Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 17

Văn bản gốc(Tây Tạng)

Trang 7 / 29 (50.000 ký tự/trang)
ུ་ནི་བུམ་པ་ཐོད་པ་དང་ལྡན་པ་རྣམས་སོ། །ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མོ་ལ་སོགས་པ་ཕྱོགས་རྣམས་ཀྱི་ནི་གཡོན་སྐོར་ཏེ་དཀར་པོ་སེར་པོ་དམར་པོ་ལྗང་གུའོ། །དེ་བཞིན་དུ་ནི་མཚམས་རྣམས་ཀྱི་ནི་གཡས་སྐོར་ཏེ། ནམ་མཁའི་མདོག་དང་སེར་པོ་དང་
ལྗང་གུ་དང་སེར་པོའོ། །དཔའ་བོ་རྣམས་ནི་ཕྱག་བཞི་པ། །རྡོ་རྗེ་དང་དྲིལ་བུ་དང་ཁ་ཊྭཱཾ་ག་དང་ཅང་ཏེའུ་སྟེ་རྣལ་འབྱོར་མ་རྣམས་ནི་ཕྱག་གཉིས་པ་སྟེ། ལྷ་མོ་དེ་རྣམས་ཀྱི་ཕྱག་ན་ཐོད་པ་དང་སྡིགས་མཛུབ་རྡོ་རྗེ་ཅན་ནོ། །ཐུགས་ལ་སོགས་པ་བྱིན་གྱིས་རློབ་པའི་དུས་སུ་ཐུགས་རྡོ་རྗེ་ལ་སོགས་པ་འབའ་ཞིག་
གོ། །སྔར་གྱི་བཞིན་དུ་གསུང་རྡོ་རྗེ་ནི་དམར་པོ་སྟེ་ཁྱད་པར་དུ་དབང་ཕྱུག་ཆེན་པོའི་པགས་པ་བསྣམས་ཤིང་ཕྱག་ན་དབང་ཕྱུག་ཆེན་པོའི་མགོ་དང་པདྨ་དང་དྲིལ་བུ་འཛིན་པ་ཅན་ནོ། །པདྨ་མཁའ་འགྲོ་མ་ལ་འཁྱུད་པ་ལྷག་མ་ནི་སྔོན་གྱི་བཞིན་ནོ། །གསུང་གི་རྣལ་འབྱོར་མ་རྣམས་ཀྱི་མདོག་བཤད་
པ་ནི། །དཀར་པོ་དམར་པོ་སྔོན་པོ་ལྗང་། །ཕྱོགས་རྣམས་ཀྱི་སྟེ་གཡོན་སྐོར་དུ། །སེར་པོ་དཀར་པོ་ལྗང་གུ་དང་། །སྔོ་བསངས་ནམ་མཁའ་ལྟ་བུ་ནི། །མཚམས་རྣམས་ཉིད་དེ་གཡས་སྐོར་དུ། །འཁོར་ལོའི་ཤུགས་ལ་སོགས་པ་སྟེ། །གསུང་གི་འཁོར་ལོ་དེ་ལྟར་བསྟན། །སྐུ་ཡི་འཁོར་
ལོ་བསྟན་པ་ནི། །སྐུ་རྡོ་རྗེ་སྟེ་སྔོན་བཞིན་ལ། །ཁྱད་པར་དུ་ནི་འཁོར་ལོ་དང་། །དྲིལ་བུ་ཚངས་པའི་མགོ་བོ་དང་། །ཚངས་པའི་པགས་པ་བསྣམས་པའོ། །འཁྱུད་པའི་སངས་རྒྱས་མཁའ་འགྲོ་མ་ནི་དམར་པོ་སྟེ། གཡོན་ན་ཐོད་པ་འཛིན་ཅིང་གཡས་པས་འཁོར་ལོ་བཟུང་ནས་གདུག་པ་
པ་ཅན་ལ་སྡིགས་མཛུབ་མཛད་པའོ། །སྔོ་དང་ལྗང་དང་དམར་དང་སེར། །མཁའ་འགྲོ་མ་སོགས་གཡོན་སྐོར་དུའོ། །སྔོ་དང་སེར་དང་དམར་དང་ལྗང་། །ཕྱོགས་བཞིའི་མདོག་སྟེ་གཡོན་སྐོར་དུའོ། །དམར་དང་ཟླ་བཟངས་ལྟ་བུ་དང་། །དུད་ཁའི་མདོག་དང་དཀར་པོ་རྣམས། །མཚམས་
རྣམས་མ་མོ་སྟེ་གཡས་སྐོར་དུའོ། །ཁྭ་གདོང་ལ་སོགས་སྔོན་བཞིན་ཏེ། །དེ་ལྟར་སྐུ་ཡི་འཁོར་ལོ་བསྟན། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ་ཞེས་པ་ནི་ཐུགས་ཀྱི་མཁའ་འགྲོའིའོ། །ཨོཾ་ཧཱུཾ་བཱ་ག་ཏ་ག་ཨཱཿ ཨཱ་རོ་ལིཀ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཕཊ་སྭཱ་ཧཱ། །ཞེས་པ་ནི་

པདྨ་མཁའ་འགྲོའི་སྙིང་པོའོ། །ཨོཾ་ཨཱ་རོ་ལི་ཀ་བཛྲཱི་ཧཱུཾ་ཕཊ་ཅེས་པ་ཉེ་བའི་སྙིང་པོའོ། །ཨོཾ་པདྨ་ཌཱ་ཀི་ནཱི་ཧྲཱིཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་སརྦ་ཌཱ་ཀི་ནཱི་ཡེ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་ཤྲཱི་ཀཱ་ཡ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་རུ་ལུ་བྷྲཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བྷྲཱུཾ་ཧཾ་ཧ་བྷྲཱུཾ་ཧཱུཾ་ཕཊ། སངས་རྒྱས་
མཁའ་འགྲོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་བུདྡྷ་ཌཱ་ཀི་ནཱི་བྷྲཱུཾ་བཻ་རོ་ཙ་ནཱི་ཡེ་བྷྲཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཧཱུཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུཾ་བྷྲཱུཾ་ཕཊ་སྭཱ་ཧཱ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །དམན་པའི་རྣལ་འབྱོར་པའི་རབ་ཏུ་སྦྱོར་བ་བཤད་དེ། རོ་དཔྱངས་ལ་བཏགས་པའི་ཁྲག་དང་ཚིལ་བུ་བླངས་པར་སྔགས་
པས་ཡུངས་ཀར་གྱི་འབྲས་བུ་ཅི་མང་དང་ཡང་དང་ཡང་བསྲེས་ཏེ་དེའི་ཚིལ་དང་ཁྲག་རྣམས་དེའི་ཐོད་པར་བསྲེས་ཏེ་བཀང་ལ་དེ་ཚེས་བརྒྱད་དང་སྐར་མ་རྒྱལ་ལ་ཉི་མ་ཤར་བ་ན་དབེན་པའི་གནས་སུ་གདབ་པར་བྱའོ། །དེ་ནས་ས་བོན་སྨིན་པ་ན་ཇི་ལྟ་བའི་ཆོ་གས་བླངས་ཏེ། བློ་དང་ལྡན་པས་མར་ཁུའི་
རྒྱུ་མེའི་འདུ་བྱེད་སྤངས་ལ་ཡང་དག་པར་བཙིར་ཏེ་གདོན་ནོ། །མར་ཁུ་དེ་ས་ལ་མི་བཞག་ཅིང་སྔགས་ཀྱི་སྦྱོར་བས་རྗེས་སུ་བསྲུང་བར་བྱའོ། །ཡང་སྐྱེས་བུའི་རོ་དཔྱངས་ལ་བཏགས་པ་རྙེད་པ་ན་ནག་པོའི་མཚན་མོ་ཆེན་པོའི་དུས་སུ་མདུན་དུ་དཀྱིལ་འཁོར་བྱས་ཏེ། དཔལ་ཧེ་རུ་ཀ་དང་གཉིས་
སུ་མེད་པ་ལྟ་བུར་བྱས་ལ་སྔགས་པས་ཆོ་ག་བཞིན་དུ་མཆོད་དེ། ཡི་དགས་རྣམས་ལ་ཤ་དང་ཁྲག་ཏུ་ཡང་དག་པར་ལྡན་པའི་གཏོར་མ་སྦྱིན་ནོ། །ཧེ་རུ་ཀའི་སྤྱོད་པའི་ཤུགས་ཆེན་པོས་ངལ་བསོ་ཞིང་སྔགས་གདོན་ནོ། །དེའི་སྙིང་གར་རླུང་དང་མེ་ཡིས་ཡང་དག་པར་གསལ་བར་བྱེད་པའི་ཡི་གེ་
ཧཱུཾ་འབྲུག་སྒྲ་ཆེན་པོ་ལྟ་བུས་བྱིན་གྱིས་བརླབ་པར་བྱའོ། །རྐང་པ་གཉིས་ལ་ནི་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧཱུཾ་གི་རྣམ་པར་བསམ་མོ། །རྒྱལ་མཚན་དེ་ལ་ཇི་སྐད་བཤད་པའི་མར་ཁུས་རྐང་པའི་མཐིལ་ནས་བརྩམས་ཏེ། སྤྱི་བོའི་བར་དུ་ཆོ་ག་བཞིན་དུ་བསྐུས་ཏེ། གུ་གུལ་ཆེན་པོ་རྒྱུན་
མ་ཆད་པར་བསྲེག་ཅིང་བདུག་གོ། །དེ་ནས་རྣལ་འབྱོར་མ་ཐམས་ཅད་ཀྱི་བཀས་སྔགས་ཀྱི་སྒྲ་དྲག་ཏུ་ཟློས་ཤིང་དྲིལ་བུའི་སྒྲ་དྲག་ཏུ་དཀྲོལ་ཏེ། དཀྱིལ་འཁོར་གྱི་མེ་ཏོག་གིས་སྙིང་ག་དང་སྤྱི་བོར་བསྣུན་ནོ། །དེ་ནས་སྐྱེ་གནས་ཀྱི་ཕྱག་རྒྱ་དཔྲལ་བར་ཡོངས་སུ་བཞག་སྟེ། བདག་གིས་སློབ་མར་

བཅས་པ་ལ་བསྟན་ནོ། །དེའི་དུས་སུ་རོའི་ལུས་ལས་རྣམ་པ་སྣ་ཚོགས་པའི་བགེགས་རྣམས་འཐོན་ན་དེ་ལ་སྔགས་པ་ཆེན་པོ་འཇིགས་པར་མི་བྱ་སྟེ། དངོས་གྲུབ་ཀྱི་རྫས་རྣམས་ཉམས་པར་བྱེད་པས་ནའོ། །དེ་བས་ན་དེ་ལ་མི་འཇིགས་པར་དྲག་པོའི་གཟུགས་ཀྱིས་དཔའ་བོའི་དམ་ཚིག་
ཇི་སྐད་གསུངས་པ་བསྟན་པར་བྱ་སྟེ། བདུད་རྩི་ལྔ་དང་ཆང་དུ་ལྡན་པ་ཐོད་པར་བཞག་ལ་གཏོར་ཞིང་བྱིན་ནས་ནམ་མཁའ་ལ་སྤྱོད་པའི་དངོས་གྲུབ་བདག་ལ་བྱིན་ཅིག་ཅེས་ངག་ཏུ་བརྗོད་དོ། །དེའི་ཚེ་དེའི་མར་ཁུ་འཛག་པ་བླངས་ནས་ཀུ་བ་ལ་སོགས་པར་བླུགས་ལ། རྐང་མཐིལ་དག་ལ་བསྐུས་ན་ནམ་མཁའ་
ལ་འགྲོ་བ་འགྲུབ་པར་བྱེད་དོ། །སྙིང་པོ་བཟླས་པས་ཞེས་པ་ལ་སོགས་པའི་མན་ངག་ནི་དེ་ལྟར་བཤད་དོ། །གཟུགས་སྟོང་ཕྲག་ཅེས་པ་ལ་སོགས་པའི་མན་ངག་ནི་འདི་ལྟ་སྟེ། དེ་ནས་པདྨ་དང་བྷི་ལང་ཀའི་ཁུ་བ་དང་གང་འདོད་པའི་ཁྲག་རྣམས་ཡོངས་སུ་བསྲེགས་པས་ཡུངས་ཀར་གྱི་ས་
བོན་ལ་ཡང་ནས་ཡང་དུ་སྤངས་ཏེ། བྱེའུའི་ཐོད་པར་ས་ཡིས་བཀང་ནས་རོ་བསྲེགས་པའི་ས་འོག་ཏུ་བཅུག་ལ་གཏོར་མ་དང་མཆོད་པ་ལ་སོགས་པ་སྔོན་ཇི་ལྟར་བཤད་པ་བཞིན་དུའོ། །དེ་ཡོངས་སུ་རྫོགས་པའི་འབྲས་བུ་བླངས་ཏེ་ཁར་བཅུག་ན་གང་འདོད་པའི་བྱེའུ་རུ་འགྱུར་རོ། །དེ་
ལྟར་ས་བོན་ཐམས་ཅད་དང་གང་དང་གང་གི་ཁྲག་དང་ཚིལ་བུ་བསྲེས་པ་ལ་ཡང་ནས་ཡང་དུ་དེའི་ཤ་དང་རུས་པ་བཏགས་པའི་བདུག་པས་བདུག་གོ། །དེ་ཉིད་ཀྱི་མགོ་བོར་འབྲས་བུ་རྣམས་བསྡུས་ཏེ་བཞག་ན་དེ་ལྟ་བུའི་གཟུགས་དང་ཚེ་རིང་བ་དང་ནད་མེད་པ་དང་ཕུན་སུམ་ཚོགས་པ་འཐོབ་པར་
འགྱུར་རོ། །དེ་ལྟ་བུར་ཁྭ་དང་སྤྱང་ཀུ་དང་ཁྲ་དང་རྨ་བྱ་དང་ངུར་པ་དང་ཁྱིམ་བྱ་ལ་སོགས་པའི་གཟུགས་མཐོང་བར་བྱེད་དོ། །ཁ་ནས་བྱུང་བས་སྔ་མ་བཞིན་དུ་འགྱུར་རོ། །ཁང་བཟངས་དང་ཤིང་ཞེས་པ་ལ་སོགས་པའི་དོན་ནི་འདི་ལྟ་སྟེ། ལྕུག་མ་བི་ད་ལའི་ས་བོན་སྐར་མ་རྒྱལ་དང་མར་གྱི་ངོའི་གཟའ་
ཉི་མའི་དུས་སུ་བླངས་པ་དང་། ཡར་ངོའི་གཟའ་ཉི་མའི་དུས་སུ་མ་དུ་ལུང་གའི་ས་བོན་བླངས་ཏེ་གང་ཡིན་པའི་ཚིལ་བུ་དང་བསྲེས་ནས་གང་ཡིན་པའི་མགོ་བོར་བཅུག་སྟེ། ས་འོག་ཏུ་སྦས་ལ་དེའི་ཤས་མྱུ་གུ་སྐྱེས་པ་ན་བསྐོར་བར་བྱའོ། །རུས་པའི་སྙིང་པོ་ཞེས་པ་དང་། མར་ཁུ་དང་པགས་

པའི་ཕྱེ་མ་ཐལ་ཕྱེ་དང་བསྲེས་ལ་བདག་ཉིད་རུས་པ་དང་ཡང་དག་པར་ལྡན་པའི་ཕྱག་རྒྱའི་དངོས་པོས་བརྒྱན་ཅིང་ཐལ་བའི་རྡུལ་གྱིས་བསྒོས་པས་བླུགས་ན་སྲོག་ཆགས་ཀི་ཏིས་མཐོང་བར་མི་འགྱུར་རོ། །མཁས་པས་རྟག་ཏུ་རྔ་མོའི་འཁྲུལ་འཁོར་གྱི་ཆོ་གས་གཤིན་རྗེ་མཐར་བྱེད་དང་བགེགས་
མཐར་བྱེད་ཀྱི་ཆོ་གས་མངོན་པར་བསྔགས་པའི་སྔགས་དང་ལྡན་པའི་ཆུས་བྲན་ནོ། །ཤ་ཟ་རྣམས་ལ་གཏོར་མ་བྱིན་ཏེ་མ་བྱིན་ན་ནི་ཉེ་བར་བཏོན་ནས་གཏོང་བས་སོ། །འདེབས་པའི་དུས་ཀྱི་སྔགས་ནི་སྤྱན་མ་ཡིས་བྱའོ། །ཆུས་བྲན་པའི་སྔགས་ནི་མཱ་མ་ཀཱིའི་སྙིང་པོས་བྱའོ། །སྒྲོལ་མས་ནི་
འཕེལ་བར་བྱ་བ་ཉིད་ལའོ། །དེ་བཞིན་དུ་གོས་དཀར་མོས་ནི་སྲུང་བའོ། །དེ་ནས་བགེགས་མེད་པར་སྐྱེས་ཏེ། དངོས་གྲུབ་ཀྱི་རྫས་སུ་ཐེ་ཚོམ་མི་ཟའོ། །དེའི་ས་བོན་སྔོན་བཞིན་དུ་བླངས་ལ་སྔགས་པས་ལྕགས་གསུམ་གྱིས་དཀྲི་བར་བྱའོ། །ཟླ་བ་ནི་བོང་ལོང་ཕྱེད་དང་བདུན་དང་མན་འཇའ་བཞིའོ། །
བྱིན་ཟ་ནི་བོང་ལོང་ལྔ་དང་མན་འཇའ་གསུམ་མོ། །དེ་དག་རིམ་པ་ཇི་ལྟ་བར་ཉི་མ་དང་ཟླ་བ་དང་བྱིན་ཟ་རྣམས་ཀྱིས་རི་ལུ་དཀྲིས་ནས་བློ་དང་ལྡན་པས་ཁ་རུ་བཅུག་ན་ཉེ་བར་སྦེད་པ་སྟེ། འཇིག་རྟེན་འདིའི་རི་བོང་འཛིན་དང་ཉི་མས་ཀྱང་མི་མཐོང་ལ་ཁ་ནས་བཏོན་ན་ནི་མཐོང་བར་འགྱུར་རོ། །དེ་ནས་ལྕགས་
གསུམ་གྱིས་དཀྲིས་པ་བསལ་ནས་ཁ་རུ་བཅུག་ན་དེའི་མ་དུ་ལུང་ག་ཉིད་དུ་འགྱུར་རོ། །བཏོན་ན་ནི་གྲོལ་བར་འགྱུར་རོ། །ཚིག་འཕྲོག་པ་དང་ཞེས་པ་ལ་སོགས་པའི་དོན་ནི་སྔགས་གྲུབ་པ་དག་གི་སྟེ་གཞན་གྱི་མ་ཡིན་ནོ། །དེ་ནས་ནི་སྔགས་ཀྱི་འཁོར་ལོའི་ཆོ་གས་ལས་རྣམས་མཆོག་ཏུ་འགྱུར་
ཏེ། །སྔགས་པས་ནམ་མཁའི་དབྱིངས་ཀྱི་དབུས་སུ་སིནྡྷུ་ར་ལྟ་བུའི་ཟླ་བའི་དཀྱིལ་འཁོར་བསམ་མོ། །དེའི་དབུས་སུ་པདྨ་འདབ་མ་བཅུ་དྲུག་པས་རྣམ་པར་མཛེས་པ་དགོད་དོ། །དེའི་དབུས་སུ་འདབ་མ་བརྒྱད་པ་གེ་སར་དང་ལྡན་པའོ། །འདབ་མ་བཅུ་དྲུག་པའི་ཤར་ལ་སོགས་པར་ཨོཾ་ཤྲཱི་བཛྲ་ཧེ་
ཧེ་རུ་རུ་ཀཾ་བཛྲ་ཌཱ་ཀི་ནི་ཛཱ་ལ་སཾ་བ་ཞེས་པ་རྣམས་དགོད་དོ། །དེའི་དབུས་ཀྱི་འདབ་མ་བརྒྱད་ལ་ནི་རཾ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཕྱོགས་བཞིར་གཡོན་སྐོར་དུ་དགོད་དོ། །མཚམས་རྣམས་སུ་སྣོད་རྣམས་སོ། །དབུས་ཀྱི་ལྟེ་བ་ལ་བསྒྲུབ་བྱའི་མིང་བར་དུ་བཅུག་པའི་སྭཱ་ཧཱ་བྲིའོ། །དབུས་མ་ནི་སྣ་ཚོགས་རྡོ་རྗེས་བསྐོར་

