Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 21

Văn bản gốc(Tây Tạng)

Trang 1 / 24 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཤྲཱི་སཾ་བ་རོ་ད་ཡ་མ་ཧཱ་ཏནྟྲ་རཱ་ཛ་སྱ་པདྨི་ནཱི་ནཱ་མ་པཉྩི་ཀཱ། བོད་སྐད་དུ། དཔལ་སྡོམ་པ་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་པདྨ་ཅན་ཞེས་བྱ་བ། དཔལ་བདེ་
མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། །ཟབ་མོའི་རིན་ཆེན་མ་ལུས་འབྱུང་བ་འགྲོ་བའི་འཚོ་བ་གཅིག་པུའི་གཏེར། །རྣམ་སད་ཚོགས་ཀྱིས་ཡང་དག་བརྟེན་པ་ངོ་མཚར་སྣ་ཚོགས་བརྒྱ་ཕྲག་གནས། །དཔའ་མོ་ཡང་དག་
ལྡན་སྐུ་བདུད་རྩི་དང་བཅས་རབ་དང་ལེགས་པའི་གཞི། །སྡོམ་པ་འབྱུང་བའི་རྒྱུད་ཆེན་འོ་མའི་རྒྱ་མཚོ་མཁས་པ་རྣམས་ཀྱིས་བརྟེན། །བླ་མའི་བཀའ་དྲིན་སྒྲོན་མ་ཡི། །འོད་ཀྱིས་མུན་བསལ་བློ་མིག་གིས། །སྡོམ་པ་
འབྱུང་བའི་དོན་ཇི་སྙེད། །མཐོང་བ་འདིར་ནི་བྲི་བར་བྱ། །གལ་ཏེ་བདག་ལྟས་འདི་ལ་ཞུགས་ཀྱང་ཇི་ལྟའི་གཏིང་མཐའ་རྟོགས་པར་མི་ནུས་མོད། །དེ་ལྟ་ན་ཡང་དགེ་བ་གོམས་པ་འབྱུང་བར་འདོད་པས་རྣམ་པར་བཤད་པ་
བརྩམ། །གང་གི་ཆུ་བོའི་གཏེར་གྱི་གཏིང་ལ་ཀུན་དུ་རེག་པར་ནུས་པ་ཉིད་མིན་ན། །ཆོ་ག་དེར་འཇུག་རྣམས་ཀྱིས་འདོད་པའི་དོན་དཔལ་ཐོབ་པར་འགྱུར་བ་མིན་ནམ་ཅི། །འདིར་བཅོམ་ལྡན་འདས་ངེས་པར་ཁམས་གསུམ་

མ་ལུས་པ་འདོན་པར་བཞེད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་རྟོགས་ནས། སྐལ་པ་ཇི་ལྟ་བར་འགྲོ་བ་རྣམས་ཆོས་ཀྱི་བདུད་རྩིས་ཡང་དག་པར་ཚིམ་པར་མཛད་དོ། །ཡང་འགའ་ཞིག་དེའི་དུས་ན་
ཉེ་བར་མི་གནས་པའི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ཕྱིར་ཆོས་ཡང་དག་པར་བསྡུ་བ་འདི་མཛད་དོ། །བསྡུ་བ་ཞེས་བྱ་བ་ནི་འབྲེལ་པ་དང་གོ་རིམས་ཇི་ལྟ་བར་ཐོས་པའི་ཆོས་བསྟན་བཅོས་སུ་ཉེ་བར་བསྡེབས་པའོ། །དེ་ལ་རེ་ཞིག་དང་པོར་ལྷ་དང་ལྷ་
མ་ཡིན་དང་མི་ལ་སོགས་པ་འགྲོ་བ་མཐའ་དག་གི་སྟོན་པ་གཅིག་པུ་དམ་པའི་མཆོག་མཉམ་པ་མེད་པ་ཚད་མར་གྱུར་པའི་སྐྱེས་བུས་བཀའ་སྩལ་པ་ཉིད་ཀྱིས་བསྟན་བཅོས་འདི་རང་ཉིད་ཀྱིས་མ་བྱས་པ་ཉིད་དེ་རྣ་བའི་ཤེས་པས་ཡང་དག་པར་ཁོང་དུ་
ཆུད་པ་ཉིད་ཀྱིས་བདག་ཉིད་ཚད་མར་གྱུར་པ་བསྟན་པའི་ཕྱིར། འདི་སྐད་བདག་གིས་ཞེས་པ་ལ་སོགས་པ་གསོལ་བ་བཏབ་པ་ཞེས་པའི་བར་བཅོམ་ལྡན་འདས་སྡུད་པ་པོས་ཉན་པའི་སྐྱེ་བོ་འཇུག་པའི་ཡན་ལག་ཏུ་ཉེ་བར་བསྟན་པའོ། །དེ་
གསུངས་པ། དད་ལྡན་འཇུག་པའི་ཡན་ལག་ཏུ། །རང་ཉིད་ཚད་མར་རབ་བསྒྲུབ་ཕྱིར། །སྟོན་པ་འཁོར་དང་དཔང་པོ་དང་། །ཡུལ་དང་དུས་རྣམས་ངེས་པར་བསྟན། །སྡུད་པར་བྱེད་པས་འཇིག་རྟེན་དུའང་། །ཡུལ་དང་དུས་ནི་ཉེ་བར་མཚོན། །

སྨྲ་བ་དཔང་པོར་ཞེས་བརྗོད་པས། །ཚད་མ་ཉིད་ནི་ལྷག་ཐོབ་འགྱུར། །ཞེས་སོ། །གལ་ཏེ་སོ་སོར་ངེས་པའི་ཡུལ་དང་དུས་མ་བརྗོད་པའི་ཕྱིར། འདི་དག་ཇི་ལྟར་ཤེས་པར་བྱེད་པ་ཡིན་ཞེ་ན་བརྗོད་པར་བྱ་སྟེ། དེ་དག་འབའ་ཞིག་ཁོ་ན་ངེས་པར་ཤེས་པར་བྱེད་པའི་གཙོ་བོ་ཉིད་མ་ཡིན་ཏེ། དེ་དག་མེད་ཀྱང་འགའ་ཞིག་དུ་
དབང་པོ་ཙམ་གྱིས་ཚད་མ་ཉིད་དུ་འགྱུར་བའི་ཕྱིར་རོ། །ཡུལ་དང་དུས་ནི་ཉེ་བར་མཚོན། །ཞེས་པ་ནི་ཕལ་ཆེ་བ་ཉིད་ཀྱིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཡང་དུས་ནི་དངོས་པོ་མ་ཡིན་པའི་ཕྱིར། ཡུལ་ཁོ་ན་བསོད་ནམས་དང་ལྟད་མོ་ལ་སོགས་པ་ལ་འགྲོ་བར་རུང་བ་ཉིད་ཀྱིས་ངེས་པར་བསྟན་ཏོ། །འདིར་ནི་གང་དང་གང་གི་ཚེ་གང་
དང་གང་ཁོ་ནར་གདུལ་བར་བྱ་བ་དེ་དང་དེའི་ཚེ་དེ་དང་དེ་ཁོ་ནར་བསྟན་པ་འདི་རབ་ཏུ་འཇུག་པའི་ཕྱིར་ཡུལ་གྱི་ངེས་པ་ཡང་བྱ་བར་མི་ནུས་སོ་ཞེས་ཐུན་མོང་དུ་བསྟན་པ་ཁོ་ནར་མཛད་དོ། །ཡང་ན་གང་ཡུལ་དང་དུས་སོ་སོར་ངེས་པ་དག་ཀྱང་ཡོད་དེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་མོས་པ་དམན་པ་རྣམས་ཀྱི་ཕྱིར་ཉན་
ཐོས་ཀྱི་ཐེག་པ་ཉེ་བར་བསྟན་ཏེ། ཟབ་མོ་ལ་མོས་པ་རྣམས་ཀྱི་ཕྱིར་དང་འདོད་ཆགས་དང་བྲལ་བའི་བསམ་པ་རྣམས་ཀྱི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་ཚུལ་རབ་ཏུ་གསལ་བར་མཛད་ནས། མཆོག་ཏུ་ཟབ་པའི་ཆོས་ཀྱི་སྣོད་རྣམས་ཀྱི་ཕྱིར་དཔལ་འབྲས་ཕུང་གི་མཆོད་རྟེན་དུ་ནག་པའི་ཟླ་བའི་ཉ་ལ་དཔལ་ཆོས་དབྱིངས་གསུང་གི་
དབང་ཕྱུག་གི་དཀྱིལ་འཁོར་བཞེངས་ཏེ། སྔགས་ཀྱི་ཚུལ་གྱི་བསྟན་བཅོས་མཐའ་དག་གསལ་བར་མཛད་དོ་ཞེས་གསུངས་སོ། །འོན་ཀྱང་འདིར་དམ་པའི་དོན་གྱི་ཚུལ་ཉིད་ཀྱིས་ཕྱི་རོལ་གྱི་གཟུང་བར་ཞེན་པ་བསལ་བའི་ཕྱིར་དེ་ཉེ་བར་མ་བསྟན་ཏོ་ཞེས་པའོ། །ཡང་ན་འཁོར་བའི་བར་ཕྱོགས་བཅུ་མ་ལུས་པ་ནམ་མཁའི་
ཁམས་རབ་འབྱམས་ལ་གནས་པའི་ཆོས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་སོ་སོའི་ནང་ན་གནས་པ། རྡོ་རྗེ་ནོར་བུའི་རྩེ་མོའི་གཞལ་ཡས་ཁང་པའི་ནང་དུ་བཞུགས་པ་ཉིད་རབ་ཏུ་བསྟན་པའི་ཕྱིར་འདིར་ཡུལ་དང་དུས་ཀྱི་ངེས་པ་མ་གསུངས་སོ། །གང་གི་ཕྱིར་འདི་ལ་སོགས་པའི་ཚིག་རྣམས་ཀྱིས་བསྟན་པའི་མཚན་ཉིད་དང་
བྱ་བ་བསྒྲུབ་པའི་རྒྱུ་དང་། ཡོན་ཏན་མཐའ་དག་བརྗོད་པར་འགྱུར་ཏེ། དེ་ལྟར་ཡང་རྣམ་པ་འདི་ལྟ་བུའི་སྟོན་པས་རྣམ་པ་འདི་ལྟ་བུའི་གནས་སུ་འདི་ལྟ་བུའི་འཁོར་འདུས་པ་ལ་རྣམ་པ་འདི་ལྟ་བུའི་ཞུ་བ་པོས་ཞུས་པས་ཆོས་འདི་བསྟན་ཏོ། །དེའི་ཕྱིར་གདོན་མི་ཟ་བར་འདིར་དོན་གྱི་ཁྱད་པར་ཡང་སྲིད་པར་འགྱུར་རོ་ཞེས་གདུལ་

བྱའི་སྐྱེ་བོ་ཉན་པ་པོ་རྣམས་ཐོས་པ་ལ་སོགས་པ་ལ་ཤིན་ཏུ་གུས་པར་འགྱུར་རོ། །རྒྱུའི་ཡོན་ཏན་བརྗོད་པ་རྣམས་ཀྱང་འབྲས་བུའི་ཡོན་ཏན་ཁྱད་པར་དུ་འཕགས་པའི་གསལ་བྱེད་དུ་འགྱུར་བ་ནི། ཇི་ལྟར་འཚེད་པ་ལ་སོགས་པའི་བྱ་བས་གང་ཞིག་བསྒྲུབ་པ་ན་སྒྲུབ་བྱེད་མཛད་མཁན་ལ་སོགས་པའི་ཡོན་ཏན་བསྔགས་
པ་བཞིན་ནོ། །འོན་ཀྱང་སྟོན་པ་པོ་ཁོ་ན་འདིར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཡང་ངོ་། །དེ་གསུངས་པ། བརྟག་པ་གཉིས་ཀྱི་རྒྱལ་པོར། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་སོ། །དེའི་ཕྱིར་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དང་འབྲེལ་པ་དང་དགོས་པ་དང་དེའི་དགོས་པ་རྣམས་ཀྱང་བརྗོད་པར་བྱའོ། །དེ་ལ་
ལེའུ་སུམ་ཅུ་རྩ་གསུམ་གྱི་བདག་ཉིད་ཅན་གྱི་རྒྱུད་འདི་ནི་རྗོད་པར་བྱེད་པའོ། །རིམ་པ་གཉིས་ཡན་ལག་དང་བཅས་པའི་རང་བཞིན་རྒྱུ་དང་འབྲས་བུའི་བདག་ཉིད་བཅོམ་ལྡན་འདས་དཔལ་བདེ་མཆོག་ནི་བརྗོད་པར་བྱ་བའོ། །དེ་དག་གིས་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་ནི་འབྲེལ་བའོ། །གདུལ་བྱའི་སྐྱེ་བོའི་རྒྱུད་
ལ་རྒྱུད་ཀྱི་དོན་རྟོགས་པར་གྱུར་པ་ནི་བསྟན་བཅོས་ཀྱི་དགོས་པའོ། །རིམ་གྱིས་སྒྲིབ་པ་གཉིས་སྤངས་ཏེ་འགྲོ་བ་མཐའ་དག་ལ་ཉེ་བར་མཁོ་བས་ཕྱག་རྒྱ་ཆེན་པོ་འགྲུབ་པ་ནི་དགོས་པའི་དགོས་པའོ་ཞེས་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་ལ་ཡང་བརྗོད་པར་བྱ་སྟེ། འདི་སྐད་ཅེས་པ་ཇི་ལྟར་འཆད་པར་འགྱུར་བ་དེ་ཁོ་ན་ལྟར་
ཆད་པ་དང་ལྷག་པ་མེད་དོ་ཞེས་པ་སྟེ། འདིས་སྡུད་པར་བྱེད་པ་པོ་བདག་ཉིད་གཟུངས་རབ་ཏུ་ཐོབ་པར་བསྟན་ཏོ། །བདག་གིས་ཐོས་པ་ཞེས་པ་ལ་སོགས་དངོས་ལས་ཐོས་པར་བསྟན་པའི་ཕྱིར། ཕྱིན་ཅི་ལོག་གི་དོགས་པ་སེལ་བར་བྱེད་དེ་གསུངས་པའི་དོན་སྟོན་པར་བྱེད་པའི་ཕྱིར་རོ། །ཡང་ན་གང་ཐོས་པ་ཉིད་དེ་བདག་གིས་མངོན་
སུམ་དུ་བྱས་པ་དང་རང་གིས་བྱས་པ་མ་ཡིན་ནོ་ཞེས་པས་ཏེ་འདིས་ནི་ཆོས་ཀྱི་མཆོག་ཏུ་ཟབ་པ་ཉིད་བསྟན་པར་བྱའོ། །ཡང་ན་བདག་གིས་རེ་ཞིག་འདི་སྐད་ཐོས་ལ། གཞན་རྣམས་ཀྱིས་རྣམ་པ་གཞན་དུ་ཡང་སྟེ། བཅོམ་ལྡན་འདས་ཀྱིས་བསྟན་པའི་ཚུལ་རྣམས་ལྷག་པར་མོས་པའི་དབང་གིས་རྣམ་པ་དུ་མར་རབ་ཏུ་འཇུག་པའི་
ཕྱིར་རོ། །དུས་གཅིག་ན་ཞེས་པ་སྐད་ཅིག་གཅིག་ཁོ་ན་ལ་བཅོམ་ལྡན་འདས་ཀྱིས་ཀྱང་བསྟན་ཅིང་བདག་གིས་ཀྱང་ཐོས་ཞེས་པས་ཏེ། འདིས་ནི་བདག་ཉིད་རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཐོབ་པ་ཉིད་དུའོ། །ཡང་ན་གཅིག་གི་ཚེ་འདི་དང་གཞན་གྱི་ཚེ་གཞན་ཞེས་པ་སྟེ་ཐོས་པ་མང་བར་རོ། །ཡང་ན་དུས་གཅིག་ཁོ་ན་

འདི་ལྟར་ཐོས་ལ་གཞན་གྱི་ཚེ་རེས་འགའ་ཡང་མ་ཡིན་ནོ་ཞེས་པ་སྟེ། ཆོས་རྙེད་དཀའ་བ་ཉིད་དུ་རབ་ཏུ་བསྟན་ནོ། །བཅོམ་ལྡན་འདས་ཞེས་པ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་ལྡན་པའི་ཕྱིར་དང་ཉོན་མོངས་པའི་བདུད་ལ་སོགས་པ་བཅོམ་པའི་ཕྱིར་ཡང་ཞེས་པ་སྟེ། འདིས་ནི་ལེགས་པར་ཡོངས་སུ་རྫོགས་ཤིང་ཡོངས་སུ་དག་པའི་བསོད་
ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་ཁོང་དུ་ཆུད་པ་རང་གི་དོན་གྱི་འབྱོར་པ་མཐའ་དག་ཕུལ་དུ་བྱུང་ཞིང་མཐར་ཐུག་པ་ཉིད་ཀྱིས་གཞན་གྱི་དོན་གྱི་འབྱོར་པ་མ་ལུས་པ་སྒྲུབ་པའི་ནུས་པ་མངའ་བའི་སྟོན་པ་ཡང་དག་པར་བརྗོད་པར་འགྱུར་རོ། །ཐམས་ཅད་ཅེས་པ་དེ་ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་སྟེ། དེ་རྣམས་ཀྱི་
སྐུ་དང་གསུང་དང་ཐུགས་ཀྱི་སྤྲུལ་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་སོ། །དེ་ཉིད་བདེ་བ་ཆེན་པོའི་རང་བཞིན་གྱི་ཕྱིར་དང་དེའི་རྒྱུ་ཉིད་ཀྱི་ཕྱིར་ཡང་རྡོ་རྗེ་རྣལ་འབྱོར་མའི་བྷ་གའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། དེའི་རྣལ་
འབྱོར་མ་དང་དེའི་བྷ་གའོ། །ཡང་ན་དེ་ཉིད་བྷ་ག་སྟེ་དེ་ལའོ། །བཙུན་མོ་ཐམས་ཅད་བསྡུས་པའི་རང་བཞིན་ཉིད་ལས་མང་པོའོ་ཚིག་གོ། །རྣམ་པ་གཉི་ག་ལྟར་ཡང་ཆོས་འབྱུང་ལ་གནས་པའི་གཞལ་ཡས་ཁང་གི་ནང་དུའོ་ཞེས་པའི་དོན་ཏོ། །བླ་ན་མེད་པའི་ཆོས་ཀྱི་རོལ་པ་དང་དགའ་བ་དང་བདེ་བའི་
གནས་ཉིད་ཀྱིས་གནས་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་རབ་ཏུ་བསྟན་པའི་དོན་དུ་གསུངས་པ། འཕགས་པ་ཞེས་པ་ལ་སོགས་པ་སྟེ་སྡིག་པའི་ཆོས་རྣམས་ལས་རིང་བར་སྤྱོད་པའི་ཕྱིར་འཕགས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ལ་ཏིང་ངེ་འཛིན་ལ་
སོགས་པ་རྣམས་ཀྱིས་ཀུན་དུ་དགའ་བར་བྱེད་པ་ཞེས་པ་འཕགས་པ་ཀུན་དགའ་བོའོ། །སོགས་པ་ནི་དེ་འདོད་ཆགས་དང་བྲལ་བ་གང་རྣམས་ཀྱི་དང་པོ་ཡིན་པ་དེ་བཞིན་དུ་དེའོ། །དེ་རྣམས་ཀྱིས་བསྐོར་བ་ཐོག་མར་ཏེ། གང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་བྱང་ཆུབ་སེམས་དཔའི་
ཚོགས་ཀྱིས་དེ་བཞིན་དུ་དེའོ། །ཇི་ལྟར་ཉན་ཐོས་ཀྱི་ཐེག་པའི་དབང་དུ་བྱས་པ་རྣམས་འདིར་ཞུགས་ཏེ། འདོད་ཆགས་དང་བྲལ་བའི་བསམ་པའི་ཕྱིར་དང་། ཤེས་རབ་དམན་པའི་ཡང་ཕྱིར་རོ། །གསུངས་པ་ནི། དགེ་སློང་བསམ་གཏན་ལ་གནས་གང་། །གང་ཡང་རྟོག་གེ་དགའ་བའི་མི། །རྒས་

