དཔོན་བྱང་ནས་སློབ་མ་ལྷོ་ནས་ཚངས་ཐིག་གཉིས་པ། སློབ་དཔོན་མེ་ནས་སློབ་མ་དབང་ལྡན་དུ་གནས་ནས་ཤར་གྱི་ཐིག་གདབ། སློབ་དཔོན་དབང་ལྡན་དང་སློབ་མ་རླུང་དུ་གནས་ནས་བྱང་གི་ཐིག་གདབ། སློབ་དཔོན་རླུང་དང་སློབ་མ་བདེན་བྲལ་དུ་གནས་ནས་ནུབ་ཀྱི་ཐིག་གདབ། སློབ་དཔོན་བདེན་བྲལ་དང་སློབ་མ་མེར་གནས་ནས་ལྷོའི་ཐིག་གདབ། དེ་བཞིན་དུ་གང་དུ་བརྩིས་པ་ཐིག་བཞི་དང་། དེ་ནས་ ཚངས་ཐིག་གཡོན་སྐོར་གྱིས་སོང་ལ། སློབ་དཔོན་མེ་དང་སློབ་མ་རླུང་དུ་གནས་ནས་ཚངས་པའི་ཐིག་དང་པོ། སློབ་དཔོན་བདེན་བྲལ་དང་སློབ་མ་དབང་ལྡན་དུ་གནས་ནས་ཚངས་ཐིག་གཉིས་པ་གདབ་པར་བྱའོ། །དེ་ལྟར་སྟེང་དུ་བལྟས་ལ་བཅུ་དྲུག་གདབ་པ་ཡེ་ཤེས་ཀྱི་ཐིག་ དང་། ཁ་ཐུར་དུ་བལྟས་པ་བཅུ་དྲུག་གནམ་གྱི་ཐིག་གདབ་པར་བྱའོ། །དེ་ནས་བྱ་རོག་རྗེས་བཙལ་ནས་གཤེར་ཐིག་གདབ་པར་བྱ་སྟེ། ཕྱི་རོལ་དུ་རྡོ་རྗེ་ར་བ་མ་གཏོགས་པ་གྲུ་བཞི་ལ་ཆ་ཆེན་པོ་བཅུ་དྲུག་ཏུ་བགོས་ལ་དེ་རེ་རེ་ཡང་ཆ་ཆུང་བཞི་བཞིར་ཕྱེ་ལ་ནང་གི་ཆ་ཆེན་པོ་བཞིན་ གཏོགས་པ་ལ་ཚངས་ཐིག་ནས་བགྲང་པའི་གསུམ་ལ་སྒོ་ཁྱུད་བྱ། ལྔ་པ་ལ་སྒོ་ལོགས། བཅུ་འདུས་པ་ལ་སྒོ་ངོས། ཉི་ཤུ་ལ་སྒོ་འགྲམ། ཉི་ཤུ་གསུམ་པ་ལ་ཡས་ཕུབས། ཉི་ཤུ་བཞི་པ་ལ་མོན་པ་བ་ཏི། ཉི་ཤུ་རྩ་བརྒྱད་པའི་བར་དུ་ཆ་བཞི་པ་ལ་རྟ་བབས། ཉི་ཤུ་རྩ་དགུ་ པ་ལ་པདྨ། སུམ་ཅུ་རྩ་གཅིག་པ་ལ་འཁོར་ལོ། སུམ་ཅུ་རྩ་གཉིས་པ་ལ་གདུགས་སུ་ཤེས་པར་བྱའོ། །དེའི་ཞིང་གི་ཚད་ནི་སྒོ་ཆ་ཆེན་པོ་གཅིག །འདོད་ཡོན་གྱི་གནས་ཆ་ཆུང་གཉིས། རིན་ཆེན་ཕ་གུ་ཆ་ཆུང་གཅིག །དྲ་བ་དྲ་ཕྱེད་ཆ་ཆུང་གཉིས། ཀ་བ་དང་མུ་ཏིག་གི་ཆུན་འཕྱང་ ལ་ཆ་ཆུང་ལྔ། ཞེང་ལ་ཆ་ཆུང་གཉིས། རྟ་བབས་གླང་པོ་ཆེའི་རྒྱབ་ལྟ་བུ། ཞེང་སྒོའི་སུམ་འགྱུར་དེ་ལྟར་ཐིག་གདབ་བོ། །དེ་ལ་རྡོ་རྗེ་རྩེ་གཅིག་པ་ལྟ་བུའི་ཕུར་བུ་གདབ་པར་བྱའོ། །ཡེ་ཤེས་ཀྱི་འཁོར་ལོ་ཆ་ཆེན་པོ་གཅིག །ཐུགས་གསུང་སྐུའི་འཁོར་ལོ་ཆ་རེ་རེ། ཀུན་ མཉམ་པར་གྲི་གུག་དང་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ཕྲེང་བ་ཆ་ཆུང་རེ་རེས་བསྐོར་བར་བྱའོ། །ཐ་མར་པདྨའི་ར་བ་དང་། རྡོ་རྗེའི་ར་བ་དང་། མེ་འོད་ཀྱི་ར་བ་གསུམ་ཆ་རེ་རེ་ཚད་དུ་བྱའོ། ཐིག་གི་ཆོ་གའོ། །དུར་ཁྲོད་ཀྱི་རྫས་དང་བསྲེས་པ་རིན་པོ་ཆེའི་ཚོན་ནམ་ འབྲས་ཀྱི་ཕྱེ་མ་ལ་སྔར་བཤད་པའི་རིགས་ལྔ་ལ་སོགས་བཀོད་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ནས་ཡབ་ཡུམ་གྱི་སྔགས་ཉི་ཤུ་རྩ་གཅིག་བཟླས་ལ་མཆོད་པ་དབུལ་བར་བྱའོ། །ཚོན་བྱིན་གྱིས་བརླབ་པའོ། །ཚོན་དགྱེ་བའི་བྱང་ཤར་མཚམས་ཀྱི་ཕྱོགས་ མཚམས་སུ་མཐོ་གང་གི་ཚད་ལ་ཚོན་སྣ་ལྔའི་རི་མོ་མ་ཆད་པ་མ་ཡོ་བ་མཉམ་པར་སློབ་དཔོན་གྱིས་བྲི་བར་བྱའོ། ཚོན་གྱི་ལྟས་བརྟག་པའོ། །དེ་ནས་ཚོན་གྱི་གོ་རིམས་ནི་དབུས་སྣ་ཚོགས་པདྨ་ལྷ་མོའི་ཁ་དོག་དང་མཚུངས་བའོ། །མཚམས་སུ་ཕྱེད་གཟུགས་མ་བཞི་དང་བརྒྱད་བྲིས་ལ་འོག་ གི་པདྨའི་རྩེ་མོ་བརྒྱད་གསེར་མདོག་ཅན་གྲི་གུག་གི་ཕྲེང་བས་བསྐོར་བའོ། །ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡབ་ཡུམ་ཕྱོགས་སུ་ལྷ་མོ་མཚམས་སུ་བུམ་པ་ཐོད་པས་མཚན་པ་ཕྱེད་གཟུགས་ཡེ་ཤེས་ཀྱི་འཁོར་ལོ་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་ཐུགས་གསུང་སྐུའི་འཁོར་ལོས་ གཞི་བེ་ཌཱུརྱའི་རང་བཞིན་ལ་འཁོར་ལོ་སྔོན་པོ་དང་། དམར་བ་དང་། དཀར་པོ་རྩིབས་བརྒྱད་པ་རྡོ་རྗེ་དང་། པདྨ་དང་འཁོར་ལོའི་ཕྲེང་བས་བསྐོར་བའོ། །དེ་ལ་སྐུ་གསུང་ཐུགས་ཀྱི་དཔའ་བོ་དང་དཔའ་མོ་ཉི་ཤུ་རྩ་བཞི་དགོད་པར་བྱའོ། །དམ་ཚིག་གི་འཁོར་ལོ་སྒོ་བཞི་ དང་སྒོ་ཁྱུད་དང་བཅས་པ་ལ་ཤར་སྔོ། ལྷོ་སེར་ནུབ་དམར། བྱང་ལྗང་གུ་སྟེ་ཞལ་བཞི་པའི་སྣང་བ་མཐུན་པའོ། །མཁའ་འགྲོ་མ་བརྒྱད་ཁྭ་གདོང་མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མ་གཡོན་སྐོར་གྱིས་ས་གཞི་དང་ཁ་དོག་ མཐུན་པའོ། །མཚམས་སུ་གཤིན་རྗེ་བརྟན་མ་ལ་སོགས་པ་ཕྱེད་གཟུགས་མ་བཞི་དགོད་པར་བྱའོ། །སྐུར་དགོད་པའམ། ཡིག་འབྲུའམ། ཕྱག་མཚན་ནམ། ལག་པའི་ཕྱག་རྒྱའམ། མེ་ཏོག་དགྲམ་པའམ། དྲིའི་ཐིག་ལེ་བྱའོ། །དེ་ཡང་ངེས་བརྗོད་ལས། དཀྱིལ་འཁོར་བསྐྱེད་ པའི་མདོར་གསུངས་ནས། །མིང་གི་འཁོར་ལོ་དང་པོ་སྟེ། །གཉིས་པ་མཚན་མའི་འཁོར་ལོ་ནི། །གསུམ་པ་ལག་པའི་ཕྱག་རྒྱ་ལ། །བཞི་པ་གཟུགས་བརྙན་དགོད་པ་སྟེ། །ལྔ་པ་མེ་ཏོག་དགྲམ་པའོ། །དྲུག་པ་ཚོགས་ཀྱི་འཁོར་ལོ་ཡིན། །བདུན་པ་ཐིག་ལེ་དགོད་པར་བྱ། །ཞེས་ གསུངས་སོ། །དེའི་ཕྱི་རོལ་དུ་ཚོན་སྣ་ལྔ་ནི་སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོའོ། །དེའི་ཕྱི་རོལ་དུ་གསེར་གྱི་ས་གཞིའི་ཁྱམས་ལ་འདོད་ཡོན་ལྷ་མོའོ། །དེའི་ཕྱི་རོལ་དུ་ཤེལ་གྱི་ས་གཞིལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕ་གུས་མཛེས་པའོ། །དེའི་ཕྱི་རོལ་དུ་པདྨ་རཱ་གའི་ས་ གཞི་ལ་དར་དང་མུ་ཏིག་གི་ཕྲེང་བ་དང་། དྲིལ་བུ་གཡེར་ཀའི་ཕྲེང་བས་མཛེས་པའོ། །དེའི་ཕྱི་རོལ་དུ་ཕྱོགས་ཀུན་དུ་བཻ་ཌཱུརྱའི་ས་གཞི་ལ་ཀ་བ་དང་རྟ་བབས་དང་རི་དགས་དང་ཆོས་ཀྱི་འཁོར་ལོ་དང་གདུགས་ཅི་མཛེས་པར་བྲི་བར་བྱའོ། །དེའི་རྒྱབ་ཏུ་པདྨའི་ཕྲེང་བ་དང་། རྡོ་རྗེ་ དང་མེ་འོད་ཀྱི་ཕྲེང་བས་ཀུན་ནས་བསྐོར་བའོ། །ཤར་ལ་སོགས་པ་རྟ་བབས་ཀྱི་ངོས་གཉིས་སུ་གཏུམ་དྲག་ཅན་མ་དང་། ཐོད་པ་ཅན་པ་ཏ་ལ་དང་། ཨུ་དུམྺཱ་རའི་ཤིང་དང་། ཁྭ་དང་ཁྱི་གདོང་གི་ཞིང་སྐྱོང་ལས་ཁྭ་དང་ཁྱིའི་ཚོགས་ཀྱིས་བསྐོར་བའོ། །འོག་ཏུ་ཀླུ་གཉིས་དང་སྟེང་དུ་ སྤྲིན་གཉིས་དང་བཅས་པའོ། །བྱང་དུ་རྟ་བ