རོ། །ཕྱི་རོལ་ནི་རྡོ་རྗེའི་ཕྲེང་བས་བསྐོར་ལ་འབར་བ་དམར་པོས་རྣམ་པར་བརྒྱན་པ་སྟེ། རང་ཉིད་གཅེར་བུ་ཡན་ལག་རུས་པའི་ཕྲེང་བ་ཅན་དུ་བསམས་ནས། རོའི་རྒྱ་སྐྱེགས་ཀྱི་ཁུ་བ་དང་ཙནྡན་དམར་པོ་བསྲེགས་པས་བྲི་བར་བྱའོ། །མཆོག་ཏུ་མཉམ་པའི་མ་མོའི་ཁྱིམ་དུ་འཇམ་ཞིང་
འབོལ་བའི་སྟན་ལ་ལྷའི་རྣལ་འབྱོར་དུ་དམིགས་ཏེ་འདུག་ལ་དེ་ནས་སྐྱེ་གནས་ཀྱི་ཕྱག་རྒྱ་བཅིངས་ལ་བསྒྲུབ་བྱ་ལ་མངོན་དུ་ཕྱོགས་ཏེ་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །ཙནྡན་དམར་པོའི་རྡུལ་ལས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ལ་དེའི་ལྟོ་བར་འཁོར་ལོ་དེ་སྐུད་པས་
བཅིངས་ཏེ་བཅུག་ནས་བཞག་པའི་སྐུད་སྣས་ནང་ན་མར་སྐྱེ་གནས་སུ་བཏོན་ལ་གཞག་གོ། །དེ་ནས་སྣའི་བུ་གར་ཡང་གདོན་ནོ། །དེ་ནས་སྦྱོར་བའི་ཕྱག་རྒྱ་དང་ལྡན་པར་བྱས་པའི་མཐེའུ་ཆུང་གཉིས་ཀྱིས་སྐུད་སྣ་བཟུང་སྟེ་བསྐུལ་ལོ། །ཡིད་བརྟན་པས་ཐུན་མཚམས་གསུམ་དུ་སྐུད་པས་དེ་ལྟར་
སྙིང་གར་བསྐུལ་ན་ནི་ཞག་བདུན་གྱིས་ཚངས་པ་ལྟ་བུ་ཡང་འགྲུབ་པར་འགྱུར་རོ། །དེ་ནས་ཚ་བ་གསུམ་གྱིས་བསྐུས་ཏེ་སྤྲ་ཚིལ་གྱིས་དཀྲིས་ལ་ཟངས་མའི་ཁབ་ཀྱིས་སྐྱེ་གནས་སུ་ཕུག་སྟེ། སེང་ལྡེང་གི་མདག་མེ་དུད་པ་མེད་པའི་སྟེང་དུ་བཟློག་ཅིང་བསྲོ་ཞིང་བློ་དང་ལྡན་པས་ཞག་བདུན་དུ་སྔགས་
བརྒྱ་རྩ་བརྒྱད་དུ་བཟླས་ན་ནི་བསྒྲུབ་བྱ་ངེས་པར་དགུག་པར་བྱེད་དོ། །དེ་ནས་མིའི་བདག་པོ་ལ་སོགས་པ་རྣམས་ཀྱི་འཁོར་དང་བཅས་པའི་མིང་བྲིས་ལ་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་རྡུལ་དང་ཙནྡན་དམར་པོའི་རྡུལ་དག་དང་། དུར་ཁྲོད་ཀྱི་གནས་ཀྱི་ཐལ་བ་རྣམས་གཅིག་ཏུ་བྱས་ཏེ། སྔགས་
པས་ལག་པ་གཉིས་སུ་བཞག་ལ་སྔགས་དང་ལྡན་པར་ཕུར་ཞིང་ཚེར་མ་ཅན་གྱི་ཤིང་གི་མདག་མ་དུ་བ་མེད་པ་ལ་བསྲེག་པར་བྱའོ། །དེའི་ཐལ་བ་བླངས་པ་ལ་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ལ་སྙིང་གར་འཁོར་ལོ་བྱས་ཏེ་བཅུག་ནས་སྤྲ་ཚིལ་གྱིས་གཡོགས་ལ་བསྲོ་བར་
བྱའོ། །དེ་ནས་ཇི་ལྟར་སྤྲ་ཚིལ་ཐིགས་རེ་ཞུ་ཙམ་དུ་ཞག་བདུན་དུ་བྱས་ན། བསྒྲུབ་བྱ་དེ་ལྷའི་འཇིག་རྟེན་པ་ཡིན་ཡང་འོང་ན་ས་ལ་སྐྱེས་པ་ལྟ་ཅི་སྨོས་ཏེ་རྨོངས་ཤིང་བརྒྱལ་ཏེ་གོས་དང་བྲལ་བར་གྱུར་ནས་རླུང་གི་ཤུགས་ཀྱིས་འོང་ངོ་། །འདི་ཉིད་ཀྱིས་རེངས་པར་ཡང་བྱེད་དེ་ཐོད་པ་སྐམ་

པོ་ལ་ལྡོང་རོས་དང་ཡུང་བས་འཁོར་ལོར་མིང་བར་དུ་བཅུག་པ་དང་ལྡན་པར་བྲིས་ཏེ། དུར་ཁྲོད་དམ་ལམ་གྱི་བཞི་མདོར་བརྐོས་ཏེ་བཅུག་ན་དེ་ཇི་སྲིད་འཚོའི་བར་དུ་རེངས་པར་འགྱུར་རོ། །འདི་དག་ནི་དཔལ་ཧེ་རུ་ཀའི་མཚན་གྱི་མཆོག་གི་འགྲེལ་པ་སྒྲུབ་ཐབས་གནས་པ་ཞེས་བྱ་བ་ལས་ལེའུ་བཅུ་པའི་
བཤད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་པ་ནི་སྐྱེ་བ་བདུན་དུ་བརྒྱུད་པའི་ཕྱོགས་ཀྱིས་གཟུང་བར་བྱ་སྟེ། རྒྱུན་མ་ཆད་པར་སྐྱེས་པའི་དངོས་པོའི་ཕྱིར་ནའོ། །དེའི་མཚན་ཉིད་ནི་ལེའུ་བཞི་བཅུ་རྩ་དགུ་པ་ལས་གསུངས་པས་ན་འདིར་མ་བཤད་དོ། །དཔལ་ཧེ་རུ་ཀའི་བདེ་
མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་བཅུ་གཅིག་པའི་བཤད་པའོ།། །།དེ་ནས་ཉེ་བའི་སྙིང་པོའི་དོན་བཤད་པར་བྱ་སྟེ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ་ཅེས་པའོ། །དེ་ལ་འདིས་དགུག་པར་བྱ་བའི་དོན་ལ་ལས་མཆོག་ཏུ་འཛིན་པར་འགྱུར་རོ། །དེའི་རིམ་པ་ནི་འདི་
ལྟ་སྟེ་འདབ་མ་དྲུག་ཏུ་གྱུར་པའི་པདྨ་གེ་སར་དང་ལྟེ་བར་ལྡན་པ་ལ་ཟླ་བས་ཉེ་བར་མཛེས་པ་བཟང་པོ་ལ་རྡོ་རྗེ་ཕྲེང་བས་བརྒྱན་པའོ། །དེ་དག་གི་ཕྱི་རོལ་དུ་འཁོར་ལོ་སྟོན་ཀའི་ཟླ་བའི་འོད་ཟེར་ལྟར་དྲི་མ་མེད་པ་བྲིའོ། །པདྨ་ལ་རིག་པ་ཆེན་པོའི་ཡི་གེ་བདུན་པོ་གཡོན་སྐོར་དུ་བྱས་པས་བདུད་ཀྱི་ལས་ཐམས་
ཅད་ཚར་གཅད་པ་ཞེས་བྱ་བའི་འཁོར་ལོའི་རྒྱལ་པོར་འགྱུར་རོ། །དེའི་འཁོར་ལོའི་རྩིབས་རྣམས་ལ་རྣལ་འབྱོར་མ་དྲུག་གི་སྙིང་པོ་དང་། དབུས་སུ་བདུན་པའི་ནི་ཧེ་རུ་ཀའི་རྣམ་པ་བྲིའོ། །དེ་ཡང་དུར་ཁྲོད་ཀྱི་རྒྱ་སྐྱེགས་དང་གི་ཝང་དང་རང་གི་ས་བོན་དུ་བསྲེས་པའོ། །རིག་པའི་རྒྱལ་པོ་ལ་རྗེས་
སུ་ཆགས་པའི་སེམས་ཀྱིས་ཁ་ནས་སྔགས་འདོན་ཅིང་ཕྱོགས་སུ་ལག་པ་གཉིས་ཀ་རབ་ཏུ་གདེངས་ཤིང་གཡོ་བས་མདུན་དུ་བསྒྲུབ་བྱ་ཁ་བཞིན་གསལ་བར་རྣམ་པར་བསམས་ལ་རྗེས་སུ་ཆགས་པར་བྱས་ན། །བསྒྲུབ་བྱའི་ལྷ་འཇིག་རྟེན་པ་ཡང་འོང་ན་ས་ལ་སྐྱེས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས།
ཡང་ན་ཙནྡན་དམར་པོའི་རྡུལ་དང་སྐེ་ཚེ་དང་། དེ་བཞིན་དུ་ལན་ཚྭ་དང་། བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་རྣམས་གཅིག་ཏུ་བྱས་པ་སྦྲུས་པས་དེའི་གཟུགས་བརྙན་བྱས་ཏེ་དེས་གྲོ་ག་ལ་འཁོར་ལོ་ཡང་དག་པར་བྲི་སྟེ་སྙིང་གར་བཅུག་ལ་གང་ཡིན་པའི་མིང་དང་བཅས་པར་བསམས་ཏེ་བཟླས་ན་དེ་

ངེས་པར་འགུགས་སོ། །རབ་ཏུ་སྦྱོར་བ་གྲུབ་པ་འདིའི་སའི་མགོན་པོ་དབང་དུ་འགྲོ་ཞིང་འཁོར་དང་ནོར་དུ་བཅས་པ་ཡང་ཞེས་སོ། །སྐེམ་པར་བྱེད་ཅེས་པ་ལ་སོགས་པ་ནི་ནུས་མཐུ་ཐོབ་པའི་ཕྱིར་རོ། །གཞན་ཡང་འདིས་ཆུ་ལ་ཡོངས་སུ་བཟླས་ལ་ཞེས་པ་ལ་སོགས་པ་ནི་ལག་པར་
འཁོར་ལོ་བསམས་ཏེ་བྱས་པས་སོ། །མི་ཞེས་པ་ནི་མཚོན་གྱིས་ཤི་བའི་མི་དེ་ཉིད་ཀྱིའོ། །སྦུབས་ཀྱི་ཞེས་པ་ནི་ཐོད་པའིའོ། །ལི་གུ་མིག་ཅེས་པ་ནི་ལི་གུ་ཞེས་པ་ནི་སྲོ་ཏྲ་སྟེ་རྣ་བའོ། །རྣ་བར་དེའི་རེག་པ་ཙམ་གྱིས་མིག་ཅེས་པ་སྟེ། མིག་གཉིས་གསལ་བར་འགྱུར་ཏེ་གླིང་གཞན་ནས་འདི་རྙེད་
པར་འགྱུར་རོ། །ཁྲག་དང་བསྣོས་ཞེས་པ་ནི་དཔའ་བོའི་སྙིང་ཁྲག་གིས་ཏེ། དེ་ཡང་དང་ཡང་དུ་སྦངས་ཤིང་གྲིབ་མ་ལ་བསྐམ་པར་བྱའོ། །ལྕགས་གསུམ་གྱིས་དཀྲི་བ་ནི་སྔ་མ་བཞིན་ནོ། །དེ་ཡང་ལྷག་པར་གནས་པར་བྱས་ལ་ཞེས་པ་ནི་རབ་ཏུ་གནས་པའི་ཆོ་གའི་རིམ་པ་བཞིན་ནོ། །དཔལ་ཧེ་
རུ་ཀའི་ཞལ་དུ་བཅུག་ལ་ཞེས་པ་ནི་མི་རོའིའོ། །དེ་ཡང་དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ་རྡུལ་ཚོན་ལྔ་ཡིས་དཀྱིལ་འཁོར་བཞེངས་ལ་དེའི་དབུས་སུ་བསྒྲུབ་བྱ་དེ་བཞག་ལ་གུ་གུལ་བསྲེགས་ཏེ་བདུག་གོ་ཞེས་སོ། །གསང་སྔགས་འདིས་མཛུབ་མོའི་རྩེ་མོ་དང་ཞེས་པ་ལ་སོགས་
པ་ནུས་པ་ཅན་གྱི་དབང་དུ་བྱས་པ་ནི་གསལ་ལོ། །དེ་ནས་འཁྲུལ་འཁོར་བཤད་དེ་ཉི་མའི་གུང་ལ་སེམས་ཁྲོས་པའི་ང་རྒྱལ་གྱིས་ཇི་ལྟ་བུའི་འཁོར་ལོ་སྔོན་དུ་བཤད་པའི་སོལ་བ་དང་དུག་ལ་སོགས་པའི་རྫས་རྣམས་ཀྱིས་དུར་ཁྲོད་ཀྱི་རས་དང་མཆོད་སྦྱིན་གྱི་ཤིང་གི་ལོ་མ་ལ་མིའི་རུས་པའི་
སྨྱུ་གུས་བྲིས་ཏེ། དུར་ཁྲོད་ཀྱི་ཐལ་བ་ལས་གཟུགས་བརྙན་བྱས་པའི་སྙིང་གར་འཁོར་ལོ་དེ་བཅུག་ལ་སྐེ་ཚེས་བསྐུས་ཏེ། ཡང་དང་ཡང་དུ་བསྲེས་ན་རིམས་ཀྱིས་ཐེབས་ཤིང་འཛིན་པ་དང་ས་ལ་ཡང་འགྱེལ་བར་འགྱུར་རོ། །དེ་རོ་བསྲེགས་པའི་སའི་དབུས་སུ་བརྐོས་པར་བཞག་ལ་མིའི་
རུས་པའི་ཕུར་བུ་སྙིང་གར་བཏབ་སྟེ་ཚེར་མས་བར་མཚམས་མེད་པར་གང་བ་དང་སྙིང་གར་ཆུ་ཚན་དེ་བླུགས་སོ། །དེ་ནས་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་ནས་འཆིའོ། །དེ་དག་གི་རབ་ཏུ་སྦྱོར་བའི་དོན་བསྡུས་པའི་མན་ངག་གོ། །དེ་ནས་རོའི་ཁར་ཡུངས་ཀར་བཅུག་པ་ལས་སྐྱེས་