པའི་རྟེན་ལ་གནས་པ་གང་། །དེ་ལ་དེ་ཉིད་བསྟན་མི་བྱ། །ཞེས་སོ་ཞེ་ན་བརྗོད་པར་བྱ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་སྤྲུལ་པའི་ཉན་ཐོས་འཛིན་པ་ཉིད་ཡིན་གྱི། ཉན་ཐོས་ཉིད་ནི་མ་ཡིན་ནོ། །དེ་གསུངས་པ། ཐུན་མོང་མ་ཡིན་པའི་གསང་བ་རྣལ་འབྱོར་གྱི་རྒྱུད་དུ་ཀུན་
དགའ་བོ་ནི་ཀུན་དུ་བཟང་པོ་ཡིན་ནོ་ཞེས་པ་ལ་སོགས་པའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་འཁོར་བསྟན་པ་ཉིད་ལས་རྟོགས་ཏེ། ཅིའི་དོན་དུ་སླར་སོ་སོར་བསྟན་ཞེ་ན། སྔགས་ཀྱི་ཚུལ་ལ་སྒྲུབ་པ་པོ་དགེ་སློང་མཆོག་ཉིད་དུ་རྟོགས་པའི་དོན་དུའོ། །དེ་ལྟར་ཡང་། དགེ་སློང་རྡོ་རྗེ་འཛིན་པ་བྱ། །དེ་ནི་
མ་རུངས་བསྡིགས་པའི་མཆོག །ཅེས་སོ། ཕྱག་ན་རྡོ་རྗེའི་ཞབས་ཀྱིས་ཀྱང་། །ཁྱིམ་པ་དང་དགེ་ཚུལ་གྱི་སློབ་དཔོན་ལ་ལྟོས་ནས་སློབ་དཔོན་དགེ་སློང་མཆོག་ཏུ་གསུངས་སོ། །ཉན་ཐོས་ཀྱི་ཐེག་པ་ཙམ་ལ་ལྷག་པར་མོས་པ་ཤེས་རབ་དམན་པ་ལ་ལྟོས་ནས་ནི་བཀག་པ་ཡང་འཐད་པའི་དོན་ཏོ། །བྱེ་བ་ཕྲག་
བརྒྱད་ཅུ་ཞེས་པ་གྲངས་མེད་པ་ཉིད་ཡིན་ཡང་གཙོ་བོ་རྣམས་ཀྱི་གྲངས་བསྟན་པའོ། །རྣལ་འབྱོར་པ་ཞེས་པ་ཤེས་རབ་དང་ཐབས་སྙོམས་པར་འཇུག་པ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ནོ། །དེ་གང་རྣམས་ལ་ཡོད་པ་དེ་རྣམས་དབང་ཕྱུག་སྟེ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་རོ། །ཞུ་
བ་པོ་ཕུན་སུམ་ཚོགས་པ་གསུངས་པ། ཕྱག་ན་རྡོ་རྗེ་ཞེས་པ་སྟེ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་མཚོན་པའི་རྡོ་རྗེ་གང་གི་ཕྱག་ན་ལག་མཐིལ་ལྟར་ཡོད་པ་དེ་བཞིན་དུ་དེའོ། །འཛུམ་པ་ཞེས་པ་སྟོན་པའི་དགོངས་པ་མཚོན་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་སྟོན་
པར་བཞེད་པའི་དགོངས་པ་ཁོང་དུ་ཆུད་པས་འཁོར་རྣམས་བཏང་སྙོམས་སུ་མི་ལུས་པའི་ཕྱིར་ཞེས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་མཚན་མ་ཉེ་བར་སྟོན་པར་མཛད་དེ། ཇི་ལྟར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་དུས་ན་འཕགས་པ་བྱམས་པ་ལ་རྣམ་པར་གཟིགས་པ་དང་འོད་
ཟེར་རབ་ཏུ་བཀྱེ་བ་དང་འཛུམ་པ་རབ་ཏུ་གསལ་བའི་མཚན་ཉིད་ཀྱི་རྟགས་རྣམ་པ་གསུམ་ཉེ་བར་བསྟན་པ་བཞིན་ནོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་དེ་རྣམས་ཡོད་ཀྱང་ཕྱག་ན་རྡོ་རྗེ་ལ་རྣམ་པར་གཟིགས་པ་ནི། འདི་སྐུ་གཟུགས་དང་དམ་པའི་ཆོས་བསྲུང་བར་ནུས་པའི་ཕྱིར་

དང་། རྡོ་རྗེ་ཐེག་པ་སྡུད་པ་ལ་དབང་བའི་ཕྱིར་དང་། གདུལ་བར་དཀའ་བ་འདུལ་བར་ནུས་པའི་ཕྱིར་རོ། །སྟན་ལས་ལངས་ཏེ་ཞེས་པ་ཆོས་ལ་གུས་པས་དུལ་བ་དང་། རབ་ཏུ་དང་བའི་སྦྱོར་བ་ལས་མ་འོངས་པའི་སློབ་མ་ལ་བསླབ་པའི་དོན་དུ་ཡང་ངོ་། །གང་ཡང་འདི་ཉིད་ཀྱིས་རྒྱུད་མཐའ་དག་གི་བསྡུས་པའི་
དོན་བསྟན་ཏེ་དེ་ལྟར་ཡང་གསལ་བ་དང་གོ་བར་བྱེད་པ་ཞེས་པ་རྒྱུད་དོ། །དེ་ནི་རྣམ་པ་གསུམ་སྟེ། ཐབས་ཀྱི་རྒྱུད་དང་། རྒྱུའི་རྒྱུད་དང་། འབྲས་བུའི་རྒྱུད་ཀྱང་ངོ་། །དེ་གསུངས་པ་འདུས་པ་ཕྱི་མ་ལས། །རྒྱུད་ནི་རྒྱུན་ཆགས་སུ་བརྗོད་དེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །རྟེན་དང་རང་བཞིན་ཉིད་དང་ནི། །
མི་འཕྲོགས་པ་ཡི་རབ་དབྱེ་ལས། །ཞེས་པའོ། །དེ་ལ་འབྲས་བུའི་རྒྱུད་ནི་ཟུང་འཇུག་གི་བདག་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་སྟེ། སྟོན་པ་པོའི་རང་བཞིན་བརྗོད་པའི་ཕྱིར་གསུངས་པ་ཉིད་དོ། །གལ་ཏེ་ཡང་སྒྲུབ་པ་པོ་དང་འབྲེལ་པའི་འབྲས་བུ་ཁོ་ན་བརྗོད་པར་རིགས་པ་དེ་ལྟ་ན་ཡང་རྫོགས་པར་
གྱུར་པ་ན་འདི་ལྟ་བུ་ཉིད་ཀྱི་འབྲས་བུ་འགྲུབ་པོ་ཞེས་དེ་དང་འདྲ་བ་ཁོ་ནས་གསུངས་སོ། །གཞན་ཡང་སྔགས་ཀྱི་ཚུལ་ལ་སྒྲུབ་པ་པོའི་རང་བཞིན་གྲུབ་པ་ཡོངས་སུ་དག་པའི་སངས་རྒྱས་ཀྱི་སྙིང་པོ་ཉིད་ཡོད་པ་ལ་ཡང་དྲི་མ་དང་བྲལ་ཞིང་ཡོངས་སུ་དག་པར་དམིགས་པ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་མཐའ་
དག་སྤངས་པས་འདོད་པའི་བསྒྲུབ་བྱ་འགྲུབ་པར་འགྱུར་རོ། །གསུངས་པ་ཡང་། སངས་རྒྱས་ཉིད་ནི་བསྒྲུབ་པའི་རྒྱུ། །རྣམ་པ་ཐམས་ཅད་སངས་རྒྱས་སྦྱོར། །ཞེས་སོ། །དེ་བཞིན་དུ་ཡེ་ཤེས་ཞབས་ཀྱིས་ཀྱང་། །ཀུན་དུ་བཟང་པོའི་བདག་ཉིད་ནི། །བསྒོམ་པའི་འབད་པ་བྱང་ཆུབ་ཆེ། །ཞེས་སོ། །
སངས་རྒྱས་ཀྱི་སྙིང་པོ་ཉིད་ཉེ་བར་བསྟན་པ་ཡང་རྒྱུ་གསུམ་རྣམས་ཉིད་ཀྱིས་ཏེ་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་སྐུ་ཁྱབ་པ་དང་། དེ་དེ་བཞིན་ཉིད་དང་དབྱེར་མེད་པའི་ཕྱིར་དང་། སངས་རྒྱས་ཉིད་སྒྲུབ་པར་རུང་བ་ཉིད་ཀྱིས་སོ། །དེ་གསུངས་པ། རྫོགས་པའི་སངས་རྒྱས་སྐུ་འཕྲོའི་ཕྱིར། །དེ་བཞིན་
ཉིད་དབྱེར་མེད་ཕྱིར་དང་། །ཀུན་ལ་རྟག་ཏུ་རིགས་ཡོད་ཕྱིར། །ལུས་ཅན་སངས་རྒྱས་སྙིང་པོའོ། །ཞེས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཉིད་འབྲས་བུ་དང་ལམ་དུ་ཡང་སྟེ། རྒྱུའི་རྒྱུད་ནི་ལྟོས་ནས་བརྗོད་པར་བྱའོ། །ཨེ་ཡིག་ནི་ལྷ་མོའི་ཆོས་འབྱུང་ངོ་། །ཝཾ་ཡིག་ནི་རྡོ་རྗེའོ། །མ་ཡཱ་ཞེས་པ་འདུས་

པའོ། །ཤྲུ་ཏཾ་ཞེས་པ་ཞུ་ཞིང་ལྟུང་བའོ། །དུས་གཅིག་ན་ཞེས་པ་ཐུན་མོང་མ་ཡིན་པའི་ལུས་དང་ངག་དང་སེམས་མཐའ་དག་ཉེ་བར་དམིགས་པ་རྫོགས་པའི་རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བའི་སྐད་ཅིག་ལ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་བདེ་བ་ཆེན་པོ་དང་དབྱེར་མེད་
པའི་སྐུ་བཞུགས་པ་སྟེ། ཆོས་ཐམས་ཅད་ཁྱབ་པའི་རང་བཞིན་ཉིད་ཀྱིས་གནས་པའོ། །དེ་གསུངས་པ། ཨེ་ཡིག་བྷ་ག་ཞེས་པར་བརྗོད། །ཡི་གེ་ཝཾ་ནི་རྡོ་རྗེར་དྲན། །མ་ཡཱ་ཞེས་པ་བསྐྱོད་པར་བྱེད། །ཤྲུ་ཏཾ་གང་དེ་རྣམ་གཉིས་འདོད། །ཁུ་བའི་རྣམ་པ་བཅོམ་ལྡན་འགྱུར། །དེ་ཡི་བདེ་བ་འདོད་མར་
དྲན། །ཆོས་དང་ལོངས་སྤྱོད་རྫོགས་རང་བཞིན། །རྡོ་རྗེ་སེམས་དཔའི་མཚན་ཉིད་དོ། །ཞེས་སོ། །ཡང་ན། ཨེ་ཡིག་ས་རུ་ཤེས་པར་བྱ། །ལས་ཀྱི་ཕྱག་རྒྱ་ལས་ཅན་མ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །འདབ་མ་དྲུག་ཅུ་རྩ་བཞིར་གནས། །ཝཾ་ཡིག་ཆུ་རུ་ཤེས་པར་བྱ། །ཆོས་ཀྱི་ཕྱག་
རྒྱ་མཱ་མ་ཀཱི། །སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ། །ཆུ་སྐྱེས་འདབ་མ་བརྒྱད་པར་གནས། །མ་ཡིག་མེ་རུ་ངེས་པར་བསྟན། །ཕྱག་རྒྱ་ཆེན་མོ་གོས་དཀར་མོ། །མགྲིན་པར་ལོངས་སྤྱོད་འཁོར་ལོ་ལ། །ཆུ་སྐྱེས་འདབ་མ་བརྒྱད་གཉིས་གནས། །ཡཱ་ཡིག་རླུང་དུ་རབ་ཏུ་བརྗོད། །དམ་ཚིག་ཕྱག་རྒྱ་སྒྲོལ་
མ་སྟེ། །བདེ་བ་ཆེན་པོའི་འཁོར་ལོར་གནས། །ཆུ་སྐྱེས་འདབ་མ་སུམ་ཅུ་གཉིས། །ཤྲུ་ཏཾ་ལྷན་སྐྱེས་ཞེས་པར་བརྗོད། །རྣམ་གཉིས་དབྱེ་བས་ཕྱེ་བའོ། །ཞེས་པའོ། །ལྷག་མ་ནི་སྔར་བཞིན་ནོ། །འཕགས་པ་ཀུན་དགའ་བོ་ལ་སོགས་པ་ཞེས་པ་འཇིག་རྟེན་ལས་འདས་པའི་དགའ་བ་
མཆོག་ལ་སོགས་པ་ཡོད་པའོ། །འཕགས་པ་སྤྱན་རས་གཟིགས་ཞེས་པ་འདོད་ཆགས་ལ་སོགས་པ་རང་བཞིན་བརྒྱད་ཅུ་རྣམས་ཀྱི་རང་བཞིན་དུ་གྱུར་པ་སྟོང་པ་ཉིད་དང་རོ་གཅིག་པ་བདེ་བ་ཆེན་པོའི་རྣལ་འབྱོར་ལས་ཡོན་ཏན་དུ་གྱུར་པ་ཉིད་ཀྱིས་དབང་ཕྱུག་རྣམས་ཀྱི་དབུས་སུ་གྱུར་པའོ། །
གསུངས་པ་ཡང་། ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་སོ། །ཕྱག་ན་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །རྣམ་པར་གཟིགས་པ་ནི་ཉམས་སུ་མྱོང་བའོ། །སྟན་ལས་ལངས་ཏེ་ཞེས་པ་ནི་ཏིང་ངེ་འཛིན་དེ་ལས་ལངས་ཏེ་ཡང་ན་གསང་བའི་འཁོར་ལོ་ལས་སོ། །

