Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 17
Văn bản gốc(Tây Tạng)
Trang 23 / 29 (50.000 ký tự/trang)
་གཟུགས་སུ་རྫོགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་བསྒོམ་པར་བྱའོ། །རྡོ་རྗེ་མཁའ་འགྲོར་ཡང་གླུར་ གསུངས་པ། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་སྟྭཾ་ཞེས་སོ། །དེ་ནས་དགུག་པ་ཡེ་ཤེས་སེམས་དཔའ་ཡིས་ནི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས་རབ་ཏུ་གཞུག་པར་བྱའོ། །དེ་ནས་དབང་བསྐུར་ནི་དབང་བསྐུར་བའི་སྤྱི་བོར་རང་གི་རིགས་ཀྱི་དབང་ པོ་བསྒོམ་པར་བྱའོ། །ཧེ་རུ་ཀའི་རྣམ་པ་ལ་ཤེས་རབ་རྗེས་སུ་ཆགས་པ་ནི་རང་གི་དབང་བསྐུར་བའི་ཤེས་རབ་མའི་འདོད་པ་ལས་མཆོད་ནས་ཕུང་པོ་ལ་སོགས་པ་དགོད་པ་བྱས་ཏེ་རྗེས་སུ་ཆགས་པའི་ཏིང་ངེ་འཛིན་གྱིས་རྗེས་སུ་ཆགས་པར་བྱའོ། །བདུད་རྩིས་ཚིམ་བྱེད་ནི་དམ་ཚིག་ སྐྱོང་བ་དང་བསྟོད་པ་ལ་སོགས་བྱས་ནས། གཤེགས་སུ་གསོལ་ཞེས་པ་ནི་དེ་དག་བསྡུ་བར་བྱའོ་ཞེས་པ་སྟེ་དྲང་བའི་དོན་ཏོ། །གདན་ནི་འདོད་པ་ལྔ་ཉེ་བར་བརྟེན་ནས་བྱེད་པའོ། །ཕྱག་རྒྱ་ཅན་དགོད་པ་ནི་སྲོག་ཆགས་གསོད་པ་ལ་སོགས་པའི་སྦྱོར་བའོ། །གདུ་བུ་ སྲོག་ཆགས་གསོད་པ་སྤངས། །ཞེས་པ་ཤེས་རབ་ནི་ཤེས་རབ་ཀྱི་ལྷན་ཅིག་པའོ། །གདུག་པའི་ཕུར་པ་ནི་སྦྱོར་བ་སྟེ་རྒྱུད་དུ་ཡང་། གདུག་པ་ཐམས་ཅད་འདུལ་བ་ནི། །ནུ་མ་མཆན་ཁུང་གཉིས་འཚིར་བའོ། །ར་བ་གུར་ནི་དགོད་པ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་སོ། ། རྒྱུ་སོགས་སྟོང་པ་ཉིད་ནི་ཤྲཱི་ཡིག་གཉིས་སུ་མེད་པའི་ཡེ་ཤེས་ལྷན་ཅིག་སྐྱེས་པ་སྒོམ་པའོ། །འཇུག་པ་སྒྲ་ཙམ་ནི་དཀར་དམར་ཐབས་ཤེས་རབ་སྦྱོར་བ་ལ་ཤིན་ཏུ་དགའ་བའི་སྒྲ་ཐོས་པའོ། །ཨཱ་ལི་ཀཱ་ལི་སོགས་བསྡུས་པ་ནི་དེ་དག་འགགས་པའོ། །དགུག་པ་ཡེ་ ཤེས་སེམས་དཔའ་ཡིས་ནི་ཡེ་ཤེས་འདོད་པ་དེས་འགུགས་པར་བྱེད་པའོ། །དབང་བསྐུར་ནི། བདེ་བའི་སེམས་དེས་བསིལ་བ་ཉིད། །གསང་བར་ངོ་མཚར་བསིལ་བ་ཐོབ། །ཅེས་གསུངས་སོ། །ཤེས་རབ་རྗེས་ཆགས་ནི་མི་འཕོ་བའི་བདེ་བ་སེམས་པར་བྱེད་པའོ། །བདུད་ རྩིས་ཚིམ་བྱེད་ནི་གསན་ནས་དཔྲལ་བར་འགྲོ་བའོ། །འཁོར་ལོ་ཆེན་པོ་ནི་ཉི་ཁྲི་བརྒྱད་ཉིས་བརྒྱའི་དབུགས་ཀྱི་ཚོགས་སོ། །དེའི་གཤེགས་སུ་གསོལ་བ་ནི་བདེ་བ་ཆེན་པོའི་གོ་འཕང་སྟེ། དེ་ནས་རྡོ་རྗེ་འཆང་གི་ས་བཅུ་གཉིས་པའི་འབྱུང་གནས་ཐོབ་པར་འགྱུར་ཏེ་དུས་ གསུམ་ཤེས་པ་ཡང་ངོ་། །གསུངས་པ་ཡང་། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །སངས་རྒྱས་ཀུན་ནི་ཀུན་རིག་མཆོག །བཅོམ་ལྡན་འདས་ཀྱིས་གསུངས་པའི་ས་རྣམས་ཀྱང་དྲི་མ་མེད་པའི་འོད་དུ་ འདི་ལྟ་སྟེ། ཀུན་དུ་འོད་དང་། བདུད་རྩིའི་འོད་དང་། ནམ་མཁའི་འོད་དང་། རྡོ་རྗེའི་འོད་དང་། རིན་ཆེན་འོད་དང་། པདྨའི་འོད་དང་། ལས་ཀྱི་འོད་དང་། དཔེ་མེད་པ་དང་། ངེས་པའི་དཔེ་དང་། ཤེས་རབ་འོད་བཅུ་པར་བཞེད་པ་དང་། ཐམས་ཅད་མཁྱེན་པའི་འོད་ཀྱི་ས་ ཆེན་པོ་དང་སོ་སོར་བདག་ཉིད་རིག་པ་བཅུ་གཉིས་པའོ་ཞེས་ཏེ་རྣལ་འབྱོར་པ་རྣམས་ཀྱི་དུས་སྦྱོར་འགགས་པ་ལས་གྲུབ་པར་འགྱུར་རོ་ཞེས་པ་ངེས་པའི་དོན་ཏོ། །སློབ་དཔོན་རྣམས་ཀྱི་བཅུ་པོ་གང་། །དཀྱིལ་འཁོར་བྲི་བའི་ལས་རྣམས་སོ། །ཞེས་པས་དེ་ཉིད་བཅུ་གསུངས་ ཏེ། དཀྱིལ་འཁོར་དང་ནི་ཏིང་འཛིན་དང་། །ཕྱག་རྒྱ་སྟང་སྟབས་འདུག་སྟངས་དང་། །གཏོར་མ་སྦྱིན་སྲེག་རབ་གནས་དང་། །སྤྱན་དྲང་གཤེགས་སུ་གསོལ་བའོ། །ཞེས་སོ། །རྒྱས་པར་སྟོན་པ་ནི་དེ་ཉིད་བཅུ་རབ་ཏུ་གནས་པར་ཤིན་ཏུ་རྒྱས་པས་རྟོགས་པར་བྱའོ། །འཁོར་ལོ་ འཁྱིལ་པ་མགུལ་རྒྱན་དང་། །གདུ་བུ་དེ་བཞིན་འོག་པག་དང་། །ཐལ་བས་ལྷན་ཅིག་པ་དྲུག་པོ། །དཔའ་བོ་རྣམས་ཀྱི་ཕྱག་རྒྱར་བཤད། །ཅེས་པས་ཕྱག་རྒྱ་ཅན་རྒྱས་པར་བཤད་དེ་གསལ་ལོ། །ཐལ་བ་སྤངས་པ་ལྔ་པོ་ནི། །མཁའ་འགྲོ་མ་ཡིས་རབ་ཏུ་བསྒྲགས། །ཞེས་ཏེ་སྒྲ་ ཇི་བཞིན་པའོ། །རྡོ་རྗེ་ཐབས་ཀྱི་ངོ་བོ་ཡིས། །དྲིལ་བུ་ཤེས་རབ་རང་བཞིན་ལས། །ཞེས་ཏེ་སོགས་ཀྱི་སྒྲས་མཚོན་ཆ་ལ་སོགས་པའི་དག་པ་གསུངས་སོ། །དེ་བཞིན་གཡས་སུ་ཌ་མ་རུ། །གཡོན་དུ་ཁ་ཊྭཱཾ་ག་བརྗོད་བྱ། །བརྒྱ་ཕྱེད་མགོ་བོའི་ཕྲེང་བ་ཡིས། །མཁའ་འགྲོ་མ་དང་དཔའ་བོར་ མཉམ། །མི་ཤེས་གཅོད་བྱེད་གྲི་གུག་སྟེ། །བདུད་རྣམས་གསོད་བྱེད་ཐོད་པའོ། །དེ་རྣམས་གཅེར་བུའི་གར་བྱེད་དེ། །སྒྲིབ་པ་མེད་པའི་སྟོང་པ་ཉིད། །མྱོས་བྱེད་བཏུང་བ་རྟག་ཏུ་དགའ། །བདེ་བ་ཆེན་པོའི་གོ་འཕང་གནས། །རྡོ་རྗེའི་གླུ་ནི་གླུ་ཆེན་པོ། །ཆོས་ཀྱི་འཁོར་ ལོར་རབ་འཇུག་བྱེད། །དབང་པོ་རྣམས་ནི་འགོག་པ་གང་། །གོ་ཀུ་ལ་སོགས་ལྔ་ཟ་བའོ། །ཕུང་པོའི་སྒྲིབ་པ་ཟད་པའི་མིང་། །བདུད་རྩི་ལྔ་པོ་ཟ་བའོ། །དུར་ཁྲོད་དུ་ནི་རོལ་བར་གང་། །སེམས་ཅན་ལུས་ལ་ཆེན་པོར་གནས། །རྣལ་འབྱོར་དངོས་གྲུབ་འདོད་པ་ཡིས། །དེ་ལྟར་ཐམས་ ཅད་ཡོངས་ཤེས་བྱ། །ཞེས་ཏེ་སྒྲ་ཇི་བཞིན་པའོ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོ་གའོ། །རླུང་མེ་ཆུ་དང་ས་གཞི་རི། །པདྨ་ཉི་མའི་དཀྱིལ་འཁོར་དུ། །དབུས་སུ་དཀྱིལ་འཁོར་གཙོ་བོ་དེ། །ཨུ་མ་དབང་ཕྱུག་མཉམ་མནན་ནས། །ཞེས་པ་ལ་སོགས་པས་སྤྲུལ་པའི་སྐུ་རྒྱས་པར་འཆད་ དེ་དེའི་ཨུ་མ་དབང་ཕྱུག་ནི་གཡོན་དུ་དབང་ཕྱུག་ཆེན་པོའོ། །གཡས་སུ་དཀར་མོའོ། །བླ་མར་ཡང་། དབང་ཕྱུག་ཆེན་པོའི་མགོ་བོ་མནན། །ཨུ་མའི་ནུ་མ་རྒྱས་པ་མནན། །ཞེས་སོ། །རྡོ་རྗེ་མཁའ་འགྲོར་ཡང་དཀར་པོ་ཞལ་གཅིག་པ་ཕྱག་བཞི་རྣམས་སུ་དགྲ་སྟ་དང་ཐོད་པ་དང་ཐལ་ མོ་སྦྱར་བའོ། །རྒན་བྱང་མ་ནག་མོ་ཞལ་གཅིག་པ་ཕྱག་བཞི་རྣམས་སུ་ཐོད་པ་དང་ཁ་ཊྭཱཾ་ག་དང་རལ་གྲི་དང་ཅང་ཏེའུ་ཅན་ནོ། །སྒྲ་ཇི་བཞིན་པའོ། །ཡེ་ཤེས་འཁོར་ལོའི་པད་འདབ་ལ། །བདུད་རྩི་ཡི་ནི་ཐོད་པ་རྣམས། །ནག་པོ་དམར་པོ་དཀར་པོའི་ལྷ། །འཁོར་ལོ་གསུམ་དུ་རིམ་བཞིན་ གནས། །མཁའ་འགྲོ་མ་སོགས་རིམ་ཇི་བཞིན། །བྱ་རོག་གདོང་སོགས་དེ་བཞིན་ཉིད། །ཕྱོགས་སུ་ཇི་ལྟར་དེ་བཞིན་ཟུར། །སྒྲུབ་པོས་རྟག་ཏུ་ཤེས་པར་བྱ། །ཞེས་ཏེ་ཡེ་ཤེས་འཁོར་ལོ་ནི་སྙིང་པོའི་འདབ་མ་ལའོ། །བདུད་རྩི་ནི་བཤང་བ་དང་གཅི་བ་དང་ཁྲག་བཅུད་རྣམས་ནི་དབང་ ལྡན་ལ་སོགས་པའི་ཕྱོགས་བྲལ་རྣམས་སུའོ། །དེ་ཉིད་དུ་ནག་པོ་ནི་ཐུགས་ཀྱི་འཁོར་ལོ་ལའོ། །དེ་བཞིན་དུ་དམར་པོ་ནི་གསུང་གི་འཁོར་ལོ་ལའོ། །དཀར་པོ་ནི་སྐུའི་འཁོར་ལོ་ལའོ། །མཁའ་འགྲོ་མ་ལ་སོགས་པ་རྣམས་ནག་མོ་དང་སོ་བསངས་མ་དང་དམར་མོ་དང་སེར་མོ་ རྣམས་ཤར་དང་བྱང་ལ་སོགས་ཏེ་བྱ་རོག་གདོང་ལ་སོགས་པ་རྣམས་ཀྱང་ངོ་། །ཟུར་དུ་གཤིན་རྗེ་སྲེག་མ་ལ་སོགས་པ་རྣམས་ཀྱང་ངོ་། །སྒྲ་ཇི་བཞིན་པའོ། །ཡང་ན་ཞལ་གྱི་ཁ་དོག་གིས་དེ་རྣམས་ཕྱོགས་བཞིར་བསྐོར་བར་ཤེས་པར་བྱའོ། །ནག་པོ་དམར་པོ་གསེར་དུ་སྣང་། །ཁ་བ་ཀུནྡ་ ཟླ་བ་མཚུངས། །ཞེས་གཙོ་བོའི་ཞལ་གྱི་ཁ་དོག་གི་དབྱེ་བས་རྣལ་འབྱོར་མ་དགུ་པོ་དེ་རྣམས་ནག་མོའོ། །གཡས་སུ་དམར་མོ་དགུ་སེར་མོ་རྒྱབ་ཏུ་གནས་པའོ། །བྱང་དུ་གནས་པ་དཀར་མོའོ། །སྒྲ་ཇི་བཞིན་པའོ། །ཀུན་སྤྱོད་དུ་ཡང་། གཤིན་རྗེ་སྲེག་མ་སོགས། །གཟུགས་གཉིས་ལྡན་ ཞིང་ཡིད་འཕྲོག་མ། །སྒྲ་ཇི་བཞིན་པའོ། །ཧེ་རུ་ཀ་དཔལ་རྒྱལ་པོ་ཆེ། །གོ་འཕང་མཆོག་ནི་བསྒོམ་པར་བྱ། །སེམས་དཔའ་དཔའ་བོ་ཕོ་ཉ་མོ། །དངོས་པོ་ཀུན་གྱི་རྣལ་འབྱོར་ལྡན། །ཞེས་སོ། །ལོངས་སྤྱོད་རྫོགས་པ་གསུངས་པ་ཡང་། ལོངས་སྤྱོད་རྫོགས་པ་ཉིད་འཁོར་ལོས་སྒྱུར་ བ་བཞིན་དུ་སླར་ཡང་ཁམས་ཐམས་ཅད་དུ་རྫོགས་པར་ལོངས་སྤྱོད་པ་ཉིད་ཐ་དད་མ་ཡིན་པར་ཡོངས་སུ་འཛིན་པའོ་ཞེས་སོ། །དེ་ཡང་མཆོག་གི་དང་པོ་ལ་སོགས་པར་རྟོགས་པར་བྱའོ། །སྒྲ་ཇི་བཞིན་པའོ། །ཀླུ་ཡི་དབང་པོ་རུས་པའི་རྒྱན། །སྟག་ལྤགས་གླང་པོའི་པགས་པ་དང་། ། བདུད་དང་ཉོན་མོངས་སྙོམས་འཇུག་དང་། །ཤེས་བྱའི་སྒྲིབ་པ་རྣམས་ཀྱང་ངོ་། །ཞེས་པས་ཆོས་གསུངས་སོ། །གསུངས་པ་ཡང་། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ཉིད་ཉོན་མོངས་སྒྲིབ་པར་འདོད། ། ཅེས་སོ། །བདུད་ཀྱི་སྒྲིབ་པ་རྣམ་པར་དག་པས་ཀླུའི་དབང་པོའོ། །ཉོན་མོངས་དག་པས་རུས་པའི་ཕྱག་རྒྱའོ། །སྙོམས་འཇུག་དག་པས་སྟག་གི་པགས་པའོ། །ཤེས་བྱ་ཡོངས་སུ་དག་པས་གླང་པོ་ཆེའི་པགས་པ་ཡང་ངོ་། །སྒྲ་ཇི་བཞིན་པའོ། །ཨུ་མ་དབང་ཕྱུག་ཆེ་དེ་བཞིན། །ཐོད་པ་ ཚངས་པའི་མགོ་བོ་དང་། །ཐོད་པའི་ཕྲེང་བ་དེ་བཞིན་ཏེ། །ཐལ་བཅས་ཚངས་པའི་སྐུད་པ་དང་། །མགོ་བོའི་ཕྲེང་བ་ཡང་དག་ལྡན། །དེ་དག་རྣམ་དག་ཤེས་པར་བྱ། །ཁྲོ་བོའི་དབང་དང་བྱང་ཆུབ་སེམས། །སྒྲིབ་པ་ཅུང་ཟད་དང་ལྡན་ནོ། །ཞེས་ཏེ་ཅུང་ཟད་ཅེས་པ་ཉོན་མོངས་པ་བཞི་པའོ། །གསུངས་ པ་ཡང་། ཉུང་ངུའི་ཡེ་ཤེས་ཀྱིས་བྱས་པ། །ཉོན་མོངས་བཞི་པོ་ངེས་བསྲེགས་ཡིན། །ཞེས་ཏེ་སྒྲ་ཇི་བཞིན་པའོ། །ཨུ་མ་དང་དབང་ཕྱུག་ཆེན་པོ་ནི་རྡུལ་དང་ཁུ་བའོ། །རྀ་གི་ཨ་རལླིར་ཡང་། མགོ་བོ་ཡང་ནི་ཉོན་མོངས་བདུད། །ཐོད་པ་ནམ་མཁའ་དག་པ་ཞེས་སོ། །ཨཱ་ལི་ཀཱ་ལིའི་ དག་པ་སྒྲ་ཇི་བཞིན་པའོ། །སེམས་ཅན་མོས་པ་སྣ་ཚོགས་པས། །སྤྱོད་པ་སྣ་ཚོགས་ཀུན་དུ་གནས། །སྣ་ཚོགས་ཚུལ་གྱི་ཆོ་ག་ཡིས། །སྣ་ཚོགས་པ་ཡི་ཐབས་བསྟན་ནོ། །ཞེས་ཏེ་ལྷག་པར་མོས་པ་ཐ་དད་པ་ཉིད་ཀྱི་སེམས་ཅན་གང་ཡིན་པ་དེ་ལ་ཐ་དད་པའི་ཚུལ་དང་ཐབས་བསྟན་ནོ། ། ལྷག་པར་མོས་པ་སྣ་ཚོགས་པ་ནི་ཉན་ཐོས་ལ་སོགས་པའི་སེམས་སོ། །སྤྱོད་པ་དང་ཚུལ་རྣམ་པ་གསུམ་ནི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པའི་འདོད་པ་རྣམས་སོ། །ཐབས་ནི་ལམ་སྒོམ་པར་བྱེད་པའོ། །དེ་ལ་གང་ཟག་ཏུ་སྨྲ་བ་རྣམས་ལ་གང་ཟག་མི་རྟག་པར་སྒོམ་པ་ལ་སོགས་པ་ གསུངས་སོ། །དོན་སྨྲ་བ་རྣམས་ལས་ལ་སོགས་པའི་ཟད་པར་བསྒོམ་པའོ། །རྣམ་པར་ཤེས་པ་རྣམས་ལ་བརྟགས་པ་ཙམ་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དབུ་མ་རྣམས་ལ་རྨི་ལམ་ལྟ་བུ་དང་འགྱུར་བ་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་སྒོམ་པ་གསུངས་ཏེ་སེམས་ཅན་གྱི་བསམ་ པས་སྟོན་པ་རྣམས་ཀྱང་དེ་བཞིན་ཏེ་ཁུར་བའི་གང་ཟག་ཡོད་དེ་རྟག་པར་ཡང་མི་སྨྲ་མི་རྟག་པར་ཡང་མི་སྨྲའོ། །རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཐ་མའི་ལུས་མཚན་ལ་སོགས་པ་དང་ལྡན་པ་ཡང་ཡོད་དོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་ཁམས་གསུམ་པ་ནི་རྣམ་པར་ཤེས་པ་ཙམ་མོ་ ཞེས་སོ། །རྒྱུད་གཞན་དུ་ཡང་། སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ། །འབྱུང་དང་སྡུད་པར་བྱེད་པ་མོ། །ཀུན་རྫོབ་ཀྱིས་སོ། །ཤེས་རབ་ཕ་རོལ་ཕྱིན་བྱེད་མ། །བྱེད་པོ་སངས་རྒྱས་ལུས་ཅན་མིན། །ཞེས་ཏེ་ལྡོག་པས་མྱ་ངན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུང་པོ་ལྷག་མ་དང་ བཅས་པ་དང་། ཐེག་པ་ཆེན་པོ་པ་རྣམས་ཀྱི་ཕུང་པོ་ལྷག་མ་མེད་པའོ། །སྟོང་པ་ཉིད་གཉིས་སུ་མེད་པ་སྨྲ་བ་པོ་རྣམས་ཀྱི་རབ་ཏུ་མི་གནས་པ་ཤིན་ཏུ་གཉིད་ལོག་པ་དང་སད་པ་དང་བྲལ་བ་བཞི་པ་དང་རྨི་ལམ་ལྟ་བུ་ནི་འབྲས་བུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་བསྟན་པ་ལ་གང་སེམས་མ་ཡིན་ པའོ་ཞེས་གསུངས་པ་ཆོས་ཐམས་ཅད་དངོས་པོ་མ་ཡིན་པའི་རང་བཞིན་གྱི་ཏིང་ངེ་འཛིན་གྱིས་ཞེས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གི་སྟོང་ཞིང་བྱེད་པོ་ མེད། །དབང་སྐྱེས་བློ་ནི་རྣ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག །ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཤེས་པ་རྣམ་ཅན་སྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །ནམ་མཁའི་མོ་གཤམ་བུ་དང་མཚུངས། །འགོག་པ་དག་ནི་ནམ་མཁའ་ བཞིན། །འདུ་བྱེད་བེམས་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡི་རིག །ཡན་ལག་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམས་ཡོད་མ་ཡིན། །སྒྱུ་མ་རྨི་ལམ་མཐོང་བ་ཡིས། །དམིགས་པ་མེད་པ་རབ་ཏུ་གསལ། ། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡིས། །ཕ་རོལ་ཕྱིན་རྣམས་དེ་སྐད་སྒྲོགས། །རྣམ་པར་ཤེས་པ་དོན་དམ་ཡོད། །དེ་ཡང་མཁས་རྣམས་མི་འདོད་དོ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་ཕྱིར་ནམ་མཁའི་པདྨོ་ བཞིན། །ཡོད་དང་མེད་དང་ཡོད་མེད་དང་། །གཉིས་ཀའི་བདག་ཉིད་མིན་པའམ་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡི་རིག །དེ་བཞིན་དུའང་། བདག་མེད་འབྱུང་བ་ཡོད་ཅིང་དགེ་དང་མི་དགེ་འབྲས་བུ་ཡོད་དེ་བྱེད་པ་པོ་ཡིས་རྣམ་པར་དམན། །འགྲོ་བ་པོ་མེད་མ་ལུས་ཐར་ བའི་སླད་དུ་འགྲོ་བ་ཡོད་ཅིང་འཆི་བ་ཡོད་དེ་བཅིངས་པ་མེད། །དངོས་པོ་མེད་པ་དག་ཀྱང་ཡོད་དེ་སྐད་ཅིག་རྣམ་བྲལ་རང་བཞིན་མེད་པ་དག་གི་སྲིད་པ་ཡོད། །འདི་དག་བདག་གི་བདེན་པའི་ཚིག་སྟེ་ལྷ་དང་གདེངས་ཅན་རྣམས་ཀྱི་གདོན་བཅས་ཚིག་གིས་འཇོམས་མི་འགྱུར། །སྒྲ་ཇི་བཞིན་པའོ། །ཟབ་ མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨོད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །ཞེས་པས་དག་པའི་སྐུ་གསུངས་སོ། །ཟབ་མོ་ནི་རྟོག་གེའི་ཡུལ་མ་ཡིན་པའོ། །གང་གིས་འདིར་བདག་ཡུལ་མིན་པ། །བདག་གིས་ཆོས་ཉིད་མི་ཤེས་ཏེ། །དུས་གསུམ་ བཞུགས་པའི་རྫོགས་སངས་རྒྱས། །བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། །སྒྲིབ་པ་ཀུན་ལས་རྣམ་པར་གྲོལ། །གང་གིས་ཁམས་གསུམ་རྒྱས་གདབ་པ། །ཁྲོ་བོའི་དབང་དང་བྱང་ཆུབ་སེམས། །དཀྱིལ་འཁོར་ཀུན་གྱི་གཙོ་བོའོ། །ཞེས་ཏེ་བདག་ཉིད་ཆེན་པོ་ནི་སྐུ་ལྔའོ། ། རྫོགས་སངས་རྒྱས་ནི་ས་བཅུ་གསུམ་གྱི་དབང་པོའོ། །དུས་གསུམ་བཞུགས་པ་ནི་ཚོགས་གསུམ་མོ། །ཁྲོ་བོའི་དབང་པོ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པའོ། །དང་ཡིག་ལས་སྤྱན་མ་ལ་སོགས་པའོ། །ཐམས་ཅད་ནི་ མཁའ་འགྲོ་ལྔ་ལ་སོགས་པ་རྣམས་ཀྱིས་མཁྱེན་ནོ་ཞེས་པ་སྟེ་སྒྲ་ཇི་བཞིན་པའོ། །སྐུ་བཞིའི་ཆོ་གའོ། །དེ་ལྟར་གང་ཞིག་སྒོམ་པ་དང་། གསང་སྔགས་བཟླས་པ་བྱེད་པ་ནི། །སྐྱེ་དང་སྐྱེ་བར་ཆོས་ལྡན་པའི། །རྒྱལ་པོའི་གོ་འཕང་འགྱུར་བ་ཡིན། །ཞེས་པས་རྗེས་སུ་འགྲོ་བ་གསུངས་སོ། །དེ་ལྟར་དེ་ཁོ་ན་ ཉིད་ཀྱི་རྣལ་འབྱོར་མཚན་མ་དང་བཅས་པའི་གཟུགས་སམ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་ངོ་། །སྒྲ་ཇི་བཞིན་པའོ། །དཔེར་ན་མར་གྱིས་གང་བའི་སྣོད། །མེ་ཡི་དབུས་སུ་ལེགས་གཞག་པ། །དེ་ལ་མར་ནི་ཞུ་འགྱུར་ཏེ། །སྣོད་ཀྱི་དྲི་མ་གནས་པར་བྱེད། །ཅེས་པས་ལས་ཀྱི་ལུས་གཏོང་བ་དོན་དུ་ གཉེར་བ་ལ་དཔེ་གསུངས་པ། དཔེར་ན་མར་མེ་མེད་པ་བཞིན་དུ་ལུས་གནས་པ་རྣམ་པར་ཤེས་པ་མེད་པའོ། །དང་པོའི་སངས་རྒྱས་སུ་ཡང་། ཕུང་པོ་མེད་ཀྱང་རྣལ་འབྱོར་པ་ནི་བདེ་བའི་གོ་འཕང་འགྲོ་སྟེ་འོན་ཀྱང་འཇིག་རྟེན་དུ་ནི་གྲགས་པ་མིན། །ཞེས་ཏེ་དགོངས་པ། རྣལ་འབྱོར་པ་རྣམས་འཆི་ཚེའམ། ། རྣལ་འབྱོར་མ་རྣམས་ཐུགས་དགྱེས་པས། །ལག་ན་མེ་ཏོག་སྣ་ཚོགས་ཐོགས། །སྣ་ཚོགས་རྒྱལ་མཚན་ཡང་དག་ལྡན། །སྣ་ཚོགས་རོལ་མོའི་སྒྲ་རྣམས་དང་། །སྣ་ཚོགས་གླུ་དང་མཆོད་པ་ཡིས། །འཆི་བ་ཞེས་འདི་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་པ་སྟེ་ཉེས་པ་མཐར་ཕྱིན་པ་གསུངས་ སོ། །འམ་གྱི་སྒྲ་ལས་སྐྱེས་པ་འདི་ཉིད་ཁོ་ན་ལའོ། །ཕྱག་རྒྱ་ཆེན་པོ་དང་བཅས་པ་གྲུབ་པའི་དངོས་གྲུབ་ཀྱི་དུས་སུའོ། །དེ་བཞིན་དུ་ཡང་། དུས་ཀྱི་འཁོར་ལོར་ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་རྣམས་དང་ས་ཡི་སྙིང་པོ་སོགས། །རབ་ཏུ་དགའ་བའི་ཐུགས་རྣམས་རྣལ་འབྱོར་པ་ལས་གྲུབ་པའི་ དུས་སུ་ནམ་མཁའ་ལ་ནི་མངོན་སུམ་འགྱུར། །དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་རི་རངས་ནས་ནི་མཚན་མོ་ཕྱེད་ལ་འགྱུར། །རིན་པོ་ཆེའམ་མེ་ཏོག་ཆར་ནི་མཆོག་གྱུར་དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་འབབ་པར་འགྱུར། །ཞེས་ཏེ་རྣལ་འབྱོར་མ་རྣམས་གུར་གུམ་ལ་སོགས་པའི་ཆར་ འབེབས་པར་བྱེད་དོ། །རྣལ་འབྱོར་མའི་རྒྱུད་ཉིད་ཀྱི་ཕྱིར་རོ། །ཕྱི་རོལ་དུ་ཡང་། རྡོ་རྗེ་སློབ་དཔོན་རྣམས་ཀྱིས་བྱེད་དེ་དེའི་ཕྱིར་རོ་ཞེས་སོ། །འདི་རྣམས་རྟོགས་ན་མི་ཤེས་པ་རྣམས་ཀྱི་འཆི་བའོ་ཞེས་ཕུང་པོ་མེད་པ་མཆོག་གི་བདེ་བ་ཞེས་བརྗོད་པ་ལའོ། །ཕྱག་རྒྱའི་དངོས་གྲུབ་མཉམ་པ་འདིའོ། །ཕྱག་རྒྱའི་ དངོས་གྲུབ་ཀྱང་དཔལ་དུས་ཀྱི་འཁོར་ལོར་གསུངས་པ། མཆོག་གི་བདེ་བ་ལ་གནས་རྡོ་རྗེ་མ་འཁྲུམས་ཉིད་ཀྱི་བར་དུ་ཆུ་སྐྱེས་ལས་ནི་བྱུང་མི་བྱ། །གང་ཚེ་འདོད་པ་གྲུབ་པ་དེ་ཡི་ཚེ་ན་འདི་ནི་སངས་རྒྱས་བྱིན་གྱིས་བརླབས་པར་རབ་ཏུ་འགྱུར། །རྡོ་རྗེ་ཆུ་སྐྱེས་དག་ནས་གཞུག་བྱ་རང་གི་རྡོ་རྗེའི་སྙིང་གར་ཡེ་ཤེས་ འཁོར་ལོ་རབ་བཅུག་སྟེ། །འདི་ཡི་འོད་ཟེར་རྣམས་ཀྱིས་གཉིས་ཀའི་ལུས་ནི་གང་བར་བྱས་ནས་རྣམ་པ་ཐམས་ཅད་ཉིད་དུ་བྱེད། །ཅེས་སོ། །འཁྲིད་པར་བྱེད་ནི་དེ་རྣམས་ཀྱིས་སམ་དེ་རྣམས་ཀྱི་མཁའ་སྤྱོད་གནས་སུ་སྟེ་གཉིས་སུ་མེད་པའི་གོ་འཕང་དུ་འཁྲིད་པར་བྱེད་དོ། །དགོངས་པའོ། །སངས་རྒྱས་ རྣམས་ནི་བྱུང་གྱུར་རམ། །མ་བྱུང་ན་ཡང་རྣམ་ཀུན་དུ། །བསམ་གྱིས་མི་ཁྱབ་ཆོས་ཉིད་ནི། །འཕེལ་འགྲིབ་སྤངས་པས་གནས་པ་ཡི། །ཞེས་པས་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པ་གསུངས་སོ། །སངས་རྒྱས་རྣམས་ནི་སངས་རྒྱས་སྤྲུལ་པ་སྐུ་གསུམ་པོ་རྣམས་སོ། །དེ་བཞིན་དུ་ཡང་བཅོམ་ ལྡན་འདས་ཀྱིས་གསུངས་པ། ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །དག་པའི་སྐུ་ལས་སྤྲོ་བར་བྱེད། །ཅེས་སོ། །སྒྲ་ཇི་བཞིན་པའོ། །ཞེས་པ་དེ་ལྟར་བཞག་ནས་ནི། །འཇིག་རྟེན་པ་ཀུན་སྨད་མི་བྱ། །དེ་རྣམས་རྟོགས་པ་བསམ་མི་ཁྱབ། །སངས་རྒྱས་གར་མཁན་བསམ་མི་ཁྱབ། །ཅེས་ཏེ། གཞལ་ ནས་ནི་དེ་ལྟར་བརྗོད་པའི་རིམ་པས་རྟོགས་པར་བྱས་ནས་སོ། །འཇིག་རྟེན་པ་ཀུན་ནི་ལྷ་རྣམས་སོ། །སྨད་པར་མི་བྱའོ་ཞེས་པ་ནི་གསུངས་པ་ཡང་དག་གང་ལས་དོན་གང་ལ་བསམ་པར་བྱ་བ་ཐམས་ཅད་སྟོང་པར་བགྲོད་པ་མཐར་ཐུག་པ་ནི་ཐམས་ཅད་འོད་གསལ་བ་མཐར་ཐུག་པའི་ཕྱིར་རོ། །དགོངས་ པ་མ་ཡིན་པའོ། །བསམ་གྱིས་མི་ཁྱབ་པ་ནི་རྟོག་གེའི་རྟོགས་བྱ་མ་ཡིན་པའོ། །སངས་རྒྱས་གར་མཁན་ནི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་བའོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་གསུངས་པ་ཡང་། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཆོས་དང་སངས་རྒྱས་ མཛད་པ་སྟེ། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་དེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་མི་ཁྱབ། །གསུངས་པ་ཡང་། གལ་ཏེ་སངས་རྒྱས་ཁམས་མེད་ན། །ལུས་ཅན་ཀུན་ལ་མྱང་འདས་མེད། །བྱང་ཆུབ་ཀྱང་གསུངས་པ་འཕེལ་འགྲིབ་སྤངས་པའི་ཞེས་པ་ལ་སོགས་པས་འདིར་རོ། །ཆོས་ ཀྱང་གསུངས་པ་མི་འཇིགས་པ་ལ་སོགས་པ་རྣམས་ཏེ་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དང་། ངེས་པར་འཆིང་བའི་གེགས་བྱེད་པ་ལ་དང་། ལམ་ཀུན་བཤད་པ་ལ་དང་། འགོག་པ་ཐོབ་པ་ལ་མི་འཇིགས་པ་རྣམ་པ་བཞིའོ། །འདི་ཡང་ནུབ་པར་གྱུར་པའི་དེ་ཁོ་ན་ཉིད་ཀྱི་ བྱ་བའོ། །རྡོ་རྗེ་ཨ་རལླའི་རྒྱུད་དུ་གསུངས་པ་ཡང་དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ཐམས་ཅད་གོ་འཕང་མཆོག་ཉིད་ཐོབ་ནས་སངས་རྒྱས་ཀྱི་གར་སྟོན་པར་བྱེད་དེ་ཁ་ཅིག་ཏུ་རྫོགས་པར་བྱང་ཆུབ་པར་བྱེད། ཁ་ཅིག་ཏུ་དགའ་བ་སྤྱོད་པ་དང་། ལྷ་ལས་བབས་པ་དང་མྱ་ངན་ལས་ འདས་པ་དང་། དེ་བཞིན་དུ་ཁབ་ནས་ངེས་པར་འབྱུང་བ་ཞེས་སོ། །སྒྲ་ཇི་བཞིན་པའོ། །མདོ་སྡེ་བྱ་བ་སྤྱོད་པ་རྣམས། །རྣལ་འབྱོར་གང་མཐའི་དབྱེ་བ་ལས། །སེམས་ཅན་འཇུག་ལ་ཚུལ་ཁྲིམས་ནི། །དེ་དང་དེ་ལ་རབ་ཏུ་བསྟན། །ཞེས་པས་སྡེ་སྣོད་གསུམ་བསྡུས་པ་གསུངས་ཏེ་ཚུལ་ཁྲིམས་ ནི་མི་དགེ་བ་སྤོང་བ་བག་མེད་པ་རྣམས་ཀྱི་དོན་དུ་རབ་ཏུ་བསྟན་པའོ། །དེ་ལ་མདོ་སྡེ་དང་ཆོས་མངོན་པ་དང་འདུལ་བ་ཉན་ཐོས་ཀྱི་སྡེ་སྣོད་དུའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་གསང་བ་རྣམས་ཞེས་པ་སྟེ་བྱ་བ་དང་སྤྱོད་པ་དང་གཉིས་ཀའི་རྟོག་པ་རྣམས་ཀྱིས་སོ། །ཐེག་པ་ཆེན་པོར་ཡང་ ཐུན་མོང་དུ་གསུངས་པ་དང་བྱིས་པ་རྣམས་ལ་གསུངས་པ་ཡང་། རྣམ་པ་གང་དང་གང་དག་གིས། །སེམས་ཅན་རྣམས་ནི་ཡོངས་ཡིན་བྱེད། །རྣམ་པ་དེ་དང་དེ་དག་གིས། །ཆོས་ནི་བསྟན་པར་བྱ་བ་ཡིན། །ཞེས་སོ། །རྒྱུད་དེས་ན་དང་པོར་ཡང་དག་པའི་ཡེ་ཤེས་མ་བསྟན་ཏོ་ཞེས་པ་སྒྲ་ཇི་ བཞིན་པའོ། །གལ་ཏེ་རྒྱུད་གཞན་ཐམས་ཅད་དུ་རྫོགས་པའི་སངས་རྒྱས་ཉིད་མ་གསུངས་ན་དེ་དག་ལ་རིགས་ཞེས་དོགས་པ་ལ་གསུངས་པ། མངོན་པར་བརྗོད་པ་འབུམ་པ་ཡིས། །རྒྱུད་ལས་ཕུང་བ་སྙིང་པོ་བསྡུས། །བདུན་བརྒྱའི་གཞུང་གིས་ཡང་དག་རྫོགས། །སངས་རྒྱས་རྟོགས་ ཕྱིར་ལྷ་མོ་སྐྱེ། །ཞེས་པས་རྒྱུད་བླ་མར་གསུངས་སོ། །རྒྱུད་ནི་འབྲས་བུའི་རྒྱུད་དོ། །ཕྱུང་བ་ནི་རྩ་བའི་རྒྱུད་ལས་སོ། །སྙིང་པོ་ནི་རྡོ་རྗེ་སྟེ་དབྱིངས་ཐམས་ཅད་རྟོགས་པར་བྱེད་པའི་ཡེ་ཤེས་སོ། །བསྡུས་པའི་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནོ། །ལྷ་མོ་ནི་ཀྱེ་རྡོ་རྗེ་ཕག་མོའོ། །གང་བདག་ གིས་དམ་བཅས་པ་དེ་དང་དེ་རབ་ཏུ་བསྟན་ནོ། །སྐྱེ་བ་འདི་ཁོ་ན་ལ་སངས་རྒྱས་ཉིད་སྦྱིན་པར་བྱེད་པ། བདེ་བའི་ཐབས་ནི་རྒྱས་མིན་པ། །སངས་རྒྱས་ཀུན་གྱིས་མངོན་པར་མཆོད། །ད་ནི་དེ་ལ་མཆོད་པ་སོགས། །ཡིད་འོང་རྣམ་པར་རྒྱས་པར་གྱིས། །ཞེས་སོ། །རྡོ་རྗེ་ཨ་རལླི་རུ་ཡང་། གང་ཞིག་རྒྱུད་འདི་ཀློག་པར་བྱེད། ། གང་ཞིག་དད་པར་བྱེད་པའམ། །གང་ཞིག་ལྷག་པར་མོས་པར་བྱེད། །སྐྱེ་བོ་གང་ཞིག་མཆོད་པའང་། །དེ་རྣམས་ཐམས་ཅད་སངས་རྒྱས་འགྱུར། །སྲིད་པའི་ལོངས་སྤྱོད་གནས་ལོངས་སྤྱོད། །ཅེས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ་འདིར་ཕྱག་རྒྱ་ཆེན་པོ་གྲུབ་པའོ། །ཕྱག་ རྒྱ་ཆེན་པོ་པ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། །འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ལ་དབྱེར་མེད་ཡུལ་དང་རྣམ་པར་ བྲལ་བ་སྣང་བ་ཙམ་ནི་མཁའ་ལ་གནས་པ་ཡིས། །སེམས་དང་སེམས་བྱུང་ལ་ནི་བདག་གིས་འཁྱུད་དེ་འགྲོ་བ་དུ་མའི་གཟུགས་ཀྱིས་དེ་ནི་གཅིག་པོའོ། །དགོངས་པའོ། །དཔལ་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ་ཞེས་པ་ནི་དཔལ་ཧེ་རུ་ཀ་བདེ་བ་ཆེན་པོ་ཕྱི་མ་དང་བཅས་པའི་རྒྱུད་མཐར་ཐུག་པའོ། ། དེ་བཞིན་དུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། སྲིད་གསུམ་ཕྲ་རབ་གཟུགས་མིན་འདིར་ནི་རྣམ་པར་ཤེས་པ་དེ་བཞིན་རྣམ་པར་ཤེས་པ་ཉིད་མེད་དེ། །སངས་རྒྱས་ཤེས་རབ་གང་དུའང་གནས་པ་མ་ཡིན་ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར། གང་གིས་ འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་གཟུགས་ནས་སྟོང་པར་ལྟ་བྱེད་པ། །དེ་ནས་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །ཞེས་སོ། །རྒྱུད་ཀྱི་རྒྱལ་པོ་ནི་མདོ་སྡེ་དང་རྒྱུད་དང་རྟོག་པ་རྣམས་ནི་རྒྱུད་ རྣམས་སོ། །རྒྱལ་པོ་ནི་གཉིས་སུ་མེད་པས་དབང་དུ་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྫོགས་སོ་ནི་ཡང་དག་པར་ཐོབ་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་མཐར་ཐུག་གི་དེ་ཉིད་དོ་ཞེས་སྒྲ་ཇི་བཞིན་པའོ། །ད་ནི་ཆོས་རྣམས་གང་དག་རྒྱུད་ལ་རབ་ཏུ་འབྱུང་། །རྒྱུད་དང་ཞེས་བྱ་བ་ལ་སོགས་པས་རྒྱུད་རབ་ཏུ་ གནས་པའི་དོན་དུ་གྲུབ་པའི་མཐའ་གསུངས་སོ། །གསུངས་པ་ཡང་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེའི་མཐའ་པ་དང་རྣལ་འབྱོར་སྤྱོད་པ་དང་དབུ་མའི་གྲུབ་པའི་མཐའ་ལ་སངས་རྒྱས་རྣམས་ཀྱིས་ཆོས་རྣམས་གང་དག་ལ་སོགས་པའི་ཚིགས་སུ་བཅད་པས་རྒྱས་བཏབ་པོ་ཞེས་སོ། །ཆོས་རྣམས་གང་ དག་རྒྱུ་ལས་རབ་ཏུ་འབྱུང་ནི་ལྔ་དང་བདུན་དུ་རབ་ཏུ་གྲགས་པ་རྣམས་སོ། །མ་རིག་པ་ལ་སོགས་པའི་ལག་སྒྲོག་གིས་བསྡམས་པའི་འཁོར་ལོ་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་ནོ། །དེ་རྣམས་ཉོན་མོངས་པ་དང་ལས་སྡུག་བསྔལ་ཏེ། ཡན་ལག་གསུམ་དང་གཉིས་དང་བདུན་ཀུན་ རྫོབ་ཏུ་སྟེ་ཐོག་མ་མེད་པ་ནས་བྱུང་བ་དང་ཐ་མ་དང་ལྡན་པ་སྟེ་མ་རིག་པ་འགགས་པ་ལས་རྣམ་པར་སངས་རྒྱས་པ་ཉིད་དེ་གསུངས་པ་ཡང་། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ཉེ་བར་ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་སྟེ་བཅུ་གཉིས་རྣམས་སོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་ནི་མ་རིག་པའོ། །འདུ་བྱེད་ནི་སྔོན་གྱི་ལས་རྣམས་སོ། །རྣམ་པར་ཤེས་པ་ནི་མངལ་དུ་འཇུག་པའོ། །མིང་དང་གཟུགས་ནི་ནུར་ནུར་པོ་ལ་སོགས་པ་ ལྔའོ། །སྐྱེ་མཆེད་དྲུག་ནི་མིག་ལ་སོགས་པ་རྫོགས་པའོ། །རེག་པ་ནི་ཡུལ་དང་དབང་པོའི་རྣམ་པར་ཤེས་པ་ཕྲད་པའོ། །ཚོར་བ་ནི་བདེ་བ་ལ་སོགས་པའི་བདག་ཉིད་དོ། །སྲིད་པ་ནི་འཁྲིག་པའི་འདོད་ཆགས་སོ། །ཉེ་བར་ལེན་པ་ནི་འདོད་པའི་ཡུལ་འཛིན་པའོ། །སྲིད་པ་ནི་འབྱུང་ འགྱུར་གྱི་སྲིད་པ་འབྲས་བུའོ། །ལས་ཀྱི་སྐྱེ་བ་ནི་སླར་ཡང་ཕུང་པོ་ཉིང་མཚམས་སྦྱོར་བའོ། །རྒ་ཤི་ནི་གསལ་ལོ། །དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །གསུམ་དུ་འདུས་ཕྱིར་བཅུ་གཉིས་ནི། །ཆོས་གསུམ་ གསུམ་ལས་འབྱུང་བ་ནི། །གཉིས་གཉིས་གཉིས་ལས་རང་འབྱུང་བ། །བདུན་ཏེ་བདུན་ལས་གསུམ་འབྱུང་ངོ་། །སླར་ཡང་དེ་ཉིད་དེ་རྣམས་འཁོར། །སྲིད་པའི་འཁོར་ལོ་རྒྱུ་འབྲས་ཀྱང་། །འགྲོ་བ་ཀུན་ཡིན་སེམས་ཅན་གཞན། །འགའ་ཞིག་འདིར་ནི་ཡོད་མ་ཡིན། །སྟོང་པ་ཁོ་ན་སྟོང་ པའི་ཆོས། །རབ་ཏུ་འབྱུང་འགྱུར་ཆོས་རྣམས་ལས། །ཁ་ཏོན་མར་མེ་རྒྱ་ལ་སོགས། །ཞེས་སོ། །རྒྱུ་ལས་རབ་ཏུ་འབྱུང་གི་དོན་ཏོ། །རྒྱུ་དེ་རྣམས་ནི་དེ་བཞིན་གཤེགས་པས་གསུངས་ཞེས་པ་ནི་ཇི་ལྟར་ཀུན་དུ་རྟོག་པ་དེ་བཞིན་དུ་གསུང་བར་བྱེད་དོ་ཞེས་པས་དེའོ། །གཞན་མི་གསུངས་པ་ཉིད་ ཀྱི་ཕྱིར་རོ། །རྒྱུ་ནི་རྐྱེན་ནོ། །འཁོར་བར་བརྗོད་པ་དང་ལྡན་པའོ། །དེ་རྣམས་ཀྱང་ནི་འགོག་པ་གང་ཡིན་པ་ཞེས་པ་ནི་ཀྱང་ཡིག་ལས་སྲིད་པ་དང་རྒྱུ་དང་བཅས་པ་བརྗོད་པ་འབའ་ཞིག་ཏུ་མ་ཟད་ཀྱི་སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པ་ཡང་རྒྱུ་དང་བཅས་པ་སྟེ་ཡན་ལག་བཅུ་གཉིས་འགོག་ པའི་མཚན་ཉིད་ཟུང་དུ་འཇུག་པའི་བདེ་བ་མ་བརྟགས་པ་ནམ་མཁའི་མེ་ཏོག་སེམས་མེད་པ་བེམས་པོ་མ་ཡིན་པའི་གཟུགས་སོ། །དེ་སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ་ནི་ཟུང་འཇུག་གསུངས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ་བརྫུན་མི་གསུངས་པ་ཚངས་པ་ལ་སོགས་ པའོ། །སྦྱིན་པར་བྱ་བའི་ཆོས་རབ་མཆོག་འདི་ནི། །ཞེས་པ་ཆོས་ཀྱི་སྦྱིན་པ་ཐར་པ་ཐོབ་པའོ། །སྦྱིན་པའི་བདག་པོ་དང་ལྷན་ཅིག་ཅེས་པ་རྟོགས་པར་སླའོ། །ངག་གི་སྐྱོན་ཙམ་དང་བྲལ་མ་ལུས་གོ་འཕང་ནི། །དཔལ་སྡོམ་བདག་གིས་ཉུང་ངུར་རྣམ་ཕྱེ་མཐའ་དྲུག་ ལྡན། །ཀུན་ཕན་མངའ་བདག་ཅི་ཡིན་རབ་ཏུ་གསལ་བར་བྲིས། །དེ་ཉིད་ཀྱིས་ནི་སེམས་ཅན་ཀུན་ཞི་བདེ་བ་ཐོབ་པར་བྱེད། །གང་དག་ལེགས་པར་གསུངས་པའི་ངག །དེ་ཀུན་བདེ་བར་གཤེགས་པའོ། །ཞེས་ཀྱང་གང་ཕྱིར་རྒྱལ་བས་གསུངས། །དེ་ཕྱིར་མཁས་པས་དེ་མི་ སྨད། །གང་ཕྱིར་སྟོན་པ་གཅིག་པུ་རྒྱལ་བས་མདོར་བསྟན་པས། །རྣམ་པར་གཡེང་བ་མེད་པའི་ཡིད་རྣམས་ཀྱིས་བཤད་པ། །ཐར་པ་ཐོབ་པའི་ཚོགས་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་ལོང་། །ཨོཾ་ཀེ་ལི་ཀ་ཡི་བློ་གྲོས་ཆེས། །བྱིས་ཞབས་ ཟླ་བ་སྔོན་མ་ཅན། །དེ་རྣམས་ཀྱིས་བསྟན་དེ་ཉིད་ནི། །འཇིགས་མེད་དགའ་བ་ཞེས་བྱ་ཡུལ། །དཔལ་ལྡན་རྣམ་གནོན་གྲོང་ཡིད་དགའ། །དག་པའི་གནས་ནི་རྒྱལ་བའི་གཞི། །གཟི་བརྗིད་སྟོང་དང་ཚུལ་ཁྲིམས་བྱུང་། །འབྱོར་པའི་དོན་གྱིས་ནོར་སྦྱིན་མཚུངས། །རྒྱལ་ཆེན་ལྷག་པའི་རྒྱལ་པོ་དཔལ། ། རྒྱལ་བ་དགའ་བ་ཅན་ཞེས་གྲགས། །བཀོད་པ་ཆེན་པོ་བདག་པོ་མཆོག །དེ་ཡི་དབོན་པོ་མང་ཐོས་གང་། །དེ་ཉིད་ཀྱི་འདིར་རྒྱལ་བས་བསྟན། །དོན་མང་འཁོར་ལོ་སྡོམ་པ་ལ། །དགའ་བས་ཆོ་ག་བདུན་གྱིས་ནི། །ཚིག་དོན་རྣམས་ནི་བརྗོད་པ་ལས། །བསོད་ནམས་དཀར་བ་ཐོབ་པ་གང་། །དེ་ཉིད་ཀྱིས་ནི་ཟུང་འཇུག་ པའི། །དེ་ཉིད་མཁས་པའི་འགྲེལ་པ་ཡི། །དཔལ་ནི་སྤྱི་བོར་གནས་པ་དང་། །སེམས་ཅན་རྣམས་ཀྱང་བདེ་ཆེན་གྱིས། །བདེ་ལྡན་དངོས་གྲུབ་མཆོག་ཐོབ་གྱུར། །དཔལ་དེ་ཁོ་ན་ཉིད་མཁས་པ་ཞེས་བྱ་བ་དཔལ་སྡོམ་པའི་འགྲེལ་པ་རྫོགས་སོ།། །།དགའ་བྱེད་བདག་པོའི་སློབ་དམ་པ། །དེ་ཉིད་བཞི་པོ་རྟོགས་ པ་ལས། །རྟག་པའི་རྡོ་རྗེ་དེ་ཡིས་བྱས། །འཇིགས་མེད་དགའ་བྱེད་ཅེས་བྱའོ། །དཔལ་འཁོར་ལོ་སྡོམ་པའི་འགྲེལ་པ་དཔལ་དེ་ཁོ་ན་ཉིད་མཁས་པ་ཞེས་བྱ་བ་འདི་ཀུན་ལྡན་གྱི་ལོ་ཆོ་འཕྲུལ་ཆེན་པོ་རྟའི་ཟླ་བའི་ཡར་ངོའི་ཚེས་བརྒྱད་ལ་ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ༄༅༅། །རྒྱ་གར་སྐད་དུ། ལ་གྷུ་སཾ་བ་ར་ཏནྡྲ་པ་ཊ་ལ་ཨ་བྷི་སནྡྷི། བོད་སྐད་དུ། སྡོམ་པའི་རྒྱུད་ཆུང་ངུའི་མཚམས་སྦྱོར། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །སྡོམ་པའི་རྒྱུད་ཆུང་ངུའི་མཚམས་སྦྱོར་བརྗོད་པར་བྱ་སྟེ། དང་པོར་རེ་ཞིག་བསྐྱེད་པ་དང་། རྫོགས་པའི་རིམ་པ་གཉིས་ ཀྱིས་བསྡུས་པའི་དོན་ཐམས་ཅད་ལེའུ་དང་པོས་མདོར་བསྟན་ནས་གཉིས་པ་ནས་ལེའུ་ལྔ་བཅུ་པའི་བར་གྱིས་ནི་རྒྱས་པར་བསྟན་ཏེ། ཀུན་གྱི་ཐ་མའི་ལེའུ་ཡིས་ནི་དེ་རྣམས་གཅིག་ཏུ་མཛད་དོ། །བཅོམ་ལྡན་འདས་ཀྱིས་བསྡུས་པའི་རྒྱུད་ཆུང་ངུ་འདིའི་ཁ་སྦྱོར་གསུམ་པའི་བཤད་པ་འདི་ནི་ ནཱ་རོ་ཏ་པའི་དགོངས་པའོ། །དེ་ལ། དབང་བསྐུར་ནས་ནི་འདི་ཉིད་བསྟན། །ཞེས་པའི་ཚིག་གིས་ཐེག་པ་ཆེན་པོ་གསང་སྔགས་ལ་དང་པོར་དབང་བསྐུར་བའོ། །དེ་ལ་དཀྱིལ་འཁོར་སྔོན་དུ་འགྲོ་བས་ལེའུ་གཉིས་པས་ནི་དཀྱིལ་འཁོར་རོ། །གསུམ་པས་ནི་དབང་བསྐུར་བའོ། །བཞི་པས་ནི་དབང་བསྐུར་བའི་དོན་གྱི་ངོ་ བོ་དེ་ཁོ་ན་ཉིད་དེ། དེ་ལྟར་ལེའུ་གསུམ་པོས་ནི་དེ་ཡང་གསང་བ་ཞེས་བྱ་བ་ནས་མ་ཉན་པར་གྱིས་ཞེས་བྱ་བའི་བར་བཤད་པའོ། །འདིས་ནི་དེ་ལྟར་འཆད་པར་གྱུར་པའི། བ་ལང་གནས་ཀྱི་ལྕི་སྐམ་དང་། །ཞེས་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྒོམ་པའི་དཀྱིལ་འཁོར་རྒྱས་པར་བཤད་པ་ཡང་འདི་ཉིད་ཀྱིས་ཟིན་ པས་དེ་ལས་ལོགས་ཤིག་ཏུ་མ་བརྗོད་དོ། །དེ་ནས། གསང་སྔགས་ཟློས་པའི་བཟླས་བརྗོད་དང་། །བསམ་གཏན་གྱིས་ཀྱང་འགྲུབ་པར་འགྱུར། །ཞེས་རྣམ་པར་བཤད་པའི་འགྲེལ་པ་ལས་ལྔ་པ་ནས་བརྒྱད་པའི་བར་གྱི་ལེའུ་བཞི་དང་ཉི་ཤུ་ལྔ་པ་དང་སུམ་ཅུ་པས་ནི་གོ་རིམས་འཆོལ་བས་བཟླས་པའི་སྔགས་ བཏུ་བ་བསྟན་ཏེ། རྒྱུད་ལས་སློབ་དཔོན་མེད་པར་སྔགས་ཀྱི་བཟླས་པ་དགག་པའི་དོན་ཡིན་པར་རྟོགས་པར་བྱའོ། །འདི་ལྟར་བཟླས་པའི་དངོས་གྲུབ་མཆོག་དང་། ཐ་མའི་མཚན་ཉིད་ལས་འཇིག་རྟེན་པའི་དངོས་གྲུབ་བསྟན་པ་ནི་དགུ་པ་ནས་བཅུ་བཞིའི་བར་མཐར་ཐུག་པ་དང་། བཞི་བཅུ་རྩ་གསུམ་པ་ལས་ལེའུ་ལྔ་བཅུ་པའི་བར་དུ་ཤེས་པར་བྱའོ། །གང་དུ་དབང་བསྐུར་ནས་འཇིག་རྟེན་ལས་འདས་པའི་མཆོག་གི་དངོས་གྲུབ་བསྟན་ཏོ། །དེ་ལྟར་འདི་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ནི་རྣལ་འབྱོར་མའི་བཀའ་དྲིན་ལས་ འགྱུར་བ་འདིར་བསྟན་པའི་དོན་དུ་བཅོ་ལྔ་པ་ནས་ཉི་ཤུ་རྩ་བཞི་པའི་བར་གྱིས་ནི། ཕོ་ཉས་ལྷན་ཅིག་དངོས་གྲུབ་མ། །ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་ཏེ། འདིས་རྣལ་འབྱོར་མའི་དབྱེ་བ་ཤེས་པར་བྱ་བའི་ཕྱིར་ཡི་གེ་བརྡ་དང་། རིགས་དྲུག་གི་དབྱེ་བ་དང་། མིང་གི་རྣམ་ གྲངས་དང་། མཁའ་འགྲོ་མའི་རིགས་དང་། ལཱ་མའི་རིགས་ཀྱི་མཚན་ཉིད་དང་། ལག་པའི་བརྡ་དང་། ལྟ་བའི་ཕྱག་རྒྱ་དང་། ཡན་ལག་གི་ཕྱག་རྒྱ་དང་། མཚན་མའི་ཕྱག་རྒྱ་དང་། ངག་གི་བརྡས་རབ་ཏུ་ཤེས་པར་འགྱུར་བའི་བྱེ་བྲག་བཅུས་ཕོ་ཉའི་མཚན་ཉིད་ལེའུ་བཅུར་གོ་རིམས་ཇི་ལྟ་བ་ བཞིན་བསྟན་ཏོ། །དེའི་རྗེས་ལ། དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །ཞེས་བྱ་བ་ལ་སོགས་པའི་དོན་རྫོགས་པར་བྱེད་པ་ལས་ཉི་ཤུ་རྩ་དྲུག་པས་ནི་ཡོངས་སུ་ཤེས་པའི་ཕོ་ཉ་མ་མཉེས་པར་བྱེད་པ་བསྲུང་བའི་དམ་ཚིག་བསྟན་ཏོ། །ཉི་ཤུ་རྩ་བདུན་པས་ནི་ཐོབ་པའི་ཕྱག་རྒྱ་མཉེས་པ་དེའི་བཀའ་སྤྱོད་ པ་བྱ་སྟེ། རྣལ་འབྱོར་པ་ཉིད་ཅེས་བྱ་བ་ལ་སོགས་པའི་མཚན་ཉིད་ཀྱི་དོན་རྫོགས་པར་བྱས་པས་སྤྲོས་བཅས་ཀྱི་སྤྱོད་པ་བསྟན་ཏོ། །ཉི་ཤུ་བརྒྱད་པ་དང་ཉི་ཤུ་དགུ་པས་ནི་སྤྲོས་བཅས་ཀྱི་སྤྱོད་པ་བསྟན་ཏོ། །དེ་ནས། སྦྲང་རྩི་མཚལ་དང་ག་བུར་བཅས། །ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་སུམ་ཅུ་རྩ་ གཅིག་པ་ལ་སོགས་པའི་ལེའུ་གསུམ་གྱིས་སྤྱོད་པ་ཐམས་ཅད་ལ་མཁོ་བ་བཟང་བའི་དམ་ཚིག་བསྟན་ཏོ། །དེ་ལ་ཡང་ལག་པའི་མཆོད་པ་དང་། རྫས་ཀྱི་ཁྱད་པར་གྱི་མིང་དང་། ཁ་ཟས་ཀྱི་ཆོ་ག་དབྱེ་བས་གསུམ་དུ་ཤེས་པར་བྱའོ། །དེའི་རྗེས་ལ། མཆོད་བཞི་དེ་བཞིན་དཔའ་བོ་ཆེ། །ཞེས་བྱ་བ་ལ་ སོགས་པ་རྣམ་པར་འགྲེལ་པ་ནི་སུམ་ཅུ་རྩ་བཞི་པ་ལ་སོགས་པ་ལེའུ་བཞི་སྟེ། ཕྱག་རྒྱ་ཆེན་པོ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དབང་དུ་བྱ་བ་གོ་རིམས་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་ནི་སྔར་གྱི་དཀྱིལ་འཁོར་གྱི་འཁོར་ ལོ་བསྒོམ་པའི་མཚན་ཉིད་གཞན་དུ་བསྟན་པས་ན་འདིར་དེ་ལས་ལོགས་ཤིག་ཏུ་རྒྱས་པར་མ་བསྟན་ཏོ། །དེ་ནས་སུམ་ཅུ་རྩ་བརྒྱད་པས་ནི་ཡང་རྣལ་འབྱོར་པ་ཉིད་ཅེས་བྱ་བ་ལ་སོགས་པའི་དོན་རྫོགས་པར་བྱ་བའི་ཕྱིར་སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་རྒྱས་པར་བསྟན་ ཏོ། །དེ་ལ་རྣལ་འབྱོར་མ་གསུམ་གྱི་ཐུན་མོང་དུ་གྱུར་པའི་དངོས་གྲུབ་ཀྱི་མཚན་ཉིད་སུམ་ཅུ་རྩ་དགུ་པ་ནས་བཞི་བཅུ་རྩ་གཉིས་པའི་བར་དུ་བསྟན་ཏོ། །དེ་ལྟར་མདོ་དང་རྒྱས་པར་བསྟན་པའི་སྒོ་ནས་ལེའུ་ལྔ་བཅུ་རྩ་གཅིག་ཏུ་བསྡུས་ནས་བསྟན་ཏོ་ཞེས་བླ་མའི་མན་ངག་གོ། ། སྡོམ་པའི་རྒྱུད་ཆུང་ངུའི་མཚམས་སྦྱོར་བ་དཔལ་ན་རོ་ཏ་པའི་རྗེས་སུ་འབྲངས་པ་མཁས་པ་སུ་མ་ཏི་ཀཱིརྟིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་གྲགས་མཆོག་ཤེས་རབ་ཀྱིས་བསྒྱུར་ཏོ།། །། ༄༅༅། །དཔལ་བདེ་མཆོག་གི་རྒྱ་ཆེར་བཤད་པ་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ། དཔལ་བདེ་མཆོག་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཀུན་འགྲོ་ཀུན་སྙིང་ནམ་མཁའི་དབུས་གྱུར་མཆོག་ཞི་བ། །ཧེ་རུ་ཀ་དཔལ་མཆོག་ཏུ་མྱ་ངན་འདས་པ་དེ་ཉིད་དངོས། །ཐབས་དང་ ཤེས་རབ་ལས་བྱུང་རབ་གསལ་ཉེ་བར་འབར་བའི་འོད། །ཉི་གཞོན་ཕུན་ཚོགས་བདེ་མཆོག་ཞབས་བཏུད་དེ་ཉིད་བཤད་པར་བྱ། །འགྲེལ་པ་དག་གིས་རྒྱུད་རྒྱལ་ནི། །མ་ལུས་རྣམ་པར་མ་བཀྲོལ་ཞེས། །རྩ་བའི་རྒྱུད་ལས་བདག་གིས་ནི། །གཏམ་དུ་དྲིས་པ་བཞིན་དུ་ཐོས། །བདག་ནི་ཤིན་ ཏུ་བློ་དམན་ཡང་། །བླ་མས་བྱིན་གྱིས་བརླབས་པ་དང་། །བཤད་རྒྱུད་ཡང་དག་རྟོགས་པ་ཡིས། །དེ་དོན་རྩོམ་ཕྱིར་ཉེས་པ་མེད། །རྒྱུད་ཀྱི་བརྗོད་པར་བྱ་བ་ནི་གང་། དགོས་པའི་དགོས་པ་ནི་གང་ཞིག །དེ་ནས་ཞེས་བྱ་བ་ནས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་གྱིས་རྗོད་པར་བྱེད་པའི་རྒྱུད་ཡིན་ལ། དེ་ནས་བརྗོད་པར་བྱ་བ་ནི་རྒྱུའི་རྒྱུད་དང་ཐབས་ཀྱི་རྒྱུད་དང་། འབྲས་བུའི་རྒྱུད་དོ། །དེ་ལ་རྒྱུའི་རྒྱུད་ནི་ལེའུ་ཉི་ཤུ་རྩ་དྲུག་པ་ལས་སྟོན་པའི་གང་ཟག་རྣམ་པ་གསུམ་མོ། །ཐབས་ཀྱི་རྒྱུད་ནི་བསྐྱེད་རྫོགས་གཉིས་སོ། །འབྲས་བུའི་རྒྱུད་ནི་སྐུ་གསུམ་མོ། །དེ་ལ་གཙོ་བོར་ཐབས་ཀྱི་རྒྱུད་གསུངས་པ་ ནས་དེ་བརྗོད་པར་བྱ་སྟེ། དེ་ལ་ལེའུ་དང་པོའི་ཚིགས་བཅད་གཅིག་གིས་རྒྱུད་ཀྱི་དགོས་པ་བསྟན་ཏོ། །ཚིགས་བཅད་ཕྱེད་ཀྱིས་མཚན་བསྟན་ཏོ། །ཚིགས་བཅད་ཕྱེད་དང་གཉིས་ཀྱིས་ནི་རྒྱུད་ཀྱི་གླེང་གཞི་བསྟན་ཏོ། །ཚིགས་བཅད་གཉིས་ཀྱིས་ནི་ལུས་རྣམ་གཞག་བསྟན། ལེའུ་དང་པོའི་ལྷག་མས་ ནི་ཚོགས་ཀྱི་འཁོར་ལོ་དང་ཞི་བའི་བཏུང་བ་དང་ཕོ་ཉའི་གཙང་སྦྲ་གནས་དང་བཅས་པ་མདོར་བསྟན་པའོ། །ལེའུ་གཉིས་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་ཏོ། །ལེའུ་གསུམ་པས་སློབ་མ་དབང་བསྐུར་བ་བསྟན་ཏོ། །ལེའུ་བཞི་པས་ལྷ་དགོད་པ་བསྟན་ཏོ། །དེ་ལྟར་ལེའུ་གསུམ་པ་དང་བཞི་པས་བསྐྱེད་པའི་ རིམ་པ་བསྒོམ་པ་གསུངས་སོ། །ལེའུ་ལྔ་པས་རྐང་པ་བརྒྱད་པའི་གསལ་བྱེད་བཏུ་བ་བསྟན་ཏོ། །ལེའུ་དྲུག་པས་དཔའ་བོ་དྲུག་གི་སྔགས་བཏུ་བ་བསྟན་ཏོ། །ལེའུ་བདུན་པས་རྐང་པ་བརྒྱད་པའི་དབྱངས་ཡིག་བཏུ་བ་བསྟན། ལེའུ་བརྒྱད་པས་སྙིང་པོ་བཞི་དང་གོ་ཆའི་ལྷ་མོ་དྲུག་གི་སྔགས་བཏུ་བ་བསྟན། ལེའུ་ དགུ་པས་རྩ་བའི་སྔགས་ཀྱི་ཕྲིན་ལས་ལྔ་བཅུ་བསྟན། ལེའུ་བཅུ་པས་སྙིང་པོ་སྔགས་ཀྱི་མཆོག་དང་འཇིག་རྟེན་པའི་སྔགས་གྲུབ་པ་བསྟན། ལེའུ་བཅུ་གཅིག་པས་དངོས་གྲུབ་ཀྱི་ཁ་ཟས་སྐྱེ་བ་བདུན་པ་བསྟན། ལེའུ་བཅུ་གཉིས་པས་ཉེ་བའི་སྙིང་པོའི་ཕྲིན་ལས་བསྟན། ལེའུ་ བཅུ་གསུམ་པས་གོ་ཆའི་སྔགས་ཀྱི་ཕྲིན་ལས་བསྟན། དེ་ལྟར་ལེའུ་ལྔ་པ་ནས་བཅུ་གསུམ་པའི་བར་གྱིས་བསྐྱེད་པའི་རིམ་པའི་བཟླས་པ་བསྟན་ཏོ། །ལེའུ་བཅུ་བཞི་པས་དངོས་གྲུབ་ཀྱི་དཀྱིལ་འཁོར་ཚོགས་ཀྱི་འཁོར་ལོ་བསྟན། ལེའུ་བཅོ་ལྔ་པ་ནས་ཉི་ཤུ་རྩ་ལྔའི་བར་གྱིས་ཚོགས་ཀྱི་འཁོར་ལོའི་ཡན་ ལག་བསྟན་ཏོ། །ལེའུ་བཅོ་ལྔ་པས་དག་བྱེད་ཀྱི་ལྷ་མོའི་ཡི་གེའི་བརྡ་བསྟན། བཅུ་དྲུག་པས་དག་བྱེད་ཀྱི་ལྷ་མོའི་བརྡའི་མཚན་ཉིད་བསྟན། བཅུ་བདུན་པས་དབང་གི་ལྷ་མོའི་མཚན་ཉིད་བསྟན། བཅོ་བརྒྱད་པས་དཔའ་བོའི་ལྷ་མོའི་མཚན་ཉིད་བསྟན། བཅུ་དགུ་པས་བཀའ་བསྒོ་བའི་མཚན་ཉིད་བསྟན། ཉི་ཤུ་ པས་དབང་གི་ལྷ་མོའི་བརྡ་བསྟན། ཉི་ཤུ་རྩ་གཅིག་པས་དཔའ་བོའི་ལྷ་མོའི་མཚན་ཉིད་དང་། རྩ་གཉིས་པ་ལས་བཀས་གནང་བའི་ལྷ་མོའི་བརྡ་དང་། རྩ་གསུམ་པ་ལས་ཀུན་སྤྱོད་མའི་མཚན་ཉིད་དང་། རྩ་བཞི་པ་ལས་དེའི་བརྡ་དང་། རྩ་ལྔ་པ་ལས་ལྷ་མོ་ལྔའི་ལུས་ལ་དཔའ་བོ་དང་དཔའ་མོ་ དགོད་པའི་སྔགས་སོ། །ལེའུ་ཉི་ཤུ་རྩ་དྲུག་པ་ནས་རྩ་དགུའི་བར་གྱིས་ལེའུ་དང་པོའི་རྫོགས་རིམ་རྒྱས་པར་བཤད་པ་ལས། རྩ་དྲུག་པས་རྒྱུ་དང་ཐབས་དང་འབྲས་བུ་གསུམ་བསྟན། རྩ་བདུན་པས་སྦྱོར་བ་དང་དངོས་གཞི་དང་རྗེས་གསུམ་བསྟན། རྩ་བརྒྱད་པས་རྫོགས་པའི་རིམ་པའི་གཞན་དོན་ བསྟན། རྩ་དགུ་པས་དབང་བཞི་པ་བསྟན། ལེའུ་སུམ་ཅུ་པས་བསྐྱེད་པའི་རིམ་པ་སྲུང་བའི་འཁོར་ལོ་བསྟན་ཏོ། །སུམ་ཅུ་རྩ་གཅིག་ནས་བཞི་བཅུ་པའི་བར་གྱིས་དངོས་གྲུབ་ལེན་པའི་རྒྱུ་བ་དང་མི་རྒྱུ་བའི་འཁོར་ལོ་བསྟན། བཞི་བཅུ་རྩ་གཅིག་པ་ནས་ལྔ་བཅུའི་བར་གྱིས་དངོས་གྲུབ་ལེན་པའི་གསང་ སྔགས་ཀྱི་འཁོར་ལོ་བསྟན་ཏོ། །ལེའུ་ང་གཅིག་པས་བསྐྱེད་པའི་རིམ་པ་སྒོམ་པའི་ཐབས་བསྟན་པའོ། །དེ་ལྟར་ན་ལེའུ་ལྔ་ནི་རྫོགས་པའི་རིམ་པ་ཡིན་ལ། ལེའུ་བཅུ་གསུམ་ནི་བསྐྱེད་པའི་རིམ་པ་ཡིན། ལེའུ་བཅུ་གཉིས་ནི་གཉིས་ཀའི་ཡན་ལག་ཚོགས་ཀྱི་འཁོར་ལོ་ཡིན་ལ། མཚན་མ་ཐོབ་ནས་དངོས་ གྲུབ་ལེན་པ་ནི་ལེའུ་ཉི་ཤུ་ཡིན་ལ། ཐབས་ཀྱི་ཁ་སྐོང་བ་ནི་ལེའུ་ང་གཅིག་པ་ཡིན་ནོ། །དེ་ལྟར་ན་ཐབས་འབྲས་བུ་དང་བཅས་པ་ནི་བརྗོད་པར་བྱ་བ་ཡིན་ལ། ཐོས་བསམ་སྒོམ་གསུམ་གྱིས་དེ་ཁོང་དུ་ཆུད་པ་ནི་དགོས་པ་ཡིན་ལ། མཚན་མ་ཐོབ་ནས་དངོས་གྲུབ་གསུམ་བསྐྱེད་པ་ནི་དགོས་པའི་ཡང་དགོས་པ་ཡིན་ ནོ། །འབྲེལ་བ་ནི་དེའི་བདག་ཉིད་དང་ཐབས་དང་ཐབས་ལས་བྱུང་བའོ། །དེའི་བསྡུས་པའི་དོན་ནི་ཐབས་དང་བསྐྱར་བའི་ཆོ་ག་དང་དངོས་གྲུབ་ལེན་པའི་ཁ་བསྐང་བའོ། །བསྐྱེད་རྫོགས་གཉིས་ནི་ཐབས་ཡིན་ལ། ཚོགས་ཀྱི་འཁོར་ལོ་ནི་བསྐྱར་བའི་ཆོ་ག་ཡིན་ལ། རྒྱུ་བ་དང་མི་རྒྱུ་བའི་འཁོར་ལོ་ནི་འབྲས་ བུ་དངོས་གྲུབ་ལེན་པ་ཡིན་ལ། ལེའུ་ང་གཅིག་པ་ནི་ཁ་བསྐང་བའི་མན་ངག་གོ། །ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། རྩ་བའི་རྒྱུད་ལེའུ་འབུམ་པ་དང་། རྒྱུད་ཕྱི་མ་ཤློ་ཀ་འབུམ་པ་རྫོགས་པའི་རྗེས་ལ་ལེའུ་ང་གཅིག་པ་སྟོན་པར་བཞེད་ནས་ད་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། ། དེ་ཡང་དཔའ་བོ་དང་དཔའ་མོ་བརྗོད་ཀྱིས་མི་ལང་བས་ཕྱག་འཚལ་ནས་བདུད་རྩི་རྣམ་པ་ལྔས་མཆོད་དེ་བསྟོད་ནས་གསོལ་བ་བཏབ་པའི་རྗེས་ཐོགས་ལ། དེ་ནས་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ཡང་ཐོག་མར་རྒྱུད་ཀྱི་བརྗོད་བྱ་སྟོན་པར་བཞེད་ནས། གསང་བ་བཤད་བྱ་བ་ཞེས་པ་གསུངས་ཏེ། གསང་ བའི་དོན་ནི་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པའི་གསང་བ་ནི་གཉིས་ཏེ། དཔའ་བོ་གཅིག་པུ་བསྒོམ་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའོ། །དེ་ཅིའི་ཕྱིར་གསང་བ་ཡིན་ཞེ་ན། དཔལ་མཆོག་དང་པོ་ལས་ཡེ་ཤེས་སེམས་ དཔའ་སྙིང་གར་བཅུག་པས་ན་གསུངས་པའི་ཕྱིར་རོ། །རྒྱུད་རྡོ་རྗེ་རྩེ་མོ་ལས་ཀྱང་། །གསང་ཆེན་ཐེག་པ་འདི་རུ་ནི། །ཞུགས་པ་གང་དང་གང་ཡིན་པ། །རྒྱལ་བའི་གནས་ཀྱི་ས་ཐོབ་འགྱུར། །ཞེས་གསུངས་སོ། །རྫོགས་པའི་རིམ་པ་ནི་ཕྱག་རྒྱ་བཞི་དང་ཐབས་བཞི་དང་ལྡན་པས་གསང་བའོ། །ཅིའི་ཕྱིར་ གསང་བ་ཡིན་ཞེ་ན། ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང་ཉན་ཐོས་དང་རང་རྒྱལ་བ་རྣམས་ཀྱིས་མ་གོམས་པར་བདེ་བ་སྟོང་པ་ཉིད་མ་རྟོགས་པའི་ཕྱིར་རོ། །དེ་ཡང་འདི་ཉིད་ལས། ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ དང་། ཁ་སྦྱོར་ལས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་ཡུལ་ཡིན་པས་ན་གསང་བ་ཞེས་གསུངས་སོ། །བཤད་བྱ་ཞེས་བྱ་བ་ནི་སྒྲའི་དགོས་པ་བསྟན་པ་སྟེ། སྔོན་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་ཁོང་དུ་ཆུད་པ་ཡིན་ཡང་། ད་ལྟར་རྣལ་འབྱོར་པ་རྣམས་ ཀྱིས་རྟོགས་པའོ། །དེའི་རྗོད་པར་བྱེད་པ་ཇི་ལྟར་ཡིན་ཞེ་ན། མདོར་བསྡུས་པ་སྟེ་རྒྱས་པར་མིན། །ཞེས་བྱ་བ་གསུངས་ཏེ་རྒྱུད་ལེའུ་འབུམ་པ་ལས་འདིར་མདོར་བསྡུས་པ་དང་། ཤློ་ཀ་འབུམ་པ་ལས་མདོར་བསྡུས་པས་ན་རྒྱས་པར་མིན་པ་སྟེ་ལྟོས་ས་གཉིས་ནས་ཕྱི་མའི་ཕྱི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། བརྗོད་པར་བྱ་བ་དེ་ཉིད་གསལ་བར་བསྟན་པ་ནི། ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །ཞེས་བྱ་བ་གསུངས་ཏེ། མཚན་ཉིད་པ་སྐུ་གསུམ་གྱི་རང་བཞིན་ཡིན་ཡང་དེའི་རྒྱུ་བ་བསྐྱེད་རྫོགས་གཉིས་ཀྱི་ཐབས་ལ་དཔལ་ཧེ་རུ་ཀ་ཞེས་བྱ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བརྡར་བཏགས་པ་ཡིན་ནོ། །ཡང་དག་སྦྱོར་ ཞེས་བྱ་བ་ནི་ཤེས་རབ་སྟོན་ཏོ། །དངོས་ཀྱི་ཡུམ་ས་བཅུ་གཉིས་པའི་སྟོང་པ་ཉིད་ཤེས་རབ་ཡིན་ལ། དེའི་རྒྱུའི་བསྐྱེད་རྫོགས་གཉིས་ཀྱི་ཤེས་རབ་ལ་བཙུན་མོ་ཞེས་བརྡར་བཏགས་པ་ཡིན་ནོ། །ཐབས་ནི་དུ། ཤེས་རབ་ནི་དུ་ཞེ་ན། བསྐྱེད་པའི་རིམ་པའི་དཔའ་བོ་གཅིག་པུ་དང་། དཀྱིལ་འཁོར་འཁོར་ལོ་རྫོགས་ པའི་ཐབས་དང་ཤེས་རབ་དང་། རྫོགས་པའི་རིམ་པའི་ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོའི་ཐབས་དང་ཤེས་རབ་བོ། །དེའི་མཚན་ཉིད་ཕྱིས་བཤད་པར་བྱའོ། །ཡང་དག་སྦྱོར་ཞེས་བྱ་བ་ནི་མཉམ་པར་སྦྱོར་བའི་དོན་ཡིན་ཏེ། ཇི་ལྟར་ན་མཉམ་པར་སྦྱོར་བའི་དོན་ ཡིན། རྣམ་པར་རྟོག་པའི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་བདེ་བ་རྟོགས་པ་མངོན་སུམ་དུ་སྐྱེ་བ་དང་། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་མཐོང་བས་ཡུལ་ཇི་ལྟ་བ་བཞིན་གྱི་རྣམ་པར་ཤེས་པ་སྐྱེས་པས་མཉམ་པར་སྦྱོར་ཞེས་བྱའོ། །ས་བཅུ་གཅིག་པའི་ཡེ་ཤེས་ཀྱི་ ཆོས་ཀྱི་དབྱིངས་སྟོང་པ་ཉིད་དང་མཉམ་པར་སྦྱོར་བ་ནི་འདིར་མ་ཡིན་ནོ། །དགོས་པ་གང་ཞེ་ན། འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་རྣམས་ཀྱི་འདོད་པའི་དོན་ནི་འཇིག་རྟེན་པའི་དངོས་གྲུབ་འདོད་པའི་ཁམས་ཀྱི་ཡོན་ཏན་དང་། ཐུན་མོང་གི་དངོས་གྲུབ་བསམ་གཏན་ དང་། གཟུགས་མེད་ཀྱི་ཏིང་ངེ་འཛིན་དང་། མཆོག་གི་དངོས་གྲུབ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡེ་ཤེས་སོ། །སངས་རྒྱས་ཀྱི་གཞན་དོན་སྐུ་གཉིས་ཀྱི་མཛད་པ་ནི་འདིར་རྒྱུའི་སྐབས་ཡིན་པས་བརྗོད་པར་མི་བྱའོ། །དགོས་པ་དེ་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་ཐུན་མོང་ཡིན་ན་བདེ་བར་ གཤེགས་པས་ད་ལྟར་གྱི་རྒྱུད་གང་ཞིག་གསུངས་པ་སྙམ་དུ་བྱང་ཆུབ་སེམས་དཔའ་རྣམས་རྟོག་པ་ལ། ཕྱི་མ་ལས་ཀྱང་ཕྱི་མ་སྟེ། མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་མཚན་གསུངས་པ་ཡིན་ནོ། །མཚན་ནི་རྡོ་རྗེའི་ཚིག་ཡིན་པས་བརྗོད་བྱ་རྣམ་པ་གསུམ་དུ་གྱུར་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ སའི་སྙིང་པོས་དབྱིངས་སུ་རྟོགས་པ་དང་། སྤྱན་རས་གཟིགས་ཀྱིས་སྔགས་སུ་རྟོགས་པ་དང་འཇམ་དཔལ་གྱིས་ཆོས་སུ་རྟོགས་པའོ། །དེ་ལ་དབྱིབས་ནི་རྩའི་འཁོར་ལོ་བྱང་ཆུབ་ཀྱི་སེམས་ཕབ་པས་དགའ་བ་བཞི་སྡོམ་པའོ། །སྔགས་ནི་དབུགས་འབྱུང་རྔུབ་ཀྱིས་འཁོར་ལོ་སྲོག་ཨ་ཝ་དྷཱུ་ཏཱིར་བཅུག་པས་མི་ རྟོག་པའི་སྡོམ་པའོ། །ཆོས་ཉིད་སྟོང་པ་ཉིད་ལ་སྒྱུ་མའི་ཡེ་ཤེས་སྐྱེས་པས་བདེ་བ་ཆེན་པོས་སྡོམ་པའོ། །ཅིའི་ཕྱིར་ཕྱི་མའི་ཕྱི་མ་ཡིན་ཞེ་ན། ལེའུ་འབུམ་པ་ནི་རྩ་བའི་རྒྱུད་ཡིན་ལ། །ཤློ་ཀ་འབུམ་པ་ནས་ནམ་མཁའ་དང་མཉམ་པའི་ཕྱིར་ཕྱི་མ་ཡང་ལེའུ་ལྔ་བཅུ་རྩ་གཅིག་པ་ནི་ཕྱི་མའི་ཕྱི་མ་ཡིན་པས་ སོ། །སྤྲུལ་པའི་སྐུ་ཅིའི་ཕྱིར་བདེ་མཆོག་མ་ཡིན་ཞེ་ན། དེ་ནི་རྗོད་པར་བྱེད་པ་མ་ཡིན་ཏེ། ལ་ལས་གཟུགས་ཀྱི་རྣམ་པར་རྟོག་པས་ཆོས་སྟོན་པ་དང་། ལ་ལ་སྒྲའི་རྣམ་པར་རྟོག་པས་ཆོས་སྟོན་པའི་ཕྱིར་རོ། །དེ་ལ་གཟུགས་ཀྱི་རྣམ་པར་རྟོག་པ་ལ་མོས་པ་ལ་ལྷའི་སྐུ་བསྒོམ་པ་དང་། སྒྲའི་རྣམ་ པར་རྟོག་པ་ལ་མོས་པས་སྔགས་བཟླས་པས་བཅོས་མ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། རང་བཞིན་མ་གྲུབ་རྟོག་པའི་ཕྱིར། །ཕྱི་རོལ་བཅོས་མ་རབ་ཏུ་སྦྱར། །ཞེས་གསུངས་པས་སོ། །སྟོན་པ་ནི་སུ་ཞིག །གནས་ནི་གང་དུ། དུས་ནི་ནམ་གྱི་ཚེ་འཁོར་ནི་སུ་དག་དང་། ཆོས་ནི་ཅི་ཞིག་བསྟན་སྙམ་པ་ལ་བཅོམ་ ལྡན་འདས་ཀྱིས་གླེང་གཞི་གསུངས་པ་ནི། གསང་བ་མཆོག་གི་དགྱེས་པ་ན། །ཞེས་པ་ནས། མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ལ་གསང་བ་ནི་དགའ་བའི་གནས་སོ། །མཆོག་ནི་མཆོག་དགའི་གནས་སོ། །དགྱེས་པ་ནི་ལྷན་ཅིག་སྐྱེས་དགའི་གནས་སོ། ། འཛམ་བུའི་གླིང་གྲུ་གསུམ་ན་བཞུགས་པའོ། །ཐམས་ཅད་བདག་ཉིད་ནི་གཅིག་སྟེ། གདུལ་བྱའི་འཁོར་དྲག་པོ་འཇིགས་བྱེད་དང་། ཉན་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། སྤྲུལ་པའི་འཁོར་རིགས་ལྔའི་དཔའ་བོ་དཔའ་མོ་དང་། སྡུད་པ་པོའི་འཁོར་ལྕང་ ལོ་ཅན་གྱི་བདག་པོའོ། །རྟག་ཏུ་བཞུགས་ཞེས་བྱ་བ་ནི་དུས་དེ་གཉིས་ལྡན་གྱི་དུས་སུ་དྲག་པོ་འཇིགས་བྱེད་བཏུལ་བའི་ཚེའོ། །བཞུགས་ཞེས་བྱ་བ་ནི་གནས་དང་སྦྱར་ན་སངས་རྒྱས་ཀྱི་ཞིང་དུ་སྟོན་པ་ཡིན་ལ། སྟོན་པ་དང་སྦྱར་ན་དབང་བྱས་པ་དང་ལོངས་སྤྱོད་པའི་མཛད་པ་རྣམས་དང་ལྡན་པར་སྟོན་པ་ཡིན་ ནོ། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །ཞེས་བྱ་བ་ནི་སྤྲུལ་པའི་སྐུ་སྟེ་འབྲས་བུའི་ཧེ་རུ་ཀ་ཞེས་བྱ་བའི་དོན་ཏོ། །མཁའ་འགྲོ་ནི་གཉིས་ཏེ། རྟོག་པ་མེད་པའི་ཞི་གནས་ཀྱི་ནམ་མཁའ་བསམ་གཏན་བཞི་དང་གཟུགས་མེད་པར་འགྲོ་བ་དང་གཟུང་འཛིན་དང་བྲལ་བའི་ལྷག་མཐོང་སྟོང་པ་ ཉིད་ཀྱི་ནམ་མཁའ་སྟེ་ས་བཅུ་གཅིག་ཏུ་འགྲོ་བའོ། །ཀུན་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པའི་ཏིང་ངེ་འཛིན་ཐོབ་པ་ནི་འཇིག་རྟེན་གྱི་མཁའ་འགྲོ་དུར་ཁྲོད་བརྒྱད་ན་གནས་པ་ཀུན་ནམ། ས་བཅུ་གཅིག་རྟོགས་པའི་འཇིག་རྟེན་ལས་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ འཁོར་ལོ་ལྔའི་དབུས་ན་བདག་པོ་འབྲས་བུ་ཧེ་རུ་ཀ་ནི་གཙོ་བོ་ཡིན་པས་དངོས་ཞེས་བྱའོ། །སེམས་ནི་སྙིང་རྗེའི་དབང་གིས་རྒྱ་ཆེ་བའི་སེམས་ཅན་ལ་དམིགས་པའམ། ཤེས་རབ་ཀྱི་དབང་གིས་ཟབ་པའི་ཆོས་ཉིད་ལ་གཟིགས་པས་ན་སེམས་དཔའོ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་བྱ་བ་ ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་རྒྱུའི་ཧེ་རུ་ཀའོ། །རྡོ་རྗེ་ནི་ས་བཅུ་གཅིག་པའི་སྟོང་པ་ཉིད་དེ་དེ་ལ་སེམས་དཔའ་ནི་དག་པའི་འཇིག་རྟེན་པའི་ཡེ་ཤེས་ཏེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བས་ན་དཔའ་བའོ། །སྒྱུ་མ་ལྟ་བུ་དང་སྟོང་པ་ཉིད་རོ་གཅིག་པས་ན་བདེ་མཆོག་ནི་ཇི་སྙེད་པའམ་ཇི་ལྟ་བ་ མཁྱེན་པའི་ཡེ་ཤེས་སོ། །འདི་ནི་རང་བྱུང་བཅོམ་ལྡན་དཔའ། །ཞེས་བྱ་བ་ནི་ཆོས་ཀྱི་སྐུ་སྟེ་བདེ་བ་ཆེན་པོའི་ཡེ་ཤེས་སོ། །རང་བྱུང་ནི་སེམས་རང་གི་འོད་གསལ་ཉམས་སུ་མྱོང་བའི་རྒྱུ་རྐྱེན་ལས་སྐྱེས་པ་ཡིན་གྱི་གློ་བུར་གྱི་རྒྱུ་རྐྱེན་ལས་མ་སྐྱེས་པས་ན་རང་བྱུང་ངོ་། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་ འདས་སོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་སྤངས་པས་ན་དཔའ་བའོ། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་བྱ་བ་ནི་བཤད་པའི་ཆོས་ཏེ་སྤྲུལ་པའི་སྐུ་དཔའ་བོ་དང་དཔའ་མོའི་དྲ་བའི་སྡོམ་པའམ་དབྱིབས་དང་སྔགས་དང་ཆོས་ཀྱི་བདེ་མཆོག་ཡིན་པས་ན་སྡོམ་པའོ། །ཕུན་སུམ་ ཚོགས་པ་ལྔའི་གླེང་གཞི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་སུམ་དུ་གྲུབ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་དགོངས་པ་ཅི་ཡོད་ཅེ་ན་འདི་ནི་དགོངས་པས་བཤད་པ་ཡིན་ཏེ། སའི་སྙིང་པོས་དབྱིངས་སུ་གོ་བ་དང་། སྤྱན་རས་གཟིགས་ཀྱིས་སྔགས་སུ་གོ་བ་དང་། འཇམ་དཔལ་གྱིས་ཆོས་ སུ་གོ་བའོ། །དེ་ལ་དབྱིངས་ནི་ལས་ཀྱི་ཕྱག་རྒྱ་དཀྱིལ་འཁོར་བྷ་ག་ནི་གནས་ཡིན་ལ་དེ་ཡང་མཚན་ཉིད་གསུམ་སྟེ། དགའ་བ་འབྱུང་བས་གསང་བ་དང་། མཆོག་དགའ་འབྱུང་བས་མཆོག་དང་། ལྷན་ཅིག་སྐྱེས་དགའ་འབྱུང་བས་ན་དགྱེས་པའོ། །ཐམས་ཅད་བདག་ཉིད་འཁོར་ལོ་སྟེ་རྩ་དྲུག་ཅུ་རྩ་ བཞིའོ། །རྟག་ཏུ་བཞུགས་ནི་དགའ་བ་བཞིའི་དུས་སོ། །སྐུ་གསུམ་ནི་ལྐོག་མ་དང་སྙིང་ག་དང་ལྟེ་བར་ཕྱིན་པའི་བདེ་བའོ། །སྟོན་པ་དེས་བཤད་པའི་འཁོར་ལོ་བཞི་ཁྱབ་པ་ནི་འཁོར་རོ། །སྔགས་ནི་དཀྱིལ་འཁོར་གྱི་ལུས་ཀྱི་གནས་ན་དབུགས་འབྱུང་རྔུབ་གསུམ་གྱི་མཚན་ཉིད་དང་ལྡན་པས་ན་གསང་ བ་མཆོག་གི་དགྱེས་པ་ནའོ། །ཐམས་ཅད་བདག་ཉིད་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །རྟག་ཏུ་བཞུགས་ནི་རླུང་གཉིས་འགོག་པའི་དུས་ནི་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པའོ། །སྟོན་པ་པོ་ནི་རྩ་གསུམ་གྱི་རླུང་དབུས་སུ་ཆུད་པས་མི་རྟོག་པ་སྐྱེས་པའོ། །དེས་བཤད་པའི་ཆོས་ནི་དབུགས་ཉི་ཁྲི་ཆིག་སྟོང་ དྲུག་བརྒྱའི་དྲ་བ་སྡོམ་པ་ལས་བདེ་བ་སྐྱེས་པའོ། །དེ་ལ་ཆོས་ཀྱི་དབང་དུ་བྱས་ན་ཕྱག་རྒྱ་ཆེན་པོའི་ཆོས་ཀྱི་དབྱིངས་ཀྱི་གནས་སོ། །དེ་ཡང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་མཚན་ཉིད་དང་ལྡན་པས་གསང་བ་མཆོག་གི་དགྱེས་པ་ནའོ། །ཐམས་ཅད་བདག་ཉིད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ སུམ་ཅུ་རྩ་བདུན་ནོ། །རྟག་ཏུ་བཞུགས་ནི་བསམ་གྱིས་མི་ཁྱབ་པའི་དུས་ཏེ། ཤེས་རབ་ཡེ་ཤེས་ཡུལ་གྱི་སྟོང་པ་ཉིད་དང་དབང་བཞི་པ་ཡུལ་ཅན་གྱི་སྟོང་པ་ཉིད་མཐོང་བའི་དུས་སོ། །རྟག་ཏུ་བཞུགས་ནི་སེམས་འོད་གསལ་བའི་རང་བཞིན་གྱིས་གནས་པའོ། །སྟོན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་གོང་ བུའི་གཟུགས་ལས་འདས་པར་གྱུར་པ་སྤྲུལ་པའི་སྐུ་དང་དངོས་པོ་མེད་པ་ཡིན་ཞེས་གསུངས་པས་ལོངས་སྤྱོད་རྫོགས་པའི་སྐུ་དང་། དེ་ཡང་བསམ་གྱིས་མི་ཁྱབ་པ་ཞེས་གསུངས་པས་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཆོས་ཀྱི་སྐུའི་སྟོན་པ་དེས་བཤད་པའི་སེམས་ཀྱི་བདེ་མཆོག་གི་དྲ་བ་ སྡོམ་པའོ། །དེ་ལྟ་བས་ན་སྟོན་པའི་གླེང་གཞི་བཤད་པ་ལས་ཀྱི་ཕྱག་རྒྱ་ཆགས་ལམ་བསྒོམ་པ་དང་། ཆོས་དང་། དམ་ཚིག་གིས་ཕྱག་རྒྱ་གྲོལ་བའི་ལམ་བསྟན་པ་དང་། ཕྱག་རྒྱ་ཆེན་པོ་བསྒོམ་པར་རང་ལྷག་པར་གནས་པའི་ལམ་བསྟན་པའོ། །བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་དང་ཁ་སྦྱོར་ཐིག་ ལེ་ལས་དཀྱིལ་འཁོར་བྷ་གའི་དབང་དུ་བྱས་ནས་འབྱུང་བ་བཞིའི་རྩའི་དབུས་སུ་ནམ་མཁའི་རྩ་གནས་སུ་བཤད་པས་འབྱུང་བ་ལྔ་དང་སྦྱར་བ། དཀྱིལ་འཁོར་ལུས་ཀྱི་དབང་དུ་བྱས་ནས་རླུང་ལྔ་སྟོན་པ་དང་། དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཀྱི་དབང་དུ་མཛད་ནས་ཡི་གེ་བཅུ་དྲུག་གིས་ཀུན་བརྟགས་ པ་དང་གཞན་དབང་གི་སྣང་བ་སྤངས་པའི་ཡོངས་སུ་གྲུབ་པའི་འོད་གསལ་བའི་སྣང་བ་བཤད་པས་སྟོང་པ་ཉིད་བཅུ་དྲུག་མཚོན་པ་ཡིན་པས་བཤད་པའི་རྒྱུད་ཀྱི་དོན་ལ་རྨོངས་པར་མི་བྱའོ། །དེ་ལྟར་གླེང་གཞི་བཤད་ནས་རྒྱུད་ཀྱི་ལུས་མདོར་གཞག་པར་བཞེད་པ་ནི། སྒྲ་ཡི་ཚུལ་ལ་ངེས་འབྱུང་ རྣམས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲ་ནི་རླུང་དབུས་མ་ལས་འབྱུང་བའི་ཡི་གེ་ཧཱུཾ་ངོ་། །དེ་ལས་འབྱུང་བ་ནི་ལྷ་དྲུག་ཅུ་རྩ་གཉིས་ཏེ། སྤྲུལ་པ་ལས་འབྱུང་དཔའ་བོ་རྣམས། །ཡན་ལག་དྲུག་ཅུ་སེམས་ཀྱིས་སྤྲུལ། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་ བསྟན་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དམ་ཚིག་སྤྱོད་པ་ནི་རྟེན་གྱི་གང་ཟག་རྣལ་འབྱོར་པའོ། །སྤྱོད་ཡུལ་ནི་ལྷའི་འཁོར་ལོའོ། །དེ་ཡང་ཇི་ལྟ་བུར་བསྒོམ་པར་བྱ་ཞེ་ན། ཐོག་མ་དབུས་མཐར་རྣམ་པར་བཞེས། །ཞེས་བྱ་བར་གསུངས་ཏེ། ཐོག་མ་ནི་གནས་པའི་རྣལ་འབྱོར་ཏེ་ཚད་མེད་པ་ བྱིན་གྱིས་བརླབས་པ་དང་ཚོགས་བསགས་པ་དང་། སྟོང་པ་ཉིད་ལ་གནས་པའི་རྣལ་འབྱོར་རོ། །དབུས་ནི་ལྡང་བ་འཇུག་པ་ཡོངས་སུ་རྫོགས་པ་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་དང་། སྲུང་བའི་འཁོར་ལོ་དང་། མཆོད་པའི་རྣལ་འབྱོར་ཏེ་ཏིང་ངེ་འཛིན་དེ་རྣམ་པ་གསུམ་ མོ། །མཐར་ཉེ་བར་བསྡུ་བ་དང་ཀུན་དུ་སྤྱོད་པ་སྟེ་ལྡང་བའི་རྣལ་འབྱོར་རོ། །རྣམ་པར་གནས་ཞེས་བྱ་བ་ནི་རྣལ་འབྱོར་རྒྱུད་ལ་སྦྱོར་བ་དང་དངོས་གཞི་རྗེས་འཇུག་དགེ་བར་གནས་པའོ། །དེའི་ཕན་ཡོན་ཅི་ཞིག་ཅེ་ན། འཇིག་རྟེན་གསུམ་དུ་རྙེད་དཀའ་ཞེས་བྱ་བ་གསུངས་ཏེ། ས་བླ་དང་ ས་འོག་དང་ས་སྟེངས་གསུམ་དུ་ཡེ་ཤེས་སེམས་དཔའ་ལུས་ལ་འཇུག་པ་དང་འཆིང་བའི་ཚེ་ཡེ་ཤེས་སེམས་དཔའ་ལ་ཕར་འཇུག་པ་རྙེད་པར་དཀའ་བའོ། །བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་ལས་ཟབ་མོའི་རྫོགས་པའི་རིམ་པའི་དབང་དུ་མཛད་ནས་སྒྲ་ནི་ཨ་ཝ་དྷཱུ་ཏཱིའི་རླུང་ཡིན་ལ་འབྱུང་ བ་ནི་དགའ་བ་བཞིའི་ཤེས་པ་ཡིན་ལ་དམ་ཚིག་སྤྱོད་པ་ནི་སྐྱེ་མཆེད་བཅུ་གཉིས་བདེ་བས་ཁྱབ་པ་ཡིན་ལ། སྤྱོད་ཡུལ་ནི་བདག་བྱིན་གྱིས་རློབ་པའི་ལམ་ལས་ཐམས་ཅད་བདེ་བས་ཁྱབ་པར་རྟོགས་པ་ཡིན་ནོ། །རང་རིག་འོད་གསལ་གྱི་བདེ་བ་དེ་དུས་ཐམས་ཅད་དུ་གནས་པས་ན། ཐོག་མ་ དབུས་མཐར་ཡང་དག་གནས། །ཞེས་གསུངས་པ་ཡིན་ནོ། །དེ་ལ་དབང་བཞི་པའི་དུས་ཀྱི་ཚེ་མངོན་སུམ་དུ་རྟོགས་པ་ནི་འཇིག་རྟེན་གསུམ་དུ་རྙེད་པར་དཀའ་བ་ཡིན་ནོ། །དེ་ཡང་ཐབས་གང་གིས་རྟོགས་པར་བྱ་ཞེ་ན། ཤེས་རབ་ཐབས་ཀྱིས་སྦྱོར་ཇི་བཞིན། །ཞེས་པས་ཕྱག་རྒྱ་བཞི་ལས་ བདེ་བ་སྟོང་པ་ཉིད་དུ་རྟོགས་པར་བྱའོ་ཞེས་གསུངས་པས་བཤད་པའི་རྒྱུད་ལ་རྨོངས་པར་མི་བྱའོ། །རྫོགས་པའི་རིམ་པའི་དབང་དུ་མཛད་ནས། ཐབས་དང་ཤེས་རབ་སྦྱོར་བ་བཞིན། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །ཞེས་བྱ་བ་གསུངས་ཏེ། བདེ་བ་རྟོག་པ་མེད་པ་ལྷན་ ཅིག་སྐྱེས་པ་དང་། བདེ་བ་སྟོང་པ་ཉིད་དུ་ཤེས་པ་དོན་གྱི་ལྷན་ཅིག་སྐྱེས་པ་གཉིས་གྲུབ་པར་བྱེད་པའི་ཐབས་ནི་ཤེས་རབ་ཕྱག་རྒྱ་བཞི་དང་ཐབས་བཞི་སྟེ། དེ་ཡང་ཕྱག་རྒྱ་བཞི་ནི་ལས་ཀྱི་ཕྱག་རྒྱ་ནི་ལོ་བརྒྱད་ནས་ཉི་ཤུ་རྩ་བཞིའི་བར་གྱི་བུད་མེད་ཀྱི་ཨ་ཝ་དྷཱུ་ཏཱི་ནམ་མཁའི་རྩའི་རེག་བྱའོ། ། ཆོས་ཀྱི་ཕྱག་རྒྱ་ནི་འདོད་པའི་ཡོན་ཏན་ལྔ་ཡིད་དུ་མི་འོང་བ་དང་། བར་མ་སྤངས་པའི་གཟུགས་སྡུག་པ་དང་སྒྲ་སྙན་པ་དང་དྲི་ཞིམ་པ་དང་རེག་བྱ་རྣམས་ཀྱིས་ཡིད་དུ་འོང་བའོ། །དམ་ཚིག་གི་ཕྱག་རྒྱ་ནི་ས་དང་ཆུ་དང་རླུང་སྤངས་པའི་རླུང་མེའི་དྲོད་ཅན་ནོ། །ཕྱག་རྒྱ་ཆེན་པོ་ནི་རྗེས་སུ་དཔག་པ་དང་ལུང་གིས་བསྟན་ པ་དང་ལྐོག་ཏུ་གྱུར་པ་མ་ཡིན་པ་ཆོས་ཉིད་མངོན་སུམ་གྱིས་རྟོགས་པའོ། །ཐབས་ནི་འཁྲུལ་འཁོར་གྱིས་བྱང་ཆུབ་ཀྱི་སེམས་འཛིན་པར་ནུས་པའི་རྣལ་འབྱོར་པའི་ཕྱིའི་ལུས་ཀྱི་དབང་པོ་མངོན་སུམ་ལས་ཀྱི་ཕྱག་རྒྱའི་ཐབས་སོ། །ཆོས་ཀྱི་ཐབས་ནི་ཡུལ་འདོད་པའི་ཡོན་ ཏན་ལྔ་ཡིད་དུ་འོང་བ་ལས་སྐྱེས་པའི་བདེ་བ་ཡིད་ཀྱི་མངོན་སུམ་མོ། །དམ་ཚིག་ཕྱག་རྒྱའི་ཐབས་ནི་ནང་གི་རེག་བྱ་བདེ་བ་སྐྱེས་པའི་ལུས་ཀྱི་དབང་པོ་མངོན་སུམ་མོ། །ཕྱག་རྒྱ་ཆེན་པོའི་ཐབས་ནི་རང་རིག་པའི་མངོན་སུམ་གྱིས་ཆོས་ཉིད་མཐོང་བའི་རྣལ་འབྱོར་པའི་མངོན་སུམ་མོ། །སྦྱོར་ཇི་ བཞིན་ནི་དགའ་བ་གསུམ་ལ་རང་བཞིན་བརྒྱད་ཅུ་དང་བྲལ་ནས་རྟོག་པ་མེད་པའི་རྣམ་པར་ཤེས་པ་དང་། བདེ་བ་སྟོང་པ་ཉིད་ཤེས་པའི་འོད་གསལ་བའི་ཡེ་ཤེས་སོ། །ཡུལ་ཇི་ལྟ་བ་བཞིན་དུ་མངོན་སུམ་གྱི་ལམ་གྱིས་རྟོགས་པས་ན་སྦྱོར་ཇི་བཞིན་ནོ། །སྔགས་བཟླས་ནི་ དབུགས་འབྱུང་རྔུབ་ཨ་ཝ་དྷཱུ་ཏཱིར་བཅུག་པའོ། །བསམ་གཏན་ནི་རྟོག་མེད་ཀྱིས་མཐོང་བའི་སྟོང་པ་ཉིད་དེ་སྣང་བའོ། །སོགས་ནི་བླ་ན་མེད་པའི་སྦྱིན་སྲེག་དང་མཆོད་སྦྱིན་དང་སློབ་དཔོན་ནོ། །དེ་ཡང་ཁ་སྦྱོར་ལས། འབྱུང་རྔུབ་འཁོར་བས་བཟླས་པ་ཡིན། སྒོམ་པ་སོ་སོར་ སྣང་བས་ན། །སློབ་དཔོན་སེམས་ཀྱི་རྒྱལ་པོ་ཡིན། །ཨེ་ཝཾ་ལ་སོགས་གང་གསུངས་པའོ། །ཞེས་གསུངས་སོ། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི་མཚན་ཉིད་ཀྱི་ཐེག་པ་ལྟར་གོམས་པ་ལམ་དུ་བྱེད་པ་མ་ཡིན་པ་ཕྱག་རྒྱ་བཞིའོ། །རྒྱུ་རྐྱེན་བསགས་པ་ལས་བྱུང་བའི་ཡེ་ཤེས་བླ་མའི་མན་ ངག་མངོན་སུམ་གྱི་གཞན་དོན་གྱིས་བསྐྱེད་པས་ན་མཆོག་གི་ཡེ་ཤེས་སོ། །རྒྱུད་ལས་གསུངས་པ་ཞེས་པ་ནི་ལེའུ་འབུམ་པ་དང་ཤློ་ཀ་འབུམ་པ་ལས་སོ། །ཉན་པར་གྱིས་ཞེས་བྱ་བ་ནི་སྡུད་པ་པོ་ལག་ན་རྡོ་རྗེ་ལ་སེམས་རྩེ་གཅིག་པས་ཉོན་ཅིག་ཅེས་པའོ། །དེ་ལྟར་ཚིགས་སུ་བཅད་པ་ གཉིས་ཀྱིས་ལེའུ་ལྔ་བཅུ་རྩ་གཅིག་གི་ལུས་མདོར་གཞག་གསུངས་ནས། དེ་ནི་ལེའུ་དང་པོ་རྫོགས་པའི་རིམ་པའི་མདོར་བསྟན་གནས་དང་བཅས་པ་རྒྱས་པར་བཤད་པར་བཞེད་ནས་དབུགས་འབྱུང་བར་མ་མཆོག་དག་དང་། །དྲི་ཡི་ཞེས་བྱ་བ་གསུངས་ཏེ། དང་པོ་སྣོད་གཅིག་ཏུ་ ཟ་བ་ཚོགས་ཀྱི་འཁོར་ལོ་བསྟེན་པའི་རྫས་དང་། དབུགས་འབྱུང་བྱང་ཆུབ་ཀྱི་སེམས་དང་། བར་མ་རང་བྱུང་གི་ཁྲག་དང་། མཆོག་ཤ་ཆེན་པོ་དང་། དྲི་ནི་བཤང་བ་དང་རོའི་ཆུ་ནི་གཅི་བ་དང་། བཅས་པ་ནི་རྟ་དང་གླང་པོ་དང་ཁྱི་དང་བ་ལང་དང་མི་ཤ་སྟེ་ལྔའོ། །དེ་ ཨོཾ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ནས་རིགས་ལྔའི་རང་བཞིན་ཅན་གྱིས་རོ་རྡོ་རྗེ་མར་བསྐྱེད་པའོ། །རྣལ་འབྱོར་པས་དུས་རྟག་ཏུ་ཁྱད་པར་རིགས་ལྡན་རྣམས་ནི་མཆོད་པར་བྱའོ་ཞེས་བྱ་བ་ནི་ཐུན་བཞིའམ་དུས་དྲུག་ཏུ་ཚོགས་ཀྱི་འཁོར་ལོའི་ལྷ་མཆོད་པར་བྱའོ། །རྣལ་ འབྱོར་པ་ནི་རྟེན་གྱི་གང་ཟག་གོ། །དུས་རྟག་ཏུ་ཞེས་པ་ནི་རྒྱུན་མི་འཆད་པར་དུས་དྲུག་གོ། །ཁྱད་པར་ནི་རྟོག་པ་མེད་པའི་ཤེས་པས་རོ་མྱང་བའི་རིགས་ལྡན་ནི་ལྷ་དྲུག་ཅུ་རྩ་གཉིས་སུ་བསྐྱེད་པའོ། །མཆོད་པ་ནི་ནང་དུ་འཁོར་ལོ་བཞི་པ་ལ་དཀྱིལ་འཁོར་བཞི་བསྒོམ་པ་དང་། ལུས་ཀྱི་དཀྱིལ་འཁོར་དང་ལྔ་ལ་ནང་གི་སྦྱིན་སྲེག་དབུལ་བའོ། །ཚོགས་ཀྱི་འཁོར་ལོ་དེ་ཡང་གཉིས་སུ་གྱུར་ཏེ་བདུད་རྩི་ལྔའི་རོ་རྡོ་རྗེ་མ་ལ་ཡིད་ནང་དུ་ཆུད་པས་བདེ་བ་རྟོག་མེད་ཀྱི་འདོད་པའི་དངོས་གྲུབ་སྒོམ་པའམ། གལ་ཏེ་ཡིད་ཕྱིར་བྱུང་ན་དུས་དྲུག་ཏུ་རིགས་ལྡན་དཀྱིལ་འཁོར་ལ་སྦྱིན་ སྲེག་གིས་མཆོད་པའོ། །རོ་འབའ་ཞིག་གིས་ཚོགས་ཀྱི་འཁོར་ལོ་བྱའམ་ཞེ་ན། ཕོ་ཉ་ལྷན་ཅིག་སྐྱེས་དངོས་གྲུབ། །མཆོག་དང་འབྲིང་དང་ཐ་མ་སྟེ། །ཞེས་བྱ་བ་གསུངས་ཏེ། ཕོ་ཉ་ནི་མཚན་ཉིད་དང་ལྡན་པའི་བུད་མེད་དགེ་བསྙེན་མའི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྡོམ་ པ་དང་སྔགས་ཀྱི་དབང་བསྐུར་ཐོབ་པའོ། །དེ་ཡང་། གཞི་ནི་ས་གཞིར་བྱས་ནས་སུ། །རྣལ་འབྱོར་པ་ཡིས་ལོངས་སྤྱོད་བྱ། །ཞེས་གསུངས་སོ། །ལྷན་ཅིག་སྐྱེས་པའི་དངོས་གྲུབ་ནི། གོམས་པ་ལས་བྱུང་བ་མ་ཡིན་པ། བདེ་བ་རྟོག་མེད་རྒྱུ་རྐྱེན་ཚོགས་པ་ལས་སྐྱེས་པའི་དགའ་བ་བཞི་ ནི་ལྷན་ཅིག་སྐྱེས་པའི་དངོས་གྲུབ་བོ། །མཆོག་ནི་ལས་ལས་སྐྱེས་པ་སྟེ་སྐྱེ་བ་སྔ་མར་གསང་སྔགས་ཀྱི་སྒོམ་པ་གོམས་པའི་ཚོགས་ལམ་དང་སྦྱོར་ལམ་མཐོང་ལམ་སྒོམ་ལམ་ཐོབ་པའི་བྱང་ཆུབ་སེམས་མའོ། །འབྲིང་ནི་ཞིང་སྐྱེས་ཏེ་གནས་ཉི་ཤུ་རྩ་བཞི་དང་ཡུལ་དབུས་སུ་སྐྱེས་པ་དང་ དབང་པོ་ཚང་བ་དང་ལས་ཀྱི་མཐའ་མ་ལོག་པས་དགེ་བ་ལ་འཇུག་པ་དང་། སྔགས་ཀྱི་བསྟན་པ་ལ་དད་པ་དང་། བསྟན་པ་དང་ཕྲད་པ་སྟེ་བདག་གི་འབྱོར་བ་ལྔ་དང་ལྡན་པའོ། །ཐ་མ་ནི་སྔགས་ལས་སྐྱེས་མ་སྟེ་རྡོ་རྗེ་སློབ་དཔོན་གྱི་ཕྱག་རྒྱར་གྱུར་པས་མ་ དང་། རང་དང་ལྷན་ཅིག་དབང་བསྐུར་བའི་སྲིང་མོ་དང་། རང་གིས་དབང་བསྐུར་བའི་བུ་མོ་དང་། སློབ་མས་དབང་བསྐུར་བའི་ཚ་མོ་དང་། རང་གི་སྒོམ་པའི་ཡན་ལག་ཏུ་གྱུར་པ་ཕོ་ཉ་མའོ། །ཚིག་དེ་རྣམས་ནི་རེག་བྱ་རྡོ་རྗེ་མ་ཡིན་ལ་དེ་ལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་། རེག་བྱ་དང་ལྡན་པས་ཚོགས་ཀྱི་འཁོར་ལོའི་ཡུལ་ནི་འདོད་པའི་ཡོན་ཏན་ལྔ་ཡིན་ནོ་ཞེས་བསྟན་ཏོ། །ཡིད་ནི་ནང་དུ་ཆུད་པ་ཡིན། འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ་བ་ལ་ཡིད་ནི་རྣམ་པར་རྟོག་པའོ། །ནང་དུ་ཆུད་པ་ནི་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པས་འདོད་ཡོན་ལྔ་ལ་ཤེས་པ་རྟོག་པ་མེད་པར་སྐྱེས་ པའོ། །འདོད་པའི་དངོས་གྲུབ་ནི་བདེ་བ་རྟོག་པ་མེད་པ་བསམ་གཏན་གྱི་སྡོམ་པ་མི་གཡོ་བའི་ལས་སོ། །གལ་ཏེ་རྟོག་པ་སྐྱེ་བར་གྱུར་ན་ཇི་ལྟར་བྱ་ཞེ་ན། རང་རྫས་ཐིག་ལེས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་མཆོད་པར་བྱ། །ཞེས་བྱ་བ་གསུངས་ཏེ། དགའ་བྲལ་དུ་སོང་བའི་བྱང་ཆུབ་ཀྱི་ སེམས་ཀྱིས་ཕུང་པོ་ལྔའི་སངས་རྒྱས་དང་། དབང་པོ་དྲུག་གི་བྱང་ཆུབ་སེམས་དཔའ་དང་། འབྱུང་བ་ལྔའི་ཡུལ་མཆོད་པར་བྱའོ། །དེ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་ལ་དགའ་བྲལ་དུ་སོང་ན་གཟུགས་རྡོ་རྗེ་མ་ལ་སོགས་པས་ཕྱི་དང་ནང་གི་དཀྱིལ་འཁོར་ལ་མཆོད་པར་བྱའོ། ། དེ་སྐད་དུ་ཡང་མཉམ་སྦྱོར་ལས། །ལྷ་ལ་དམིགས་པ་བྱེད་པ་དག །རྣལ་འབྱོར་གཟུགས་བརྙན་རང་བཞིན་ཏེ། །རང་གི་དམ་ཚིག་བདག་སྦྱོར་བ། །མི་འགྱུར་དམ་པ་གྲུབ་པར་འགྱུར། །གཟུགས་བརྙན་ལུགས་མ་ལ་སོགས་པ། །རྣལ་འབྱོར་འབྱུང་བར་མི་འགྱུར་ཀྱང་། ། བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །ཞེས་གསུངས་སོ། །ལས་ཀྱི་ཕྱག་རྒྱ་སྤངས་པ་ཡི། །འགྲོ་བའི་ལམ་ལ་ཇི་ལྟར་ཡིན། །ནང་དུ་ཆུད་པར་བྱ་ཞེ་ན། །མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པ་ཡིས། །ཞེས་བྱ་བ་གསུངས་ཏེ། མཐོང་བ་གཟུགས་རྡོ་རྗེ་མ་ནས་རེག་བྱ་རྡོ་རྗེ་མའི་བར་དུ་ཐོས་པ་སྒྲ་རྡོ་རྗེ་མ་དང་། དྲན་པ་ཆོས་ཀྱི་རྡོ་རྗེ་མ་ལས་མ་རྨོངས་པ་དྲན་པའི་འདུ་བྱེད་སྔོན་ཉམས་སུ་མྱོང་བའི་དོན་ཏོ། །དེ་ལ་ཡིད་ནང་དུ་ཆུད་པ་རྟོག་པ་མེད་པ་སྐྱེས་པས་རྟོག་པ་ལས་གྲོལ་བར་འགྱུར་བའམ། ཡིད་ཕྱིར་ བྱུང་ནས་རྟོག་པ་སྐྱེས་ན་དང་བའི་དད་པས་གཟུགས་རྡོ་རྗེ་མ་ལ་སོགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཆོད་པར་བྱེད་པ། དེ་ལྟར་གྲོལ་བའི་ལམ་འདི་ལ་ཡང་ཐེ་ཚོམ་མེད་པར་མཆོད་པར་འགྱུར་རོ། །དེའི་ཕན་ཡོན་གསུངས་པ་ནི་ཡིད་ནང་དུ་ཆུད་པས། རྣལ་ འབྱོར་པ་ཉིད་བསོད་ནམས་མཆོག །དག་བྱེད་སྡིག་པ་འཇིག་བྱེད་པ། །བསོད་ནམས་མཆོག་གི་རྟོག་པ་མེད་པའི་ཡེ་ཤེས་ཀྱི་ཚོགས་དགུའོ། །དག་ནི་རྒྱུ་ཀུན་འབྱུང་དག་པའོ། །སྡིག་པ་འཇིག་པ་ནི་སྡུག་བསྔལ་གྱི་བདེན་པ་ཟད་པའོ། །གལ་ཏེ་ཡིད་ཕྱིར་འབྱུང་བ་ ལ་བསོད་ནམས་ཀྱི་ཚོགས་སུ་གྱུར་པ་ནི། གསང་སྔགས་ཟློས་པའི་བཟླས་བརྗོད་དང་། །བསམ་གཏན་གྱིས་ཀྱང་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། གསང་སྔགས་ཟློས་པའི་དུས་དྲུག་ཏུ་རིས་དྲུག་གི་བཟླས་པ་ཟློས་པའོ། །བཟླས་བརྗོད་ནི་དབུགས་འབྱུང་ རྔུབ་ཀྱི་བཟླས་པའོ། །བསམ་གཏན་ནི་རྡོ་རྗེ་སེམས་དཔའ་དང་རྣམ་སྣང་དང་པདྨ་གར་དབང་དང་ཧེ་རུ་ཀ་དང་རྡོ་རྗེ་ཉི་མ་དང་རྟ་མཆོག་གི་ཏིང་ངེ་འཛིན་བསྒོམས་ནས་དུས་དྲུག་ཏུ་བདུད་རྩི་རྣམ་པ་དྲུག་མྱ་ངན་གྲུབ་པར་འགྱུར་རོ། །ཀྱང་ཞེས་པ་ནི་ཡིད་ནང་དུ་ཆུད་པ་ལས་ཕྱིར་འབྱུང་བ་ ཡང་བསོད་ནམས་ཀྱི་ཚོགས་སུ་འགྱུར་བའོ། །དེ་སྐད་དུ་ཡང་རྡོ་རྗེ་མཁའ་འགྲོ་ལས། ཐོ་རངས་དགུན་སྨད་གྱུར་པ་ན། །དཔྱིད་དང་དབྱར་ནི་ཉི་ཆ་གཉིས། །ཉིན་ཕྱེད་མཁས་པས་སོས་ཀ་སྦྱར། །སྲོད་ནི་དེ་བཞིན་སྟོན་ཀ་སྟེ། །དགུན་སྟོད་མཚན་ཕྱེད་ཆ་ཡིན་ནོ། །ཞེས་གསུངས་སོ། ། རྡོ་རྗེ་འདི་རྣམས་ཀྱི་རང་བཞིན་ཤེས་པར་བྱས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་སྦྱར་བར་བྱ་སྟེ། རྡོ་རྗེ་སེམས་དཔའ་དགུན་སྨད་དེ། །རྣམ་པར་སྣང་མཛད་ཐུབ་པ་དཔྱིད། །དེ་བཞིན་རྟ་མཆོག་སོས་ཀ་སྟེ། །དགུན་ནམ་དབྱར་ན་ཧེ་རུ་ཀ །རྡོ་རྗེ་ཉི་མ་སྟོན་ཀ་ལ། །པདྨ་གར་དབང་ དགུན་སྟོད་དོ། །སོས་ཀ་མར་མེ་བཟའ་བྱ་སྟེ། །དེ་བཞིན་དུ་ནི་དབྱར་ཀ་ཆུ། །སྟོན་གྱི་དུས་སུ་མར་ཁུ་སྟེ། །དེ་བཞིན་དགུན་སྟོད་མེ་ཏོག་གོ། །ཀྱེ་ཧོ་དགུན་སྨད་ག་པུར་ཏེ། །དེ་བཞིན་དཔྱིད་ནི་བཞི་མཉམ་མོ། །དེ་རྣམས་སྨན་ནི་ཆེན་པོ་སྟེ། །དུས་དྲུག་ཏུ་ ནི་ཡོངས་ཤེས་བྱའོ། །དུས་མཆོག་འདི་དང་མཉམ་མེད་དེ། །སྦྱོར་བ་ཀུན་གྱི་དམ་པ་ཡིན། །རང་བཞིན་དེ་རྣམས་རྫོགས་པར་ནི། །ནམ་ཞིག་རྣལ་འབྱོར་པར་གྱུར་ན། །རྣལ་འབྱོར་མ་རྣམས་མཉེས་འགྱུར་ཏེ། །རྣལ་འབྱོར་མཁའ་འགྲོ་མ་སྡུད་པའོ། །ཞེས་གསུངས་པས་ སོ། །སོ་ག་དང་དབྱར་དང་སྟོན་ཀ་དང་དགུན་སྟོད་དང་དགུན་སྨད་དང་དུས་དྲུག་ནི་རིགས་དྲུག་གི་འདོད་པའི་ལྷ་ཀུན་གསལ་བར་བྱས་ལ། འདོད་པའི་ཡོན་ཏན་ལྔས་དྲན་པའི་བདེ་བ་དང་ལྡན་པ་ལས་ཕྱིར་འཕྲོས་པའི་བསོད་ནམས་ཀྱི་ཚོགས་བསག་པར་བྱའོ། །དངོས་གྲུབ་ཀྱི་ རྒྱུ་གང་ཞེ་ན། ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་མཉམ་གཞག་ནི་རྣལ་འབྱོར་པ་སེམས་རྩེ་གཅིག་པའོ། །དམ་ཚིག་ནི་རིག་པའི་དབང་བསྐུར་བའི་རིགས་ལྔའི་དམ་ཚིག་བཅུ་བཞི་དང་ཕྱིར་མི་ལྡོག་པའི་དབང་ གི་སྡོམ་པ་རྡོ་རྗེ་སློབ་དཔོན་སྨོད་པ་ནས་ཤེས་རབ་བུད་མེད་སྨོད་པའི་བར་དུ་བཅུ་བཞི་དང་གསང་བའི་བཞི་དང་ཤེས་རབ་ཡེ་ཤེས་ཀྱི་སྡོམ་པ་བརྒྱད་དེ་བཞི་བཅུ་དུས་དྲུག་ཏུ་དྲན་པས་རྟག་ཏུ་བསྐྱང་བར་བྱའོ། །བཞི་བཅུ་དེ་ཁོ་ན་སྐྱོང་ངམ་ཞེ་ན། བྱང་ཆུབ་ཀྱི་སེམས་ཀྱི་སྲུང་བ་ཡིན་ཏེ། ཀུན་ རྫོབ་བྱང་ཆུབ་ཀྱི་སེམས་བདེ་བ་རྟོག་མེད་བསམ་གཏན་གྱི་སྡོམ་པ་དང་དོན་དམ་པ་བྱང་ཆུབ་སེམས་ཀྱི་བདེ་བ་སྟོང་པ་ཉིད་ཤེས་པ་ཟག་མེད་ཀྱི་སྡོམ་པའོ། །དྲན་པས་ནི་དམ་ཚིག་བསྲུང་བ་ཡིན་ལ། དམ་ཚིག་གིས་ནི་བྱང་ཆུབ་ཀྱི་སེམས་བསྲུང་བ་ཡིན་ནོ། །གལ་ཏེ་ཉམས་ན་ཅི་ཞེ་ན། དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། །ཞེས་བྱ་བ་གསུངས་ཏེ། དམ་ཚིག་བསྲུང་བའི་སེམས་མེད་པས་ཉམས་ན་དབང་བསྐུར་མི་ཐོབ་པ་དང་ཉོན་མོངས་པའི་དབང་གིས་དམ་ཚིག་ཉམས་ན་དངོས་གྲུབ་ཐོབ་པར་མི་འགྱུར་བའོ། །འདི་སྐད་ སྟོན་པ་ཡིན་ཏེ། དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་དང་ཡིག་འབྲུ་དང་ཕྱག་མཚན་དང་ལག་པའི་ཕྱག་རྒྱ་ཆེན་པོ་གཟུགས་བརྙན་གྱི་དཀྱིལ་འཁོར་བཞག་ནས་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་དང་། རྣལ་འབྱོར་པ་ཉི་ཤུ་རྩ་ལྔའི་རང་བཞིན་དུ་བསྐྱེད་ནས་རང་རང་གི་གནས་སུ་ རང་རང་གི་ཕྱག་རྒྱ་དང་། སྒོམ་པ་དང་བཟླས་པ་དང་ངག་གི་བརྡ་དང་ལུས་ཀྱི་བརྡ་དང་བཅས་པས་འདོད་པའི་ཡོན་ཏན་ལྔ་ལ་རྒྱུ་རྐྱེན་ཚོགས་པ་ལས་ལུས་བདེ་བ་དང་ཡིད་བདེ་བའི་བསམ་གཏན་གྱི་ཏིང་ངེ་འཛིན་བསྐྱེད་པའམ། གལ་ཏེ་རྟོག་པ་བྱུང་ན་དད་པ་དང་དང་བའི་སེམས་ ཀྱིས་ལྷའི་འཁོར་ལོ་ལ་ནང་གི་སྦྱིན་སྲེག་དབུལ་བར་བྱའོ། །ཡང་ན་རྡོ་རྗེ་མཁའ་འགྲོ་ལས་བྱུང་བ་ལྟར་གོ་ཆ་དྲུག་གི་ལྷར་བསྐྱེད་པར་བྱའོ། །ཡང་ན་རྒྱུད་བླ་མ་ནས་བྱུང་བ་བཞིན། མཁའ་སྤྱོད་བྱ་ཡི་གཟུགས་ཅན་གྱིས། །ཐུགས་ཀྱི་འཁོར་ལོ་བསྒྲུབ་པ་དང་། །ས་སྤྱོད་ མ་ཡི་གཟུགས་ཅན་གྱིས། །གསུང་གི་འཁོར་ལོ་སྒྲུབ་པ་དང་། ས་འོག་དུད་འགྲོའི་གཟུགས་ཅན་གྱི་བོང་བུའི་རྣམ་པས་ཧེ་རུ་ཀ་སྐུའི་གྲུབ་པ་བསྒྲུབ་པར་བྱའོ། །འཇིག་རྟེན་པའི་ལུས་དང་ངག་གི་སྤྱོད་ལམ་དོར་ནས་ལུས་ངག་གི་བརྡ་བྱ་བ་ཡིན་ཏེ། དེ་སྐད་དུ་ཡང་མཉམ་སྦྱོར་ལས། ། དེ་ནས་ཁྲུས་བྱས་དྲི་ཞིམ་ལུས། །ཅི་འདོད་པ་ཡི་གོས་དང་རྒྱན། །སྣ་ཚོགས་གོས་ནི་བགོས་ནས་ཀྱང་། །མེ་ཏོག་ཕྲེང་ལྡན་ཁ་དྲི་ཞིམ། །གང་གིས་ལྷ་དང་འདྲ་བ་ཡི། །བུད་མེད་དག་ནི་ལེགས་བསྒྲུབས་ལ། །སྐལ་བཟང་དག་ནི་ཕྱག་རྒྱས་མཚན། །ཚོགས་ཀྱི་འཁོར་ལོ་ བརྟག་པར་བྱ། །ཞེས་གསུངས་སོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་བཤད་ནས། ཞི་བའི་བཏུང་བ་བཤད་པར་བྱ་སྟེ། སྦྲང་རྩི་མཚལ་དང་ག་པུར་བཅས། །ཙནྡན་དམར་དུ་སྦྱར་བ་ནི། །ཞེས་བྱ་བ་གསུངས་ཏེ་གསང་བའི་དབང་བསྐུར་བའི་ཡུལ་རྡོ་རྗེ་མར་སྟོན་པ་ཡིན་ ནོ། །དེ་ཡང་གང་ཞེ་ན་སྦྲང་རྩི་སྟེ་གཅི་བ་དང་། མཚལ་ཏེ་རང་བྱུང་དང་། ག་པུར་ཏེ་བྱང་ཆུབ་སེམས་དང་། དམར་ཏེ་ཤ་ཆེན་པོ་དང་། ཙནྡན་ཏེ་བཤང་བ་དང་སྦྱར་བའི་ཤ་ལྔ་དང་བསྲེས་ནས་རོ་མཉམ་པར་བྱས་པའོ། །དེ་གང་དུ་གཞག་པར་བྱ་ཞེས་གསུངས་ཏེ། ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབུས་ཐོད་པ་བཞིའི་གནས་སུའོ། །ལྷ་དེ་རྣམས་ཇི་ལྟ་བུ་ཞེ་ན། ཐམས་ཅད་རྡོ་རྗེའི་མཚན་མ་འཛིན། །ཞེས་བྱ་བ་གསུངས་ཏེ། དཔྲལ་བར་རྡོ་རྗེའི་ཕྲེང་བས་བརྒྱན་པའོ། །དེ་ལྟར་མྱང་བར་བྱ་ཞེ་ན། སྦོམ་པོ་མཐའ་ལྟག་རྩེ་སྦྱར་ བས། །ཞེས་བྱ་བ་གསུངས་ཏེ། མཐེ་བོང་དང་སྲིན་ལག་གཉིས་ཀྱིས་ལྕེའི་སྟེང་དུ་རོ་གཞག་པར་བྱའོ། །ཇི་ལྟར་ཤེས་པས་ཞི་བའི་བཏུང་བར་འགྱུར་ཞེ་ན། རྣལ་འབྱོར་རིག་པས་རྟག་ཏུ་དཔྱད། །ཅེས་བྱ་བ་གསུངས་ཏེ། རྣལ་འབྱོར་བསམ་གཏན་གྱི་བདེ་བའོ། ། རིག་པ་ནི་ལྕེའི་དབང་པོའི་མངོན་སུམ་གྱིས་དགའ་བ་བཞིའི་བྱེ་བྲག་རྟོགས་པ་དང་། དེ་ཡང་བདུད་རྩི་ལྔའི་རོ་ལ་དང་པོར་སྐྱེས་པའི་བདེ་བའི་རང་བཞིན་དགའ་བ་དང་། མཆོག་དགའ་ཡིད་བདེ་བ། ལྷན་ཅིག་སྐྱེས་དགའ་སྐྱེས་པའི་རྗེས་ལ་བླ་མའི་མངོན་སུམ་གྱིས་གཞན་དོན་གྱི་ རོའི་སྟོང་པ་ཉིད་རྟོགས་པ་རྣལ་འབྱོར་གྱི་མངོན་སུམ་སྐྱེས་པ་ནི་རྟག་ཏུ་དཔྱད་ཅེས་བྱ་བ་ཡིན་ཏེ། ཁ་སྦྱོར་ལས་ཀྱང་། རྣམ་ཤེས་དང་ནི་ཡེ་ཤེས་ཀྱིས། ཡུལ་གྱི་རིག་པ་རྟག་ཏུ་དཔྱད། །ཅེས་བྱ་བ་གསུངས་སོ། །དེ་ལྟར་ན་ལྕེའི་དབང་པོའི་མངོན་སུམ་དང་། རྣལ་འབྱོར་གྱི་ མངོན་སུམ་གྱི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་རོའི་སྟོང་པ་ཉིད་ཉམས་སུ་མྱོང་བ་ནི་ཞི་བའི་བཏུང་བ་ཞེས་བྱའོ། །གདན་བཞི་ལས་ཆོས་ཀྱི་དབུས་ནི་ལུས་ཀྱི་དཀྱིལ་འཁོར་ཡིན་ལ་རྡོ་རྗེའི་མཚམས་འཛིན་པ་ནི་ཁ་སྦྱོར་བ་ཡིན་ལ། སྦོམ་པོ་ནི་གསང་བའི་རྡོ་རྗེ་སྲིན་ལག་གི་ནི་པདྨ་ དེ་སྦྱར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་རྣལ་འབྱོར་པས་རིག་པ་ནི་ཞི་བའི་བཏུང་བ་ཡིན་ནོ་ཞེས་གསུངས་ཏེ། གཞན་གྱི་དོན་སློ