ཤིང་ཡོངས་སུ་རྫོགས་པའི་འབྲས་བུ་བླངས་ནས་གཟུགས་བརྙན་ལ་མིང་དང་བཅས་པར་བསྣུན་ན་དེའི་མོད་ཉིད་ལ་རིམས་ནད་ཀྱིས་བཏབ་ཅིང་བཟུང་ནས་འཆིའོ། །འོ་མས་བཀྲུས་ན་གྲོལ་བར་འགྱུར་རོ། །མཛུབ་མོ་ལ་ཡོངས་སུ་བཟླས་ཏེ་ཞེས་པ་ལ་སོགས་པའི་དོན་དེ་ལྟ་བུའོ། །མཛུབ་མོའི་རྩེ་མོ་
ལ་སྔགས་བཟླས་པས་ཞེས་པ་ལ་སོགས་པའི་དོན་ཀྱང་འདི་ལྟ་སྟེ། ཡུང་བ་དང་ལྡོང་རོས་ཀྱིས་དུར་ཁྲོད་ཀྱི་རས་མལ་འཁོར་ལོ་ཇི་ལྟ་བ་བཞིན་དུ་བྲིས་ལ་ཙནྡན་དམར་པོའི་རྡུལ་དང་། ལན་ཚྭ་དང་སྐྱེ་ཚེ་དང་བསྒྲུབ་བྱའི་རྐང་རྗེས་རྣམས་གཅིག་ཏུ་བྱས་ཏེ་བཏགས་པ་དང་ལྕགས་ཕྱེར་བསྲེས་ལ་ཕུར་པ་
བྱས་ཏེ་བཅིངས་ལ་ལམ་གྱི་བཞི་མདོར་ས་ལ་སོར་བརྒྱད་བརྐོས་པར་ལན་བདུན་བཟླས་ལ་ཡང་མིང་དང་ལྡན་པར་ཡང་བྱ་སྟེ་སྦས་ན་ཇི་སྲིད་འཚོའི་བར་དུ་རེངས་ཤིང་གནོན་པར་འགྱུར་རོ། །བཏོན་ཏེ་འོ་མས་དག་པར་བཀྲུས་ན་དག་པར་འགྱུར་རོ། །གདོལ་བའི་རིགས་བསྲེགས་པའི་དུར་ཁྲོད་ཀྱི་
ས་དང་ཐལ་བ་ལས་གཟུགས་བརྙན་བྱས་ལ་གང་གིས་མིང་དང་ལྡན་པའི་འཁོར་ལོ་བྲིས་ལ་སྙིང་གར་བཅུག་སྟེ། ལན་བདུན་དུ་བཟླས་ལ་དེ་ཉིད་ཀྱི་ཐལ་བས་བསྣུན་ན་དེའི་གཟུགས་འཛིན་པར་འགྱུར་རོ། །གདོལ་པ་ཅན་གྱི་ཐལ་བ་ལ་བཟླས་ཞེས་པ་ལ་སོགས་པ་ནི་དེ་ལྟར་བཤད་དོ། །རིམས་ཀྱིས་
གདབ་པར་འདོད་ན་ཡི་དགས་ཀྱི་སྙིང་གར་གང་ཡིན་པའི་མིང་བར་དུ་བཅུག་པའི་འཁོར་ལོ་བྲིས་ན་དེ་ཉིད་ཀྱིས་དེ་རིམས་ཀྱིས་བཟུང་ནས་འདར་ཞིང་གཡོ་བར་བྱེད་དོ། །སྦོས་པར་བྱ་ན་ཡི་དགས་ཀྱི་མགོ་བོར་རོ། །དྲན་པ་ཉམས་པར་བྱ་ན་རླུང་དང་སྤྲིན་ལ་བྲི་བར་བྱའོ། །ཁང་གཟེར་བར་བྱ་ན་རྩེ་གསུམ་པ་ལ་
བྱའོ། །དུག་གི་མཛེ་ནད་ཀྱིས་གཟུང་ན་ལྟོ་འཕྱེའི་ལྟོ་བར་རོ། །མདོར་ན་གང་དང་གང་གིས་གཟུང་བར་འདོད་ན་དེ་དང་དེའི་མཚན་མའི་བར་དུ་མིང་བྲིས་ན་དེ་ཡིས་སྣ་ཚོགས་པའི་རྣམ་པར་བྱེད་དོ། །སྦྱིན་སྲེག་གི་མེའི་ཐལ་བ་ཞེས་པ་ནི་སྔོན་དུ་བཤད་པའི་སྨན་གྱི་སྦྱིན་སྲེག་གི་ཐལ་བས་གཟུགས་
བརྙན་བྱས་པའི་སྙིང་གར་འཁོར་ལོ་སྦས་ལ་ཐལ་བ་དེ་ཉིད་ཀྱིས་བསྣུན་ན་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ་། །ཆུ་ལ་ལན་བདུན་བཟླས་ཏེ་བསྣུན་ན་སླར་སྣང་བར་བྱེད་དོ། །ཐོད་པ་ཁ་སྦྱར་གྱི་ཕྱག་རྒྱ་ཞེས་པ་ལ། ཐོད་པ་ནི་ཁྱི་སྨྱོན་པའི་ཐོད་པའོ། །ཁ་སྦྱོར་ནི་དེའི་དབུས་

གང་ཡིན་པའི་མིང་བར་དུ་བཅུག་པའི་འཁོར་ལོ་བྲིས་ཏེ། སྨྱོ་བྱེད་ཀྱི་ཡན་ལག་ལྔ་དང་ཀུན་ནས་གཅིག་ཏུ་ལྡན་པར་བྱས་ཏེ་བཞག་ནས་ཁ་སྦྱར་བའོ། །ཕྱག་རྒྱ་ནི་དུར་ཁྲོད་ཀྱི་ཐལ་བའི་འཇིམ་པས་སྲུངས་དམ་དུ་རྒྱས་བཏབ་པོ། །བཅིངས་ཞེས་པ་ནི་སྔགས་ལན་བདུན་དུ་དབུགས་
མི་འབྱིན་པར་བཟླས་ལ་དུར་ཁྲོད་དུ་བརྐོས་ཏེ་གཞུག་པའོ། །གང་གི་མིང་ནས་ཞེས་པ་ནི་གང་ཡིན་པའི་མིང་བར་དུ་བཅུག་པ་སྟེ་དེ་སྨྱོ་བར་འགྱུར་བའོ། །དེ་ལྟ་བུས་སྐྱེ་བོ་ཅན་སྟོང་ཡང་སྨྱོ་བར་བྱེད་དོ། །བཏོན་ཏེ་འོ་མས་བཀྲུས་ན་འགྲོལ་ལོ། །བཟང་པོའི་སྨན་གྱི་སྦྱོར་བ་འདི་དག་གིས་དེ་ལྟ་བུ་
དག་བྱེད་པར་ངེས་སོ། །གཙུག་ཕུད་ལ་ལན་བཅུར་མངོན་པར་བསྔགས་ནས་ཞེས་པ་ནི་ཁོང་སྟོང་དུ་སོང་སྟེ་བདག་ཉིད་ཀྱི་གཙུག་ཕུད་བཅིང་བའོ། །འདི་དག་ལ་སོགས་ནི་ཇི་ལྟ་བ་བཞིན་ཏེ་གོ་སླའོ། །གཞན་གྱི་དཔུང་མངོན་དུ་ཕྱོགས་པ་ཞེས་པ་ལ་སོགས་པའི་དོན་ནི་ལྡོང་རོས་སམ་
ཡུང་བས་ལག་པ་གཡོན་པར་འཁོར་ལོ་འདི་དག་བྲིས་ལ་ལན་སྟོང་དུ་བཟླས་ཏེ། ཁུ་ཚུར་བཅིངས་ནས་གཞན་གྱི་དཔུང་མངོན་པར་ཕྱོགས་པའི་གཡུལ་དུ་རབ་ཏུ་ཞུགས་པ་ནའོ། །དེ་ནས་ཟངས་ལེབ་ལ་ལྡོང་རོས་ཀྱིས་བསྒྲུབ་བྱ་སྲུང་བའི་འཁོར་ལོ་བྲིས་ཏེ་མཚོན་ཆ་ཐམས་ཅད་ཀྱིས་
མི་ནུས་པར་གྱིས་ཤིག་ཅེས་པ་བར་དུ་བཅུག་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་དེ་སྤྲ་ཚིལ་གྱིས་གཡོགས་པར་བྱས་ལ་བཟླས་པ་སྟོང་བྱས་པས་ལག་པ་གཡོན་པར་ཁུ་ཚུར་བྱས་པར་གཞག་པར་བྱའོ། །དེ་ནས་ལུས་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་སྔགས་འདོན་ཅིང་ཁུ་
ཚུར་མ་བཀྲོལ་ན་མཚོན་ཐམས་ཅད་རེངས་པར་བྱེད་དོ། །དགྲ་བོའི་ལས་མཚོན་ཆ་ཕྱར་ཏེ་འདེབས་པར་གྱུར་ཀྱང་ཇི་སྲིད་ཁུ་ཚུར་མ་བཀྲོལ་བ་དེ་སྲིད་དུ་མཚོན་འདེབས་པར་མི་ནུས་སོ། །དེ་ནས་ཡང་མཚོན་ཆ་ལྔས་མི་ནུས་པའི་སྨན་བཟང་པོ་བཤད་དེ། དྲངས་པས་འཕེན་དང་འཕེན་མེད་དང་། །
ལག་པས་དེ་ལྟར་འཕེན་པ་དང་། །བཟུང་ནས་འཕེན་པ་ཉིད་དག་དང་། །ལག་འཆིང་མཚོན་ཆ་ལྔ་པའོ། །འཇིག་རྟེན་གསུམ་པོ་རྣམས་ན་ནི། །མཚོན་ཆ་ཉིད་ནི་དེ་དག་གོ། །ལག་པས་འཕེན་ལ་འཁོར་ལོར་བཤད། །དྲངས་པས་འཕེན་ལ་དར་དཔྱངས་ཏེ། །བཟུང་ནས་འཕེན་ལ་རྒྱལ་བའོ། །ལག་པའི་

མཚོན་ལ་གཞག་མི་ཐུབ། །འཕེན་མེད་ལ་ནི་རྨོངས་པར་གནས། །འཁོར་ལོ་སུ་དཪྴ་ནའི་ཤིང་། ཨ་ཀརྞ་ནི་འབྲི་ཏི་ཀའོ། །སྤང་རྒྱན་ལ་ནི་རྒྱལ་བར་བཤད། །གཞན་གྱིས་མི་ཐུབ་ཅེས་པ་ནི། །དཀར་པོ་གཞན་གྱིས་མི་ཐུབ་པ། །རྨོངས་པ་ཞེས་པ་དུ་དུ་རའོ། །ཤིས་པའི་ཉིན་མཚན་ལ་སྨན་
བཟང་པོ་དེ་རྣམས་བླངས་ལ་བདུད་རྩི་ལྔ་དང་བསྲེས་ཏེ། གདོལ་བ་མོ་ནག་མོའི་མེ་ཏོག་ལ་བསྣོའོ། །དེ་ཡང་དེ་བཞིན་དུ་ནག་པོའི་ཚེས་བརྒྱད་དང་བཅུ་བཞི་ལ་བྲམ་ཟེའི་ཐོད་པར་གཞག་སྟེ། རོ་བསྲེགས་པའི་སས་བཀང་ལ་སྔར་གྱི་མེ་ཏོག་གིས་བྲན་ལ་གཏོར་མ་བྱིན་ལ་ཇི་སྐད་གསུངས་པའི་ཆོ་གས་
རྫོགས་པའི་ལྕུག་མ་བཟང་པོ་དེ་དག་སྐར་མ་རྒྱལ་གྱི་ཉིན་པར་སྔགས་པས་མཉམ་པར་གཞག་སྟེ་ས་ལ་མ་རེག་པར་སྔགས་ཀྱི་རྒྱལ་པོས་རབ་ཏུ་བསྲུངས་ལ་བླང་བར་བྱའོ། །དེ་རྣམས་ཐམས་ཅད་གཅིག་ཏུ་བྱས་པས་ཕྱིན་ཅི་ལོག་ཏུ་བསྒྲིལ་ལ་མགྲིན་པའམ་མགོ་བོར་བཏགས་ན་མཚོན་ཆ་
ལྔ་པོ་དེ་རྣམས་བསྲུང་ཞིང་ཕམ་པར་བྱེད་དོ། །ཐམས་ཅད་དུ་མི་ཕམ་པར་འགྱུར་ཞིང་མཚོན་ཆ་བརྒྱས་བསྣུན་ཀྱང་རྨ་མི་བསྐྱེད་ཅིང་མཚོན་གྱིས་མི་ཆོད་དེ་ལུས་རྡོ་རྗེ་ལྟ་བུར་འགྱུར་རོ། །དེ་ནས་གཅིག་ཏུ་ནི་དེ་དག་ཡང་མཚོན་ཐམས་ཅད་ཀྱིས་མི་ནུས་པའི་ཤིང་དཔའ་བོ་ཆེན་པོ་ཞེས་བྱ་བའི་
རྩ་བ་དང་། ཤིང་པ་ནི་དར་གོ་ཞེས་བྱ་བའི་འབྲས་བུ་སྟེ། སྨན་ཆེན་པོ་དེ་དག་སྔགས་པས་ཉིན་ཞག་བཟང་པོའི་དུས་ལ་ཐོབ་པར་བྱ་བ་དེའི་འབྲས་བུ་སྨིན་པ་སྔོན་དུ་བཤད་པའི་རིམ་པའི་སྦྱོར་བས་གདབ་པོ། །དེ་ཡང་ཐོད་པ་གཉིས་ལས་ཡོངས་སུ་རྫོགས་པའི་འབྲས་བུ་དེ་གཟའ་ཉི་མའི་དུས་
སུ་ཤར་ནས་ཉི་མ་འཆར་ཀར་མཐོང་བ་ན་མཆོག་ཏུ་གྱུར་པའི་ཤིང་དེ་གཉིས་ཀྱི་རྩ་བ་བྱང་དུ་ཟུག་པ་རེ་བླངས་ལ་ཉི་མ་གུང་གི་དུས་སུ་ཇི་ལྟ་བའི་རིམ་པས་མགོའམ་མགུལ་དུ་བཏགས་ན་རྒྱུ་བ་དང་མི་རྒྱུ་བ་རྨོངས་པར་བྱེད་དོ། །དེ་ནས་དེའི་མེ་ཏོག་གི་གེ་སར་དང་ཞོ་ལྷན་ཅིག་ཏུ་ཟོས་ཏེ་བཟའ་བ་ནི་ཇི་
སྲིད་དུ་ཟོས་པ་དེས་མགྲིན་པའི་བར་དུ་གང་བ་དེ་སྲིད་དུ་སྟེ། ཟས་དེ་ཇི་སྲིད་བྲི་བར་མ་གྱུར་པ་དེ་སྲིད་དུ་རྡོ་རྗེ་འཛིན་པ་ལྟ་བུ་སྟེ། དེ་ལ་མཚོན་གྱིས་བསྣུན་པ་ན་ཆུའི་ཟིལ་པ་ལྟ་བུར་འགྱུར་རོ། །ཡང་ན་སྔགས་པ་དག་གིས་ཆོ་གས་བྲམ་ཟེའི་ཐོད་པ་ཁ་སྦྱར་གྱི་ནང་དུ་ཤིང་གུ་ལི་ག་བསྐྱེད་པ་བྱང་

ཕྱོགས་ཀྱི་རྩ་བ་བླངས་ལ་ཆོ་ག་བཞིན་དུ་བྱས་པའི་རི་ལུ་ཟངས་དང་དངུལ་དང་གསེར་རྣམས་ཀྱི་ཆ་རྣམས་སྔོན་བཞིན་དུ་ངེས་པར་བྱས་པའི་ལྕགས་གསུམ་གྱིས་དཀྲི་བར་བྱའོ། །དེ་ཁ་རུ་བཅུག་པའི་དཔའ་བོ་ཆེན་པོ་ལ་མཚོན་ཐམས་ཅད་ཀྱིས་མི་ནུས་སོ། །གཞན་ཡང་རིམས་
ནད་སྦོས་ནད་དུག་ནད་དང་། །མཁའ་འགྲོས་གཟུང་དང་གཟའ་ཡི་གདོན། །དྲི་མནམ་ཙམ་གྱིས་འབྱེར་བ་ནི། །སེང་གེའི་རྫི་ཡིས་གླང་པོ་བཞིན། །ཞེས་སོ། །དེ་ནས་གཞན་ཡང་ཤིང་ལྔའི་འབྲས་བུ་ཐོད་པ་ཁ་སྦྱར་གྱི་ནང་དུ་ཆོ་ག་ཇི་ལྟ་བ་བཞིན་དུ་བཏབ་ལ་དེ་རྫོགས་པ་ལས་བྱུང་བའི་
སྨན་བཟང་པོ་སྐར་མ་རྒྱལ་གྱི་ཉིན་པར་བླང་ངོ་། །ཡང་ན་གཟའ་ཟླ་བའི་དུས་སུ་སྒྲུབ་པ་པོ་ཕྱག་རྒྱ་དང་ལྷན་ཅིག་ཏུ་གནས་ཏེ། ལྷའི་རྣལ་འབྱོར་དུ་དམིགས་ལ་གཏོར་མ་དང་མཆོད་པ་བྱས་ཏེ་གཅེར་བུ་སྐྲ་བཤིག་པར་གྱུར་པས་སྔོན་དུ་མཉམ་པར་གཞག་སྟེ། སྔགས་བཟླས་ནས་རྣལ་འབྱོར་
གྱི་ལག་པ་འམ་ཐོད་པར་བར་སྣང་ལས་བླང་ངོ་། །དེ་དུམ་བུ་བདུན་དུ་བྱས་ལ་དུམ་བུ་གཅིག་ནི་རས་དཀར་པོས་དཀྲིས་ལ་གང་གི་སྤྱི་གཙུག་ཏུ་བཅངས་ན་གང་སའི་སྟེང་ན་གནས་སོ་ཅོག་གི་མཚོན་དུ་མ་རྣམས་མཐོང་བ་ཙམ་གྱིས་སེལ་ནས་འགྲོ་སྟེ་ཉི་མས་མུན་པའི་ཚོགས་ཆེན་པོ་ལྟ་བུའོ། །
དེ་ནས་འདམ་གྱི་ཆོ་ག་བཤད་པར་བྱ་སྟེ། ཤིང་ནག་པོ་ཆེན་པོའི་སྨན་ཆེན་པོ་སྐར་མ་རྒྱལ་དང་གཟའ་ཉི་མ་འགྲིབ་པའི་ཉིན་པར་གྱི་ཕྱི་འབྲེད་གཏོར་མ་དང་མཆོད་པ་དང་ལྡན་པར་བྱའོ། །ཐོ་རངས་ནི་ལྷའི་བདག་ཉིད་དུ་མཉམ་པར་གཞག་སྟེ་གཅེར་བུ་སྐྲ་གྲོལ་བར་གྱུར་པས་གདོན་ནོ། །དེ་
ནས་བ་ལང་གི་རྭ་ཡིས་བརྐོས་པའི་ས་བླངས་པ་དང་གཉིས་བསྡོམས་ལ་གཞོན་ནུ་མ་རབ་ཏུ་འཐག་ཏུ་བཅུག་སྟེ། དེའི་འདམ་གྱིས་རབ་ཏུ་བསྐུས་པ་ཇི་སྲིད་ལུས་ལ་གནས་པ་དེ་སྲིད་དུ་མཚོན་གྱིས་ཆོད་པར་མི་འགྱུར་རོ། །སྨན་བཟང་པོ་ཆེན་པོའི་བདག་ཉིད་དེ་ལ་དུག་གིས་ཀྱང་མི་ཟུག་
གོ། །དེ་ནས་ལྕུག་མ་གཞོན་ནུ་མ་ཞེས་བྱ་བ་བཏོན་པ་དང་བུ་མོ་གཞོན་ནུ་མའི་རྐང་རྗེས་ཀྱི་རྡུལ་དང་དེའི་གཅིན་ཤུལ་གྱི་ས་དང་ལྡན་པར་བྱས་ཏེ། ལུག་གི་རྭ་དང་མཉམ་པར་བསྲེས་པའི་འདམ་དང་ལྡན་པར་བྱས་པའི་ལུས་ལ་ལྷ་རྣམས་ཀྱང་མཆོད་པར་བྱེད་དོ། །དེ་ནས་གཞན་ཡང་ཤིང་