བླ་གོས་ཕྲག་པར་བྱས་ནས་ཞེས་པ་ཡན་ལག་མཆོག་ལ་ཐོབ་པར་བྱས་ནས་སོ། །པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཞེས་པ་དེ་བཞིན་གཤེགས་པའི་བརྡ་ལས། ཡོངས་སུ་དག་པའི་ལོངས་སྤྱོད་རྫོགས་པའི་སྐུའོ། །ས་ལ་ཞེས་པ་ཆོས་ཉིད་ལའོ། །དེ་ཉིད་ལག་པ་ཐལ་མོ་
སྦྱར་བར་བྱས་ནས་ཞེས་པ་སྲིད་པ་དང་ཞི་བ་དབྱེར་མེད་པར་གྱུར་པའོ། །བཅོམ་ལྡན་འདས་ལ་ཞེས་པ་རྗེ་བཙུན་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ལའོ། །གསོལ་བ་བཏབ་པ་ཞེས་པ་ཡིད་ལ་བྱེད་པ་མེད་པ་ཉིད་ཀྱིས་འགྲོ་བའི་དོན་ལ་བསྐུལ་བར་མཛད་པའོ། །བསྐྱར་ནས་བཤད་པ་ལ་འབྲེལ་པ་
མེད་པ་མ་ཡིན་ནོ། །ཐབས་ཀྱི་རྒྱུད་ཀྱང་འདི་ཉིད་ཀྱིས་རྣམ་པར་བཤད་དེ། ཐབས་ཞེས་བྱ་བ་ཉེ་བར་ལེན་པའི་རྒྱུར་གྱུར་པའི་རྒྱུའི་རྒྱུད་ཀྱི་ལྷན་ཅིག་བྱེད་རྒྱུ་གནས་པའོ། །ཡང་ན་གང་རྒྱུད་གསུམ་ཀ་ཡང་རྣམ་པར་བཤད་པ་འདི་ཉིད་ཀྱིས་གསུངས་པར་གཏོགས་པར་བྱའོ། །རྒྱུ་དང་འབྲས་བུའི་
དངོས་པོ་དང་ཁྱད་པར་ནི་དེ་མ་ཐག་བཤད་པར་བྱའོ། །གལ་ཏེ་རྡོ་རྗེ་འཆང་ཉིད་ནི་བསྐྱེད་བྱ་དང་རྣམ་པར་བསྒྱུར་བྱ་དང་ཐོབ་བྱ་རྣམས་ལས་ཅིར་འགྱུར། བསྐྱེད་བྱ་ཡིན་ནོ་ཞེ་ན། རྣམ་པར་འཇིགས་པ་དང་ཕྱོགས་གཅིག་པར་འགྱུར་རོ། །གསུངས་པ་ཡང་དགེ་སློང་རྣམས་གང་ཅུང་ཟད་ཀུན་འབྱུང་བའི་
ཆོས་ཅན་དེ་ཐམས་ཅད་ནི་འགོག་པའི་ཆོས་ཅན་ཡིན་ནོ་ཞེས་སོ། །དེའི་ཕྱིར་སླར་འཁོར་བ་པ་ཉིད་དུ་འགྱུར་གྱིས་ཕྱོགས་གཅིག་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་ཏེ། ཡུལ་དང་དུས་བཟློག་ནས་གནས་སྐབས་གཞན་གཅིག་པར་ཤེས་པ་ལ་ཡུལ་དང་དུས་གཞན་མི་ཤེས་པ་
སྲིད་པའི་ཕྱིར་རོ། །དེའི་ཕྱིར་གྲོལ་བ་དང་མ་གྲོལ་བ་དག་ཁྱད་པར་མེད་པར་ཐལ་བར་འགྱུར་རོ། །རྣམ་པར་བསྒྱུར་བྱའི་ཕྱོགས་ནི་བསྐྱེད་བྱའི་ཕྱོགས་དང་ཁྱད་པར་མེད་དེ། འགའ་ཞིག་གིས་གནས་སྐབས་ཅན་གཅིག་ཉིད་ཀྱི་གནས་སྐབས་གཞན་བཟློག་ནས་གནས་སྐབས་གཞན་རབ་ཏུ་འཇུག་པ་
ལ་གསེར་ལ་སོགས་པའི་རྣ་རྒྱན་གྱི་དངོས་པོ་ལ་སོགས་པ་ལྟར་རྣམ་པར་འགྱུར་བའི་ཐ་སྙད་དོ། །དེ་ཡང་སྐད་ཅིག་འཇིག་པར་སྨྲ་བའི་སངས་རྒྱས་པ་རྣམས་ཀྱི་འདོད་པ་ལ་མི་སྲིད་དེ། ཤིན་ཏུ་མཚུངས་པ་རྣམས་ཀྱིས་ཀྱང་སྐད་ཅིག་སོ་སོར་རྗེས་སུ་འགྲོ་བ་མེད་པར་འཇིག་པ་འབྱུང་བའི་རང་བཞིན་

ཉིད་ཀྱི་ཕྱིར་རོ། །ཐོབ་བྱ་ཉིད་ལ་ནི་ཉེས་པ་མང་སྟེ་ཐོབ་བྱའི་འབྲས་བུ་ལྷན་ཅིག་བྱེད་པ་དང་ཉེ་བར་ལེན་པ་དག་ཉེ་བར་མཁོ་བ་མེད་དོ། །གང་ཡང་ཐོབ་པ་ཞེས་བྱ་བ་ནི་མ་ཐོབ་པ་ཐོབ་པའོ། །དེ་ཡང་ཐ་དད་པ་ཉིད་ལ་རིགས་པར་འགྱུར་ཏེ། ཕྲད་པ་དང་བྲལ་བ་དག་ཐ་དད་དུ་མཐའ་
གཅིག་པའི་ཕྱིར་རོ། །དེ་ལྟར་ན་ཡང་སངས་རྒྱས་ཉིད་དང་ལྡན་པ་ཞེས་པར་འགྱུར་གྱི་སངས་རྒྱས་ཞེས་པར་ནི་མི་འགྱུར་ཏེ། ཇི་ལྟར་བ་ལང་དང་ལྡན་པ་བཞིན་ནོ། །ཐ་དད་མེད་ན་ནི་ཐོབ་པ་ཉིད་དེ་ཐོབ་བྱ་མ་ཡིན་ནོ། །གང་ཞིག་དང་ཐ་དད་མེད་པ་དེ་དེའི་རང་བཞིན་དུ་འགྱུར་ཏེ། ཇི་ལྟར་མེའི་ཚ་བ་ཉིད་བཞིན་ནོ། །
དེའི་ཕྱིར་ལམ་གོམས་པ་མེད་པ་ཁོ་ནར་སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་དུ་འགྱུར་ཏེ། གང་ཞིག་གང་གི་རང་བཞིན་ཉིད་ཡིན་པ་དེ་ནི་མངོན་དུ་བྱེད་པའི་ཐབས་ཀྱི་རབ་ཏུ་སྦྱོར་བ་ལ་འབད་པ་མེད་དོ། །གལ་ཏེ་རང་བཞིན་དུ་གྱུར་ཀྱང་ཀུན་རྫོབ་ཏུ་ཐོག་མ་མེད་པའི་རྣམ་པར་རྟོག་པ་ཡང་དག་པ་མ་ཡིན་པའི་
རབ་རིབ་ཀྱིས་བསྒྲིབས་པའི་ཕྱིར། རབ་ཏུ་གསལ་བ་དང་ལྡན་པའི་རང་བཞིན་དང་ཐ་དད་པ་ལྟ་བུར་འགྱུར་རོ། ནམ་མཁའི་རབ་ཏུ་གསལ་བ་ལ་སོགས་པ་ཡང་སྤྲིན་ལ་སོགས་པས་བསྒྲིབས་པ་བཞིན་ནོ་ཞེ་ན་མ་ཡིན་ཏེ། གཉི་གར་ཡང་ཆོས་ཉིད་གཅིག་ཏུ་གནས་པ་ཉིད་ཀྱིས་བསྒྲིབ་པར་བྱ་བ་དང་སྒྲིབ་
པར་བྱེད་པ་དག་མི་རིགས་པའི་ཕྱིར་རོ། །ནོར་བུ་ལ་གནས་པའི་འོད་དང་མཁྲེགས་པ་དག་ལ་བསྒྲིབ་པར་བྱ་བ་དང་སྒྲིབ་པར་བྱེད་པ་ཉིད་ཅེས་བྱ་བ་ཡོད་པ་མ་ཡིན་ནོ། །འགལ་བ་དེ་དག་ནི་ཆོས་དང་ཆོས་ཅན་ཐ་དད་པ་དག་ཁོ་ན་ལ་རིགས་སོ། །གང་ཡང་བསྒྲིབས་པ་ཉིད་ཅེས་བྱ་བ་ནི་སངས་རྒྱས་
ཉིད་ཀྱི་ངེས་པ་དང་མི་ལྡན་པའི་རང་བཞིན་ཉིད་ན། གང་ཞིག་གང་ལ་ངེས་པ་དང་མི་ལྡན་པ་ཉིད་ཀྱི་གནས་པ་དེ་ནི་དེ་ལ་རང་གི་དོན་བྱ་བ་ཡོངས་སུ་འདོར་བ་མ་ཡིན་ཏེ། སྲེག་པ་ཞེས་མ་ངེས་ཀྱང་སྲེག་བྱེད་མ་ཡིན་པར་མི་འགྱུར་རོ། །ཇི་སྲིད་བྱིས་པ་ལ་སོགས་པའི་ལུས་ལ་གནས་ཤིང་དེས་
ངེས་པ་དང་མི་ལྡན་པའི་ནོར་བུ་དང་། སྔགས་དང་སྨན་རྣམས་ཀྱང་རང་གི་དོན་བྱ་བ་བྱེད་དོ། །གཞན་ཡང་རྣམ་པར་རྟོག་པ་རྣམས་ཀྱིས་ཡང་དག་པའི་དོན་མཐོང་བ་སྒྲིབ་པར་བྱེད་པ་ཉིད་ཀྱིས། མུན་པའི་ཚུལ་ཉིད་ལ་སྒྲིབ་པར་བྱེད་པ་ཉིད་དུ་འགྱུར་ན་ཡང་སངས་རྒྱས་ཉིད་ནི་མཉམ་པ་མེད་པའི་སྣང་

བ་མཆོག་གི་ཚུལ་ཉིད་ལས་ཇི་ལྟར་བསྒྲིབ་པར་བྱ་བ་ཉིད་དུ་འགྱུར། སྣང་བ་ནི་མུན་པས་བསྒྲིབ་པར་བྱ་བ་མ་ཡིན་ཏེ་སྣང་བ་ནི་མུན་པ་འཇོམས་པར་བྱེད་པའོ། །གལ་ཏེ་ཡང་དེ་ལྟར་ཡིན་ན་ནམ་ཡང་སྒྲིབ་པ་སྤོང་བ་དང་བསྒོམ་པར་བྱ་བ་མ་ཡིན་ནོ། །གང་ཡང་དྲི་མ་སྤངས་པར་གྱུར་པ་སེམས་ཀྱི་
བསྒྲིབ་པར་བྱ་བ་དང་། གཉེན་པོར་འགྱུར་བ་དུམ་བུ་མ་ཡིན་པའི་རང་བཞིན་དངོས་པོ་གཅིག་དང་དུས་གཅིག་ལ་གསུམ་པོ་འདི་དག་ཇི་ལྟར་རིགས་པར་འགྱུར། །བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར་རོ། །དུས་ཐ་དད་པ་ཉིད་ལ་ནི་ཤིན་ཏུ་མི་རིགས་ཏེ་གཅིག་གི་དུས་ན་གཞན་མི་སྲིད་པའི་ཕྱིར་རོ་ཞེ་ན་དེ་དང་དེ་
དག་ཐམས་ཅད་ལ་སྙིང་པོ་མེད་དེ། གསུངས་པའི་དོན་རྟོག་གེའི་བགྲོད་བྱ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གསུངས་པ་ཡང་མདོ་སྡེ་རྒྱན་དུ། རྟེན་དང་མ་ངེས་མ་ཁྱབ་དང་། །ཀུན་རྫོབ་པ་དང་སྐྱོ་བ་ཅན། །བྱིས་པ་ལ་བརྟེན་རྟོག་གེར་འདོད། །དེ་ཕྱིར་དེ་ནི་དེ་ཡུལ་མིན། །ཞེས་སོ། །དེ་ཉིད་གསུངས་
པ། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པར། ཐུན་མོང་རྒྱུད་རྣམས་ཐམས་ཅད་ཀྱི། །གཏན་ཚིགས་རྣམས་ཀྱིས་གཞོམ་བྱ་མིན། །དད་པ་ཙམ་གྱིས་གཟུང་བྱ་སྟེ། །མིག་དང་ལག་པར་མ་ཡིན་ནོ། །ཞེས་སོ། །ཐེག་པ་ཆེན་པོའི་རྒྱུད་བླ་མར་ཡང་། །རང་བྱུང་རྣམས་ཀྱི་དོན་དམ་ལ། །དད་
པ་ཁོ་ནས་འདིར་འཇུག་བྱ། །འོད་འབར་ཉི་མའི་དཀྱིལ་འཁོར་ལ། །མིག་མེད་མཐོང་བར་མི་འགྱུར་རོ། །ཞེས་སོ། །ས་ར་ཧའི་ཞབས་ཀྱིས་ཀྱང་། །བློ་ཡི་སྤྱོད་ཡུལ་ཉིད་མིན་ངག་གི་སྤྱོད་ཡུལ་མིན། །བླ་མས་བསྟན་པ་དངོས་པོའི་གཏམ་ནི་རིང་པོར་འཇུག །དེ་ནི་རིམ་གྱིས་སྙིང་རྗེ་ལ་
སོགས་ཡོན་ཏན་དཀར། །དད་ལྡན་སྙིང་གར་གོ་འཕང་རང་ཉིད་སྦྱིན་པར་འགྱུར། །ཞེས་སོ། །དེ་ལྟར་ན་རིག་བྱེད་ལ་སོགས་པའི་རབ་ཏུ་འཇུག་པ་ཡང་མི་འགལ་བ་ཉིད་དོ་ཞེ་ན་མ་ཡིན་ཏེ། དེ་ནི་འཇིག་རྟེན་ལས་འདས་པའི་ཚད་མས་ཀྱང་མི་འཐད་པའི་ཕྱིར་རོ། །འདིར་ནི་དེ་མི་སྲིད་དེ། བླ་
མ་བརྒྱུད་པ་ལས་འོངས་པའི་མན་ངག་གིས་ཉམས་སུ་མྱོང་བ་ཁོང་དུ་ཆུད་པའི་ཕྱིར་ག་ལ་མཚུངས། །དད་པ་ཡང་འདིར་ཡོད་པ་ཉིད་དང་ཡོན་ཏན་ཅན་ཉིད་དང་ནུས་པ་ཉིད་ཀྱིས་ཚད་མའི་ཡིད་བརྟན་པས་ཡིད་ཆེས་པ་དང་དང་བ་དང་འདོད་པའི་རྣམ་པ་སྟེ། གཞན་བླུན་པོ་རྣམས་ཀྱིས་ལྟར་རིགས་པ་

དང་བྲལ་བ་ནི་མ་ཡིན་ནོ། །འོན་ཀྱང་ཁས་བླངས་ནས་ཀྱང་བརྗོད་པར་བྱ་སྟེ། རེ་ཞིག་གང་བསྐྱེད་བྱ་ཉིད་ལ་རྣམ་པར་འཇིག་པ་ཉིད་དུ་བརྗོད་པ་དེ་ལ་འདིའི་རྣམ་པར་འཇིག་ཅིང་མར་མེ་ལ་སོགས་པ་ལྟར་རྒྱུན་ཟད་པ་ཙམ་མམ། ས་བོན་ལ་སོགས་པ་དང་མྱུ་གུ་ལ་སོགས་པ་
ལྟར་རྒྱུན་གཞན་སྐྱེས་པ་ན་སྔར་གྱི་རྒྱུན་ལོག་གམ་སྐད་ཅིག་སོ་སོར་འབྲས་བུ་འདྲ་བ་གཞན་དང་གཞན་སྐྱེ་བ་ཡིན། རེ་ཞིག་དང་པོ་ནི་མ་ཡིན་ཏེ་སེམས་ནི་བརྟན་པ་ལྟར་རྣམ་པ་ཐམས་ཅད་དུ་འཆད་པ་མི་སྲིད་པའི་ཕྱིར་རོ། །མར་མེ་ལ་སོགས་པ་ལ་ཡང་ཉེ་བར་འཚེ་བ་མེད་པའི་ས་ཕྱོགས་སུ་མར་ཁུ་
དང་སྡོང་བུ་ལ་སོགས་པ་ཡོད་ན་ཡུན་རིང་དུ་གནས་པ་གྲུབ་ན་ནམ་མཁའ་ལྟར་ཡངས་ཤིང་དྲི་མ་མེད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའི་བཅོམ་ལྡན་འདས་སྨོས་ཀྱང་ཅི་དགོས། འཇིག་རྟེན་ན་ཡང་ཇི་སྲིད་བསོད་ནམས་དམན་པ་ཙམ་ཡོད་པ་དེ་སྲིད་སེམས་ཅན་རྣམས་ཀྱི་རྒྱུན་མི་འཆད་
པར་མཐོང་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཕྱོགས་གཅིག་ཏུ་གནས་པ་ཉིད་ཀྱི་སྐྱོན་མེད་དེ་ཚོགས་གཉིས་ཀྱིས་ཁྱབ་པའི་ཕྱིར་རོ། །ཕྱོགས་གཅིག་པ་ཉིད་ལ་ཡང་ཐམས་ཅད་མཁྱེན་པ་ཉིད་མེད་དོ། །གཞོན་ནུ་མའི་པྲ་ཏི་སེ་ནའི་ཤེས་པ་ལྟ་བུ་དང་། བདེན་པའི་རྨི་ལམ་གྱི་ཤེས་པ་ལྟར་དུས་དང་ཕྱོགས་མཐའ་དག་ན་
གནས་པའི་དངོས་པོ་ཕྱིན་ཅི་མ་ལོག་པར་ཤེས་པ་རྣལ་འབྱོར་པའི་ཡེ་ཤེས་སོ། །དེ་ཡང་ཕྱོགས་གཅིག་ཉིད་ཁོ་ན་མ་ཡིན་ཏེ། གཞན་དུ་ན་ཡུན་རིང་པོ་དང་འདས་པ་ལ་སོགས་པ་འགའ་ཞིག་རྟོགས་པ་མེད་དོ། །ཕྱོགས་གཉིས་པ་ཡང་བཅོམ་ལྡན་འདས་ལ་མི་སྲིད་དེ། འབྲས་བུ་མི་འདྲ་བ་བསྐྱེད་
པའི་རྒྱུ་མི་སྲིད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་གཉིས་ནི་དེའི་རྒྱུ་སྟེ་དེ་ཡང་བཅོམ་ལྡན་འདས་ཀྱིས་སྤངས་སོ། །འོན་ཏེ་དེ་ཡང་མི་འདོད་པའི་རྐྱེན་གྱི་སྟོབས་ཀྱིས་ཉམས་པ། འདོད་པ་མ་ཡིན་ཞིང་རང་གི་འདོད་པའི་དབང་གིས་ཀྱང་མ་ཡིན་ཏེ། དེའི་སྤྲུལ་པའི་སྐུའི་རྒྱུན་བསྟན་པ་ལ་མི་སྲིད་པའི་
ཕྱིར་རོ། །གསུམ་པ་ནི་མི་འདོད་པ་མ་ཡིན་ཏེ་ཆད་པ་མེད་ཅིང་རྟག་པའི་ལོངས་སྤྱོད་རྫོགས་པའི་སྐུ་ལ་འདོད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ལ་ལྟོས་ནས་བསྐྱེད་བྱ་ཉིད་ཀྱང་འདོད་པའོ། །ཆོས་ཀྱི་སྐུ་ལ་ལྟོས་ནས་ནི་ཐོབ་བྱ་ཉིད་དོ། །ཇི་ལྟར་བརྗོད་པའི་སྐྱོན་གྱི་