ཙནྡྷ་ལིའི་སྡོང་བུ་བཏོན་པ་དང་། མཚན་མ་གཅིག་པ་དང་ཤིང་རྐང་གཅིག་པའི་ས་དང་ལྡན་པར་བྱའོ། །དེ་དག་དང་བཅས་པར་སྦྱར་བའི་འདམ་གྱིས་བསྐུས་པའི་ལུས་ལ་ནི་ལྷ་རྣམས་ཀྱིས་ཀྱང་མི་ཚུགས་སོ། །དེ་དག་ཐོབ་པ་ཡང་ལོ་རེ་ཞིང་ཡང་སར་པ་རེ་བྱའོ། །དེ་ནས་དཔལ་ཆེན་
སྦ་བྱ་སྟེ། །དཔའ་བོ་ཀུན་ཀྱང་རབ་མཆོད་བྱེད། །ཅེས་སོ། །མ་ལ་དང་པོ་ནས་ལྷུང་བ་མའི་ནུ་མ་མ་ནུས་པར་ཤི་བ་དེ་བླངས་ལ་ཧེ་རུ་ཀ་དང་གཉིས་སུ་མེད་པར་མཉམ་པར་གཞག་སྟེ་མཆོད་ཅིང་གཏོར་མ་བྱིན་ལ་བསྲུང་བ་བྱའོ། །དེ་ནས་མགྲིན་པའི་ཐད་ཀ་རྒྱབ་ནས་དཔྲལ་བ་ནས་ལྕུག་མ་བཏོན་
ཏེ་བླངས་ལ། །ཤིང་འབྲིང་གི་དང་། དུ་དུ་ར་དང་། ཤིང་བྱ་རོག་གི་བྱིན་པ་དང་། ཤིང་གཞན་གྱིས་མི་ཐུབ་པ་རྣམས་སྐར་མ་རྒྱལ་དང་གཟའ་ཉི་མའི་དུས་སུ་བསྡུས་ཏེ། དེ་རྣམས་ལྔ་བཏགས་ཏེ་མཉམ་པར་ལྡན་པ་དག་སྦྲུས་ལ་རི་ལུ་དུ་མར་བྱས་ལ་གྲིབ་མ་ལ་བསྐམས་ཏེ་ལྕགས་གསུམ་གྱིས་
དཀྲིའོ། །དེ་ཡང་ཟངས་མན་འཇའ་ཕྱེད་དང་བརྒྱད་དང་། དེ་བཞིན་དུ་དངུལ་ནམ་བཞི་མན་འཇའ་ཕྱེད་དང་གསུམ་དང་གསེར་ནི་ནམ་ལྔ་དང་མན་འཇའ་གསུམ་སྟེ། ཇི་ལྟ་བའི་རིམ་པས་དཀྲི་ཞིང་བསྒྲིལ་བར་བྱས་ལ་ཡང་དག་པར་མཆོད་དེ་སྟོང་ཕྲག་གཅིག་ཏུ་བཟླས་ཏེ་ཁ་རུ་
བཅུག་ན་ས་སྟེངས་ན་མཚོན་དུ་མ་ཇི་སྙེད་ཡོད་པ་རྣམས་བལྟས་པ་ཙམ་གྱིས་རྣམ་པར་ཉམས་པར་འགྲོ་བ་ནི་ཇི་ལྟར་རྩ་མེ་ཡིས་བསྲེགས་པ་ལྟ་བུའོ། །གཞན་ཡང་རིམས་དང་དུག་དང་སྦོས་པ་དང་། ནད་དང་མཁའ་འགྲོས་བཏབ་པ་དང་། གཟའ་རྣམས་ཀྱིས་ནི་མི་ལྡོག་
སྟེ། ཐམས་ཅད་རྡོ་རྗེ་སེམས་དཔའི་གཟུགས་ཇི་ལྟ་བ་བཞིན་དུ་འགྱུར་རོ། །དེ་ནས་གཞན་ཡང་སེམས་ཅན་ཐམས་ཅད་རབ་ཏུ་རྨོངས་པར་བྱ་བར་བཤད་དེ། རང་སྐྱེས་པའི་རས་བལ་སྐར་མ་རྒྱལ་གྱི་ཉིན་པར་ཤིན་ཏུ་བརྟུན་ཏེ་བླངས་ལ། བུ་མོ་གཞོན་ནུ་མས་ཕྱིན་ཀ་ལོག་
ཏུ་སྐུད་པ་སུམ་སྒྲིལ་དུ་བྱས་ཏེ། དེ་ནས་རྐང་པ་བརྒྱད་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་མངོན་པར་ཡོངས་སུ་བསྔགས་ཤིང་བཟླས་ནས་དཔུང་པ་གཡོན་པར་བྱིན་ལ་མདུད་པ་ལ་མ་མོ་ཉི་ཤུ་རྩ་བཞི་དང་གཉིས་སུ་མེད་པར་གནས་པར་བསམས་ཏེ། དབུགས་འགོག་པར་བྱས་ནས་ཡང་

དག་པར་མཆོད་དོ། །དེ་ནས་དེ་བཀྲོལ་ཏེ་ལག་པ་གཡས་པར་བཏགས་ན་རལ་གྲི་དང་མདའ་ལ་སོགས་པའི་མཚོན་ཆས་མི་ཚུགས་པར་གདོན་མི་ཟའོ། །དེ་ནས་གཞན་ཡང་ནགས་བལ་དག་སྐར་མ་རྒྱལ་གྱི་དུས་སུ་མཁས་པས་བླངས་ཏེ། བུ་མོའི་གཅིན་ཤུལ་གྱིས་
བླངས་པ་ཕྱེ་མར་བྱས་པ་ལ་མཛུབ་མོ་བསྒྲེ་ཞིང་བཀལ་པ་ལ་ཟླ་བ་དང་རྒྱུ་སྐར་ཤིས་པའི་དུས་སུ་སྔོན་གྱི་ཆོ་ག་བཞིན་དུ་མཉམ་པར་གཞག་སྟེ་མདུད་པ་བྱའོ། །འདི་ལྟ་བུའི་རིམ་པས་གཟུང་ཞིང་བཅངས་ན་ལྷ་རྣམས་ཀྱིས་ཀྱང་དབྱེ་བར་མི་ནུས་ན་མཚོན་ཆ་ཐམས་ཅད་རེངས་པ་ལྟ་ཅི་སྨོས། ལྟས་
ཀྱི་ཆོ་ག་མཐོང་ན་ནི། དེ་དག་གསང་ཞིང་གསང་བ་སྟེ། གསང་བ་བླ་ན་མེད་པ་གསང་། །སྦ་བྱའོ་རྣམ་པ་ཐམས་ཅད་དུ། །སྐལ་བ་མེད་པའི་སེམས་ཅན་ལ། །བློ་དང་ལྡན་པས་མི་སྦྱིན་ནོ། །དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་
ལེའུ་བཅུ་གཉིས་པའི་བཤད་པའོ།། །།དེ་ནས་དེ་མ་ཐག་ཏུ་གོ་ཆའི་ལས་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་བཤད་པར་བྱའོ། །ཨོཾ་ཧ། ན་མ་ཧི། སྭཱ་ཧཱ་ཧུ། བཽཥཊ་ཧེ། ཧཱུཾ་ཧཱུཾ་ཧོཿ། ཕཊ་ཧཾ་སྭཱ་ཧཱ། ཞེས་པ་དེ་དག་རེ་རེ་ཞིང་སྦྱར་བ་དང་། ཡི་གེའི་ཚོགས་དྲུག་པོ་ཉིད་དེའི་ཚེ་དཔའ་བོ་
སྟེ་ལྷའི་སྦྱོར་བ་དང་ལྡན་པའོ། །གོ་ཆ་ཟློས་ཤིང་ལམ་དུ་ཞུགས་པ་ན་ཞེས་པ་ནི་འདི་ཡིད་ལ་ཟློས་ཤིང་འགྲོ་བ་ན་ཡིད་ལ་ཅུང་ཟད་འདོད་པ་ཐམས་ཅད་བྱེད་པའོ། །དེ་ནས་དཔའ་བོ་སྔགས་དང་བསམ་གཏན་གྱི་དེ་ཁོ་ན་ཉིད་རིག་པ་དེས་ན་ཀྱེ་དཔའ་བོའི་འཁོར་ལོའི་རབ་ཏུ་སྦྱོར་བས་ཐམས་
ཅད་བྱེད་དོ་ཞེས་པའོ། །དེ་ལ་ཡང་བྲི་བའི་རིམ་པ་ནི་འདི་ལྟ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་རྡོ་རྗེ་རྩེ་གསུམ་པ་དེ་བཞིན་དུ་ཁ་གྱེས་པའོ། །དེའི་ལྟེ་བའི་དབུས་སུ་པདྨ་འདབ་མ་དྲུག་ལ་གནས་པར་འགྱུར་རོ། །ལྟེ་བ་ལ་ནི་སྔགས་པས་བསྒྲུབ་བྱའི་མིང་བར་དུ་
བཅུག་པ་བྲིས་ལ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་སངས་རྒྱས་རྣམས་ཀྱི་གོ་ཆའི་སྔགས་ཇི་ལྟར་གསུངས་པ་རྣམས་དང་པོར་སྔགས་རྣམས་དབུས་སུ་བྲིའོ། །གཞན་པདྨའི་འདབ་མ་རྣམས་ལ་ཡང་དེ་བཞིན་ནོ། །རིང་པོར་བགྲང་བ་རྣམས་རྣམ་པར་བསལ་བའི་ཧ་ཐུང་

ངུ་རྣམས་བླངས་ཏེ། རྡོ་རྗེ་ལྟེ་བའི་མུ་ཁྱུད་ལ་དགོད་པར་བྱའོ། །སྣག་ཚ་ནི་གུར་གུམ་དང་རྒྱ་སྐྱེགས་ཀྱི་ཁུ་བ་དང་། རང་གི་ཁྲག་དང་། གི་ཝང་གིས་ཏེ། གྲོ་ག་ལ་སྒྲུབ་པ་པོས་སྐར་མ་རྒྱལ་དང་གཟའ་ཉི་མའི་དུས་སུ་ཆོ་ག་བཞིན་དུ་བྲིའོ། །ཐུན་གསུམ་དུ་བཟླས་ཤིང་མཆོད་པ་ཆེར་བྱས་ལ། །ལན་བདུན་དུ་
བསྔགས་ལ་གདགས་སོ། །དེ་རས་སམ་གོས་ལ་མདུད་པ་བྱས་ཏེ་ཡ་ང་བའི་ལམ་ནས་སོང་བ་ན་ཆོམ་རྐུན་དང་སྟག་ལ་སོགས་པ་ཤིན་ཏུ་འཇིགས་པ་རྣམས་ལས་བསྲུང་བར་འགྱུར་ཞིང་འཇིགས་པ་ཐམས་ཅད་མེད་པར་འགྱུར་རོ། །དེ་ལྟ་བུས་ནི་དངོས་གྲུབ་ལ་ཡང་ཐེ་ཚོམ་མེད་དོ། །འཁོར་
ལོ་དེ་ཉིད་ཀྱི་ལྟེ་བའི་མཐར་མ་རངས་པ་ཐིག་ལེའི་གཟུགས་ཐིགས་པ་གྲུ་གསུམ་པ་ལྟ་བུས་བསྐོར་ཞིང་བསྒྲུབ་བྱ་འཁོར་དང་བཅས་པ་རྨོངས་པར་གྱིས་ཤིག་ཅེས་པ་བར་དུ་བཅུག་ལ་གོས་ཀྱི་མཐའ་མར་མདུད་པ་བྱས་པ་ལ་ཆོས་ཀྱི་དབྱིངས་སུ་བསྒོམ་སྟེ། བཟླས་པ་བྱེད་བཞིན་དུ་
ལམ་ནས་ཞུགས་ན་ལྷ་དང་མི་རྣམས་ཀྱིས་མི་མཐོང་ངོ་། །དེ་ནས་གཞན་ཡང་ཤིང་པིན་དུ་ཏ་ཀ་རའི་ས་བོན་ཆོ་ག་བཞིན་དུ་ཐོད་པ་གཉིས་སུ་བསྐྱེད་དེ། དེ་རྫོགས་པ་ན་ཟླ་བ་གཟས་ཟིན་པའི་དུས་སུ་བྱང་ཕྱོགས་སུ་ཟུག་པའི་རྩ་བ་བླངས་ལ་ལྕགས་གསུམ་གྱིས་དཀྲིས་ལ་གོ་ཆ་འབུམ་དུ་
ཡང་དག་པར་བཟླའོ། །དེ་ནས་ནྱ་གྲོ་དྷའི་འབྲས་བུ་བྱ་ནག་པོས་མིད་དེ་བཤང་ལམ་ནས་བྱུང་བ་ཤིས་པའི་ཉིན་པར་བླང་ངོ་། །དེ་ཐོད་པ་གཉིས་སུ་རོ་བསྲེགས་པའི་སས་བཀང་ལ་བདུད་རྩི་ལྔ་ཡིས་བྲན་ཏེ་བསྐྱེད་པ་རྫོགས་པ་ན་ལོ་མ་གཉིས་ཙམ་ཞིག་བླང་ངོ་། །དེ་ལྕགས་གསུམ་གྱིས་དཀྲིས་
ཏེ་མངོན་པར་བསྔགས་ནས་ཁ་རུ་བཅུག་ན་ལྷ་དང་མི་རྣམས་ཀྱིས་མི་མཐོང་ངོ་། །གོ་ཆ་བཟླས་པའི་ལག་པ་གང་ལ་རེག་པ་དེ་ཞེས་པ་ནི་ལག་པ་གཡོན་པས་དུར་ཁྲོད་ཀྱི་རས་མ་བཟུང་ལ་ལྡོང་རོས་དང་ཡུང་བས་བྲི་བར་བྱ་སྟེ། ཇི་ལྟར་ཞེ་ན་འཁོར་ལོ་ལ་ཐིག་ལེས་མཚན་པར་ཨ་
ཤོ་ཀའི་སྨྱུ་གུས་བྲིའོ། །དེ་ཡང་འབུམ་ཕྲག་གཅིག་ཡོངས་སུ་བཟླས་ཏེ། དེ་ནས་གདོད་རེ་ཞིག་བསྒྲུབ་བྱ་བར་དུ་བཅུག་པའི་བྲི་བ་ནི་གླང་པོ་རྟ་དང་མི་རུ་བཅས་པའོ། །དེ་ནས་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་དུར་ཁྲོད་ཀྱི་ཐལ་བར་ལྡན་པ་ལས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ་སྙིང་

གར་འཁོར་ལོ་དེ་གཞུག་པར་བྱའོ། །དེ་ནས་མེ་ཏོག་སེར་པོས་གཏོར་ལ་རྐང་པ་གཡོན་པས་མནན་ཏེ་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་ས་བརྐོས་པར་བཅུག་ནས་གཡོགས་པའི་སྟེ་སྙིང་གའི་ཐད་ཀར་གང་གི་མིང་ནས་སྨོས་ཤིང་ས་སྤྱིལ་ལྟ་བུར་བྱས་ནས་བཞག་ན་གསལ་ཤིང་
ལ་བསྐྱོན་པ་ལྟར་རེངས་པར་འགྱུར་རོ། །དེ་ནས་སུམ་ཅུ་རྩ་གསུམ་པས་ཀྱང་མི་གཡོ་ཞེས་པའང་དེ་ལྟ་བུ་ཉིད་དོ། །དེ་ལྟ་བུས་ནི་འཁོར་ལོས་སྒྱུར་བའང་དེ་ལྟར་འགྲོའོ། །བཏོན་ཏེ་འོ་མས་བཀྲུས་ན་ནི་སོ་སོར་རྣལ་མར་འགྱུར་རོ། །རང་གི་ཁྲག་ཅེས་པ་ལ་སོགས་པ་ནི་གོ་སླའོ། །གང་
གི་ཁྱིམ་དུ་ཁྲོ་བ་དང་བཅས་པ་ཞེས་པའི་དོན་ནི་ཁྲོ་བོའི་རྒྱལ་པོར་རྣམ་པར་བསྒོམས་ནས་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །ཆུ་བོ་དང་མཚོར་ཞེས་པའི་དོན་ནི་འདི་ལྟར་ཆུའི་རྡུལ་ཕྲ་རབ་ཀུན་དུ་བསྡུས་པ་དཀྱིལ་འཁོར་སའི་ལྷའི་གཟུགས་སུ་བསྐྱེད་པའི་ལྕང་ལོའི་རང་བཞིན་གྱི་སྟེང་ནས་
འགྲོ་བར་བསམས་ཤིང་ཆུའི་སྟེང་ནས་ཕྱིན་པ་ནའོ། །ལག་པ་གཉིས་ཉེད་ཅིང་ཞེས་པ་ལ་སོགས་པའི་དོན་ནི་ལག་པ་གཡས་པ་དང་གཡོན་པ་གཉིས་དཔའ་བོ་དང་རྣལ་འབྱོར་མའི་འཁོར་ལོར་སྙོམས་པར་ཞུགས་ནས་ལག་པ་གཉིས་མཉེས་ཏེ་བཟླས་པས་སོ། །རྣལ་འབྱོར་མ་
རྣམས་དབང་དུ་འགྱུར་རོ་ཞེས་པ་ནི་རིགས་དྲུག་པོ་རྣམས་སོ། །སྐར་མ་རྒྱལ་གྱི་སྦྱོར་བས་རས་བྱས་ཏེ་ཞེས་པ་ལ་སོགས་པ་ལ། སྐར་མ་རྒྱལ་ལ་རས་བྱས་ཞེས་པ་ནི་སྐར་མ་རྒྱལ་གྱི་དུས་སུ་སྦྱོར་བའི་རས་སོ། །བྱས་ལ་ཞེས་པ་ནི་སྦྲུལ་གྱི་རྒྱལ་པོ་དཀར་པོ་དང་ནག་པོའི་ངོ་བོ་
དུམ་བུ་དུམ་བུར་བྱས་ལ་དཀར་པོ་དང་ནག་པོའི་ཆ་རྣམས་སོ་སོར་གཞག་ལ་རས་བལ་གྱི་ཤིང་གི་འབྲས་བུ་བླངས་པ་དཀར་པོའི་ངོ་ལ་སྦྲུལ་དཀར་པོའི་དུམ་བུ་དང་བསྣོས་ཏེ་བསྐྱེད་པར་བྱའོ། །དེའི་ཁ་རིམ་དུ་སྦྲུལ་དཀར་པོའི་ཤ་དུམ་གྱིས་ཞིང་ས་ལྟ་བུར་འགྲམ་མོ། །དེ་ཁོ་ན་ལྟར་
ནག་པོའི་ངོའི་སྐར་མ་རྒྱལ་དང་སྦྲུལ་ནག་པོའི་དུམ་བུ་ལ་ས་བོན་དེ་ཉིད་བསྣོས་ལ་ས་ལ་གདབ་པར་བྱའོ། །དེའི་ཤ་དུམ་བུ་དང་ཁ་རིམ་གྱིས་བསྲེས་ལ་གཞག་གོ། །དེ་ནས་དཀར་པོ་དང་ནག་པོའི་ཆས་ཇི་ལྟར་བཏབ་པའི་དུས་ལ་ཇི་ལྟར་རྫོགས་པའི་རས་བལ་བླང་ངོ་། །

གཞན་ཡང་སྐར་མ་རྒྱལ་དང་དཀར་པོའི་ངོ་ལ་རྣལ་འབྱོར་མ་སེར་མོའི་ལག་པས་རས་བལ་དེ་བཀལ་ལོ། །དེ་ཉིད་ཀྱི་དུས་ཀྱི་ཉིན་པར་ཐ་ག་མའི་རིགས་སེར་མོས་ཐགས་སུ་བཏག་པར་བྱའོ། །དེ་ལྟ་བུར་ནག་པོའི་ཆ་ལ་རྫོགས་པའི་རས་བལ་ནག་པོའི་ཕྱོགས་ཀྱི་སྐར་མ་རྒྱལ་ལ་རྣལ་
འབྱོར་མ་ནག་མོས་བཀལ་ལོ། །དེ་ཉིད་ཀྱི་ཉིན་པར་ལ་ཐ་ག་མའི་རིགས་ནག་མོས་ཇི་ལྟ་བ་བཞིན་དུ་ཐགས་སུ་བཏག་པར་བྱ་སྟེ། དེ་ཡང་རྒྱ་ཁྱོན་ནི་ཇི་ཙམ་ཐ་ག་མའི་ལག་པས་འཁྱུད་མི་འཁྱུད་ཙམ་དུ་བྱའོ། །གཞན་ཡང་དཀར་པོ་དང་ནག་པོའི་ངོ་དང་སྐར་མ་རྒྱལ་གྱི་དུས་ཀྱི་རྣམ་
པའི་ཆ་དེ་བཞིན་དུ་རྣལ་འབྱོར་པས་སྔགས་ཀྱིས་བསྒྲུབ་པར་བྱ་བ་ནི་སྟོང་ཕྲག་སུམ་ཅུ་རྩ་དགུར་བཟླས་པས་སྣམ་བུ་དེ་ལ་མངོན་པར་བསྔགས་པར་བྱའོ། །དེ་ནས་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་ཤིང་བདུག་པས་བདུག་གོ། །ཨ་ག་རུ་ནག་པོ་དང་། སྦྲུལ་ནག་གི་ཤ་དང་
རུས་དུམ་གྱི་ནི་ནག་པོའི་ཕྱོགས་ལ་རྫོགས་པའི་སྣམ་བུ་བསྒྲུབ་པོ། །དེ་ལྟ་བུར་དཀར་པོའི་ཕྱོགས་རྫོགས་པའི་སྣམ་བུ་ལ་ཡང་སྦྲུལ་དཀར་པོའི་ཤ་རུས་དང་དུང་དང་ལྡན་པའི་བདུག་པས་སོ། །བླ་མ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་ལྷ་རུ་སྦྱོར་བས་དམིགས་ལ་གུས་
པས་མཆོད་པས་མཆོད་དོ། །དེ་ནས་སྐར་མ་རྒྱལ་ལ་གྲུབ་པའི་སྣམ་བུ་དེ་རྣལ་འབྱོར་མ་རྣམས་ཀྱིས་བཀའ་སྩལ་པ་འཐོབ་པོ། །དེའི་འོག་ཏུ་དེའི་ལུས་ལ་གཡོགས་ཏེ་སྟོང་ཕྲག་བཅུ་རུ་བཟླས་ན་དངོས་གྲུབ་ཏུ་འགྱུར་རོ། །དེའི་གྲིབ་མ་ཙམ་ཡང་མི་མཐོང་ཞིང་དཔག་ཚད་
སྟོང་གི་བར་དུ་ནམ་མཁའ་ལས་འགྲོ་ཞིང་འོང་བ་དང་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ་། །སྟེང་དུ་འབར་ཞིང་འགྲོ་བར་འགྱུར་ཞེས་པ་ནི་སྤྲིན་མེད་འོད་ལ་སོགས་པར་ཡང་དེ་ཉིད་འགྲོ་བར་འགྱུར་བའོ། །དེ་ནས་སྦྲུལ་མགོ་གཉིས་པའི་ཁར་རྡོ་ལིག་བུ་མིག་བཅུག་ལ་བར་སྣང་ལས་དུ་
བའི་ནང་ནས་དཔྱངས་ཏེ་བསྲེགས་པའི་ཐལ་བ་དང་། རང་བྱུང་གི་མེ་ཏོག་བསྲེགས་པ་ལ་སྟོང་ཕྲག་སུམ་ཅུ་རྩ་དགུར་མངོན་པར་བསྔགས་སོ། །དེ་ཡིས་མིག་ལ་བསྐུས་ན་མི་སྣང་བར་འགྱུར་རོ། །ཡང་ན་མི་ཤི་བའི་ཐོད་པར་སྦྲུལ་གྱི་རྒྱལ་པོ་དེ་ཉིད་ཤི་བའི་རོ་གཏུམས་ཏེ་བསྲུལ་

བའི་རུས་པ་བླངས་ཏེ་ཁྱེར་ལ་རྒྱ་མཚོར་འབབ་པའི་ཆུ་ངོགས་སུ་སོང་ནས་དེའི་རུས་པའི་དུམ་བུ་ལ་སྟོང་ཕྲག་བཅུ་རུ་མངོན་པར་བསྔགས་ཏེ། དེའི་ཆུ་ལ་བདར་བའི་ལྡེ་གུས་དཔྲལ་བར་ཐིག་ལེ་བྱས་ན་གྲིབ་མ་ཙམ་ཡང་མི་སྣང་ངོ་། །ཡང་ན་དེའི་ཐོད་པ་ཉིད་ལ་མངོན་པར་བསྔགས་ཏེ་བདར་
ནས་ཐིག་ལེ་བྱས་ན་མི་སྣང་བར་བྱེད་དོ། །གང་གང་དབང་པོའི་ལམ་དུ་ནི། །འགྲོ་བ་དེ་དེའི་རང་བཞིན་ཕྱིར། །ཞེས་པ་ནི་དེས་གཟུགས་ལ་སོགས་པ་མྱོང་བར་བྱེད་ཅིང་དེར་འགྲོ་བས་ན་འགྲོ་བ་སྟེ། ཐོབ་པར་བྱེད་ཅེས་པའི་དོན་ཏོ། །མཆོག་ཅེས་པ་ནི་དོན་དམ་པའི་བདེན་པ་ཇི་ལྟ་བ་བཞིན་དུ་དམིགས་
པའོ། །མཆོག་གི་ཕན་པའི་སྦྱོར་བ་ཡིས། །ཞེས་པ་ནི་རང་ལ་བྱིན་གྱིས་བརླབ་པའི་རིམ་པས་རྡོ་རྗེ་སེམས་དཔར་བདག་ཉིད་ང་རྒྱལ་བརྟན་པར་བྱས་ཏེ། རྣལ་འབྱོར་ཆེན་པོར་གནས་ལ་ཕྱག་རྒྱ་ཆེན་པོ་མངོན་པར་བྱང་ཆུབ་པ་ལ་གོམས་པ་ཤེས་རབ་ཡེ་ཤེས་གསལ་བར་ཐོབ་པ་བླ་ན་མེད་པ་ནི་རྣལ་
འབྱོར་ཆེན་པོའི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་སྣང་བའོ། །ཤིང་ཡོངས་འདུ་མནྡཱ་ར་བའི་ཁུ་བཅུད་བླངས་པ་ལ་ཞེས་པ་ནི་ཇི་ལྟར་སྔོན་གྱི་ཆོ་གས་རྫོགས་པའི་ས་བོན་རོའི་ཁར་བཅུག་པ་ལས་སྐྱེས་པའི་ཤིང་ཡོངས་འདུའོ། །དེའི་ཁུ་བ་ལ་འབུམ་དུ་བཟླས་པས་གང་ལ་ཐིག་ལེ་བྱ་བ་ནི། དེ་
བསྒོམ་པའི་སྟོབས་ཀྱིས་ཤིང་དུ་སྤྲུལ་ཏེ་བྱས་ན་དེ་ཉིད་ཤིང་དུ་འགྱུར་རོ། །དེ་རྣམས་ཉིད་ཀྱིས་ཐོད་པ་གཉིས་སུ་ཡུངས་ཀར་བཞག་པ་ཆོ་ག་བཞིན་དུ་རྫོགས་པར་བྱའོ། །དེ་ནས་བཏོན་ལ་ཡང་གླང་པོའི་ཐོད་པར་བསྐྱེད་དོ། །དེ་སྨིན་པ་དང་དེའི་འབྲས་བུ་ཕྱེ་མར་བྱས་པ་དང་། གླང་པོའི་རྐང་
རྗེས་ཀྱི་འཕྲལ་གྱི་རྡུལ་དང་ལྡན་པར་བྱས་པ་ལ་སྟོང་ཕྲག་གཅིག་བཟླས་ནས་གང་ལ་བསྣུན་པ་དེ་གླང་པོར་འགྱུར་རོ། །དེ་ལ་ཞོན་ན་གླང་པོ་སྟོང་ལས་རྒྱལ་བར་འགྱུར་རོ། །དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་བཅུ་གསུམ་པའི་
བཤད་པའོ།། །།དེ་ནས་སྒྲུབ་ཐབས་འདི་དག་བཤད་དེ་སྒྲུབ་ཐབས་འདི་རྣམས་ནི་སྒྲུབ་པའི་ཐབས་ཆེན་པོའོ། །བོང་བུའི་རྣམ་པའི་རྣལ་འབྱོར་གྱི་བདག་ཉིད་དུ་ཡིད་ཀྱི་ཤུགས་ཀྱིས་བསྒྱུར་བ་འདི་དག་གོ། །དེ་ལ་ཡིད་ཀྱི་ཤུགས་ནི་ཡིད་ཀྱི་ཤུགས་ཏེ་ཆོ་ག་འདིས་ཕྱིན་ཅི་ལོག་གི་སྒྲིབ་པ་

ཐམས་ཅད་རྣམ་པར་བསྒྱུར་བའོ། །དེས་དེ་དག་པའི་ལུས་སུ་ཇི་ལྟ་བ་བཞིན་དུ་འགྱུར་བ་ནི་མྱུར་བར་ཡོངས་སུ་འགྱུར་བ་རྨི་ལམ་གྱི་ལུས་བཞིན་དུ་ཐོགས་པ་མེད་ཅིང་མི་ཤིགས་པའོ། །དེ་བས་ན་རྣལ་འབྱོར་མ་ལུས་པ་ཀུན་གྱི་རྒྱུན་གྱི་ཕྱིར་ན་བོང་བུའི་རྣལ་འབྱོར་ནི་དམ་པ་སྟེ། སངས་རྒྱས་
ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བའི་སྡོམ་པ་དང་དཔལ་པདྨ་མང་པོའི་ཚལ་སངས་རྒྱས་ཀྱི་ཕྱག་རྒྱའི་བརྡ་སྟེ། ཚལ་གྱི་དབུས་དེར་དཔའ་བོ་ཐམས་ཅད་བདེ་བ་དགའ་བ་ཆེན་པོར་རོལ་པའོ། །རྣལ་འབྱོར་མ་ནི་ལཱ་མ་དང་ཞེས་པ་ལ་སོགས་པའི་དོན་ནི་མཁའ་འགྲོ་མ་
དང་། དེ་བཞིན་དུ་ལཱ་མ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་ནི་སྣ་ཚོགས་པའི་གཟུགས་སུ་རྣམ་པར་བཀོད་པ་རྒྱན་ཐམས་ཅད་ཀྱིས་རབ་ཏུ་འོད་གསལ་བ་སྔོན་དུ་གསུངས་པ་བཞིན་དུ་དཀྱིལ་འཁོར་དུ་དགོད་དོ། །འོན་ཀྱང་འདིར་ནི་མཁའ་འགྲོ་མ་རྣམས་དང་མཁའ་
འགྲོ་ནི་བོང་བུ་ལྟ་བུའི་ཞལ་དམར་པོའོ། །མཁའ་འགྲོ་མ་སྟེ། ཕྱག་ན་ནི་རྩེ་གསུམ་བསྣམས་པའོ། །སྒྲུབ་པ་པོ་ལ་ཞེས་པ་ནི་མཁའ་འགྲོ་མ་རྣམས་ཀྱི་ལག་ན་ཁ་ཊྭཱཾ་ག་གྱེན་དུ་བསྒྲེང་བ་དང་ཐོད་པས་འཁྱུད་པ་ཕྱག་བཞི་པ་རོ་ལ་ཞོན་ཞིང་འོད་འབར་བ་སྤྱན་གསུམ་དང་ལྡན་པ་སྐྲ་
གྲོལ་བ་གཅེར་བུ་སྟེ། ཐམས་ཅད་ཀྱི་ཕྱག་མཚན་དང་རྒྱན་རྣམས་སྔོན་དུ་གསུངས་པ་བཞིན་དུ་རྟོགས་པར་བྱའོ། །འོན་ཀྱང་ཐུགས་ཀྱི་འཁོར་ལོའི་དཔའ་བོ་རྣམས་ནི་ནམ་མཁའ་ལྡིང་གི་གདོང་ཅན་ནོ། །གསུང་གི་འཁོར་ལོའི་དཔའ་བོ་རྣམས་ནི་རྨ་བྱའི་གདོང་ཅན་ནོ། །སྐུའི་
འཁོར་ལོའི་དཔའ་བོ་རྣམས་ནི་སེང་གེའི་གདོང་ཅན་ནོ། །ཁྲ་གདོང་མ་ལ་སོགས་པའི་སྒོ་མ་རྣམས་ནི་རང་རང་གི་མཚན་གྱི་ཞལ་དུའོ། །མཚམས་རྣམས་ཀྱི་གཤིན་རྗེ་མཆེ་བ་མ་ལ་སོགས་པ་རྣམས་ནི་མ་ཧེ་དང་། ཀྲྀཥྞ་ས་རི་དང་། སྟག་དང་། དེ་བཞིན་དུ་དྲེད་མོའི་གདོང་ངོ་། །
དཀྱིལ་འཁོར་པ་ཐམས་ཅད་ནི་ཤིན་ཏུ་དམར་པོའི་སྤྱན་གསུམ་པ་ཅན་ཏེ། སྙིང་རྗེ་ཆེན་པོ་ཡོངས་སུ་འཛིན་པའོ། །ཀུན་ཀྱང་ཆོས་བདག་མེད་པའི་ངོ་བོ་ཉིད་དོ། །སྦྱོར་བ་མཆོག་རབ་འདི་ལྟ་བུས་ནི་སྡུག་བསྔལ་ཐམས་ཅད་ཟད་པར་བྱེད་པ་སྟེ། དེ་ཡང་ཡང་དག་པར་ན་ནི་

དབུགས་རྣམས་ལྟེ་བའི་རྩ་བར་འདུ་བ་ཟླ་བ་དང་ཉི་མའི་རྣམ་པ་སྟེ། གཡས་པ་དང་གཡོན་པ་གཉིས་ལ་བཤད་དོ། །ཆུ་ཤིང་གི་དབྱིབས་དང་ཁ་དོག་ནི་མེ་ཏོག་ལྟ་བུའི་པདྨ་གང་ཡིན་པ་ལ་བ་ལང་གི་རྨིག་རྗེས་ལྟ་བུ་ལྟེ་བའི་རྩ་བར་ཡང་དག་པར་གནས་པ་ནི་བོང་བུའི་རྣམ་པར་ཤེས་པར་
བྱའོ། །འོག་གི་པདྨ་གང་ཡིན་པ་ནི་ཟླ་བའི་འོད་ཟེར་ལྟ་བུས་བརྒྱན་པའོ། །དེ་ལ་དེའི་དབུས་སུ་ནི་རྟག་ཏུ་སྟོང་པའི་ཡི་གེ་ཧཱུཾ་རླུང་གི་གཟུགས་ཅན་འབར་བའི་འོད་དང་ལྡན་པ་མར་མེ་ལྟ་བུ་མཚོག་མའི་དཀྱིལ་དྲང་པོ་ནས་འཐོན་ཅིང་འབྱུང་བར་གསུངས་སོ། །ཡང་སེམས་ལེགས་པར་འབྱོངས་
ཤིང་རླུང་གིས་ཤིན་ཏུ་གང་བའི་རྣལ་འབྱོར་པ་གང་ཞིག་ས་གསུམ་གྱི་སེམས་ཅན་ཐམས་ཅད་དང་འདྲ་བར་སྙིང་གར་གནས་པ་དེ་མཉམ་པའི་སེམས་སུ་འགྲོ་སྟེ། སེམས་ཅན་ཐམས་ཅད་ལ་དབང་པོ་མཆོག་ཏུ་ཕ་རོལ་ཏུ་ཕྱིན་པ་འཐོབ་པ་ན་མུན་པའི་ཕུང་པོ་བཤིག་པའི་སྐད་ཅིག་ལ་རྩེ་མོ་མཐར་ཐུག་
པར་རབ་ཏུ་འབར་བར་བྱེད་པ་ནི་ནོར་བུ་ཉི་མ་ཞེས་བྱ་བ་ལྟ་བུས་གསུམ་པོ་རྣམས་གསལ་བར་བྱེད་ཅིང་བརྟན་པ་དང་གཡོ་བ་རྣམས་བསྐལ་པའི་མེ་ལྟ་བུར་གཟི་བརྗིད་ཆེན་པོས་བྱེད་ཀྱང་གཡོ་བ་མེད་ཅིང་རྣམ་པར་མ་འཁྲུལ་བ་རྒྱུ་མེད་ཅིང་དཔེ་ལས་འདས་པའི་རྡོ་རྗེ་གོས་པ་མེད་ཅིང་རྣམ་པ་སྣ་ཚོགས་མེད་
པ་སྒྲིབ་པ་ལྔ་དང་བྲལ་བ་རང་བྱུང་གི་མགོན་པོ་དཔལ་ཧེ་རུ་ཀ་འདི་ནི་ཉིད་ལ་ཉིད་ཀྱང་མ་རིག་པའོ། །དེའི་སྐད་ཅིག་ཉིད་ལས་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དངོས་པོ་རྣམས་རང་བྱུང་གི་ཐམས་ཅད་མཁྱེན་པས་འདི་ཀུན་གཟིགས་པ་ནི་བོང་བུའི་རྣལ་འབྱོར་ལག་མཐིལ་དུ་གཞག་པ་
ལྟ་བུར་གཟིགས་པས་སོ། །དེ་ལྟ་བུའི་དོན་དུ་རྣམ་པར་གཡེང་བ་ཐམས་ཅད་སྤངས་ལ་ཟླ་བ་དྲུག་ཙམ་དུ་ལྐུགས་པའི་དངོས་པོས་གནས་ན་མཁའ་འགྲོ་བོང་བུའི་རྣལ་འབྱོར་འགྲུབ་བོ། །གྲུབ་པ་དེ་གྲུབ་ན་རྣལ་འབྱོར་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་བརྟུལ་ཞུགས་མེད་ཀྱང་བརྟུལ་
ཞུགས་ཐོབ་པ་དང་། མི་གཙང་ན་ཡང་གཙང་བ་དང་དབུལ་ཡང་སྦྱིན་བདག་ལྟ་བུ་ཉིད་དང་། ན་ཡང་ནད་མེད་པ་ཉིད་དང་། རྒ་བ་མེད་ཅིང་འཆི་བ་མེད་པ་ཉིད་ཀྱང་འཐོབ་པའོ། །དེས་མ་ཐོས་པའི་ཆོས་རྣམས་ཀྱང་སྟོན་ཅིང་སེམས་ཅན་མང་པོ་སྡུག་བསྔལ་གྱི་ཕུང་པོ་ལས་གྲོལ་