སྐབས་ཀྱང་མེད་དེ། དེ་ལྟར་ཡང་རེ་ཞིག་གང་བརྗོད་པ་ཐ་དད་མེད་པ་ལ་ཐོབ་པ་འགལ་ཞེས་པའོ། །དེ་ལ་ཐོབ་པ་ནི་ཁོང་དུ་ཆུད་པ་དེ་ལག་པས་འཛིན་པ་ནི་མ་ཡིན་ནོ། །དེ་ཡང་དབྱེར་མེད་ཀྱང་ཉེས་པ་མེད་དོ། །གང་ཞིག་གང་ལ་གནས་ཤིང་རང་བཞིན་དུ་གྱུར་པ་ལ་ཡང་དེ་གདོན་མི་ཟ་བར་ངེས་པ་མ་ཡིན་ཏེ།
ཇི་ལྟར་སྐད་ཅིག་འཇིག་པ་ལ་སོགས་པ་ལ་ཡང་ཇི་སྲིད་ངེས་པར་གྱུར་པ་དེ་སྲིད་མ་ངེས་པ་ཉིད་དུ་དཔྱོད་དོ། །གང་ཡང་འདི་དག་དོན་དམ་པའི་བདེན་པ་ལ་ལྟོས་ནས་སམ། ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་བརྗོད་པར་བྱ། དང་པོ་ལྟར་ན་མི་འདོད་པ་ཅུང་ཟད་ཀྱང་མེད་དོ། །དོན་དམ་པའི་བདེན་པ་ལ་ནི་ཐོབ་
པར་བྱ་བ་དང་ཐོབ་པར་བྱེད་པ་དང་ཐོབ་པ་རྣམས་མེད་དེ། དོན་དམ་པའི་ཆོས་ཐམས་ཅད་ཉེ་བར་དམིགས་པ་མེད་པའོ། །གཉིས་པ་ལ་ནི་མངོན་སུམ་གྱིས་འགལ་བའོ། །གང་གི་ཕྱིར་སེམས་ཀྱི་རྣམ་འགྱུར་ལས་རང་གི་ངོ་བོ་རྣམ་པ་གཞན་དུ་གནས་པ་ཡང་རྣམ་པ་གཞན་དུ་མཐོང་བར་འགྱུར་
ཏེ། ཇི་ལྟར་མཁྲིས་པ་འཁྲུགས་པའམ་དྷ་དུ་ར་ལ་སོགས་པ་ཟོས་པ་ལས་རང་གི་ལུས་ལ་སོགས་པ་འཁོར་བ་མེད་ཀྱང་འཁོར་བ་ཉིད་དང་། ཇི་ལྟར་ཡང་དེའི་གློ་བུར་གྱི་འཁྲུལ་པའི་རྒྱུ་རྣམ་པར་ཉམས་པ་དང་རང་གི་ལུས་ལ་སོགས་པ་རང་བཞིན་དུ་གནས་པ་ལ་ཡང་ཐོབ་པར་བརྗོད་ཅིང་དེ་ཐོབ་
པའི་ཆེད་དུ་ཐབས་ཀྱི་རབ་ཏུ་སྦྱོར་བ་ཡང་བྱེད་པ་དེ་བཞིན་དུ་འདིར་ཡང་མི་རིགས་པ་ཅི་ཡོད། འདི་ཉིད་ཀྱི་ངེས་པ་དང་མི་ལྡན་པ་ཉིད་ཀྱིས་ཀྱང་ཡོད་པའི་དོན་གྱིས་བྱ་བ་བྱེད་པ་ཉིད་དུ་བརྗོད་པ་སྤངས་པ་ཡིན་ཏེ་འདི་ནི་རྣམ་པ་ཐམས་ཅད་དུ་རིགས་པ་མེད་དོ། །གང་ཡང་སྣང་བ་ནི་ཇི་ལྟར་མུན་པས་སྒྲིབ་
པར་བྱེད་ཅེས་པ་ལ་སོགས་པ་བརྗོད་པ་དེ་ཡང་ཅུང་ཟད་མེད་དེ། སངས་རྒྱས་ཉིད་དང་རྣམ་པར་རྟོག་པ་དང་། སྣང་བ་དང་མུན་པའི་སྒྲའི་བརྗོད་པར་བྱའི་ཚུལ་ཁྱད་པར་མེད་དེ། མི་མཐུན་པའི་ཕྱོགས་བཟློག་པར་ནུས་པའི་ཕྱིར་དང་། དེ་རྣམས་ཀྱིས་བཟློག་པར་མི་ནུས་པའི་ཕྱིར་དང་། ཤེས་བྱ་
ཐམས་ཅད་ཁོང་དུ་ཆུད་པའི་རྒྱུད་ཉིད་ཀྱིས་ཀྱང་སྣང་བའི་ཚུལ་དུ་བརྗོད་ཅིང་། རྣམ་པར་རྟོག་པ་རྣམས་ཀྱང་རྟག་ཏུ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པ་ཉིད་ཀྱིས་མུན་པའི་ཚུལ་ཉིད་དུའོ། །གལ་ཏེ་འགལ་བ་དག་ཆོས་ཅན་གཅིག་ཉིད་ཅེས་ཇི་ལྟར་བརྗོད་ཅེ་ན། མཐོང་བ་ལ་མི་

རིགས་པ་ཅི་རྟག་པར་འཛིན་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་དང་། སྐད་ཅིག་མ་ཉིད་ལ་སོགས་པ་ལའང་གཉེན་པོའི་ཕྱོགས་ཡིན་གྱི་ཆོས་ཅན་དུ་མ་ཉིད་ནི་མ་ཡིན་ཏེ། སེམས་ཀྱི་རང་བཞིན་སྐད་ཅིག་མ་ཉིད་ལ་རང་གི་ངོ་བོ་དང་ལྡན་པར་འཛིན་པ་དང་ཕྱིན་ཅི་ལོག་ཏུ་
གཟུང་བ་ཡང་དེ་ཉིད་དོ། །དེ་ཉིད་ཀྱི་ཕྱིར། སེམས་ཀྱི་རང་བཞིན་དག་པ་ལ། །དྲི་མ་རྣམས་ནི་གློ་བུར་པའོ། །ཞེས་གསུངས་སོ། །དུམ་བུ་མ་ཡིན་པའི་སེམས་གཅིག་ལ་ཞེས་པ་ནི་ཁྱོད་གང་གིས་བསླུས་པར་གྱུར། རྣམ་པར་མ་དཔྱད་པའི་ཀུན་རྫོབ་ཏུ་སེམས་ནི་ཡིད་འཕྲོག་པ་གཅིག་དང་
དུ་མ་སྟེ་དེའི་ཆོས་རྣམས་ཀྱང་མང་པོའོ། །དོན་དམ་པར་ནི་གཅིག་མ་ཡིན་ཞིང་དུ་མ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་དུ་མའི་རྣམ་པར་སྤྲོ་བ་དང་། ཡེ་ཤེས་ལྔ་དང་སྐུ་གསུམ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་རྣམས་ཀྱང་ཐ་དད་པ་
མ་ཡིན་ཏེ། ཕན་ཚུན་ལྡོག་པ་མ་གྲུབ་པའི་ཕྱིར་དང་། ཡེ་ཤེས་གཅིག་རྗེས་སུ་འགྲོ་བའི་ཕྱིར་དང་རྣལ་འབྱོར་དང་བདེ་བ་གཅིག་པའི་ཕྱིར་ཡང་ངོ་། །ཐ་མི་དད་པ་ཡང་མ་ཡིན་ཏེ་མཚན་ཉིད་ཐ་དད་ཅིང་དོན་སྣ་ཚོགས་ཀྱི་བྱ་བ་བྱེད་པའི་ཕྱིར་ཡང་ངོ་། །དངོས་པོ་དོན་དམ་པ་ཁས་བླངས་ན་
ཐ་དད་པ་དང་ཐ་མི་དད་པ་ལ་སོགས་པའི་ཕྱོགས་སུ་ལྷུང་བའི་སྐྱོན་དུ་འགྱུར་གྱི། རྨི་ལམ་ལ་སོགས་པ་ལྟར་རྣམ་པ་ཐམས་ཅད་རབ་ཏུ་མི་གནས་པ་ལ་ནི་མ་ཡིན་ནོ་ཞེས་པ་སྟེ་ཧ་ཅང་ཐལ་བར་འགྱུར་བས་ཆོག་གོ། །ད་ནི་མདོར་བསྡུས་ཏེ་བརྗོད་པའི་དོན་ཉིད་གསལ་བར་བྱ་བའི་ཕྱིར་
བཤད་པར་བྱ་བ། གསོལ་བ་གདབ་པར་བྱ་བའི་ཕྱིར་ཡུལ་དུ་གྱུར་པ་ལས་ཐབས་ཀྱིས་བསྡུས་པའི་དོན་གསོལ་བ་འདེབས་པ་པོ་རང་ཉིད་ཀྱིས་ཉེ་བར་བསྡུས་ཏེ་གསུངས་པ། ཉན་པར་ཞེས་བྱ་བ་ལ་སོགས་པར་གསུངས་པའོ། །དེ་ལ་ཐོག་མ་ཁོ་ནས་ཐབས་ཀྱི་རྒྱུད་ཀྱིས་བསྒོམ་པའི་
གོ་རིམས་བསྟན་པའི་ཕྱིར་དང་། རྣམ་པར་སྦྱང་བར་བྱ་བའི་དོན་མདོར་བསྡུས་པའི་ཕྱིར་དང་། ཡོངས་སུ་དག་པའི་རང་བཞིན་གསལ་བར་བྱ་བའི་ཕྱིར་ཡང་བསྐྱེད་པའི་རིམ་པ་ལ་གསོལ་བ་བཏབ་པའོ། །བསྐྱེད་པ་ཞེས་པ་བསྐྱེད་པ་དང་བལྟམ་པ་དང་སྐྱེ་བའོ། །དེ་ལ་རབ་ཏུ་སྦྱོར་བ་འདི་

ཡིས་ཞེས་པ་རྣལ་འབྱོར་ཏེ་དེའི་མཚན་ཉིད་དོ། །དེ་ནས་དེའི་ཐབས་ལས་བྱུང་བ་རྫོགས་པའི་རིམ་པ་སྟེ། བསྐྱེད་པ་དང་རྫོགས་པ་དང་གྲུབ་པ་དང་ཟུང་འཇུག་གི་རིམ་པའོ། །དེའི་རྒྱུ་ནི་བསྐྱེད་པའི་རིམ་པའི་འབྲས་བུའི་རང་བཞིན་དེ་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་ནས་དེ་ལྟར་བརྗོད་དོ། །དེ་
ཡང་རྣམ་པ་གཉིས་ཏེ་རང་བྱིན་གྱིས་བརླབ་པ་དང་འོད་གསལ་གྱི་དབྱེ་བ་ལས་སོ། །རྡོ་རྗེའི་བཟླས་པ་ནི་རིམ་པ་གཉིས་ལ་རྗེས་སུ་འགྲོའོ། །བསྐྱེད་པ་དང་རྫོགས་པའི་རིམ་པའི་དབྱེ་བ་ལས་རིམ་པ་དག་ནི་གཉིས་ཁོ་ནའོ། །དེ་གསུངས་པ། རྡོ་རྗེ་ཅན་གྱི་ཆོས་བསྟན་པ། །རིམ་པ་གཉིས་
ལ་ཡང་དག་བརྟེན། །བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པའི་རིམ་པ་ཉིད་ཀྱང་ངོ་། །ཞེས་སོ། །དེའི་ཕྱིར་གཙོ་བོ་ཉིད་ཀྱིས་རིམ་པ་གཉིས་པོ་ཁོ་ན་ཐོག་མར་ཞུས་པ་སྟེ། ཞུ་བའི་ལྷག་མ་རྣམས་ནི་དེའི་ཡན་ལག་གོ། །དེ་ཉིད་གསུངས་པ། རྣམ་པ་ཐམས་ཅད་གཅིག་སྡོམ་ལ། །
ཞེས་པ་འདི་ཐམས་ཅད་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་རྣམ་པ་གཅིག་སྟེ། གཉིས་པ་མེད་པ་ནི་སྡོམ་པ་སྟེ་བསྡུས་པ་གང་ཡིན་པ་དེ་བཞིན་དུ་དེའོ། །དེ་ལ་ཟུང་འཇུག་ནི་འབྲས་བུའི་རྒྱུད་དོ། །རང་བྱིན་གྱིས་བརླབ་པ་དང་འོད་གསལ་བ་དག་པ་དང་དེའི་ཡན་ལག་ཀྱང་རྒྱུའི་རྒྱུད་དོ། །བསྐྱེད་པའི་རིམ་
པ་ཡན་ལག་དང་བཅས་པ་ནི་ཐབས་ཀྱི་རྒྱུད་དོ། །དེའི་རྗེས་ལ་བསྐྱེད་པ་དང་རྫོགས་པའི་རིམ་པ་འདི་དག་ཀྱང་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་ལ་བརྟེན་པ་དག་གོ་ཞེས་ཁམས་ལྔའི་མཚན་ཉིད་ཞུས་པ། ཇི་ལྟར་རླུང་དང་མེ་དང་ཆུ། །ཞེས་པ་རླུང་དང་མེ་དང་ཆུ་དང་ས་དང་ནམ་མཁའ་
ཡང་ཇི་ལྟར་ཏེ་མཚན་ཉིད་ཇི་ལྟར་ཞེས་པའོ། །འདིར་ཡང་ཚིག་འབྲུ་ལ་རབ་ཏུ་རྟོན་པ་ལས་བཟློག་སྟེ་དོན་ལ་རབ་ཏུ་རྟོན་པར་བརྗོད་པ་དང་། རྒྱུད་ནི་བླ་མའི་བཀའ་དྲིན་གཅིག་པུས་ཁོང་དུ་ཆུད་པ་ཉིད་དུ་གསལ་བར་བྱ་བའི་ཕྱིར་རྟགས་ལ་སོགས་པ་བཟློག་པར་བལྟའོ། །རིམ་པ་གཉིས་ཀ་ལ་
ཡང་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་ལྷ་བསྒོམ་པར་བྱའོ་ཞེས་རྣམ་པ་ལྔའི་མཚན་ཉིད་ཞུས་སོ། །ཡུལ་དྲུག་གི་མཚན་ཉིད་ཞུས་པ་ནི་བར་དུ་ཆོད་ཀྱང་ཁམས་ལྔ་ཞུས་པའི་མཐར་ཤེས་པར་བྱའོ། །དེ་ནས་ཡུལ་དྲུག་ཅེས་པ་ཡུལ་དྲུག་དང་ཡུལ་ཅན་གྱི་ཡང་མཚན་ཉིད་ཅི་སྟེ། ཡུལ་གྱི་

སྒྲས་འདིར་ཡུལ་ཅན་ཡང་མ་བཟུང་སྟེ་འབྲེལ་པ་ཅན་གྱི་སྒྲ་ཉིད་ལས་སོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་ལྡན་པའི་ལྷ་བསྒོམ་པར་བྱའོ་ཞེས་ཏེ་ཞུས་པ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་ཅེས་པའོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། ཕྱི་དང་
ནང་དུ་རྣམ་པར་དག་པ་ཡང་རབ་ཏུ་རྟོགས་པར་བྱའོ་ཞེས་དེ་ཞུས་པ། ཕྱི་རོལ་དང་ནི་ནང་དུ་གནས། །ཞེས་པའོ། །ཕྱི་དང་ནང་གི་རྣམ་པར་དག་པ་བླ་ན་མེད་པ་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པ། སྣ་ཚོགས་པའི་ཕྱག་དང་ཞལ་ལ་སོགས་པའི་སྤྲུལ་པ་ཡང་བསྐྱེད་པའི་
རིམ་པས་ཇི་ལྟར་ཞེས་དེ་ཞུས་པ། ལྷ་ཡི་ཞེས་པ་ལ་སོགས་པའོ། །བསྐྱེད་པའི་རིམ་པ་ལ་གནས་པ་རྫོགས་པའི་རིམ་པ་ལ་འཇུག་པ་ནི་རྡོ་རྗེའི་བཟླས་པ་ལས་གཞན་གྱིས་མ་ཡིན་ཞིང་དེ་ཡང་ལམ་ལྔ་ཤེས་པ་མེད་ན་མེད་ལ་དེ་རྣམས་ཀྱང་ལུས་ཀྱི་རང་བཞིན་ཤེས་པ་མེད་ན་མེད་དེ། དེ་ཡང་
རྩའི་རང་བཞིན་དང་གྲངས་མེད་པ་དག་ལས་མ་ཡིན་ནོ་ཞེས་རིམ་པ་གཉིས་ཀའི་ཡན་ལག་ཏུ་གྱུར་པ་རྡོ་རྗེའི་བཟླས་པ་ལ་སོགས་པ་རྣམས་ཀྱི་རིམ་པས་ཞུས་པ་ཟླ་བ་ཉི་མ་ཞེས་པ་ལ་སོགས་པའོ། །རིམ་པ་གཉིས་པ་ལའང་ལུས་ཀྱི་གོང་བུའི་དངོས་པོ་ལུས་དང་ངག་དང་སེམས་མཉམ་པ་
ཉིད་བསྒྲུབ་པར་བྱའོ་ཞེས་དེ་ཞུས་པ་ལུས་ཀྱི་གོང་བུ་དེ་ཇི་ལྟར་ཞེས་ལུས་ཀྱི་སྟེ་ལུས་འདིའོ། །གོང་བུ་ཞེས་པ་གོང་བུ་ནི་རྣམ་དབྱེ་དང་བྲལ་བར་བསྟན་པ་སྟེ། དེའི་མཚན་ཉིད་ཅེས་ཤེས་པར་བྱའོ། །བསྐྱེད་པའི་རིམ་པ་སྒོམ་པ་པོས་ངེས་པར་ཚོགས་ཀྱི་པཱུ་ཛ་བྱ་ཞིང་དེར་དམ་ཚིག་བསྲུང་
བའི་དོན་དུ་བརྡ་ཤེས་པར་བྱའོ་ཞེས་དེ་དག་ཞུས་པ་དམ་ཚིག་ཅེས་པ་ལ་སོགས་པའོ། །རྩའི་འཁོར་ལོ་ཡང་འཁོར་ལོ་ངེས་པར་བྱ་བའི་རྣལ་འབྱོར་པས་ཀྱང་ཕྱི་དང་ནང་གི་བདག་ཉིད་ཀྱི་གནས་ལ་སོགས་པའི་རྣམ་པར་གཞག་པ་དང་རབ་ཏུ་དགའ་བ་ལ་སོགས་པའི་སའི་རྣམ་པར་གཞག་པ་
ཡང་ཕྱི་དང་ནང་དུ་ཤེས་པར་བྱའོ་ཞེས་དེ་དག་རིམ་གྱིས་ཞུས་པ་གནས་ཀྱི་བརྡ་ཞེས་པ་ལ་སོགས་པ་སྟེ། གནས་ལ་སོགས་པའི་བརྡ་རྣམས་ཇི་ཙམ་ཞེས་པའི་དོན་ཏོ། །ཕྱི་རོལ་གྱི་གནས་ལ་སོགས་པ་བསྐོར་བའི་རྣལ་འབྱོར་པ། རྣལ་འབྱོར་མ་བལྟ་བར་འདོད་པས་དེ་མཐོང་བར་འགྱུར་རམ་