བར་བྱེད་དོ། །དེ་མཐོང་ན་བླ་ན་མེད་པའི་ཆོས་སྟོན་ཅིང་མི་སྣང་བ་ལ་སོགས་པ་འགྲུབ་པར་བྱེད་དོ། །དེ་ལྷའི་མིག་དང་མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་པས་འཇིག་རྟེན་གསུམ་ན་གང་ཅུང་ཟད་ཡོད་པ་དེ་ཐམས་ཅད་སྐད་ཅིག་ལ་རིག་ཅིང་མིག་གིས་འགྲོ་བ་ཚེ་ཟད་པ་རྣམས་ཀྱང་མཐོང་ངོ་། །
དེ་བཞིན་དུ་ཚེ་རིང་བ་དང་། བོང་བུ་དང་། གླང་པོ་ཆེ་ལ་སོགས་པ་དེ་དག་གང་དང་གང་དུ་གང་གི་སྐྱེ་བ་གཟུང་བའི་སྐྱེ་བ་སྟོང་ཕྲག་རྣམས་དེ་དང་དེའི་གཟུགས་རྣལ་འབྱོར་འདི་ཡིས་བལྟས་པ་ཙམ་གྱིས་མཐོང་ངོ་། །གང་གི་ཕྱིར་དེས་ན་སྐྱེ་བ་བདུན་པ་རྣམས་ཀྱང་ཤེས་སོ། །དེས་ནི་
གཏོར་མ་དང་སྦྱིན་སྲེག་བྱ་བའི་རྫས་སུ་ཆོ་གས་བརྟག་གོ། །མཚན་མོར་མི་མཐོང་བར་དེའི་ཤ་བཟའ་བར་བྱས་ན་ལྷའི་ལུས་སུ་འགྱུར་ཞིང་འགྲུབ་པར་འདི་ལ་ཐེ་ཚོམ་མེད་དོ། །རྣལ་འབྱོར་མཚན་མས་གང་བཟླས་པ། །ཞེས་པ་ལ་སོགས་པ་ལ། བཟླས་པ་ཞེས་པ་ནི་དུང་གི་ཕྲེང་བས་
སོ། །ལྷག་མ་ནི་གོ་སླའོ། །གསང་བ་ཞེས་པ་ནི་སྐྱེ་བ་བདུན་པའི་མཚན་ཉིད་དང་སྔགས་སོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་བཅུ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ནས་བརྡ་ཞེས་པ་ནི་རྣལ་
འབྱོར་མ་རྣམས་ཀྱི་བརྡ་རུ་ཤེས་པར་བྱ་སྟེ་དེས་གྲུབ་པར་འདོད་པའོ། །ཌཱ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དེ་དག་གི་དགོངས་པ་ནི་བསམ་པ་གཅིག་པས་དེ་དག་མཉེས་པར་བྱ་བའི་དོན་ཏོ། །དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་
བཅོ་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་པ་ལ་སོགས་པས་ནི་ལེའུ་བཅུ་པར་རྣལ་འབྱོར་མའི་མཚན་ཉིད་སྟོན་ཏོ། །དེ་ལ་དེ་ནས་ཞེས་པ་ནི་དེ་མ་ཐག་པར་རོ། །གསང་བ་ཞེས་པ་ནི་སྐལ་བ་མེད་པ་རྣམས་ལའོ། །སྒྲུབ་པ་པོ་ཀྱེ་འདིར་བཤད་དེ་ཞེས་པ་ནི་དེ་ལྟ་བུ་
རྣམས་ཀྱིས་སྒྲུབ་པ་པོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པ་བྱེད་མའོ། །དེ་ཡང་ཇི་ཙམ་ཞེ་ན་བྲམ་ཟེ་མོ་ནི་རྣམ་པར་སྣང་མཛད་དུ་གསུངས་སོ། །གདོལ་པ་མོ་ནི་རིན་པོ་ཆེར་ཤེས་པར་བྱའོ། །གར་མ་ནི་མགོན་པོ་འོད་དཔག་ཏུ་མེད་པའིའོ། །ཚོས་མཁན་མ་ནི་རྡོ་རྗེ་དོན་

ཡོད་གྲུབ་པའོ། །མི་བསྐྱོད་པ་ནི་སྨེ་མོའོ། །དྲུག་པར་གྱུར་པ་རྡོ་རྗེ་སེམས་དཔའ་ནི་རྒྱལ་རིགས་སོ། །བདུན་པ་ཧེ་རུ་ཀ་ནི་སྣ་ཚོགས་པའི་རིགས་སུ་འབྱུང་བ་དམངས་རིགས་སོ། །གཡོན་གྱིས་འགྲོ་བའི་བུད་མེད་གང་། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །དེ་དག་ནི་སྒྲུབ་པ་པོ་རྣམས་ཀྱི་
རྗེས་སུ་མཐུན་པ་དེའི་ཕྱིར་ན་དེ་དག་རབ་ཏུ་འབད་དེ་ཤེས་པར་བྱའོ། །དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་བཅུ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་པ་ལ་སོགས་པས་ནི་ལེའུ་བཅུ་བདུན་པ་སྟོན་ཏོ། །རྙེད་པར་དཀའ་བ་དེ་
ཞེས་པ་ལ་སོགས་པ་ལ་རྙེད་པར་དཀའ་བ་ནི་འདོད་ཆགས་ཆེན་པོའི་ཐེག་པ་ཡིན་པའི་ཕྱིར་ན་འདོད་ཆགས་དང་བྲལ་བ་ལ་སོགས་པས་རྙེད་པར་དཀའ་བས་སོ། །འོ་ན་དེ་གང་གིས་ཤེ་ན། །དམ་ཚིག་མཆོག་གི་དཀྱིལ་འཁོར་དམ་པའོ། །དེ་ཡང་བདུད་རྩི་ལྔ་པོའི་ཞེས་པ་སྟེ་ས་ལ་སོགས་པ་ལྔའོ། །
དེ་ཉིད་ཀྱང་ཡང་དག་པར་བསམ་པ་ཡང་དག་པའི་རྒྱུས་ཞེས་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་ངོ་བོ་བསྡུས་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་བདུད་རྩི་ལྔ་རྣམས་སྟོང་པ་ཉིད་ཀྱི་སྙིང་པོར་ཡང་དག་པར་སྦྱོར་བ་བསྡུས་པར་གྱུར་པའི་སྙིང་པོ་གང་ཡིན་པའི་བདེ་བ་དེ་དབང་པོ་ཐམས་ཅད་ཀྱི་
གཙོ་བོའི་བདག་ཉིད་དོ། །རླུང་གི་མིང་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལ་དབུས་སུ་དེ་ཉིད་བསྐྱེད་པར་བྱ་བ་ནི་འགྱུར་བ་མེད་པ་རླུང་ལ་སོགས་པའི་དཀྱིལ་འཁོར་ལ་སོགས་པའི་གཟུགས་རྣམས་ཀྱི་རང་བཞིན་གཟུགས་ཅན་མ་དང་། རྣལ་འབྱོར་མ་དང་། ལཱ་མ་དང་། དུམ་སྐྱེས་མ་སྟེ།
ཐབས་ཀྱི་སྒོ་བཞིར་བཤད་དེ་སྦྱོར་བ་བཞི་དང་མཉམ་པར་ལྡན་པའོ། །ལྔ་པ་ནི་དབུས་སུ་འཇུག་པར་འགྱུར་བ་སྟེ་ལྟེ་བ་དང་གེ་སར་དུ་ལྡན་པའི་འདབ་མ་བཞི་དང་ལྡན་པ་དེའི་དབུས་སུ་དཔའ་བོ་ཆེན་པོ་ཕྱག་བརྒྱད་ཀྱིས་རྣམ་པར་བརྒྱན་པའོ། །ཕྱག་དང་པོ་ན་ཤ་ཡིས་གང་བའོ། །གཉིས་
པ་ནི་ཁྲག་དང་ལྡན་པའོ། །ཕྱག་གཉིས་ཀྱིས་ནི་འབར་བའི་ཕྱག་རྒྱས་དབང་བསྐུར་སྦྱིན་པར་མཛད་པའོ། །ལྔ་པ་དང་དྲུག་པས་ལྷ་མོ་ལ་འཁྱུད་པའོ། །གཞན་གྱིས་ནི་ཁ་ཊྭཱཾ་ག་དང་། དེ་བཞིན་དུ་ཅང་ཏེའུའོ། །འོད་ཟེར་ཁ་དོག་དཀར་པོ་རྣམ་པར་འཕྲོ་ཞིང་སྟོན་ཀའི་ནམ་མཁའ་

དྲི་མ་མེད་པ་ལྟ་བུ་ལ་དཀར་པོ་དམར་པོ་སྔོན་པོ་ལྗང་གུའི་ཞལ་བཞི་འབར་བ་ཅན་ནོ། །གཤིན་རྗེ་མོ་དང་སྐྲག་བྱེད་མོ་དང་། ཤིང་ལྡན་མ་དང་། འཇིག་མ་མོ་དང་། ཀུན་སྤྱོད་མ་དང་། ཤིན་ཏུ་འཇིགས་མ་དང་། ཚེ་གསོལ་མ་དང་། བརྒྱད་པ་ནི་ཕག་མོར་གསུངས་སོ། །དེ་རྣམས་ནི་ཟུར་
བཞི་དང་སྒོ་བཞི་སྟེ་བརྒྱད་ལ་དགོད་དོ། །དེ་དག་ནི་རྣམ་པ་མི་བཟད་མ་དང་། འཇིགས་པའི་ཚུལ་གྱིས་ཤ་དང་ཁུ་བ་ཟ་བའོ། །དང་པོ་ནི་རྒྱས་བཏབ་པའི་ཕྱག་རྒྱ་ཅན་ནོ། །གཉིས་པ་ནི་སྙིང་གར་སྦྲེལ་བའོ། །གསུམ་པ་ནི་རྨོངས་པའི་ཕྱག་རྒྱ་ཅན་ནོ། །བཞི་པ་ནི་དེ་བཞིན་དུ་ནང་
བསྣོལ་བ་ཅན་ནོ། །ལྔ་པ་ནི་གར་གྱི་ཕྱག་རྒྱའོ། །དྲུག་པ་ནི་དེ་བཞིན་དུ་གསོད་པའི་ཚུལ་ལོ། །དེ་བཞིན་དུ་བདུན་པ་ནི་སྤྲུག་ཅིང་གནོན་པའི་ཚུལ་གྱི་ཕྱག་རྒྱའོ། །བརྒྱད་པ་ནི་ངེས་པར་འདོད་པའི་ཚུལ་དུ་སྟེ། ཕྱག་རྒྱ་བརྒྱད་དང་ལྡན་པར་གསུངས་པ་ནི་ཕྱག་རྒྱའི་མཚོན་ཆ་དང་
མཉམ་པར་ལྡན་པའོ། །འོད་ཀྱི་ཕྲེང་བ་དུ་མ་ལས་སངས་རྒྱས་ཀྱི་ཚོགས་སྤྲིན་ལྟར་འཕྲོ་བ་དང་ལྡན་པའི་ཐོག་མ་དང་ཐ་མ་མེད་པའི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའོ། །ཡང་ན་སྔོན་དུ་གསུངས་པའི་འཁོར་ལོ་གསུམ་པོ་ནམ་མཁའ་ལྟར་ཡངས་ཤིང་རྒྱ་ཆེ་བའི་
དཀྱིལ་འཁོར་དམ་པ་ལ་མཆོད་དོ། །དེ་ཡང་དབུས་ཀྱི་འཁོར་ལོ་བྲི་བ་ནི་ལྟེ་བ་དང་གེ་སར་དུ་ལྡན་པ་འདབ་མ་བཞི་ཡང་དག་པར་གསུངས་ཏེ། སྣ་ཚོགས་པའི་མདོག་ཅན་འབར་བ་དྲི་མ་མེད་པའོ། །དེ་ལ་དབུས་སུ་དགོད་པའི་དཔའ་བོ་ནི་དག་པ་སྟེ། ཡེ་ཤེས་དྲི་མ་མེད་པ་ལྟ་
བུའོ། །དང་པོའི་ཞལ་ནི་རྣམ་པར་རྒྱས་པ་སྤྱན་དམར་པོའི་ལྟ་སྟངས་ཀྱིས་རྣམ་པར་སྣང་བར་མཛད་པ། ཁྲོ་གཉེར་གསལ་ཞིང་མཆེ་བ་གཙིགས་པས་འཇིགས་པའོ། །གཡས་པའི་ཞལ་ནི་གདངས་པའོ། །གཡོན་པའི་ཞལ་ནི་འོག་ཏུ་གཙིགས་པར་གྱུར་པའོ། །རྒྱབ་ནི་འཇིགས་
པ་ཆེན་པོའོ། །སྐུ་དང་དང་པོའི་ཞལ་མདོག་ནི་དཀར་པོ་དེ་བཞིན་དུ་དམར་པོ་དང་། ནག་པོ་དང་ལྗང་གུའི་མདོག་ཏུ་བལྟའོ། །ཕྱག་བརྒྱད་དང་ལྡན་པར་ཡང་དག་པར་བྲི་ཞིང་རྒྱན་ཐམས་ཅད་ཀྱིས་མཆོག་ཏུ་བརྒྱན་པའི་དཔལ་དང་ལྡན་པ། ལྗགས་འདྲིལ་ཞིང་འཇིགས་པར་མཛད་པ།

འཇིགས་པ་ཆེན་པོའི་དུས་ལྟར་དྲག་པ། དུར་ཁྲོད་ཆེན་པོའི་འཇིགས་པ་ཅན། ཤིན་ཏུ་དྲག་པར་ཧ་ཧ་ཞེས་བཞད་ཅིང་ཕེཾ་གྱི་སྒྲ་སྒྲོགས་པའོ། །ལྷ་བཞི་པོ་རྣམས་ནི་ཞལ་གཅིག་ཕྱག་བཞི་པར་གསུངས་ཏེ། རྡོ་རྗེ་སེམས་དཔའ་ནི་སྔོན་གྱི་བཞིན་དུ་འགྱུར་རོ། །
ལྷོ་རུ་ནི་རྣམ་པར་སྣང་མཛད་དུ་གསུངས་སོ། །ནུབ་ཏུ་ནི་དོན་ཡོད་རྒྱལ་པོའོ། །བྱང་དུ་ནི་པདྨ་གར་མཁན་ནོ། །ཕྱག་ན་ཁ་ཊྭཱཾ་ག་དང་བཏུང་བའི་སྣོད་ཅན་ཁྲག་དང་བྱང་ཆུབ་ཀྱི་སེམས་འཐུང་བར་མཛད་པའོ། །འཁོར་ལོའི་དབུས་སུ་ཧེ་རུ་ཀ་སྟེ། སྔོན་གྱི་མཚོན་ཆ་རྣམས་ཡང་དག་པར་
བསྣམས་པའོ། །གཉིས་པ་ནི་འཁོར་ལོ་ཆེན་པོ་རྩིབས་བརྒྱད་པ་སྟེ། དམར་སྐྱ་འབར་བ་ཅན་ནོ། །དེ་ལ་རིམ་དང་རིམ་ལས་བཟློག་པར་ཡང་དག་པར་རབ་ཏུ་གྲགས་སོ། །དེ་ཡང་གཟུགས་ཅན་མ་དང་། འོ་བྱེད་མ་དང་། ལཱ་མ་དང་། ཡོངས་བཟློག་མ་དང་། བྱིས་འཁྱུད་མ་དང་།
མི་ལྡོག་མ་དང་། འདིར་འདོད་མའི་ལྷ་མོ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་མ་ནི་བརྒྱད་པར་གསུངས་སོ། །ལྷ་མོ་བརྒྱད་པོ་དེ་རྣམས་ནི་ཕྱིའི་དཀྱིལ་འཁོར་གྱི་སྟེ། ཁ་དོག་དཀར་པོ་འབར་བ་དྲི་མ་མེད་པའོ། །ཞལ་གཅིག་ཕྱག་གཉིས་པ་ལ་ཕྱག་ན་ཁ་ཊྭཱཾ་ག་འཛིན་ཅིང་ཁྲག་གིས་གང་བའི་
ཐོད་པ་བསྣམས་པ་སྤྱན་གསུམ་པ་རྒྱན་གསལ་བར་འབར་བ་སྐུ་བཟང་པོ་སྒེག་པ་ཐུགས་རྗེས་དགའ་ཞིང་མཛེས་པའོ། །དེ་ནས་ཐུགས་དང་གསུང་དང་སྐུའི་འཁོར་ལོའི་ལྷ་རྣམས་དགོད་པར་གསུངས་པ་ནི་ཤར་ལ་སོགས་པར་ཇི་ལྟ་བུར་རིམ་དང་རིམ་ལས་བཟློག་པའོ། །དེ་ཡང་དུང་
མོ་དང་། སྦོས་མོ་དང་། གསོད་མ་དང་། སེར་མོ་དང་། ལྕགས་སྒྲོག་མ་དང་། དེ་བཞིན་དུ་དྲག་མོ་དང་། རི་ཁྲོད་མ་དང་། སྒྲོལ་མ་སྟེ། ཐུགས་ཀྱི་འཁོར་ལོའོ། །དེ་བཞིན་དུ་ཁྲོ་གཉེར་མ་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ་དང་། ཚེམས་ལྡན་མ་དང་། དེ་བཞིན་
དུ་ཟ་བྱེད་མ་དང་། སྣ་ཆེན་མ་དང་། བ་ལང་ཞལ་མ་དང་། བྱི་ལ་མོ་དང་། གླང་པོའི་ལྕེ་ཅན་མ་སྟེ། གསུང་གི་འཁོར་ལོའོ། །བ་ལང་གི་སྣ་ཅན་མ་དང་། དེ་བཞིན་དུ་ཁྱི་ཞལ་མ་དང་། གཏུམ་མོ་དམར་མོ་དང་། ཚེམས་སྔོ་བསངས་མ་དང་། སྟོབས་ཆེན་མ་དང་། དྲི་དཔག་ཚད་གཅིག་