ཞེས་ཏེ་ཞུས་པ་ཇི་ལྟར་མཚན་མ་མཐོང་བར་འགྱུར་ཞེས་པའོ། །བཟླས་པ་དང་སྦྱིན་སྲེག་བྱས་པའི་རྣལ་འབྱོར་པས་རང་གི་དོན་དུ་ལས་རབ་འབྱམས་བསྒྲུབ་པར་བྱའོ་ཞེས་གསུངས་པ། ཇི་ལྟར་ཁྱོད་ཀྱི་ལས་བཅུ་གཉིས་ཞེས་པ་ལ་སོགས་བཅུ་གཉིས་པོ་རྣམས་གང་ཅེས་པའི་དོན་
ཏོ། །ཆོ་ག་དང་ལྡན་པ་ཁོ་ནའི་སྔགས་བཟླས་ན་འགྲུབ་པར་འགྱུར་རོ་ཞེས་སྔགས་བཟླས་པའི་མཚན་ཉིད་ཞུས་སོ། །དེ་ཡང་ཆོ་ག་བྱས་པ་ཁོ་ནའི་བགྲང་ཕྲེང་གིས་བསྒྲུབ་པར་བྱའོ་ཞེས་བགྲང་ཕྲེང་ཞུས་པ་ཇི་ལྟ་བུའི་བགྲང་ཕྲེང་རིགས་ཞེས་པ་དེ་བགྲང་ཕྲེང་ཇི་ལྟ་བུ་རིགས་ཞེས་སོ། །བཟླས་པ་
ཉིད་ཀྱང་སྔགས་ཀྱི་མཚན་ཉིད་ཤེས་པས་བྱའོ་ཞེས་དེ་ཞུས་པ། བཟླས་པའི་མཚན་ཉིད་ཇི་ཙམ་ཞིག་ཅེས་པ་རྣམ་པ་ཇི་ཙམ་དང་། བཟླས་པ་ཞེས་པ་བཟླས་པའི་སྔགས་ཏེ་དེའི་མཚན་ཉིད་དོ། །འདི་དག་ཐམས་ཅད་ལྷའི་རྣལ་འབྱོར་གྱིས་བྱའོ་ཞེས་ལྷའི་རྣལ་འབྱོར་ཞུས་པ། ཇི་ཙམ་ཞེས་པ་
ལ་སོགས་པ་སྟེ། ལྷའི་རྣམ་པའི་རྣལ་འབྱོར་ལས་དཀྱིལ་འཁོར་གྱིས་འཁོར་བར་བསྐོར་ནས་བཞུགས་པ་སྟེ། རྒྱུད་འདིར་ཇི་ཙམ་གྱི་ལྷའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཞེས་པའི་དོན་ཏོ། །ལྷའི་རྣལ་འབྱོར་ཡང་བསྲུང་བ་དང་ཕུར་བུ་གདབ་པ་ལ་སོགས་པ་སྔགས་རྣམས་ཀྱིས་དམན་
པ་མ་ཡིན་ནོ་ཞེས་དེ་ཞུས་པ། གྲུབ་པའི་སྔགས་ནི་ཇི་ལྟར་བལྟ། །ཞེས་པ་གྲུབ་པའི་རྒྱུར་གྱུར་པའི་སྔགས་ནི་གྲུབ་པའི་སྔགས་སོ། །བགེགས་དང་བྲལ་བར་བསྒོམ་པའི་རྒྱུད་ཉིད་ལས་འདིར་རྣལ་འབྱོར་མའི་ཚུལ་ལ་གནས་པས་བཟླས་པ་དང་བསམ་གཏན་མཆོག་གིས་གཞོན་
ནུ་མའི་མཆོད་པ་བྱ་བ་དང་། དེ་ཡང་ཚེས་གང་ལ་དང་དེ་ལ་ཡང་ཆང་དང་ལྡན་པའི་གཏོར་མ་ཇི་ལྟར་དབུལ་བར་བྱ་ཞེས་གསུམ་ཞུས་པའི་རིམ་པས་གཞོན་ནུ་མ་ཞེས་པ་ལ་སོགས་པ་སྟེ་གཞོན་ནུ་མ་ཉིད་གཞོན་ནུ་མའོ། །ཇི་ཙམ་ཞེས་པ་གང་ལའོ། །ཐམས་ཅད་ཀྱི་ཚེ་འདི་ཉིད་ཀྱི་བགེགས་
དང་བྲལ་བའི་དོན་དུ་དམ་ཚིག་གི་རིལ་བུ་བསྟེན་པར་བྱའོ་ཞེས་བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་ཞུས་སོ། །ལྷའི་འཁོར་ལོ་རྒྱས་པར་བསྒོམ་པའི་རྣལ་འབྱོར་བས་སློབ་མ་རྗེས་སུ་གཟུང་བ་ལ་སོགས་པའི་དོན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བར་བྱ་བ་དེ་ཡང་ཐིག་གདབ་པ་སྔོན་དུ་འགྲོ་བ་དང་།

དེ་ཡང་ས་སྦྱང་བ་སྔོན་དུ་འགྲོ་བ་དང་། དེ་རྣམས་ཀྱང་སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བ་ཅན་ནོ་ཞེས་བཞི་པོ་རིམ་པས་ཞུས་སོ། །སློབ་མས་ཇི་ལྟ་བུ་བླ་མར་བྱ་ཞིང་དེས་ཀྱང་ཇི་ལྟ་བུའི་སློབ་མ་ཡང་དག་པར་བསྡུ་ཞེས་བླ་མ་དང་སློབ་མའི་མཚན་ཉིད་ཞུས་པ། སློབ་དཔོན་
ཞེས་པ་རྣམ་དབྱེ་མེད་པ་ནི། །དང་པོ་གཅིག་གི་ཚིག་གི་མཐའ་ཅན་ནོ། །གང་གིས་ཞེས་པ་མཚན་ཉིད་ཀྱིས། །ཞེས་པར་ཤེས་པར་བྱ་སྟེ་ལྷན་ཅིག་པའི་དོན་ལ་གསུམ་པའོ། །ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བ་ནི་རྒྱུད་ཉན་པ་ལ་སོགས་པ་ལ་དབང་བའོ་ཞེས་གསུངས་པ། ཇི་ཙམ་ཞེས་པ་
ལ་སོགས་པ་སྟེ། དབང་བསྐུར་བ་རྣམ་པ་དུ་ཞེས་པའི་དོན་ཏོ། །བཞི་པ་ཁོ་ན་གཙོ་བོ་དང་འབྲས་བུར་གྱུར་པའོ་ཞེས་དེ་ཞུས་པའོ། །རྣལ་འབྱོར་པས་རང་དང་གཞན་རྣམས་ཀྱིས་ཀྱང་དུས་དང་དུས་མ་ཡིན་པའི་འཆི་བའི་རྟགས་ཤེས་ནས་ནུས་པ་ཇི་ལྟ་བར་དེ་བཟློག་པ་ལ་འབད་པར་བྱའོ་ཞེས་དེ་
དག་ཞུས་པའོ། །དུས་བཞིའི་མཚན་ཉིད་ཤེས་པ་ནི་སྔགས་ལ་སོགས་པ་བསྒྲུབ་པ་ལ་མཁས་པ་ཉིད་དེ་ཞེས་དེ་ཞུས་པའོ། །དེ་བཞིན་དུ་གླེང་གཞིའི་རྣམ་པར་གཞག་པ་ལ་མཁས་པ་དགེ་བ་ལ་འཇུག་པར་འགྱུར་རོ་ཞེས་གླེང་གཞི་གཞག་པ་ཞུས་པའོ། །དུས་གང་ལ་སྔགས་ཇི་ཙམ་
བཟླས་པས་འགྲུབ་ཞེས་གསུངས་པ་དུས་ཤེས་པ་ལ་སོགས་པའོ། །དྲོད་ལ་སོགས་པ་ཐོབ་ཀྱང་རྣལ་འབྱོར་པ་སྤྱོད་པ་དང་བྲལ་བས་མི་འགྲུབ་པོ་ཞེས་གསུངས་པ། སྤྱོད་པ་ཞེས་པ་ལ་སོགས་པའོ། །རྣལ་འབྱོར་མའི་རྒྱུད་ལ་སོགས་པ་ལྷག་པར་མོས་པའི་དབྱེ་བས་བསྟན་པ་རྣམས་
ཀྱི་ཡང་གྲངས་ངེས་པ་ནི་རབ་ཏུ་དང་བའི་ཕྱིར་རོ་ཞེས་ཏེ་ཞུས་པ་བཞི་པའོ། །རང་ངམ་གཞན་གྱིས་བྱས་པའི་སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པ་དང་བྲལ་ན་མཆོད་པར་མི་འོས་པ་ཉིད་དོ་ཞེས་རབ་གནས་ཞུས་པའོ། །སྔགས་ལ་སོགས་པ་འགྲུབ་པའི་ཡན་ལག་ཉིད་ལས་སྦྱིན་སྲེག་
ཅེས་ཏེ་སྦྱིན་སྲེག་ཉིད་མཆོད་སྦྱིན་ནོ། །སྦྱིན་སྲེག་ལ་སོགས་པ་ལས་གཞན་གྱིས་ཀྱང་སྔགས་འབའ་ཞིག་འགྲུབ་པར་བྱེད་པ་ཡོད་དོ་ཞེས་གྲུབ་པ་ཕྲ་མོ་དོན་དུ་གཉེར་བར་བྱེད་པ་འགའ་ཞིག་གི་ཕྱིར་དེ་ཞུས་པའོ། །རྣལ་འབྱོར་གྱི་སྟོབས་ཀྱིས་སྐྲ་དཀར་ལ་སོགས་པ་བཟློག་པར་མི་ནུས་ན་སྨན་

གྱི་རབ་ཏུ་སྦྱོར་བ་བྱའོ་ཞེས་བཅུད་ལེན་ཞུས་པའོ། །ཡན་ལག་གི་དམ་ཚིག་གི་གཙོ་བོ་ཉིད་ལས་ཆང་བཙོ་བ་ཞུས་པའོ། །རྣ་བ་ཕན་ཚུན་བརྒྱུད་པ་ཙམ་གྱི་སྔགས་ཀྱི་གུག་སྐྱེད་ལ་སོགས་པ་ཉམས་པར་འགྱུར་རོ་ཞེས་སྔགས་བཏུ་བའི་ཕྱིར་ཞུས་པ་གཉིས་སོ། །སྔགས་རྣམས་ཀྱི་
འབྱུང་གནས་ནི་འདི་ལས་ཞེས་པ་སྟེ། སྔགས་ཀྱི་འབྱུང་གནས་ཨཱ་ལི་ཀཱ་ལི་བཀོད་པའི་འཁོར་ལོ་ཞེས་པའི་དོན་ཏོ། །བསྐྱེད་པའི་རིམ་པ་ལ་གནས་པས་ཀྱང་ཚར་བཅད་པ་དང་རྗེས་སུ་བཟུང་བས་ཀྱང་འགའ་ཞིག་གདུལ་བར་བྱའོ་ཞེས་དེ་དག་ཞུས་པའོ། །ཕྱག་རྒྱ་ཆེན་པོའི་དངོས་
གྲུབ་ནི་དེ་ཁོ་ན་སྒོམ་པ་རྣམས་ཀྱིས་ཏེ་གཞན་གྱིས་མ་ཡིན་ནོ། །དེ་ཁོ་ནའང་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །སྟོང་པ་ཉིད་ཀྱང་རྣམ་པ་གཉིས་སོ་ཞེས་རྫོགས་པའི་རིམ་པ་རྒྱས་པར་བྱ་བའི་དོན་དུ་བཞི་པོ་རིམ་པས་ཞུས་པ་སྟེ། དེ་ཉིད་རྣམས་ཞེས་པ་བདག་གི་དེ་ཁོ་ན་ལ་སོགས་
པའི་དབྱེ་བས་རྣམ་པ་བཞི་ཉིད་ལས་མཚན་ཉིད་ཅེས་འབྲེལ་པར་བྱའོ། །སྟོང་པ་ཉིད་དང་སྙིང་རྗེ་དག་ལ་ཡང་ཇི་ལྟར་དབྱེར་མེད་པས་བསྒོམ་ཞེས་གསུངས་པ། ཆོས་རྣམས་ཐམས་ཅད་ཡོངས་ཤེས་པའི། །རྒྱུར་གྱུར་པའི་སྒོམ་པ་དེ་ཆོས་ཐམས་ཅད་བསྒོམ་པ་སྟེ་དེའི་མཚན་ཉིད་ཇི་ལྟ་
བུ་བཤད་དུ་གསོལ་ལོ། །ཞུ་བ་གཞན་ནི་མེད་དེ་འདི་དག་ཁོ་ནས་རིམ་པ་གཉིས་ཡན་ལག་དང་བཅས་པ་རྫོགས་སོ་ཞེས་པའོ། །སྐབས་སུ་བབ་པ་སྣོད་ཀྱི་མཚན་ཉིད་ལ་སོགས་པའི་དོན་ཡང་དེ་ཉིད་ལས་ཞུས་པ་ཉིད་དོ། །དེ་ལྟར་དོན་དྲུག་ཅུ་རྩ་གཉིས་པོ་རྣམས་ཀྱིས་གསོལ་བ་
གདབ་པའི་སྒོ་ནས་ཉེ་བར་བསྡུས་པ་ལས། འདི་ཙམ་ཁོ་ནའི་དོན་བཤད་པར་བྱའོ་ཞེས་པ་རྒྱུད་ཀྱི་བསྡུས་པའི་དོན་བསྟན་ཏེ་ཞེས་པའོ། །ལེའུ་དང་པོའི་རྣམ་པར་བཤད་པའོ།། །།འདི་ནས་བརྩམས་ཏེ་གསུངས་པའི་ཞུ་བ་རྣམས་ཀྱི་དོན་རིམ་པས་བསྟན་པའི་ཕྱིར་ལེའུ་གཉིས་པ་ལ་སོགས་
པ་སུམ་ཅུ་རྩ་གསུམ་གྱི་མཐར་ཐུག་པ་ནི་གཞུང་ངོ་། །དེ་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཞེས་པ་སྡུད་པར་བྱེད་པའི་ཚིག་གོ། །ལེགས་སོ་ལེགས་སོ་ཞེས་པ་མཐའ་དག་ཡོངས་སུ་རྫོགས་པར་གསོལ་བ་བཏབ་པ་ཉིད་ཀྱིས་ཕྱག་ན་རྡོ་རྗེ་ལ་བསྔགས་པའོ། །དེ་ཉིད་གསུངས་པ།

གསང་བ་ཞེས་པ་སྟེ་གང་ལས་ཁྱོད་ཉན་ཐོས་དང་རང་སངས་རྒྱས་མཐའ་དག་གི་སྤྱོད་ཡུལ་མ་ཡིན་པའི་དོན་རྫོགས་པར་ཞུ་བ་ཞེས་བསྔགས་པའི་རིམ་པས་སྐབས་ཀྱི་དོན་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ནས་ཀྱི་སྒྲ་ནི་
བར་མ་ཆད་པའི་དོན་ཏོ། །འདི་ལས་ཞེས་པ་མགོ་འདི་ལས་ལེའུའི་མཐར་ཐུག་པ་བསྐྱེད་པའི་རིམ་པ་བཤད་པར་བྱའི་ཞེས་འབྲེལ་ལོ། །བསྐྱེད་པའི་རིམ་པ་ནི་སྐྱེ་གནས་བཞི་དང་ཆོས་མཐུན་པས་དེ་རྣམ་པར་དག་པའི་ཕྱིར་དང་། ལུས་དང་ངག་དང་སེམས་དབེན་པའི་རིམ་
པས་རྫོགས་པའི་རིམ་པ་ལ་འཇུག་པའི་ཕྱིར་ཡང་བསྒོམ་པར་བྱའོ། །དེའི་ཕྱིར་སྐྱེ་གནས་དེ་རྣམས་ཁོ་ན་རིམ་པས་སྟོན་པ་བཞིན་ཞེས་པ་ལ་སོགས་པའོ། །དེ་ལས་ཟླ་བ་དང་ཉི་མ་ལས་ས་བོན་དང་མཚན་མའི་རིམ་པས་རྫོགས་པའི་ལྷ་ནི་སྐྱེ་གནས་སྒོ་ང་ལས་སྐྱེས་པའོ། །
ཡབ་དང་ཡུམ་གྱི་རྡོ་རྗེ་དང་པདྨ་བསྲུབས་པས་ཞུ་བའི་བྱང་ཆུབ་ཀྱི་སེམས་ལས་འཐོན་པ་ནི་སྐྱེ་གནས་མངལ་ལས་སྐྱེས་པའོ། །ཟླ་བ་དང་ས་བོན་ཙམ་ལས་སྐྱེས་པ་ནི་སྐྱེ་གནས་དྲོད་གཤེར་ལས་སྐྱེས་པའོ། །སྤྲོ་བ་ནི་སྐྱེ་གནས་དྲོད་གཤེར་ལས་སྐྱེས་པའོ་ཞེས་ཁ་ཅིག་གོ། །ས་བོན་
ལ་སོགས་པ་དང་བྲལ་བས་སྐད་ཅིག་ལ་འོད་གསལ་ལས་སྐྱེས་པ་ནི་སྐྱེ་གནས་རྫུས་ཏེ་སྐྱེས་པའོ། །སྐྱེ་གནས་རྫུས་ཏེ་སྐྱེས་པ་ཉིད་ཟབ་མོ་བསྐྱེད་པའི་རིམ་པ་དང་བརྟག་པ་རྫོགས་པའི་རིམ་པར་ཡང་རྣམ་པར་གཞག་པར་བྱའོ། །གང་ཡང་སྨན་པ་སྙིང་རྗེ་དང་ལྡན་པ་ནི་གཞན་གྱི་ཡང་
འཆི་འཕོ་བ་ལ་ནད་གཞི་དང་བཅས་པ་ཉེ་བར་བསྟན་ནས། སྨན་ཉེ་བར་བསྟན་པ་ལྟར་ཐོག་མར་ཀུན་ནས་ཉོན་མོངས་པ་གསུམ་ཁོ་ན་ཉེ་བར་བསྟན་ཏོ། །གཞན་ཡང་། མྱ་ངན་འདས་པའི་མཐའ་གང་ཡིན། །འཁོར་བ་དག་གི་མཐའ་ཡང་སྟེ། །དེ་དག་ཁྱད་པར་ཕྲ་མོ་ཡང་། །ཅུང་
ཟད་ཡོད་པ་མ་ཡིན་ནོ། །ཞེས་པའི་ཚུལ་ལས་ཡོངས་སུ་དག་པའི་རང་བཞིན་ཁོ་ན་ཐོག་མར་བསྟན་ཏེ། ཡོངས་སུ་དག་པའི་རང་བཞིན་ཤིན་ཏུ་ངེས་པ་ན་དྲི་མ་དང་བྲལ་བ་ཡོངས་སུ་དག་པའོ། །དེ་གསུངས་པ་དཔལ་བརྟག་པ་གཉིས་པའི་རྒྱལ་པོར། ཆོས་འདི་རྣམས་ནི་མྱ་

ངན་འདས། །འཁོར་བའི་རང་བཞིན་གཏི་མུག་ལས། །རྨོངས་མེད་འཁོར་བ་དག་པ་སྟེ། །འཁོར་བ་ལ་ནི་མྱ་ངན་འདས། །ཞེས་སོ། །གལ་ཏེ་ཆོས་བསྟན་པ་འདི་འཛམ་བུའི་གླིང་ལས་གླིང་གཞན་ནའང་ཡོད་པ་མ་ཡིན་ནམ། གལ་ཏེ་མེད་ན་ཇི་ལྟར་ཞེ་ན་གསུངས་པ། ཤར་ཞེས་པ་ལ་
སོགས་པའོ། །ལོངས་སྤྱོད་ཆེན་པོས་ཡང་དག་འཚོ། །ཞེས་པ་ལོངས་སྤྱོད་ཆེན་པོས་ཡང་དག་པར་འཚོ་བར་འགྱུར་བའི་ལས་ཀྱིས་ཡང་དག་པར་འཚོ་བའོ། །བླུན་པ་རང་ཉིད་སྒྲུབ་པ་དང་སེལ་བ་ལ་རྨོངས་པའི་ཕྱིར་རོ། །རྨོངས་པ་གཞན་གྱིས་བརྗོད་པའི་དོན་འཛིན་མི་ནུས་པའི་ཕྱིར། དེ་
དག་ཉིད་བྱེ་བྲག་མི་ཕྱེད་པའོ། །འཛམ་བུའི་གླིང་རྣམས་ན་ཇི་ལྟ་ཞེ་ན་གསུངས་པ། འཛམ་བུའི་གླིང་ཞེས་པ་ལ་སོགས་པ་སྟེ། གཅིག་གི་ཚིག་མང་པོའི་ཚིག་གོ། །ཡང་ན་གླིང་བཞི་པ་གཞན་གྱི་འཛམ་བུ་གླིང་ལ་ལྟོས་པས་སོ། །ལས་ཀྱི་ས་ཞེས་པ་ལེགས་བྱས་དང་ཉེས་བྱས་ཀྱི་
ལས་རྣམས་ཀྱི་གནས་ཏེ། གླིང་གཞན་རྣམས་ནི་ཕལ་ཆེར་རྣམ་སྨིན་གྱི་འབྲས་བུ་ལོངས་སྤྱོད་པའི་སའོ། །ལས་ཀྱི་རྣམ་པར་དབྱེ་བ་སྟོན་པ། ལེགས་བྱས་ཞེས་པ་ལ་སོགས་པ་སྟེ། ལེགས་བྱས་དང་ཉེས་བྱས་ཀྱང་སོ་སོར་རྣམ་པ་གསུམ་མོ། །ཕལ་ཆེར་གྱི་རྒྱུ་མཐུན་པ་དང་
དབང་གི་འབྲས་བུ་ལོངས་སྤྱོད་པའི་ས་ནི་འཛམ་བུའི་གླིང་འདིའོ་ཞེས་གསུངས་པ་སྐྱེ་བ་སྔ་མ་ཞེས་པ་ལ་སོགས་པའོ། །ཇི་ལྟར་འདི་ཁོ་ན་ལས་ཀྱི་ས་ཡིན་ཞེ་ན་གསུངས་པ། རྒྱགས་པ་ཞེས་པ་ལ་སོགས་པ་སྟེ་འདི་ཁོ་ནར་མི་བཟད་པའི་རྒྱགས་པ་དང་སེར་སྣ་དང་གདུག་པའི་སེམས་
དང་གཡོ་དང་སྒྱུ་དང་མངོན་པའི་ང་རྒྱལ་དང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་རྒ་བ་དང་ན་བ་རྣམས་ཀྱིས་གཟིར་བའོ། །གལ་ཏེ་འཛམ་བུའི་གླིང་པ་རྣམས་ལ་ཡང་ཅི་ཐམས་ཅད་དུ་འདི་མ་བསྟན་པ་མ་ཡིན་ནམ་ཞེ་ན་གསུངས་པ། འཛམ་བུའི་ཞེས་པ་ལ་སོགས་པ་སྟེ་
དབུས་ཀྱི་ཡུལ་དུ་སྐྱེས་པ་སྟེ་ཞེས་པ་ནི་ཡུལ་དབུས་སུ་སྐྱེས་པ་ལའོ། །འདི་ཡང་སྔོན་གྱི་དགེ་བའི་ལས་ལ་ལྟོས་པས་སེམས་ཅན་རྣམ་པ་གསུམ་སྟེ། རྟུལ་པོ་དང་བར་མ་དང་རྣོན་པོའི་དབྱེ་བ་ལས་སོ་ཞེས་གསུངས་པ། རྟུལ་ཞེས་པ་ལ་སོགས་པའོ། །ཉེ་བར་བསྡུ་བ་གསུངས་

པ། མི་རུ་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་འཛམ་བུའི་གླིང་དུ་མི་ཁོམ་པ་བརྒྱད་ལས་རྣམ་པར་གྲོལ་བའི་མིའི་སྐྱེ་བ་ཐོབ་པ་དང་། ཁྱིམ་ནས་ངེས་པར་འབྱུང་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་བ་དང་། ཏིང་ངེ་འཛིན་ཐོབ་པ་ཞེས་པ་
སྟེ། ཇི་ལྟར་མཆོག་གི་གཏེར་རྙེད་པ་ལྟར་ཤིན་ཏུ་རྙེད་པར་དཀའ་ཞེས་པའོ། །གལ་ཏེ་བསྐལ་པ་དང་པོ་པ་དང་བར་དོའི་སྲིད་པ་དང་དངོས་པོའི་ཡུལ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་རྣམས་མ་གྲོལ་བ་ཇི་ལྟར་ཞེ་ན་གསུངས་པ། སྒྱུ་མ་ལྟ་བུ་ཞེས་པ་ལ་སོགས་པའོ། །དེས་ན་སྔོན་
བྱས་ལས་ཞེས་པ་རྒྱུ་དེས་ན་སྔོན་བྱས་པའི་ལས་ཀྱིས་འཕོ་བ་དང་སྐྱེ་བར་འགྱུར་རོ། །འཕོས་ནས་བར་དོའི་སྲིད་པར་དུས་ཇི་ཙམ་ཇི་ལྟར་གནས་ཤིང་དེ་ལས་ཇི་ལྟར་ཡང་འགྲོ་བ་གཞན་དུ་ཉིང་མཚམས་སྦྱོར་བ་རྙེད་ཅེ་ན་རིམ་པས་སྟོན་པ། ཚོགས་པ་ཞེས་པ་ལ་སོགས་པ་སྟེ་ཚོགས་པ་ནི་
སྐྱེ་བའི་རྒྱུ་མཐའ་དག་སྟེ། ཇི་སྲིད་མ་ཚོགས་པ་དེ་སྲིད་ཞག་བདུན་བདུན་ལས་འཕོས་ནས་ཡང་དང་ཡང་སྐྱེས་ཏེ་དེ་ཉིད་དུ་གནས་སོ། །དེར་གནས་པའི་གཟུགས་ཅི་ཞེ་ན་གསུངས་པ། སྲིད་པའི་སྐྱེ་བོ་ཅན་དུ་མཐོང་། །ཞེས་པ་སྐྱེ་བར་འགྱུར་བའི་སྲིད་པ་བཞིན་ནོ། །ཤིན་ཏུ་ངེས་པར་ཀུན་
དགའི་སྟོབས། །ཞེས་པ་བྱ་བའི་ཁྱད་པར་རོ། །ཁ་ཡི་ལམ་ལ་རབ་ཏུ་འཇུག །ཅེས་པ་ཁའི་ལམ་གྱིས་རབ་ཏུ་འཇུག་པའོ། །འོ་ན་བར་དོའི་སྲིད་པ་ཉིད་ན་ཇི་ལྟར་འཕོ་ཞིང་སྐྱེ་བར་འགྱུར་ཞེ་ན་གསུངས་པ། རྟ་ཞེས་པ་ལ་སོགས་པའོ། །རྟ་ཞོན་པ་ནི་རྟ་ལ་ཞོན་པ་ཞེས་པ་སྟེ་དེ་ལྟར་ཤེས་
པ་རླུང་ལ་ཞོན་པ་ནི་བཞོན་པ་ལ་བཞིན་ནོ། །དེའི་ཕྱིར་གང་དུ་གཅིག་ཡོད་པ་དེར་ལྷག་མའོ་ཞེས་པའི་རིམ་པ་ལས་ཤེས་པའི་རང་བཞིན་ལུས་འགྲུབ་པའི་རྒྱུ་ཡོད་ཅེས་དགོངས་པའོ། །ཡང་ན་ཕའི་དབུགས་རབ་ཏུ་རྒྱུ་བའི་རླུང་ལ་བརྟེན་ནས་འཇུག་གོ་ཞེས་པའི་དོན་ཏོ། །ཇི་ལྟར་འཇུག་པ་མི་
ཤེས་སོ་ཞེས་གསུངས་པ། ཤིན་ཏུ་མྱུར་བར་ཞེས་པ་ལ་སོགས་པ་སྟེ། ཉི་མའི་འོད་ཟེར་ཕོག་པས་མེ་ཤེལ་དང་རས་བལ་ལ་མེ་འབར་བ་བཞིན་ཞེས་དགོངས་པའོ། །སྐད་ཅིག་གང་ལ་རབ་ཏུ་འཇུག་ཅེ་ན་གསུངས་པ། གཉིས་དང་ཞེས་པ་ལ་སོགས་པ་སྟེ་གང་གི་ཚེ་རྩའི་འཁོར་ལོ་བསྐུལ་ཏེ།

ཟླ་བ་དང་ཉི་མ་ཞུ་བར་བྱས་པ་མཆོག་ཏུ་དགའ་བ་ཡང་དག་པར་འཐོབ་པའི་སྐད་ཅིག་དེ་ལ་ཞེས་པའི་དོན་ཏོ། །ཐིག་ལེའི་གཟུགས་ཀྱིས་ཞེས་པ་ནམ་མཁའི་གཟུགས་ཀྱིས་སོ། །ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ནའང་ཕུང་པོ་ལྔ་རྣམ་པར་དག་པའི་རྒྱུ་ཡེ་ཤེས་ལྔའི་བདག་ཉིད་ཅན་དེ་བཞིན་
གཤེགས་པ་ལྔར་བྱིན་གྱིས་བརླབས་པ་ཡོད་དོ་ཞེས་སྟོན་པ། ནུར་ནུར་པོ་ཞེས་པ་ལ་སོགས་པ་སྟེ་འདི་དག་རྣམ་པར་དག་པ་ཉིད་རྣམ་པ་ལྔ་བསྒོམ་པའོ། །ནུར་ནུར་པོ་ཞེས་པ་ལ་སོགས་པ་སྟེ། ནུར་ནུར་པོ་ནི་ཁམས་གཉིས་འདྲེས་པར་གྱུར་པ་འདྲེད་པའོ། །མེར་མེར་པོ་ཞེས་པ་ལྦུ་བའི་
རྣམ་པ་ནང་སྟོང་པ་ཆུའི་ཆུ་བུར་ལྟ་བུའོ། །ལྟར་ལྟར་པོ་ཞེས་པ་ནུར་ནུར་པོ་ཉིད་ཅུང་ཟད་མཁྲེགས་པར་གྱུར་པའོ། །གོར་གོར་པོ་ཞེས་པ་ཤ་ལྟ་བུ་སྟེ་པགས་པ་ཤིན་ཏུ་འཇམ་པ་དང་ལྡན་པ་ཉིད་ལས་སོ། །མཁྲང་འགྱུར་ཞེས་པ་མགོ་དང་ལག་པ་དང་རྐང་པའི་རྒྱུར་གྱུར་པ་ལྔ་རྒྱས་པ་སྟེ།
སླར་ཡང་དེར་དྲི་ཆུ་དང་ཁྲག་དང་ཁུ་བ་རྣམས་སོ། །གོང་བུ་ཙམ་ཞེས་པ་རོ་ལ་སོགས་པ་རྣམས་འདུས་པའོ། །འདྲེས་པ་ཞེས་པ་དྲི་ཆེན་ཏེ་མི་བསྐྱོད་པ་ལ་སོགས་པས་བྱིན་གྱིས་བརླབས་པའོ། །འདི་རྣམས་ཀྱིས་མངལ་སྐྱེས་ཀྱི་རིམ་པ་རྣམ་པར་བཤད་ནས། ཡོངས་སུ་དག་པའི་རང་
བཞིན་དང་ཁུ་བ་དང་ཁྲག་དག་གི་རྟེན་གསུངས་པ། རྩ་གཉིས་ཞེས་པ་ལ་སོགས་པ་སྟེ་སྐྱེ་གནས་དབུས་སུ་ནི་ཞེས་པ་ལྟེ་བའི་འོག་གནས་སུའོ། །དེ་དག་ཅེས་པ་རྩ་དག་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཅེས་པ། ཨ་བ་དྷཱུ་ཏཱིའི་རང་བཞིན་ལས་སོ། །མངལ་དུ་འཇུག་པའི་རིམ་པ་
གསུངས་པ་ལས་ཞེས་པ་ལ་སོགས་པ་ལས་ཉིད་ས་བོན་ཏེ་བསྐྱེད་པའི་རྒྱུ་ཉིད་ལས་སོ། །དེ་དང་ཆོས་མཐུན་པའི་རླུང་གིས་ཡོངས་སུ་བསྒྱུར་ཞིང་ཁ་ཐུར་དུ་བྱས་ནས་ཆོས་འབྱུང་གི་སྒོ་ལ་མངོན་དུ་ཕྱོགས་པར་འཁྲིད་པར་འགྱུར་ཏེ་སྐྱེ་བར་འགྱུར་ཞེས་པའི་དོན་ཏོ། །དྲི་ཟའི་སེམས་ཅན་ནི་སྐྱེས་
པར་འགྱུར་ན་ཉིང་མཚམས་སྦྱོར་བའི་དུས་སུ་ཕ་ལ་ཕྲག་དོག་གིས་རབ་ཏུ་འཇུག་སྟེ། བུད་མེད་ནི་མ་ལའོ། །དེའི་ཕྱིར་དེའི་སྐྱེས་པ་མངལ་དུ་མའི་རྒྱབ་ལ་མངོན་དུ་ཕྱོགས་པར་གནས་ལ། བུད་མེད་ནི་བཟློག་པ་ཡིས་སོ་ཞེས་སྟོན་པ་གཡས་པ་ཞེས་པ་ལ་སོགས་པའོ། །དེ་དག་རྟགས་

ཀྱིས་ཤེས་པར་སྟོན་པ་ས་བོན་ཞེས་པ་ལ་སོགས་པའོ། །ལས་ཞེས་པ་ལ་སོགས་པ་རྟག་ཏུ་འགྱུར་ཞེས་པའི་བར་ཞར་ལ་འཕྲོས་པའོ། །ལུས་ནི་ཕ་མའི་ཁམས་གཉིས་ལས་སྐྱེས་པའོ་ཞེས་དེ་གཉིས་རྒྱུ་མཐུན་པའི་རྣམ་པར་དབྱེ་བས་སྟོན་པ། ཆུ་ཁམས་ཞེས་པ་ལ་
སོགས་པའོ། །ཉེ་བར་སྡུད་པ་དེ་ལྟར་ཞེས་པ་ལ་སོགས་པ་སྟེ། དྲུག་བསྡུས་པའི་ཕུང་པོ་རྣམས་ལ་བྱུང་བ་ནི་དྲུག་བསྡུས་ལུས་ཅན་ནོ། །ལུས་བྱུང་ཞེས་ཀློག་པ་ལ་ཡང་དོན་དེ་ཉིད་དོ། །ཕུང་པོ་ལྔའི་བདག་ཉིད་ཀྱང་འདི་ཞེས་སྟོན་པས་གཟུགས་ཞེས་པ་ལ་སོགས་པའོ། །འདི་དག་
ཐམས་ཅད་རྟོགས་པའི་འབྲས་བུ་གསུངས་པ། སྐྱེ་བོ་ཞེས་པ་ལ་སོགས་པ་སྟེ། སྐྱེ་བོ་སྐྱེ་བ་ཞེས་པ་སྲིད་པ་འགྲུབ་པའོ། །ཤེས་པ་ཞེས་པ་ཤེས་ནས་སོ། །འདིས་ནི་སྒྱུ་མ་དང་རྨི་ལམ་ལ་སོགས་པ་ལྟར་སྐྱེ་བ་དང་གནས་པ་དང་འཇིག་པའི་དངོས་པོ་རྣམས་ངར་འཛིན་པ་ལ་སོགས་པའི་
གནས་མ་ཡིན་པར་གསལ་བར་བསྟན་ཏོ། །དེ་གསུངས་པ། གང་ཡང་སྒྱུ་མས་སྤྲུལ་པ་དང་། །སྒྱུ་རྣམས་ཀྱིས་ནི་གང་སྤྲུལ་པ། །དེ་ནི་གང་ནས་འོངས་པ་དང་། །གང་དུ་འགྲོ་ཞེས་བརྟག་པར་བྱ། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཤེས་པ་ཁོ་ན་སངས་རྒྱས་ཉིད་ཀྱི་རྒྱུའོ། །དེ་
ལྟར་ཡང་ཙར་པ་ཊིའི་ཞབས་ཀྱིས། སྒྱུ་མ་ཉིད་ཅེས་བསྟན་པ་གང་གི་བློ། །དེ་ཡི་དངོས་པོ་འཆིང་བྱེད་མ་ཡིན་ཏེ། སྲིད་དང་མྱ་ངན་འདས་པ་ཉེར་ཞིའི་བློ། །དེ་ནི་གཉིས་མེད་གྲུབ་པའི་སྣོད་དུ་འགྱུར། །ཞེས་སོ། །ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།རྫོགས་པའི་རིམ་པ་
ཞུས་པའི་ལན་གདབ་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རིམ་པ་གཉིས་ཀ་ལའང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་འཁོར་ལོ་ཁོ་ན་སྐུ་གསུམ་གྱི་བདག་ཉིད་ཅན་དེས་བསྒོམ་པར་བྱའོ་ཞེས་གསུངས་པ། ལུས་ཀྱི་ཞེས་པ་ལ་སོགས་པའོ། །དེ་ལ་བསྐྱེད་
པའི་རིམ་པ་ལ་ཡཾ་ཡིག་ལ་སོགས་པ་ལས་སྐྱེས་པ་རླུང་ལ་སོགས་པའི་དཀྱིལ་འཁོར་རྫོགས་པའི་རིམ་པས། རི་རབ་ཀྱི་སྟེང་དུ་གཞལ་ཡས་ཁང་གི་ནང་ན་གནས་པའི་ལྷའི་འཁོར་ལོའི་མཆོད་པ་དང་བསྟོད་པ་དང་། བདུད་རྩི་མྱང་བའི་མཐར་ཐུག་པས་སྤྲུལ་པའི་