མ་དང་། རུ་ཁྲི་མི་ནི་དང་། གཡོན་པ་བདེ་བ་མོ་སྟེ་སྐུའི་འཁོར་ལོའིའོ། །དེ་རྣམས་ནི་ཞལ་བཟང་པོ་རྣམ་པར་སྒེག་པ་ཐུགས་རྗེ་ཆེན་པོས་བདེ་བའོ། །དེ་དག་རང་རང་གི་མིང་གི་སྔགས་བརྗོད་དེ་ཡི་གེ་ཨོཾ་དང་ཧུཾ་ཧཱུཾ་ཕཊ་ཀྱི་བར་སྦྱར་རོ། །ཐུགས་དང་གསུང་དང་སྐུའི་དབྱེ་བས་ཁ་དོག་ཀྱང་
གསུམ་དུ་དབྱེའོ། །དེ་ལ་ཁ་དོག་སྔོན་པོའི་ལྷ་མོ་རྣམས་ནི་གྲི་གུག་དང་ཐོད་པ་འཛིན་ནོ། །ཁ་དོག་དམར་མོའི་ལྷ་མོ་རྣམས་ནི་པདྨ་ཐོད་པའོ། །ཁ་དོག་དཀར་པོའི་ལྷ་མོ་རྣམས་ནི་གསལ་ཤིང་དང་ཁ་ཊྭཱཾ་ག་འཛིན་ནོ། །ཨུ་མ་དང་། ཀིང་རུས་པགས་ལྡན་མ་དང་། ཚངས་པ་མོ་དང་། དེ་བཞིན་
དུ་ཁྱབ་འཇུག་རྣམས་ནི་སྒོ་སྐྱོང་རྣམས་སུ་གསུངས་སོ། །སྒོ་བཞིར་རབ་ཏུ་བསྲུང་བའོ། །ཕྱག་ན་ཁ་ཊྭཱཾ་ག་དང་ཁྲག་དང་ཟླ་བར་ལྡན་པའི་བཏུང་བའི་སྣོད་ཅན་ནོ། །ཐམས་ཅད་ལ་རྒྱན་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་ཤིང་གཅེར་བུ་སྐྲ་གྲོལ་བར་གྱུར་པའི་སྙིང་རྗེས་དགའ་བའི་
བདེ་བ་ཆེན་པོའོ། །འདི་འདྲ་བའི་དཀྱིལ་འཁོར་གྱི་རྒྱལ་པོ་གང་ཡང་མ་བྱུང་ཞིང་འབྱུང་བར་མི་འགྱུར་རོ། །གང་ཕྲད་པ་ཐམས་ཅད་གསོལ་ཞིང་རོ་མཉམ་པའི་དངོས་པོར་གྱུར་པ་དང་། དག་པ་དང་མ་དག་པ་མེད་ཅིང་རིགས་དང་རིགས་མ་ཡིན་པ་ཡང་དེ་བཞིན་ནོ། །བཟའ་བར་བྱ་
བ་ཐམས་ཅད་ནི་དེ་ཉིད་བཅུ་དང་བསྲེས་ཤིང་བཟའོ། །དེ་ཁོ་ན་ཉིད་འདོད་པས་ནི་བུད་མེད་རྣམས་ཀྱི་མཚན་ཉིད་ཤེས་པར་བྱས་ལ་མཆོད་དོ། །མངོན་པར་ཆགས་པས་བལྟ་བ་དང་ཞེས་པ་ལ་སོགས་པ་ནི་ཇི་ལྟ་བ་བཞིན་པས་གསལ་ལོ། །འོན་ཀྱང་། གཟུགས་ཅན་མ་ནི་སྣ་
ཚོགས་བཀྲ་བར་གསུངས། །འོ་བྱེད་མ་ནི་དུང་ཅན་མ་རུ་འདོད། །གླང་པོ་མ་དེ་དེ་ལྟར་ལཱ་མའོ། །པདྨ་མ་ནི་གཞན་དུ་འཇུག་པ་ཉིད། །མི་ལྡོག་པ་ནི་པི་ལ་བ་རུ་ཤེས། །འདིར་འདོད་མ་ནི་མཁས་པས་རི་མར་ཤེས། །དེ་རྣམས་སོ་སོ་རེ་རེའི་མཚན་ཉིད་དང་གཞན་གཉིས་ཏེ།
པདྨ་མ་ནི་པདྨའི་དྲི་མ་ཅན་ཉིད་དང་། གླང་པོ་གཟི་བའི་འགྲོས་ལྡན་ཞིང་། །དབྱངས་སྙན་དགའ་བར་སྨྲ་བ་དང་། །སྙན་ཅིང་གྲགས་པ་དམན་ཞིང་འབྲིང་། །པད་འདབ་མིག་ལ་ཡན་ལག་རྩུབ། །སྐྲ་ནི་འཁྱིལ་ཞིང་སོ་རྣམས་ཕྲ། །སྣ་ཕྲན་སོར་མོ་རྩུབ་ཅིང་ཐུང་། །གཟུགས་

ཞི་སོར་མོ་རྩུབ་དམར་ཉིད། །པདྨ་མ་སྟེ་དཔལ་ལྡན་འདོད། །དེ་ནི་ཞི་བའི་ལས་ལ་སྦྱར། །ཁུ་བའི་དྲི་ལྡན་གླང་པོ་མ། །མཆུ་འཕྱངས་བྱིན་པ་སྦོམ་པ་དང་། །གླང་པོ་བཟི་བའི་འགྲོས་བཞིན་འགྲོ། །ནུ་འཕྱང་གཟུགས་རིང་སོར་མོ་རིང་། །སྐྲ་རྩུབ་ནུ་མ་རྩུབ་པ་དང་། །ལྟེ་བ་གེ་
སར་དབྱིབས་འདྲ་ཞིང་། །མིག་ཕྲ་ཆང་ལ་དགའ་བ་དང་། །གདངས་མི་སྙན་ཅིང་དགའ་བར་སྨྲ། །འདོད་ལ་རྟག་ཏུ་གཡོ་བ་དང་། །མཆུ་མཐུག་རོ་སྨད་སྦོམ་པ་དང་། །རྐང་མཐིལ་མཉམ་པར་གནས་པ་དང་། །རྟག་ཏུ་རྟག་པར་འདོད་དོན་ཅན། །གླང་པོ་མོ་སྟེ་རྒྱས་པར་སྦྱར། །
དུང་མོ་དུང་གི་ཁ་དོག་ལ། །བྱིན་རིང་གདོང་དབྱིབས་ཤོར་འདྲ་ཞིང་། །བ་ཚའི་དྲི་ཅན་ཁྭ་ཡི་སྐད། །སོར་སྦོམ་སོར་མོ་རིང་བ་དང་། །སྐྲ་ཡང་རྩུབ་ཅིང་ཡན་ལག་རྩུབ། །གཟུགས་རིང་མིག་ནི་འབེབས་པ་དང་། །མགྲིན་པ་རིང་ཞིང་སོ་རྣམས་ཆོལ། །སྣ་རིང་མཚན་སྤུ་རིང་བ་
དང་། །རོ་སྟོད་རྒྱས་ཤིང་རྐེད་པ་ཕྲ། །རང་ཁྱོ་ཤི་བ་དུང་མོ་སྟེ། །དབང་གི་ལས་ལ་སྦྱར་བར་བྱའོ། །བཀྲ་བ་མོ་ནི་བཀྲ་ལ་དགའ། །རྟག་ཏུ་གཟུགས་ནི་བཀྲ་བའི་མདོག །ནུ་མ་རན་ལ་སོར་མོ་འཇམ། །གཏམ་ཉུང་ཡན་ལག་ཆུང་བ་དང་། །སྐྲ་ཆུང་གདོང་གི་དབྱིབས་ཆུང་
ཞིང་། །ཁྭ་ཡི་དངོས་ལ་ཁྭ་སྐད་ཅན། །ཤ་ལ་དགའ་ཞིང་ཞེར་འདེབས་སྨྲ། །འདོད་ལྡན་མ་སྟེ་ནག་པོའི་ལས་ལ་སྦྱར་བར་བྱའོ། །པདྨ་མ་ནི་ལྷ་མོར་མཚུངས། །གླང་པོ་མ་ནི་གནོད་སྦྱིན་མོ། །དུང་མོ་མི་མོར་ཤེས་པར་བྱ། །བཀྲ་བ་མོ་ནི་ཡི་དགས་མཚུངས། །བྱི་ལ་མོ་
ཡང་ལྷ་མོར་མཚུངས། །དཔུང་པ་གདུགས་དང་འདྲ་བ་དང་། །མགྲིན་པ་རིང་ཞིང་སོ་སྟོན་པ། །རྟག་པར་མཆུ་ནི་གཤེར་བ་དང་། །མིག་ནི་པདྨ་དམར་པོ་འདྲ། །སྐྱེ་གནས་རབ་ཏུ་རྒྱས་པ་དང་། །དཔྲལ་དབྱེས་རྒྱ་ནི་ཆེ་བ་དང་། །སྐྲ་ནི་སྣུམ་ཞིང་ཡིད་ཙམ་སེར། །གཟུགས་
པོར་ན་ལ་བྱིན་པ་རིང་། །སྣ་རྣོ་སྣ་ནི་རྩུབ་པ་དང་། །ཡན་ལག་བྱིན་འཇམ་ལག་ངར་རིང་། །ངང་པའི་འགྲོས་དང་ངང་པའི་དབྱངས། །མེ་ཏོག་ལ་དགའ་སྤོས་ལའང་དགའ། །འོ་མ་ལ་དགའ་སྦྱིན་ལ་དགའ། །ལྷ་ལ་མངོན་པར་དགའ་བ་དང་། །བུད་མེད་དབང་ཕྱུག་མོ་རྣམས་

ཀྱི། །དབུས་ན་གཙོ་མོར་གནས་པ་དང་། །ཟས་དད་ཆུང་ཞིང་ནོར་དང་ལྡན། །དེ་ནི་རྒྱས་པའི་ལས་ལ་སྦྱར། །གླང་པོ་མ་ནི་གཉིས་པ་ཉིད། །ནུ་མ་མཐུག་པོ་འཛིན་པ་དང་། གཟུགས་རིང་བྱིན་པ་སྦོམ་པ་དང་། །མིག་ཕྲ་ཁ་ཕེལ་ཆེ་བ་དང་། །སྐྲ་རྩུབ་རྣ་བ་འཕྱང་བ་དང་། །སྒྲ་སྐད་འདོན་ཞིང་
མཆུ་འཕྱང་མ། །ཡན་ལག་སྦོམ་ཞིང་མང་དུ་ཟ། །རྟག་ཏུ་ནུས་ལྡན་འདོད་པ་དམན། །ཚོགས་ཤིང་འདུ་བ་ལ་དགའ་ཞིང་། །ལག་འཕྱར་ལུས་རྩུབ་སྐྲ་ཡང་རིང་། །སོ་རིང་སེན་མོ་འཇམ་པ་དང་། །སྣ་རིང་རྐང་མཐིལ་མཉམ་པ་དང་། །ལྟོ་བ་འཁྱིལ་པ་བུམ་པ་
འདྲ། །སྐད་ནི་བུམ་རྫ་ཆག་པ་བཞིན། །ཞི་རྒྱས་གཉིས་ཀྱི་ལས་ལ་སྦྱར། །འདིར་འདོད་མ་ཡི་ལྷ་མོ་ནི། །མིག་གཅིག་ཞལ་མཚུལ་འོག་ཏུ་བལྟ། །བཞིན་མདོག་ཙུ་ཏའི་མེ་ཏོག་བཞིན། །དེ་བཞིན་ལུས་ཏེ་སོ་རིང་མ། །སྐྲ་ནི་རྩུབ་ཅིང་གྱོང་བ་དང་། །འདོད་པ་ཤིན་ཏུ་མྱོང་བར་
དགའ་བ་དང་། །བོང་བུ་ལྟ་བུར་སྨྲ་ཞིང་འགྲོ་བ་དང་། །སྐྲ་དཀར་ཅན་དང་དབྱིབས་སྒུར་པོ་དང་། ལག་པ་ཐུང་བ་དང་། གཟུགས་ཐུང་བ་དང་། ནུ་མ་ཆེ་བ་དང་། སྨིན་མ་མཐུག་པ་དང་། །དཔྲལ་བ་ཆུང་བ་དང་། བྱིན་པ་སྦོམ་པ་དང་། དེ་ཡིས་བརྒྱབ་ན་མི་འཆི་བ་དང་། །ཉེ་དུའི་
ཚོགས་མི་གནས་པར་བྱེད་པ་སྟེ། དེ་ནི་ནག་པོའི་ལས་ལ་སྦྱར་བར་བྱའོ། །བརྒྱད་པ་ཀྲྀཥྞ་ས་རི་མ་ནི་མཆོག་སྟེ་ཀྲྀཥྞ་ས་རིའི་ལྟོ་བ་ལྟ་བུ་དང་། །ཀྲྀཥྞ་ས་རིའི་རྐང་པ་ལྟ་བུ་དང་། དེ་བཞིན་དུ་ཀྲྀཥྞ་ས་རིའི་མགྲིན་པ་དང་། ཀྲྀཥྞ་ས་རིའི་མིག་དང་། །སྐྲ་ཟེར་དྲི་སྣུམ་ཞིང་ཕྲ་བ་དང་། །སོ་ཕྲ་བ་དང་། མཆུ་
སྣུམ་པ་དང་། གཟུགས་ཤིན་ཏུ་མཛེས་པ་དང་། ཡོངས་སུ་ཟླུམ་པའི་བཞིན་དང་། ཀུན་ནས་འཇམ་པ་དང་། མང་པོ་དགའ་བ་དང་། མང་དུ་སྨྲ་བ་དང་། ཁྭའི་དབྱངས་འབྱུང་བ་ལྟ་བུ་དང་། ནོར་རྫས་དང་མི་འབྲལ་བ་དང་། ངག་གཡོ་བ་དང་། སེམས་ཁྲོ་བ་དང་། སྡིག་པ་བྱེད་མ་
དང་། གཞན་གྱི་མཚང་འབྲུ་བ་དང་། ཡི་དགས་ཀྱི་ཚུལ་ཅན་དེ་ནི་དབང་གི་ལས་ལ་སྦྱར་རོ། །འདི་དག་ནི་བརྒྱད་དུ་གྲགས་པའོ། །ཐོད་པ་དགྲ་སྟ་ཞེས་པ་ལ་སོགས་པའི་མཚན་མ་བརྒྱད་པོ་ནི་ཇི་ལྟར་བཤད་པའི་རིགས་ཀྱི་རིམ་པས་གཟུགས་ཅན་མ་ལ་སོགས་པའི་ཕྱག་

གཙོ་བོ་རྣམས་ཀྱི་མཚན་མའོ། །གཡོན་གཞན་དག་ནི་ཁ་ཊྭཱཾ་ག་དང་ཁྲག་དང་ཟླ་བར་ལྡན་པ་འཐུང་བ་ཅན་གྱི་ཐོད་པའོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་བཅུ་བདུན་པའི་རྣམ་པར་བཤད་པའོ།། །།
དེ་ནས་གཞན་ཡང་བཤད་བྱ་བ། །མཁའ་འགྲོ་རྣམས་ཀྱི་མཚན་ཉིད་དེ། །རྣལ་འབྱོར་མ་ཡི་གོ་འཕང་མཆོག །ཅེས་པའི་དོན་ཏེ། མཆོག་ནི་རིགས་མང་པོ་རྣམས་ཏེ། ཇི་སྐད་གསུངས་པའི་རིགས་བརྒྱ་ནི་མཆོག་ཅེས་སོ། །གོ་འཕང་ཞེས་པ་ནི་གང་གི་མཚན་ཉིད་
ཀྱིས་ཕུལ་དུ་བྱུང་བ་ལས་གསུངས་སོ། །དེ་རྣམས་ནི་འདིར་རྣམ་པར་དག་པའོ། །མཁའ་འགྲོ་མ་དམ་ཚིག་གནས་པ་རྣམས་ཞེས་པ་འདི་ནི་རྣལ་འབྱོར་མ་རྣམས་ཀྱི་དམ་པའོ། །དེས་གནས་པར་བྱའོ་ཞེས་སོ། །ལྷག་མ་རྣམས་ནི་གོ་སླའོ། །འདི་དག་ནི་དཔལ་ཧེ་རུ་
ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཞེས་པ་ལ། དེ་ནས་ཞེས་པ་ནི་དེ་མ་ཐག་པ་སྟེ། གོང་དུ་ཁ་དོག་དང་ཕྱག་མཚན་བསྟན་པའི་དེ་མ་ཐག་པར་
རོ། །ཇི་ལྟར་ཞེ་ན། ད་ནི་ལཱ་མ་རྣམས་ཀྱི་ཞེས་པ་སྟེ། མདོག་མདངས་ལ་སོགས་པའི་ཡོན་ཏན་གྱི་མཚན་ཉིད་ཐམས་ཅད་དང་ལྡན་ཞིང་ཡང་དག་པར་རྫོགས་པའི་དབྱིབས་ཅན་ནོ། །བཞིན་ཟླུམ་རྟག་ཏུ་སྨ་རར་ལྡན། །ཞེས་པ་ལ་སོགས་པ་ནི་གསལ་ལོ། །དཔའ་བོའི་
ཆ་བླང་མ་དེར་ཤེས། །ཞེས་པ་ནི་གཅིག་ཏུ་སྦྱོར་བ་ཉིད་ཀྱི་ཕྱིར་རོ། །པདྨ་ཕྱག་རྒྱར་རབ་སྦྱིན་བྱ། །ཞེས་པ་ནི་ལག་པ་གཉིས་པདྨའི་ཚུལ་དུ་བསྐོར་བའོ། །དེ་ནས་པདྨའི་ཕྱག་རྒྱ་ནི་པདྨའི་ཕྱག་རྒྱ་སྟེ་དེ་དང་དེ་ལ་ཇི་ལྟར་དེ་བཞིན་དུ་ལངས་པའམ་སྟན་ལ་རབ་ཏུ་གནས་པས་
པང་དུ་གཞག་པར་བྱ་སྟེ། མྱུར་བར་སྦྱར་བས་མེ་ཏོག་རྒྱས་པར་བྱས་པའི་ཁར་རབ་ཏུ་མཁས་པ་རྣམས་ཀྱིས་ཕྱག་རྒྱས་གདབ་པའོ། །ཡང་ན་རུས་སྦལ་ཕྱག་རྒྱ་ཡང་ངོ་ཞེས་པ་ནི་སྙིམ་པ་ཁ་སྦྱར་བའོ། །དེ་ནས་རུས་སྦལ་ཞེས་པ་ནི་དེའི་རྒྱབ་ཀྱི་ཆར་ཐལ་མོས་བྱུག་