སྐུའོ། །འོད་གསལ་ལ་རབ་ཏུ་ཞུགས་པ་ནི་ཆོས་ཀྱི་སྐུའོ། །དེ་ལས་སྐད་ཅིག་ལས་རབ་ཏུ་བཞེངས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་དག་ཀྱང་རྣམ་པ་གཉིས་ཏེ། དྲི་མ་དང་བཅས་པ་དང་དྲི་མ་མེད་པའི་དབྱེ་བ་ལས་སོ། །དེ་ལ་དྲི་མ་དང་བཅས་པ་ནི་རང་བྱིན་གྱིས་
བརླབ་པའི་རང་བཞིན་ཉིད་ཀྱིས་རྣམ་པར་གཞག་པར་བྱའོ། །དྲི་མ་མེད་པ་ནི་ཟུང་འཇུག་གི་བདག་ཉིད་ཀྱིས་སོ། །རྫོགས་པའི་རིམ་པ་ལ་ནི་རང་ཉིད་འཆད་པར་འགྱུར་རོ། །ཆོས་དང་ལོངས་སྤྱོད་རྫོགས་སྐུ་རྣམས། །ཞེས་པ་མ་ནིང་ཉིད་བསྟན་ཏོ། །འདི་དག་གིས་ཉེ་བར་མཚོན་ནས་སྤྲུལ་པའི་
སྐུ་ཡང་རྟོགས་པར་བྱའོ། །གསུངས་པའི་དོན་ཉིད་རྒྱས་པར་སྟོན་པ་ལུས་ཀྱི་ཞེས་པ་ལ་སོགས་པ་དེ་ཉིད་ལུས་ཀྱི་དཀྱིལ་འཁོར་ཏེ། མཎྜ་ནི་སྙིང་པོ་བདེ་བ་ཆེན་པོའི་སྐུའོ། །ལ་ནི་ལེན་པར་བྱེད་པའོ། །གསུངས་ཞེས་པ་འདུས་པ་ལ་སོགས་པར་ཏེ། རང་གི་ཡང་གནས་གཞན་གསུངས་
པའི་སྐབས་སུ་བསྟན་ཏོ། །བསྐྱེད་པའི་རིམ་པས་བརྟན་པ་ཐོབ་པ་དབང་པོ་རྣོན་པོ་རྫོགས་པའི་རིམ་པ་ལ་འཇུག་གོ་ཞེས་གོ་རིམས་ཉེ་བར་བསྟན་པའི་ཕྱིར་གསུངས་པ། བསྐྱེད་པ་ཞེས་པ་ལ་སོགས་པ་སྟེ་དབང་པོ་རྟུལ་པོའི་གང་ཟག་མངལ་སྐྱེས་ལ་སོགས་པ་སྐྱེ་གནས་བཞིའི་རིམ་པས་
ཐོག་མར་རིམ་གྱིས་རྫོགས་པའི་ལྷའི་འཁོར་ལོ་མཐའ་དག་རྣམ་པར་རྟོག་པ་ལ་གསལ་བར་བྱའོ། །དབང་པོ་འབྲིང་པོ་ནི་སྐད་ཅིག་ཉིད་ལ་སྐྱེ་གནས་རྫུས་ཏེ་སྐྱེས་པ་ལྟར་ལྷན་ཅིག་ཉིད་ལ་རྣམ་པ་ཐམས་ཅད་རྫོགས་པའོ། །དབང་པོ་རྣོན་པོ་ནི་སླར་བརྟན་པ་དང་གཡོ་བའི་བདག་ཉིད་ཅན་
གྱི་འགྲོ་བ་ཁོ་ན་ལྷའི་རྣམ་པ་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པ་ཉིད་ལ་རང་བཞིན་གྱིས་གྲུབ་པ་ཉིད་དུ་ལྷག་པར་མོས་པའོ་ཞེས་སོ། །ཇི་ལྟར་ཡང་བསྐྱེད་པའི་རིམ་པ་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་བྱས་པའི་མཇུག་ཐོགས་སུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་འཁོར་ལོ་ཁོ་
ན་ཡཾ་ཡིག་ལ་སོགས་པ་ལས་སྐྱེས་པ་རླུང་ལ་སོགས་པའི་དཀྱིལ་འཁོར་གྱི་རིམ་པས་རྟེན་དང་བརྟེན་པའི་དབྱེ་བ་ཐ་དད་པའི་ལྷའི་འཁོར་ལོའོ། །དེ་བཞིན་དུ་ཁམས་གསུམ་པའི་འཁོར་ལོ་འདི་ཡང་ཞིག་པའི་མཇུག་ཐོགས་སུ་རིམ་གྱིས་རྫོགས་པའི་སྣོད་དང་སེམས་ཅན་གྱི་འཇིག་རྟེན་

གྱི་བདག་ཉིད་ཅན་རྟེན་དང་བརྟེན་པའི་འཁོར་ལོའི་རང་བཞིན་ཏེ། སྟོང་པ་ཉིད་དང་རོ་གཅིག་པ་ཡང་ངོ་། །དེ་གསུངས་པ། འཕགས་པ་ལྷའི་ཞབས་ཀྱིས། གཞལ་ཡས་ཁང་པ་འདི་ནི་ས་གསུམ་མ་ཡིན་འདི་རྣམས་རྒྱལ་བ་སྲོག་ཆགས་མིན། །མི་མིན་འདི་ནི་འཁོར་ལོའི་
དབང་ཕྱུག་ཡུལ་མིན་དབང་པོ་མ་ཡིན་ས་སོགས་མིན། །གཟུགས་ལ་སོགས་པ་ཡང་མིན་ཆོས་ཉིད་བདག་ཉིད་ཕྱིར་ན་དེ་རྣམས་དཀྱིལ་འཁོར་པ། །སྣ་ཚོགས་འདི་རྣམས་དཀྱིལ་འཁོར་འཁོར་ལོ་ཤེས་པར་གྱིས་དང་སེམས་ཁྱོད་ཅི་ལ་འཁྲུལ། །ཞེས་སོ། །ས་ར་ཧའི་ཞབས་ཀྱིས་ཀྱང་། །བུད་
མེད་འདི་རྣམས་ཉིད་ནི་དཔལ་ལྡན་རྡོ་རྗེ་བཙུན་མོའི་ཚོགས་སུ་ཤེས་བྱ་སྟེ། །སྐྱེས་བུ་འདི་རྣམས་ཉིད་ནི་དཔལ་ལྡན་དཀྱིལ་འཁོར་པ་རྣམས་ཞེས་པར་ཤེས་པར་བྱ། །རང་ལུས་དེ་རྣམས་ཉིད་ནི་དཔལ་ཆེན་རྡོ་རྗེ་ཅན་ཉིད་དག་ཏུ་ཤེས་པར་བྱ། །དེ་ལྟར་ཁྱེད་ཅག་འགྲོ་བའི་ཟློས་གར་འདི་ནི་རང་བཞིན་
གྱིས་གྲུབ་འོད་གསལ་ལོ། །ཞེས་པའོ། །འདི་དག་ཀྱང་རྟུལ་པོ་ལ་སོགས་པའི་དབྱེ་བས་གཅིག་གི་ཡང་གོམས་པ་འཇུག་པའི་རིམ་པས་འགྱུར་ཏེ། གཅིག་ཉིད་ཀྱི་གནས་སྐབས་ཀྱིས་ཕྱེ་བའི་བྱིས་པ་ལ་སོགས་པ་བཞིན་ནོ། །གང་ཟག་གི་དབྱེ་བ་ཐ་དད་པ་ཡང་གང་ཟག་ཐ་དད་པར་གསལ་
བའི་བྱིས་པ་ལ་སོགས་པ་བཞིན་ནོ། །འོན་ཀྱང་རྟུལ་པོ་དང་འབྲིང་པོ་དག་གིས་ཀྱང་མཉམ་གཞག་མེད་པའི་གནས་སྐབས་སུ་རྣལ་འབྱོར་འདི་དམིགས་པར་བྱའོ་ཞེས་གསུངས་པ་ཡང་། མཉམ་པར་མ་བཞག་རྣལ་འབྱོར་གྱིས། །ཐམས་ཅད་སངས་རྒྱས་རང་བཞིན་བསྒོམ། །ཞེས་སོ། །དེ་
དག་ཉིད་སྟོན་པ། རྣོན་པོའི་ཞེས་པ་ལ་སོགས་པའོ། །ཇི་ལྟར་དེ་དག་རིམ་པས་དམིགས་པ་མ་ཡིན་ཞེ་ན། གསུངས་པ། སྐད་ཅིག་ཅེས་པ་ལ་སོགས་པས་ཏེ་མདོར་བསྟན་པའོ། །རྒྱས་པར་སྟོན་པ་ཁམས་གསུམ་ཞེས་པ་ལ་སོགས་པའོ། །ཨོཾ་ཨཱཿཧཱུཾ་ཞེས་སྔགས་ཀྱིས་ཞེས་པ་
ཁམས་གསུམ་པ་བསྡུས་པའི་དོན་གྱིས་སྐུ་དང་གསུང་དང་ཐུགས་སུ་མངོན་པར་བརྗོད་པར་བྱ་ཞིང་དེ་དང་དབྱེར་མེད་པའི་ཕྱིར་རྣལ་འབྱོར་པའི་ལུས་དང་ངག་དང་སེམས་རྣམས་ཁོ་ན་དཀྱིལ་འཁོར་རོ། །དེ་ཉིད་གསུངས་པ། མཐོ་རིས་ས་སྟེང་ས་འོག་ཏུ། །ཞེས་པ་མཐོ་རིས་དང་ས་སྟེང་ས་འོག་

རྣམས་ཀྱིའོ། །སྔགས་ནི་དེ་བཞིན་ཉིད་ཀྱིས་སོ། །བརྗོད་བྱ་ནི་མངོན་དུ་བྱེད་པའོ། །འདི་དག་གི་འབྲས་བུ་གསུངས་པ། ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། དཔའ་བོ་ཐམས་ཅད་མཉམ་སྦྱོར་བ་ནི་གང་གི་མཁའ་འགྲོ་མའི་ཚོགས་དང་ཀུན་དུ་སྦྱོར་བ་དེ་བཞིན་དུའོ། །དེའི་བདེ་མཆོག་ནི་
བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་ཞེས་དགོངས་པའོ། །དེ་གསུངས་པ། རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །ཅེས་སོ། །གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ཞེས་བརྟག་པ་གཉིས་ཀྱི་རྒྱལ་པོར་གསུངས་པ་དེ་ནི་སྟོང་པ་ཉིད་དང་དབྱེར་མེད་པའི་བདེ་བ་ལ་དགོངས་
པའི་ཕྱིར་རོ། །འདི་དག་ཉིད་རྒྱས་པར་སྟོན་པ་ཁམས་བཞི་ཞེས་པ་ལ་སོགས་པའོ། །འདི་དག་གིས་སྤྲུལ་པའི་སྐུ་གསུངས་སོ། །གལ་ཏེ་རྣམ་པ་དང་ཅིག་ཤོས་དག་ཇི་ལྟར་དབྱེ་བ་མེད་ཅེ་ན། དེ་བཞིན་ཉིད་ཅེས་པ་ལ་སོགས་པའོ། །ཡང་ན་ཁམས་བཞི་དང་ཕུང་པོ་ལྔ་དང་ཡུལ་དྲུག་རྣམས་
ཀྱང་ལྷ་མོ་ཐམས་ཅད་བསྡུས་པའི་གཟུགས་ཅན་བཅོམ་ལྡན་འདས་མ་ཉིད་དེ་ཡེ་ཤེས་ནི་བཅོམ་ལྡན་འདས་སོ། །དེ་དག་ཐ་དད་པར་བརྟག་པར་མི་བྱའོ། །ཐ་དད་པ་མ་ཡིན་པའི་རྒྱུ་གསུངས་པ། དེ་བཞིན་ཉིད་ཅེས་པ་ལ་སོགས་པའོ། །དེ་ཉིད་གསུངས་པ། བདག་མེད་ཅེས་པ་ལ་སོགས་པ་སྟེ།
དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་སྣ་ཚོགས་ཁོ་ན་བདག་མེད་མ་སྟེ། དེ་ཡང་བདེ་བ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་རྡོ་རྗེས་འཁྱུད་པ་ཉིད་དོ། །དེ་དག་ཉེ་བར་བསྡུས་པ་ཟུང་འཇུག་ཅེས་པ་ལ་སོགས་པའོ། །དེའི་ཕྱིར་ལྷུན་གྱིས་གྲུབ་པ་ཉིད་ཀྱིས་ཟུང་འཇུག་གི་རང་བཞིན་གྱི་
དཀྱིལ་འཁོར་འགྲུབ་ཅེས་པའི་དོན་ཏོ། །གལ་ཏེ་རང་བཞིན་གྱིས་འགྲུབ་པ་ལའང་ཟུང་འཇུག་དེ་གང་དུ་གསལ་བར་འགྱུར་ཏེ། རྣམ་པ་སྣ་ཚོགས་པའི་རྣམ་པར་རྟོག་པས་འཁྲུལ་པའི་ཕྱིར་རོ་ཞེ་ན་གསུངས་པ། སེམས་ཞེས་པ་ལ་སོགས་པའོ། །ཡང་ན་གང་གྲུབ་པའི་གནས་སྐབས་
སུ་ཡང་ཟུང་འཇུག་འདིའི་རྣལ་འབྱོར་པ་གང་ཡང་རུང་སྟེ། འཇུག་པ་དང་ལྡོག་པ་ལ་སོགས་ཏེ་འཇུག་པ་དང་ལྡོག་པའི་བསམ་པའི་བྱེ་བྲག་དང་སྤྱོད་པའི་བྱེ་བྲག་རྣམས་ཀྱང་རྣམ་པར་རྟོག་པ་ཡིན་ལ། དེ་ཡང་ཟུང་འཇུག་གི་རང་བཞིན་ཉིད་དོ། །དེ་ཉིད་གསུངས་པ། ས་ར་ཧའི་ཞབས་