ཅིང་བརྡབ་པའོ། །ཕྱག་རྒྱ་ནི་ཕྱག་རྒྱ་སྟེ། ཡང་དག་པར་སྦྱར་ནས་ནི་སོ་ཡིས་མ་མཆུ་གཟུང་བའོ། །གཡང་གཞི་ཞེས་པ་ནི་ཀྲྀཥྞ་ས་རིའི་པགས་པ་འཛིན་པའི་ཚུལ་དུ་བྱས་པའོ། །དེ་གཡང་གཞི་དུང་གི་ཞེས་པ་ནི་འཇམ་ཞིང་མཛེས་པ་ཅན་གྱི་སྟན་ལ་ཤེས་པར་བྱའོ། །སྤྱི་བླུགས་
ཉིད་ཅེས་པ་ནི་ཐོད་པར་བཤད་དོ། །ཡང་སྤྱི་བླུགས་ཉིད་ཅེས་པ་ནི་ལུས་ལ་གསུངས་ཏེ། ལག་པ་གཉིས་མགྲིན་པར་བཅིངས་ཏེ་བསྡམས་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འཁྱུད་དེ་ཕྱག་རྒྱའི་ལན་ཞེས་པ་ལ། ཕྱག་རྒྱ་ཇི་ལྟ་བར་སོ་སོར་གསལ་བར་འགྱུར་བ་སྟེ། ཕྱག་རྒྱའི་ལན་ནི་
དེ་ལྟ་བུ་གསུངས་སོ། །ཚེས་བཅུའི་ཞེས་པ་ལ་སོགས་པ་ནི་གསལ་ལོ། །དེ་ནས་ཚེས་བཅུ་ཞེས་པ་ནི་ཚེས་བཅུའི་ངོ་བོར་གནས་པ་ཇི་ལྟར་རྙེད་པའི་པདྨ་རྒྱས་པ་ལ་ཤིན་ཏུ་འབར་བའི་སེམས་གང་དཔལ་དང་ལྡན་པའི་སེམས་མཉམ་པ་གང་ཡིན་པ་སྟེ། དེ་ལྟ་བུ་ནི་པདྨའི་
མཚན་ཉིད་ལ་འགྱུར་རོ། །མཆུ་འཕྱང་ཞེས་པ་ལ་སོགས་པ་གསལ་ལོ། །མདུང་ཞེས་པ་ནི་སོར་མོ་གཅིག་བསྒྲེང་བའི་ཕྱག་རྒྱ་རབ་ཏུ་སྦྱིན་པའོ། །ཡང་ན་ནི་རྡོ་རྗེ་ཉེ་བར་བརྟན་པོར་བྱས་ཏེ། རྡོ་རྗེ་སྐྱིལ་མོ་ཀྲུང་དུ་གནས་ལ་གར་དེ་ཉིད་རབ་ཏུ་བསྟན་ཅིང་བརྟན་པར་འཁྱུད་དེ་འོས་བཏབ་
པས་འཆིང་བར་བྱེད་པའི་ཕྱག་རྒྱ་མངོན་པར་རབ་ཏུ་གོམས་པས་བསྐོར་ན་གླང་པོ་མའི་བདེ་བ་གྲུབ་པ་ལ་བྱའོ། །བཅུ་བཞི་དེ་ཡི་ཚེས་ཡིན་ཏེ། །ཞེས་པ་ལ་སོགས་པའི་དོན་ནི་གསལ་ཏེ། ཇི་ལྟར་ནུས་པས་མཆོད་པར་བྱའོ་ཞེས་པའོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་
གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་བཅུ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་པ་ལ་སོགས་པ་ནི་ལག་པ་གཡོན་པས་བརྡ་བྱ་བར་སྟོན་ཏོ། །བརྡས་ནི་ཐབས་དང་གཅིག་ཏུ་བྱ་བའི་དོན་ཏོ། །གང་གིས་ཡང་དག་སྤུན་དང་ནི། །དེ་བཞིན་ཆ་
བླང་བར་ཤེས་པའོ། །ཞེས་པ་ནི་ཕན་ཚུན་ཤིན་ཏུ་ཆགས་པར་བྱ་བའི་དོན་ཏོ། །གང་ཇི་སྲིད་སྨྲས་པ་དེ་དག་བྱ་བ་ཡིན་ནོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་ཉི་ཤུ་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་པ་

ལ་སོགས་པས་ནི་གསང་བ་ཆེན་པོའི་མཚན་ཉིད་དུ་སྨྲ་བའོ། །གསང་ཆེན་མཚན་ཉིད་ངས་བཤད་བྱ། །ཞེས་པ་ལ། ངས་བཤད་བྱ་ཞེས་པ་ནི་རྡོ་རྗེ་འཆང་གིས་ཏེ། སྙིང་རྗེ་ཆེན་པོའི་དབང་གིས་བཤད་པ་འདི་རྣལ་འབྱོར་པ་རྣམས་ཀྱི་ཐབས་སླ་བར་བྱེད་པ་སྟེ། སྒྲུབ་པ་པོས་དངོས་
གྲུབ་གང་ཡང་འགྲུབ་པའོ། །དེ་ལྟ་བས་ན་དེ་དག་ནི་གསང་བ་ཆེན་པོའི་མཚན་ཉིད་དེ། ཉན་ཐོས་ལ་སོགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །མི་མོ་གང་ཞིག་སྤྱི་གཙུག་རེག་བྱེད་ན། །ཞེས་པ་ལ་སོགས་པ་ནི་གསུངས་པ་ཇི་ལྟ་བ་བཞིན་པས་གསལ་ལོ། །འདི་
དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ནས་གཞན་ཡང་རབ་བཤད་པ། །ཡན་ལག་ཕྱག་རྒྱའི་ཁྱད་པར་ཏེ། །ཞེས་པ་ལ། རབ་ནི་མཆོག་སྟེ་གང་གིས་རྣལ་
འབྱོར་མ་རྣམས་མགུ་བར་བྱེད་པ་གསང་བ་ཆེན་པོའི་མཚན་ཉིད་ཡིན་པ་འདིའི་ཕྱིར་ནའོ། །ཁྱད་པར་ཏེ་ཞེས་པ་འདི་ནི་ལག་པ་སྤྱི་ལས་ཁྱད་པར་ནི་སོར་མོའོ། །གང་ཞིག་ཤེས་ན་སྤུན་དང་ནི། །ཞེས་པ་ལ་སོགས་པ་ནི་ཇི་ལྟར་གསུངས་པ་བཞིན་ནོ། །འདི་དག་ནི་དཔལ་
ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་གསུངས་པ་བཞིན་ཏེ་གསལ་ལོ། །ས་ནི་བཞི་པོ་བྱས་ནས་ནི། །ཞེས་པ་ནི་སྟན་ལས་
ལངས་ལ་དམ་དུ་འཁྱུད་ཅིང་འོས་གདབ་ཅིང་མཆོད་པར་བྱའོ། །བཞིན་གྱི་སྨིན་མ་རྟག་གཡོ་བ། །ཞེས་པ་ནི་ཅུང་ཟད་ངོ་ཚ་བས་སོ། །བསྒྱུར་བར་སླར་ལོག་ཅེས་བྱ་བ། །ཞེས་པ་ནི་ཤིན་ཏུ་བདེ་བར་འགྲུབ་པའི་དོན་ཏོ། །ཇི་ལྟ་ཞེ་ན། བྱང་ཆུབ་ཀྱི་སེམས་ཡོངས་སུ་
བསྐོར་ཞིང་རྣམ་པར་འཁྱིལ་པ་ནི་སྣ་དབུགས་རྒྱུ་བ་ལས་གཅིག་ཏུ་བཟློག་པས་བདེ་བ་ཆེན་པོ་ཡང་དག་པར་དྲངས་པས་ལྟེ་བའི་དཀྱིལ་འཁོར་གྱི་དབུས་ལ་གནས་པའི་སྟོང་པ་ཉིད་སྦར་བས་སྔགས་པ་འཇིག་རྟེན་གསུམ་དང་ལྷན་ཅིག་ཏུ་མཉམ་པར་འདྲ་སྟེ། ཇི་ལྟར་ཞེ་

ན་བདག་དང་གཞན་དུ་ཀུན་དུ་རིག་པའི་རྟོག་པ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་སྟེ། དེ་དག་ཐམས་ཅད་སྐད་ཅིག་དེ་ལ་གཅིག་ཏུ་ཐིམ་ཞིང་དེ་ལ་ཞེན་པ་མེད་པའོ། །གལ་ཏེ་ཕྱིར་ནི་དེ་ལོག་ན། །སྔར་སྨྲས་པས་ནི་སླར་གདོང་ཕྱོགས། །ཞེས་པ་ནི་བདག་ཉིད་ཀྱིས་བདེ་བ་མྱོང་བ་དྲན་
པའོ། །ཁྱིམ་བདག་གི་ནི་ཞེས་པ་ནི་གསལ་ལོ། །མེ་ལོང་རྡོ་རྗེ་རྣམ་བཅས་པའམ། །ཞེས་པ་ནི་བྷ་གའི་དབུས་ན་གནས་པའི་རྡོ་རྗེ་སྟེ། ཤིན་ཏུ་སྟོང་པ་ཐམས་ཅད་ནམ་མཁའ་དང་མཉམ་པར་བསྒོམ་པའོ། །མ་རིག་པའི་སྐྱོན་གློ་བུར་བའི་རྟོག་པ་ཉིད་ལས་རྟོག་པ་ཉིད་ཀུན་དུ་
བྱུང་བ་ཙམ་དང་བྲལ་བ་རང་བཞིན་གྱིས་འོད་གསལ་ཞིང་དག་པའི་སེམས་ནི་མེ་ལོང་དང་འདྲ་བར་བལྟའོ། །མེ་ལོང་རལ་གྲི་གདོང་བཅས་པའམ། །ཞེས་པ་ཡང་གཟུགས་བརྙན་ལྟ་བུར་དག་ཅིང་གསལ་བའི་ཆོས་ནམ་མཁའ་ལྟ་བུ་ནི་རལ་གྲི་སྟེ། ཉོན་མོངས་པ་
རྣམས་གཅོད་ཅིང་སེམས་ཅན་གྱི་དོན་ལ་རྣོན་པོར་འཇུག་པས་སོ། །རྒྱལ་མཚན་ཞེས་པ་ནི་རྒྱལ་མཚན་ལྟ་བུར་བསོད་ནམས་ཀྱིས་བཏེག་པའོ། །མདུང་ཐུང་ཞེས་པ་ནི་མདུང་ལྟ་བུ་སྟེ་རྩེ་གཅིག་པའི་སེམས་ཀྱིས་ཉོན་མོངས་པ་འབུགས་པའོ། །མེ་ལོང་དག་གིས་ཁ་སྦྱར་དུ། །
ཞེས་པ་ལ། ཁ་སྦྱོར་ནི་ཐོག་མའི་བདེ་བ་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་རྣལ་འབྱོར་པའོ། །མཚན་མའི་གཟུགས་དབྱིབས་ཤེས་པར་བྱ། །ཞེས་པ་ནི་རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་དང་། སྣ་ཚོགས་རྡོ་རྗེ་དང་། རྒྱལ་མཚན་དང་། མདུང་རྣམས་ཇི་
ལྟ་བའོ། །དེ་བཞིན་གཤེགས་པའི་རིགས་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱེ་བ་སྟེ། རྡོ་རྗེ་དང་རྒྱལ་མཚན་དང་། རལ་གྲི་དང་མདུང་ནི་ནས་འབྲས་ཙམ་གྱི་ཚད་དོ། །འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེ་རྣམས་ནི་སྲན་མའི་ཚད་ཙམ་མོ། །མི་བསྐྱོད་པ་ལ་
སོགས་པ་ནི་རིམ་པ་ཇི་ལྟ་བར་རང་གི་མཚན་མ་རྣམས་ཁ་དོག་ལྔ་དང་ལྡན་པའི་དབུས་སུ་དཀྱིལ་འཁོར་འཁོར་ལོ་ཕྲ་མོའི་སྦྱོར་བ་སྟོན་པའི་སེམས་ཀྱིས་བསྒོམ་པར་བྱའོ། །ཕྱག་རྒྱ་སྦྱོར་བར་གྲུབ་པའི་རོལ་པ་བཟང་པོས་དངོས་གྲུབ་ཏུ་འགྱུར་བའོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་

གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ནས་སྐད་ནི་གཞན་རྣམས་ཀྱིས། །ཞེས་པ་ནི་སྐད་ཀྱི་བརྡ་སྟེ། ཡུལ་སྣ་ཚོགས་པའི་སྐད་ཀྱི་ཁྱད་པར་རོ། །བརྡ་ཞེས་པ་ནི་བརྡ་སྟེ། རྣལ་འབྱོར་མ་
རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །པྲོ་ཏཾ་གཱི་ཞེས་པ་ལ་སོགས་པ་ནི་ཇི་ལྟར་གསུངས་པ་བཞིན་པས་གོ་སླའོ། །སྐད་དེ་དག་ལ་སྦྱོར་བ་དེ་ཉིད་རྣལ་འབྱོར་པས་ཐེ་ཚོམ་མི་ཟའོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་
ལས་ལེའུ་ཉི་ཤུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ནས་དོན་ཀུན་ལ་ནི་འདོད་པའི་ཞེས་པ་ལ་སོགས་པའི་དོན་ནི་འདི་དག་ལ་བརྒྱད་པོ་མཐར་སྦྱར་གསུངས་པ་ཞེས་པ་ནི་ཡང་དག་པར་སྦྱར་ཏེ། དེ་ལ་བརྒྱད་པའི་མཐའ་ནི་ཡི་གེ་ཧའོ། །དེ་ཉིད་ལ་ཡི་གེ་ཨུ་
དང་ཐིག་ལེར་ལྡན་པར་བྱའོ། །དེས་ན་འདི་ལྟར་འགྱུར་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏེ་པཱི་རེ་ཤཱ་ཡ། མ་ཧཱ་ཞེས་པ་ལ་སོགས་པ་གསལ་ལོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་ལྔ་པའི་རྣམ་པར་
བཤད་པའོ།། །།དེ་ནས་གཞན་ན་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་དཔལ་ཧེ་རུ་ཀ་བདག་ཉིད་ཆེན་པོའོ། །རིམ་དང་རིམ་བཟློག་པའི་ཞེས་པ་ནི་རིམ་པ་བཞིན་དུ་བསླབ་པར་བྱའོ། །སྟེང་འོག་དངོས་གྲུབ་རྟག་ཏུ་སྟེར། །ཞེས་པ་ནི་འོག་ཅེས་པ་ནི་ས་འོག་ལ་སོགས་པ་
གང་ཅུང་ཟད་ཡོད་དོ་ཅོག་གོ། །སྟེང་ཞེས་པ་ནི་སྟེང་གི་དངོས་གྲུབ་སྟེ། ཕྱག་རྒྱ་ཆེན་པོའོ། །ཕོ་ཉ་མ་ཞེས་པ་ལ། ཕོ་ཉ་མ་དང་འདྲ་བས་ཕོ་ཉ་རྣམས་སུ་འགྱུར་ཏེ། ཐམས་ཅད་ཕུན་སུམ་ཚོགས་པའི་བྱང་ཆུབ་ཐམས་ཅད་ངེས་པར་སྟེར་བར་གནས་པ་གཉིས་སུ་མེད་པ་དགའ་བའི་
གཟུགས་ཅན་ནོ། །བདག་གི་ཕོ་ཉ་མ་ཞེས་པ་ནི་དེ་དང་ལྷན་ཅིག་ཏུ་སྤྱོད་ཅིང་མངོན་དུ་སྤྱད་པར་བྱ་བ་མའོ། །ཀུན་འགྲོ་ཞེས་པ་ནི་སྐལ་བ་དང་ལྡན་པའི་སེམས་ཅན་ལ་དོན་སོ་སོར་སྒྲུབ་པར་བྱེད་པའོ། །རྟག་པར་འཁྱུད་ཅིང་འོ་བྱའོ། །ཞེས་པ་ལ་སོགས་པ་ནི་དུས་ཐམས་ཅད་དུ་སྦྱིན་

པར་བྱ་བའོ། །རྣལ་འབྱོར་གྱི་གནས་ཁྱད་པར་ཕྱིར། །ཞེས་པ་འདི་དག་ལ་གནས་ནི་ས་གཞིར་གསུངས་པ་སྟེ། གནས་ཞེས་པ་ནི་མཆོག་གི་པདྨའི་དཀྱིལ་འཁོར་ལ་གསུངས་སོ། །གནས་པ་ནི་གཉིས་སུ་མེད་པའི་དགའ་བ་ལས་བྱུང་བའི་རྒྱལ་