ཀྱིས། །གང་དུ་ཆུ་ལ་ཆུ་ནི་ཞུགས་གྱུར་པ། །དེ་ནི་རོ་མཉམ་ཉིད་དུ་འགྱུར་བ་ཡིན། །སྐྱོན་དང་ཡོན་ཏན་སེམས་ཀྱི་རང་བཞིན་གྱིས། །རྨོངས་པ་མི་མཐུན་ཕྱོགས་ནི་གང་ཡང་མེད། ཅེས་སོ། །འདི་ལྟར་གང་ལས་ཞེ་ན་གསུངས་པ། རྣམ་ཀུན་ཞེས་པ་ལ་སོགས་ཏེ་
ཐམས་ཅད་དུ་རྣམ་པའི་མཆོག་འདི་ལ་ཞེས་པ་རྣམ་པ་ཀུན་གྱི་མཆོག་གོ། །དེ་ལྟར་གྱུར་ཀྱང་དེ་བཞིན་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོ་དམིགས་པ་མེད་པ་ཁོང་དུ་ཆུད་ཅིང་ཐོབ་པའི་དབང་པོ་དང་རྣམ་པ་ཐམས་ཅད་མཆོག་ཏུ་ཉེ་བར་མཛེས་པ་བདེ་བ་དམ་པའི་རང་བཞིན་ཉིད་ལའང་ཇི་ལྟར་
སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཅེ་ན་གསུངས་པ། དངོས་དང་ཞེས་པ་ལ་སོགས་པ་སྟེ། དངོས་དང་དངོས་མེད་པའི་བདག་ཉིད་ཅན་ནི་དངོས་པོ་བྱས་ནས་རྟག་ཏུ་འབྱུང་བ་དེར་འགྱུར་རོ་ཞེས་པ་ལྷག་མའོ། །འདི་དག་ཇི་ལྟར་བྱ་ཞེ་ན་གསུངས་པ། སྒྲོ་མ་བཏགས་ཞེས་པ་ལ་སོགས་པའི་སྒྲོ་
བཏགས་ནི་འདི་ཁོ་ན་ཞེས་ལྷག་པར་ཞེན་པ་སྟེ། དེ་གང་ལ་མེད་པ་དེ་བཞིན་དུ་དེའོ། །ཡིད་ལ་བྱེད་པ་ནི་རྣམ་པར་རྟོག་པ་སྟེ། འདི་ནི་དེ་ལྟར་ཡིན་གྱི་འདི་ལྟར་མ་ཡིན་ཞེས་པའོ། །དེ་མེད་པའི་ཕྱིར་ཡིད་ལ་མི་བྱེད་པའོ། །སྒྲོ་འདོགས་དང་ཡིད་ལ་བྱེད་པ་དག་ཁོ་ནས་དངོས་པོ་དང་དངོས་པོ་མེད་
པ་འདི་དག་ཐ་དད་པར་རྣམ་པར་གཞག་གོ་ཞེས་པའོ། །ངོ་བོ་ཉིད་དུ་ན་རྟག་པའི་ཆོས་སྐུ་དང་རྟག་པའི་ངོ་བོ་ཉིད་ལས་དེ་འབྱུང་སྟེ་ཁྱབ་པ་ཉིད་ཀྱི་བདེ་བ་ཆེན་པོ་ཡང་ངོ་། །འདི་དག་ཉིད་རྒྱས་པར་སྟོན་པ་སྐྱེ་བ་ཞེས་པ་ལ་སོགས་པ་སྟེ་སྐྱེས་པའི་དངོས་པོ་ཁོ་ན་མགལ་མེའི་འཁོར་ལོ་ལ་སོགས་པ་ལྟར་
དོན་དམ་པར་མ་སྐྱེས་པའོ། །འདི་དག་གིས་ལོངས་སྤྱོད་རྫོགས་པའི་རང་བཞིན་གསུངས་སོ། །འོད་གསལ་བ་ཉིད་མདོར་བསྟན་པ། བེམས་པོ་མིན་ཕྱིར་ཞེས་པ་ལ་སོགས་པ་སྟེ། བེམས་པོའི་དོན་ལས་བཟློག་པའི་རང་བཞིན་ཉིད་ལས་སོ། །ཤེས་པར་བྱ་མིན་ཞེས་ཡིད་ཀྱི་རྣམ་པར་རྟོག་པ་
ཐམས་ཅད་ནུབ་པའི་རང་བཞིན་ཉིད་ལས་སོ། །མིག་ལ་སོགས་པའི་དབང་པོའི་བགྲོད་བྱ་མ་ཡིན་པ་ཉིད་ལས་མཐོང་བྱ་མིན་པའོ། །ཡང་ན་གང་ཀུན་གཞི་དང་ཉོན་མོངས་པའི་ཡིད་ཀྱིས་སོ། །རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་དྲུག་རྣམས་ཀྱིས་ཉེ་བར་དམིགས་པ་མ་ཡིན་

པའི་ཕྱིར་རིམ་པས་ཚིག་གཉིས་སོ། །གལ་ཏེ་དེ་དངོས་པོའམ་དངོས་པོ་མེད་པ་ཡིན། དངོས་པོ་ཡིན་ནའང་རྟག་པའམ་མི་རྟག་པ་ཡིན། དངོས་པོ་རྟག་པ་ཉིད་ན་རྒྱུན་དང་ལྡན་པར་འགྱུར་ཞིང་མི་རྟག་པ་ཉིད་ལ་ནི་སྔ་མ་དང་ཕྱི་མ་མི་མཐུན་པར་འགྱུར་རོ་ཞེས་པ་དེ་དག་སྤོང་བ། གཟུགས་
མེད་ཅེས་པ་ལ་སོགས་པ་སྟེ། རྣམ་པའི་འཁོར་ལོ་ཉེ་བར་དམིགས་པ་མེད་པའི་ཕྱིར་རོ། །གར་མི་གནས་ཞེས་པ་སྔ་མ་དང་ཕྱི་མ་མ་ཞིག་པ་དབྱུག་པ་ལྟ་བུ་མི་ལྡན་པའི་ཕྱིར་ཞེས་པའི་དོན་ཏོ། །གཟུགས་ཅན་རྟག་པ་ནི་དངོས་པོ་ཚོགས་པ་ལ་གནས་པ་རྟག་པར་འགྱུར་ལ། དེ་དག་ཀྱང་མི་
སྲིད་དེ་དངོས་པོ་རྣམས་སྐད་ཅིག་འཇིག་པ་ཉིད་ལས་སོ། །འོ་ན་ཇི་ལྟར་རྟག་པ་ཡིན་ཞེ་ན་གསུངས་པ། རྣམ་འགྱུར་མེད་ཕྱིར་ཞེས་པ་ཇི་སྲིད་ནམ་མཁའ་རྣམ་པར་འགྱུར་བ་མི་སྟོན་པ་བཞིན་ནོ། །དེས་ན་དངོས་པོ་མེད་པར་འགྱུར་རོ་ཞེ་ན་གསུངས་པ། ཀུན་རྫོབ་ཅེས་པ་ལ་སོགས་པ་སྟེ་འཁོར་
བ་ཇི་སྲིད་པར་གནས་པ་དང་། ཀུན་རྫོབ་ཏུ་སྐྱེ་བ་འབྱུང་བའི་ཕྱིར་ཆད་པ་ཡང་མི་སྲིད་དོ། །འོན་ཀྱང་ཆོས་རྣམས་ཐམས་ཅད་ཀྱི་གདོད་མ་ནས་གྲུབ་པའི་རང་བཞིན་འདི་ཁོ་ན་སྟེ་རང་བཞིན་གཞན་གྱིས་དངོས་པོར་འགྱུར་བ་མེད་དོ། །དེ་ཉིད་གསུངས་པ་ལྷན་ཅིག་སྐྱེས་ཞེས་པ་ལ་སོགས་པ་
སྟེ་ཆོས་རྣམས་ཀྱིས་མ་བྱས་པའི་རང་བཞིན་ལ་ལྷན་ཅིག་སྐྱེས་པ་ཞེས་བརྗོད་པར་བྱའོ། །དེ་ཡང་འཇིག་རྟེན་མཐའ་དག་ལས་འདས་པ་མཆོག་ཏུ་དགའ་བའི་རང་བཞིན་ནོ། །ཡང་ན་དེ་ནི་ཆོས་རྣམས་ཐམས་ཅད་ཀྱི་ལྷན་ཅིག་སྐྱེས་ཏེ་མིང་གཞན་འོད་གསལ་བ་ལ་སོགས་པའོ། །ལྷན་ཅིག་
སྐྱེས་དགའི་རང་བཞིན་དང་། །ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཉིད་བླ་མའི་བཀའ་དྲིན་ལས་གསལ་བར་འགྱུར་རོ་ཞེས་པ་ལྷག་མའོ། །འདི་ནི། རང་བྱིན་བརླབ་དང་རང་འབྱུང་དང་། །ཞེས་པ་རང་ཉིད་ལ་གནས་པའི་ཕྱིར་རོ། །གཞོམ་དུ་མེད་ཅིང་ཞེས་པ་རྣམ་པར་འགྱུར་བ་མེད་
པའོ། །འཇིག་མེད་པ་ཞེས་པ་རྟག་པའི་ཕྱིར་རོ། །གལ་ཏེ་རྣམ་པར་རྟོག་པས་ཉེ་བར་དམིགས་པ་མེད་པའི་རང་བཞིན་བདེ་བ་ཆེན་པོ་ཇི་ལྟར་བསྒོམ་ཞིང་མ་བསྒོམས་ན་ཡང་མངོན་སུམ་དུ་མི་འགྱུར་རོ་ཞེ་ན་གསུངས་པ། སྐྱེ་བ་མེད་པ་ཞེས་པ་ལ་སོགས་པའོ། །དེ་གསུངས་པ།

གང་ཚེ་སྐྱེ་བ་སྤངས་པ་ཡིས། །སྐྱེ་མེད་དེ་ཉིད་བློ་གྲོས་ཀྱང་། །དེ་ཡིས་རྣམ་པར་བརྟེན་པ་ལས། །དེ་ཚེ་དེ་ཉིད་འདི་རྟོགས་བཞིན། །ཞེས་སོ། །གསུངས་པའི་གཏན་ཚིགས་ཉིད་བསྟན་པར་བྱེད་པ། ཤེས་རབ་ཉིད་ཅེས་པ་ལ་སོགས་པ་སྟེ་ཆོས་ཐམས་ཅད་རང་
བཞིན་མེད་པར་འཛིན་པའི་བློ་ནི་ཤེས་རབ་པོ། །དེ་ཉིད་བསམ་གཏན་ཏེ་དེ་དང་རོ་གཅིག་པ་ཉིད་ཀྱིས་གནས་པའི་ཕྱིར་རོ། །དེ་ཉིད་གསུངས་པ། ཆོས་ཀུན་ཞེས་པ་ལ་སོགས་པ་སྟེ་གང་གིའམ་གང་གིས་ཆོས་ཐམས་ཅད་ཡོངས་སུ་ཤེས་པ་དེ་བཞིན་དུ་སྟེ་མ་ནིང་ངོ་། །འདི་ཉིད་བདེ་ཆེན་
མངོན་པར་རྫོགས་པར་བྱང་ཆུབ་སྟེ། ནམ་མཁའི་ཁམས་མཐའ་དག་ཁྱབ་པ་ཐུན་མོང་པ་རྒྱུན་མི་འཆད་པ་ཉིད་དང་ལྡན་པའི་ཕྱིར་རོ། །ཡང་ན་དེ་ཆེན་པོ་ཡང་ཡིན་ལ་བདེ་བ་ཡང་སྟེ་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེའི་མངོན་དུ་ཕྱོགས་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་
འགྱུར་བ་འདིའི་ཞེས་པ་དེའི་སྐྱེས་བུའི་དྲུག་པའོ། །གལ་ཏེ་ཇི་ལྟར་ཆོས་ཀྱི་རང་བཞིན་དེ་རྣམས་ལས་ཕྱེ་ནས་ཉེ་བར་བསྟན་ཞེས་གསུངས་པ། ཆོས་ཞེས་པ་ལ་སོགས་པའོ། །ཆོས་རྣམས་ཀྱིའམ་ཡང་ན་ཆོས་ཁོ་ན་དེ་ཉིད་དེ། ཆོས་ཀྱི་སྒྲས་ཀྱང་ཆོས་ཉིད་མངོན་པར་བརྗོད་པའི་ཕྱིར་རོ། །དེ་
ལ་འཇུག་པ་ནི་དེ་རིམ་གྱིས་རྟོགས་པའི་དོན་དུ་སྟེ་ངོ་བོ་ཉིད་དུ་ན་དབྱེ་བ་མེད་པ་ཁོ་ནའོ། །དེ་གསུངས་པ། བདེན་པ་གཉིས་པོ་དེ་དག་ཟུང་འཇུག་ལྡན། །གཅད་དུ་མེད་ཅིང་ཐ་དད་མི་འགྱུར་ཏེ། །དེ་དག་ཐ་སྙད་གཉིས་ལས་མཐར་ཐུག་ཅིང་། །ཤེས་པ་གང་དེ་འདིར་བཅིངས་རྣམ་པར་གྲོལ། །
ཞེས་སོ། །དེའི་ཕྱིར་འཇིག་རྟེན་པའི་ཡང་དགའ་བ་ལ་སོགས་པ་ལ་འདི་ཁོ་ནས་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །འདི་དག་གིས། རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང་། །འབྲས་བུའང་རྒྱུ་ཡིས་རྒྱས་གདབ་པོ། །གཞན་དུ་བསྒོམས་ན་དངོས་གྲུབ་ནི། །བསྐལ་པ་བྱེ་བར་འབྱུང་མི་འགྱུར། །ཞེས་
པ་དེ་བརྗོད་དོ། །འདི་དག་ཇི་ལྟར་རྟོགས་པར་བྱ་ཞེ་ན་གསུངས་པ། བླ་མ་དམ་པ་ཞེས་པ་ལ་སོགས་པའོ། །བླ་མ་དམ་པའི་གདམས་ངག་ལས་ཀྱང་འདི་དག་གང་དུ་གསལ་བར་འགྱུར་ཞེ་ན། བདེ་མཆོག་ཅེས་པ་ལ་སོགས་པའོ། །དེ་གསུངས་པ། ཨེ་ཡིག་ཆ་བྱད་བཟང་པོ་གང་། །

དབུས་སུ་བཾ་ཡིག་གིས་བརྒྱན་པ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་སོ། །དེ་བརྗོད་པ་དབང་བསྐུར་བའི་དུས་སུ་རྡོ་རྗེ་དང་ཆུ་སྐྱེས་སྦྱར་བ་ན་བླ་མ་དམ་པའི་གདམས་ངག་ལས་ཟླ་བ་ཡང་དག་པར་འགོག་པའི་དབང་གིས་དབང་བཞི་པའི་རང་བཞིན་འདི་
གསལ་བར་འགྱུར་རོ་ཞེས་པའོ། །ཡང་ན་ཨེ་ཡིག་ཤེས་རབ་ཀྱི་བདག་ཉིད་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པའི་སྐུ་འཁོར་ལོའི་རང་བཞིན་ལྟེ་བ་དང་མགྲིན་པ་ལ་བཾ་ཡིག་ཐབས་ཀྱི་བདག་ཉིད་ཆོས་ཐམས་ཅད་བདེ་བ་ཆེན་པོའི་འཁོར་ལོའི་རང་བཞིན་ཉིད་སྙིང་ག་དང་སྤྱི་བོའི་གནས་ཀྱིས་ཁ་སྦྱར་བ་
བསྒོམས་ན་ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང་བར་འགྱུར་རོ་ཞེས་པའོ། །ཡང་ན་ཨེ་ཡིག་དེ་བཞིན་ཉིད་ལ་བཾ་ཡིག་སེམས་རབ་ཏུ་ཞུགས་ན་ཇི་ལྟར་གསུངས་པ་ལྟར་འགྱུར་རོ་ཞེས་པའོ། །དེ་གསུངས་པ། སྟོང་པར་སེམས་ནི་རབ་ཏུ་ཞུགས་ལས་རོ་མཉམ་བྱེད་པ་དེ་ནི་སྐྱེ་གནས་འཁྲིག་པ་མིན། །ཞེས་
སོ། །འདི་ཉིད་ལ་ལུས་དང་ངག་དང་སེམས་ཀྱི་ཆོས་རྣམས་ཐམས་ཅད་དང་། ཕུང་པོ་ལ་སོགས་པའི་རྣམ་པ་ཐམས་ཅད་གཅིག་ཏུ་ཐུན་མོང་མ་ཡིན་པར་སྡོམ་པ་ནི་སྡོམ་པའོ། །འདི་དག་ཇི་ལྟར་ཞེ་ན་གསུངས་པ། སྡོམ་པ་ཞེས་པ་ལ་སོགས་པའོ། །བདེ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ནུབ་པའི་ཕྱིར་
དངོས་པོ་ཐམས་ཅད་མཉམ་པ་ཉིད་རབ་ཏུ་རྟོགས་པ་སྟེ། ཆོས་རྣམས་ཐམས་ཅད་རྣམ་པར་རྟོག་པ་ཙམ་གྱི་བདག་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །དེ་གསུངས་པ། སྐྱེ་བ་དང་ནི་འགག་གྱུར་པ། །རྐྱེན་རྣམས་འགའ་ཞིག་ཁོ་ནས་སོ། །ཞེས་པའོ། །ཡང་ན། དབང་བསྐུར་ནས་ནི་དེ་ཉིད་བཤད། །
ཅེས་པའི་ཚིག་ལས་བདེ་མཆོག་ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་དགའ་བ་བཞིའི་རང་བཞིན་གྱི་དབང་བསྐུར་བ་བཞི་བསྟན་ཏོ། །དེ་ལ་བདེ་མཆོག་ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་མདོར་བསྟན་པའོ། །སྐུ་ཞེས་པ་ལ་སོགས་པ་རྐང་པ་གཉིས་
ཀྱིས་སློབ་དཔོན་དང་གསང་བ་དག་གོ། །སྡོམ་པ་ཞེས་པ་ལ་སོགས་པ་རྐང་པ་གཉིས་ཀྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །བརྗོད་པར་བྱ་བ་ཡིན་ཞེས་པ་རང་རིག་པ་ཉིད་ལས་སོ། །བསྟན་དུ་མེད་ཅེས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔེ་མེད་པའི་ཕྱིར་རོ། །དེ་ཉིད་གསུངས་པ། གཞན་

གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མ་ཉེ་བར་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་པའོ། །ཤེས་རབ་ཀྱི་པདྨ་ལ་སོགས་པ་དང་ཡང་མཚུངས་པ་མ་ཡིན་ཏེ་རྟེན་གཞན་མེད་པས་དཔེ་ཙམ་དུ་གསུངས་སོ། །
དེ་གསུངས་པ། ཡེ་ཤེས་གྲུབ་པར། མི་རྟག་བདེ་ཆེན་ཉིད་མ་ཡིན། །རྒྱུན་དུ་རྟག་པ་བདེ་ཆེན་པོ། །གཡན་པ་ཕྲུགས་པ་ལས་སྐྱེས་པ། །ཇི་ལྟར་བདེ་བ་ཆེན་པོ་མིན། །ཞེས་སོ། །ཡང་ན་དེར་གང་བླ་མའི་གདམས་ངག་གིས་ཟླ་བ་བཀག་པའི་དབང་གིས་བལྟར་མེད་པའི་དེ་ཁོ་ན་
རྟོགས་པ་སྟེ། འཇིག་རྟེན་ན་དེ་ལས་གཞན་རྣམ་པ་དེ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །དེ་གསུངས་པ། དེ་ཕྱིར་བསོད་ནམས་ཕུང་པོ་བསགས་པའི་སྐུ་གང་འགའ་ཞིག་དེ་ནི་ཕྱོགས་གཅིག་པ། །ཕྱག་རྒྱའི་འཁྲིག་ལ་ཡིད་ནི་གཡོ་མེད་གྲུབ་པ་དེ་རྣམས་ལ་ཕྱག་འཚལ། །ཞེས་པའོ། །གལ་
ཏེ་སྔ་མ་དང་ཕྱི་མ་དག་ཇི་ལྟར་མི་འགལ་ཞེ་ན། མ་ཡིན་ཏེ་སྔ་མས་ནི་འགྱུར་བའི་བདེ་བ་ཁོ་ན་ས